Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
  expand section
   
   
   
   
   
དཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ།
   
   


 
previousདཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ།next

དཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ།


JLD010_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་བཞུགས། །


JLD010_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཇམ་པའི་དབྱངས་དཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ།རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་བསྡུས་པ། །མ་རུངས་འདུལ་ཕྱིར་དྲག་པོ་བསྐུར་བསྟན་གང་། །དེ་ནི་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད། །ཕྱི་ནང་གཤིན་རྗེ་འཇོམས་ལ་གུས་ཕྱག་འཚལ། །གསུང་རབ་མཐར་ཐུག་བླ་ན་མེད་པའི་རྒྱུད། །ཕ་རྒྱུད་དང་ནི་མ་རྒྱུད་ཅེས་བྱ་བའི། །ཐབས་ཀྱི་རྒྱུད་ལ་འདོད་ཆགས་ཞེ་སྡང་དང་། །གཏི་མུག་ཆེན་པོའི་ཐབས་རྒྱུད་གསུམ་དུ་གསུངས། །ཞེ་སྡང་ཆེན་པོའི་ཐབས་རྒྱུད་


JLD010_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད། །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་དུས་ཀྱི་དགྲ །དམར་ནག་གཤིན་རྗེ་གཤེད་ནི་བཅུ་གསུམ་མའི། །དབང་གི་ཆོ་ག་དྲི་མེད་འདིར་བཤད་བྱ། །འདིར་དཔལ་རྡོ་རྗེ་འཇིགས་བྱེད་དང་། །གཤིན་རྗེ་གཤེད་དམར་པོ་དང་། །དགྲ་ནག་བཅུ་གསུམ་མ་གསུམ་གྱིདབང་གི་ཆོ་ག་ཕྱོགས་གཅིག་ཏུ་བཤད་པར་བྱ་སྟེ། འཇུག་པ་བདེ་བའི་ཕྱིར་དུའོ། །འདི་ལ་གསུམ། འཇིགས་བྱེད་བཅུ་གསུམ་མ་ལ་ལོག་རྟོག་བསལ་བ། །སྔོན་དུ་བསྙེན་པ་བྱ་ཚུལ་དང་། ཆོ་ག་དངོས་སོ། །བཅུ་གསུམ་མ་མི་འཐད་པའི་ལོག་རྟོག་དགག་པ་དང་། །གཙོ་བོ་ལ་ཡུམ་མེད་པའི་ལོག་རྟོག་


JLD010_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པའོ། དང་པོ་ནི་ཕྱིས་ཀྱི་བོད་ཁ་ཅིག་ན་རེ། འཇིགས་བྱེད་བཅུ་གསུམ་མ་ལ་ནི་རྒྱུད་དང་རྒྱ་གཞུང་གི་ཁུངས་གང་ཡང་མེད་དོ། །ཞེས་ཟེར་བ་ནི། མཐོང་རྒྱ་ཤིན་ཏུ་ཆུང་ཞིང་མཐོང་བའི་དོན་ཡང་ཞིབ་ཏུ་མི་རྟོགས་བཞིན་དུ། མྱུར་དུ་ཁ་ཚོན་གཅོད་པ་ལ་དགའ་བ་ཡིན་ཏེ། སཾ་བྷུ་ཊ་དང་། རྟོག་བདུན་གྱི་བྲིས་སྐུ་དང་། ལྷའི་རྟོག་པའི་སྐབས་སུ་མི་གསལ་ཡང་། འཁྲུལ་འཁོར་གྱི་རྟོག་པའི་སྐབས་ལས་ཤེས་ཏེ། དེའང་རྩ་བའི་རྒྱུད་བསྡུས་པའི་སྐབས་སུ་འཁྲུལ་འཁོར་བྱེད་ཚུལ་མི་གསལ། །གསལ་བར་སྟོན་པའི་བཤད་པའི་རྒྱུད་རྟོག་གསུམ་གྱི་འཁྲུལ་འཁོར་གྱི་རྟོག་པ་ལས། རྩ་བའི་སྔགས་བཏུས་ཤིང་དྲངས་ནས་སྔགས་ཀྱི་ཡི་གེ་བསྲ་བའི་སྐབས་སུ། ལེའུ་ཚེ་དགུ་པའི་དབུས་དང་ཕྱོགས་བཞོར། ཡ་ཀྵེ་མེ་དེ་ལྔ་འགོད་པ་དང་། དེའི་ཕྱི་རོལ་རེའུ་མིག་བཅུ་གཉིས་པ་ལ་ལྷ་ལྷག་མ་བརྒྱད་དང་། ཐོད་པ་བཞི་སྟེ་བཅུ་གཉིས་ཀྱི་ས་བོན་དགོད་པར་གསུངས་ལ། དེའང་དགྲ་ནག་ལས། ཡི་གེ་ཀྵེ་ནི་གཏི་མུག་བརྗོད། །ཡི་གེ་མ་ནི་ཕྲ་མར་གསུངས། །ཡི་གེ་མེ་ནི་འདོད་ཆགས་ཉིད། །ཡི་གེ་ད་ནི་ཕྲག་དོག་འགྱུར། །གཤིན་རྗེ་འཛོམས་པ་ལྔ་རུ་གྲགས། །ཡི་གེ་ཡ་ནི་ཐོ་བར་གྲགས། །ཡི་གེ་ཙ་ལས་དབྱིག་པ་གཙོ། །ལག་ན་པདྨ་ནི་ཡིག་ལས། །ཡིག་གེར་ནི་རལ་གྲིར་ལྡན། །ཡི་གེ་ཛ་ནི་སེམས་མར་བརྗོད། །ཡི་གེ་ས་ནི་ཕག་མོར་གྲགས། །ཡི་གེ་དོ་ལས་དབྱངས་ཅན་བསྒྲགས། །ཡི་གེ་རུ་ལས་གཽ་རཱིར་དྲན། །ཎ་ཡོ་ནི་ར་མཚམས་བཞི་


JLD010_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །ཐོད་པ་བཞི་རུ་བསྒྲགས་ཡིག་ལས། །ཞེས་ཡི་གེ་བཅུ་བདུན་ལྷ་བཅུ་གསུམ་དང་ཐོད་པ་བཞི་རུ་གསུངས་ལ། །འཇིགས་བྱེད་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་ལས་སྒྲུབ་པའི་སྐབས་སུའང་ཡི་གེ་བཅུ་བདུན་ལ་ལྷའི་རྣམ་པ་ཅན་བཅུ་གསུམ་དང་། ལྷའི་ངོ་བོ་ཐོད་པ་བཞིར་བསྐྱེད་པ་ལ། རང་འདྲའི་ཡེ་ཤེས་པ་བཅུག་ནས་ལས་སྒྲུབ་ཆེན་དཔལ་འཛིན་གྱི་མན་ངག་ལ་བརྟེན་ནས་མཛད་པའི་རྟོག་བདུན་གྱི་འགྲེལ་པ་དཔལ་ཆེན་རྡོ་རྗེ་གྲུབ་པ་དང་། སོ་ན་ཤྲཱི་གཉིས་ཀ་ས་མཛད་པ་ལས། ཡི་གེ་བཅུ་བདུན་པོ་དེ་དག་ལྷ་བཅུ་བདུན་གྱི་རང་བཞིན་དུ་རྣམ་པར་བསྒོམས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་གཤིན་རྗེའི་གཤེད་ལྷ་བཅུ་བདུན་གྱི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། མདུན་དུ་རྣམ་པར་བཞུགས་སུ་གསོལ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས་སྔར་བྲིས་པའི་འཁོར་ལོ་ལ། ཐོ་བ་ལ་སོགས་པའི་སྦྱོར་བས་བཅུག་ལ་དེ་ནས་ལས་དང་རྗེས་སུ་མཐུན་པར་གསུངས་པའི་རིམ་པས་བདག་ཉིད་རྣམ་པར་བསྒོམ་ལ་སྔགས་ཡོངས་སུ་བཟླས་ཏེ་ལས་རབ་ཏུ་བསྒྲུབ་པར་བྱའོ། ཞེས་གསལ་བར་གསུངས་ཤིང་། འཇིགས་བྱེད་ཀྱི་དབང་དུ་མཛད་པའི་འཁྲུལ་འཁོར་གྱི་ལྷ་བཅུ་གསུམ་གྱི་ལས་སྒྲུབ་པའི་སྐབས་སུ། གཙོ་བོ་ལ་གཤིན་རྗེ་གཤེད་གཞན་འོང་དོན་མེད་པས་གཙོ་བོ་འཇིགས་བྱེད་ཀྱིས་མཛད་དགོས་པར་གསལ་ལོ། །དེའི་ཕྱིར་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཀྱི་སྐབས་དང་། འཁྲུལ་འཁོར་གྱི་འགོད་པའི་སྐབས་སུ་ལྷ་དགོད་


JLD010_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ལ་མི་འདྲ་བ་བཞིས་བསྐོར་བ་ཡོད་པར་ཤིན་ཏུ་གསལ་བས། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་དང་། རྭ་རྡོ་རྗེ་གྲགས་ཀྱིས་བོད་དུ་སྲོལ་ཕྱེ་བའི་འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་ཐབས་ནི་ཤིན་ཏུ་ལེགས་པས། རྒྱུད་དང་འགྲེལ་པ་རྣམ་པར་དག་པ་ལ་བརྟེན་པའི་ལུགས་རྣམ་པར་དག་པ་མ་རྟོགས་བཞིན་དུ་སྐོར་པ་གདབ་པར་མི་བྱའོ། །གཉིས་པ་ནི། ཡང་ཕྱིས་ཀྱི་བོད་མང་པོས་འཇིགས་བྱེད་ལ་ཡུམ་ཡོད་པར་བཤད་པའི་གཞུང་མེད་པས་ཡུམ་མེད་ལ། དེའི་ཕྱིར་ཡུམ་ཡོད་པའི་སྒྲུབ་ཐབས་དང་། ཡུམ་ཡོད་པ་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཆོ་ག་བྱེད་པ་མ་དག་གོ་ཟེར་རོ། །འདི་ལ་བཤད་པར་བྱ་སྟེ། དེ་ལ་རྟོག་བདུན་དང་སཾ་པུ་ཊར་ཡུམ་དངོས་སུ་གསལ་བར་མ་བཤད་པ་བཞིན་དུ་འདིའི་རྒྱ་གཞུང་གི་སྒྲུབ་ཐབས་མང་པོར་ཡང་ཡུམ་ཡོད་པར་མ་བཤད་པ་མང་ཡང་། ཡོད་པར་མ་བཤད་པ་དང་། མེད་པར་བཤད་པ་གཉིས་དོན་མི་གཅིག་ཅིང་། དེ་དག་གི་ལུགས་ལའང་སྐབས་གང་དུའང་ཡུམ་མེད་པར་བཞེད་པ་མིན་ལ། ཡུམ་ཡོད་པར་འདོད་ནའང་སྐབས་ཐམས་ཅད་དུ་ཡུམ་བཤད་དགོས་པའི་ངེས་པའང་མེད་དོ། །འདིར་ཡུམ་ཡོད་པ་ལ། སྒྲུབ་བྱེད་གསུམ་ལས། དང་པོ་དབང་གོང་མ་གཉིས་ལ་བརྟེན་ནས་བསྒྲུབ་པ་ནི། ཨ་མོ་གྷ་བཛྲའི་འཇིགས་བྱེད་ཀྱི་དཀྱིལ་


JLD010_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ལས། དེ་ནས་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། བླ་མའི་ཞལ་ལས་ཤེས་པར་བྱའོ། ཞེས་འཇིགས་བྱེད་ལ་དབང་གཉིས་པ་དང་གསུམ་པ་བསྐུར་བར་བཤད་པ་ལྟར་ཤིན་ཏུ་འང་དགོས་ལ། དེ་ལ་གསང་དབང་ལ་ནི། སློབ་མ་ལ་ངེས་པ་མེད་ཀྱང་། བླ་མས་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་ནས་ཡུམ་ལ་བརྟེན་ཏེ། གསང་དབང་གི་རྫས་སྒྲུབ་པ་དགོས་ལ། དབང་གསུམ་པ་ལ་ནི་སློབ་མ་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་ནས་རིག་མ་ལྷ་མོར་བསྐྱེད་པ་དང་སྙོམས་པར་ཞུགས་པ་ལས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་བསྐྱེད་དགོས་པ་ལ་ནི་ཁུངས་ཐུབ་ཀྱི་གཞུང་དུ་ཡོད་དོ། །དེ་ལྟ་ཡིན་ན་གཙོ་བོ་ལ་ཡུམ་བྱུང་བ་ཡིན་ནོ། །དེས་ན་བོད་ཀྱི་ཕྱིས་ཀྱི་བླ་མ་ཁ་ཅིག་འཇིགས་བྱེད་ལ་ཡུམ་མེད་པར་བཞེད་ཅིང་། འཇིགས་བྱེད་ཀྱི་གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ། བླ་མ་དང་སློབ་མ་གཉིས་གཤིན་རྗེ་གཤེད་དང་རིག་མ་རོ་ལངས་མར་བསྐྱེད་པར་བཤད་པ་ནི་འགལ་བ་ཡིན་ཏེ། འཇིགས་བྱེད་ཀྱི་དབང་གཉིས་ཀྱི་སྐབས་སུ་གཤེད་དམར་ལ་སོགས་པའི་དཀྱིལ་འཁོར་གྱི་གཙོ་བོ་གཞན་གྱི་གཤིན་རྗེ་གཤེད་དུ་བསྐྱེད་དོན་མེད་པས། འཇིགས་བྱེད་ཉིད་དུ་བསྐྱེད་དགོས་པའི་ཕྱིར་རོ། །དེ་བཞིན་དུ་ཡུམ་མེད་པར་འདོད་པ་དང་སྟ་གོན་གྱི་སྐབས་སུ་བླ་མས་རང་འོད་ཀྱི་རིག་མ་སྤྲུལ་ཏེ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས་སློབ་མ་རྣམས་རང་གི་ལུས་ལ་བཅུག །རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་གནས་པ་ལ། བྱང་


JLD010_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བར་འདོད་པའང་འགལ་བའོ། དེ་ལྟར་ན་བྲིས་པའི་དཀྱིལ་འཁོར་ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་བ་དང་། གཙོ་བོ་ལ་ཡུམ་ཡོད་པར་འདོད་པ་ནི་མ་དག་པ་མིན་གྱི། དེ་དང་གཙོ་བོ་ལ་ཡུམ་མེད་པར་འདོད་པ་ནི་མ་དག་པ་ཆེན་པོར་ཤེས་པར་གྱིས་ཤིག །གཉིས་པ་དགྲ་ནག་གི་གཞུང་ལ་བརྟེན་ནས་བསྒྲུབ་པ་ནི། སྔར་བཤད་པ་ལྟར་འཇིགས་བྱེད་ཀྱི་འཁྲུལ་འཁོར་གྱི་བཤད་རྒྱུད་དང་། དགྲ་ནག་གི་གཞུང་དང་འགྲེལ་པ་ལ་བརྟེན་ནས་འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་ཐབས་ནི་བསྒྲུབས་ཟིན་ལ། དེ་ལྟ་ཡིན་ན་འཁོར་གྱི་ལྷ་རྣམས་གཙོ་བོ་ཡབ་ཡུམ་ཀྱི་མངལ་ནས་འབྱིན་པར་འགྲུབ་སྟེ། འཇིགས་བྱེད་ལ་འཁོར་གྱི་ལྷ་རྣམས་དགྲ་ནག་ལ་བརྟེན་པའི་གྲུབ་ཆེན་དཔལ་འཛིན་སོགས་ཀྱི་གཞུང་ལ་བརྟེན་པའི་རིགས་པ་སྦྱོར་དུ་རུང་ལ། ལྷ་དེ་རྣམས་ཀྱི་བསྐྱེད་ཆོག་ལ་དེ་དག་གི་རིགས་པ་སྦྱོར་དུ་མི་རུང་བའི་ཁྱད་པར་དབྱེ་བར་མི་ནུས་པའི་ཕྱིར་ཏེ། དཔེར་ན་གཤེད་དམར་བཅུ་གསུམ་མའི་འཁོར་གྱི་ལྷ་བཞིན་ནོ། །མངོན་རྟོགས་ལ་དཔལ་འཛིན་གྱི་གཞུང་ལ་བརྟེན་པའི་རིགས་པ་སྦྱོར་དུ་ནུས་ན། འཇིགས་བྱེད་བཅུ་གསུམ་མ་ལ་རྒྱ་གར་ནས་དཀྱིལ་ཆོག་ཟུར་པ་མ་བྱུང་ཡང་། དཔལ་འཛིན་གྱི་དགྲ་ནག་གི་དཀྱིལ་ཆོག་དང་ཨ་མོ་གྷ་བཛྲའི་དཀྱིལ་ཆོག་ལ་བརྟེན་པའི་རིགས་པ་སྦྱོར་ནུས་ཏེ། སློབ་དཔོན་འཛིན་གྱིས་དམར་ནག་གི་དཀྱིལ་ཆོག་གཉིས་མཛད་པ་ལ། གཙོ་བོ་འཕོས་པ་ཙམ་གྱི་དབང་གིས་ཁྱད་པར་ཅུང་ཟད་མི་འདྲ་བ་


JLD010_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་རེ་མ་གཏོགས་པ་སྤྱིའི་ཁོག་ཇི་མ་ཇི་བཞིན་དུ་འདྲ་བ་དང་རིགས་པ་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ་དམར་ནག་གི་སྒྲུབ་ཐབས་གཉིས་ལའང་བཤད་འདུག་པའི་རིགས་པས་འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་ཐབས་ལའང་དཔག་ནུས་པར་ཤེས་པར་གྱིས་ཤིག །གསུམ་པ་ཀྱཻ་རྡོར་ལ་བརྟེན་ནས་བསྒྲུབས་པ་ནི། བླ་མེད་ཀྱི་རིམ་པ་དང་པོའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་དགོས་པ་མང་དུ་ཡོད་ཀྱང་། གཙོ་བོ་ནི་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་རྣམས་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྲོ་བ་ཡིན་ལ། དེ་ལ་ནི་རིམ་པ་དང་པོའི་སྐབས་སུ་ཡབ་ཡུམ་སྙོམས་པར་ཞུགས་པས་དྲངས་པའི་བདེ་བ་དང་། དེ་ཁོ་ན་ཉིད་ཀྱི་ལྟ་བ་གཉིས་སྦྱར་ཏེ། རྒྱུན་ལྡན་དུ་སྒོམ་པ། དགོས་པའི་ཚུལ་རྣམས་གཞན་དུ་རྒྱས་པར་བཤད་ཟིན་པ་ལྟར་ཡིན་ནོ། །དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པ་དང་པོའི་སྐབས་སུ་ཡུམ་སྒོམ་པ་མེད་ན་དགོས་པ་དེ་མི་འགྲུབ་པས་བསྐྱེད་རིམ་གྱི་གནད་མ་ཚང་བར་འགྱུར་ན་འདོད་པར་ཡང་མི་ནུས་སོ། །ཚུལ་དེ་ལ་དོགས་པ་གཅོད་པ་ནི། བཅོམ་ལྡན་འདས་ཉིད་ཀྱིས་བདག་མེད་མའི་སྒྲུབ་ཐབས་ལ་ཤིན་ཏུ་གསལ་བར་གསུངས་ཏེ། ཀྱཻ་རྡོ་རྗེ་ལས་བདག་མེད་རྣལ་འབྱོར་ལྡན་པ་ཡིས། ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྲུབ། །ཅེས་ལམ་འདིས་ཕྱག་རྒྱ་མ་ལ་བརྟེན་ནས་དངོས་གྲུབ་འགྲུབ་པར་བཤད་པ་ལ། དེ་ལྟ་ན་བདག་མེད་མ་གཙོ་བོར་བྱས་པའི་རྣལ་འབྱོར་གྱིས་ཕྱག་རྒྱའི་དངོས་གྲུབ་


JLD010_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐོབ་སྟེ། རིག་མ་སྒོམ་པ་མེད་པར་ཕྱག་རྒྱའི་དངོས་གྲུབ་མི་འགྲུབ་པའི་ཕྱིར་དང་། རང་གི་ཕྱག་རྒྱ་མ་གཞན་ཅིག་སྒོམ་ན། ཕྱག་རྒྱ་མ་གཉིས་སྦྱར་བས་བདེ་ཆེན་མི་སྐྱེ་བའི་ཕྱིར་རོ། །དེས་ན་དེ་འདྲ་བ་དེས་ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་ཐོབ་པར་འགྱུར། ཞེས་ཞུས་པའི་ལན་དུ། བུད་མེད་གཟུགས་ནི་སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །ནུ་མ་སྤངས་པ་བོ་ལར་འགྱུར། །ཀ་ཀོ་ལ་དབུས་ཡང་དག་གནས། །འགྲམ་གཉིས་དྲིལ་བུ་ཉིད་དུ་འགྱུར། །ཟེའུ་འབྲུ་བོ་ལ་ཅན་དུ་གྱུར། །ལྷག་མ་བདག་ཉིད་ཆེན་པོ་ཉིད། །དགའ་ཆེན་ཧེ་རུ་ཀ་ཡི་གཟུགས། ཞེས་སོ། །དེ་འདྲ་བ་དེ་ལ་ནི་བུད་མེད་དེ་ལྷ་མོའི་གཟུགས་སུ་བསྒོམ་པ་སྤངས་ནས། དེ་ལས་གཞན་བཅོམ་ལྡན་འདས་ཏེ་ལྷ་ཡབ་ཀྱི་གཟུགས་སུ་བསྒོམ་པར་བྱ་བར་གསུངས་སོ། །དེས་ན་ནུ་མ་སྤངས་ནས་བོ་ལ་དང་། ཀཀྐོ་ལའི་འགྲམ་གཉིས་དྲིལ་བུ་སྟེ་འབྲས་བུར་འགྱུར། ཞེས་པ་ནི་རྟེན་དེའི་སྟེང་ནས་དོན་ལ་དེ་ལྟར་གྱུར་པ་མིན་གྱི། དམིགས་པས་དེ་དག་མི་མངོན་པར་བྱས་ནས་རྡོ་རྗེ་སོགས་སུ་བསྐྱེད་པའོ། །དེ་ལྟར་དཀྱིལ་འཁོར་གྱི་གཙོ་མོ་བདག་མེད་མས་མཛད་པ་ལ་སྒོམ་པའི་ཚེ་མོའི་རྟགས་བསྒྱུར་ནས། ཕོའི་རྟགས་དང་ལྡན་པར་བསྒོམ་པར་གསུངས་སོ། །དེ་འང་མུ་ཏིག་འཕྲེང་བས་སྨེ་མ་ནི་དཀྱིལ་འཁོར་གྱི་བདག་མོའི་མགུལ་ནས་འཁྱུད་དོ། །དེ་ལ་གཞན་རྣལ་འབྱོར་མ་བདུན་སྤྲོས་ཚུལ་གྱིས་འཇུག་པར་བྱའོ། །དེའང་རང་གི་པདྨ་ལས་བྱུང་བའི་རྡོ་རྗེ་དང་སྤྱོར་བས་བཅོམ་ལྡན་འདས་མ་ཐམས་ཅད་ལ་ཡོངས་སུ་སྤྱོད་དོ། །ཞེས་མཆོད་པའི་ལྷ་མོ་བདུན་སྤྲོས་པ་གཡུང་མོ་ལ་བཅུག་ནས་གཡུང་མོ་ལ་རང་གི་པདྨ་རྡོ་རྗེར་


JLD010_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། ལོངས་སྤྱོད་པར་གསུངས་པ་ལྟར་རྟགས་བསྒྱུར་བ་དེས་ཕྱག་རྒྱ་མ་གཞན་ལ་སྙོམས་འཇུག་བྱེད་པ་ཡིན་ནོ། །དེ་ལྟར་ན་དཀྱིལ་འཁོར་གྱི་གཙོ་བོར་ལྷ་ཕོ་གཅིག་ཕུར་བཤད་པ་ལའང་སྔར་གྱི་དོགས་པ་དེ་དེས་པར་སྐྱེ་དགོས་ལ། དེ་གཅོད་པ་ལ་ཡང་ཡུམ་ཡོད་པའི་ལན་གདབ་དགོས་ཀྱི་ས། ཡུམ་མེད་ཀྱང་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་རོ། །ཞེས་སྨྲར་མི་རུང་བས་ཀྱཻ་རྡོར་ལ་བརྟེན་ནས་ཀྱང་ཤིན་ཏུ་འགྲུབ་བོ། །གཉིས་པ་ནི། ཚངས་པ་གནས་བཞི་དང་ལྡན་ཞིང་། འགྲོ་པ་འདོན་པའི་བསམ་པ་ཅན་གྱི་རྣམ་འབྱོར་པས། བདག་ཉིད་ལ་དངོས་གྲུབ་གྲུབ་པར་བྱ་བའི་ཕྱིར་རམ། གཞན་གྱིས་ལན་གཉིས་གསུམ་དུ་དབང་གི་དོན་དུ་གསོལ་བ་འདེབས་པ་རྗེས་སུ་བཟུང་བའི་ཕྱིར། གལ་ཏེ་དཀྱིལ་འཁོར་འདྲི་བར་འདོད་ན། བསྙེན་པ་སྔོན་དུ་མ་སོང་བར་དབང་དང་རབ་གནས་སོགས་ལ་འཇུག་པར་བྱ་མི་རུང་སྟེ། བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། ཞེས་སྔོན་དུ་བསྙེན་པ་སོགས་ཀྱིས་རྒྱུད་མ་སྦྱངས་པར་དཀྱིལ་འཁོར་གྱི་ལས་ལ་ཞུགས་ན་སྦོམ་པོའི་ལྟུང་བ་བསྐྱེད་པར་གསུངས་ལ། དེ་ལྟར་བྱེད་པ་ནི་རང་གིས་རང་ལ་གནོད་པ་བྱེད་པར་གསུངས་ཏེ། སྙིང་པོ་མདོར་བསགས་ལས། དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་འབད་ནས། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །ཤིན་ཏུ་དུལ་བས་བརྟག་པར་བྱ། །ལྷ་ནི་མཉེས་པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ཞེས་གསུངས་ཤིང་། །ནག་པོ་སྤྱོད་པས་ཀྱང་། ལྷ་མཉེས་པར་


JLD010_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་ན་རང་ཉིད་སུན་འབྱིན་པར་གསུངས་པས། སྔོན་དུ་བཟླས་པ་དང་དེའི་མ་དག་པ་ཁ་སྐོང་བའི་སྦྱིན་སྲེག་ཤིན་ཏུ་གལ་ཆེའོ། །བསྙེན་པ་བྱེད་ཚུལ་ནི། མངོན་རྟོགས་རྫོགས་པར་བསྒོམས་ནས་བཟླས་པ་བྱེད་པ་སྒྲུབ་ཐབས་སུ་བཤད་པ་བཞིན་བྱེད་པའོ། བཟླས་པའི་སྔགས་ཀྱི་གྲངས་ནི་དཔལ་འཛིན་གྱི་དམར་ནག་གི་དཀྱིལ་ཆོག་གཉིས་ལས། གཙོ་བོ་ལ་འབུམ་ཕྲག་རེ་འཁོར་ལ་ཁྲི་ཕྲག་རེ་ཟློ་བ་བ་བརྟག་གཉིས་ནས་གསུངས་པ་བཞིན་དུ་བཤད་པ། འཇིགས་བྱེད་ལའང་འདྲ་ལ། བཟླས་བྱའི་སྔགས་ནི། ཨ་མོ་གྷ་བཛྲའི་འཇིགས་བྱེད་ཀྱི་དཀྱིལ་ཆོག་ལས། ཡི་གེ་བཅུ་པའི་སྙིང་པོ་འབུམ་ཕྲག་གཅིག་ཏུ་བཟླས་པ་བྱ་སྟེ། ཞེས་བཤད་པ་ལྟར་རྩ་སྔགས་མིན་ཀྱང་། ཧྲཱིཿ ཥྚཱིཿ ས་ཀྱང་འགྲུབ་ལ། གཞན་གཉིས་ལ་ནི། ཧྲཱིཿ ཥྚཱིཿ ཡི་གེ་བཅུ་བཞི་པ་བཟླའོ། །དམར་པོའི་དཀྱིལ་ཆོག་ལས། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་ཁྲི་བཟླས་པའམ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བའི་མཚན་མ་ཐོབ་པའམ། རང་གི་སེམས་དག་པ་བརྟན་པས་འདྲི་བར་བྱའོ། །ནག་པོའི་དཀྱིལ་ཆོག་ཏུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་གཞན་རྣམས་ཀྱི་ནི་ཁྲིའོ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བའམ། མཚན་མ་ཐོབ་པའམ། རང་གི་སེམས་དག་པའི་སྒོ་ནས་འདྲི་བར་བྱའོ་ཞེས་གྲངས་ཀྱི་བཟླས་པའི་མཐར་རམ་མེད་པ་དང་། ལྷ་ལ་སྣང་བ་ཐོབ་པ་དང་མཚན་མ་ཐོབ་པ་གཉིས་སོ་སོར་ཕྲལ་ནས་བསྒྱུར་བ་ནི་འགྱུར་མ་དག་པ་ཡིན་པས། དམར་པོའི་དཀྱིལ་ཆོག་གི་འགྱུར་ལྟར་བྱའོ། ཞེས་གྲངས་ཀྱི་བཟླས་པ་དང་། ལྷས་གནང་བའི་མཚན་མ་ཐོབ་པ་དང་། ལྷའི་རྣལ་འབྱོར་བརྟན་པའི་སེམས་དག་པ་ཐོབ་པ་གང་རུང་ཞིག་དང་ལྡན་པས་བྱ་


JLD010_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུངས་ཏེ། ཝ་ཝའི་ན་བཟའ་ཅན་གྱིས་ཀྱང་དེ་བཞིན་དུ་གསུངས་སོ། །གསུམ་པ་ལ་གསུམ། སའི་ཆོ་ག །སྟ་གོན་གྱི་ཆོ་ག །དངོས་གཞིའི་ཆོ་གའོ། །དང་པོ་ལ་ལྔ། ས་བརྟག་པ། ས་བསླང་བ། ས་སྦྱང་བ། ས་གཟུང་བ། བགེགས་ལ་ཕུར་བུ་བཏབ་སྟེ་བསྲུང་བའོ། །དང་པོ་ནི། གཞན་དུ་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། ལེགས་པར་བསྒྲུབས་པའི་དཀྱིལ་འཁོར་གྱི་ཁང་པའམ། གཞན་དུའང་རུང་སྟེ། བདུད་རྩི་འཁྱིལ་པ་བཟླས་པའི་ཆུས་གཏོར་ཏེ། དཀྱིལ་འཁོར་གྱི་སའི་སྟེགས་བུ་བྱས་ལ། རང་ཉིད་གཤིན་རྗེ་གཤེད་སྐབས་ལ་གང་བབ་ཀྱི་རྣལ་འབྱོར་དང་ལྡན་པས། གནས་དེའི་གཞི་བདག་སྤྱན་དྲངས་ཏེ། ཉེར་སྤྱོད་ཀྱིས་མཆོད་པ་ཨ་ཀཱ་རོས་གཏོར་མ་ཕུལ་ལ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་བྱས་ལ་མེ་ཏོག་གི་ཚོམ་བུ་ཞིག་དགོང་དེར་བཾ་ལས་བྱུང་བའི་སའི་ལྷ་མོ་སེར་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལུས་ཕྱེད་འཐོན་པ། གཡས་དམ་བཅའ་བ་ཁས་ལེན་པའི་ཕྱག་རྒྱ་ ནི་གང་ཟག་གཞན་གཅིག་གིས་དཔང་པོ་ཐོབ་པ་གཅིག་ལ། བདག་གིས་འདི་བྱས་པའི་དབང་པོ་མཛོད་ཅིག་ཅེས་སྨྲས་པ་ན། དཔང་པོས་དེ་བཞིན་ཞེས་བརྗོད་པའི་ཚེ། ལག་པ་གཡས་པ་བསྒྲེངས་ནས་བྱེད་པ་ལྟ་བུའོ། །གཡོན་རིན་པོ་ཆེའི་བུམ་པ་འཛིན་པ་བསྐྱེད། ལག་པ་གཡས་པའི་མཐིལ་དུ་


