Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
  expand section
   
   
   
   
   
   
རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་འཁྲིད་ཀྱི་རིམ་པ་མདོར་བསྡུས་པ།
   


 
previousརྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་འཁྲིད་ཀྱི་རིམ་པ་མདོར་བསྡུས་པ།next

རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་འཁྲིད་ཀྱི་རིམ་པ་མདོར་བསྡུས་པ།


JLD010_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་འཁྲིད་ཀྱི་རིམ་པ་མདོར་བསྡུས་པ་བཞུགས་སོ།།


JLD010_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་ཧེ་རུ་ཀ་དཔལ་དང་། །གྲུབ་ཆེན་ཀུན་ཏུ་དགེ་བའི་ཞབས་པད་ལ། །གུས་པ་ཆེན་པོས་འདུད་པའི་ཕྱག་བྱས་ནས། །རྫོགས་རིམ་རྣལ་འབྱོར་ཆེན་པོ་བཤད་ཀྱིས་ཉོན། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཆེན་ལཱུ་ཨི་པ། མཚན་གཞན་ཀུན་ཏུ་དགེ་བ་ཞེས་བྱ་བའི་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་གི་ལམ་ལ་འཁྲིད་པ་ལ་གསུམ། ལམ་གྱི་སྔོན་དུ་འགྲོ་བ་དང་། ལམ་དངོས་དང་། ལམ་གྱི་འབྲས་བུའོ། །དང་པོ་ནི། ཐེག་ཆེན་པ་གཉིས་ཀྱི་ཐུན་མོང་བའི་ལམ་གྱི་རིམ་པས་རྒྱུད་སྦྱང་བ་དང་། ལུགས་འདིའི་དབང་རྫོགས་པར་བསྐུར་བ་དང་། དམ་ཚིག་དང་སྡོམ་པ། དག་པར་བྱེད་པ་གསུམ་ནི་གཞན་དུ་བཤད་པ་ལྟར་བྱའོ། །གཉིས་པ་ལ་གཉིས།


JLD010_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་རིམ་པ་ལ་བསླབ་པ་དང་། རྫོགས་པའི་རིམ་པ་ལ་བསླབ་པའོ། །དང་པོ་ནི། སྒྲུབ་ཐབས་ན་ཡོད་པ་ལྟར་ལྷའི་གསལ་སྣང་རྙེད་པ་དང་། དེ་ལ་རིང་དུ་གནས་པའི་སེམས་བརྟན་པོ་རྙེད་པའི་ཁྲིད་ཀྱི་རིམ་པ་བྱེད་པའོ། །གཉིས་པ་ལ་གཉིས། གང་ལ་གནས་ནས་བསྒོམ་པའི་རྟེན་གྱི་རྣལ་འབྱོར་དང་། དེ་ལ་བརྟེན་ནས་བསྒོམ་པའི་ཚུལ་དངོས་སོ། །དང་པོ་ནི། བསྐྱེད་རིམ་ལ་སེམས་བརྟན་པོ་རྙེད་ན། མཚམས་འདི་ནས་བསྐྱེད་རིམ་ཞར་བྱུང་དུ་དང་། གཙོ་བོར་རྫོགས་རིམ་བསྒོམ། དེ་ལྟ་མིན་པའི་བསྐྱེད་རིམ་ལ་མང་དུ་སློབ་པ་སྔར་སོང་བ་ཡིན་ན། ཐུན་དང་པོ་ལ་བསྐྱེད་རིམ་རྒྱས་པ་ལན་ཅིག་དང་། ཐུན་གཞན་གསུམ་གྱི་དུས་སུ་བསྡུས་ནས་བསྒོམ་པའི་ཚུལ་གཉིས་བྱ་སྟེ། ལྷའི་


JLD010_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཐུན་འཚམ་པ་རེ་བསྒོམ་པ་སྔོན་དུ་བཏང་ནས་ཐུན་གྱི་མཐར་ལྷ་བསྡུས་པའི་འོག་ཏུ་ཧེ་རུ་ཀ་ཡབ་ཡུམ་དུ་ལངས་པའི་ལྷའི་རྣལ་འབྱོར་གསལ་གདབ་པར་བྱས་ལ་བསྒོམ་མོ། །གཉིས་པ་ལ་གསུམ། སྲོག་ཨ་བ་དྷཱུ་ཏཱིར་འཛུད་པའི་རྣལ་འབྱོར་དང་། ཚུད་པ་ལ་བརྟེན་ནས་རྫོགས་རིམ་དངོས་བསྒོམ་ཚུལ་དང་། ལུགས་འདིའི་ལམ་རྣམས་སྦྱོར་དྲུག་དང་རིམ་ལྔར་འཇོག་ཚུལ་ལོ། །དང་པོ་ལ་གསུམ། ལྟེ་བའི་དབུས་སུ་སྤྲིན་གྱི་སྒྲ་ལ་སེམས་བརྟན་པར་བྱེད་ཚུལ་དང་། ལྟེ་བའི་སྤྲིན་སྒྲ་ལས་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་བྱེད་ཚུལ་དང་། རྗེས་གཞིག་གི་རིམ་པའི་བསམ་གཏན་སྒོམ་ཚུལ་ལོ། །དང་པོ་ལ་གསུམ། སྒོམ་པའི་སྔར་ཇི་ལྟར་བྱ་བ་དང་། དེ་ནས་ཇི་ལྟར་བསྒོམ་པ་དང་། བསྒོམ་པས་ཇི་ལྟར་སྐྱེ་བའོ། །དང་པོ་ནི། ཡིད་དང་མཐུན་པའི་བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་འཁོད་ནས། །གནད་བཞི་དང་ལྡན་པར་བྱ་བ་ལ་ལུས་ཀྱི་གནད་ནི། །རྡོ་རྗེ་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང་གང་བདེ་བཅས་ལ། སྒལ་ཚིགས་དང་པོར་བསྲང་། མགྲིན་པ་ཅུང་ཟད་དགུག །མགོ་མི་མཐོ་མི་དམའ་བར་བྱ། མིག་སྣ་རྩེར་བལྟ། སྣ་ལྟེ་བའི་ཐད་སོར་འོང་བ་དང་། མཆུ་དང་སོ་རང་ལུགས་པར་བཞག །ལྕེའི་རྩེ་མོ་ཅུང་ཟད་གྱེན་དུ་ལྡོག །ལག་པ་གཉིས་མཉམ་གཞག་གི་ཕྱག་རྒྱ་བྱའོ། །དུས་ཀྱི་གནད་ནི། སྤྱིར་རྒྱུན་དུ་བ་ཡིན་ལ། ཁྱད་པར་དུ་ཐོ་རངས་སོགས་རིག་པ་གསལ་བ་དང་། ཕྱི་དྲོ་མེའི་དུས་སུ་བསྒོམ་མོ། །རླུང་གི་གནད་


JLD010_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རླུང་ཕྱི་ནང་དུ་འབྱུང་འཇུག་བྱེད་པ་ཧ་ཅང་སྒྲ་ཅན་དང་། དྲག་པར་མི་བྱ་བར་དལ་གྱིས་རྒྱུ་བའི་འཇམ་པོར་བྱའོ། །གང་དུ་དམིགས་པ་གཏོད་པའི་ཡུལ་གྱི་གནད་ནི། །ལུས་ལ་གནད་དུ་བསྣུན་པའི་གདམས་པ་རྣམས་ལ། གང་དུ་དམིགས་པ་གཏོད་ས་ངོས་ཟིན་ནས། དེར་སེམས་གཏོད་པ་རྣམ་པར་དག་པ་ཞིག་མེད་ན། ཇི་ཙམ་བསྒོམས་ཀྱང་ལྷན་སྐྱེས་ཀྱི་ཡེ་ཤེས་མི་སྐྱེ་བས། ཡུལ་གྱི་གནད་ངོས་ཟིན་པ་ཤིན་ཏུ་གལ་ཆེའོ། །དེས་ན་འདིར་ནི་མདུན་གྱི་ལྟེ་བའི་ཐད་སོའི་རྒྱབ་གཞུང་ལ་ཉེ་བ་ན། སྦྲུལ་པའི་འཁོར་ལོ་རིམ་པ་བཞི་པ་ནང་སྐོར་ལ་རྩ་འདབ་བཞི། དེའི་ཕྱི་མ་ལ་བརྒྱད། དེའི་ཕྱི་མ་ལ་བཅུ་དྲུག །བཞི་པ་ལ་རྩ་འདབ་རེ་བཞི་བ་ཞིག་ཡོད་པའི་འཁོར་ལོའི་དབུས་དྲང་པོ་ན། རྩ་དབུ་མ་གཡས་གཡོན་གྱི་རོ་རྐྱང་གི་མདུད་པས་དཀྲིས་པ་ཡོད་ལ། མདུད་པས་བཅིངས་པའི་ཐད་སོའི་དབུ་མའི་ནང་དུ་བསྒོམ་མོ། །གཉིས་པ་ནི། རྩ་དབུ་མའི་གནས་དེར་ཉི་ཟླ་ཁ་སྦྱོར་གྱི་ཐིག་ལེའི་དབུས་ན། དཀར་ལ་དམར་བའི་མདངས་ཆགས་པ། མུ་ཏིག་གི་རྡོག་པོ་ལ་སི་ནྡྷུ་རས་བྱུགས་པ་ལྟ་བུའི་ཧཱུྃ་ཡིག་ཤིན་ཏུ་གསལ་ཞིང་འཚེར་བའི་ཐིག་ལེའི་སྟེང་ན། ཕྲ་བའི་ནཱ་ད་དཀར་ལ་དམར་བའི་མདངས་ཅན་འོད་ཟེར་ལྔ་འབར་བ་ལ་སེམས་གཟུང་བར་བྱའོ། །གང་ལ་དམིགས་པའི་རྟེན། ཧཱུཾ་ཡིག་ནི། ཡི་གེ་དང་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་གཏད་ན་རླུང་འདུ་སླ་བས་དེ་ལྟར་བྱ།


JLD010_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མི་ནུས་ན་རེ་ཞིག་ཆེ་བ་ལ་སེམས་གཏད་ལ། དེ་ནས་ཇེ་ཕྲ་ཇེ་ཕྲར་བཏང་ལ་སེམས་བཟུང་། སེམས་འཛིན་ལུགས་ནི་ཚུར་ངོས་ནས་ཕར་ངོས་ན་ཡོད་པ་ལ་སེམས་འཛིན་པ་ལྟར་མི་བྱ་བར། ནཱ་དའི་ནང་དུ་སེམས་ཞུགས་ཏེ། དེ་དང་དབྱེར་མེད་དུ་སོང་བ་ལྟར་བྱས་ནས་འཛིན་པར་གསུངས་པས། དེ་བཞིན་དུ་བྱའོ། །སེམས་འཛིན་ཚུལ་ནི་སེམས་ཀྱི་གྲིམས་ཆ་ཧ་ཅང་ཆེས་ན་རྒོད་པ་སྐྱེས་ནས་གནས་སུ་མི་བཏུབ་ལ། གྲིམས་ཆ་བཞག་ན་གནས་པ་སྐྱེའང་བྱིང་བ་ཕྲ་མོ་མི་ཆོད་པས་རླུང་ཤིན་ཏུ་འདུ་དཀའ་བས། འདི་ཙམ་ཞིག་བསྒྲིམས་ན་ངེས་པར་རྒོད་པ་སྐྱེ་བར་འདུག་པ་ཉམས་ཀྱི་སྟེང་ནས་ཤེས་པར་བྱས་ལ། དེ་ཙམ་དུ་མི་སྒྲིམ་པར་དེའི་འོག་ནས་རིག་པ་བསྒྲིམས་ཏེ་བཞག་གོ། གང་བྱས་ཀྱང་དམིགས་རྟེན་གསལ་དུ་མ་འདོད་ན། ཁུངས་ཐུབ་དུ་མས་བཤད་པ་བཞིན་སྔོན་དུ་བསྐྱེད་རིམ་གྱི་ཏིང་ངེ་འཛིན་ལས་སུ་རུང་བ་བསྐྱེད་ནས་དེ་ནས་རྫོགས་རིམ་ལ་འཇུག་པ་ཡིན་ན། དམིགས་རྟེན་མི་གསལ་བའི་དོན་མེད་ནའང་། རིམ་པ་དེ་ལས་བརྒལ་ནས་ད་ལྟ་འཇུག་པ་ལྟར་བྱེད་ན། དེ་འདྲ་བའང་འོང་བས་དེ་ལ་ནི། རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་ཉིད་དུ་འཛིན་པའི་ཚུལ་གྱིས་སེམས་དེར་བཟུང་ལ། སེམས་གནས་རྙེད་པ་ན། དེ་ནས་དམིགས་རྟེན་གསལ་བར་སྣང་བ་ལ་བསླབས་ལ། ནཱ་ད་ལ་སེམས་བཟུང་ངོ་། །དེའང་ལུས་ཀྱི་ཀུན་སྤྱོད་སློད་པའི་ངང་ནས་བྱའི། །ལུས་ཀྱི་གྲིམས་ཆ་ཆེ་བར་མི་བྱའོ། །འདི་ལ་བྱིང་རྒོད་


JLD010_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཚུལ་དང་། དེ་ལྟར་བསྐྱངས་པ་ལས་སེམས་གནས་སྐྱེ་བའི་རིམ་པ་ནི་གཞན་ནས་གསུངས་པ་དང་འདྲ་བས་ཐེག་པ་གཉིས་ཐུན་མོང་གི་ལམ་རིམ་དུ་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །གསུམ་པ་ནི། འདི་ལྟར་བསྐྱངས་པས་སེམས་རྒོད་པ་ཕྲ་མོ་དང་ཡང་བྲལ་བའི་མི་རྟོག་པ་ཤིན་ཏུ་འཐུག་པ་དང་། བྱིང་བ་ཕྲ་མོའང་ཆོད་པས་རིག་པ་ངར་དང་ལྡན་པའི་གསལ་དངས་ཆེ་བ་དང་། ལུས་དང་སེམས་ལ་བདེ་བའི་ཉམས་ཆེ་བ་རྣམས་འབྱུང་མོད་ཀྱང་། དེ་འདྲ་བ་ནི་ཆོས་འདི་པ་དང་གཞན་པ་དང་ཐེག་པ་ཆེ་ཆུང་གཉིས་ཀ་དང་རྒྱུད་སྡེ་གོང་འོག་དང་རིམ་པ་གཉིས་ཀའི་ཐུན་མོང་བ་ཡིན་པས་འདིར་རྫོགས་རིམ་པའི་ལུས་ལ་གནད་དུ་བསྣུན་པའི་ཏིང་ངེ་འཛིན་སྐྱེ་ལུགས་ཐུན་མོང་མིན་པ་ཞིག་དགོས་ལ། དེའང་སྔར་ལྟར་བསྒོམས་པས་སྲོག་དྷཱུ་ཏཱིར་སྡུད་པའི་ཉམས་རྟགས་ཁྱད་པར་ཅན་རྣམས་སྐྱེ་དགོས་སོ། །དེའང་དམིགས་པ་འདི་ལྟར་བྱས་ནས་བསྒོམ་པ་ལ་ནི། སྔར་བཤད་པའི་དམིགས་རྟེན་ཤིན་ཏུ་གསལ་བ་ལ། ཐུན་རེའི་བར་དུ་བྱིང་རྒོད་ཕྲ་མོ་དང་བྲལ་བར་སེམས་ཤིན་ཏུ་བརྟན་པར་གནས་པའི་ཐུན་འཁྱོངས་པ་བརྟན་པ་ཞིག་མ་བྱུང་བར་དུ་སྲོག་དབུ་མར་ཚུད་པ་ཤིན་ཏུ་དཀའ་བས། །དེ་འདྲ་བ་ཞིག་བྱུང་བྱུང་བར་དུ་སྒོམ་དགོས་སོ། །འདིར་ཐུན་གཅིག་ནི་ཞག་གཅིག་གི་དྲུག་ཆའོ། །ཐུན་འཁྱོངས་པའི་བརྟན་པ་ནི། ཁམས་མི་བདེ་བ་སོགས་ཀྱི་འགལ་རྐྱེན་གློ་


JLD010_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བ་གཞན་མེད་ན། བྱིང་རྒོད་དང་བྲལ་བར་ཐུན་ངེས་ཅན་དུ་འཁྱོངས་པའོ། །འདི་ཡང་སྔར་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་མ་བསྐྱངས་པར་སེམས་མི་རྟོག་པ་ཙམ་བསྐྱངས་པའི་གནས་ཆ་བརྟན་པོ་རྙེད་ཅིང་གསལ་ཉམས་ཤས་ཆེ་བས་སྔར་བཤད་པའི་དམིགས་པ་ལ་ཐུན་འཁྱོངས་པས་མི་ཆོག་པར་སྣང་བས། སྔར་བཤད་པའི་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་འདི་འདྲ་ལ་རིང་དུ་བསྐྱངས་པས་ཐུན་འཁྱོངས་པ་དགོས་སོ། །འདི་འདྲ་བའི་སྒོམ་ཚུལ་གྱིས་རླུང་དྷཱུ་ཏཱིར་འཛུད་པ་ནི། སྡོམ་འབྱུང་དང་སཾ་བྷུ་ཊ་དང་། ཞལ་ལུང་དང་ཤ་བ་རི་དབང་ཕྱུག་སོགས་ཁུངས་ཐུབ་མང་པོས་བཤད་པ་ནི། འདིའི་རྫོགས་རིམ་གྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མར་རྒྱས་པར་བཤད་པ་ལས་ཤེས་པར་བྱ་ཞིང་། ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་ཁྱད་པར་གསལ་བྱེད་ལས་ཀྱང་། ཡང་ན་ལྟེ་བའི་པདྨ་ལ་གནས་པའི་ཉི་མ་དང་ཟླ་བ་ཁ་སྦྱོར་བའི་ནང་ན་ཡོད་པའི་ས་བོན་ཧཱུྃ་ལས་བྱུང་བའི་པདྨའི་རྩ་བ་ལྟར་འོད་ཟེར་གྱི་རི་མོ་ལ་སེམས་བརྟན་པར་བྱེད་པའི་སྒོ་ནས་རྩ་གཉིས་ལ། སྲོག་གི་རྒྱུ་བ་སྤངས་ནས་དབུ་མ་ལ་རབ་ཏུ་འཇུག་པས། གཏུམ་མོ་སྦར་བ་ལས་སྤྱི་བོའི་ཟླ་བ་ཞུ་ནས། འཁོར་ལོར་ཁྱབ་པའི་རིམ་པས་དགའ་བ་ལ་སོགས་པའི་དབྱེ་བའི་ཁྱད་པར་གྱིས། ལྷན་སྐྱེས་ཀྱི་དགའ་བ་བྱུང་ནས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པས། ཞེས་གསུངས་ཏེ། སེམས་ཀྱི་རྗེས་སུ་རླུང་འབྲང་བའི་གནད་ཀྱིས་དྷཱུ་ཏཱིའི་ནང་དུ་སེམས་འཛིན་པའི་