JLD010_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསམ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ནས་ས་ལ་ལན་གསུམ་བརྡབས་པས། དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་ལྷ་མོ་ས་འོག་ནས་སྤྱན་དྲངས་དམ་ཚིག་པ་ལ་བསྟིམས་ལ། དབང་བསྐུར་རྣམ་སྣང་གིས་རྒྱས་གདབ། མདུན་དུ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་རྣམས་བསང་སྦྱང་བསྐྱེད་དེ་བྱིན་གྱིས་བརླབ། གཏོར་མའང་གྱིས་བརླབས་ལ། ༀ་པྲི་ཐི་ཝཱི་དེ་ཝཱི་བྷྱཿ ཞེས་པ་ལ་ཨརྒྷཾ་ལ་སོགས་པ་བཏགས་ལ་དབུལ། ནང་མཆོད་ཀྱིས་ཀྱང་མཆོད་ལ། གཏོར་མ་ཨ་ཀཱ་རོ་ཡིས་ཕུལ། གཡས་རྡོ་རྗེ་དང་བཅས་པས་སྦོས་ཕོར་འཛིན། གཡོན་དྲིལ་བུ་གསིལ་ཞིང། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་བདག་གིས་བདུད་ཀྱི་དཔུང་། །བཅོམ་ནས་དཀྱིལ་འཁོར་འདྲི་བར་བགྱི། ཞེས་ལན་གསུམ་བརྗོད་པས་དཀྱིལ་འཁོར་གྱི་ལས་ཅི་བདེར་གྱིས་ཤིག་ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་བསམས་ཏེ་ས་བསླང་བའོ། །དམར་ནག་གི་དཀྱིལ་ཆོག་གཉིས་ལས་ས་བསླང་བ་མ་བཤད་ཀྱང་། རྭ་ལོ་ཙཱ་བས་བཤད་པ་ལྟར་བྱས་ཏེ། དོན་ཡོད་ཞབས་ཀྱིས་ཀྱང་། སའི་ལྷ་མོ་ལས་ས་བསླང་བ་གོ་རིམ་ཅུང་མི་འདྲ་ཙམ་ཞིག་བཤད་དོ། །གསུམ་པ་ནི། གཙོ་བོ་གང་ཡིན་གྱི་རྣལ་འབྱོར་དང་ལྡན་པས་དཀྱིལ་འཁོར་གྱི་ས་ལ། ཡུངས་ཀར་དང་ཆུ་དང་ཐལ་བ་ལ་ལས་ཐམས་ཅད་པ་བཟླས་པས་གཏོར་ལ། དེ་བཟླས་པའི་བ་བྱུང་ལྔས་ཤར་ནས་བརྩམས་ཏེ་བྱུག་ཅིང་།


JLD010_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཆུས་ཀྱང་བསང་གཏོར་བྱའོ། །དེ་ནས་རྡོ་རྗེ་སྐྱིལ་ཀྲུང་དང་ས་གནོན་གྱི་ཕྱག་རྒྱ་དང་ལྡན་པས། ༀ་བྷཱུ་ཁཾ་ཞེས་པས་ས་གཞི་སྟོང་ཉིད་དང་། ཧཱུཾ་ལཾ་ཧཱུཾ་ཞེས་པས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དང་། ༀ་མེ་དི་ནི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པས་རྡོ་རྗེའི་རང་བཞིན་དུ་བཅིངས་ཏེ་བརྟན་པར་བྱ། ནག་པོའི་དཀྱིལ་ཆོག་ལས། མེ་དི་ནིའི་སྔགས་བརྗོད་པས། དེ་ཉིད་རང་བཞིན་གྱིས་དག་པར་བྱའོ། ཞེས་བསྒྱུར་བ་ནི། སྔགས་དོན་དང་མི་མཐུན་པས། དམར་པོའི་དཀྱིལ་ཆོག་ལས། རང་བཞིན་གྱིས་རྣམ་པར་དག་པའི་གཞི་དེར་ཞེས་ཕྱིར་ལ་བཅད་པ་འགྱུར་ལེགས་སོ། །ༀ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་པས་རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོམ་པར་བསམ་ཞིང་ལག་པས་ས་རེག་ནས་ས་བྱིན་གྱིས་བརླབ་བོ། །དེ་ནས་ས་ལ་སོགས་པའི་སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དང་རོ་གཅིག་པར་མོས་པའི་བླ་ན་མེད་པའི་སྦྱང་བའང་བྱའོ། །བཞི་པ་ལ་གསུམ། སློབ་དཔོན་སྒྲུབ་གྲོགས་དང་བཅས་པས་དཀྱིལ་འཁོར་གྱི་དབུས་སུ་སྒྲུབ་ཐབས་བསྒོམ་པ། དེ་ལ་ཕྱོགས་སོ་སོའི་སློབ་མ་བཞིས་དཀྱིལ་འཁོར་གྱི་དོན་དུ་གསོལ་བ་གདབ་པ། དཀྱིལ་འཁོར་ནམ་མཁའ་བཏེག་སྟེ། བགེགས་ལ་དཀའ་བསྒོས་ནས་བསྐྲད་པའོ། དང་པོ་ནི། མཆོད་པའི་ཡོ་བྱད་ལ་སོགས་པའི་འཚོག་ཆས་དང་སྒྲུབ་གྲོགས་དང་ལྡན་པས་སྟེགས་བུའི་དབུས་སུ་འདུག་སྟེ། སྔོན་དུ་འགྲོ་བའི་གཏོར་མ་ཕུལ་ནས། བཟླས་པ་ལ་ཐུག་གི་བར་དུ་མངོན་རྟོགས་རྫོགས་པར་བསྒོམ་པར་བྱའོ། །ལྷ་རྣམས་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་ཕྱི་ནང་གི་མཆོད་པས་


JLD010_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ནས། སྦོས་ཕོར་བཟུང་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བྱས་ནས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་ཆེ་གེ་ཞེས་བྱ་བདག །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་འདྲི། །སངས་རྒྱས་ཀུན་དེང་གཤེགས་སུ་གསོལ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་ལས་རྣམས་ནི། །ཅི་ནུས་བཞིན་དུ་རབ་ཏུ་བགྱི། ཞེས་གསོལ་བ་ལན་གསུམ་གདབ་བོ། །གཉིས་པ་ནི། དེ་ནས་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཤིན་རྗེ་གཤེད་གསུམ་གང་རུང་གི་ངོ་བོ་རྡོར་དྲིལ་འགྱིང་བས་བསྣམས་པ་ལ། ཕྱོགས་བཞིའི་སློབ་མ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པ་ལག་ན་རྡོར་དྲིལ་ཐོགས་པ་བཞིས་ཐུན་མོང་དུ་ཕྱི་ནང་གི་མཆོད་པས་མཆོད་ནས། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། ཅེས་པ་ནས། ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། ཞེས་པའི་བར་གྱི་ཚིགས་བཅད་རེ་རེས་ཕྱོགས་སོ་སོ་ནས་བསྟོད། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། ཅེས་སོགས་ཀྱི་ཚིགས་བཅད་གཅིག་གིས་ཐུན་མོང་དུ་བསྟོད།ཀུན་གྱིས་ཐུན་མོང་དུ། གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་ཐམས་ཅད་ཟད་མཛད་པ། མགོན་པོ་དཀྱིལ་འཁོར་འདྲི་བར་མཛོད། ཅེས་དཀྱིལ་འཁོར་འདྲ་བར་གསོལ་བ་གདབ་བོ། །སྒྲུབ་པའི་གྲོགས་མེད་ན་དེ་རྣམས་རང་གིས་བསྒོམས་ནས་བརྗོད་པར་བྱའོ། གསུམ་པ་ནི། དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ཀྱིས་དབྱངས་གཅིག་


JLD010_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གསོལ་བ་བཏབ་པར་རིག་ནས། སེམས་ཅན་ཐམས་ཅད་ཉོན་མོངས་པས་གཟིར་བ་ལ་བལྟོས་ཏེ། །ཉོན་མོངས་པ་ལ་སླར་ཁྲོ་བ་སྟེ་དེ་རྣམས་ཀྱི་ཉོན་མོངས་གཞོམ་པའི་བསམ་པས། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་བརྐྱང་ལ། རྩེ་མོ་གཤིབས་ལ་འོག་ཏུ་ཕྱོགས་པ་སྤྱོ་བོར་གཟུང་ཞིང་། ཧཱུཾ་བཛྲ་ཨཏྟིཥྠ། ཞེས་བརྗོད་པས་བསྒོམས་པའི་དཀྱིལ་འཁོར་ནམ་མཁའ་ལ་གདེག་གོ ། དམར་ནག་གི་དཀྱིལ་ཆོག་ལ་འདེགས་པའི་ཕྱག་རྒྱ་མ་བཤད་ཀྱང་། དཀྱིལ་ཆོག་རྡོ་རྗེ་ཕྲེང་བས་ཁ་བསྐང་བ་ཡིན་པས། རྭས་སློབ་དཔོན་གྱི་གུང་མོའི་རྩེ་སྤྲད་ལྷག་མ་རྣམས་བསྣོལ་ལ་སྤྱི་བོར་བཅིངས་ལ་ༀ་བཛྲ་ཨུཥྚི་ཡ་ཧཱུཾ་ཞེས་པས། དཀྱིལ་འཁོར་ནམ་མཁའ་ལ་གདེག་གོ་ཞེས་བཤད་པའི་སྔགས་དང་ཕྱག་རྒྱ་གཉིས་ཀ་མ་དང་པར་སྣང་ངོ་། །དེ་ནས་གཙོ་བོ་གང་ཡིན་གྱི་ང་རྒྱལ་གྱིས་བཏེག་པའི་གཙོ་བོ་ལས་བྱེ་བ་ལངས་ཏེ། རང་གི་ དམར་ནག་གི་དཀྱིལ་ཆོག་གཉིས་ཀ་ལས་མ་ཡིག་གིས་མིག་གཡོན་པ་ཟླ་བ་དང་། ཡི་གེ་ཊས་མིག་གཡས་པ་ཉི་མར་བྱེད་པར་བཤད་ལ། གཞུང་གཞན་ནས་གཡས་གཡོན་གཉིས་དེ་ལས་བཟློག་སྟེ་གསུང་ངོ་། །མིག་གཡས་གཡོན་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བར་བསྐྱེད། ཧཱུཾ་ལས་མིག་འབྲས་དུས་མཐའི་མེ་ལྟར་བསམས་པའི་འོད་ཀྱིས་ཕྱོགས་ཀུན་ཏུ་བལྟས་པས་བགེགས་རྣམས་བསྲེགས་པར་བསམ་མོ། །རྐང་མཐིལ་གཉིས་སུ་ཧཱུཾ་ལས་ཉི་མ་སྣ་ཚོགས་རྡོ་རྗེ་འབར་བ་བསྒོམས་ལ། རོལ་བའི་རྡོ་རྗེའི་འགྲོས་ཀྱི་གར་གྱིས་དཀྱིལ་འཁོར་གྱི་ས་གཞི་ལ་བསྐོར་ཞིང་། ཧྲཱིཿ ཥྚྲཱིཿ ལ་སོགས་པ་ངག་ཏུ་བརྗོད་པས་གདུག་པ་རྣམས་


JLD010_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་པར་བྱའོ། །དེ་ནས་དབུས་སུ་སོང་ལ། ཧཱུཾ་ལུས་ངག་སེམས་ལ་གནས་པ་ཡི། བགེགས་ཀྱི་ཚོགས་རྣམས་ཀུན་ཉོན་ཅིག ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །སྲུང་བའི་འཁོར་ལོ་སྦྱོར་བ་བོ། །རྡོ་རྗེ་གཟུགས་ནི་འབར་བ་ཡིས། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འཇིག་པར་འགྱུར་གྱི་གཞན་དུ་མིན། ཞེས་བརྗོད། ཤར་དུ་ཕྱིན་ཏེ་གཏི་མུག་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། གཞན་སྔར་དང་འདྲ་བ་ལ། ང་ནི་དཔལ་ལྡན་འཁོར་ལོ་འཆང་། ཞེས་བརྗོད། ལྷོར་སེར་སྣ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། །ང་ནི་དཔལ་ལྡན་རིན་ཆེན་འཆང་། ཞེས་དང་། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་པདྨ་འཆང་། ཞེས་དང་། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་རལ་གྲི་འཆང་། ཞེས་བརྗོད་ལ་བགེགས་ལ་བཀའ་བསྒོས་ཏེ། ཧྲཱུཾཿ ཥྚྲཱིཿ ལ་སོགས་པའི་སྔགས་དང་བཅས་པས་བགེགས་བསྐྲད་པར་བྱའོ། །ལྔ་པ་ནི། དེ་ནས་སེང་ལྡེང་ལ་སོགས་པའི་ཕུར་བུ་བཅུ་དངོས་སུ་ཡོད་ན་བསངས་སྦྱངས་ཏེ་བཅུ་ཆར་སྟོད་རལ་གྲི་གཤིན་རྗེ་གཤེད་ཀྱི་རྣམ་པ་ཅན་ལ་ལྟ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་གྱི་ཕུར་བུར་བསྐྱེད། ཕུར་བུ་དངོས་སུ་མེད་ནའང་བསམ་གཏན་གྱི་ཕུར་བུ་བཅུ་དེ་ལྟར་བསྐྱེད། རང་གི་ཐུགས་ཀ་ནས་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པ། ལྕགས་ཀྱུ་དང་ཞགས་པ་ཐོགས་པ་མང་པོ་སྤྲོས། ཧྲཱིཿ ཥྚྲཱིཿ འི་མཐར་སརྦ་དུ་ཥྚྲཱ་ཨིནྡྲ་ཨ་དི་ན་ས་པ་རི་ཝཱ་ར་ཨ་ཀརྵ་ཡ་ཛཿ ཞེས་


JLD010_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ། ཞགས་པ་དང་ལྕགས་ཀྱུས་བཀུག་ལ། དེ་རྣམས་ཀྱི་སྤྱི་བོར་ཕུར་བུ་བཅུགས་ཏེ་གཡས་པ་རྡོ་རྗེ་འབར་བའི་ཐོ་བས་བརྡུངས་པར་བསམ་ཞིང་། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཕཊ་ཕཊ། ཀཱི་ལཱ་ཡ་ཀཱི་ལཱ་ཡ་སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལཱ་ཡ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷྣོཀཱ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྗོད་དེ་བརྡུངས་པས་བགེགས་ཀྱི་སྤྱི་བོ་ནས་བཟུང་སྟེ་རྐང་པའི་མཐིལ་གྱི་བར་དུ་ཕུག་པར་བསམས་ལ། དབང་ལྡན་ནས་བརྩམས་ཏེ་ཕྱོགས་མཚམས་ཐམས་ཅད་འདུ་གདབ་བོ། །དེ་ནས་ཐུགས་ཀ་ནས་སྤྲོས་པའི་རྡོ་རྗེ་འབར་བའི་འོད་ཟེར་རྣོན་པོས་སྟེང་འོག་དང་ཕྱོགས་མཚམས་བརྒྱད་པོ་ཀུན་ཏུ་ཁྱབ་པས་ཕྱོགས་མཚམས་བཅིང་བ་བྱས་ནས། ས་གཞི་བགེགས་ཐམས་ཅད་དང་བྲལ་བར་བསམ་པར་བྱའོ། །གཉིས་པ་ལ་བཞི། སའི་ལྷ་མོ་ལྷག་པར་གནས་པ། དཀྱིལ་འཁོར་གྱི་ལྷ་ལྷག་པར་གནས་པ། བུམ་པ་ལྷག་པར་གནས་པ། སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དང་པོ་ནི། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་དགོད་ནས། གནང་བ་བྱིན་ནས་ས་ལ་ཐིམ་པའི་བར་སྔར་ས་བསླང་བའི་སྐབས་བཞིན་དུ་བྱ་བའོ། །གཉིས་པ་ལ་གསུམ། ལྷ་གནས་མི་འཆལ་བར་བྱ་བའི་ཕྱིར་ལས་ཀྱི་ཐིག་གདབ་པ། དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ་ལྷག་པར་གནས་པའི་ཆོ་ག་བྱ་བ། དཀྱིལ་འཁོར་གྱི་ལྷ་ལ་


JLD010_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་གདབ་པའོ། །དང་པོ་ནི། ལས་ཐིག་སྔོན་དུ་བཏབ་ནས། ཡེ་ཐིག་རྗེས་སུ་འདེབས་པར་ས་ར་ཧ་དང་། ནག་པོ་སྤྱོད་པ་དང་། ཨ་བྷྱ་དང་བི་བྷུ་ཏིས་བཤད་པ་ལྟར་བྱ་དགོས་ཏེ། །ཡེ་ཐིག་ནི་ལས་ཐིག་བྱིན་གྱིས་རློབ་བྱེད་ཡིན་པའི་ཕྱིར་རོ། །ལས་ཐིག་འདེབས་པའི་དུས་ནི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་དང་། དཀྱིལ་ཆོག་ཕལ་མོ་ཆེར་སྟ་གོན་གྱི་འོག་དངོས་གཞིའི་སྐབས་སུ་འདེབས་པར་གསུངས་པ་ནི། ནམ་མཁའ་ལ་འདེབས་པ་ལ་སོགས་པའི་ཁྱད་པར་འགའ་ཞིག་མ་གཏོགས་པ། ས་ལ་འདེབས་པ་ལ་སོགས་པའི་ཆོ་ག་རྣམས་ཐུན་མོང་བ་ལ་དགོངས་ནས། ཡེ་ཐིག་གི་སྐབས་སུ་དེ་ལྟར་གསུངས་སོ། །བཤད་རྒྱུད་རྡོ་རྗེའི་འཕྲེང་བ་ལས་ལྷ་སྟ་གོན་གྱི་སྔོན་དུ་ལས་ཐིག་གདབ་པར་གསུངས་པའི་རྗེས་སུ་འབྲངས་ནས། ཀླུའི་བློས་ས་ཆོག་ཟིན་པའི་འོག་ཏུ་ལས་ཐིག་གདབ་པར་མཛད་དོ། །དེ་ལྟར་ཚུལ་གཉིས་བཤད་ཀྱང་ལག་ལེན་ལ་ཕྱི་མ་ལྟར་བྱ་དགོས་ཏེ། དཔལ་འཛིན་དང་ཝ་བ་པ་དང་ནག་པོ་སྤྱོད་པ་སོགས་ཀྱིས་ལྷ་སྟ་གོན་གྱི་དྲིའི་བྱུག་པ་རྣམས་ལྷ་རྣམས་ཀྱི་གནས་སུ་བྱ་བར་གསུངས་ཤིང་། མི་ཐུབ་ཟླ་བས་ཀྱང་། དཀྱིལ་འཁོར་གང་དུ་ངེས་པ་ཡི། །དཀྱིལ་འཁོར་དེ་ནི་དྲི་ལྔ་འམ། །ཡང་ན་གཞན་གྱིས་བྱུག་པར་བྱ། ཞེས་ཚོན་གྱིས་འདྲི་བའི་དཀྱིལ་འཁོར་གང་དུ་ལྷ་འོང་བའི་གནས་ངེས་པ་དེར། ལྷ་སྟ་གོན་གྱི་དྲིའི་དཀྱིལ་འཁོར་བྱ་བར་གསུངས་ལ། ཐིག་མ་བཏབ་ན་དེ་འདྲ་བའི་ལྷའི་གནས་ངེས་པ་མི་རྟོགས་པའི་ཕྱིར་རོ། །དེ་ལྟར་ན་ལས་ཐིག་གདབ་


JLD010_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གཉིས། ལས་ཀྱི་ཐིག་སྐུད་འདུ་བྱ་བ་དང་། ལས་ཐིག་གདབ་པའོ། དང་པོ་ནི། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། ལས་ཀྱི་ཐིག་སྐུད་ཡི་གེ་གསུམ་གྱིས་རྣམ་པར་སྦྱོང་བ་དང་། དེ་ལ་བསང་གཏོར་དང་མེ་ཏོག་གིས་མཆོད་པ་དང་སྔགས་བཟླས་ནས་ལྷག་གནས་བྱ་བར་གསུངས་ལ། བྷ་བ་བྷ་དྲས་ལས་ཐམས་ཅད་པའི་ཐིག་སྐུད་དུ་བཤད་ཅིང་། དོན་ཡོད་ཞབས་ཀྱིས་དེ་ནས་ཁ་དོག་གཅིག་པའི་སྐུད་པ། ལས་ཐམས་ཅད་པར་བྱིན་གྱིས་བརླབས་པས་སའི་ཐིག་གདབ་ལ་ཞེས་བཤད་པས། གཤེར་ཐིག་གི་ཐིག་སྐུད་ནི་ལས་ཐམས་ཅད་པ་གང་ཡིན་དུ་སྐྱེད་དགོས་སོ། །ཀླུའི་བྱང་ཆུབ་ཀྱིས་ལས་ཐིག་འདེབས་མཁན་སློབ་དཔོན་དང་སྒྲུབ་གྲོགས་ཀྱིས་བྱ་བ་དང་། དཔོན་སློབ་གཉིས་ཀྱི་སྡོད་ས་དང་། ཁ་ལྟ་ཕྱོགས་ངེས་པ་ཅན་གསུངས་ཤིང་། འཕྲེང་བ་ལས་དང་པོར་ཟླུམ་སྐོར་ནགྱི་ཉའི་མཚན་མ་བྱས་པའི་སྟེང་དུ་ཐིག་འདེབས་པ་ལ། དཔོན་སློབ་གཉིས་ཀྱི་རྐང་སྟབས་དང་སློབ་མས་རྒྱབ་མི་སྟོན་པར་འགྲོ་བ་དང་། རྡོ་རྗེ་ཁུ་ཚར་གྱིས་ཐིག་སྐུད་བཟུང་བ་སོགས་བཤད་པས། ཡེ་ཐིག་གི་སྐབས་སུ་བཤད་པའི་ཆོ་ག་ཐུན་མོང་བ་རྣམས་འདིར་ཡང་བླང་དགོས་སོ། །ཐིག་སྐུད་ཀྱི་རྒྱུ་ནི་གཙང་ཞིང་མ་ཉམས་ལ་འཇམ་པའི་རས་བལ་ལམ། སྐྲ་མ་འདྲེས་པའོ། །འཕྲེང་བར་ཡེ་ཐིག་གི་རྒྱུའི་ཐིག་སྐུད་དཀར་པོ་ལ་དཔའ་བོའི་རིན་གྱིས་ཉོས་པའི་རས་བལ་དང་། གཞོན་ནུ་མ་མ་ཉམས་པས་བཀལ་བ་གདམ་ང་ཅན་དང་། ཁ་བསྒྱུར་བའི་ཡེ་ཐིག་སློན་དཔོན་


JLD010_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲུབ་གྲོགས་ཀྱིས་འཁེལ་བའི་ཚུལ་སོ་སོར་བཤད་པས། ལས་ཐིག་གི་ཐིག་སྐུད་ནི་སྔ་མ་ལྟར་བྱ་སྟེ། དམ་ཚིག་ཅན་གྱིས་བཀལ་བས་ཀྱང་ཆོག་གོ །དེའང་ཁ་དོག་དཀར་པོ་གསུམ་སྒྲིལ་འཇུར་མདུད་མེད་ཅིང་བཀལ་ལེགས་པ། དཔོན་སློབ་གཉིས་ཀྱི་མཛུབ་མོ་ནས་སོར་མོ་བཞིའི་དབུས་སུ་བཅུག་ཅིང་དྲངས་ནས། རྡོ་རྗེ་ཁུ་ཚུར་དུ་བྱས་པས་མཛུབ་མོའི་རྒྱབ་ས་ལ་སྦྱར་བ་མ་གཏོགས་པ། རིང་བ་དཀྱིལ་འཁོར་གྱི་ཉིས་འགྱུར་སྦོམས་སུ་སྒོའི་ཉི་ཤུ་ཆ། དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པ། དྲི་ཞིམ་པའི་ཆུ་དང་བདུད་རྩི་ལྔ་དང་བའི་རྣམ་ལྔ་དང་བའི་རྣམ་ལྔས་བྱུགས་ཏེ། ཐིག་སྐུད་ཀྱི་མཐའ་གཉིས་དང་དབུས་སུ། ༀ་ཨཱཿ ཧཱུཾ་བཀོད་ལ། དྲིས་བྱུགས་པའི་ལག་པ་གསེར་ལ་སོགས་པའི་སྣོད་གཙང་མར་བཞག །རང་གཙོ་བོའི་རྣལ་འབྱོར་དང་ལྡན་པས་བསངས་སྦྱངས་སྔོན་དུ་བཏང་སྟེ། རལ་གྲི་གཤིན་རྗེ་གཤེད་དུ་བསྐྱེད་ཡེ་ཤེས་པ་གཞུག་པ་སོགས་བྱས་ལ་མཆོད་དོ། །ལག་པས་རེག་ཅིང་ལས་ཐམས་ཅད་པ་བཟླས་ལ་བསྲུང་། དེ་ནས་མིག་གཡས་གཡོན་མ་དང་ཊ་ལས་ཉི་ཟླ་སེར་པོ་དང་། བཛྲ་དྲི་ཥྚི་མ་ཊ་ཞེས་པས་བརྟན་པར་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་བདུད་རྩི་ལྔའི་ཆུ་དང་ཡུངས་ཀར་དང་དྲིའི་ཆུས་གཏོར་ལ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་སྟེ། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏིཀྲ་ཧཱུཾ་ཞེས་བཟླས་ནས། ༀ་ཨཱཿ ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ། ལྷག་གནས་བྱའོ། །གཉིས་པ་ལ་གསུམ། ཐིག་ཆེན་བརྒྱད་གདབ་པ། ཕྱིའི་ཐིག་རྣམས་གདབ་པ། ནང་གི་ཐིག་རྣམས་གདབ་པའོ། །


JLD010_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི་དེ་ནས་དཀྱིལ་འཁོར་གྱི་ས་ལ་ༀ་སརྦ་ས་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པས་དྲིའི་ཆུས་བསང་གཏོར་བྱས་ཏེ་གཙང་མར་བྱ། དྲིས་བྱུགས་ནས་ཕྱི་རོལ་ཏུ་མེ་ཏོག་གཅལ་དུ་དགྲམ། ནམ་མཁའ་ལ་བྲི་བྱའི་དཀྱིལ་འཁོར་བཞུགས་པར་དམིགས་ཏེ། མཆོད་ཡོན་སྔོན་དུ་འགྲོ་བས་མཆོད་ཅིང་བསྟོད། རང་གཤིན་རྗེ་གཤེད་སྐབས་སུ་གང་བབ་ཀྱི་གཙོ་བོའི་རྣལ་འབྱོར་དང་ལྡན་པས། རལ་གྲི་གཤིན་རྗེ་གཤེད་དུ་བསྐྱེད་པའི་སློབ་མ་སློབ་དཔོན་ལ་རྒྱབ་མི་སྟོན་པར་འགྲོ་བ་དང་ལྷན་ཅིག་ཡི་གེ་གསུམ་ཟློས་ཤིང་ཐིག་གདབ་སྟེ། དེའང་ཐོག་མར་དཀྱིལ་འཁོར་གྱི་དབུས་བཙལ་ལ་ཇི་ལྟར་རིགས་པའི་ཟླུམ་པོ་གཅིག་བསྐོར། དེའི་ཕྱོགས་བཞིར་ཐིག་ལེར་བྱས་པའི་སྟེང་དུ་ཟླུམ་པོ་བཞིས་བསྐོར་བས་ཉའི་རི་མོར་འགྱུར་རོ། །སློབ་དཔོན་ནུབ་དང་སློབ་མ་ཤར་ནས་ཕན་ཚུན་དུ་མངོན་པར་ཕྱོགས་ཏེ། ཕྱོགས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་དོ་སྙམ་དུ་མོས་ནས། རང་དང་སློབ་མའི་མིག་གཉིས་ཛ་ལས་སྐྱེས་པའི་ཉི་མ་དང་ཟླ་བ་འོད་ཟེར་སེར་པོ་ཅན་དུ་བསྒོམས་ཏེ། སློབ་དཔོན་གྱི་གཡོན་པའི་རྡོ་རྗེ་ཁུ་ཚར་གྱིས་ལྟེ་བར་ཐིག་སྐུད་གཟུང་ལ། ཛྫཿ ཛྫཿ ཛྫཿ ཞེས་པ་དང་ཛ་གསུམ་གྱིས་གཏང་ཞིང་། སློབ་མས་ཀྱང་དེ་དག་བརྗོད་ནས་དྲངས་ཏེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་གཟུང་ལ། རང་རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པ་དང་། གཡས་པ་ས་ལ་བཙུགས་ཏེ་བསྡད་སློབ་མས་དེ་ལས་བཟློས་སྟེ་བསྡད་ནས་ཤར་ནུབ་ཀྱི་


JLD010_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་ཐིག་གདབ། སྔར་བཤད་པ་བཞིན་རྐང་པའི་མཐིལ་དུ་རྡོ་རྗེ་བསྐྱེད་ལ་རྐང་པ་བྱིན་གྱིས་བརླབས་ཏེ། རྡོ་རྗེའི་རྐང་སྟབས་ཀྱིས་གཡས་སྐོར་དུ་སོང་སྟེ། སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་པས་ལྷོ་བྱང་གི་ཚངས་ཐིག་གདབ། སློབ་དཔོན་མེ་དང་སློབ་མ་དབང་ལྡན་དུ་གནས་པས་ཤར་གྱི་རྩ་ཐིག་དང་། སློབ་དཔོན་རླུང་དང་སློབ་མ་བདེན་བྲལ་དུ་གནས་པས་ནུབ་དང་། སློབ་དཔོན་དེ་ཉིད་དང་སློབ་མ་དབང་ལྡན་དུ་གནས་པས་བྱང་དང་། དམར་པོའི་དཀྱིལ་ཆོག་གི་དཔེ་ཁ་ཅིག་དང་། ནག་པོའི་དཀྱིལ་ཆོག་ལས་རྩ་ཐིག་བཞིའི་རིམ་པ་ཤར་ནུབ་ལྷོ་བྱང་དུ་བྱས་ཀྱང་། དམར་པོའི་དཀྱིལ་ཆོག་དག་པ་ལས། ཤར་ནུབ་བྱང་ལྷོའི་རིམ་པ་བཞིན་བྱས་པ་མར་མེ་མཛད་བཟང་པོའི་དཀྱིལ་ཆོག་དང་བསྟུན་རྒྱུ་ཡིན་པས་ལེགས་སོ། །སློབ་དཔོན་མེ་དང་སློབ་མ་བདེན་བྲལ་དུ་གནས་པས་ལྷོའི་རྩ་ཐིག་གདབ། སློབ་དཔོན་དེ་ཉིད་དང་སློབ་མ་རླུང་དུ་གནས་པས་ཟུར་ཐིག་དང་པོ་དང་། སློབ་དཔོན་བདེན་བྲལ་དང་སློབ་མ་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་གདབ་བོ། །སྐོར་ཕྱོགས་དང་རྐང་སྟབས་དང་སྡོད་ས་དང་ཁ་ལྟ་ཕྱོགས་ནི་ཐིག་ལྷག་མ་འདེབས་པ་རྣམས་ལའང་བྱའོ། །རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་འཛིན་པ་རྒྱུན་དུ་མ་ནུས་ན་དང་པོ་ལ་བྱ་ཞིང་། ལྷག་མ་ལ་ཅི་བདེར་བྱའོ། །ཐིག་སྐུད་ཆད་ན་བླ་མ་འཆི་ཞིང་། སྔར་བཤད་པའི་ཚད་ལས་རིང་ཐུང་དུ་གྱུར་ན་བླ་མ་ནད་ཀྱིས་འདེབས་པ་དང་། སྡོད་སའི་ཕྱོགས་འཕྱུགས་ན་སློབ་མ་ལ་སྡུག་བསྔལ་བསྐྱེད་པར་བཤད་པས། བག་དང་ལྡན་པས་ཐིག་སྐུད་བསྒྲུབ་ཅིང་ཐིག་གདབ། མཚན་མ་ངན་ན་བཟློག་པའི་ཐབས་བྱའོ། མཚན་མ་


JLD010_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ནི་ཚངས་ཐིག་གཉིས་འདེབས་པའི་དུས་སུ་ཡིན་པར་ཤཱིནྟ་པ་དང་ཨ་བྷྱ་བཞེད། དེ་གཉིས་དང་ཐིག་ཆེན་བརྒྱད་དང་ཐིག་ཐམས་ཅད་ལ་རྟོག་པའི་ལུགས་གསུམ་ཡང་བཤད་དོ། །དེ་ནས་རང་གཙོ་བོ་གང་ཡིན་དུ་གསལ་བའི་མིག་གཡས་གཡོན་གཉིས་ཧིཿ ལས་ཉི་མ་དང་ཟླ་བར་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཕྱོགས་ཐམས་ཅད་དུ་བལྟ་ཞིང་། ཧིཿ ཧིཿ ཞེས་བརྗོད་དེ། ལྷའི་ལུས་སྒྱུ་མ་ལྟ་བུར་དྲན་བཞིན་དུ། ཐར་པའི་སྒོའི་གེགས་སུ་གྱུར་པའི་སྒྲིབ་པ་རྣམས་དབྱི་བར་བྱའོ་སྙམ་དུ་མོས་ལ། དྲི་བཟང་པོའི་ཆུས་སྒོའི་ཚངས་ཐིག་དང་རྩ་ཐིག་གཉིས་ཕྲད་པའི་གཡས་གཡོན་ཆ་ཆུང་གཉིས་གཉིས་ཚངས་ཐིག་དང་བཅས་པ་ཕྱིས་ལ་སྒོ་དབྱེའོ། །གཉིས་པ་ནི། དེ་ནས་ཐིག་ལྷག་མ་རྣམས་ནི། ཁྲུ་ལ་སོགས་པའི་རྩ་ཐིག་གིས། །དབུས་སུ་བརྒྱད་ཆ་ཕྱིས་པ་དེ། །སྒོ་དེའི་བཞི་ཆ་ཆུང་སྟེ། །རྩ་བའི་ཕྱི་རོལ་གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །ཚངས་ལས་རིམ་གྱིས་རིང་བར་ནི། །ཆ་ཆུང་གསུམ་དུ་དང་པོའི་ཐིག །གཉིས་ཐིག་ཆ་ཆུང་གཉིས་རྩེར་རེག །ཆ་ཆུང་བརྒྱད་དུ་གསུམ་སྟེགས་བུའི། །ཐིག་ལས་དྲང་པོའི་ཐིག་བཞི་སྟེ། །གསུམ་ནི་ཆ་ཆུང་ལྔ་བཞི་པ། །ཆ་ཆུང་བཞི་དེའི་དང་པོ་ནི། །ངོས་ཐིག་རྩེ་མོར་ཡང་དག་རེག །གསུམ་ནི་ཆ་ཆུང་རེ་རེའི་བར། །བཞི་པའི་རྩེ་ནས་ངོས་སུ་ཐིག །ཆ་ཆུང་བཅུ་དང་ལྡན་པའོ། །རྩ་བའི་རྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཞི་