JLD010_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་གི་གནད་ཤེས་པས་བསྒོམས་ན་སྲོག་རླུང་རོ་རྐྱང་ལ་རྒྱུ་བ་ལྡོག་ནས་དབུ་མར་འཛུད་ནུས་ཤིང་། དེ་ལ་བརྟེན་ནས་དབུ་མའི་ནང་གི་གཏུམ་མོ་འབར་ནས་སྤྱི་བོའི་ཧཾ་ཡིག་གི་ཐིག་ལེ་དཀར་པོ་ཞུ་སྟེ། ལམ་དེ་ནས་འཁོར་ལོ་བཞིའི་དབུས་སུ་རིམ་པར་བབ་པ་ལས་དགའ་བ་བཞི་སྐྱེ་བ་ཡིན་ནོ། །ཡང་ན་ཞེས་པ་ནི་སྒྲུབ་ཐབས་སུ་བཀོད་པའི་རྫོགས་རིམ་གྱི་གཞུང་གི་ཚིག་དོན་བཤད་པའི་སྐབས་སུ། དང་པོར་ལྟེ་བར་ཡེ་ཤེས་སེམས་དཔའ་ཡབ་ཡུམ་བསྒོམས་ནས་སྡུད་རིམ་བྱས་པའི་སྐབས་སུ། ཧཱུཾ་ཡིག་བསྒོམ་པར་བཤད་པ་ལྟར་རམ། ཡང་ན་དང་པོ་ནས་སྔར་བཤད་པ་ལྟར་ལྟེ་བར་ཧཱུཾ་ཡིག་བསྒོམ་པར་བྱ་ཞེས་པའི་དོན་ཡིན་ལ། དེའང་ཡེ་ཤེས་སེམས་དཔའ་བསྒོམ་པའི་སྡུད་རིམ་གྱི་དམིགས་པ་ལ་འདོར་ལེན་འགའ་ཞིག་བྱས་ནས་ཧཱུཾ་ཡིག་བསྒོམ་པ་ཙམ་སྔར་བླངས་པ་ཡིན་གྱི། དར་མ་བཤད་པའི་དམིགས་པ་ལོགས་པ་མིན་ནོ། །འོ་ན་སྔར་བཤད་པའི་སྒོམ་ཚུལ་དེ་བསྒོམས་པས་སྲོག་ངྷཱུ་ཏཱིར་ཞུགས་པའི་ཞུགས་རྟགས་མི་འཁྲུལ་བ་ཇི་ལྟ་བུ་འབྱུང་སྙམ་ན། འདི་ནི་ཤིན་ཏུ་གལ་ཆེ་ཞིང་། རྟགས་བཤད་པ་གཞན་མང་དུ་སྣང་བ་རྣམས་ནི་ལྟར་སྣང་འབའ་ཞིག་ཏུ་འདུག་པས། ཡིད་ཆེས་པའི་རྟགས་མྱོང་བས་ངེས་ཐུབ་པ་ནི་འདི་ཡིན་ནོ། །ཐུས་འཁྱོངས་པའི་འོག་ཏུ་རང་གི་སྣ་བུག་གང་རུང་རེ་རེ་བར་རྒྱུ་བའི་འཕོས་མ་ཐག་པའི་སྐབས་ངོས་བཟུང་ལ།


JLD010_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལུས་གནད་དང་སེམས་ཀྱི་འཛིན་ལུགས་སྔར་བཞིན་བྱས་པའི་མཐུས། རིང་པོར་མི་ཐོགས་པར་སྣ་སྒོར་བརྟགས་པ་ན་རླུང་མཉམ་རྒྱུར་ཐེངས་པ་དང་། དེའང་ལན་རེ་རེ་གཉིས་གཉིས་ཙམ་ལ་ངེས་པ་མེད་ཀྱི་འགལ་རྐྱེན་གཞན་མེད་ན། ངེས་ཅན་དུ་ཐེངས་ཀྱིན་འདུག་པ་དང་། མཉམ་རྒྱུའང་གང་རུང་གཅིག་དྲག་ལ་ཅིག་ཤོས་ཞན་པ་མིན་པར་དྲག་ཞན་ཤེད་མཚུངས་སུ་རྒྱུ་བ་འོང་བར་སྣང་ན། རྣལ་འབྱོར་དེའི་སྟོབས་ཀྱིས་སྲོག་དབུ་མར་འཛུད་ནུས་པ་ཙམ་དུ་འཇོག་ནུས་མོད་ཀྱང་། ལན་ཅིག་ཚུད་ཕྱིན་ཆད་ནས་གཡས་གཡོན་རེ་རེ་བར་མི་འཕོ་བ་མིན་ནོ། །དེ་ནི་སྲོག་ངྷཱུ་ཏཱིར་ཞུགས་པ་ཡིན་ལ། དྷཱུ་ཏཱིར་གནས་པ་ནི་མཚམས་འདི་ནས་དྲིལ་ཏེ་བསྒོམས་པས། སྣ་བུག་གི་རྒྱུ་བ་ཞན་དུ་སོང་བའི་མཐར་ཞིབ་ཏུ་བརྟགས་པ་ན། རྒྱུ་བ་ཕྲ་མོའང་ལྡོག་པ་ཞིག་འོང་། ལྡོག་ཚུལ་དེ་ངེས་དཀའ་ན་ལུས་དྲང་པོར་གཡོ་འགུལ་མེད་པར་བདེ་མོར་གནས་པའི་དུས་སུ། ལྟོ་བ་འགུལ་མི་འགུལ་བརྟག །ཅུང་ཟད་འགུལ་བར་སྣང་ན། མ་ལོག་པའི་རྟགས་ཡིན། བརྟག་པ་འདི་ཁྱད་པར་དུ་ལྟེ་བ་མན་ཆད་ཀྱི་ཐུར་སེལ་འོག་གི་སྣ་སྒོར་འབྱུང་འཇུག་བྱེད་མི་བྱེད་རྟོག་པ་ལ་གལ་ཆེ་བ་ཡིན། སྣ་བུག་གི་རྒྱུ་བ་ཕྲ་མོའང་ལོག་པ་ལ་ཐིམ་དཀའ་སླ་གཉིས་ལས། ཐིམ་དཀའ་ན་ཡུད་ཅིག་ལ་ལྟོ་བ་རླུང་གིས་ཁེངས་པ་འབྱུང་ཞིང་། དེ་ནས་ཞི་བར་འགྱུར་ལ། ཞི་མ་ཐག་ལྟེ་བ་དང་གསང་གནས་ཀྱི་མི་གནས་པའི་


JLD010_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཐད་ནས་དྲོད་ཁྱད་པར་ཅན་སྐྱེ། དེ་ནས་རིམ་གྱི་ཞུ་བདེ་འདྲེན་ན། །སྣ་བུག་གི་རྒྱུ་བ་ཕྲ་མོའང་ལོག་པ་འདི་བྱིང་བ་ཕྲ་མོ་མཆོད་པར་བསགས་པས་བྱིང་བ་ཤས་ཆེ་བ་ཞིག་ལའང་འོང་བས་རྩ་འཁོར་གྱི་ལྟེ་བར་གནད་དུ་བསྣུན་པ་ལ་མི་མཁས་པར་བུམ་པ་ཅན་མང་དུ་བསྒོམ་པ་བྱས་ཤིང་སྲོག་དྷཱུ་ཏཱིར་ཚུད་པར་ནི་མི་ནུས་པའི་རླུང་རྩ་གནས་གཞན་དུ་བྱེར་བ་ལ་རླུང་འབྱུང་འཇུག་ཀྱང་མི་བྱེད་ཅིང་ནང་དུ་འཛིན་རྒྱུའང་མེད་པ་ཞིག་འོང་ཡང་། དེ་ནི་དྷཱུ་ཏཱིར་ཚུད་པ་དང་ཐིམ་པ་གང་ཡང་མིན་པས་ཁྱད་པར་དེ་རྣམས་ལེགས་པར་ཕྱེད་པར་བྱའོ། །རླུང་དྷཱུ་ཏཱིར་ཐིམ་པ་བྱུང་ཡང་སླར་ཡང་རླུང་ལངས་ནས་རྩ་རྣམས་ལ་རྒྱུ་བ་ནི་དུ་མ་ཞིག་འོང་ངོ་། །སྐབས་འདིར་སྟོང་པ་བཞི་དང་དགའ་བ་བཞི་སྐྱེ་ཚུལ་སོགས་ཀྱི་རྟོག་པ་སྐྱེ་ཚུལ་ནི་འོག་ཏུ་འཆད་པར་བྱའོ། །གཉིས་པ་ལ་གཉིས། རྡོར་བཟླས་ཇི་ལྟར་བྱ་བ་དང་། དེ་ལྟར་བསྒོམས་པས་ཉམས་མྱོང་སྐྱེ་ཚུལ་ལོ། །དང་པོ་ནི། །སྔར་བཤད་པའི་ལྟེ་བའི་ནཱ་ད་ལ་སེམས་བརྟན་པའི་གནས་པ་རྙེད་པ་ན་རྡོར་བཟླས་བསྒོམས་ན་གནད་དུ་འགྲོ་ཚབས་ཆེ་བས་དེ་ལྟར་བྱའོ། །འདི་ལ་ལུས་དང་རླུང་དང་དུས་ཀྱི་གནད་གསུམ་ནི་སྔར་དང་འདྲའོ། །ཡུལ་གྱི་གནད་ནི་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཟླ་བ་དཀར་དམར་གྱི་སྟེང་དུ་ཧཱུཾ་ཡིག་གམ་ནཱ་ད་དཀར་དམར་བསམས་ལ། དེ་ལས་རླུང་ཕྱིར་ལྡང་བ་དང་དེར་ནང་དུ་


JLD010_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་དང་དེར་གནས་པ་བྱའོ། །དེའང་རླུང་ནང་དུ་འཇུག་པའི་དུས་སུ་དྷཱུ་ཏཱིའི་ནང་ནས་རླུང་གི་གདངས་ཨོཾ་ཡིག་གི་གདངས་སུ་བྱུང་བར་བསམས་ལ། ལྟེ་བའི་ཧཱུཾ་ཡིག་གི་ནཱ་ད་ལེ་གཞུག །དེ་ལས་རླུང་ལྡང་འཇུག་གང་རུང་ཞིག་གི་ཡུན་ཚད་ཙམ་ཞིག་ཞུགས་པ་དེར་བཟུང་ནས། དེའི་རང་གདངས་ཨཱཿཡིག་གི་གདངས་སུ་བསམ། དེ་ནས་དྷཱུ་ཏཱིའི་ནང་གི་ཧུྃ་ངམ་ནཱ་ད་ལས་ཕྱིར་འགྲོ་བའི་ཚེའང་དྷཱུ་ཏཱིའི་ནང་ནས་ཕྱིར་འགྲོ་བར་བསམ་ཞིང་། དེའི་ཚེ་རླུང་གི་རང་གདངས་ཧཱུཾ་གི་གདངས་སུ་བྱུང་བར་བསམས་ལ། བསྐྱེད་རིམ་པའི་ཡིད་བཟླས་ཀྱི་རྡོར་བཟླས་སུ་མ་ཤོར་བར་རླུང་གི་གདངས་དང་སྔགས་གསུམ་གྱི་གདངས་དབྱེར་མི་ཕྱེད་པར་གནས་པ་ལ་སེམས་གཏད་དེ་རྡོར་བཟླས་བྱའོ། །ལྡང་འཇུག་གནས་གསུམ་རྩ་དབུ་མའི་ནང་ནས་མ་བྱས་པར་སྤྱིར་ཁོང་པའི་ནང་ནས་འགྲོ་འོང་སོགས་བྱེད་པའི་རྡོར་བཟླས་ལ་ཇི་ཙམ་འབད་ཀྱང་སྲོག་དབུ་མེད་བཙུད་པའི་ཞུགས་གནས་ཐིམ་གསུམ་ལས་ལྷན་སྐྱེས་དངོས་སུ་བསྐྱེད་ནུས་པ་མི་སྲིད་པས། རྡོར་བཟླས་ཀྱི་གནད་ཡེ་མ་རྟོགས་པ་ཡིན་ལ། རྩ་དབུ་མ་ནས་རྡོར་བཟླས་བྱེད་པ་ནི། གདམས་ངག་གི་དམ་པའོ། །འདི་ལའང་རིག་པ་ལ་ངར་ཐོན་པ་དང་མ་བྲལ་བར་བྱ་དགོས་ཏེ། དེ་མ་བྱས་པར་རིག་པ་ཤུགས་ཆུངས་ན་བྱིང་བ་ཕྲ་མོ་སྐྱེས་པ་བསགས་པས་རླུང་སྣ་བུག་ཏུ་འབྱུང་འཇུག་མི་བྱེད་པའི་སེམས་གནས་པོ་བྱུང་ཡང་སྲོག་དྷཱུ་ཏཱིར་སྡུད་པ་ལ་ཤིན་ཏུ་གནོད་པས།


JLD010_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མ་སོང་བར་རེ་ཞིག་ལ་ཐུན་ཆུང་ལ་གྲངས་མང་བར་བྱའོ། །གཉིས་པ་ནི། རྡོར་བཟླས་བྱས་པས་མྱོང་བ་སྐྱེ་ཚུལ་ནི་རེ་ཞིག་རླུང་གི་གདངས་ལ་སྔགས་སུ་མོས་པ་ཙམ་ལས་མི་འབྱུང་ཡང་། གོམས་པའི་མཐར་ཕར་ལ་མོས་པ་བྱས་པ་ཙམ་མིན་པར་ཚུར་ལ་རང་གི་གདངས་ཡི་གེ་གསུམ་གྱི་གདངས་སུ་འཆར་བའི་གསུང་གི་ང་རྒྱལ་འཕོས་པ་འབྱུང་སྟེ། བསྐྱེད་རིམ་གྱི་ང་རྒྱལ་དང་འདྲའོ། །དེའང་རྡོར་བཟླས་ཀྱི་གནས་དང་པོར་དྷཱུ་ཏཱིའི་ནང་ནས་འབྱུང་འཇུག་བྱེད་པར་མོས་པ་ཙམ་ཡིན་ཀྱང་།གདམས་ངག་གི་གནད་ལེགས་པར་ཤེས་ནས་གོམས་པ་བསྲིངས་ན་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་དྷཱུ་ཏཱིའི་ནང་ནས་དངོས་སུ་འབྱུང་འཇུག་བྱེད་པ་འོང་ངོ་། །དེའང་དཔེར་ན་རླུང་བྱང་བའི་མཚམས་སུ་སྣ་བུག་གཡས་རྐྱང་ལ་རྒྱུ་བ་ན་གཡོན་དུ་དམིགས་པ་གཏད་ན་གཡས་ལ་རྒྱུ་བ་ལོག་ནས་གཡོན་དུ་རྒྱུ་བ་དང་། གཡོན་རྐྱང་ལ་རྒྱུ་བའང་། དམིགས་པ་གཡས་སུ་གཏད་ན་དེར་དངོས་སུ་རྒྱུ་བར་བྱེད་ནུས་པ་བཞིན་དུ་རླུང་རྩ་གང་ལ་རྒྱུའང་དབུ་མ་ཉིད་ནས་རྒྱུ་བར་མོས་པའི་རྡོར་བཟླས་བྱས་ན། །གོམས་པའི་མཐར་མོས་པ་ཙམ་མིན་པར་དབུ་མ་ནས་དངོས་སུ་རྒྱུ་བ་འབྱུང་ངོ་། །འདི་ལའང་དང་པོར་སྣ་བུག་རེ་རེ་བར་རྒྱུ་བཞིན་པར། རྡོར་བཟླས་བྱས་པའི་མཐུས་མྱུར་པོར་མཉམ་རྒྱུར་ངེས་ཅན་དུ་ཐེངས་པའི་ཚུལ་སྔར་བཤད་པ་བཞིན་དུ་འོང་བར་འདུག་ན་རྡོར་བཟླས་


JLD010_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རླུང་དྷཱུ་ཏཱིར་ཚུད་པ་ཡིན་ནོ། །དེ་ནས་སྲོག་དྷཱུ་ཏཱིར་གནས་པ་འོང་ལུགས་ནི་འབྱུང་འཇུག་གང་རུང་རེའི་ཡུན་ཚད་ཀྱི་གནས་པ་ནི་དང་པོར་ཆེད་དུ་བྱ་དགོས་ལ། དེ་གོམས་པ་ཡུན་བསྲིངས་ན་མཚམས་ཤིག་ནས་ཆེད་དུ་མ་བྱས་ཀྱང་རང་གི་ངང་གིས་གནས་པ་ཞིག་འོང་། དེ་བྱུང་ན་སླར་ཡང་གོམས་པ་བསྲིངས་པས་གནས་པ་ཇེ་རིང་ཇེ་རིང་དུ་འགྲོ། དེའི་གནད་ཀྱིས་ལྡང་འཇུག་གཉིས་ཇེ་ཐུང་དུ་སོང་ནས་མཐར་འབྱུང་འཇུག་གི་རྒྱུ་བ་ཕྲ་མོའང་ལོག་ནས་གནས་པ་འབའ་ཞིག་པར་འགྲོའོ། །སྲོག་དབུ་མར་གནས་པ་རྙེད་པའི་ཚེ་ལྟེ་པའི་དྷཱུ་ཏཱིའི་ནང་གི་ཡི་གེ་སོགས་ལ་དམིགས་པ་གཏད་ནས་སེམས་བཟུང་བས་མྱུར་པོར་རླུང་ཐིམ་པར་འགྱུར་ཏེ་ཐིམ་ལུགས་སྔར་བཤད་པ་ལྟར་རོ། །རྡོར་བཟླས་ཀྱིས་དབུ་མའི་རྩ་མདུད་འགྲོལ་བ་ནི། རྒྱུད་རྡོ་རྗེ་ཕྲེང་བ་ལས། སྒྲ་དང་ཐིག་ལེའི་མིང་དུ་བྱས། །རླུང་གཉིས་ཀྱིས་ནི་ཕྱེ་ནས་ནི། །མ་རིག་མདུང་པ་འབྱེད་པར་བྱེད། ཅེས་རླུང་འབྱུང་འཇུག་གཉིས་ལ་རྡོར་བཟླས་བྱས་པས། སྙིང་གའི་དྷཱུ་ཏཱི་ལ་རོ་རྐྱང་གིས་དཀྲིས་པའི་མ་རིག་པའི་མདུད་པ་འབྱེད་པར་གསུངས་ཏེ། དཔེར་ན་སྨྱུག་མའི་སྦུབས་འགགས་པ་ལ་ཐུར་མ་རིང་པོས་དེའི་ནང་དུ་འབྱུང་འཇུག་བྱས་པས་ཕྱེད་པ་བཞིན་དུ། རླུང་འབྱུང་འཇུག་གིས་ཀྱང་དེ་བཞིན་དུ་འབྱེད་དོ། །རྒྱུད་དེར་སྔགས་ཀྱི་དེ་ཉིད་རྡོར་བཟླས་ཀྱིས་དྷཱུ་ཏཱི་འབྱེད་པ་མང་དུ་གསུངས་སོ། །དེ་ལྟར་ཁུངས་ཐུབ་ཀྱི་གཞུང་མང་པོ་ལས་གསལ་བར་གསུངས་ཀྱང་། བོད་ཀྱི་