JLD010_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངོས་སྟེང་དུ། །ཆ་ཆུང་གཉིས་གཉིས་ཐད་ཀར་ནི། །ཆ་ཆུང་བརྒྱད་དེ་གསུམ་ཁྱོག་པ། །ཀ་བའི་རྩེ་ནས་ཕྱིས་ངོས་སུ། །ཆ་ཆུང་རེ་རེ་དོར་བར་ཐིག །བཅུ་གཅིག་འདི་ལ་ལྔ་པ་དང་། །བདུན་པ་ཆ་ཆུང་ཕྱེད་གཉིས། །ཡང་ན་གསུམ་པ་བདུན་པ་དང་། །དགུ་པ་ཆ་ཆུང་རེ་རེའོ། །བཞི་པ་དྲུག་པ་བཅུ་པ་རྣམས། །སོ་སོར་ཆ་ཆུང་ཕྱེད་ཕྱེད་དོ། །ལྔ་ནི་ཆ་ཆུང་ཕྱེད་དང་གཉིས། །དེ་ལ་ཕྱོགས་གཉིས་སུ་ནི་རྒྱར། །ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མངའ་ཡི་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང་། །གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །ཆ་ཆུང་ལྔ་སྟེ་མངའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །ཐིག་བཅུ་གཅིག་པ་ཆ་ཆུང་ལྔ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་འོག་ལ་ཆ་ཆུང་གསུམ། །སྟེང་ནི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམས་མཐར་སོན་པའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་སྟེ། །ཀྱོག་པོ་གཅིག་གོ་འདི་ནང་དུའང་། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། །དེ་ཕྱིར་ཆ་ཆུང་རིག་བྱེད་མཐར། །ཐིག་ཟླུམ་དེ་ནས་གཉིས་ཡིན་ཏེ། །ཆ་ཆུང་གཉིས་གཉིས་དོར་བར་རོ། །བཞི་དོར་བར་ནི་ཟླུམ་པོ་གཞན། །དེ་རྣམས་དཀྱིལ་འཁོར་གསུམ་ག་ལ། །ཐུན་མོང་ཡིན་ནོ་འཇིགས་བྱེད་ལ། །འོད་འཕྲེང་གི་ནི་ཕྱི་རོལ་ཏུ། །དུར་ཁྲོད་དོན་དུ་ཆ་ཆུང་བཞི། །ཞེས་བྱ་བ་སྟེ།


JLD010_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག་གི་དཀྱིལ་ཆོག་གི་ཕྱི་ཐིག་ཀྱང་རྡོ་རྗེ་འཕྲེང་བ་དང་མཐུན་པར་བྱས་ན་ལེགས་པར་ཡོད་པས་དེ་བཞིན་དུ་གདབ་བོ། །དེ་ལ་མདའ་ཕྱེད་བཅས། གསུམ་དོར་ནས་ནི་ཕྱེད་དང་ལྔ། ཞེས་སྣམ་བུ་ལྔ་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་དྲུག་དང་། སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། ཞེས་མཐའ་ནས་མཐར་ཆ་ཆུང་བཅུ་བཞི་དང་། །ཡང་རྒྱལ་པོ་ཉེས་པ་གསུམ་ཉི་མ། ཞེས་སྣམ་བུ་ལྔ་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་གཉིས་སུ་བཤད་པ་རྣམས་མི་མཐུན་པས་འགལ་ལོ་སྙམ་ན། སྐྱོན་མེད་དེ་དང་པོ་ནི། སྣམ་བུ་ལྔ་པའི་སྟེང་གི་ཐིག་གི་མཐའ་ནས་མཐའི་བར་ཡིན་ལ། གཉིས་པ་ནི་སྣམ་བུ་ལྔ་པའི་ཀ་བ་ནས་ཀ་བའི་བར་ཡིན་ཞིང་། གསུམ་པ་ནི་ཀ་བས་ཆ་ཕྲན་རེ་ཁྱེར་བའི་བར་གྱི་མུན་སྣམ་རང་གི་དབང་དུ་བྱས་པའོ། །རིགས་པ་འདིས། བཞི་ནི་ཆ་ཆུང་བདུན་རྣམས་ཏེ། ཞེས་སྣམ་བུ་བདུན་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་བཞི་དང་། སྟེང་ནི་ཆ་ཆུང་དྲུག །ཅེས་པའི་སྐབས་སུ་ཆ་ཆུང་བཅུ་གཉིས་དང་། ཡང་རྒྱལ་པོ་ཕྱོགས་དང་མི་རྣམས་གསུམ། ཞེས་སྣམ་བུ་བདུན་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་བཤད་པ་རྣམས་མི་འགལ་བའང་ཤེས་པར་བྱའོ། །འདིར་རྭའི་སྐོར་ལུགས་ནི་ཆངས་དང་མདའ་ཡབ་ཕྲད་པ་ནས། །ཆ་ཆུང་བཞི་དང་བཞི་གསུམ་ནི། །སོང་བར་ཆ་ཆུང་དགུ་དང་ནི། །བཞི་ཆས་གཡས་གཡོན་ཕྱི་རྭ་བསྐོར། །མདའ་ཡབ་ཚངས་ལས་ཆ་ཆུང་ནི། །ཕྱེད་བཅས་གསུམ་


JLD010_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐད་ཀར་གཡས། །དྲུག་ནས་ཕྱེད་བཅས་བཅུ་གཉིས་ཀྱིས། གཡོན་བསྐོར་གཡས་པ་དེ་ལས་ལྡོག །ཅེས་པའོ། ཟླུམ་ཐིག་བྱེད་པའི་ཚེ་སེང་ལྡེང་གི་ཕུར་བུ་སྟེང་རྡོ་རྗེ་རྩེ་ལྔ་པ་འོག་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན། ཧཱུཾ་ལས་སྐྱེས་པར་བསམས་ནས། ༀ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣན་ཧཱུཾ། ཞེས་པ་བརྒྱ་རྩ་བརྒྱད་ནས་དཀྱིལ་འཁོར་གྱི་དབུས་སུ་གདབ་ལ། ༀ་བཛྲ་མུངྒ་ར་བཛྲ་ཀཱི་ལཱ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ་ཅེས་བརྗོད་ནས་བརྡུང་ངོ་། །ཕུར་བུ་མེད་ན་བསམ་གཏན་གྱིས་ཀྱང་རུང་ངོ་། །གསུམ་པ་ནི། འཇིགས་བྱེད་བཅུ་གསུམ་མའི་ནང་ཐིག་ནི། རྩ་ཐིག་ནས་ནི་ཆ་ཆུང་གཅིག །ནང་དུ་དོར་བར་ཟླུམ་པོའི་ཐིག །དེ་ནས་ནང་དུ་ཆ་ཆུང་གཅིག །དོར་བར་སླར་ཡང་ཟླུམ་པོའི་ཐིག །ལྟེ་བ་ནས་ནི་ཕྱོགས་བཞི་རུ། །ཆངས་ཐིག་སྟེང་ནས་ཆ་ཆེན་གཅིག ཆ་ཆུང་གཅིག་གི་སུམ་ཆ་རེ། །དོར་བར་ཟླུམ་པོ་ལ་རེག་ཐིག །གཅིག་དང་དེ་ཡི་ཕྱི་ངོས་སུ། །ཆ་ཆུང་རེ་རེ་དོར་བར་ནི། །ཐིག་གཅིག་སྔ་མ་བཞིན་དུ་ནི། །གདབ་པོ་ལེའུ་ཚེ་དགུ་ཡི་ཐིག །དམར་ནག་གཉིས་ཀྱི་ནང་ཐིག་ནི། །འདྲ་བས་ཕྱོགས་གཅིག་ཏུ་བརྗོད་ན། །ལྟེ་བ་ནས་ནི་ཚངས་ཐིག་སྟེང་། །ཕྱོགས་རེར་ཆ་ཆེན་གཉིས་སོང་བར། །ཟུར་གྱི་ཐིག་ལ་རེག་པར་གདབ། །དེ་ཡི་མཐའ་ནས་ནང་དུ་ནི། ཆ་ཆུང་གཅིག་ནི་དོར་བ་རུ། །སླར་ཡང་གྲུ་བཞི་པ་ཡི་ཐིག །རྡོ་རྗེའི་ལྟེ་བའི་ཕྱི་ཐིག་དང་། །ཚངས་ཐིག་ཕྲད་པའི་མཚམས་དང་ནི། །དེ་ནས་ཆ་ཆེན་གཅིག་སོང་བར། །རིམ་བཞིན་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་དང་ཆ་ཆུང་རེ། །སོང་བ་ནས་ནི་རྩ་ཐིག །ཐུག་


JLD010_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུས་རྭའི་རྩེ་མོའི་བར། །གཡས་དང་གཡོན་དུ་ཀྱོག་པོའི་ཐིག །ལྟེ་བའི་ཕྱི་དང་ཚངས་ཐིག་གཉིས། ཕྲད་པ་ནས་ནི་ཆ་ཆུང་གསུམ། །སོང་བའི་མཚམས་ནས་ཆ་ཆུང་བཞིའི། །ཐིག་སྐུད་ཀྱིས་ནི་གཡས་གཡོན་བསྐོར། །སྔར་གྱི་མཚམས་ནས་གཡས་ཕྱོགས་སུ། །ཆ་ཆུང་ཕྱེད་དང་གཉིས་ནས་ནི། །ཆ་ཆུང་བཞི་ཡིས་གཡོན་ནས་བསྐོར། །དེ་བཞིན་གཡོན་ནས་གཡས་སུའང་བསྐོར། །དམར་པོའི་དཀྱིལ་ཆོག་ལས། ནང་དུ་ནི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱིས་སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞི་པ་རྡོ་རྗེའི་འཕྲེང་བས་བསྐོར་ དམར་པོའི་དཀྱིལ་ཆོག་གི་དཔེ་ཁ་ཅིག་ལས། ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ནི་ཞེས་པས་དཔེ་མ་དག་པ་ཡིན་ལ། ནག་པོའི་དཀྱིལ་ཆོག་ཏུ། ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཆ་ཞེས་པའང་འགྱུར་མ་ལེགས་སོ། །རྡོ་རྗེའི་འཕྲེང་བས་ཞེས་པའི་དོན་ནི། རྡོར་ཕྲེང་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཐིག་གཅིག་གོ །དེའི་ནང་དུ་ཆ་ཆུང་གཅིག་དོར་ནས་རྡོ་རྗེ་ཕྲེང་བའི་ཐིག་གོ་ཞེས་གསལ་བར་བཤད་དོ། །བྱའོ། །དེ་ནས་སྒོའི་བར་དུ་རྩེ་མོ་ལྔ་ལྔར་རྗེས་སུ་མཐུན་པའི་ཆ་དབྱེའོ་ཞེས་པ་དང་། རྡོ་རྗེ་འཕྲེང་བར་ཡང་རྭའི་སྐོར་ཐིག་མི་གསལ་ཡང་། རྟ་བབས་དབངས་སུ་སྒོ་ཚད་གསུམ་མའི་རྭ་གཡས་གཡོན་གྱི་རྭ་ཕྱི་མ་རྣམས། ཕྱོགས་རེའི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སུམ་ཆ་གཡས་དང་སུམ་ཆ་གཡོན་དུ་དོར་བའི་མཚམས་ནས་བྱུང་བས། འདིར་ཡང་དེའི་རིགས་པ་སྦྱར་རོ། །འདིར་དབུས་


JLD010_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རྭའི་སྲིད་ལ་སྒོ་ཚད་གཉིས་ལས་མེད་པས། ཕྱིའི་དབུས་རྭའི་སྲིད་ཀྱི་ཚད་ཀྱི་སྒོ་ཚད་གཉིས་གཉིས་བྲི་བས་དེའི་རིགས་པས་ནང་མ་ལ་རྭ་གཞན་གྱིའང་ཕྱེད་ཕྱེད་ཕྲི་བའོ། །སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཕྱོགས་དང་། མཚམས་སུ་ལྷ་འགོད་ཚུལ་ལ། རྫོགས་འཕྲེང་ཆག་འགྱུར་ལས། འདིར་རྣམ་པར་སྣང་མཛད་ལ་སོགས་པ་ནི། སྣ་ཚོགས་རྡོ་རྗེའི་མཚམས་རྣམས་སུ་རྡོ་རྗེ་ཙ་རྩི་ཀ་ལ་སོགས་པ་བཞི་ནི། ཞེས་འབྱུང་ལ། རྫོགས་འཕྲེང་དཱ་ན་ཤཱི་ལས་བསྒྱུར་བ་ལས། འདིར་རྣམ་པར་སྣང་མཛད་ལ་སོགས་པ་ནི། རྡོ་རྗེ་རྒྱ་གྲམ་གྱི་རྩིབས་ཀྱི་རྩ་བ་རྣམས་ལའོ། །ཞེས་འབྱུང་སྟེ། རྭ་རྩིབས་སུ་བསྒྱུར་བ་མི་ལེགས་ལ། རྭར་བསྒྱུར་བ་ལེགས་སོ། །རྣམ་སྣང་སོགས་ནི་གཏི་མུག་གཤིན་རྗེ་གཤེད་སོགས་བཞིའོ། །རྭའི་རྩ་བར་དགོད་ཅེས་པ་ལྟར་ན། ཕྱོགས་བཞིའི་ལྷའི་གནས་ཀྱིས་རྡོ་རྗེ་འཕྲེང་བའི་ཆ་ཆུང་མནན་པ་འདྲ་བ་ཞིག་སྣང་ནའང་། རྡོར་འཕྲེང་གི་དགྲ་ནག་གི་ཚོན་སའི་སྐབས་ཀྱི་ཆག་འགྱུར་ལས། ཤར་དང་ལྷོ་ལ་སོགས་པའི་རྭའི་རྩ་བ་རྣམས་སུ། །རྟག་པ་དང་། རིན་ཆེན་དབང་པོ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་འཁོར་ལོ་རྩིབས་བརྒྱད་དཀར་པོ་དང་། རིན་པོ་ཆེ་ལྗང་གུ་ཆ་དགུ་པ་དང་། པདྨ་དམར་པོ་འདབ་མ་བརྒྱད་པ་དང་། རལ་གྲི་ལྗང་གུ་རྣམས་སོ། །སྣ་ཚོགས་རྡོ་རྗེའི་མེ་དང་བདེན་བྲལ་ལ་སོགས་པའི་གྲྭར། རྡོ་རྗེ་ཙ་རྩི་ཀ་དང་། རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབྱངས་ཅན་མ་དང་། དཀར་མོ་རྣམས་ཀྱི་འཁོར་ལོ་དང་། རྡོ་རྗེ་དང་། པདྨ་དང་། རལ་གྲིའོ། །དེ་ནས་རྡོ་རྗེ་ཕྲེང་བའོ། ཞེས་ནང་གི་ལྷ་བརྒྱད་ཀྱི་ཕྱི་རོལ་ཏུ་རྡོ་རྗེ་ཕྲེང་བ་འོང་བར་


JLD010_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཅིང་། འགྱུར་གཞན་ལས་ཀྱང་དེ་ལྟར་བཤད་པས། ལྷའི་གནས་རྣམས་ནི་རྡོ་རྗེ་ཕྲེང་བ་ཕྱིར་བཞག་པའི་ནང་དུ་བྱའོ། །དེ་ལྟར་ན་གཙོ་བོ་གཉིས་ཀྱི་གནས་ལ་ཆ་ཆུང་དྲུག་དྲུག་དང་། ཕྱོགས་བཞིའི་ལྷ་གནས་ལ་ཆ་ཆུང་བཞི་བཞིར་བྱའོ། །དེ་ལྟར་ཐིག་ཐམས་ཅད་ཐེབས་པའི་མཐར། ཐིག་སྐུད་ཀྱི་ལྷ་ལ་མཆོད་གཏོར་ཕུལ་བའི་འོག་ཏུ། ༀ་ཨཱཿ ཧཱུཾ་མུཿ ཞེས་པས་ཡེ་ཤེས་པ་གཤེགས་ལ་ཐིག་སྐུད་རང་གནས་སུ་བཞག་གོ །གཉིས་པ་ནི། དེ་ནས་དཀྱིལ་འཁོར་གྱི་ས་གཞི་དྲི་ཞིམ་པོས་བྱུགས། མེ་ཏོག་གཅལ་དུ་བཀྲལ་ལ་བདུད་རྩུ་ལྔ་དང་བཅས་པའི་དྲི་ཞིམ་པོའི་ལྡེ་གུས། རིགས་ལྔའི་གནས་སུ་གྲུ་བཞི་དང་། ལྷ་གཞན་རྣམས་དང་ཐོད་པའི་གནས་སུ་ཟླུམ་པོ་བྱས་ལ། མེ་ཏོག་བཀོད་དམ་མ་བཀོད་ཀྱང་རུང་སྟེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྔར་ནམ་མཁར་བཏེག་པའི། རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྱན་དྲངས་ལ་བཞུགས་སུ་གསོལ། ཕྱོགས་དང་མཚམས་བཅིང་བ་སྔར་བཞིན་དུ་བྱས་ལ། ལྷ་རེ་རེ་ཞིང་མཆོད་པ་རྒྱས་པ་དང་། བསྟོད་པ་དང་བདུད་རྩི་མྱང་བ་བྱའོ། །གསུམ་པ་ནི། དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། ལག་པ་གཡས་པས་སྤོས་ཕོར་བཏག །གཡོན་པས་དྲིལ་བུ་འཁྲོལ་ཞིང་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བསམས་ལ། ༀ་བཛྲ་ཛི་ཧྭཱ། ཞེས་པས་བྱིན་གྱིས་བརླབས་ཏེ། འཁོར་ལོའི་དབང་ཕྱུག་དང་སངས་རྒྱས་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་གཤིན་རྗེ་གཤེད་རྡོ་རྗེ། །རིག་པའི་རྒྱལ་མཆོག་ཁྱོད་ལ་འདུད། སློབ་མ་རྣམས་ལ་བརྩེ་བ་དང་། ཁྱེད་རྣམས་ལ་


JLD010_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འདྲི་བར་བདག་འཚལ་ལོ། དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །འབྱུང་པོ་བྱང་ཆུབ་བསྟན་གནས་དང་། སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པའི་ཉེར་སྤྱོད་ཀྱིས། །འགྲོ་བ་སྦྱང་ཕྱིར་འདྲི་བར་བགྱི། །དེང་བདག་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བར་ཉེར་བཟུང་ནས། །འདུས་པ་ཐམས་ཅད་དཀྱིལ་འཁོར་དུ། །ཉེ་བར་གནས་པར་མཛད་པར་རིགས། ཞེས་ལན་གསུམ་བརྗོད་ནས་གསོལ་བ་གདབ་སྟེ། གནང་བ་བྱིན་པར་བསམས་ལ་མཆོད་དེ། སྔར་གྱི་སྔགས་རྒྱས་དཀྱིལ་འཁོར་བཏེག་ལ་ནམ་མཁར་དགོད་པར་བྱའོ། །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ནི་ཞེས་པར་སྐབས་སུ་གང་བབ་ཀྱི་གཤིན་རྗེ་གཤེད་ཀྱི་མཚན་གཞུག་གོ །གསུམ་པ་ནི། བུམ་པ་ལྷག་གནས་ལ་བུམ་པའི་གྲངས་ནི། དཀྱིལ་ཆོག་རྣམས་ལས་ལྷ་བཅུ་གསུམ་ཐོད་པ་བཞི་སྟེ་བཅུ་བདུན་ལ་བུམ་པ་བཅུ་བདུན། ལས་ཐམས་ཅད་པའི་བུམ་པ་དང་བཅོ་བརྒྱད་དུ་བཤད་པ་ནི། བུམ་པ་རྒྱས་པ་ལ་དགོངས་ཏེ་འདིར་དཀྱིལ་འཁོར་གསུམ་ག་ལ་འདྲའོ། །རྭ་ལུགས་པ་སྔ་མས་འཇིགས་བྱེད་བཅུ་གསུམ་མ་ལ་བུམ་པ་


JLD010_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་རྣམ་རྒྱལ་དང་ལས་བུམ་སྟེ་བཅོ་ལྔར་འདོད་ལ། རྭ་ལུགས་པ་ཕྱི་མ་ཁ་ཅིག་བུམ་པ་ལྷ་གྲངས་དང་མཉམ་པ་ཞེས་འདོད་ཀྱང་། གཙོ་བོའི་བུམ་པ་དང་དེའི་དུང་ཆོས་ལས་གཞན་པའི་རྣམ་རྒྱལ་གྱི་བུམ་པ་འོང་དོན་མེད་ལ། ལྷ་གྲངས་དང་མཉམ་པས་མི་ཆོག་གི་ཐོད་པ་བཞིའི་བུམ་པ་དང་ལས་བུམ་ཡང་རྒྱས་པ་ལ་དགོས་སོ། །བསྡུ་ན་རྡོར་འཕྲེང་ལས། ལྷ་བུམ་གཅིག་དང་ལས་བུམ་སྟེ་གཉིས་སུའང་རུང་ངོ་། །བུམ་པ་རྣམས་རྩ་བ་སྟེ། ཞབས་སྟེགས་དང་ནག་ནོག་མེད་པ། མཆུ་འཕྱང་བ་མགྲིན་པ་རིང་བ་གསུས་པ་ཆེ་བ་སྟེ། ནག་ནོག་མེད་པ་ནི་རང་བཞིན་གྱིས་དཀར་ན་དེས་ཆོག་ལ། དེ་ལྟ་མིན་ན་འབྲས་བཏགས་པའམ་ཐོད་ལེ་ཀོར་རམ་ཙནྡན་གྱི་ལྡེ་གུས་དཀར་པོར་བྱ་སྟེ། རྡོ་རྒྱུས་དང་ས་དཀར་གྱིས་ཀྱང་བྱུག་པར་བཤད་དོ། །བུམ་པའི་མཚན་མ་ནི་ཆོས་འབྱུང་གི་དབུས་སུ་པདྨ་དང་ཉི་མ་ལ་གནས་པའི་གཙོ་བོའི་ས་བོན་དང་། བུམ་པ་གཞན་རྣམས་ལ་པདྨ་ལ་གནས་པའི་ཟླ་བ་འམ་ཉི་མའི་སྟེང་དུ། རང་རང་གི་ས་བོན་ནམ་ཕྱག་མཚན་བྲི་སྟེ་བུམ་པ་རྒྱས་པ་ལའོ། །བུམ་པ་གཉིས་ལས་མེད་ན་གཅིག་ལ་ཕྱོགས་བཞིར་རིགས་བཞིའི་མཚན་མ་དང་། གཏི་མུག་གཤིམ་རྗེ་གཤེད་ཀྱི་མཚན་མའི་སྟེང་དུ་གཙོ་བོའི་མཚན་མ་བྱ་ཞིང་། ལས་བུམ་ལ་ལས་ཐམས་ཅད་པའི་ལྷའི་མཚན་མ་བྱའོ། །བླ་མ་ཁ་ཅིག་བ་རེ་གཤིན་རྗེ་གཤེད་ཀྱི་ལས་ཐམས་ཅད་པའི་ལྷ་ནི་རྒྱ་གཞུང་རྣམས་ལས་གསལ་བར་མ་བཤད་ལ། སྔ་མ་ཁ་ཅིག་གཙོ་བོ་ཞལ་གཅིག་ཕྱག་གཉིས་པ་དང་། ཁ་ཅིག་བདུད་རྩི་


JLD010_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་བ་དང་། ཁ་ཅིག་རལ་གྲི་གཤིན་རྗེ་གཤེད་དུ་བསྒོམ་པར་འདོད་ཅེས་གསུང་མོད་ཀྱང་། རལ་གྲི་གཤིན་རྗེ་གཤེད་ཉིད་ལས་ཐམས་ཅད་པའི་ལྷ་ཡིན་པར་དཀྱིལ་ཆོག་གཉིས་ཀའི་དགོངས་པ་ཡིན་པས་མཚན་མ་དང་ས་བོནའང་དེ་བཞིན་དུ་བྱའོ། །ནག་པོའི་དཀྱིལ་ཆོག་ལས། ཡེ་ཐིག་སྒྲུབ་པའི་སྐབས་སུ། སྐུད་པ་འཁལ་བ་རལ་གྲི་གཤིན་རྗེ་གཤེད་དང་ལྷན་ཏུ་སྐུད་པ་བསྒྲུལ་བར་བྱའོ། །ཞེས་གསུངས་པ་དམར་པོའི་དཀྱིལ་ཆོག་གིའང་དོན་དུ་སྣང་ཞིང་། དེ་ནི་ཐིག་སྐུད་འཛིན་པའི་སློབ་མ་ལས་ཐམས་ཅད་པར་བསྐྱེད་པར་བཤད་པ་དང་དོན་གཅིག་ཡིན་པས། འདིར་ལས་ཐམས་ཅད་པའི་ལྷ་མི་གསལ་བ་མ་ཡིན་ནོ། །གོས་དཀར་པོ་ལ་སོགས་པ་སྣ་ལྔ་གང་རུང་ཟུང་གིས་མགུལ་པ་ཕྲོག་གསུམ་པའི་ཚུལ་གྱིས་བཅིང་། ཧཱུཾ་ལན་བདུན་བཟླས་པའི་སྲད་བུ་དཀར་པོ་བདུན་གྱིས་ༀ་བཛྲ་ཤེ་ཁར་རུ་ཊ་མ་ཊ་དི་ཤམ་བནྡྷ་ཧཱུཾ་ཞེས་པས་མགུལ་ཆིངས་དཀྲི། དེ་ནས་བུམ་པ་ལ་གུ་གུལ་གྱིས་བདུག །ལས་ཐམས་ཅད་པའི་སྔགས་བཟླས་པའི་ཡུངས་ཀར་གྱིས་བརྡེགས་ལ་བགེགས་བསྐྲད་ཅིང་། ཆུ་གཙང་མ་སྲོག་ཆགས་མེད་པ་དྲི་བཟང་དང་བསྲེས་པས་རན་པར་དགང་། དེ་དག་གི་ནང་དུ་རིན་པོ་ཆེ་ལྔ་འབྲུ་ལྔ་སྨིན་ལྔ་དྲི་ལྔ་ལ་སོགས་པ་གཞུག །ལོ་མ་དང་མེ་ཏོག་དང་བཅས་པའི་ཡལ་འདབ་ཀྱིས་ཁ་བརྒྱན་པའི་སྟེང་དུ། དྲི་བཟང་དང་བདུད་རྩི་ལྔ་དང་བཅས་པའི་དུང་ཆོས་ཀྱི་ཚུལ། ༀ་བཛྲ་ཨ་མྲྀ་ཏ་ཨུད་ཀ་ཋ་ཧཱུྃ། ཞེས་ལན་བདུན་བཟླས་པས་རྡོ་རྗེ་བདུད་རྩིའི་ཆུར་བྱིན་གྱིས་བརླབས་ལ། རྣམ་རྒྱལ་བུམ་པའི་སྟེང་དུ་བཞག །དེའི་སྟེང་དུ་རྡོ་རྗེ་ལ་མེ་ཏོག་གི་འཕྲེང་བ་བཏགས་པ་


JLD010_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ལ། མེ་ཏོག་གམ་ཀུ་ཤའི་གདན་གྱི་སྟེང་དུ་གནས་མ་འཆོལ་བར་བཞག །ལས་བུམ་དབང་ལྡན་དུ་བཞག་གོ །དེ་ནས་བུམ་པ་རྣམས་ལས་ཐམས་ཅད་ལས་བསངས་ཤཱུ་ནྱ་ཏཱས་སྟོང་པར་སྦྱངས་སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པར་བསྐྱེད། འདིར་དམར་ནག་གི་དཀྱིལ་ཆོག་གཉིས་ལས། བུམ་པ་རྣམས་ལྷ་སོ་སོའི་སྔགས་ལས་བྱུང་བའི་ལྷའི་འཁོར་ལོ་བསྐྱེད་པ་འདྲ་བ་གཅིག་འབྱུང་བ་ནི། བུམ་པར་སྔགས་ལས་ལྷའི་འཁོར་ལོ་བསྐྱེད་པ་ལ་བྱའི། བུམ་པ་ཉིད་ལྷར་བསྐྱེད་པ་ལ་མི་བྱའོ། །ༀ་ཏཱཔྟེ་ཏཱཔྟེ་མ་ཧཱ་ཏཱཔྟེ་སྭཱ་ཧཱ། ཞེས་བཟླས་པས་དྲངས་པའི་ལྷའི་ཆུ་བོ་གཾ་གཱ་དང་བུམ་པའི་ཆུ་གཉིས་དབྱེར་མེད་པར་མོས་ལ། བུམ་པ་རྒྱས་པ་ཡོད་ན་བུམ་པ་རེ་རེར་རང་གི་པད་ཉི་དང་པད་ཟླའི་གདན་བསྐྱེད་ལ་ངང་རང་གི་ས་བོན་དགོད། བུམ་པ་གཉིས་ལས་མེད་ན་རྣམ་རྒྱལ་གྱི་བུམ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པ་ཅན་དུ་བསྐྱེད་པའི་ནང་དུ། ལྷ་རང་རང་གི་གདན་གྱི་སྟེང་དུ། ཡ་ཀྵེ་མ་མེད་ལ་སོགས་པའི་ས་བོན་དགོད། ལས་བུམ་དུ་རལ་གྲི་གཤིན་རྗེ་གཤེད་ཀྱི་ས་བོན་དགོད། ས་བོན་ཡོངས་སུ་གྱུར་པ་ལས་ཐོད་པ་བཞི་དང་། ལྷ་བཅུ་གསུམ་གྱི་ཕྱག་མཚན་ས་བོན་གྱིས་མཚན་པ་འོད་ཟེར་འཕྲོ་བ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་བཅུ་གསུམ་གྱི་འཁོར་ལོར་བསྐྱེད། མཚན་མ་རྣམས་ཀྱང་ལྷར་བསྐྱེད་མིག་ལ་སོགས་པའི་སྐྱེ་མཆེད་དང་སྐུ་གསུང་ཐུགས་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབ། སོ་སོའི་སྒྲུབ་ཐབས་བཞིན་དབང་བསྐུར་ལ། ཡེ་ཤེས་ཀྱི་འཁོར་


JLD010_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྤྱན་དྲངས་ཏེ་མཆོད་ཡོན་ལ་སོགས་པ་ཕུལ་ནས། དགུག་གཞུག་བཅིང་ཞིང་དབང་དུ་བྱས་ལ་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ཏེ། བུམ་པ་གཉིས་ལས་མེད་ན་རྣམ་རྒྱལ་གྱི་སྟེང་གི་རྡོ་རྗེ་ལ་བཏགས་པའི་མེ་ཏོག་གི་འཕྲེང་བ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། སོ་སོའི་སྔགས་བརྒྱ་རྩ་བརྒྱད་དང་ཆུ་ལ་ༀ་བཛྲ་ཨུ་ད་ཀ་ཧཱུཾ་ཞེས་པ་བརྒྱད་བཟླ། བུམ་པ་སོ་སོར་ཡོད་ན་རྡོ་རྗེ་མེ་ཏོག་ཕྲེང་བ་ཅན་བུམ་པ་སོ་སོའི་སྟེང་དུ་སྤོས་ལ་སོ་སོའི་སྔགས་བཟླ། ལས་བུམ་ལ་ༀ་ཁངྒ་དྷྲིཀ་ཧཱུཾ་ཕཊ་བརྒྱ་རྩ་བརྒྱད་བཟླའོ། །བཟླས་པའི་དམིགས་པ་ནི་རྒྱ་གཞུང་རྣམས་ནས་མི་གསལ་ལ། བླ་མ་རྭ་ལོ་ཙཱ་བས་རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུང་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང་བཟླས་པར་བྱ་ཞེས་གསུངས་པ་ལྟར་བྱས་ཀྱང་རུང་ངོ་། །དེ་འདྲ་བའི་ཚུལ་གྱིས་ཐུན་གསུམ་དུ་བཟླས་པའི་མཐར། ཧྲཱིཿ ཥྚྲིཿ དང་ཧཱུཾ་ལན་བདུན་བཟླས་པའི་དུང་ཆོས་ཀྱི་ཆུ་ཡིས་མཆོད་ཡོན་དབུལ་མེ་ཏོག་དཀར་པོ་གསུམ་གཞུག །ལྷའི་འཁོར་ལོ་རྣམས་ཞུ་ནས་བུམ་པའི་ཆུར་གྱུར་པར་བསམ། བུམ་པ་གཞལ་ཡས་ཁང་དང་མཚན་མ་ལྷར་བསྐྱེད་པ་རྣམས་ཀྱང་བུམ་པ་དང་མཚན་མའི་རྣམ་པར་གྱུར་པར་བལྟའོ། །དེ་ནས་མེ་ཏོག་ལ་སོགས་པས་མཆོད་དེ་ལས་བུམ་གྱི་ཆུས་དེའི་ཁ་རྒྱན་གྱི་ཡལ་འདབ་ཉིད་ཀྱིས་བསངས་ཏེ། དཀྱིལ་འཁོར་གྱི་བྱ་བ་རྣམས་རྫོགས་པ་དེ་སྲིད་དུ་བགེགས་རྣམས་ཟློག་པར་མཛོད་ཅིག་ཅེས་བརྗོད་ལ། བུམ་པ་རྣམས་ལ་