JLD010_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ལ་འདིའི་གནད་ཐོན་པའང་ཤིན་ཏུ་དཀའ་བར་བྱུང་འདུག་པས། འདི་རྣམས་འདིའི་རྫོགས་རིམ་གྱིས་བཤད་པ་ལས་ཤེས་པར་བྱའོ། །འགྲེལ་པ་གསུམ་ལས། སྣོད་བཅུད་དཀྱིལ་འཁོར་སོགས་སྡུད་རིམ་བྱས་ཏེ། འོད་གསལ་དུ་ཞུགས་པ་ལས་ལངས་པའི་འོག་ཏུ་རྡོར་བཟླས་བྱ་བར་གསུངས་པ་ནི། བསྐྱེད་རིམ་གྱི་སྐབས་སུ། སྡུད་རིམ་གྱི་རྫོགས་རིམ་སྒོམ་པ་དང་རིམ་པ་གཉིས་ཀའི་བཟླས་བ་ཕྱོགས་གཅིག་ཏུ་འཆད་པའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་བསྐྱེད་རིམ་བསྒོམས་ཟིན་པའི་འོག་ཏུ་ལོགས་སུ་རྫོགས་རིམ་བསྒོམ་པར་བཤད་པའི་ལུགས་ལྟར་བྱས་པ་ཡིན་པས་མི་འགལ་ལོ། །གསུམ་པ་ནི། དབྱངས་གསལ་ཚར་གཅིག་ངག་ཏུ་བརྗོད་པ་ལས། ཨཱ་ལི་ཀཱ་ལིའི་ཕྲེང་བ་འོད་ཟེར་ལྔ་ལྡན་འཁོར་ལོ་གསུམ་གྱི་ལྷ་ཚོགས་འཕྲོ་བ་ཅན་སྣ་བུག་གཡས་པའི་རླུང་དང་འགྲོགས་ནས་ཕྱིར་འཕྲོས་པས་འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་ལྷའི་བདག་ཉིད་དུ་བྱས་ཏེ། ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་རོ་མཉམ་དུ་གྱུར་ཏེ། སྣ་བུག་གཡོན་ནས་ཞུགས་ནས་ལྟ་བར་གནས་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྫོགས་པ་དཀར་ལ་དམར་པོའི་མདངས་ཅན། དབྱངས་གསལ་གཟུགས་བརྙན་བཞིན་དུ་ཤར་བ་བསམ་མོ། །ཟླ་བའི་དབུས་སུ་ཧཱུཾ་ཡིག་


JLD010_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ལ་དམར་བའི་མདངས་ཅན་གནས་པར་བསྒོམས་ལ། ཟླ་བ་ཧཱུཾ་ཡིག་དང་བཅས་པ་རྣམས་ཡོངས་སུ་གྱུར་པ་ལས་རང་ཉིད་ཧེ་རུ་ཀ་སྐུ་མདོག་དཀར་པོ་གཡས་བརྐྱང་གིས་བཞུགས་པ། ནམ་མཁའི་འཇའ་ཚོན་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་ལ་འཁྱུད་ཅིང་། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པས་འཁྱུད་པར་བསམ་མོ། །དེ་ནས་སྐད་ཅིག་གིས་གསང་གནས་གཉིས་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབ། རང་ཉིད་བདེ་མཆོག་དངོས་དང་ཡུམ་ཕག་མོ་དངོས་ཡིན་པར་ང་རྒྱལ་བརྟན་པོ་བསྐྱེད་ལ། འཁྱུད་པ་དང་ཙུ་མྦ་ན་ལ་སོགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་བསྐྱོད་པ་དང་། བདེ་བའི་རང་བཞིན་གྱི་འོད་ཟེར་དམར་པོ་འཕྲོས་པ་ཕོག་པས་སྣོད་བཅུད་ཐམས་ཅད་འོད་ཀྱི་རྣམ་པར་བྱས་པར་བསམ་མོ། །དེ་ནས་སྣོད་ཐམས་ཅད་བཅུད་ལ་བསྡུ། བཅུད་ཐམས་ཅད་དམ་ཚིག་སེམས་དཔའ་ཡབ་ཡུམ་ལ་བསྡུ། དམ་ཚིག་པ་ཡབ་ཡུམ་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་ཐིམ། དེ་གཉིས་ཀྱང་སྙོམས་པར་ཞུགས་པས་ཞུ་སྟེ། ཞུ་བ་དེ་ཡོངས་སུ་གྱུར་པ་ལས། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་སི་ནྡྷུ་རས་བྱུགས་པའི་མུ་ཏིག་ལྟ་བུའི་ཧཱུཾ་ཡིག་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། དེའི་ཨུ་ནས་ནཱ་དའི་བར་དུ་སྔ་མ་ཕྱི་མ་ལ་རིམ་གྱིས་བསྡུས་ནས། ནཱ་དའང་སྐྲའི་རྩེ་མོ་བརྒྱ་སྟོང་


JLD010_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆ་ཙམ་དུ་བྱས་པ་ལ་སེམས་བཟུང་ངོ་། །སྡུད་རིམ་འདི་ཡིད་ངོར་ཇི་ལྟ་བ་བཞིན་དུ་སྡུད་ནུས་པར་སྣང་ན། རང་གི་ལྟེ་བའི་སྣང་བ་མི་འཆར་ཡང་། དེའི་ཐད་སོར་དམིགས་ནས་སྔར་བཞིན་བསྒོམ། ནཱ་ད་ཙམ་ལ་དམིགས་རྟེན་མ་བྱས་ན་རླུང་སྡུད་ནུས་པ་ཇི་བཞིན་དུ་མི་འོང་བར་སྣང་ན་ནཱ་ད་ལ་དམིགས། དེ་ལ་སེམས་མ་བཟུང་ཡང་སྡུད་རིམ་བྱས་པ་ཉིད་ཀྱིས་རླུང་སྡུད་ནུས་པར་སྣང་ན། ནཱ་དའང་མི་དམིགས་པར་བྱས་ལ་ལྟེ་བའི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་ཐད་ཀ་ཙམ་དུ་དམིགས་ལ་སེམས་གཡོ་མེད་དུ་བཟུང་ངོ་། །སྡུད་རིམ་འདི་ཡུན་ཧ་ཅང་ཐུང་བ་མིན་པར་བར་བར་དུ་སྣང་བ་བསྡུས་པའི་སྟོང་པའི་ངང་ལས། དམ་ཚིག་སེམས་དཔའ་དང་དེའི་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་སྐུར་ལངས་ནས། སྔར་ལྟར་སྡུད་རིམ་དང་དེའི་མཐར་སེམས་འཛིན་པ་བྱས་ན་རླུང་དབུ་མར་འདུ་བ་མྱུར་བའི་ཁྱད་ཆེ་བ་ཡིན་ནོ། །འདི་ལའང་རླུང་དབུ་མར་ཚུད་པ་དང་། དེར་འབྱུང་འཇུག་མི་བྱེད་པར་གནས་པ་དང་། དེ་ནས་རླུང་ཐིམ་པ་འོང་ཚུལ་དང་། སེམས་འཛིན་ཚུལ་སོགས་ནི་སྔར་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་རླུང་དྷཱུ་ཏཱིར་ཚུད་པ་ལ་བརྟེན་ནས་རྫོགས་རིམ་དངོས་སྒོམ་ཚུལ་ལ་གསུམ། མཉམ་གཞག་ཏུ་སྐྱོང་ཚུལ་དང་། རྗེས་ཐོབ་ཏུ་སྐྱོང་ཚུལ་དང་། དེ་ལ་བརྟེན་ནས་བསྲེ་བ་བྱེད་ཚུལ་ལོ། །དང་པོ་ལ་གཉིས། སྟོང་ཕྱོགས་ཀྱི་རྫོགས་རིམ་སྐྱོང་ཚུལ་དང་། སྣང་ཕྱོགས་ཀྱི་


JLD010_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་སྐྱོང་ཚུལ་ལོ། །དང་པོ་ནི། ལཱ་བ་པས། དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཀའི་རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་བ། །བཞི་པ་སྒྲོན་མེ་འབར་བ་ལྟ་བུར་གསལ། །མཚན་མ་ལྔ་པ་རྣམ་པར་མ་རྟགས་པར། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །དེ་ལྟ་བུ་ཡི་མཚན་མ་ཐོབ་ནས་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་ཡིན། །ཞེས་ལྟེ་བར་སྔར་ལྟར་སེམས་བཟུང་བ་ལས། རྟགས་རྣམས་འཆར་བའི་སྐབས་སུ་གསུངས་སོ། །དེ་ལ་རི་དྭགས་སྲེད་ནི་སྨིག་རྒྱུའོ། །རྟགས་བཞི་པོ་འདི་སྔ་མ་ལས་ཕྱི་མ་གསལ་དུ་སོང་བ་ལ་སྨིག་རྒྱུ་སོགས་དང་འདྲ་བར་གསུངས་ཀྱི་དེ་རྣམས་དང་འདྲ་བའི་སྣང་བ་འཆར་བ་མིན་ཞེས་པ་དང་། ཁ་ཅིག་རྟགས་ཅན་གྱི་ཤེས་པ་བརྟན་གཡོའི་ཚད་ཡིན་ཞེས་པ་དང་། ཁ་ཅིག་དུ་བ་སོགས་དང་འདྲ་བའི་སྣང་བ་འཆར་བ་ལ་བཞེད་པ་གསུམ་བྱུང་བ་ནི་ཕྱི་མ་ཉིད་ལེགས་པ་ཡིན་ནོ། །རླུང་འདུ་ཕུལ་ཆེ་ཆུང་ལ་སོགས་པའི་གནད་ཀྱིས་རྒྱ་ཆེ་ཆུང་དང་བརྟན་མི་བརྟན་སོགས་སྣ་ཚོགས་ཤིག་འཆར་བས་མཐའ་གཅིག་ཏུ་མ་ངེས་སོ། །དུ་བ་ལ་སོགས་པ་འདི་ཐམས་ཅད་སྲོག་དབུ་མར་སྡུད་པའི་ཐབས་ཁྱད་པར་ཅན་གྱི་སེམས་འཛིན་དང་། དེ་ལྟ་བུ་མིན་པའི་སེམས་མི་རྟོག་པར་འཇོག་པ་བསྐྱངས་པ་རྣམས་ལའང་འབྱུང་བ་གཉིས་ཡོད་པའི་ཁྱད་ལེགས་པར་ཕྱེད་དགོས་སོ། །ཐབས་སྔ་མ་ལ་འབྱུང་བ་ལའང་ཕྱིན་ཅི་ལོག་གི་སའི་རླུང་ལ་