JLD010_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བུར་དང་། ཨ་ཀ་རུས་བདུགས་པའི་རས་ཀྱིས་དགབ་ལ་གནས་དབེན་པར་སྦ། རང་དང་སློབ་མ་ལ་བསང་གཏོར་བྱ་བའི་དོན་དུ་ལས་བུམ་ཀུ་ཤའི་ཆུན་པོ་དང་བཅས་པ་ཤར་སྒོའི་བྱང་དུ་བཞག་གོ །བུམ་བཟླས་དང་མཆོད་པ་ནི་ཉི་མ་རེ་རེ་ལ་ཐུན་གསུམ་གསུམ་མམ་གཅིག་ཏུ་བྱའོ། །བཞི་པ་ལ་ལྔ། ཀུན་སློང་བཅོས་ཤིང་ནང་དབང་བསྐུར་བ་དང་། གསོལ་བ་བགབ་ཅིང་འཛིན་དུ་གཞུག་པ་དང་། སྔོན་པ་གཟུང་ཞིང་བྱིན་གྱིས་བརླབས་པ་དང་། སོ་ཤིང་དོར་ཞིང་ཁྱོར་ཆུ་སོགས་གསུམ་སྦྱིན་པ་དང་། སྤྲད་པ་བསྐྱེད་ཅིང་བསྲུངས་ཏེ་རྨི་ལམ་བརྟག་པར་གདམས་པའོ། །དང་པོ་ནི། གང་གི་ཚེ་བརྩེ་བ་ཆེན་པོའི་གཞན་གྱི་དབང་དུ་གྱུར་པས་དབང་བསྐུར་བ་ལ་སོགས་པས་སློབ་མ་བསྡུ་བར་འདོད་ན། དེའི་ཚེ་དཀྱིལ་འཁོར་ཀྱི་གནས་ལས་ཕྱི་ དམར་པོའི་དཀྱིལ་ཆོག་ལས། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་ཞེས་པ་འབྱུང་ཡང་ནག་པོའི་དཀྱིལ་ཆོག་ལས། དཀྱིལ་འཁོར་གྱི་གནས་ལས་ཕྱི་རོལ་ཞེས་པ་འགྱུར་ལེགས་སོ།།རོལ་ཏུ་རིགས་དང་གཟུགས་དང་ལང་ཚོ་དང་། དད་པ་དང་ཐོས་པ་དང་གཏོང་བ་དང་རྣལ་འབྱོར་ལ་སོགས་པ་དང་ལྡན་ཞིང་། སྔགས་ཀྱི་ལམ་དོན་དུ་གཉེར་བའི་སློབ་མ་དང་། ཡོན་ཏན་དེ་རྣམས་ཚང་བ་མེད་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །དགེ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་གནས་པའི་སློབ་མ་ལས་བུམ་གྱི་ཆུས་ཁྲུས་དང་མཎྜལ་བྱས་པ་རྣམས་ལག་ན་མེ་ཏོག་ཐོགས་ཏེ་གནས་པ་ལ། རང་གི་བསླབ་ལྡན་འཁོར་བཞི་པོ། ཐེག་ཆེན་བློ་ཅན་རྣམས་ལ་ནི། །


JLD010_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པས་གསུངས་པ་ཡི། །ཡང་དག་ཆོ་ག་རྗེས་སུ་གནང་། ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པའི་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། ཞེས་བརྗོད་ལ། ཚེ་འདིའི་མངོན་མཐོ་ཙམ་འདོད་ནས་སྔགས་སྒྲུབ་པའི་ཕྱིར་དུ་འཇུག་པ་དང་། ཚེ་ཕྱི་མའི་མངོན་མཐོ་ཙམ་འདོད་ནས་བསོད་ནམས་འདོད་པས་འཇུག་པ་དང་། འཇིག་རྟེན་འདི་ཕྱིའི་མངོན་མཐོ་ཙམ་ལས་གཞན་སྐུ་གསུམ་གྱི་གོ་འཕང་དོན་དུ་གཉེར་ནས་དཀྱིལ་འཁོར་དུ་འཇུག་པ་གསུམ་ལས། སྔ་མ་གཉིས་ལྟར་མི་བྱ་བར་ཕྱི་མ་ལྟར་གྱི་བསམ་པ་བསྐྱེད་དགོས་པ་རྒྱུ་མཚན་དང་བཅས་པའི་ཆོས་བཤད་པས་དོན་དུ་གཉེར་བྱ་མཆོག་ལ་སྤྲོ་བའི་ཀུན་སློང་བཅོས་ཏེ། རང་གཙོ་བོ་གང་ཡིན་དུ་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། སློབ་མ་རེ་རེ་ནས་རང་གི་ཞལ་དུ་བཅུག་པ་རྡོ་རྗེའི་ལམ་ནས་འཐོན་པ་ཡུམ་གྱི་པདྨར་གནས་པ་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རིགས་ལྔ་ཡབ་ཡུམ་བཀུག་སྟེ། ཁ་ནས་ཞུགས་ཤིང་ཞུ་བར་གྱུར་པ། རྡོ་རྗེའི་ལམ་ནས་འཐོན་པས་དབང་བསྐུར་བས་ཞུ་བའི་ཐིག་ལེ་ལས། གཏི་


JLD010_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

མུག་གཤིན་རྗེ་གཤེད་དུ་བསྐྱེད་ལ་པདྨ་ལས་ཕྱུང་སྟེ་རང་རང་གི་གྲལ་ལ་གཞག་གོ །གཉིས་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པར་བལྟས་ལ། མཱ་མ་ཀཱི་དང་ལྷན་ཅིག་སྦྱོར། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་བདག་ལ་སྩལ་དུ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་དོན་དྲན་བཞིན་པས་འདུན་པ་དྲག་པོས་གསོལ་བ་གདབ་བོ། །མཱ་མ་ཀཱི་དང་ལྷན་ཅིག་སྦྱོར། ཞེས་པ་དག་ནག་ལ་དཀྱིལ་ཆོག་ཏུ་མ་བྱུང་བ་ལྟར་བྱ་ལ། འཇིགས་བྱེད་དང་གཤེད་དམར་ལ་ནི་རོ་ལངས་མ་དང་ལྷན་ཅིག་སྦྱོར་བའི་དོན་ནོ། །དེ་ནས་སློབ་མ་གཅིག་གཙོ་བོར་བྱས་ཏེ་དེའི་སྒོ་ནས་ཐམས་ཅད་ལ་འདི་སྐད་ཅེས་བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་


JLD010_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་བྱ་བའི་དོན་བཤད་ལ་མོས་པ་བརྟན་པོ་འཛིན་དུ་གཞུག་གོ །གསུམ་པ་ནི། དམར་ནག་ལ་ནི་དེ་གཉིས་ཀྱི་དཀྱིལ་ཆོག་ནས་སྟ་གོན་ཟིན་པའི་འོག་ཏུ་རིགས་ལྔའི་སྡོམ་པ་གཟུང་བ་བཤད་པ་ལྟར་འཆད་པར་འགྱུར་ལ། །འཇིགས་བྱེད་ལ་ནི་རྭ་ལོས་སྐབས་འདིར་སྡོམ་པ་གཟུང་བར་བཞེད་པ་ལྟར་དོན་ཡོད་ཞབས་ཀྱིས་ཀྱང་བཤད་དོ། །ཐེག་པ་ཆེན་པོ་གཉིས་དང་བྱ་བའི་རྒྱུད་ལ་སོགས་པ་དང་། ཐུན་མོང་བའི་སྡོམ་པ་གཟུང་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་ངོ་། །དེ་ལྟར་བྱེད་པ་ནི་དཔལ་འཛིན་གྱིས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་བསྐྱེད་པར་བྱའོ། །བསྐྱེད་པ་ནི་དྲན་པར་བྱའོ། །ཞེས་གསུངས་པའི་དོན་ནོ། །རིགས་ལྔའི་སྡོམ་པ་གཟུང་བའི་ཆོ་ག་འོག་ཏུ་སྟོན་ནོ། །དེ་ནས་སློབ་མ་ལ་ལས་ཐམས་ཅད་པ་བཟླས་པའི་དྲིའི་ཆུ་ཡིས་གཏོར་ནས་


JLD010_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུངས་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། དེ་རྣམས་ཀྱི་སྙིང་གར་ཡི་གེ་ཧཱུཾ་ལས་རྡོ་རྗེ་དང་། མགྲིན་པར་ཡི་གེ་ཨཱཿ ལས་པདྨ་དང་། མགོ་བོར་ཡི་གེ་ༀ་ལས་འཁོར་ལོ་སྟེ། དེ་རྣམས་ལ་ས་བོན་དེ་དག་བཀོད་ལ། ཧཱུཾ་ཨཱཿ ༀ་ཞེས་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གྱིས་དྲི་སྙིང་ག་དང་མགྲིན་པ་དང་མགོ་བོར་བྱུག་པར་བྱའོ། །དེ་ནས་དེ་དག་གི་མགོ་བོར་མེ་ཏོག་དང་། མདུན་དུ་སྤོས་དང་། སྙིང་གར་དྲི་དང་། མདུན་དུ་མར་མེ་སྦྱིན་པར་བྱ་སྟེ། ཐམས་ཅད་ལ་ལས་ཐམས་ཅད་པའི་སྔགས་བཟླའོ། །བཞི་པ་ནི། སོ་ཤིང་དོར་བ་ནི་འོ་མ་ཅན་གྱི་ཤིང་ཧ་ཅང་སྦོམ་པ་དང་ཕྲ་བ་མིན་པ། དྲང་ཞིང་ཚིགས་མེད་པ་མ་གས་པ་རྨ་མེད་པ། མགོ་མཇུག་མཉམ་པ། དྲིའི་ཆུས་བཀྲུས་ཤིང་བདུག་པས་བདུགས་པ། སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་བཅིངས་པ། སློབ་དཔོན་བྱང་དུ་ཕྱོགས་ཏེ་ཡི་གེ་གསུམ་བཟླས་ནས་སློབ་མ་བྱིན་ལ། ས་ལ་ལས་ཐམས་ཅད་པས་བསྔགས་ནས། དྲི་བཟང་དང་བ་བྱུང་གིས་བའི་ཀོ་བའི་སྲབ་འཐུག་ཙམ་དུ་ཁྲུ་བཞི་པ་གྲུ་བཞིར་བྱུགས་ནས། སློབ་མ་ཁ་ཤར་རམ་བྱང་དུ་ཕྱོགས་པས། ༀ་བཛྲ་ཧཱ་ས་ཧ་ཞེས་བརྗོད་ནས་རྩེ་མོ་ནས་འཆོས་ཏེ་མིག་སྟེང་དུ་བལྟ་ཞིང་བལྟོས་པ་མེད་པར་མཎྜལ་གྱི་སྟེང་དུ་དོར་རོ། རྩེ་མོ་སྟེང་དུ་བལྟས་ན་རིག་འཛིན། བླ་མ་ལ་ཕྱོགས་ན་མཆོག །ཐུར་དུ་བལྟས་ན། ས་འོག །ཤར། བྱང་། ནུབ། ལྷོར་བལྟས་ན་ཞི་རྒྱས་དབང་དྲག་འགྲུབ་ལ། ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེད་དོ། །ཁྱོར་ཆུ་སྦྱིན་པ་ནི་བཾ་ལས་


JLD010_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཆུ་བ་བཟླས་པ་ཁ་བཤལ་བའི་ཕྱིར་བྱིན་ནས་ལས་ཐམས་ཅད་པ་ལན་བདུན་བཟླས་པའི་དྲི་ཞིམ་པོའི་ཆུ་ཁྱོར་བ་གསུམ། དམར་ནག་གི་དཀྱིལ་ཆོག་ལས། ཁ་བཤལ་བའི་ཆུ་དང་ཆུ་ཁྱོར་བ་གསུམ་གཅིག་ལྟ་བུར་བཤད་ཀྱང་། རྡོར་འཕྲེང་ལས་དེ་གཉིས་སོསོར་བཤད་པ་ལྟར་བྱེད་པ་ལེགས་སོ། །ༀ་ཧྲཱིཿ སུ་བི་ཤུངྡྷ་དྷརྨ་སརྦ་པཱ་པ་ནི་ཙཱ་ཨ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། ཞེས་བཟླས་ཏེ་འཐུང་དུ་བཅུག་པས་སྒོ་གསུམ་གྱི་སྡིག་པ་ཐམས་ཅད་སྦྱངས་པར་བསམ་མོ། ཀུ་ཤ་སྦྱིན་པ་ནི་ཧཱུཾ་ལས་བྱུང་ཞིང་དེ་འམ་ལས་ཐམས་ཅད་པ་བཟླས་པའི་ཀུ་ཤ་མང་པོ་རྩེ་མོ་མ་ཉམས་པ་སྟན་དུ་གདིང་བའི་དོན་དང་། དེ་བཞིན་དུ་སྔས་ཀྱི་དོན་དུ་ཡི་གེ་དྷཱཾཿ ལས་སྐྱེས་ཤིང་དེ་དང་འཁྱིལ་པ་བཟླས་པའི་ཀུ་ཤ་གཅིག་ༀ་བཛྲ་ཏིཀྵྞ་བཾ་ཞེས་པའི་སྔགས་ཀྱིས་སྦྱིན་ནོ། །སྲུང་སྐད་བཅིངས་པ་ནི་སྲད་བུ་དམར་པོ་སློབ་མའི་ལུས་ཚད་དང་མཉམ་པ་སུམ་སྒྲོལ་མདུད་པ་གསུམ་དང་ལྡན་པ་ཧཱུཾ་ལས་སྐྱེས་ཤིང་། ལས་ཐམས་ཅད་པ་བཟླས་པ་དཔུང་པ་གཡོན་པ་ལ་ༀ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱན་སྭཱ་ཧཱ་ཞེས་པས་བཅིང་ངོ་། །ལྔ་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང་། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་བྱས་སྡིག་པ་ཅི་མཆིས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་


JLD010_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་འགྱུར་ན། །གྲགས་པ་མཐའ་ཡས་གསང་སྔགས་ཀྱི། །སྤྱོད་ཚུལ་ལ་གནས་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མེད་ན། །དེ་རྣམས་ཀྱི་ནི་སྡུག་བསྔུལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱིས། །བསྟན་པ་འདི་ལ་ཐམས་ཅད་ནི། །ཡོངས་སུ་གཟུང་ཞིང་སྐྱེ་འགྱུར་བ། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་ལ་ཁྱེད་རྣམས་འགྲོ་འགྱུར་བས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་པའི་དོན་བཤད་ནས་གསང་སྔགས་ལ་སྤྲོ་བ་བསྐྱེད་དོ། །དེ་ནས་ཀུ་ཤའི་སྔས་དང་སྟན་གྱི་སྟེང་དུ་ཉལ་དུ་གཞུག་སྟེ། རྨི་ལམ་གང་ཅུང་ཟད་མཐོང་བ་སང་ནང་བར་ང་ལ་སྨྲོས་ཤིག་ཅེས་བསྒོའོ། །གལ་ཏེ་རྨི་ལམ་མི་དགེ་བའི་མཚན་མ་སྨྲ་ན། །དེའི་ཚེ་ལས་ཐམས་ཅད་པའི་སྔགས་ཀྱིས་གཞོམ་མོ། །སྐབས་འདིར་དམར་ནག་གཉིས་ཀའི་དཀྱིལ་ཆོག་ལས། །སླར་དེ་རྣམས་ཡང་དག་པར་བསྲུངས་ལ་སྡོམ་པ་འཛིན་དུ་གཞུག་སྟེ། །འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་


JLD010_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་འཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་མཆོག་རྟག་ཏུ་ནི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །སློབ་དཔོན་བདག་འགྱུར་གསུང་དུ་གསོལ། །ཞེས་བརྗོད་དུ་བཅུག་ནས་རིགས་ལྔའི་སྡོམ་པ་གཟུང་བར་གསུངས་ཏེ། དམར་ནག་གི་བཅུ་གསུམ་མ་གཉིས་ཀ་ལ་དེ་ལྟར་བྱའོ། །བུམ་པ་ལྷག་གནས་དང་སློབ་མ་ལྷག་གནས་ནི། །དམར་ནག་གི་དཀྱིལ་ཆོག་གཉིས་ཀ་ལས་དཀྱིལ་འཁོར་བྲིས་ཏེ། །བསྒྲུབས་ཤིང་མཆོད་བསྟོད་སོགས་བྱས་པའི་འོག་ཏུ་བྱེད་པར་གསུངས་པ་ལྟར་བྱས་ཀྱང་ཆོག་མོད་ཀྱང་། བླ་མ་གོང་མ་རྣམས་ཀྱིས་དེ་གཉིས་སྟ་གོན་གྱི་སྐབས་སུ་མཛད་པ་ལྟར་ཡང་མི་འགལ་བས་དེ་བཞིན་དུ་བཀོད་དོ། །གསུམ་པ་ལ་གསུམ། ཡེ་ཐིག་གདབ་ཅིང་ཚོན་དགྱེ་བ་དང་། བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱན་པ་དང་། བསྒྲུབས་ཤིང་མཆོད་ནས་དབང་བསྐུར་བའོ། །དང་པོ་ལ་གཉིས། ཡེ་ཐིག་འདུ་བྱ་བ་དང་། འདེབས་པའི་རིམ་པ་གཤེགས་གསོལ་དང་བཅས་པའོ། །དང་པོ་ནི། སྒྲུབ་ཐབས་སྒོམ་པ་སྔོན་དུ་བཏང་ནས་སྔར་བཤད་པ་ལྟར་གྱི་ཐིག་སྐུད་དཀར་པོ་ལྔ་ཚན་ལྔ་སྣོད་ལྔར་བཞག་ལ་ཡུངས་ཀར་གྱི་ཕྱེ་མ་དང་བདུད་རྩི་ལྔ་དང་དྲི་ཞིམ་པོ་བསྲེས་པའི་ཚོན་སྣ་ལྔས་སྐུད་པ་རྣམས་སོ་སོར་ཁ་བསྒྱུར། ཐིག་སྐུད་ནག་པོ་ཡ་ལས་ཞེ་སྡང་གཤིན་རྗེ་གཤེད་དང་། དཀར་པོ་ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད་དང་། སེར་པོ་མ་ལས་ཕྲ་མ་གཤིན་རྗེ་


JLD010_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་དང་། དམར་པོ་མེ་ལས་འདོད་ཆགས་གཤིན་རྗེ་གཤེད་དང་། ལྗང་གུ་ད་ལས་ཕྲག་དོག་གཤིན་རྗེ་གཤེད་དུ་བསྐྱེད་ལ། ས་བོན་དེ་རྣམས་བཟླས་ཏེ་སྣོད་གཙང་མར་བཞག །སློབ་དཔོན་རང་གཙོ་བོར་གསལ་བས་སློབ་མ་རལ་གྲི་གཤིན་རྗེ་གཤེད་དུ་བསྐྱེད་པ་ལ་བྱིན་ལ་ལག་པ་གཡོན་པའི་སོར་མོའི་རྩེ་མོ་ནས་མཐེ་བོའི་རྩ་བའི་བར་དུ། ནག་དཀར་དམ་སེར་ལྗང་བའི་རིམ་པས་བཀོད་ནས་བརྐྱང་ལ། སྔར་ནམ་མཁར་བཞུགས་སུ་གསོལ་བའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར། ཡ་ཀྵེ་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་ལྔའི་རང་བཞིན་ཅན་རྣམས་བལྟས་ལ། ༀ་ཨཱ་པྲ་ཡཙྪ་མོ་ཧ་ཀཱ་ལ་ཨ་རི་སྭཱ་ཙཀྲ་སཱུ་ཏྲ་ཎ་ཡ་ཧཱུཾ་ཞེས་དང་། མོ་ཧའི་གནས་སུ་བི་ཤུ་ན་དང་། རཱ་ག་དང་། ཨོརྵྱ་དང་། དྭེ་ཥ་རྣམས་བཅུག་ལ་གཏི་མུག་དག་སེར་སྣ་དང་འདོད་ཆགས་དང་ཕྲག་དོག་དང་ཞེ་སྡང་གཤིན་རྗེ་གཤེད་ཀྱི་བར་དུ་གསོལ་བ་གདབ།དེ་ནས་རང་གི་མིག་གཉིས་སུ་ཡི་གེ་ཛཿ ལས་ཉི་མ་དང་ཟླ་བ་སེར་པོར་བསྐྱེད། ༀ་དཱིཔྟ་དྲིཥྚ་ཨཾ་ཀུ་ཤ་ཛཿ ཞེས་བརྗོད་ཅིང་མྱུར་དུ་མིག་གི་རྫི་མ་འདེགས་ཤིང་རྡེབས་པའི་འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་བཀུག་པའི་ཡེ་ཤེས་ཀྱི་ཐིག་རང་རང་གི་མདོག་ཅན་གྱི་ས་བོན་གྱི་ཡི་གེའི་གཟུགས་རིགས་ལྔའི་ཐུགས་ཀ་ནས་བཏང་བ་ལག་པའི་ཐིག་སྐུད་སོ་སོ་ལ་ཐིམ་པར་བསྒོམ་ལ། ༀ་ཨཱཿ ཨ་ནྱོ་ནྱ་ཨ་ནུ་ག་ཏཱ། སརྦ་དྷརྨ་སྤ་ར་སྤ་ར། ཨ་ནུ་པྲ་བིཥྚ་སརྦ་


JLD010_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨ། ཨ་ཏྱཏྣ་ཨ་ནུ་པྲ་བིཥྚཿ སརྦ་དྷརྨ། ༀ་ཨཱཿ ཧཱུཾ་ཞེས་ཟློས་ཤིང་དང་པོ་ལྔ་ལྔར་བསྒྲིལ། དེ་ནས་ལྔ་པོ་གཅིག་ཏུ་བསྒྲིལ་ཏེ་ཚད་ནི་སྔར་དང་འདྲའོ། །དེ་ནས་ལས་ཐམས་ཅད་པ་གང་ཡིན་དུ་བསྐྱེད་པའི་སྐོར་རྣམས་མ་གཏོགས་པ་དྲི་ཞིམ་པའི་ཆུ་དང་བདུད་རྩི་ལྔ་ཞེས་པ་ནས་ལྷག་གནས་བྱའོ་ཞེས་པའི་སྔར་བཤད་པ་བཞིན་བྱའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་ས་ལ་སྔར་གྱི་སྔགས་དང་བུམ་པ་ཐམས་ཅད་ཀྱི་ཆུས་བསངས་ཏེ། གཙང་མར་བྱ་བ་ནས་མཆོད་བསྟོད་ཀྱི་བར་དང་། སློབ་དཔོན་ནུབ་དང་ཞེས་པ་ནས་ལྟེ་བར་བཟུང་ལ་ཞེས་པའི་བར་རྣམས་སྔར་བཤད་པ་བཞིན་བྱ། གཉིས་ཀའི་ལྟེ་བའི་ཐད་ཀའི་བར་སྣང་ལ་ཐིག་སྐུད་བརྐྱང་ནས། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོང་དང་མཛུབ་མོས་ཐིག་སྐུད་བཟུང་ནས། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་ན་ཧཱུཾ། ཞེས་བརྗོད་ཅིང་། ནམ་མཁའ་ལ་གདབ་ལ་སེ་གོལ་གྱི་སྒྲ་བྱའོ། །ཐིག་གི་སྒྲས། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་སྤྱོན་ཅིག །འོད་ཟེར་འཕྲེང་བའི་མཐའ་ནས་མཐའི་བར་དུ་ཚངས་ཐིག་དང་པོ་གདབ་སྟེ། དེའི་ཚེའང་ཐིག་གི་སྒྲས་སངས་རྒྱས་རྣམས་བསྐུལ་ཏེ་བྱོན་ནས་ཐིག་སྐུད་ལ་ཐིམ་ཞིང་། ངོ་བོ་ཡེ་ཤེས་ལ་རྣམ་པ་སྲད་


JLD010_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁ་དོག་ལྔར་སྣང་བའི་ཐིག་སྐུད་རེ་ཆད་ནས་ལས་ཐིག་ལ་ཐིམ་པར་བསམ་མོ། །དེ་ནས་སྔར་བཤད་པ་བཞིན་རྐང་པ་བྱིན་གྱིས་བརླབས་ཏེ་སོང་ནས་ལྷོ་བྱང་གི་ནམ་མཁའ་ལ་གདབ་པ་དང་། ས་ལ་ཚངས་ཐིག་གཉིས་པ་གདབ་པ་དང་པོ་བཞིན་བྱ། དེ་ནས་ནམ་མཁའ་ལ་འདེབས་པ་མ་གཏོགས་པ་སྐོར་ཕྱོགས་ལ་སོགས་པ་སྔར་བཞིན་བྱ་ཞིང་ཐིག་ལྷག་མ་རྣམས་ཀྱང་ལས་ཐིག་བཞིན་གདབ་ལ་བྱིན་གྱིས་རློབ་པའི་དམིགས་པ་དང་པོ་བཞིན་བྱའོ། །ཐིག་སྐུད་འཛིན་པའི་དམིགས་བསལ་དང་ཐིག་སྐུད་ཀྱི་ལྟས་རྟོག་པ་ནི་སྔར་དང་འདྲའོ། །ཐིག་ཐེབས་པ་ན་ཐིག་སྐུད་ལ་མཆོད་གཏོར་དབུལ་བ་སྔོན་དུ་འགྲོ་བས་ༀ་ཨཱཿ ཧཱུཾ་བཛྲ་མུཿ ཞེས་པས་ཡེ་ཤེས་ཀྱི་ཐིག་སྐུད་ནམ་མཁའ་བཞུགས་པའི་རྒྱལ་བ་རྣམས་ཀྱི་ཐུགས་ཀར་གཤེགས་ལ། ཚོན་སྣ་ལྔའི་སྐུད་པ་གནས་ཇི་ལྟ་བར་བཞག་གོ །ཡེ་ཐིག་ཐབས་ནས་ཐིག་ལ་འགོམ་དགོས་པ་དང་ཚོན་བྱིན་རླབས་ཅན་ལ་འགོམ་དགོས་པ་བྱུང་ན། ༀ་བཛྲ་བེ་ག་ཨཱ་ཀྲ་མ་ཧཱུཾ་ཞེས་ངག་ཏུ་བརྗོད་ལ་ཡིད་ཀྱིས་ཡེ་ཤེས་ཀྱིས་ཐིག་ཚོན་ནམ་མཁའ་ལ་བཏེག་ནས་བྱ་ཞིང་རྗེས་སུ་ཕབ་ལ་བསྟིམ་མོ། །གཉིས་པ་ལ་གསུམ། ཚོན་རྩི་བྱིན་གྱིས་བརླབ་པ། ཚོན་གྱིས་རྟེན་གྱི་དཀྱིལ་འཁོར་འདྲི་བ། དེ་ལ་ཕྱག་རྒྱ་དགོད་པའོ། །དང་པོ་ནི། ཚོན་རྩི་སྔོན་པོ་དབུས་དང་། དཀར་པོ་ཤར་དང་སེར་པོ་ལྷོ་དང་དམར་པོ་ནུབ་དང་ལྗང་གུ་བྱང་དུ་སྣོད་སར་བ་རྣམས་སུ་སོ་སོར་བཀོད་ལ། ཡ་ཀྵེ་ལ་སོགས་པའི་ཡི་གེ་ལྔ་འདྲི་


JLD010_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བསག་སྦྱང་སྔོན་དུ་འགྲོ་བས་ཡ་ཀྵེ་ལ་སོགས་པའི་ས་བོན་ལས། གཤིན་རྗེ་གཤེད་རིགས་ལྔར་བསྐྱེད། ནམ་མཁར་བཀོད་པའི་རིགས་ལྔའི་ཐུགས་ཀྱི་རིགས་ལྔ་སོ་སོའི་ས་བོན་ལས་གྲུབ་པའི་ཡེ་ཤེས་ཀྱི་ཚོན་རྣམས་སྔར་བཤད་པ་བཞིན་འབར་བའི་ལྟ་སྟངས་ཀྱིས་བཀུག་སྟེ་བཅུག་པས་ཡེ་ཤེས་ཀྱི་རྡུལ་ཚོན་དང་རོ་གཅིག་ཏུ་གྱུར་བར་བསམས་ལ། རྡུལ་ཚོན་རྣམས་གཟི་བརྗིད་བསྐྱེད་དེ་ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་ཀྱིས་བསྔག་གོ །རྡུལ་ཚོན་རྣམས་ལ་ཧི་ཡིག་བཀོད་ནས་བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ལ་ཆགས་པ་དང་རྗེས་སུ་ཆགས་པར་འགྱུར་བའི་བདེན་པ་དེས། རྡུལ་ཚོན་རྣམས་འབར་བར་གྱུར་ཅིག་ཅེས་བདེན་པའི་བྱིན་རླབས་ཀྱིས་སྤར་ལ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དོ། །གཉིས་པ་ནི། རང་ཉིད་ཁམས་གསུམ་རྣམ་རྒྱལ་གྱི་ང་རྒྱལ་གྱིས། རྡོར་དྲིལ་བཟུང་བའི་ལག་པ་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་ལྕགས་ཀྱུ་བཞིན་བྱས་ཏེ། ཕན་ཚུན་འཁྱུད་པ་སྐམ་པའི་ཕྱག་རྒྱས་ༀ་ཀཱི་ལ་ཨུད་ཀཱི་ལ་ཡ་སརྦ་བིགྷྣཱ་བཛྲ་དྷ་ར་ཡ་ཨཱ་ཛྙ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཧོཿ ཞེས་བཟླས་ཏེ་ཕུར་བུ་ཕྱུང་ལ་དེ་བཏོན་པའི་ཤུལ་ཚོན་སྣ་ལྔས་དགང་ལ་མཉམ་པར་བྱ། བསམ་བཏན་གྱིས་བཏབ་ནས་ཕྱུང་བར་མོས་པ་ཡིན་ནའང་བཀང་བར་མོས་པས་ཆོག་གོ །གཙོ་བོ་གང་ཡིན་གྱི་རྣམ་པར་དག་པའི་ང་རྒྱལ་བརྟན་པར་བྱས་ལ་དྲིལ་བུ་གསིལ་ཞིང་། འདི་


JLD010_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་དབྱིངས་དག་པ་སྟེ། སེམས་ཅན་ཁམས་ནི་རབ་གྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། ཞེས་པ་རྡོ་རྗེའི་གླུས་ཆོས་དབྱིངས་རྣམ་པར་དག་པར་མོས་ནས་ཚོན་འགྱེད་པའི་མཚན་མ་ངན་པའི་སྐྱོན་རྣམས་བསལ་བར་བྱས་ལ་དཀྱིལ་འཁོར་གྱི་ནང་དུ་འདུག་སྟེ་ལག་པ་གཡས་པས་རྡོ་རྗེ་གཟུང་ཞིང་། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ། རྩིག་པ་ལྔ་ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བ། ཞེང་ཚད་སྒོའི་ཉི་ཤུ་ཆ་དཔངས་མཐེའུ་ཆུང་གི་ཚད་དང་། སྲིད་དུ་སོར་བཅུ་གཉིས་ཀྱི་ཚད་གཡས་སྐོར་གྱིས་ཕྱི་ནས་རིམ་པ་བཞིན། ༀ་ཨཱཿ ཧཱུཾ་ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བརྗོད་ཅིང་དྲང་པོར་འདྲིའོ། །སྔར་བཤད་པ་ལས་རེ་ཁཱ་སྦོམ་པར་བྲིས་ན་ནད་སྐྱེད། ཕྲས་ན་ནོར་ཉམས། བཅའ་ན་དངོས་གྲུབ་མི་འགྲུབ། ཡོ་ན་གདུང་བ་བསྐྱེད། ཆད་ན་བླ་བ་དང་སློབ་མ་འཆི། གཡས་སྐོར་མིན་པར་བཀྱེ་ན་དངོས་གྲུབ་མི་འགྲུབ། རྡུལ་ཚོན་འདྲེས་ན་རིགས་བརྒྱུད་འཆད་པར་གསུངས་པས་སྐྱོན་དེ་དག་དང་བྲལ་བར་འདྲིའོ། །སློབ་དཔོན་གྱིས་རྫོགས་པར་འདྲི་མི་ནུས་ན་སྔར་གྱི་ཚད་ཙམ་ཞིག་བྲིས་ལ། ཕྱི་ནས་རི་མོ་མཁན་ལ་སོགས་པས་ཅི་བདེར་འདྲི། རྡོ་རྗེ་ཁུ་ཚར་གྱིས་འདྲི་མ་ནུས་ན་ཐིག་སྐུད་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བ་ལ་དམིགས་བསལ་གསུངས་པའི་རིགས་པ་