JLD010_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣམས་ལྡོག་རུང་དུ་སོང་བ་དང་། ཅུང་ཟད་ལོག་པ་དང་གཏན་ནས་ལོག་པའི་རྟགས་གསུམ་འོང་བར་སྨན་ཞབས་ཀྱིས་བཤད་པ་ལྟར། དབང་པོའི་སྒོ་རྣམས་ནས་ཕྱིར་ཧ་ཅང་གཡོ་བའི་རླུང་ཅུང་ཟད་ནང་དུ་ལྡོག་པར་རྩོམ་པ་དང་། ཅུང་ཟད་ལོག་པ་དང་། དབུ་མར་ཅུང་ཟད་ཚུད་པ་ལ་སོགས་པའི་རྟགས་ནས་བཟུང་སྟེ། ལམ་མཐོན་པོར་སོང་བའི་སྐབས་ཀྱི་ལྡོག་པ་དང་། ལོག་རྟགས་ཁྱད་པར་ཅན་དུ་གྱུར་པའི་རིམ་པ་དུ་མ་ཞིག་ཡོད་པ་ལས། འདིར་ནི་སྲོག་དབུ་མར་ཐིམ་པར་རྩོམ་པའི་ཐིམ་རིམ་གྱི་སྐབས་ཡིན་ཏེ། སྨིག་རྒྱུ་ནས་ནམ་མཁའ་སྤྲིན་མེད་ཀྱི་བར་རྣམས་པར་མ་ཆད་དུ་འབྱུང་བའི་སྐབས་སོ། །དེའང་ཆུ་ལ་ཐིམ་པ་ན་སྨིག་རྒྱུ་དང་། ཆུ་མེ་ལ་ཐིམ་པ་ན་དུ་བ་དང་། མེ་རླུང་ལ་ཐིམ་པ་ན་མ་ཁྱེར་དུ་སྣང་བ་དང་། ཀུན་རྟོག་གི་བཞོན་པའི་རླུང་སེམས་ལ་ཐིམ་པའི་དུས་སུ་རླུང་མེད་པའི་མར་མེ་འབར་བ་ལྟ་བུར་སྣང་བ་འབྱུང་། དེའི་རྗེས་སུ་མཚན་མ་ལྔ་པ་སྤྲིན་དང་བྲལ་བའི་ནམ་མཁའ་ལྟ་བུར་སྣང་བ་ཡིན། ཞེས་གསུངས་པའི་དོན་ལ་འདིའི་གཙོ་བོ་འོད་གསལ་ཡིན་མོད་ཀྱང་། སྟོང་པ་གཞན་གསུམ་ཡང་འདིས་སྟོན་ནོ། །ལཱུ་ཨི་པའི་འགྲེལ་པ་ཇོ་བོས་མཛད་པ་ལས་ཀྱང་སེམས་སྣང་བ་གསུམ་དང་། འོད་གསལ་གྱི་ཡེ་ཤེས་དང་བཞི་རིམ་གྱིས་སྐྱེད་པར་བྱེད་དོ། །དེའང་དཔེར་ན་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་དམར་སེར་


JLD010_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཁྱབ་པ་དང་། དེ་སངས་ནས་ཟླ་བའི་འོད་ཀྱིས་ཁྱབ་པའི་སྐབས་གསུམ། ནམ་མཁའི་རང་མདོག་ཇི་བཞིན་ཐོན་པའི་སློད་བྱེད་གསུམ་པོ་དེ་དང་བྲལ་བའི་ཐོ་རངས་དུས་ཀྱི་ནམ་མཁའ་སྟེ་བཞི་ཡོད་དོ། །དཔེ་དེ་བཞིན་དུ་ཡིད་ངོར་ཕྱོགས་མཚམས་རྒྱ་ཆད་པ་མེད་པར་སྟོང་སང་ངེ་བ་ལ་འོད་ཟེར་དཀར་པོ་ཤར་བའི་རྣམ་པ་ཅན་ཡུལ་སྣང་གཞན་མི་འཆར་བ་ནི་སེམས་སྣང་བ་དང་པོ་སྟེ་སྟོང་པ་ཞེས་ཀྱང་ཟེར་རོ། །དེ་ནས་སྣང་བ་དེའང་བསྡུས་ནས་ཡུལ་སྣང་གཞན་གང་ཡང་མེད་པར་སྟོང་སང་ངེ་བ་ལ་འོད་དམར་པོའམ་དམར་སེར་ཤར་བའི་རྣམ་པ་ཅན་ནི་སྣང་བ་མཆེད་པ་སྟེ་ཤིན་ཏུ་སྟོང་པ་ཞེས་ཀྱང་ཟེར་རོ། །དེ་ནས་སྣང་བ་དེའང་རིམ་གྱིས་བསྡུས་ནས་ཡུལ་སྣང་གཞན་མེད་པར་སྟོང་སང་ངེ་བ་ལ་འོད་ནག་པོས་ཁྱབ་པ་འདྲ་བ་ཞིག་འཆར་བ་ནི། ཉེར་ཐོབ་ཡིན་ཏེ་སྟོང་པ་ཆེན་པོ་ཞེས་ཀྱང་ཟེར་ཏེ། དེ་གཉིས་ཀྱང་ཕྱོགས་མཚམས་རྒྱ་མ་ཆད་པར་སྣང་བའོ། །དེའི་དུས་སུ་སྟོད་ལ་དྲན་པ་མ་ཉམས་ཀྱང་མཚམས་ཤིག་ནས་རླུང་ཐིམ་ཕུལ་ཆེ་བས་དྲན་མེད་དུ་ཐོམ་གྱིས་འགྲོ་སྟེ། དེ་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་ངོ་བོར་སྐྱེའོ། །དེ་ནས་མུན་པ་ལྟར་སྣང་བ་དང་དྲན་མེད་དེ་སངས་པ་ན་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་པ་ཁ་དོག་སློད་བྱེད་ཀྱི་རྐྱེན་དང་བྲལ་བ་བཞིན་དུ་འོད་གསལ་མཐའ་དབུས་མེད་པའི་ཏིང་ངེ་འཛིན་སྐྱེ་སྟེ། ཐམས་ཅད་སྟོང་པ་ཞེས་ཀྱང་


JLD010_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་རོ། །སྟོང་པ་བཞི་གའི་དུས་སུ་དེ་ཁོ་ན་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས་བདེ་སྟོང་སྦྱོར་བ་ཡིན་མོད་ཀྱང་། གཙོ་བོ་ནི་འོད་གསལ་གྱི་དུས་ཡིན་པས་དེ་ཤར་བ་ན། ཇི་སྲིད་དུ་རླུང་གིས་བསྐྱོད་ནས། འོད་གསལ་ལས་མ་གཡོས་པ་དེ་སྲིད་དུ་དེ་ཁོ་ན་ཉིད་ཀྱི་ལྟ་བ་དྲན་པར་བྱས་ལ། བདེ་སྟོང་དབྱེར་མེད་པ་བསྒོམ་པར་བྱའོ། །སྟོང་པ་བཞིའི་རྫོགས་རིམ་སྐྱེ་བའི་སྐབས་འདིར་ཡས་བབས་ཀྱི་དགའ་བཞི་རྣམས་སྐྱེ་བས། དེར་ནི་མངོན་བརྗོད་ལས། དགའ་བ་དང་པོ་ཡེ་ཤེས་ཏེ། །མཚོག་ཏུ་དགའ་བ་མཉམ་པར་སྦྱོར། །བདེ་བར་དགའ་བ་གྲུབ་པ་ཆེ། །ལྷན་ཅིག་སྐྱེས་དགའ་བླ་མེད་ཡིན། །སྦྱོར་བ་དང་ནི་ཤིན་ཏུ་སྦྱོར། །སྦྱོར་བ་ཆེ་དང་ཡེ་ཤེས་སྦྱོར། །དེ་དག་ཆོག་དགའི་རིམ་པའོ། །ཐིག་ལེ་གཞུང་གི་སྦྱོར་ཤེས་ན། །ཕྲ་བའི་སྦྱོར་བས་བལྟ་བར་བྱ། ཞེས་གསུངས་པའི་དགའ་བཞིའི་རིམ་པ་ནི། ཡས་བབས་ཀྱི་རིམ་པ་ཡིན་ལ། རྐང་པ་ཐ་མ་གཉིས་ཀྱི་དོན་ནི། ཐིག་ལེའི་རྣལ་འབྱོར་བསྒོམ་པའི་དོན་ཤེས་ནས་ཡི་གེ་དང་ཐིག་ལེ་ཕྲ་མོའི་སྦྱོར་བ་སྟེ། རྣལ་འབྱོར་བསྒོམས་ནས་དགའ་བ་བཞི་ཇི་ལྟར་སྐྱེ་བ་བལྟ་བར་བྱའོ་ཞེས་པའོ། །འགྲེལ་པར་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་ཡེ་ཤེས་ཀྱི་ཆོ་གའི་རིམ་པའོ། །ཞེས་འཆད་དེ་དགའ་བ་བཞི་དང་རིམ་པ་བཞིན་སྦྱར་རོ། །ཡང་བྱང་སེམས་ཞུ་བས་གནས་གང་དུ་སླེབ་པ་ན། ཡས་བབས་ཀྱི་