JLD010_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་དུ་རུང་བ་འདྲའོ། །ཚོན་ས་ནི་དཀྱིལ་འཁོར་གྱི་ས་གཞིའི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ་སྟེ། གཤེད་དམར་ལ་དབུས་ཀྱི་གཙོ་བོ་ཁ་དོག་དམར་པོ་ཡིན་ཡང་། མི་བསྐྱོད་པའི་རིགས་ཀྱི་དབང་གིས་དབུས་ཀྱི་ས་སྔོན་པོའོ། །དམར་ནག་གཉིས་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བ་སྔོན་པོ། རྭ་རྣམས་ཕྱོགས་མདོག་འཇིགས་བྱེད་ལ་དབུས་ཀྱི་རེའུ་མིག་སྔོན་པོ་དེའི་མཐའ་སྐོར་གྱི་སྣམ་བུ་ནི་སྔོན་པོ་ལ་རྡོ་རྗེའི་འཕྲེང་བ་ཅན། ནང་གི་རྡོར་འཕྲེང་ཟླུམ་པོ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའི་རྡོར་འཕྲེང་གྲུ་བཞི་པ་གཉིས་དང་། ཕྱིའི་རྡོར་འཕྲེང་ཟླུམ་པོ་རྣམས་ལ་ནང་གི་ལ་ནི་གཞི་སྔོན་པོ་ལ་རྡོ་རྗེ་རྩེ་གསུམ་པ་དང་། ཕྱིའི་ལ་གཞི་ཁ་དོག་སྣ་ཚོགས་པ་ལ་རྡོ་རྗེ་རྩེ་གསུམ་པའམ་ལྔ་པའམ་སྣ་ཚོགས་རྡོ་རྗེ་སྟེ། ཁ་དོག་ནི་ནག་སེར་དཀར་པོ་གང་རུང་ངོ་། །གློ་སོ་སོར་ཆ་ཆུང་བཞི་བཞི་དོར་ནས་བུམ་པ་སེར་བོ་ཆ་ཆུང་བཞི་པ་གཉིས་གཉིས་སོ། །འདོད་སྣམ་དམར་པོ་ལ་མཆོད་པའི་ལྷ་མོ་དུ་མ་དང་ལྡན་པ། ཕ་གུའི་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་དང་གྲུ་བཞི་སོགས་ཀྱིས་སྤྲས་པ། དྲ་བ་དྲ་ཕྱེད་ཀྱི་གཞི་ནག་པོ་ལ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་མུ་ཏིག་གི་དོ་ཤལ་སྐུད་པ་དམར་པོ་ལ་བརྒྱུས་པ། གློ་གཉིས་དང་སྟེང་འོག་ཏུ་གསེར་གྱིས་བཅིངས་པའི་ནོར་བུ་དབུས་ན་ཡོད་པ། དེའི་ནང་དུ་ཁ་ཅིག་ལ་ནི་པདྨ་དང་ཟླ་ཚེས་དང་རྡོ་རྗེ་ཕྱེད་པས་བརྒྱན་པའི་ཉི་མ། ཁ་ཅིག་ལ་ནི་རིན་པོ་ཆེ། ཁ་གཅིག་ལ་ནི་པདྨ་ལ་གནས་པའི་རྡོ་རྗེ། དོ་ཤལ་གྱི་གློ་གཉིས་སུ་དེ་ལས་ཅུང་ཟད་ཐུང་བར་འཕྱང་བའི་


JLD010_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་ཕྲེང་བའི་དོ་ཤལ་ཕྱེད་པ། དྲང་ཞིང་རྩེ་མོ་ལ་གསེར་གྱིས་བསྔམས་པའི་ནོར་བུ་སྦོམ་པོ་དང་ལྡན་པས་མཛེས་པ་དང་། ཁ་ཅིག་ཏུ་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་དང་། དྲིལ་བུའི་མཐར་ནང་དུ་རྔ་ཡབ་འཕྱང་བའོ། །ཤར་བུ་དང་མངའ་ཡབ་ཀྱི་གཞི་ནག་པོ་ལ་ཤར་བུ་དཀར་པོ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་དཀར་པོ། རྟ་བབས་ཀྱི་ཀ་བ་དང་གློང་རྒྱབ་ཀྱི་ནང་རྣམས་ཕྱོགས་མདོག །གླང་རྒྱབ་ཀྱི་ཆ་ཆུང་ཕྱེད་པ་ལ་རིན་པོ་ལ་སོགས་པ་འདྲ་ཞིང་། རྣམ་པར་བཀྲ་བའི་བླ་བྲེ་དང་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། སྣམ་བུ་བཅུ་གཅིག་གི་གསེར་སྣམ་སེར་པོ་། རིན་པོ་ཆེ་ནི་ཕ་གུ་བཞིན་རྨིག་པ་དང་བ་རནྟ་མཛེས་ཚོན། མུན་པ་གཉིས་ནག་པོ། ཤར་བུ་དང་མདའ་ཡབ་སྔར་བཞིན། དེའི་སྣམ་བུའི་དབུས་སུ་པད་ཟླའི་གདན་ལ་འཁོར་ལོ་སེར་པོ་རྩིབས་བརྒྱད་པ། དེའི་གཡས་གཡོན་ཆ་ཆུང་ཕྱེད་དུ་རི་དྭགས་ཕོ་མོ་སེར་པོ། ཆ་ཆུང་གཅིག་ཏུ་མགྲིན་པ་དང་བཅས་པའི་གདོང་འགྲེང་ཞིང་། མིག་འཁོར་ལོའི་རྩེ་མོ་ལ་བལྟ་བ། དེ་གཉིས་ཀྱི་ཕྱི་ངོས་སུ་མདའ་ཡབ་གཉིས་གཉིས། ཕྱིའི་སྣ་ཚོགས་རྡོ་རྗེའི་རྭ་དབུས་མ་རྣམས་ཕྱོགས་མདོག །གཡས་གཡོན་གྱི་རྭ་གཉིས་ནི་དེའི་གློའི་དེ་བཞིན་གཤེགས་པའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །རྭ་ལྔ་པ་ལ་ནི་རྭ་གཞན་གཉིས་དེ་ལས་གཞན་གཉིས་དེ་ལས་གཞན་པ་དང་དབུས་ཀྱི་རྒྱལ་བའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །ཡང་ན་ཕྱོགས་རེའི་སྣ་ཚོགས་རྡོ་རྗེའི་རྭ་ཐམས་ཅད་རང་


JLD010_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་རྒྱལ་བའི་མདོག་ཏུ་བྱའོ། །པདྨའི་ལྟེ་བ་ལྗང་གེ་སར་སེར་འདབ་མ་སྣ་ཚོགས། དེའི་གཞི་དམར་སྐྱ་ཕྱིའི་རེ་ཁཱ་དཀར་པོ། འོད་ཟེརགྱི་ཕྲེང་བ་ནི་ཁ་དོག་སྣ་ལྔ་པ་སྟེ་དེའི་མཐར་ཚོན་གྱི་རེ་ཁཱ་མི་བྱའོ། །གསུམ་པ་ནི། དེ་ནས་ལྷའི་མཚན་མ་དགོད་པ་ནི། ལྷ་ཐམས་ཅད་དང་ཐོད་པའི་གནས་སུ་སྣ་ཚོགས་པདྨ་དང་དབུས་དང་ནང་གི་ཕྱོགས་གསུམ་དང་སྒོ་བཞིར་ཉི་མའི་གདན། ནང་གི་ཤར་དང་ནང་གི་གྲྭ་བཞི་དང་། ཕྱིའི་གྲྭ་བཞིར་ཟླ་བའི་གདན་དང་། འཇིགས་བྱེད་ལ་དབུས་སུ་རྡོ་རྗེ། གཤེད་དམར་ལ་དབུས་སུ་རྡོ་རྗེའི་དབྱུག་པ་དཀར་པོ་མི་མགོ་རློན་པ་སེར་པོས་མཚན་པ། དགྲ་ནག་ལ་དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ལྷ་ལྷག་མ་རྣམས་ལ་ནང་གི་ཤར་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། ལྷོར་རིན་པོ་ཆེ་ལྗང་གུ་ཆ་དགུ་པ། ནུབ་ཏུ་པདྨ་དམར་པོ་འདབ་མ་བརྒྱད་པ། བྱང་དུ་རལ་གྲི་ལྗང་གུ། ནང་གི་ཤར་ལྷོར་འཁོར་ལོ། ལྷོ་ནུབ་དུ་རྡོ་རྗེ་ནུབ་བྱང་དུ་པདྨ་བྱང་ཤར་དུ་རལ་གྲི་རྣམས་སྔར་བཞིན་བྱ། ཤར་སྒོར་རྡོ་རྗེ་རྒྱ་གྲམ་ཕྱོགས་རེ་རེར་རྩེ་མོ་ལྔ་ལྔ་པས་མགོ་བོ་བྱས་པའི་ཐོ་བ་སྔོན་པོ། ལྷོ་སྒོར་དབྱུག་པ་དཀར་པོ། ནུབ་སྒོར་པདྨ་དམར་པོ། བྱང་སྒོར་རལ་གྲི་ལྗང་གུའོ། མཚན་མ་རྣམས་རང་རང་གི་རྒྱབ་ངོས་སུ་མགོ་བསྟན་པ། ཕྱིའི་གྲྭ་བཞིར་ཐོད་པ་བདུད་རྩིས་གང་བ་བཞི་དཔྲལ་བ་མདུན་ངོས་སུ་བསྟན་པ་འདྲིའོ། །དེ་ལྟར་དཀྱིལ་འཁོར་བྲིས་ཟིན་པ་དང་། ཚོན་ལྷག་མ་རྣམས་བསྡུས་ཏེ་མཆོད་ལ། ཡེ་ཤེས་པ་ནམ་མཁའི་ལྷའི་ཐུགས་ཀར་གཤེགས། དམ་ཚིག་པ་བདག་ལ་བསྡུས་ཏེ། ཚོན་གནས་ཇི་ལྟ་བར་


JLD010_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གོ །གཉིས་པ་ནི། དེ་ནས་བུམ་པ་རྒྱས་པར་ཡོད་ན་སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སྦོས་ཀྱིས་སྣ་དྲངས་ནས་རོལ་མོའི་ཆ་བྱད་སྣ་ཚོགས་པ་དང་བཅས་པས། དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་གཡས་སྐོར་དུ་དགོད་པར་བྱའོ། །དེའང་གཙོ་བོའི་བུམ་པ་ཤར་སྒོའི་གཡས་སུ་དགོད། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ལྷ་སོ་སོའི་བུམ་པ་རྣམས་རང་རང་གི་ཕྱོགས་དང་མཚམས་སོ་སོར་དགོད། ལས་བུམ་བྱང་ཤར་དུ་དགོད། བུམ་པ་གཉིས་ལས་མེད་ནའང་རྣམ་རྒྱལ་གྱི་བུམ་པ་ཤར་སྒོའི་གཡས་དང་། ལས་བུམ་གཡོན་དུ་དགོད་དེ་ནས་དཀྱིལ་འཁོར་གྱི་མཐའ་ཀུན་ཏུ་དྲིས་བྱུགས་མེ་ཏོག་སིལ་མ་དགྲམ་ལ། སྤོས་ཕོར་བརྒྱད་དང་གོས་ཟུང་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་མང་དུ་དགྲམ། ཉུང་ནའང་མཆོད་པ་རེ་རེ་ཞིང་བཅུ་བས་མི་ཉུང་བ་རྣམས་ཧཱུཾ་དང་གཙོ་བོའི་སྔགས་བཟླས་ལ། ༀ་བཛྲ་སྥ་ར་ཎ་ཁཾ་ཞེས་བརྗོད་དེ་དགྲམ་པར་བྱའོ། །གསུམ་པ་ལ་གསུམ། དཀྱིལ་འཁོར་བསྒྲུབ་པ། དཀྱིལ་འཁོར་མཆོད་བསྟོད་སོགས་བྱ་བ། དབང་བསྐུར་བའོ། དང་པོ་ནི། བོད་ཀྱི་བླ་མ་རྣམས་ལ་བདག་མདུན་ཐ་དད་དུ་བྱས་ནས་སྒྲུབ་པ་དང་། །ཐ་མི་དད་དུ་བྱས་ནས་སྒྲུབ་པའི་ཚུལ་གཉིས་ཡོད་ཀྱང་། ནག་པོའི་དཀྱིལ་ཆོག་ལས། སངས་རྒྱས་འཁོར་ལོའི་དབུས་ན་གནས་པའི་རྣལ་འབྱོར་པ་རང་དང་མཚུངས་པའི་ཡན་ལག་དང་ལྡན་པས། སངས་རྒྱས་རྣམས་ཀྱི་བདག་ཉིད་དུ་གནས་ལ་ཞེས་དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་སྒྲུབ་པ་པོ་དབུས་ན་གནས་


JLD010_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་པས། བདག་མདུན་ཐ་མི་དད་དུ་སྒྲུབ་པར་བསྟན་པ། རང་དང་མཚུངས་པའི་ཡན་ལག་དང་ལྡན་པ་ཞེས་པས་དགྲ་ནག་ལ་གཙོ་བོ་དང་མཚུངས་པའི་ཡུམ་བྱེད་པར་ཡང་བསྟན་ཏེ། ཡན་ལག་ནི་འདིར་ཤེས་རབ་མའི་མིང་ངོ། །གྲུབ་ཆེན་གྱི་དགོངས་པ་ལུགས་ཕྱི་མ་ལྟར་ཡིན་པས་དེའི་ལུགས་བཤད་ན། བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ནས་བྲིས་པའི་དཀྱིལ་འཁོར་ལས་ཐམས་ཅད་པའི་སྔགས་ཀྱིས་བསངས་སྟོང་པ་ཉིད་དུ་བསྒོམས་ནས་གཞལ་ཡས་ཁང་གདན་བཅས་སྐྱེད་པ་སོགས་སྒྲུབ་ཐབས་བཞིན་དུ་བྱས་ལ། རང་ཉིད་སོ་སོའི་གཙོ་བོ་ཡབ་ཡུམ་དུ་རྫོགས་པར་བསྐྱེད་པའི་བར་སྒྲུབ་ཐབས་བཞིན་བྱ། དེ་ནས་ཡབ་ཡུམ་གྱི་གསང་གནས་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས་ཤིང་། ཐུགས་ཀའི་ས་བོད་གྱི་འོད་ཟེར་གྱི་ལྕགས་ཀྱུས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་བཀུག་ནས། རང་གི་ཞལ་དུ་ཞུགས་ཐུགས་ཀར་འོད་དུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་ཆ་གཅིག་ཡའམ་བྷྲུཾ་དུ་གྱུར་པ་ལས། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། །ཐིག་ལེ་ཆ་གཅིག་གདན་རྣམས་ཀྱི་སྟེང་དུ་ཆ་བཅུ་བདུན་དུ་གྱུར་པ་ལས། ཡཀྵེ་ལ་སོགས་པའི་ས་བོན་བཅུ་བདུན་དུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་འཇིགས་བྱེད་ལ་གྲི་གུག་གམ་རྡོ་རྗེ། གཞན་རྣམས་སོ་སོའི་སྒྲུབ་ཐབས་བཞིན་བྱ། ལྷ་རེ་རེ་ཞིང་རང་རང་གི་སྔགས་ཀྱིས་གཞལ་ཡས་ཁང་གི་བར་རིམ་པ་བཞིན་ཕྱུང་བ། ནམ་མཁའ་ཁྱབ་པར་སྤྲོས་ཏེ་རང་རང་གི་མཛད་པ་མཛད་ནས་སྤྲུལ་བ་རྣམས་གཅིག་


JLD010_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འདུས་པ་རྣམས་སླར་བྱོན་ཏེ། དཀྱིལ་འཁོར་ལ་མཚན་མ་བཀོད་པའི་གནས་སུ་མཚན་མ་རྣམས་དང་ངོ་བོ་དབྱེར་མེད་དུ་གྱུར་ཏེ་བཞུགས་པར་བསམ་མོ། །དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་རྣམས་རང་རང་གི་སྒྲུབ་ཐབས་བཞིན་བྱ། དེ་ནས་ཡེ་ཤེས་པ་སྤྱན་དྲངས་བགེགས་བསྐྲད་དེ་མཆོད་ལ། སྒོ་བ་བཞིའི་སྔགས་རྒྱས་དགུག་གཞུག་བཅིང་མཉེས་སོ་སོའི་སྒྲུབ་ཐབས་བཞིན་བྱ་སྟེ། འདི་ལ་དཀྱིལ་ཆོག་གི་གཞུང་ལས་དངོས་སུ་གསུངས་པ་ནི་གཉིས་བསྲེས་ལས་མེད་ཀྱང་། སྔར་སྟ་གོན་གྱི་སྐབས་སུ་ནམ་མཁར་བཏེག་པའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྲེས་པས་བཞི་བསྲེས་སུ་འགྱུར་རོ། །དཀྱིལ་ཆོག་གཉིས་ལས། མཚན་མ་ལྷར་བསྐྱེད་པར་མ་བཤད་ཅིང་། མངལ་དུ་ལྷ་བསྐྱེད་པ་ཕྱུང་སྟེ་དཀྱིལ་འཁོར་ལ་བཀོད་པ་ལས་ལོགས་སུ་ཡེ་ཤེས་པ་གཞུག་པ་མ་གསུངས་པས་སྔ་མ་དམ་ཚིག་པར་བྱ་དགོས་ཤིེང་། དེ་ལྟ་ན་དཀྱིལ་འཁོར་གྱི་མཚན་མ་རྣམས་ལྷར་བསྐྱེད་པ་མེད་པས་དམ་ཚིག་པའི་ལྷ་དང་མཚན་མ་ངོ་བོ་དབྱེར་མེད་དུ་མོས་པར་བྱའོ། །གཉིས་པ་ནི། རང་གཙོ་བོ་ལས་གཙོ་བོ་གཉིས་པར་བྱེ་ནས་མཆོད་པ་རྣམས་བསངས་སྦྱངས་བསྐྱེད་དེ་བྱིན་གྱིས་བརླབས་ལ། ཆུ་རྣམས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་པར་བྱ་སྟེ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོད་ཆབ་མཆོད་འདི་དག །བདག་གིས་དད་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་དགྱེས་པར་མཛོད། །ༀ་ཨཱཿ ཧྲཱིཿ པྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ།


JLD010_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་ཚིགས་བཅད་ཀྱི་ཡོན་ཆབ་ཀྱི་གནས་སུ་ཞབས་བསིལ་སོགས་དང་། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་སོགས་བཅུག་ནས་ཞབས་བསིལ་ལ་སོགས་པ་དབུལ། ཆུ་སྐྱེས་དེ་བཞིན་ཐང་ལས་སྐྱེས། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་གུས་པས་བདག་འབུལ་ན། ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །ༀ་ཨཱཿ བཛྲ་པུཥྤེ་ཧཱུཾ་ཞེས་པས་མེ་ཏོག་དང་། དེ་བཞིན་དུ་ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང་། །དེ་བཞིན་བདུག་སྤས་མཆོད་འདི་དག །མཆོག་ཏུ་གུས་པས་བདག་འབུལ་ན། ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། ཞེས་པས་བདུག་སྤོས་དང་། ཞུན་མར་འབྲུ་མར་མར་མེ་འདི། །ལྷ་རྫས་འབར་བ་མུན་པ་འཇོམས། །མི་ཤེས་ཐམས་ཅད་ཞི་བྱའི་ཕྱིར། །བདག་ཉིད་དད་པས་འབུལ་བར་བགྱི། ཞེས་པས་མར་མེ་དང་། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ནི། །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། ཞེས་པས་དྲི་དང་། བཟའ་དང་བཅའ་བར་ཡང་དག་ལྡན། །ཁ་དོག་དྲི་དང་རོར་ལྡན་ཞིང་། །ཐམས་ཅད་སྦྱར་བའི་ཞལ་ཟས་འདི། །དབུལ་གྱིས་ཡང་དག་བཞེས་སུ་གསོལ། ཞེས་པས་ཞལ་ཟས་རྣམས། པུཥྤེའི་གནས་སུ་དྷཱུཔེ་དང་ཨཱ་ལོ་ཀེ་དང་གནྡྷེ་དང་ནཻ་ཝེ་དྱེ་རྣམས་བཅུག་ལ་དབུལ་ཞིང་རོལ་མོས་ཀྱང་མཆོད། དེ་བཞིན་དུ་འདོད་ཡོན་ལྔ་དང་རྒྱལ་སྲིད་སྣ་བདུན་གྱིས་མཆོད། དེ་ནས་སྒྲུབ་ཐབས་སོ་སོ་ནས་འབྱུང་བ་བཞིན་གྱི་བསྟོད་པ་དང་། ཆང་བདུད་རྩིར་བསྐྱེད་པའི་བདུད་རྩི་མྱང་བ་དང་། ལྷ་སོ་སོའི་སྔགས་


JLD010_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་དང་། སོ་སོའི་ལྷའི་རྣལ་འབྱོར་བསྒོམ་པས་ཀྱང་ལྷ་རྣམས་མཉེས་པར་བྱའོ། །དེ་ནས་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་པའི་གཏོར་མ་དང་། འཇིག་རྟེན་པ་ཕྱོགས་སྐྱོང་རྣམས་ཀྱི་གཏོར་མ་ནི་འཇིགས་བྱེད་དང་སྒྲ་ནག་གི་སྒྲུབ་ཐབས་སུ་བཤད་པ་བཞིན་དང་། དམར་པོ་ལ་ནི་དགྲ་ནག་གི་རིགས་པ་སྦྱར་ཏེ་དབུལ་ལོ། །འདིར་ཕྱི་རོལ་པའི་གཏོར་མ་བྱེད་པ་ལ་མི་རིགས་པ་མེད་མོད་ཀྱང་། དམར་ནག་གི་དཀྱིལ་ཆོག་གཉིས་ཀ་དང་། དོན་ཡོད་ཞབས་ཀྱིས་ཀྱང་ཕྱི་རོལ་པའི་གཏོར་མ་མ་བཤད་ཅིང་། རྭ་ལོ་ཙཱ་བས་མི་བྱེད་པར་སྣང་བས་མ་བྱས་ཀྱང་ཆོག་གོ །དེ་ནས་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་ཧཱུཾ་བཞི་པའི་སྔགས་ཟློས་ཤིང་མེ་ཏོག་གི་ཕྲེང་བ་བླངས་ཏེ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་དུ་ཞུགས་པར་མོས་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་ནས་རྡོ་རྗེའི་རྐང་པས་ལྷ་སྣམ་གྱི་སྟེང་ནས་སྐོར་བ་བྱས་པར་བསྒོམས་ལ། དངོས་སུའང་སྐོར་བ་གསུམ་བྱས་པའི་མཐར་འཁོར་ལོ་ལ་བལྟས་ཏེ། མེ་ཏོག་གི་ཕྲེང་བ་གཙོ་བོ་ལ་དབུལ་ལ། ལྷག་ཆད་ཀྱི་ཉེས་པ་དག་པར་བྱ། ཁྲོ་བོའི་ལྟ་བས་བལྟ་ཞིང་དཀྱིལ་འཁོར་ལ་གཡས་སྐོར་བྱས་ནས་ནུབ་ཏུ་སོང་སྟེ། རྐང་པ་གཡོན་བརྐྱང་དང་ལག་པ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱས་ལ། ༀ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤཱ་ཡ་ཧཱུཾ། ཞེས་བརྗོད་ཅིང་ཕྱག་རྒྱ་དེ་བཀྲོལ་ནས་ཤར་སྒོ་ནང་ནས་ཕྱེ་བར་བསམ། དེ་བཞིན་དུ་བྱང་ཕྱོགས་སུ་གནས་ནས་ལྷོ་སྒོ་དང་། ཤར་ཕྱོགས་སུ་གནས་ནས་


JLD010_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་སྒོ་དང་། ལྷོ་ཕྱོགས་སུ་གནས་ནས་བྱང་སྒོ་ཕྱེ་བར་བསམས་ལ། ༀ་ས་མ་ཡ་པྲ་བེ་ཤཱ་ཡ་མི་ཞེས་བརྗོད་ནས་མེ་ཏོག་གི་འཕྲེང་བ་ཕུལ་བ་སླར་གར་བྱེད་ཅིང་བླངས་ལ། རང་གི་མགོ་ལ་བཅིངས་ཏེ་དཀྱིལ་འཁོར་ལ་ཕྱག་བྱས་ནས་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག །ཅེས་གསོལ་བ་གདབ་བོ།གསུམ་པ་ལ་གཉིས། རང་ཉིད་ཞུགས་ནས་གསོལ་བ་གདབ་པ་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ནི། རང་ཉིད་འཇུག་པ་ནི་སྔར་བཞིན་གཙོ་བོ་ལས་བྱེ་བ་དེས་ཤར་སྒོ་ནས་འཐོན་པར་མོས་ལ། དཀྱིལ་འཁོར་ལ་མཆོད་དེ་བླ་མ་དང་གཙོ་བོ་ཐ་མི་དད་དུ་བྱ་ལ། བླ་མའི་བྱ་བ་རྣམས་གཙོ་བོས་མཛད་པར་བསྒོམ། སློབ་མའི་བྱ་བ་རྣམས་རང་གིས་བྱ་བ་ལ་འཆད་པར་འགྱུར་བ་བཞིན་དུ་དཀྱིལ་འཁོར་དུ་ཞུགས་ནས་དབང་ཐམས་ཅད་རྫོགས་པར་བླངས་ལ། སློབ་མ་གཞུག་པའི་དོན་དུ་ཐལ་མོ་སྦྱར་ཏེ། འོད་གསལ་བ་ལས་ཡང་དག་འབྱུང་། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །གཟུགས་བརྙན་གྱི་ནི་དཔེ་ཡང་སྟ། །དཀྱིལ་འཁོར་ཡང་ནི་དེ་དང་མཚུངས། །བདེན་པ་འདི་ཡིས་སློབ་མ་རྣམས། །ཐུགས་ཀྱི་དཀྱིལ་འཁོར་དག་ཏུ་གཞུག །འཁོར་ལོ་རྫུ་འཕྲུལ་མ་ལུས་པ། །མཐོང་ན་སྡུག་པ་མཐའ་དག་སྤོང་། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་སྒྲུབ་བྱེད་པ། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །དམ་ཚིག་དྲན་པར་བྱས་པ་ལས། །


JLD010_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པས་དེ་བཞིན་གཤེགས་པ་ཀུན། །ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ། ཞེས་བདེན་སྟོབས་བརྗོད་ལ། དཀྱིལ་འཁོར་ལ་གསོལ་བ་གདབ་བོ། །གཉིས་པ་ལ་གསུམ། དཀྱིལ་འཁོར་དུ་གཞུག་པ། ཞུགས་པ་ལ་དབང་བསྐུར་པ། དཀྱིལ་འཁོར་གྱི་མཇུག་གི་ཆོ་གའོ། །དང་པོ་ལ་གཉིས། གདོང་གཡོགས་དང་བཅས་ཏེ་གཞུག་པ་དང་། དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་འཇུག་པའོ། །དང་པོ་ལ་གཉིས། ཡོལ་བའི་ཕྱི་རོལ་ཏུ་གཞུག་པ། ནང་དུ་གཞུག་པའོ། །དང་པོ་ནི། ཡོལ་བའི་ཕྱི་རོལ་ཏུ་སློབ་མ་རྣམས་ལས་བུམ་གྱི་ཆུས་ལས་ཐམས་ཅད་བཟློས་ཤིང་ཁྲུས་བྱས་ཏེ་མཎྜལ་དབུལ་ལོ། །འདིར་གསོལ་བ་གདབ་པ་དཀྱིལ་ཆོག་གཉིས་ལས་མ་གསུངས་ཀྱང་། བླ་མ་སྔ་མ་རྣམས་བཞེད་པས་ལྷ་སྟ་གོན་གྱི་སྐབས་བཞིན་དུ་གསོལ་བ་ལན་གསུམ་གདབ་བོ། །དེ་ནས་སློབ་མ་རྣམས་རྣམ་པར་སྣང་མཛད་དམ་གཏི་མུག་གཤིན་རྗེ་གཤེད་དུ་བསྐྱེད་ལ། ཨཱཿ ཁཾ་བཱི་ར་ཧཱུཾ་ཞེས་པའི་སྔགས་ཀྱིས་མེ་ཏོག་གི་འཕྲེང་བ་བཟུང་ཞིང་། གདོང་གཡོགས་དར་དམར་པོ་བཅིངས་ལ་ལས་ཐམས་ཅད་པའི་སྔགས་བཟླས་པའི་ཆུས་བསང་ངོ་། །དེ་ནས་ཐུན་མོང་པའི་སྡོམ་པ་གཟུང་བ་སྔར་བཞིན་བྱ་ཞིང་། འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། ཞེས་པ་ནས་སློབ་དཔོན་བདག་འགྱུར་གསུང་དུ་གསོལ། ཞེས་པའི་བར་བརྗོད་དུ་གཞུག་ལ། རིགས་ལྔ་སྤྱི་དང་སོ་སོ་བ་དང་འབྲེལ་བའི་སྡོམ་པ་རྣམས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཟུང་བར་བྱའོ་སྙམ་པའི་བསམ་པ་བསྐྱེད་ལ། སངས་


JLD010_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་ཡིས། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྡོམ་གཟུང་ལ་སོགས་པ་ཆོ་ག་ཐུན་མོང་བ་འདི་རྣམས་ལ། །དོན་མི་མཐུན་པ་མེད་པའི་འགྱུར་ཁྱད་པར་ཅན་མི་མཐུན་པ་རྣམས་སོ་སོར་བྲིས་ན་འཇུག་པ་སོ་སོ་རྣམས་འཇུག་ཤིན་ཏུ་མི་བདེ་ལ། དགོས་པ་ལྷག་པོ་ཅི་ཡང་མེད་པས། དེ་རྣམས་ནི་དོན་མི་མཐུན་པ་མེད་པའི་འགྱུར་བདེ་བ་གཅིག་ལ་སྐབས་ཀུན་ཏུ་བརྟེན་ན་བདེ་བས། །འདིར་དེ་ལྟར་དུ་བྱས་སོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གི་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གི་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་དེང་ནས་བདག་གིས་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡིས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་


JLD010_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་གཟུང་། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲོལ་བ་རྣམས་བདག་གིས་བསྒྲོལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་ལ་གསང་སྔགས་ཀྱི་སྡོམ་པ་ཞེས་གྲགས་པ། རིགས་ལྔའི་སྡོམ་པ་ལེགས་པར་གཟུང་བར་བྱའོ། །རྭ་ལོ་ཙཱ་བའི་ལུགས་ཀྱིས་སྟ་གོན་དང་དངོས་གཞིའི་སྐབས་གཉིས་ཀར་སྡོམ་པ་བཟུང་བར་བཞད་པ་ལྟར་རྒྱ་གར་བའི་དཀྱིལ་ཆོག་མང་པོར་ཡང་བཤད་པ་ཡོད་ལ། སློབ་དཔོན་ཆེན་པོ་དཱ་རི་ཀ་པས་སྐབས་གཉིས་ཀར་གཟུང་བ་བཤད་ཅིང་། དངོས་གཞིའི་སྐབས་སུ་འཛིན་པའི་སྐབས་ཀྱང་འདིར་བཤད་པ་ལྟར་གསུངས་སོ། །དངོས་གཞིའི་སྐབས་སུ་སློབ་དཔོན་གྱིས་བདག་འཇུག་ཚུལ་བཞིན་དུ་བྱས་ན། སྡོམ་པ་ཉམས་པ་རྣམས་སོར་ཚུད་པར་འགྱུར་བས་སློབ་དཔོན་རང་ཉིད་སྡོམ་ལྡན་དུ་སོང་བའི་འོག་ཏུ་སློབ་མ་ལ་སྡོམ་པ་འབོགས་པ་དགོས་པ་ཆེ་བར་སྣང་ངོ་། །དེ་ནས་དཀྱིལ་འཁོར་དུ་གཞུག་པའི་དོན་དུ་འདྲི་བར་བྱ་སྟེ། ཀྱེ་ཁྱོད་སུ་ཡིན་ཅི་ལ་དགའ། དྲི་ལན་འདི་ལ་འགྱུར་མི་འདྲ་བ་མང་དུ་ཡོད་ཀྱང་། རིགས་དང་མོས་པ་ངེས་པར་བྱེད་པས་འདིར་བཤད་པ་བཞིན་གྱི་འགྱུར་ལེགས་པ་ཡིན་ནོ། །དྲིས་ལན་ཕྱི་མ་གཉིས་རྭ་ལོའི་དཀྱིལ་ཆོག་ཏུ་འབྱུང་སྟེ། རྒྱ་གཞུང་གི་དཀྱིལ་ཆོག་གཞན་འགའ་ནའང་ཡོད་དོ། །ཞེས་དྲི་ཞིང་དེས་ཀྱང་སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ།


JLD010_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་བཏབ་པས། རིགས་དང་མོས་པ་ཤེས་པར་བྱ། །དེ་ནས་ཡང་དེ་ཡིས་བུ་ལ་ཅི་ཞིག་བྱ། །ཞེས་དྲིས་པ་ལ། སངས་རྒྱས་མཆོག་གི་དམ་ཚིག་བགྱི་འཚལ། ཞེས་ལན་འདེབས་སུ་གཞུག་གོ །དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་དྲན་པར་བྱས་ལ། དེ་ཉིད་སྙིང་གར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་བསྒོམ། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པར་མོས་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་བསྐྱེད། ༀ་སརྦ་ཡོ་ག་ཙིཏྟཾ་ཨུཏྤ་ཏ་ཡཱ་མི་ཞེས་བརྗོད་དུ་གཞུག་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད། ཟླ་བ་དང་རྡོ་རྗེ་བསྐྱེད་ཚུལ་འདི་རྣལ་འབྱོར་གྱི་སེམས་བསྐྱེད་པའི་གནད་ཐུན་མོང་མ་ཡིན་པ་ཡིན་ཏེ། ཁུངས་རྣམས་བཤད་ཟིན་ཏོ། །དེས་ནི་ལམ་གཞན་དུ་མི་ལྡོག་པར་རིགས་ངེས་པར་བྱེད་དོ། །དེ་ནས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཟུང་སྟེ། ༀ་སུ་ར་ཏེ་ས་མ་ཡ་སྟྲཾ་ཧོཿ སིངྷྱ་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་བརྗོད་དོ། །གཉིས་པ་ལ་གསུམ། ནང་དུ་གཞུག་ཅིང་བསྐོར་ནས་ཕྱག་བྱ་བ། དམ་ལ་གཞག་པ། ཡེ་ཤེས་ཕབ་ནས་བདེན་སྟོབས་བརྗོད་པའོ། །དང་པོ་ནི། ༀ་ཨཱཿ


JLD010_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

མུངྒ་ར་དྷྲི་ཀ་ཧཱུཾ་ཞེས་བརྗོད་ཅིང་ཁྲིད་དེ། ཨཱཿ ཁཾ་བཱི་ར་ཧཱུཾ་གིས་སྒོམ་དོན་ལ་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམ་ཞིང་། དངོས་སུ་ཡོལ་བའི་ནང་དུ་གཞུག་ལ། མ་ཧཱ་ར་ཏ་སུ་དྲི་ཌྷ་སུ་ཏོ་ཥོ། སུ་སུ་ཥོ། བཛྲ་སཏྭ་ཨཱཿ དྷྱ་སིངྷྱ་མཾ། ཞེས་བརྗོད་དེ་སྐོར་བ་བྱའོ། །དེ་ནས་ཤར་སྒོར་སློབ་མ་ཞེ་སྡང་གཤིན་རྗེ་གཤེད་དུ་བསྐྱེད་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བའི་ཕྱིར་དུ་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔས་བདག་ལ་བྱིན་གྱིས་རློབས་ཤིག་སྙམ་དུ་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་བཱུ་ཛ་པསྠཱ་ནཱ་ཡ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། ཞེས་བརྗོད་དེ་གཙོ་བོ་ལ་རྡོ་རྗེ་ཐལ་མོ་བརྐྱང་ནས་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱ། ཡང་ཤར་སྒོར་གཏི་མུག་གཤིན་རྗེ་གཤེད་དུ་བསྐྱེད་དེ་དམིགས་པ་སྔར་བཞིན་བྱས་ལ། ༀ་སརྦ་བུདྡྷ་བཱུ་ཛ་ཨུ་པསྠ་ནཱ་ཡ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ། བ་རོ་ཙ་ན་ཨ་དྷི་ཏཥྛི་མཾ། ཞེས་བརྗོད་དེ་གཏི་མུག་གཤིན་རྗེ་གཤེད་ལ་སྔར་བཞིན་ཕྱག་བྱ། དེ་ནས་སོང་ནས་ལྷོ་སྒོར་སེར་སྣ་གཤིན་རྗེ་གཤེད་དུ་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་དབང་བསྐུར་བའི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་དུ་གསོལ་སྙམ་དུ་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་བཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥི་ཉྩ་མཾ།


JLD010_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་དེ་རྡོ་རྗེ་ཐལ་མོ་སྙིང་གར་བཞག་སྟེ། དཔྲལ་བ་ས་ལ་རེག་པའི་ཕྱག་བྱ།དེ་ནས་ནུབ་སྒོར་འདོད་ཆགས་གཤིན་རྗེ་གཤེད་དུ་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་རབ་ཏུ་བསྐུར་བའི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེའི་ཆོས་རབ་ཏུ་བསྐུར་དུ་གསོལ་སྙམ་དུ་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་བཱུ་ཛ་པྲ་བར་ཏ་ནཱ་ཡ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བར་ཏ་ཡ་མཾ། ཞེས་བརྗོད་དེ་འདོད་ཆགས་གཤིན་རྗེ་གཤེད་ལ་ཐལ་མོ་དཔྲལ་བར་སྦྱར་བས་ཁ་ལ་རེག་པའི་ཕྱག་བྱ། དེ་ནས་བྱང་སྒོར་ཕྲག་དོག་གཤིན་རྗེ་གཤེད་དུ་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་ཀྱི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེའི་ལས་མཛད་དུ་གསོལ་སྙམ་དུ་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་བཱུ་ཛ་ཀརྨ་ཎེ་ཨཱ་ཏྨཱ་ནཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨཱ་ཀུ་རུ་མཾ། ཞེས་བརྗོད་དེ་ཕྲག་དོག་གཤིན་རྗེ་གཤེད་ལ་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས་སྤྱི་བོ་ས་ལ་རེག་པའི་ཕྱག་བྱས་པས། རིགས་སོ་སོའི་རིམ་པ་བཞིན་དུ་རྒྱལ་བ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བ་དང་། མཆོད་ཅིང་དབང་བསྐུར་བ་དང་། མཆོད་ཅིང་ཆོས་འཁོར་བསྐོར་བ་དང་། འཕྲིན་ལས་ཕུན་ཚོགས་ཀྱི་ནུས་ལ་ཅན་དུ་བྱིན་གྱིས་བརླབས་པར་བསྒོམ་མོ། །དེ་ནས་ཡང་ཤར་སྒོ་ནས། ༀ་གུ་རུ་ཙ་ར་ཎཱ་ཡ་བཱུ་ཛ་ཨུ་པསྠ་ནཱ་ཡ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི་སརྦ་སཏྭ་པ་ར་དྲི་ཎཱ་ཡ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི། ཞེས་པས་བླ་མའི་ཞབས་


JLD010_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་བྱའོ། །རྭ་ལོས། ན་མ་དྷེ་ལ་སོགས་པའི་ཕྱག་ཀྱང་མཛད་མོད་ཀྱང་། དེ་དང་ཕྱག་ལྔ་རྒྱས་བསྡུས་ཡིན་པས་གཉིས་ཀ་མེད་ཀྱང་ཆོག་གོ ། གཉིས་པ་ནི། སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་མགོ་བོར་རྡོ་རྗེ་བཞག་ལ། དང་ཁྱོད་དེ་བཞིན་གཤེགས་ཐམས་ཅད་ཀྱིས་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱི་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏེ་རེ་ཞེས་བརྗོད་དེ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་གོ །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུའང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་སྙིང་གར་བཞག་ལ། ༀ་དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཞེས་བརྗོད་དེ་དེ་གཉིས་ནི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་གཞག་པའོ། །དེ་གསུམ་ནི་རྩ་ལྟུང་བདུན་པ་ལ་ཁྱད་པར་དུ་དམ་གཞག་མཛད་པའོ། །དེ་ནས་ཙནྡན་དང་ག་བུར་དང་བསྲེས་པའི་ཆུ་ལ་ༀ་བཛྲ་ཨུ་ད་ཀ་ཋ་ཞེས་པའི་སྔགས་ལན་བདུན་བཟླས་ཏེ་སློབ་མའི་ཁར་བླུག་ཅིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་


JLD010_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ན་སྲེག་པར་བྱེད། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཅེས་བརྗོད་དེ་དམ་ཚིག་རྣམས་སྤྱིར་བསྲུངས་མ་བསྲུངས་ཀྱི་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པའོ། །དེ་ནས་སློབ་མའི་ལག་པ་ནས་བཟུང་སྟེ། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི་ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག་བྱས་ན་ཁྱོད་ཡང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་བརྗོད་པས་སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པ་སྟེ་རྩ་ལྟུང་དང་པོ་ལ་ཁྱད་པར་དུ་དམ་གཞག་མཛད་པའོ། །གསུམ་པ་ནི། དེ་ནས་སློབ་མས་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ་ཞེས་ལན་གསུམ་དུ་གསོལ་བ་གདབ་ལ། འཇིགས་བྱེད་ལ་བླ་མ་སྔ་མའི་བཞེད་པ་ལྟར་གཙོ་བོ་ཞལ་གཅིག་ཕྱག་གཉིས་པར་བསྐྱེད་པའམ། ཡེ་ཤེས་འབེབས་པ་ལ་སློབ་མ་གཙོ་བོར་བསྐྱེད་པ་རེ་རེ་ཙམ་རྒྱ་གཞུང་ལ་སྣང་། དཀྱིལ་ཆོག་གཉིས་ལས་སློབ་མ་ལྷ་གང་དུ་བསྐྱེད་མི་གསལ་ཡང་། དགེ་མི་དགེ་འདྲི་བའི་དུས་སུ་འདོད་ཆགས་གཤིན་རྗེ་གཤེད་དུ་དམིགས་ནས་འདྲི་བར་གསུངས་པས་གོ་ནུས་པ་ལ་དགོངས་སོ། །དོན་ཡོད་ཞབས་ཀྱིས་ཀྱང་འོད་དཔག་མེད་དུ་བསྐྱེད་པར་བཤད་དོ། །ཡང་ན་གསུམ་ག་ལ་གྲུབ་ཆེན་གྱི་བཞེད་པ་ལྟར་འདོད་ཆགས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བསྐྱེད་པའི་སྤྱི་བོར་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་


JLD010_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཧཿ དང་། སྙིང་གར་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་ཟུར་དུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལ་ཧཱུཾ་དང་། ལྟེ་བར་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ཟུར་གསུམ་པ་དམར་པོ་རྣོ་ཞིང་འབར་བ་ལ་ཨཱཿ དང་། རྭ་བ། ཕྱི་མ་ཁ་ཅིག་ས་དཀྱིལ་ལ་ཧཱུཾ་ཡིག་འགོད་པའི་སྔ་མའི་ལུགས་དོར་ནས་ལཾ་ཡིག་འགོད་པ་ནི་གྲུབ་ཆེན་དཔལ་འཛིན་སོགས་ཀྱིས་གསང་འདུས་ནས་བཤད་པའི་ཧཱུཾ་ཧཿ ཨཱཿ ཛྷཻཿ བཞི་དཀྱིལ་འཁོར་ལ་འགོད་པ་མ་གོ་བར་ལུགས་སྔ་མ་བཅོས་པར་སྣང་ངོ་། །རྐང་འོག་ཏུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཡོ་བ་གཞུའི་དབྱིབས་ཅན་མཐའ་མར་བ་དན་གྱིས་མཚན་པ་ལ། ཛྷཻཿ དྲག་ཅིང་བཟོད་པར་དཀའ་བའི་གཟུགས་ཅན་རླུང་གིས་བསྐྱོད་པས་ལྟེ་བའི་མེའི་གནས་སུ་ཕྱིན་པ། སླར་ཡང་རླུང་གིས་བསྐྱོད་པས་སྙིང་ཁའི་ས་འབར་བར་གྱུར་ཏེ། སྤྱི་བོའི་ཆུ་ལས་བདུད་རྩེའི་ཚོགས་བབ་པས་ཚིམ་པར་གྱུར་པའི་སློབ་མ་རླུང་གིས་འདེགས་པ་དང་། སློབ་དཔོན་རང་ཉིད་བསྙེམས་པ་དང་བཅས་པའི་གཤིན་རྗེ་གཤེད་ཀྱི་སྐུ་མི་བཟད་པ་ཕྱག་གཡས་ཀྱིས་རྡོ་རྗེ་གསོར་ཞིང་གཡོན་དྲིལ་བུ་འཁྲོལ་བས་སྤོས་འབུལ་ཞིང་འབེབས་པའི་སྔགས་ཀྱིས་དབབ་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ༀ་ཧྲཱིཿ ཥྚཱིཿ བི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨ་བེ་ཤ་ཡ་སྟཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧཱུཾ་ཧཿ ཨཱཿ ཛྷཻཿ ཧཱུཾ་ཕཊ། ཞེས་པའོ། །འདིའི་དམིགས་པ་ནི་ལུས་ཀྱི་ནང་གི་མེའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཤིན་རྗེ་གཤེད་ཀྱི་རྣམ་པར་སྤྱན་དྲངས་


JLD010_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཆར་བཞིན་དུ་བབས་ཏེ་ཐིམ་པར་བསམ་པར་བླ་མ་རྭ་ལོ་བཞེད་དོ། །དེ་ནས་སློབ་དཔོན་གྱིས་སློབ་མ་དེ་འདོད་ཆགས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་སྐད་ཅིག་གིས་དམིགས་ལ། དེའི་ལྕེ་ལ་ཨཱཿ དམར་པོ་བསྒོམས་ཏེ་ཏིཥྛ་བཛྲ་ཞེས་བརྗོད་ལ། མགོན་པོ་རྡོ་རྗེ་ཆོས་ཆེན་པོ། །སྣང་བ་མཐའ་ཡས་བདེ་བ་ཆེ། །སྨྲོས་ཤིག་འདོད་ཆགས་ཆོས་ཆེན་པོ། །དགེ་དང་མི་དགེ་ལེགས་པར་འདྲི། ཞེས་པ་འདིས་དྲི་བར་བྱའོ། །དེའང་གསུང་བབས་ན་དགེ་བ་དང་མི་དགེ་བ་སྨྲའོ། །ཐུགས་བབས་ན་འཇིག་རྟེན་གསུམ་དུ་གཏོགས་པ་ཤེས་སོ། །སྐུ་བབས་ན་ནམ་མཁའ་ལ་འཕར་རོ། །འཕར་བའི་ཚེ་དེའི་མགོ་བོའི་སྟེང་དུ་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་མན་ན་པར་བསྒོམས་ན་འགུལ་བར་མི་འགྱུར་རོ། །དེ་ནས་སློབ་མ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པ་ལ། ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་ཞེས་དྲིས་ལ་དཀར་པོ་སོགས་སྣང་ཟེར་ན། ཞི་སོགས་ཀྱི་དངོས་གྲུབ་ལ་སྐལ་བ་དང་ལྡན་པར་བྱས་ལ། བདེན་པའི་བྱིན་རླབས་འདི་བྱའོ། །ཡང་དག་པ་ཡི་དཀྱིལ་འཁོར་འདིར་བདག་གིས་སློབ་མ་བཅུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཇི་ལྟར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བརྗོད་དོ། །གཉིས་པ་ནི། དེ་ནས་སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ་ཏྲཾ་གིས་བསྔགས་པ་ལས་ཡང་ཞིང་མ་རྙིངས་


JLD010_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མེ་ཏོག་གཅིག་བཏོན་ཏེ། རིན་པོ་ཆེའི་ཕྲེང་བར་མོས་པ་སློབ་མ་ཐལ་མོ་སྦྱར་བའི་བར་དུ་སྦྱིན་ལ། སློབ་མ་སེམས་མ་གཡེངས་པར་རྩེ་གཅིག་པའི་བློ་བརྟན་པ་ཅན་དུ་བྱས་ཏེ། གུས་པ་སྔོན་དུ་འགྲོ་བས་གཙོ་བོ་འཁོར་བཅས་ཀྱི་མདུན་ན་གནས་པ་བཞིན་དམིགས་ལ། ནང་དུ་ཞུགས་པར་མོས་ཏེ་གཙོ་བོ་འམ་རང་གི་ལྷ་གང་ཡིན་གྱི་དབུ་ལ་འབབ་པར་ཤོག་ཅིག་སྙམ་དུ་བསམས་ནས་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་བརྗོད་དེ་མེ་ཏོག་དོར་བས་ལྷ་གང་གི་རིགས་ཡིན་པ་ཤེས་པར་བྱའོ། །དེའང་གཙོ་བོ་ལ་ཕོག་ན་མྱུར་དུ་འགྲུབ་ཅིང་ལྷའི་སྐུ་བཀོད་པའི་མཛོད་སྤུ་ལ་སོགས་པ་ལ་ཕོག་ན་ཕྱག་ཆེན་ལ་སོགས་པའི་དངོས་གྲུབ་འགྲུབ། སྐུ་ལས་ཧ་ཅང་རིང་ན་རིང་པོས་འགྲུབ་ལ་ཉེ་ན་མྱུར་རོ། །གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས་དང་། མཉམ་ན་གཉིས་ཀའི་དངོས་གྲུབ་འགྲུབ་ཅིང་། གང་ལ་དད་པ་དེའི་རིགས་སོ། །རྩིག་པའི་ཕྱིར་ལྷུང་ན་ལན་གསུམ་བསྐྱར་ཡང་ཕྱིར་ལྷུང་ན་དངོས་གྲུབ་ཕྲ་མོ་འགྲུབ། འདི་ཝ་བ་པས་མི་གཟུང་བར་བཤད་དོ། །རྡོར་རའི་ནང་དུ་ལྷུང་ན་ཚེགས་ཆེན་པོས་འགྲུབ་ལ་དེའི་ཕྱིར་ལྷུང་ན་དངོས་གྲུབ་མེད་ཅིང་། དཀྱིལ་འཁོར་ཡང་མི་བསྟན་ཏེ་སྔགས་བཟླས་པ་ལ་སོགས་པས་སྐལ་པ་དང་ལྡན་པར་བསྒྲུབས་ནས་ཕྱིས་གཞུག་གོ །སྤྱི་རྒྱུད་ནས་དེ་དང་རྩིག་པ་ལ་མེ་ཏོག་ལྷུང་བ་ལའང་ཞི་བའི་སྦྱིན་སྲེག་བྱས་ནས་གཞུག་པར་བཤད་དོ། །དེ་ནས་མེ་ཏོག་དེ་སྔར་གྱི་མེ་ཏོག་ཕྲེང་བ་དང་ལྷན་ཅིག་


JLD010_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་ནས་ཕྲེང་བ་དེ། ༀ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ། ཞེས་བརྗོད་དེ་མགོ་ལ་བཅིངས། དེ་ནས་སེམས་དཔའ་སྟོབས་པོ་ཆེ་ཞེས་མེ་ཏོག་ཕོག་པའི་ལྷ་ལ་བོས་ནས། སློབ་མ་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་གཟུང་ཞིག་ཅེས་ལྷ་ལ་སློབ་མ་གཏད་པས་དེའི་བར་དུ་ལྷ་དེས་རྗེས་སུ་འཛིན་པའི་ཐབས་ཟབ་མོའོ། །འདི་ནི་དབང་དང་པོ་མེ་ཏོག་ཕྲེང་བའི་དབང་ངོ་། །དེ་ནས་སློབ་མའི་སྙིང་གར་ཟླ་བ་ལ་ཧཱུཾ། དཔྲལ་བར་རཾ། མིག་གཉིས་ལ་ༀ་འོད་ཟེར་འབར་བ་བསམས་ལ། ༀ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། ཅེས་པས་སྤྱན་དར་ཕྱེ་ལ་ད་ནི་དང་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརློབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་པས། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ཧེ་ ཧེ་ནི་ཀྱེ་ཞེས་སློབ་མ་ལ་བོས་ནས་པཱ་ཤྱ་ཞེས་པ་ལྟོས་ཤིག་པའོ། །གང་ལ་ལྟ་ན། བཛྲ་ཞེས་པ་རྡོ་རྗེ་སྟེ། རྡོ་རྗེའི་དཀྱིལ་འཁོར་ལ་ལྟོས་ཞེས་མ་གོ་བར། ཀྱཻ་རྡོར་གྱི་དཀྱིལ་འཁོར་སྟོན་པར་གོ་ནས། བདེ་མཆོག་སོགས་ལ་ཙཀྲ་སཾ་བཱ་ར་པཱ་ཤྱ་ཞེས་སོགས་སུ་འདོན་པ་བསྒྱུར་བ་ནི་རྣམ་པ་མ་ཤར་བའོ། །བཛྲ་པཱ་ཤྱ་ཞེས་བརྗོད་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མཚན་བརྗོད་པ་སྔོན་དུ་འགྲོ་བས། ཤར་གྱི་སྒོ་སྐྱོང་ནས་བརྩམས་ནས་གཙོ་བོའི་བར་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་མཐའ་དག་བསྟན་པར་བྱས་ལ། ༀ་རྡོ་


JLD010_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་ཞུགས་སོ། །ༀ་རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །ༀ་གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ས་མ་ཡ་ཧོཿ ཧོཿ ཧོཿ ཞེས་བརྗོད་དེ། དཀྱིལ་འཁོར་དུ་འཇུག་པའི་སྐོར་རོ། །གཉིས་པ་ཞུགས་པ་ལ་དབང་བསྐུར་བ་ལ་བཞི། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། བཞི་པ་བསྐུར་བའོ། །དང་པོ་ལ་གཉིས་། ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་དང་། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དང་པོ་ནི། དམར་ནག་གི་དཀྱིལ་ཆོག་གཉིས་ལས་ཆུ་ནས་མིང་དབང་གི་བར་བསྐུར་བ་ལ་སློབ་མ་དང་། དབང་རྫས་ལྷ་གང་དུ་བསྐྱེད་པ་མི་གསལ་ལ། འཇིགས་བྱེད་ལ་བླ་མ་སྔ་མའི་བཞེད་པས་རིགས་ལྔ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་གཉིས་སུ་བསྐྱེད་ནས། རེ་རེ་ལ་ཕྱི་ནང་གི་དབང་བསྐུར་བ་གཉིས་གཉིས་མཛད་དོ། །དེ་ལ་ཕྱིས་ཀྱི་མཁས་པ་ཁ་ཅིག་ཡང་ན་ཡུམ་མེད་པས་ནང་ཆོག་གིས་བསྐྱེད་པ་མི་བདེ་ཞིང་། གཤིན་རྗེ་གཤེད་ཀྱི་སྐོར་ལ་ནང་ཆོག་གིས་བསྐྱེད་པ་གསལ་པོ་མེད་ཅེས་གསུང་བའི་དང་པོ་ནི་བཤད་ཟིན་ལ། གཉིས་པའང་མི་འཐད་དེ་དཀྱིལ་ཆོག་རྡོ་རྗེ་ཕྲེང་བར་ནང་དབང་བསྐུར་བར་བཤད་དེ། དེར་བཤད་པའི་དགྲ་ནག་གི་དཀྱིལ་ཆོག་ལའང་བྱེད་པ་དགོངས་པར་སྣང་བའི་ཕྱིར་རོ། །དེས་ན་དགྲ་ནག་ལ་ནང་དབང་བསྐུར་བ་དཀྱིལ་ཆོག་གཞན་གཉིས་ལའང་མཚུངས་པས་དེ་བཞིན་དུ་འདིར་ཡང་


JLD010_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འདི་ལ་ལྔ། ཆུའི་དབང་། ཅོད་པན་གྱི་དབང་། རྡོ་རྗེའི་དབང་། དྲིལ་བུའི་དབང་། མིང་གི་དབང་ངོ་། །དང་པོ་ནི། སློབ་མས་ཡོན་དང་མཎྜལ་ཕུལ་ཏེ་ཕྱག་བྱས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། མེ་ཏོག་གི་སྙིམ་པས་ཐལ་མོ་སྦྱར་ལ། སངས་རྒྱས་ཤེས་རབ་ཆེན་པོ་ཡིས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། བདག་ཀྱང་མགོན་པོས་དབང་བསྐུར་ཞིང་། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། ཞེས་སློབ་མའི་དབང་རྣམས་བསྐུར་བའི་དོན་དུ་གསོལ་བ་གདབ། དེ་ནས་སློབ་མ་ལས་བུམ་གྱི་ཆུས་བསངས་ལ། སྟོང་པར་སྦྱངས་ཏེ་སྟོང་པའི་ངང་ལས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛོན་པ། རིགས་ལྔ་ཐུན་མོང་བ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། རྭ་ལ་སོགས་པའི་བླ་མ་སྔ་མ་རྣམས། མི་བསྐྱོད་ལ་སྔོན་པོ་གཡས་རྡོ་རྗེ། རིན་འབྱུང་སེར་པོ་གཡས་རིན་པོ་ཆེ། སྣང་མཐའ་དམར་པོ་གཡས་པདྨ། དོན་གྲུབ་ལྗང་གུ་གཡས་རལ་གྲི ། རྣམ་སྣང་དཀར་པོ་གཡས་འཁོར་ལོ་འཛིན་ཅིང་གཡོན་ཐམས་ཅད་ཀྱིས་དྲིལ་བུ་བཟུང་ནས་ཡུམ་ལ་འཁྱུད་ཅིང་། ཡུམ་ལྔ་ནི། རང་རང་གི་ཡབ་དང་། སྐུ་མདོག་དང་ཞལ་ཕྱག་གི་གྲངས་འདྲ་ལ། ཕྱག་མཚན་ནི་གྲི་གུག་དང་ཐོད་པ་འཛིན་པར་བཞེད་པ་ལྟར་བྱའོ། །མཱ་མ་ཀཱི་དང་མཉམ་པར་སྦྱོར་བར་བསྐྱེད་རང་གཙོ་བོར་གསལ་བའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པ་རང་གི་ཁ་ནས་ཞུགས། སྐུའི་དབྱིབས་བརྒྱུད་ནས་ཡུམ་གྱི་པདྨར་འཐོན་པ་སྐད་ཅིག་གིས་སྟོང་པར་སྦྱངས་པའི་འོག་ཏུ་འཇུགས་བྱེད་ལ་བླ་མ་གོང་མའི་བཞེད་པས་དྷི་ལས་རལ་གྲི་དྷིས་མཚན་པ་ལས་འཇམ་


JLD010_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དེ་ཡོངས་སུ་གྱུར་པ་ལས་འཇིགས་བྱེད་ཡབ་ཡུམ་གྱི་སྐུར་གྱུར་པར་བསམ་པ་དང་། ཡང་ཁ་ཅིག་འཇམ་དབྱངས་སུ་བསྐྱེད་པ་བཞག་ནས་བྱེད་པོ་ལྟར་བྱས་ཀྱང་རུང་ངོ་། །སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་རློབ་པ་སྔ་མའི་ལུགས་ལྟར་རམ་བཞག་ཀྱང་ཆོག་གོ །ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འདུས་གཙོ་བོའི་སྤྱི་གཙུག་ནས་ཞུགས་སྐུའི་དབྱིབས་བརྒྱུད་ཡབ་ཀྱི་རྡོ་རྗེ་ནས་ཡུམ་གྱི་པདྨར། སློབ་མ་འཇིགས་བྱེད་ཀྱི་གཟུགས་སུ་གནས་པ་ལ་དབང་བསྐུར་བར་བསྒོམ་པ་ནི་ནང་དབང་ངོ་ཟེར་རོ། །ཡང་ན་གསུམ་ག་ལ་སློབ་མ་ལས་བུམ་གྱི་ཆུས་བསངས་ལ། རང་གཙོ་བོར་གསལ་བའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུགས་པ་རང་གི་ཁ་ནས་ཞུགས་སྐུའི་དབྱིབས་བརྒྱུད་ནས་ཡུམ་གྱི་པདྨར་འཐོན་པ་སྐད་ཅིག་གིས་སྟོང་པར་སྦྱངས་པའི་འོག་ཏུ། ཁ་ཅིག་འཇིགས་བྱེད་རྣམ་སྣང་ཆུ་དབང་དུ་འཆད་པ་ནི། དོན་ཡོད་ཞབས་ཀྱི་དཀྱིལ་ཆོག་དང་དངོས་སུ་འགལ་བར་སྣང་ངོ་། །ཆོ་ག་གསུམ་གྱིས་མི་བསྐྱོད་པ་ཡབ་ཡུམ་དུ་བསྐྱེད་ཡེ་ཤེས་པ་དང་དབྱེར་མེད་དུ་བྱ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཡབ་ཡུམ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་མཆོད་དེ། སློབ་མ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། འགྲོ་བ་བསྐྱབ་པའི་ཆེད་དུ་དབང་། ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། དེ་ལྟར་འདི་ལ་སྩལ་དུ་གསོལ། ཞེས་པས་དེ་རྣམས་དང་།


JLD010_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པའི་དཀྱིལ་འཁོར་པ་ལ་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པར་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་ནས། སྤྱི་བོ་ནས་ཞུགས་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མ་མི་བསྐྱོད་པར་བྱས་པ་ལ་དབང་བསྐུར་ཏེ། ཡུམ་གྱི་པདྨ་ནས་ཕྱུང་ནས་རང་གནས་སུ་དགོད་དོ། །དེ་ནས་གསུམ་ག་ལ་ཐུན་མོང་དུ་ལས་བུམ་མ་གཏོགས་པའི་བུམ་ཆུ་རྣམས་ལས་ཐམས་ཅད་ལ་ཟློས་ཤིང་བསྡུས་ལ་བསངས་སྦྱངས་ཏེ། ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་པ་ཡུམ་དང་བཅས་པར་བསྐྱེད་དོ། །རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་པ་དགུག་ལ་གཞུག །དབང་བསྐུར་མཆོད་དེ་ཞུ་བ་ལས་བྱུང་བའི་ཆུར་བསྒོམ། འདིར། དམར་པོའི་དཀྱིལ་ཆོག་ལས། ལས་ཐམས་ཅད་པ་བཟླས་པའི་བུམ་པ་ནས། རང་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་ཆུ་བླངས་ལ་ཞེས་ལས་བུམ་གྱི་ཆུས་དབང་བསྐུར་བ་འདྲ་གཅིག་བཤད་ཀྱང་ནག་པོའི་དཀྱིལ་ཆོག་ལས། ལས་ཐམས་ཅད་པ་བཟླས་པའི་བུམ་པའི་ཆུ་བསྡུས་ལ་ཞེས་བསྒྱུར་བ་ལྟར་ལེགས་སོ། །འདིར་སྔ་མ་རྣམས། བུམ་པ་དང་ཅོད་པན་རྣམས་དང་རྡོར་དྲིལ་རྣམས་མི་བསྐྱོད་པ་སོགས་སུ་བསྐྱེད་ནས། གཙོ་བོའི་ཞལ་ནས་ཞུགས་ཏེ། ཡུམ་གྱི་པདྨར་བྱུང་བ་རྣམས་གཙོ་བོའི་ཡུམ་སོགས་སུ་བསྐྱེད་པ་ནི། དབང་རྫས་ལ་ནང་ཆོག་གིས་བསྐྱེད་ནས་ནང་དབང་བསྐུར་བ་གང་ནས་ཀྱང་མ་བཤད་ལ། དོན་ལའང་མི་ཐོབ་ཅིང་། ཁྱད་པར་དུ། བུམ་པ་ཆུ་དབང་གི་དབང་རྫས་སུ་བྱེད་པ་ནི་ནོར་བར་ཤེས་བར་བྱའོ།། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་སློབ་མ་


JLD010_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ། སྤྱན་དྲངས་པ་རྣམས་བྱོན་ཏེ་ནམ་མཁའ་ལ་བཞུགས་པར་བསམ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ལྷ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་སློབ་མའི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང་། མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་བསམས་ལ། རང་དང་སློབ་མས་བུམ་པ་བཏེག་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། ཞེས་སློབ་མ་ལ་ཤིས་བརྗོད་གླུར་བླང་ངོ་། །འདིར་བུམ་པ་དངོས་སུ་བཏེགས་ནས་མེ་ཏོག་འཐོར་བའི་ཤིས་བརྗོད་བྱེད་པ་ནི། དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་སློབ་མ་དབང་བསྐུར་བ་ན། འདི་ལྟར་མཛོད་ཅེས་གོ་བར་བྱེད་པའི་ཕྱིར་ཡིན་ནོ། །འདི་སློབ་མ་ལ་བྱེད་པ་ཡིན་གྱི་བུམ་པ་ལ་ཤིས་བརྗོད་བྱེད་པ་གཏན་མིན་ནོ། །རྡོ་རྗེ་དང་བཅས་


JLD010_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བུམ་པའི་ཁ་རྒྱན་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་དེས་ཆུ་བླངས་ཏེ། རྡོ་རྗེའི་རྩེ་མོས་སྤྱི་བོར་བླུག་ཅིང་། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། སངས་རྒྱས་ཀུན་གྱིས་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་ཨཱཿ བཛྲ་ཨུ་ད་ཀ་ཨ་བྷི་ཥི་ཉྩ་ཧཱུཾ་སུ་ར་ཏ་སྟཾ་ཨ་ཧཾ་ཞེས་བརྗོད་ཅིང་དབང་བསྐུར་རོ། །དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང་ནས་བདེ་བ་ཆེན་པོ་མྱོང་། དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་རྣམས་བཀུག་ནས། ཛཿ ཧཱུཾ་བཾ་ཧོཿ སློབ་མའི་བ་སྤུའི་སྒོ་ནས་བསྟིམས་པ་ལ་མཆོད་པས་མཆོད་དོ། །དེ་ལྟར་མི་བསྐྱོད་པ་ཆུའི་དབང་ཐོབ་ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཀྱི་ཕུང་བོ་གནས་བསྒྱུར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །གཉིས་པ་ནི། དེ་ནས་སློབ་མ་བུམ་ཆུས་བསང་བ་ནས་པདྨ་ནས་ཕྱུང་ནས་རང་གནས་སུ་བཞག་པའི་བར་དང་། དེ་ནས་མིང་དབང་མ་གཏོགས་པ་ལ་དབང་རྫས་རྣམས་སོ་སོའི་ལྷར་བསྐྱེད། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་པ་གཞུག་པ་ནས་ཞུ་པའི་བར་དང་། ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས་པ་ནས་སྤྲོ་བ་བསྐྱེད་པའི་བར་རྣམས་ཅོད་པན་གྱི་དབང་ལ་སོགས་པ་ལའང་སྔར་བཞིན་བྱའོ། །