JLD010_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བཞི་སྐྱེ་ཚུལ་ནི། རྒྱུད་རྡོར་ཕྲེང་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང་། །བྲལ་དགའ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། དགའ་བ་ཉམས་སུ་མྱོང་བར་བྱེད། ཅེས་གསུངས་ཏེ། སྤྱི་བོ་ནས་མགྲིན་པའི་བར་དུ་སླེབ་པ་ན་དགའ་བ་སྐྱེ་ལ། དེས་གཞན་གསུམ་ལའང་ཤེས་པར་བྱའོ། །ཡང་མངོན་བརྗོད་ལས། ལྟེ་བ་སྙིང་དང་ནུ་མའི་དབུས། །ལྕེ་ཡི་རྩ་དང་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །དང་པོ་འདབ་མ་དྲུག་ཅུ་བཞི། །གཉིས་པ་བརྒྱད་པ་མཆོག་ཡིན་ཏེ། །གསུམ་པ་འདབ་མ་བཅུ་དྲུག་པ། །བཞི་པ་སུམ་ཅུ་རྩ་གཉིས་འདབ། །ཕག་མོ་ལྟེ་བའི་རྩར་གནས་པ། །ལྷན་ཅིག་སྐྱེས་དགའ་ཁྲག་འཐུང་མཆོག །ཅེས་ལྟེ་བར་དགའ་བ་དང་། སྙིང་གར་མཆོག་དགའ་དང་། ལྕེའི་རྩ་བ་སྟེ་མགྲིན་པར་དམ་པ་སྟེ་ཁྱད་པར་གྱི་དགའ་བ་དང་། མགོའི་སྟེང་སྟེ་སྤྱི་བོར་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བར་བཤད་པ་ནི། མས་བརྟན་གྱི་དགའ་བ་བཞིའི་རིམ་པའོ། །སྙིང་པད་ནི་སྙིང་གའི་རྩ་འཁོར་ཏེ། གཞན་གསུམ་ལའང་སྦྱར་རོ། །ལྟེ་བའི་རྩ་བར་ཕག་མོ་ནི། གཏུམ་མོ་ཨ་ཐུང་དང་། ལྷན་སྐྱེས་ཁྲག་འཐུང་དུ་བཤད་པ་ནི། མས་བརྟན་གྱི་ལྷན་སྐྱེས་བྱང་སེམས་གྱེན་དུ་ལྡོག་པ་སྤྱི་གཙུག་ཏུ་ཕྱིན་པ་ན་སྐྱེ་བས་སྤྱི་གཙུག་


JLD010_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཧཾ་ཡིག་ཧེ་རུ་ཀར་བསྟན་པའོ། །མས་བརྟན་གྱི་གནས་ཀྱང་བྱང་སེམས་ནོར་བུ་ནས་བརྩམས་ཏེ། ལྟེ་བའི་འཁོར་ལོའི་བར་དུ་ལོག་པ་ན་དགའ་བ་སྐྱེ་སྟེ། དེའི་རིག་པ་གཞན་གསུམ་ལའང་སྦྱར་རོ། །མན་སྙེར་མས་བརྟན་བཞི་ཀ་ལྷན་སྐྱེས་ལ་ཆུང་ངུ་དང་བར་མ་དང་། ཆེན་པོ་དང་ཆེན་པོའི་ཆེན་པོར་ཕྱེ་བ་བཤད་དེ། ཡས་བབས་ཀྱི་བདེ་བ་བཞི་ལས་ནི། མས་བརྟན་གྱི་བཞི་བདེ་བ་ཆེ་བ་ཞིག་འོང་དགོས་སོ། །མས་བརྟན་གྱི་སྒོ་ནས་བྱང་སེམས་གྱེན་དུ་ལོག་པ། སྤྱི་བོར་མ་བརྟན་བར་དུ། བདེ་བ་མི་བརྟན་ལ། སྤྱི་བོར་བརྟན་ནས་བདེ་བ་བརྟན་པར་གསུངས་ཏེ། ཕྱག་ཆེན་ཐིག་ལེ་ལས། དེ་ནས་སྲོག་གི་སྟེང་དུ་ཡིད། །དེ་མི་མཐུན་པས་འབབ་པར་འགྱུར། །པདྨའི་ལྟེ་བའི་དབུས་གནས་པ། །གང་དེ་ཕྱི་ནས་བརྟན་གྱུར་པ། །དེ་ཚེ་མགོན་པོ་འགྲོ་མི་འགྱུར། །ཇི་ལྟར་བུ་ག་མེད་སྣོད་དུ། །ཆུ་རྣམས་ཟད་པ་མེད་གནས་ལྟར། །དེ་ཚེ་བདེ་བ་བརྟན་པར་འགྱུར། །བརྟན་པས་ལྷན་ཅིག་སྐྱེས་པའི་དགའ། །དེ་ཕྱིར་སངས་རྒྱས་མི་ཟད་པ། །རྣལ་འབྱོར་པ་ཡིས་ངེས་པར་འཐོབ། །ཅེས་སོ། །ཡིད་ནི་ཁུ་བ་དང་མི་མཐུན་པ་ལུགས་ལྡོག་དང་། བརྟན་པ་ནི་སྤྱི་བོར་ཡིན་པར་མན་སྙེ་ལས་གསུངས་སོ། །འདིར་བདེ་བ་ཆེན་པོ་འདི་ལམ་གྱི་སྲོག་ཡིན་ལ། དེ་བརྟན་པ་ནི་མས་བརྟན་གྱི་བདེ་བ་ལ་རག་ལས་པས་ན། དེ་སྐྱེ་ཚུལ་གལ་ཆེའོ། །དེའང་མན་སྙེ་ལས། དེའི་དགའ་བ་ནི་


JLD010_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་ནས་བརྩམས་ནས་ལྟེ་བ་ཇི་སྲིད་པ་སྟེ། མ་འཕོས་པའི་བྱང་ཆུབ་ཀྱི་སེམས་འཕེལ་བཞིན་པས་སྟེང་དུ་ཉེ་བར་འགྲོའོ། །ཞེས་གསུངས་པའི་ཚིག་ཟིན་ལྟར་ན་ནོར་བུ་ནས་ཕྱིར་མ་འཕོས་ན་རང་ལོག་བྱེད་པ་འདྲ་བ་ཞིག་འདུག་ཀྱང་དེ་མིན་ཏེ། མ་འཕོས་ཀྱང་སྔར་གྱི་ལམ་དེ་ཉིད་ནས་མར་འོང་བ་ལྟར་མི་བྱེད་པར་གར་སོང་ཆ་མེད་དུ་འགྲོ་བ་དང་། ཕྱིར་ལོག་ཀྱང་སྤྱི་བོའི་བར་དུ་ཐལ་གྱིས་འགྲོ་བའི་ངེས་པ་མེད་པར་གནས་དམའ་མོ་ནས་གྲམ་ནས་འགྲོ་བའང་འོང་བས། དེས་ན་ཡར་ལ་འདྲིལ་ནས་སྤྱི་གཙུག་བར་དུ་འགྲོ་བ་ཞིག་དགོས་པ་ནི་རྣལ་འབྱོར་པས་ཆེད་དུ་བྱ་དགོས་ཏེ། རྒྱུད་རྡོར་ཕྲེང་ལས། རླུང་གི་དེ་ཉིད་སྔོན་སོང་ནས། །དེ་ཉིད་སྟེང་དུ་རྒྱུ་དང་ནི། །རྣལ་འབྱོར་པས་ནི་སྒྲུབ་པར་བྱེད། །དེ་ལས་སྤྲུལ་པའི་འཁོར་ལོ་ནི། །དགའ་བ་ཞེས་བྱར་རྣམ་པར་ཤེས། ཞེས་གསུངས་ཤིང་། དེ་ནས་ཆོས་འཁོར་གྱི་སྟེང་དང་དེ་ནས་ལོངས་སྤྱོད་ཀྱི་འཁོར་ལོའི་སྟེང་དུ་འགྲོ་བ་རྣམས་རྣལ་འབྱོར་བས་བྱེད་པར་གསུངས་སོ། །རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དགའ་བཞི་ནི། ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་ཏེ་འོད་གསལ་བའོ། །ཞེས་དགའ་བ་བཞི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞིར་གསུངས་སོ། །འདི་ལ་ནི་ལུགས་ལྡོག་གི་སྣང་མཆེད་ཐོབ་གསུམ་འོད་གསལ་གྱི་ཡེ་ཤེས་སུ་མི་