JLD010_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་དང་རས་ལ་སོགས་པ་ལས་བྱས་པའི་དབུ་རྒྱན་སློབ་མའི་རིགས་བདག་དབུས་ན་ཡོད་པ་བསངས་སྦྱངས་ཏེ། ཏྲཾ་དང་རིན་པོ་ཆེ་ལས་རིན་འབྱུང་ཡུམ་དང་བཅས་པར་བསྐྱེད་པ་སོགས་བྱས་ནས། ༀ་བཛྲ་རཏྣ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥི་ཉྩ་མི་ཞེས་པས་དབུ་རྒྱན་མགོ་ལ་བསྐོན་དར་དཔྱངས་བཅིངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བདག་པོའི་ཅོད་པན་ལ་བཞུགས་པར་བསམས་ལ། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང་། ༀ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭ་ཧཱ། ཞེས་བརྗོད་ལ་བརྟན་བྱེད་ཀྱི་ཆུས་དབང་བསྐུར་བས་དྲི་མ་སྦྱངས་རིན་འབྱུང་གིས་དབུ་བརྒྱན་པ་ལ་མཆོད་དེ། དབང་ལྷ་བསྟིམ་པ་སྔར་བཞིན་བྱ། ལྷག་མ་རྣམས་ལའང་བརྟན་བྱེད་ཀྱི་ཆུ་དབང་བསྐུར་བ་མན་ཆད་འདྲ་སྟེ་རིགས་བདག་ནི་རིགས་སོ་སོའི་འོ། །དེ་དག་གིས་རིན་འབྱུང་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་སྦྱངས་ཚོར་བའི་ཕུང་པོ་གནས་བསྒྱུར་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ། ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །གསུམ་པ་ནི། དེ་ནས་སློབ་མ་དང་རྡོ་རྗེ་ཧྲཱིཿ དང་པདྨ་ལས་འོད་དཔག་མེད་ཡུམ་དང་བཅས་པར་བསྐྱེད་པ་སོགས་བྱས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་གཟུང་། །ཞེས་བརྗོད་ལ་སློབ་མའི་སྙིང་ག་མགྲིན་པ་སྤྱི་བོར་རེག་ལ། །


JLD010_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཡས་སུ་གཏད་དེས་ཀྱང་ལྷའི་ང་རྒྱལ་བརྟན་པས་བསྙེམས་པའི་ཚུལ་གྱིས་བཟུང་ལ་རྡོ་རྗེ་གསོར། དེ་དག་གིས་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས་འདུ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། སོ་སོའི་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་པས་དག་པ་སྦྱིན་ནོ། །བཞི་པནི། དེ་ནས་དྲིལ་བུ་དང་སློབ་མ་གཉིས་ཁཾ་དང་རལ་གྲི་ལས་དོན་གྲུབ་ཡུམ་དང་བཅས་པར་བསྐྱེད་པ་སོགས་བྱས་ལ། སློབ་མའི་ལག་པ་གཡོན་དུ་དྲིལ་བུ་སྦྱིན་ལ། རྡོར་དྲིལ་གཉིས་དང་ལྡན་པའི་ལག་པ་གཉིས་འཁྱུད་པའི་ཚུལ་བྱེད་དུ་བཅུག་ལ་ༀ་བཛྲ་ཨ་དྷི་པ་ཏི་སྟཾ་ཨབྷ་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་པར་བྱའོ། །དྲིལ་བུའི་དབང་བསྐུར་བ་ཉིད་ལ་བདག་པོའི་དབང་བསྐུར་བ་ཞེས་ཀྱང་གསུངས་པས། བཛྲ་ཨ་དྷི་པ་ཏི་སྟྭཾ་ཞེས་སོགས་ཀྱིས་དབང་བསྐུར་བ་རིགས་སོ། །དེ་དག་གིས་དོན་གྲུབ་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་སྦྱངས་འདུ་བྱེད་ཀྱི་ཕོང་པོ་གནས་བསྒྱུར། བྱ་བ་བསྒྲུབ་པའི་ཡེ་ཤེས་མངོོན་དུ་བྱས། དོན་གྲུབ་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་པས་དག་པ་སྦྱིན་ནོ། །ལྔ་པ་ནི། དེ་ནས་སློབ་མ་ༀ་དང་འཁོར་ལོ་ལས་རྣམ་སྣང་ཡུམ་དང་བཅས་པར་བསྐྱེད་པ་སོགས་བྱས་ལ། སློབ་མའི་མགོར་རྡོར་དྲིལ་མཉམ་པོར་བཟུང་ཞིང་། ༀ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེས་བརྗོད་ཅིང་། ཀྱཻ་ཞེས་བོས་ཏེ་དཔལ་ཆེ་གེ་མོ་རྡོ་


JLD010_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཞེས་བརྗོད་ལ་མེ་ཏོག་ཕོག་པའི་ལྷའི་རིགས་ལ་བཏགས་ཏེ་མིང་གདགས་སོ། །དེ་དག་གིས་རྣམ་སྣང་མིང་གི་དབང་ཐོབ་གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕོང་པོ་གནས་བསྒྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་སྣང་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་གོ་བ་བསྐྱེད་པ་དག་པ་སྦྱིན་ནོ། །ཆུ་དབང་སོགས་ཀྱི་སྐབས་སུ་ཕྱི་ནང་གི་དབང་བསྐུར་བ་ལ་སློབ་མ་ལྷར་བསྐྱེད་པ་ནི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་དང་། དོན་ཡོད་ཞབས་ཀྱི་དཀྱིལ་ཆོག་ལས། རིགས་ལྔ་སྤྱི་འགྲོ་ལྟར་གསུངས་པས། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་རིགས་ལྔ་བྱེ་བྲག་པ་དགོས་པའི་ངེས་པ་མེད་དོ། །འོན་ཀྱང་སྔ་མ་ཁ་ཅིག་གིས་འཇིགས་བྱེད་ལ་ལྷར་བསྐྱེད་ཚུལ་སྤྱི་དང་བྱེ་བྲག་པ་གཉིས་བཤད་པ་ལ་མོས་ནའང་། སྔར། ཆུ་དབང་གི་སྐབས་སུ་བཤད་པ་ལ་བརྟེན་ནས་ཤེས་པར་ནུས་སོ། །དབང་བསྐུར་བ་འདི་དག་གིས་བྱ་བ་དང་སྤྱོད་པའི་རྒྱུད་བཤད་པ་དང་སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ། །དབང་ལྔ་པོ་འདི་ཉིད་ནི་རིག་མ་ལྷ་མོ་རྣམས་ཀྱིས་དབང་བསྐུར། མ་རིག་པ་ཉོན་མོངས་པ་ལྔ་སྤོང་རིག་པ་ཡེ་ཤེས་ལྔ་ཐོབ་པར་བྱེད་པའི་ཕྱིར། རྒྱུད་གཞན་དུ་རིག་པའི་དབང་ཞེས་གསུངས་ལ། དགྲ་ནག་ལ་སོགས་པ་ལས་ལྔ་ག་ལ་ཅོད་པན་གྱི་དབང་ཞེས་ཀྱང་གསུངས་ཏེ། དབང་ལྔ་པོ་ཐམས་ཅད་དུ་ཙརྩི་ཀ་ལ་སོགས་པ་རྣམས་ཀྱིས་སློབ་མའི་ཅོད་པན་ལས་ཏེ། སྤྱི་བོར་ཆུའི་དབང་བསྐུར་བ་ལ་དབང་དུ་བྱས་པའི་ཕྱིར་རོ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་


JLD010_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱི་དབང་ལ་གཉིས། སློབ་དཔོན་གྱི་དབང་དངོས་བསྐུར་བ། སློབ་དཔོན་གྱི་དབང་དངོས་ཀྱི་མཐའ་རྟེན་ནོ། །དང་པོ་ནི། ཅོད་པན་གྱི་དབང་བསྐུར་ཞིང་སློབ་དཔོན་གྱི་སྡོམ་པ་གཟུང་བའི་སློབ་མས། སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ཏེ། གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློན་དཔོན་གྱི་ནི་དབང་། །སྙིང་བརྩེའི་གཏེར་ཀྱི་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ། །དེ་ནས་སློབ་མ་དཀྱིལ་འཁོར་གྱི་ཤར་དུ་རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་ཤིང་སྟན་ལ་དངོས་སུ་བཞག་པའམ་བཞག་པར་མོས་ནས། སློབ་མ་ལས་བུམ་གྱི་ཆུས་བསངས་ཁ་ནས་བཅུག་པ་ཡུམ་གྱི་པདྨར་འཐོན་པ། སྟོང་པར་སྦྱངས་ཏེ་ཧཱུཾ་དང་རྡོ་རྗེ་ལས་རྡོ་རྗེ་འཆང་དཀར་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པར་བསྐྱེད། ཡེ་ཤེས་པ་དང་དབྱེར་མེད་དུ་བསྲེས་ལ་སྔར་ལྟར་ནང་དབང་བསྐུར། པདྨ་ནས་ཕྱུང་སྟེ་སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་དགོད་དོ། །སློབ་དཔོན་གྱི་དབང་ལ་ནང་དབང་བསྐུར་བ་རྭ་ལོ་ཙཱ་བའི་ལུགས་འདི་ནང་དབང་བསྐུར་བའི་བཤད་པའི་སྲོལ་གསལ་བར་མཛད་པ། མཁས་པ་ཨ་བྷྱ་ཀ་ར་དང་ཤིན་ཏུ་མཐུན་ཞིང་ལེགས་པ་ཡིན་པས་མ་ཆད་པར་བྱའོ། །རྡོ་རྗེའི་དམ་ཚིག་སྦྱིན་པ་ནི། རྡོ་རྗེ་བསངས་སྦྱངས་ནས་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བསྐྱེད་ལ། འདིར། རྡོ་རྗེའི་དམ་ཚིག་སྦྱིན་པ་ལ་རལ་གྲི་ཞེས་གསུངས་པ་ནི། ལྷན་ཅིག་སྐྱེས་པའི་སྣང་བ་ལས། རལ་གྲི་ཆེན་པོ་ཁམས་གསུམ་པའི་ཞེས་བྱ་བ་ལ། ཁམས་གསུམ་དུ་འབྱུང་


JLD010_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདོད་ཆགས་ལ་སོགས་པ་དེ། གཅོད་པར་ཆོས་མཐུན་པར་རལ་གྲི་སྟེ་རྡོ་རྗེ་ཞེས་བྱའོ། ཞེས་གསུངས་པ་ལྟར་ཤེས་པར་བྱའོ།། ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་མཆོག་ལྟ་བུ། །བདུད་ལས་རྒྱལ་བར་བྱ་ཕྱིར་གཟུང་། །ཞེས་བརྗོད་ཅིང་། སྟོང་པ་ཉིད་དང་དབྱེར་མི་ཕྱེད་པའི་ཡེ་ཤེས་རྒྱལ་བའི་ཐུགས་ཀྱི་ངོ་བོ་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་རྡོ་རྗེ་འཛིན་པར་བྱེད་པའི་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་འཛིན་དུ་གཞུག །དེས་ཀྱང་དེ་ལྟར་དྲན་པར་བྱས་ལ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་རྡོ་རྗེ་གསོར་ནས་ཐུགས་ཀར་གཟུང་ངོ་། །དྲིལ་བུའི་དམ་ཚིག་སྦྱིན་པ་ནི་དྲིལ་བུ་བསངས་སྦྱངས་ནས། ཨ་ལས་སྐྱེས་པའི་དྲིལ་བུར་བསྐྱེད་ལ། །ཤེས་རབ་ཐབས་ཀྱི་རང་བཞིན་ཉིད། །རྡོ་རྗེ་དྲིལ་བུ་རབ་གྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པས་གཟུང་། །ཁྱོད་ཀྱིས་སློབ་མ་བསྡུ་བར་གྱིས། ཞེས་བརྗོད་ཅིང་ཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོགས་པར་སེམས་པའི་དེ་ཁོ་ན་ཉིད་ཀྱིས་དྲིལ་བུ་འཛིན་དུ་གཞུག །དེས་ཀྱང་དེ་ལྟར་དྲན་པར་བྱས་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི་སྲིད་པ་དམ་པ་བྱེད་པར་འགྱུར། ཞེས་བརྗོད་དེ་དཀྲོལ་ལོ། །དེ་ནས་ཕྱག་རྒྱའི་དམ་ཚིག་སྦྱིན་པ་ནི ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས།


JLD010_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བས་ཡེ་ཤེས་ཀྱི་ཕྱག་རྒྱ་འདུ་བྱས་ནས་འདོད་ཡོན་ལ་ལོངས་སྤྱོད་པའི་ཚུལ་གྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་གོ་བར་བྱའོ། །དེ་ལྟར་དམ་ཚིག་གསུམ་སྦྱིན་པ་སྔོན་དུ་འགྲོ་བ་ཅན་གྱི་དམ་ཚིག་གསུམ་གཟུང་བའི་སྒོ་ནས། སློབ་དཔོན་གྱི་དབང་དངོས་གཞི་བསྐུར་བ་ནི། ལག་པས་རྡོར་དྲིལ་བཟུང་ནས་འཁྱུད་པའི་ཚུལ་བྱེད་དུ་གཞུག །ཡིད་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པར་བསམས་ལ། འཁྱུད་པ་ལས་བྱུང་བའི་བདེ་བ་བསྐྱེད་དེ་དེ་ཉིད་ལ་སློབ་དཔོན་གྱི་དབང་དུ་ངོ་འཕྲོད་པ་དགོས་ཏེ། ཀྱཻ་རྡོ་རྗེ་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་ཡང་དག་འདོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ནས་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས་ལ་དམིགས་པ་སྔར་ཆུ་དབང་གི་སྐབས་སུ་བཤད་པ་བཞིན་བྱས་ཏེ། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང་། ༀ་ཨཱཿ སརྦ་ཏ་ཐཱ་ག་ཏ། སློབ་དཔོན་གྱི་དབང་གི་སྐབས་སུ་ནག་པོའི་དཀྱིལ་ཆོག་ལས། རྡོ་རྗེ་ཙརྩི་ཀ་ལ་སོགས་པས་དབང་བསྐུར་ཞིང། དམ་ཚིག་གསུམ་གཟུང་བར་བྱའོ་ཞེས་འབྱུང་ལ། དམར་པོའི་འགྱུར་གྱི་དཔེ་ཁ་ཅིག་ལས། རྡོ་རྗེ་ཙརྩི་ཀ་ལ་སོགས་རྣམས་ཀྱིས་སྔ་མ་བཞིན་དབང་བསྐུར་ཏེ། དམ་ཚིག་གསུམ་འཛིན་དུ་གཞུག་གོ །ཞེས་འབྱུང་ཞིང་། ཆག་འགྱུར་ཁ་ཅིག་ལས་གཞན་འདྲ་བ་ལ། དམ་ཚིག་གསུམ་འཛིན་དུ་གཞུག་ནས་སོ་ཞེས་འབྱུང་བ་གསུམ་ཡོད་ཀྱང་ཕྱི་མ་དག་སྟེ། དམ་ཚིག་གསུམ་འཛིན་དུ་བཅུག་པའི་འོག་ཏུ་ཆུ་དབང་བསྐུར་བའི་དོན་ནོ། །སྔ་མ་བཞིན་ཞེས་པའི་དོན་ལ་ཁ་ཅིག་བཞི་བརྒྱ་


JLD010_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བཅུ་པར། སྔ་མ་བཞིན་དུ་རིག་དབང་བསྐུར་ཞེས་པ་དང་མཐུན་པར་སླར་ཡང་། རིག་མའི་དབང་ལྔ་བསྐུར་བའི་དོན་དུ་འཆད་དོ། །སྤྱིར་སློབ་དཔོན་དཔལ་འཛིན་གྱི་གཞུང་ལ་མར་མེ་མཛད་བཟང་བོའི་རྗེས་སུ་འབྲངས་པའི་མང་དུ་སྣང་ཡང་། དཀྱིལ་ཆོག་སྔ་མ་བཞིན་ཞེས་དོན་དེ་ལྟར་མིན་གྱི། དཀྱིལ་ཆོག་ལས་ཐམས་ཅད་དུ་ཙརྩི་ཀ་ལ་སོགས་ལ་རྣམས། ཅོད་པན་ལ་དབང་གི་ཚུལ་དུ་བྱས་པའི་ཕྱིར་རོ་ཞེས་འབྱུང་བའི་དོན་སྔར་བཤད་པ་བཞིན་དུ། ཙརྩི་ཀ་ལ་སོགས་པས་ཆུ་དབང་བསྐུར་ཞེས་པའི་དོན་དུ་སྣང་ངོ་། །ཨ་བྷི་ཥེཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་དེ་བུམ་ཆུས་སྔར་བཞིན་བླུག་ལ་དབང་བསྐུར། དབང་གི་ཆུས་ལུས་ཐམས་ཅད་གང་ནས་བདེ་བ་ཆེན་པོ་མྱོང་། དྲི་མེད་ཐམས་ཅད་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་གྲུབ་པའི་མི་བསྐྱོད་པས་དབུ་བརྒྱན་པར་བསམ་མོ། །རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས་ཏེ། སློབ་མ་རྣམས་ཀྱི་ལུས་ཀྱི་སྤུའི་སྒོ་ནས་ཐིམ་པར་བསམ་ཞིང་། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བརྗོད་ནས་སློབ་མ་ལ་མེ་ཏོག་གཏོར་ཏེ་མཆོད་དོ། །གཉིས་པ་ལ་དྲུག །དེ་ཁོ་ན་ཉིད་དང་ལས་ཀྱི་རིམ་པ་བཤད་པ། སྔགས་གཏད་པ་དང་མིག་སྨིན་བསྐུ་བ། །མེ་ལོང་དང་མདའ་འཕང་བ། སྤྱི་དང་བྱེ་བྲག་གི་རྗེས་སུ་གནང་བ། རྡོ་རྗེའི་བརྟུལ་ཞུགས་དང་ལུང་བསྟན་པ། གསང་བ་བཤད་པ་དང་དབུགས་དབྱུང་བའོ། །དང་པོ་ལ་གཉིས་ལས། དེ་ཁོ་ན་ཉིད་ཀྱི་རྣམ་པར་དག་པ་བཤད་པ་ནི། རྟེན་དང་བརྟེན་པ་གཉིས་མ་དག་པའི་སྣོད་བཅུད་ལྟར་དོན་གཞན་པ་ཉིད་དུ་འཛིན་པ་བཟློག་པའི་ཕྱིར་གཞལ་ཡས་ཁང་གི་རྣམ་དག་བཤད་ལ།


JLD010_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ཀྱང་རྒྱུད་ཐ་དད་པར་འཛིན་པ་བཟློག་པའི་ཕྱིར་དུ་ལྷའི་རྣམ་དག་བསྟན་ནོ། །དེ་ལྟར་ན་གཙོ་བོ་གཅིག་གི་ཡེ་ཤེས་ཀྱི་གཟུང་ཆ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་སྣ་ཚོགས་པར་སྣང་བ་མ་ཡིན་གྱི། དེ་ལས་གུད་ན་མེད་པས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་སངས་རྒྱས་དང་སངས་རྒྱས་མ་ཡིན་པ་གཉིས་དེ་ཁོ་ན་ཉིད་དུ་མི་མཉམ་པ་མེད་པས་གྲུ་བཞི་པའོ། །དྲན་པ་ཉེ་བར་བཞག་ལ་བཞི་དག་པ་ནི་ཤར་གྱི་སྒོ་དང་། ཡང་དག་སྤོང་བཞི་དག་པ་ནི་ལྷོའི་དང་། རྫུ་འཕྲུལ་རྐང་བཞི་དག་པ་ནི་ནུབ་ཀྱི་དང་། དད་པ་ལ་སོགས་པའི་དབང་པོ་ལྔ་དག་པ་ནི་བྱང་གི་སྒོ་བཞིའོ། ཞེས་པ་ནི་དཀྱིལ་འཁོར་གསུམ་གའི་ཐུན་མོང་ངོ་། །དམར་ནག་གཉིས་ལ་ནི་རྣམ་ཐར་བརྒྱད་དག་པ་ནང་གི་སྣ་ཚོགས་རྡོ་རྗེའི་ཟུར་བཞི་དང་ལོགས་བཞིའོ། །རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐུར་བའི་ཕྱིར་ནང་གི་རྡོ་རྗེའི་ཕྲེང་བའོ། །རིགས་ཀྱི་དབྱེ་བས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་འབྱེད་པ་ནི། སྣ་ཚོགས་རྡོ་རྗེའི་རྭ་ཉི་ཤུའོ་ཞེས་པ་ལ་སོགས་པ་བརྗོད་དེ་རྒྱས་པ་བྱེད་འདོད་ན་དཀྱིལ་ཆོག་ལས་ཤེས་པར་བྱའོ། །ལྷའི་དེ་ཁོ་ན་ཉིད་ནི་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་ལྔ་རྣམ་པར་དག་པ་ནི་ཞེ་སྡང་གཤིན་རྗེ་གཤེད་ལ་སོགས་པ་རིགས་ལྔའོ། །ཕུང་པོའི་བདུད་ཀྱི་མི་མཐུན་པའི་ཕྱོགས་དང་དད་པའི་སྟོབས་དག་པ་ནི་ཐོ་བ་གཤེན་རྗེ་གཤེད་དང་། ཉོན་མོངས་པའི་བདུད་ཀྱི་མི་མཐུན་པའི་ཕྱོགས་དང་


JLD010_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་ཀྱི་སྟོབས་དག་པ་ནི་དབྱུག་པ་གཤིན་རྗེ་གཤེད་དང་། འཆི་བདག་གི་བདུད་ཀྱི་མི་མཐུན་པའི་ཕྱོགས་དང་དྲན་པའི་སྟོབས་དག་ནི་པདྨ་གཤིན་རྗེ་གཤེད་དང་། རྣམ་གཡེང་ལྷའི་བུའི་བདུད་ཀྱི་མི་མཐུན་པའི་ཕྱོགས་དང་། ཏིང་ངེ་འཛིན་གྱི་སྟོབས་དག་པ་ནི་རལ་གྲི་གཤིན་རྗེ་གཤེད་དོ། །སའི་ཁམས་དང་བྱམས་པ་ཆེན་པོའི་རང་བཞིན་ཙརྩི་ཀ་དང་། ཆུའི་ཁམས་དང་སྙིང་རྗེ་ཆེན་པོའི་རང་བཞིན་ཕག་མོ་དང་། མེའི་ཁམས་དང་དགའ་བ་ཆེན་པོའི་རང་བཞིན་དབྱངས་ཅན་མ་དང་། རླུང་གི་ཁམས་དང་བཏང་སྙོམས་ཀྱི་རང་བཞིན་གཽ་རཱི་དང་། ཕྱིའི་གཟུགས་སོགས་ཡུལ་དྲུག་རྣམ་པར་དག་པས་ཐོད་པ་བཞི་སྟེ། དྲི་ནི་གཟུགས་སུ་འདུས་ལ་ཆོས་ཀྱི་དབྱིངས་ནི་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ལས་ཀྱི་རིམ་པ་བསྟན་པ་ནི། སྲུང་བའི་དམ་ཚིག་དང་བཟའ་བའི་དམ་ཚིག་དང་། གཏོར་མའི་ཆོ་ག་སྲུང་བ་དང་། ཕྱིར་ཟློག་དང་དཀྱིལ་འཁོར་བསྒྲུབ་པ་དང་། དེར་སློབ་མ་གཞུག་པའི་མཚན་ཉིད་ནི་སློབ་དཔོན་གྱི་ལས་སུ་བྱ་བའི་རིམ་པ་ཡིན་ནོ། ཞེས་གོ་བར་བྱའོ། །གཉིས་པ་ནི། རང་གིས་འཇིགས་བྱེད་ལ་རྭས་སྔགས་གསུམ་ག་བཞེད་པ་ལྟར་དང་དམར་ནག་གཉིས་ལ་ཧྲཱིཿ ཥྚཱིཿ བརྒྱ་རྩ་བརྒྱད་དམ་ལན་གསུམ་བཟླས་ལ། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། ཞེས་འཁོར་ལོའི་གཙོ་བོ་ལ་གསོལ་བ་གདབ་ལ། སློབ་མས། བཅོམ་ལྡན་བདག་གིས་གཟུང་


JLD010_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཀྱིས། བདག་ལ་ཉེ་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ནས་ལན་གསུམ་རྗེས་ཟློས་བྱས་པས། བླ་མའི་ཐུགས་ཀ་ནས་བརྒྱུད་དེ་ཞལ་ནས་བྱུང་བ་སློབ་མའི་སྙིང་གར་ས་བོན་གྱི་མཐར་བསྐོར་ནས་བསམ་མོ། །དེ་ནས་གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་མར་དང་སྦྲང་རྩིའི་མིག་སྨན་གསེར་ལས་བྱས་པའི་ཐུར་མས་སློབ་མའི་མིག་ལ་ཡི་གེ་པྲཾ་བསམས་པ་ལ། ༀ་བཛྲ་ནཻ་ཏྲ་ཨ་པ་ཧཱ་ར་པ་ཊ་ལཾཧྲཱིཿ ཞེས་འདོན་ཞིང་བསྐུས་པས་མིག་འབྱེད་པའི་ཚུལ་དུ་བྱ་ཞིང་། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། ཞེས་བརྗོད་པས་མ་རིག་པའི་ལིང་ཏོག་དང་བྲལ་ནས་ཡེ་ཤེས་ཀྱི་སྤྱན་དབྱེ་བར་བསམ་མོ། །གསུམ་པ་ནི། དེ་ལྟར་སྤྱན་བྱེ་བ་དེས་ཆོས་ཐམས་ཅད་གཟུགས་བརྙན་བཞིན་དུ་བལྟ་བར་བྱའོ། ཞེས་བསྒྲུབ་པའི་ཆེད་དུ་ཨཱཿ ཡིས་བསྔགས་པའི་མེ་ལོང་བསྟན་ཞིང་། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། གསལ་ཞིང་དག་ལ་རྙོག་པ་མེད། གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པ། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། ཞེས་བརྗོད་ལ། སྤྱིར་ཆོས་ཐམས་ཅད་གཟུགས་


JLD010_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ལྟ་བུ་དང་། ཁྱད་པར་དུ་རང་གི་སྙིང་ལ་ཞུགས་པའི་རྡོ་རྗེ་སེམས་དཔའ་ནི་མེ་ལོང་གི་གཟུགས་བརྙན་ལྟར་ཤེས་པར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་ཧོཿ ལས་སྐྱེས་པའི་མདའ་གཞུ་ཧོཿ ཞེས་བརྗོད་ནས་བྱིན་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭ་ཞེས་བརྗོད། དེས་ཀྱང་ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི་ཞེས་བརྗོད་ཅིང་། བགེགས་ལ་འབིགས་པའི་བསམས་པས་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་མདའ་འཕང་ཞིང་དེའི་ཚེ་སློབ་དཔོན་གྱིས་སྔགས་སྔ་མ་བརྗོད་དོ། །བཞི་པ་ལ་གཉིས་ལས། སྤྱིའི་ཆོས་བཤད་པའི་རྗེས་གནང་ནི། དེ་ནས་བླ་མས་བྷྲཱི་ལས་བྱུང་བའི་འཁོར་ལོ། ༀ་བཛྲ་ཧེ་ཏུ་མཾ་ཞེས་པས་མདུན་ནམ་སྟན་དུ་བྱིན། དབྱངས་ཐ་མ་ཨཿ ལས་བྱུང་བའི་དུང་ༀ་བཛྲ་བྷ་ཥ་རཾ་ཞེས་པས་ལག་པ་གཡས་སུ་གཏད་པ་འབུད་དུ་གཞུག །དབྱངས་དང་པོ་ཨ་ལས་བྱུང་བའི་གཤིན་རྗེ་གཤེད་ཀྱི་རྒྱུད་ལག་པ་གཡོན་དུ་གཏད་ལ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། ཙམ་གྱི་ཆོས་དུང་བླ་མེད་པ། ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། ཞེས་བརྗོད་དོ། །དབྱངས་ཐ་མ་ལ་ཨཿ ལས་བྱུང་བའི་དྲིལ་བུ་ལག་པ་གཡོན་དུ་གཏད་དེ་བཀོལ་དུ་བཅུག་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བས། །ཐམས་ཅད་མཆོག་ནི་མཉམ་ཉིད་གསལ། ཞེས་བརྗོད་དོ། །བྱེ་བྲག་གི་ཆོས་བཤད་པའི་རྗེས་གནང་ནི། སློབ་མ་སྐབས་སུ་གང་


JLD010_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བབ་ཀྱི་གཙོ་བོ་གཤིན་རྗེ་གཤེད་དུ་བསྐྱེད་ལ། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་གནས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་སྒྲ་བཅུག་ལ། བརྗོད་དེ་རིགས་ལྔ་པོ་སོ་སོ་དཀྱིལ་འཁོར་འདྲི་བ་དང་བཤད་པ་བྱེད་པའི་རྫས་སུ་གནང་བ་སྦྱིན་ནོ། །ལྔ་པ་ནི། དེ་ནས་སློབ་མ་རྡོར་སེམས་སུ་བསྐྱེད་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཞེས་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེའི་བརྟུལ་ཞུགས་དང་རྟག་ཏུ་མི་འབྲལ་བ་བགྱིས་ཤིག་ཅེས་བརྗོད་ལ། སློབ་མའི་ལག་པ་གཡས་སུ་སྦྱིན་སློབ་མས་ཀྱང་ༀ་སརྦ་ཏ་ཐཱ་ག་ཏ་སིངྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥཱ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧིཿ ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ལ་བཟུང་ངོ་། །དེ་ནས་སློབ་མ་མེ་ཏོག་ཕོག་པའི་ལྷར་བསྐྱེད་པ་ལ། བླ་མ་རྒྱལ་བ་ཤཱཀྱ་ཐུབ་པའི་ཆ་ལུགས་ཅན་དུ་བྱས་ཏེ། ཕྱག་གཡོན་པ་ཆོས་གོས་ཀྱི་གྲྭ་སྙིང་གར་བཟུང་། གཡས་པ་མཆོག་སྦྱིན་པའི་ཕྱག་རྒྱ་བྱ། རྒྱལ་བ་ཐམས་ཅད་དང་མགྲོན་གཅིག་ཏུ་ལུང་སྟོན་པར་བསམས་ལ། འདིར་ནི་ཁྱེད་རྣམས་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་ལ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་སིངྡྷི་ས་མ་ཡ་སྟྭཾ་བྷཱུར་བྷཱུ་ཝ་སྭ་ཨཿ


JLD010_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཕྱག་རྒྱ་འདིས་ལུང་བསྟན་པ་དེ་ལ་དེ་བཞིན་གཤེགས་ལ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དེ། ཕྱག་རྒྱ་འདི་ཉིད་ཀྱི་མཐུ་དང་སྔགས་འདིའི་སྟོབས་ཡིན་ནོ། །ཞེས་བརྗོད་དེ་ལུང་བསྟན་ནོ། །དྲུག་པ་ནི། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ཅེས་གསང་བ་བརྗོད་པར་བྱའོ། །ཚིགས་བཅད་འདི་དེ་ཉིད་བསྡུས་པ་ནའང་ཡོད་མོད་ཀྱང་། བླ་མེད་དང་ཐུན་མོང་བའི་གཞུང་ཅིག་ཏུ་མངོན་ལ། དེའི་དོན་བླ་མེད་ལྟར་བཤད་ན་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ལ་སྡང་ཞིང་། མ་དད་པ་སྐྱེད་པ་ལྟ་བུའི་སྡིག་གཞན་མེད་པས། ཁྱོད་ཀྱིས་དེ་ལྟ་བུ་མ་བྱེད་ཅིག །མ་ཧཱ་ས་མ་ཡ་ནི་དམ་ཚིག་ཆེན་པོ་སྟེ། འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ལས་མི་འདའ་བའོ། །ཧ་ན་ནི་ཆོམས་ཤིག་པ་སྟེ་སྔར་གྱི་མ་དད་པ་དེ་ཆོམས་ཤིག་པའི་དོན་ནོ། །དེ་ནས་མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ཡིས་ནི། །ཕྱིན་ཆད་འཆི་བ་ཁྱེད་ལ་མེད། །སྲིད་པ་ཤིན་ཏུ་གྲུབ་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །རྡོ་རྗེའི་ཕྱག་རྒྱ་གང་ཡིན་པས། །གང་


JLD010_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་བཏང་མི་བྱ། དམ་པའི་ཆོས་ནི་སུན་མི་དབྱུང་། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཡང་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་དོར་ནས་ནི། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང་། ཅི་བདེ་བར་ནི་བདེ་བ་བཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ད་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློན་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་མཐུན་པར་དགོངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད་དེ་དབུགས་དབྱུང་བའོ། །སློན་དཔོན་དཔལ་འཛིན་གྱིས་རྗེས་གནང་བརྟུལ་ཞུགས་ལུང་བསྟན་གསང་བ་བརྗོད་པ་དབུགས་དབྱུང་བ་ལྔ་པོ་འདི། རིག་པའི་དབང་ལྔའི་རྗེས་དང་དབང་བཞི་བསྐུར་བའི་འོག་ཏུ་སྦྱིན་པ་གདམ་ང་ཅན་དུ་གསུངས་པས། མཐའ་རྟེན་རྣམས་ཚུལ་གཅིག་ཁོ་ནང་མ་ངེས་སོ། །དེ་ལྟར་ཕྱི་ནང་གི་དཀྱིལ་འཁོར་གཉིས་ལས་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་དཔོན་དུ་བྱ་བའི་ཆེད་དུ་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བས་ན་སློབ་དཔོན་གྱི་དབང་དང་། ཕྱིར་མི་ལྡོག་པ་རྣམས་ཀྱི་དབང་དང་འདྲ་ཞིང་། ཕྱིར་མི་ལྡོག་པའི་ས་བོན་ཁྱད་པར་ཅན་བསྐྲུན་པར་བྱེད་པའི་ཕྱིར་མི་ལྡོག་པའི་དབང་ཞེས་པ་དང་། དབང་དྲུག་


JLD010_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལ་བུམ་པའི་ཆུའི་བྱ་བ་རྗེས་སུ་འགྲོ་བས་བུམ་པའི་དབང་ཞེས་བྱ་བ་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་གསུམ་སྔར་བསགས་སྦྱོང་ཞིང་ཕྱི་མ་སྡོམ་པ་དང་། ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་འཁྲུད་པས་སྐུ་རྡོ་རྗེ་སྦྱོང་། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་འབྲས་བུ་དང་སྤྲུལ་པའི་སྐུའི་ནུས་པ་ཁྱད་པར་ཅན་འཇོག་གོ་ཞེས་དབང་དོན་བཤད་དོ། །བསྐྱེད་རིམ་གྱི་ལྷའི་སྐུ་བསྒོམ་པར་བྱ་བ་ལ་ནང་ཚན་གྱི་དབྱེ་བ་དུ་མ་ཞིག་ཡོད་ཀྱང་། གཙོ་བོ་རིགས་དྲུག་ཏུ་བསྡུས་ནས་དབང་དྲུག་བསྐུར་ཏེ། རིགས་དྲུག་དང་འབྲེལ་བའི་བསྐྱེད་རིམ་ཐམས་ཅད་སྒོམ་པ་ལ་དབང་བར་བྱེད་པ་ཡིན་ནོ། །གཉིས་པ་གསང་བའི་དབང་ནི། དེ་ནས་ཡོལ་བ་ལ་སོགས་པས་སྐྱེ་བོས་དབེན་པར་བྱས་པའི་ས་ཕྱོགས་སུ། སློབ་མས་ཡིད་དུ་འོང་བའི་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དམ་ཚིག་དང་སྡོམ་པ་བསྲུང་བ། རྣལ་འབྱོར་བཞི་ལ་མཁས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་ལ་མཎྜལ་དང་བཅས་པ་གསང་བའི་དབང་གི་དོན་དུ་བླ་མ་ལ་ཕུལ་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ཞེས་པའི་ཚིགས་བཅད་དམ་གཞན་གྱིས་ལན་གསུམ་དུ་གསོལ་བ་གདབ་སྟེ་གདོང་གཡོགས་བཅིང་ངོ་། །བླ་མས་རང་ཉིད་གཤིན་རྗེ་གཤེད་གསུམ་སྐབས་ལ་གང་བབ་ཏུ་བསྐྱེད། འཇིགས་བྱེད་དང་གཤེད་དམར་ལ་རིག་མ་རོ་ལངས་མ་དང་དགྲ་


JLD010_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ལ་རང་དང་མཚུངས་པའི་ལྷ་མོར་བསྐྱེད་གཉིས་ཀའི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། སངས་རྒྱས་ཡབ་ཡུམ་དཔག་ཏུ་མེད་པ་སྦྱི་བོ་ནས་ཞུགས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེ་ནོར་བུའི་ནང་དུ་བསྐྱེད་པ་བརྟན་པར་བྱས་པ། མཐེབ་སྲིན་གྱིས་བཙིར་ཏེ་དེ་ལས་བཏོན་ནས། བཏུང་བ་རིན་ཆེན་འདི་ཡིས་ནི། །རྡོ་རྗེ་ཡི་ནི་ལུས་བསྒྲུབ་པར། །བུ་ཁྱོད་ཀྱི་ནི་ཤེས་གྱིས་ལ། །ཡིད་ལས་བྱུང་བའི་ཆུ་འཐུང་ཞིག །ཅེས་པ་འདིས་བདུད་རྩི་སློབ་མའི་ཁར་གཞུག་པར་བྱའོ། །སློབ་མས་ཀྱང་ཨ་ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་ཅིང་ཁས་བླངས་ནས། མྱངས་ལ་མགྲིན་པར་མིད་དོ། །ཡུམ་ཡང་ལངས་ལ་རང་གི་པདྨ་ན་གནས་པའི་བདུད་རྩིའི་ལྷག་མ་སློབ་མའི་ཁར་སྦྱིན་པར་བྱའོ། །དེ་ལྟར་ཡབ་ཡུམ་གྱིས་བྱིན་པའི་བྱང་ཆུབ་ཀྱི་སེམས་དཀར་དམར་མྱངས་པ་ལས་བདེ་བ་ཆེན་པོ་སྐྱེ་ལ། བདེ་བ་དེས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་དེ་ཉིད་ལ་གསང་དབང་དངོས་གཞིར་ངོ་སྤྲད་པར་བྱའོ། །དེ་ནས་གདོང་གཡོགས་བསལ་ཞིང་། ཁྱོད་ཀྱིས་དཀྱིལ་འཁོར་བཞི་ལས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རྫས་གསང་བ་ལས་བྱུང་བའི་དབང་ལ་གསང་པོའི་དབང་བསྐུར་བ་ཞེས་བཤད་པ་དེ་ཐོབ། ཐུན་མོང་བའི་ངག་གི་དྲི་མ་བརྫུན་དུ་སྨྲ་བ་སོགས་སྔར་བསགས་འདག་ཅིང་ཕྱི་མ་སྡོམ་པ་དང་། ཐུན་མོང་ན་ཡིན་པ་རླུང་ལ་ངག་ཏུ་གསུངས་པའི་དྲི་མ་རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་འཁྲུད་


JLD010_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

པས་གསུང་རྡོ་རྗེ་སྦྱོང་། བཏུང་བ་རིན་ཆེན་འདི་ཡིས་ནི། རྡོ་རྗེ་ཡི་ནི་ལུས་བསྒྲུབ་པར། །ཤེས་པར་གྱིས་ཤིག་ཅེས་གསུངས་པས། ཀུན་རྫོབ་སྒྱུ་མའི་སྐུའིརང་བཞིན་ཅན་གྱི་རྡོ་རྗེའི་སྐུ་བདག་བྱིན་གྱིས་བརླབས་པ་བསྒོམས་པ་ལ་དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་གོ །གསུམ་པ་ནི། དེ་ནས་གསང་དབང་གི་རིག་མ་དེ་ཉིད་དམ་རིག་མ་གཞན་ལའང་རུང་སྟེ། སློབ་མས་ཡང་དག་པར་རིག་པ་ཙམ་གྱི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་མཎྜལ་ཕུལ་ཏེ། སྔར་གྱི་ཚིགས་བཅད་ཀྱིས་གསོལ་བ་ལན་གསུམ་དུ་འདེབས་པའི་སློབ་མ་ལ་མིག་དར་བཅིངས་ནས། སློབ་མའི་ལག་པར་ཕྱག་རྒྱ་མ་དེའི་ལག་པ་གཏད་ལ། གཟུངས་མ་ཡིད་འོང་འདི་དེ་ནི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་བས་འཁོར་བར་སྦྱོར་བྲལ་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ལ་སློབ་མ་ལ་ཕྱག་རྒྱ་མ་སྦྱིན་པར་བྱའོ། །རིག་མ་དེས་ཀྱང་ཙནྡན་དང་གུར་ཀུམ་ལ་སོགས་པས་བྱུགས་ཤིང་ཤིན་ཏུ་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། གོས་མེད་པར་པདྨ་རབ་ཏུ་རྒྱས་པ་གསལ་པོར་སྟོན་ཅིང་སློབ་མ་ལ་འདི་སྐད་བརྗོད་དོ། །དྲི་ཆེན་དྲི་ཆུ་བཟའ་བ་དང་། །ཁྲག་དང་ཁུ་


JLD010_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་བཞིན་ཤ། །བུད་མེད་གུས་མཆོག་དེ་བཞིན་དུ། །བྷ་ག་ཉིད་ལ་ཙུམ་བ་ནཾ། བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །ཇི་ལྟར་བདེ་བར་བུས་སྨྲོས་ཤིག །ཅེས་དྲིའོ། །སློབ་མས་ཀྱང་། དྲི་ཆེན་དྲི་ཆུ་སོགས་བཟའ་བ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་བྱ། །བྷ་ག་ཉིད་ལ་ཙུམ་ནཾ། །ཞེས་བརྗོད་པར་བྱའོ། །དེ་ནས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་མཉེས་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོཀྵ་ཧོཿ ཞེས་བརྗོད་དོ། །དེ་ནས་སློབ་མ་དང་རིག་མ་སྔར་བཞིན་གཤིན་རྗེ་གཤེད་ལ་སོགས་པར་བསྐྱེད། རང་དང་འདྲ་བའི་ཡེ་ཤེས་པ་གཞུག །སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་བླ་མའི་མན་ངག་གིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བཙལ་ལ། འཁྲིག་ཐབས་ཀྱི་བྱེད་པའི་བྱེ་བྲག་རྣམས་བསྟན་ལ་བླ་མས། རྣལ་འབྱོར་པ་ཡིས་ཇི་སྲིད་དུ། །བྱང་སེམས་འབྱིན་པར་མི་བྱེད་པ། །དེ་སྲིད་ཐོབ་འགྱུར་རྒྱུན་མི་འཆད། །དགའ་བ་ལས་སྐྱེས་བདེ་གཞན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕོང་པོ་རྣམ་ཤེས་བརྒྱལ་བ་ལ། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་ཁམས་རྡོ་རྗེ་ཀུན་སྦྱོར་དང་། །རེག་བཅས་ཀྱི་ནི་རྨད་བྱུང་ཆེའི། །བདེ་བ་བསྐྱེད་པར་བྱེད་པ་གང་། །དེ་ནི་མཆོག་དགའ་


JLD010_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་པོ། །དགའ་བྲལ་དག་གི་དབུས་སུ་ནི། །མཚོན་པ་ལྟོས་ལ་བརྟན་པར་གྱིས། །པདྨའི་ནམ་མཁར་རྡོ་རྗེ་ཡི། །ལྟེ་བས་མནན་པའི་གནས་དག་ཏུ། །རྡོ་རྗེ་སྐྱིལ་ཀྲུང་དག་གིས་སེམས། །ནོར་བུའི་ནང་དུ་སོན་ལྟ་ཞིང་། །ཡེ་ཤེས་སྐྱེ་བ་གང་ཡིན་དེས། །ཡེ་ཤེས་ངོ་བོ་ཞེས་པ་བརྒྱན། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པ་མ་ཡིན་ནོ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང་། །བདེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་ཕྱེད་ཟླ་བ་ལོ་དང་ནི། །བསྐལ་པ་བསྐལ་པ་སྟོང་དུ་ཡང་། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །ཞེས་བརྗོད་ལ་དེའི་དོན་རྟོགས་པར་བྱས་ལ། །སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། དེ་ནས་སྙིང་གར་སླེབ་པ་ན་མཆོག་དགའ། །དེ་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ། དེ་ནས་གསང་གནས་ཀྱི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེལ། དེའི་ཚེ་བདག་མེད་པའི་ལྟ་བ་དྲན་པར་བྱས་ནས་བདེ་བས་བདག་མེད་ཀྱི་སྟོང་པ་ངེས་པར་བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་དགའ་བ་དབང་གསུམ་པ་རུ་ངོ་སྤྲོད་དོ། །དེ་ནི་དབང་གསུམ་པ་ཁྱད་པར་གྱི་ཐོབ་ལུགས་ཡིན་ལ། སྟོང་པའི་གོ་བ་དེ་འདྲ་མེད་པས། དབང་གསུམ་པ་ཁྱད་པར་ཅན་དེ་འདྲ་མི་འཐོབ་ལ། དབང་བསྐུར་མཁན་དང་ཞུ་མཁན་གྱི་གང་ཟག་གི་མཆོག་དམན་གྱི་དབང་གིས། །དབང་གསུམ་པར་རིགས་གཅིག་ཀྱང་ཐོབ་ལུགས་མང་དུ་འོང་སྟེ་དབང་གཞན་ལའང་


JLD010_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་འདྲའོ། །དབང་འདི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྐུར་བ་ལའང་སྔར་བཤད་པའི་དམིགས་པ་རྣམས་དལ་བུས་གསལ་བཏབ་སྟེ་ངེས་པ་རྙེད་པར་བྱས་ལ། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནོར་བུའི་ནང་དུ་གནས་པ་ལས་བྱུང་བའི་བདེ་སྟོང་དབྱེར་མེད་གྱི་དམིགས་པ་ལེགས་པོར་ངེས་པར་བྱས་ལ་ངོ་སྤྲད། ལྟ་བའི་གོ་བ་མེད་པ་ལའང་བདེ་བའི་ཕྱོགས་ཀྱི་དམིགས་པ་ངོ་འཕྲོད་ངས་སུ་བྱའོ། །དེ་ནས་གདོང་གཡོགས་བསལ་ཞིང་། ཁྱོད་ཀྱིས་བྷ་གའི་དཀྱིལ་འཁོར་དུ། ཤེས་རབ་མ་ལ་བརྟེན་ནས་ཐོབ་པའི་དབང་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བཤད་པ་དེ་ཐོབ། ཐུན་མོང་བ་ཡིད་ཀྱི་དྲི་མ་པ་རྣབ་སེམས་ལ་སོགས་པ་སྔར་བསགས་འདག་ཅིང་ཕྱི་མ་སྡོམ། ཐུན་མོང་མ་ཡིན་པ་གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་བ་ལ་སྒྲིབ་པའི་དྲི་མ་འཁྲུད་པས་ཡིད་དག་པར་བྱེད། འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་གོ་ཞེས་བཤད་དོ། །བཞི་པ་དབང་བཞི་པ་བསྐུར་བ་ལ་ལྔ། མཎྜལ་ཕུལ་ཏེ་གསོལ་བ་གདབ་པ། དབང་བཞི་པ་བསྐུར་བ། ཕན་ཡོན་གྱིས་སྤྲོ་བ་བསྐྱེད་ཅིང་དམ་ཚིག་སྒྲག་པ། དམ་ཚིག་བསྡུས་ཏེ་ཁས་བླང་ཞིང་ཡོན་དབུལ་བ། དབང་གི་དག་པ་སྦྱིན་པའོ། །དང་པོ་ནི། སློབ་མས་དབང་བཞི་པའི་དོན་དུ་བླ་མ་ལ་མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། ཞེས་


JLD010_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གསོལ་བ་བཏབ་སྟེ་མིག་དར་བཅིང་བ་འམ། མ་བཅིངས་ཀྱང་རུང་ངོ་། །གཉིས་པ་ལ་གཉིས། དབང་བཞི་པའི་རྣམ་བཞག་དང་། དབང་དེ་བསྐུར་བའི་ཆོ་ག་དངོས་སོ། །དང་པོ་ནི། དམར་པོའི་དཀྱིལ་ཆོག་ལས་དེ་ཉིད་བླ་ན་མེད་པ་འགྲོ་བ་མཐའ་དག་གི་དོན་བསྒྲུབ་པ་བརྟགས་པའི་རྙོག་པ་དང་བྲལ་བ་ཉིད་ལས་སླར་རང་ཡང་དག་པར་རིག་པ་དང་ཐ་མི་དད་པ། ཐུབ་པའི་ཚོགས་མཐའ་ཡས་པ་འཕྲོ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན། ཡིད་བཞིན་གྱི་ནོར་བུ་ལྟ་བུ་བརྟན་པའི་ངོ་བོ་ཉིད་དུ་སློབ་མ་ལ་ཚིག་གིས་སྦྱིན་པར་བྱའོ། །ཞེས་བྱ་བའང་སྦྱིན་པར་བྱའོ་ཞེས་གསུངས་ལ། སློབ་དཔོན་ལྭ་བ་པའི་དཀྱིལ་ཆོག་ལས་ཀྱང་། དབང་བསྐུར་པ་བཞི་པ་བླ་མའི་ཞལ་ལས་ཤེས་པར་བྱ་བ་ནི་འདི་སྐད་དུ། ཞེས་དཔལ་འཛིན་གྱིས་གསུངས་པ་ལྟར་གསུངས་ཤིང་། ཚིག་གིས་སྦྱིན་པར་བྱའོ་ཞེས་གསུངས་པ་གང་ཡིན་པ་སྟེ་ཞེས་ཁུངས་གཞན་ཅིག་ནས་དྲངས་པའི་ཚུལ་དུ་མཛད་ལ། དཔལ་འཛིན་གྱིས་ཚིག་གིས་སྦྱིན་པར་བྱའོ། ཞེས་བྱ་བའང་ཞེས་པའི་དོན་ཡང་ཁུངས་གཞན་ཅིག་ནས་གསུངས་པའི་དོན་ཡིན་ནོ། །དེ་ལ་བཞི་པ་བླ་མའི་ཞལ་ལས་ཤེས་པར་བྱ་བར་གསུངས་པའི་དོན་སྔར་དྲངས་པའི་ཚིག་གིས་གསལ་བར་སྟོན་པ་ཡིན་པས། །དེའི་དོན་ངེས་པར་བྱ་བ་ཤིན་ཏུ་གལ་ཆེའོ། །དེས་ན་དེ་ཉིད་ཅེས་པ་ནི་ཨ་བྷྱཀ་རས་ཤེས་རབ་ཡེ་ཤེས་དེ་ཉིད་བསྒོམས་པས་འཕེལ་བ་དབང་བཞི་པར་འགྱུར་བར་གསུངས་པ་ལྟར་ཡིན་ཏེ། དབང་གསུམ་པ་སྟོན་པའི་རྒྱུད་ཀྱི་ཚིག་དཀྱིལ་


JLD010_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ཏུ་དྲངས་པ་ལས། འོ་མ་གོམས་པའི་སེམས་གཅིག་གིས། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། ཞེས་འོ་མ་སྟེ་རང་གིས་རིག་པའི་བདེ་བ་ཆེན་པོའི་དོན་བྱང་ཆུབ་ཀྱི་སེམས་དབང་གསུམ་པའི་དུས་སུ་སྐྱེས་པ་དེ་ཉིད་ཡང་དང་ཡང་དུ་གོམས་པས། འགྲོ་བ་མ་ལུས་པའི་དོན་བདེ་བ་ཆེན་པོའི་ངོ་བོ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱག་རྒྱ་ཆེན་པོ་རབ་ཏུ་སྒྲུབ་པ་སྟེ་རྫོགས་པར་བྱ་བའི་དོན་དུའོ་ཞེས་གསུངས་པས་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་གོམས་པས་འགྲོ་བ་མཐའ་དག་གི་དོན་སྒྲུབ་པར་ནུས་པ་བརྟགས་པ་རྙོག་པ་ཐམས་ཅད་དང་བྲལ་བའི་འོད་གསལ་བ་ཉིད་ལས། སླར་ཡང་རང་གི་དེ་ཁོ་ན་ཉིད་བླ་ན་མེད་པ་ཡང་དག་པར་རིག་པ་དང་ཐ་མི་དད་པ། དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་གྱི་སྒྱུ་མའི་སྐུ་ཐོབ་པའི་ཚོགས་མཐའ་ཡས་པ་འཕྲོ་བ། ཡིད་བཞིན་གྱི་ནོར་བུ་ལྟ་བུར་མི་རྟག་བཞིན་དུ་དགོས་འདོད་འབྱུང་བའི་ངོ་བོ་ཉིད་ནི་དོན་གྱི་དབང་བཞི་པ་ཡིན་ནོ་ཞེས་ཚིག་གིས་ངོ་སྤྲོད་པའོ། །ལྭ་བ་པའི་དཀྱིལ་ཆོག་ལས། བླ་ན་མེད་པ་ཡང་དག་པར་རིག་པ་དང་ཐ་མི་དད་པ་ཞེས་འབྱུང་ལ། བསྟན་པའི་ངོ་བོ་ཉིད་ཀྱི་ཚིག་ཅེས་གསུངས་པ་ལྟར་ཚིག་གིས་བསྟན་པའི་དོན་ལ་ངེས་པ་བརྟན་པར་བྱེད་པའི་དོན་དུ་བཤད་དོ། །དེ་ལྟར་ན་བླ་མའི་ཞལ་ལས་ཤེས་པར་བྱ་བའི་དབང་བཞི་པའི་དོན་ནི། དོན་གྱི་འོད་གསལ་དང་ངོ་བོ་ཐ་མི་དད་ཀྱི་སྒྱུ་མའི་སྐུ་ཟུང་འཇུག་ལ་ངོ་སྤྲོད་པ་གྲུབ་ཆེན་གཉིས་ཀྱི་དགོངས་པའོ། །གཉིས་པ་ནི། འདིར་དབང་བཞི་པ་བསྐུར་བ་ནི་དོན་གྱི་དབང་བཞི་པ་


JLD010_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ཏུ་ངོ་སྤྲོད་པའི་ཚིག་གིས་བསྐུར་བ་ཡིན་པས། ཟུང་འཇུག་གི་གོ་བ་བསྐྱེད་དགོས་དེའི་གོ་བ་བསྐྱེད་ཚུལ་ནི། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དབང་གསུམ་པའི་སྐབས་དང་བཞི་པ་གཉིས་དཔེ་དོན་དུ་སྦྱར་ནས་སྟོན་པར་གསུངས་པས། དེའི་ཚུལ་ཅུང་ཟད་བཤད་ན་ཁྱོད་ཀྱིས་དབང་གསུམ་པ་ཐོབ་པའི་སྐབས་སུ། རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན། སེམས་ལྷན་ཅིག་སྐྱེས་པའི་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་དེ་བཞིན་དུ། དོན་འདི་གོམས་པར་བྱས་པ་ལས་མཐའ་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན་དང་དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་བའི་དགའ་བ་དང་སྟོང་པ་ཉིེད་གཉིས་ངོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐམས་ཅད་སྟོང་པ་གཉིས། ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དེ། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ། །ཞེས་ད་ལྟ་ལུས་ཀྱི་སྐུ་དང་སེམས་འོད་གསལ་གཉིས་རོ་གཅིག་པ་མ་ཐོབ་ཀྱང་། དེ་གཉིས་དང་རྣམ་པ་རྗེས་སུ་མཐུན་པའི་མོས་པའང་བྱེད་དབང་གསུམ་པའི་དུས་ན་ཉམས་སུ་མྱོང་བ་འདིའི་རྒྱུན་གོམས་པར་བྱས་པ་ལས་ཟུང་འཇུག་འགྲུབ་ཚུལ་གྱི་ངེས་པ་བསྐྱེད་དོ། །གསུམ་པ་ནི། དེ་ནས་སློབ་མ་རྣམས་དབང་གི་ཕན་ཡོན་གྱིས་སྦྲོ་བ་བསྐྱེད་པར་བྱ་སྟེ། མཆོག་ཏུ་གསང་བ་དམ་པ་ཡི། དཀྱིལ་འཁོར་


JLD010_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཞིང་ཞུགས་པས་ན། སྡིག་པ་ཀུན་ལས་རྣམ་གྲོལ་བར། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱེད་ལ་མེད། །མི་ཚུགས་པ་དང་མ་བཅིངས་པར། །གང་ལའང་འཇིགས་མེད་དགའ་བར་གྱིས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་ཡང་དག་འགྱུར། །དངོས་གྲུབ་དམ་ཚིག་སྡོམ་པ་ནི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བྱ་སྟེ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །སློབ་དཔོན་སྨད་པར་མི་བྱ་སྟེ། བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་པར་སྤང་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་མི་སྨད་དོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང་། །གདུག་པའི་བྱམས་པ་རྟག་ཏུ་སྤང་། །ཆོས་ལ་ཚད་བཟུང་མོ་བྱའོ། །དད་ལྡན་སེམས་ཅན་བསླ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཤེས་རབ་རང་བཞིན་བུད་མེད་རྣམས། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །རྣལ་འབྱོར་སློངས་མོས་མི་རྒྱུ་ཞིང་། །རྣལ་འབྱོར་སྤངས་པར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླས། །རྟག་ཏུ་དམ་ཚིག་ལ་སོགས་བསྟེན། །གལ་ཏེ་བླ་མ་སྨོད་དེ་བཞིན། །དམ་ཚིག་བག་མེད་པར་གྱུར་ན། །དེ་ཚེ་དཀྱིལ་


JLD010_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ངེས་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་ལེགས་པར་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །གནས་པར་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་བཅས་པ། །ཀུན་གྱིས་ཚེ་ལྡན་དེང་དབང་བསྐུར། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྒྱལ་སྲིད་བདག་པོར་བསྟན་པ་ཡིན། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཞུགས་སོ། །དེ་རིང་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །དེ་རིང་འགྲོ་བ་བདེ་མྱུར་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། ཞེས་བརྗོད་དོ། །བཞི་པ་ནི། སློབ་མ་རབ་ཏུ་གུས་ཤིང་མཉེས་གཤིན་པས་བླ་མའི་ཞབས་ལ་ཕྱག་འཚལ་ནས། བླ་མས་གསུངས་པའི་དམ་ཚིག་རྣམས་བསྲུང་བར་བྱའོ་སྙམ་དུ་བསམས་ལ། གཙོ་བོས་ཇི་ལྟར་བཀའ་བསྒོ་བའི། །གསུང་ནི་དེ་ལྟར་བདག་གིས་བགྱི། ཞེས་བརྗོད་དེ། །དེ་ནས་སློབ་མ་རྣམས་ཀྱིས་དགའ་བའི་ཡིད་ཀྱིས། །ཇི་ལྟར་འབྱོར་པའི་ས་གཞི་དང་། །གླང་པོ་དང་རྟ་དང་གསེར་དང་དངུལ་དང་རྒྱན་དང་བུ་དང་། བུ་མོ་དང་ཆུང་མ་དང་བྲན་ཕོ་དང་བྲན་མོ་ལ་སོགས་པ་དབུལ་བར་བྱ་ཞིང་བདག་ཉིད་གཡོག་ཏུའམ་ཐོས་པ་ལ་སོགས་པ་ཡོན་ཏན་བསགས་པ་གྲུབ་པའི་ཕྱིར་དབུལ་ལོ། །ལྔ་པ་ནི། དེ་དག་གིས་དོན་


JLD010_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་བཞག །བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་སྒོམ་པ་སོགས་ལ་དབང་བར་བྱས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ་ཞེས་བཤད་དོ། །གསུམ་པ་ནི། སློབ་མ་རྣམས་ལ་ནུས་པ་ཅི་ཡོད་པས་དཀྱིལ་འཁོར་མཆོད་ཅིག་ཅེས་བསྒོ་ལ། ཁ་ཟས་དང་སྤྱོད་ཡུལ་ཐམས་ཅད་ཀྱིས་དཀྱིལ་འཁོར་མཆོད་དུ་གཞུག་གོ །འོས་པའི་སློབ་མ་རྣམས་གཟུང་སྟེ་བཟའ་བཅའ་དང་བལྡག་པ་དང་ཆང་ལ་སོགས་པ་དཀྱིལ་འཁོར་ལ་ཕུལ་བས་ཚོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་ལ་མཆོད་པ་དང་། བསྟོད་པ་དང་བདུད་རྩི་མྱང་བ་སོགས་བྱས་ལ། དགེ་བ་བསྔོ་ཞིང་ལྷག་ཆད་ཀྱི་ཉེས་པ་དག་པར་བྱ་བའི་ཕྱིར། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྤྱར་ལ། མ་ཚང་བ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བཟོད་པར་གསོལ་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང་། གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོ་བཟོད་མཛད་རིགས། ཞེས་བརྗོད་ཅིང་མངོན་པར་འདོད་པའི་དོན་འགྲུབ་པར་གསོལ་བ་གདབ་ལ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་


JLD010_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་སྩལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲམུཿ ཞེས་བརྗོད་ལ་ཡེ་ཤེས་པ་གཤེགས། །རང་གིས་སྤྲུལ་པའི་དམ་ཚིག་པ་རྣམས་བདག་ལ་བསྡུ། དེ་ནས་རང་ལྷའི་ང་རྒྱལ་བརྟན་པོས་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ། །ཞེས་བརྗོད་དེ་དྲིལ་བུ་འཁྲོལ་ཞིང་རྡོ་རྗེ་དང་བཅས་པའི་ལག་པས་ཐོག་མར་མཚན་མ་རྣམས་མཐའ་ནས་རིན་གྱིས་བསྡུ།དེ་ནས་རྡོ་རྗེ་ཤར་སྒོ་ནས་བརྩམས་ཏེ་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་། རང་གི་མགོར་རྡུལ་ཚོན་ཅུང་ཟད་ཙམ་བླུག་ནས་པདྨ་ལ་སོགས་པ་དབྱིའོ། །དེ་ནས་ལག་པར་གནས་པའི་རྡོ་རྗེའི་རྩེ་མོས་སྒོ་རྣམས་དང་ཟུར་རྣམས་གཞིག །རྡུལ་ཚོན་ལྷག་མ་རྣམས་ལེགས་པར་ཕྱགས་ཏེ། ཞི་བ་ལ་སོགས་པ་དོན་དུ་གཉེར་པ་ལ་ཅུང་ཟད་བྱིན་ནས། །གཞན་ཐམས་ཅད་རྣམ་རྒྱལ་ལམ་བུམ་པ་གཞན་གོས་ཀྱིས་བརྒྱན་པར་བླུག་སྟེ། བཀྲ་ཤིས་ཀྱི་གླུ་དང་རོལ་མོའི་སྒྲ་དང་གདུགས་ལ་སོགས་པ་དང་མཆོད་པ་དང་ལྡན་པས་ཁྱེར་དེ། འབབ་ཆུ་ཆེན་པོའམ་མཚོ་ཕྲན་ཆུ་ཟབ་མོའི་འགྲམ་དུ་ཀླུའི་དཀྱིལ་འཁོར་བྱས་ལ་མཆོད་གཏོར་ཕུལ་ཏེ། དེ་རྣམས་ལ་རྡུལ་ཚོན་གཏད་ནས་ཆུ་ལ་བསྐུར་ཞིང་། དེ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་འོག་གི་གཞིར་ཁྱེར་བར་བསམ་མོ། །རྡུལ་ཚོན་ཁྱེར་བའི་བུམ་པ་ཆུས་བཀང་ནས་ཁྱེར་འོངས་ཏེ། ཞི་བའི་དོན་དུ་


JLD010_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་གཏོར་བར་བྱའོ། །དེ་ནས་སྔར་བཤད་པའི་སྔགས་དང་ཕྱག་བུ་ཕྱུང་ལ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིངྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཧཱ། ཞེས་འོ་མ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། ཕུར་བུ་རྣམས་བཀྲུས་པས། །བགེགས་རྣམས་སོས་ཏེ་སངས་རྒྱས་པར་བསམས་ལ། ཁུང་བུ་དགང་། དེ་ནས་ཕུར་བུའི་ལྷ་རྣམས་གཤེགས་སུ་གསོལ་ཏེ། །བཀྲ་ཤིས་དང་དགའ་སྟོན་བྱའོ།། །།ཐེག་པའི་མཐའ་ཐུག་བླ་མེད་ཐེག་པ་ལ། །འཇུག་པའི་སྒོ་འབྱེད་དཀྱིལ་འཁོར་ཆོ་ག་འདི། །གྲུབ་པ་ཐོབ་པའི་འཁོར་ལོས་སྒྱུར་པ་རུ། །ཡོངས་སུ་གྲགས་པའི་དཔལ་འཛིན་གཞུང་བཞིན་སྦྱར། །རང་གི་དྲན་པ་གསོ་བ་དང་། །འདུན་ལྡན་མང་པོས་བསྐུལ་བའི་ངོར། །བགྱིས་པ་ལྷག་དང་ཆད་པ་རྣམས། །དཔའ་བོ་མཁའ་འགྲོས་བཟོད་པར་གསོལ། །དེར་འབད་པ་ཡི་དགེ་བ་ཡིས། །བདག་དང་སེམས་ཅན་ཐམས་ཅད་ནི། །འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་ནི། །འབྲལ་བ་མེད་པར་རྗེས་འཛིན་ཤོག །ཅེས་བཅོམ་ལྡན་འདས་གཤིན་རྗེ་གཤེད་བཅུ་གསུམ་མ་གསུམ་གྱི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ནི་རྭ་ལོ་ཙཱ་བས་མཛད་པའི་འཇིགས་བྱེད་བཅུ་གསུམ་མའི་ཆོ་ག་ཕལ་ཆེར་དཔལ་འཛིན་གྱི་གཞུང་དང་མཐུན་པར་སྣང་བས། །གསུམ་ག་གྲུབ་ཆེན་དཔལ་འཛིན་གྱི་གཞུང་གཞིར་བྱས་ལ། ཁུངས་ཐུབ་ཀྱི་དཀྱིལ་ཆོག་གཞན་ནས་ཁ་བསྐོངས་ཏེ། ཆོ་གའི་གོ་དོན་དང་དག་མ་དག་གི་རྣམ་དབྱེ་ཤིན་ཏུ་གསལ་བ་མཚན་དང་བཅས་པ་འདི།


JLD010_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་དགེ་སྦྱོང་བསོད་ནམས་བློ་གྲོས་སོ།། །།མངྒལཾ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousདཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ།next