JLD010_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཡང་། ལུགས་ལྡོག་གི་དགའ་བ་གཞན་གསུམ་ལྷན་སྐྱེས་སུ་འཇོག་པ་ཞིག་བཤད་ལ། དེ་བཞིན་དུ་ལུགས་མཐུན་གྱི་སྣང་མཆེད་ཐོབ་གསུམ་དང་། དེ་གསུམ་དགའ་བ་གསུམ་དུ་བཞག་པ་ལྷན་སྐྱེས་ཀྱི་དགའ་བར་མི་འཇོག་ཀྱང་། ལུགས་མཐུན་ཡས་བབས་ཀྱི་དགའ་བ་གསུམ། ལྷན་སྐྱེས་ཀྱི་དགའ་བར་འཇོག་པའི་སྐབས་ཤིག་ཀྱང་ཡོད་པར་མངོན་ནོ། །འོན་ཀྱང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བ་མིན་པའི་དགའ་བ་གསུམ་ནི་ལྷན་སྐྱེས་མཚན་ཉིད་པར་འཇོག་ཏུ་མི་རུང་ངོ་། །གཉིས་པ་ནི། རླུང་ཆེར་གཡོས་ཏེ་འོད་གསལ་ལས་ལངས་པ་ན། དང་པོར་ཉེར་ཐོབ་དང་། དེ་ནས་མཆེད་པ་དང་། དེ་ནས་སྣང་བ་སྐྱེ་ལ། དེ་ནས་མར་མེ་ལྟར་འབར་བ་ནས་སྨིག་རྒྱུའི་བར་བཞི་ལུགས་ལྡོག་ཏུ་འབྱུང་ངོ་། །དེའི་འོག་ཏུ་ཀུན་རྟོག་གཡོ་བའི་རླུང་གཡོས་ནས། རང་བཞིན་གྱི་རྟོག་པ་རྣམས་སྐྱེའོ། །སེམས་ལ་ཉེར་ཐོབ་སོགས་ཀྱི་རིམ་པ་གསུམ་བྱུང་ཡང་ལུས་སྒྱུ་མའི་སྐུར་ལྡང་བ་ནི། འོད་གསལ་ལས་ལངས་པ་དང་དུས་མཉམ་དུ་འབྱུང་བོ། །དེ་ཡང་འོད་གསལ་གྱི་སྐབས་ཀྱི་རླུང་སེམས་ཙམ་ལས་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུར་འབྱུང་ལུས་རགས་པ་ལས་ལོགས་སུ་བྱེ་བའི་ཚུལ་གྱིས་ལྡང་བ་ཡིན་ལ། དེ་ནི་དེ་ལྟར་ལྡང་བའི་འཕེན་པ་བཏང་བའི་མཐུས་འབྱུང་ཞིང་། དེ་ཉིད་སྣང་ཕྱོགས་ཀྱི་རྫོགས་རིམ་ཡིན་པས། དེར་ལངས་པའི་སྐུ་དེ་


JLD010_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡུམ་དང་བཅས་པའི་རྣམ་པ་ཅན་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པར་བྱའོ། །དེ་ལ་གནས་མ་ནུས་ན་ལུས་སྔ་མ་དམ་ཚིག་པ་ཡབ་ཡུམ་གྱི་སྐུར་བསྒོམས་ལ། དེའི་རྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་ཞུགས་ནས་དེར་གནས་པར་བྱའོ། །ཇོ་བོ་ཆེན་པོའི་འགྲེལ་པར་དེ་ལས་གཟུགས་ནི་ཐོབ་པར་འགྱུར། ཞེས་ལཱུ་ཨི་པའི་སྒྲུབ་ཐབས་སུ་གསུངས་པའི་དོན་འོད་གསལ་ལས་སྒྱུ་མའི་སྐུར་ལངས་པ་ལ་བཤད་དོ། །འདི་ལ་རྗེས་མཐུན་པའི་སྒྱུ་ལུས་དང་། སྒྱུ་ལུས་དངོས་དང་། ཟུང་འཇུག་གི་སྐུའི་སྒྱུ་ལུས་ཏེ་གསུམ་ཡོད་དེ། རྒྱས་པར་ནི་འཕགས་སྐོར་གྱི་གདམས་ངག་ཏུ་བཤད་པ་ལས་ཤེས་དགོས་པར་ཡོད་དོ། །གཉིས་པ་ནི། དེ་ལྟར་མཉམ་གཞག་ཏུ་རྫོགས་རིམ་གཉིས་པོ་བསྐྱངས་པའི་མཐར་ཏིང་ངེ་འཛིན་དེ་ལ་གནས་མ་ནུས་པར། དེ་ལས་ལངས་པའི་རྗེས་ཐོབ་ཏུ་ནི། གཟུགས་སྒྲ་ལ་སོགས་པའི་ཡུལ་སྣང་གང་ཤར་ཐམས་ཅད་ལ། མཉམ་གཞག་ཏུ་བསྐྱངས་པའི་བདེ་སྟོང་གིས་རྒྱས་བཏབ་སྟེ། ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་རྣམ་རོལ་ཏུ་བལྟ་བ་ལ་སློབས་ན། དེ་གོམས་པ་ལ་བརྟེན་ནས་ཡུལ་སྣང་གང་ཤར་ཐམས་ཅད་བདེ་བ་འབར་བའི་གྲོགས་སུ་འགྲོ་སྟེ། མཁའ་འགྲོ་རྒྱ་མཚོ་ལས། ལས་ཀྱི་ཕྱག་རྒྱ་རབ་སྦྱོར་བས། །ཉི་མ་རེ་རེ་བསྒྲུབ་པར་བྱ། །དེ་ཡི་དུས་སུ་གང་མཐོང་བ། །དངོས་པོ་ཀུན་ལ་ལྟུང་བར་བྱ། །འདོད་ཆགས་ཆེན་


JLD010_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཚུལ་བདག་ཉིད། །རྟག་ཏུ་བདག་ཉིད་ལ་འབྱུང་འགྱུར། ཞེས་གསལ་བར་གསུངས་སོ། །ལས་ཀྱི་ཕྱག་རྒྱ་རབ་སྦྱོར་ནི་མཚོན་པ་ཙམ་སྟེ། རྡོར་བཟླས་ལ་སོགས་པའི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས་ལྷན་སྐྱེས་ཀྱི་བདེ་ཆེན་དྲངས་ཏེ་མཉམ་གཞག་ཏུ་བསྐྱངས་པའི་མཐར་ཡང་རྗེས་ཐོབ་ཏུ་སྔར་ལྟར་བྱའོ། །དེའི་དུས་སུ་ཞེས་པའི་རྐང་པ་གཉིས་ཀྱི་དོན་ནི། །རང་གིས་སྔར་ཉམས་སུ་མྱོང་བའི་བདེ་ཆེན་དྲན་པར་བྱས་ལ། དེས་ཡུལ་སྣང་གི་དངོས་པོ་ཀུན་ལ་ལྟུང་བར་བྱ་བ་སྟེ། རྒྱས་བཏབ་ནས་བསྒོམ་པར་བྱ་བའི་དོན་ནོ། །འདོད་ཆགས་ཆེན་པོའི་ཚུལ་རང་ལ་འབྱུང་བ་ནི། དེ་ལྟར་བྱས་པས་བདེ་ཆེན་འབར་བའི་གྲོགས་སུ་འགྲོ་བའོ། །རྗེས་ཐོབ་ཏུ་དེ་ལྟར་བསྐྱངས་པའི་འོག་ཏུ། སླར་ཡང་ཕྱི་ནང་གི་ཐབས་གཉིས་གང་རུང་ལ་བརྟེན་ནས་སྟོང་ཕྱོགས་དང་སྣང་ཕྱོགས་ཀྱི་རྫོགས་རིམ་ཚན་པ་གཉིས་བསྐྱེད་ནས། མཉམ་པར་འཇོག་པའི་མཉམ་རྗེས་སྤེལ་མ་རྒྱུན་ལྡན་དུ་བྱའོ། །གསུམ་པ་ནི། ལཱུ་ཡི་པའི་འགྲེལ་པ་ལྭ་བ་པར་མཛད་པ་ལས། འོད་གསལ་མངོན་དུ་ཕྱོགས་པར་བྱས་ལ་གཉིད་ཀྱང་འོད་གསལ་ཉིད་དུ་མོས་པར་བྱས་ཏེ་ཉལ་ལོ། །ཞེས་གཉིད་ཀྱི་འོད་གསལ་འཛིན་པར་གསུངས་ཤིང་། ཤེས་རབ་སྲུང་བ་དང་བི་བྷཱུ་ཏི་ཙནྡྲའི་འགྲེལ་པར་ཡང་དེ་བཞིན་དུ་བཤད་པས། རྫོགས་རིམ་གྱི་སྐབས་སུའང་གཉིད་ཀྱི་འོད་གསལ་འཛིན་


JLD010_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་དགོས་སོ། །དེའང་སྔར་བཤད་པ་ལྟར་སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་སྟོང་པ་བཞི་དང་དགའ་བ་བཞི་འདྲེན་ནུས་པའི་མཚམས་ནས་བྱེད་དོ། །དེའི་ཚུལ་ནི་བླ་མ་དང་ཡི་དམ་ལ་གཉིད་ཀྱི་འོད་གསལ་འཛིན་ནུས་པའི་གསོལ་བ་མང་དུ་བཏབ། ཉལ་བའི་དུས་སུ་གཞོགས་གཡས་པ་འོག་ཏུ་བཅུག་པ་སོགས་སྤྱི་དང་མཐུན་པར་བྱ། རང་དམ་ཚིག་པ་ཡབ་ཡུམ་དུ་གསལ་བའི་ངང་ནས། དབྱངས་གསལ་ངག་ཏུ་བརྗོད་ནས་ཡེ་ཤེས་སེམས་དཔའ་ཡབ་ཡུམ་བསྐྱེད་པ་སོག་སྔར་དང་འདྲ་བ་ལ་ཁྱད་པར་ནི་སྙིང་གར་བསྒོམ་མོ། །དེའི་སྡུད་རིམ་བྱས་པའི་མཐར་སྙིང་གའི་དྷཱུ་ཏཱིའི་ནང་དུ་དཀར་ལ་དམར་བའི་མདངས་ཅན་གྱི་ཧཱུཾ་ཡིག་ལ་རྩེ་གཅིག་ཏུ་དམིགས་པ་གཏད་ནས་ཉལ་བས་སྙིང་གའི་དབུ་མའི་ནང་དུ་རླུང་ཞུགས་གནས་སོགས་བྱས་པ་ལས་སྨིག་རྒྱུ་ནས་མར་མེ་ལྟར་འབར་གྱི་བར་གྱི་རྟགས་བཞི་དང་དེ་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་སྟོང་པ་བཞི་སྔར་བཤད་པ་ལྟར་འཆར་ལ། དེའི་ཚེ་འོད་གསལ་ཤར་བའི་དུས་སུ་སྟོང་བ་ཉིད་ཀྱི་ལྟ་བ་དྲན་པར་བྱས་ལ་བདེ་སྟོང་དབྱེར་མེད་ཀྱི་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ལ་ཅི་གནས་གནས་ཀྱི་བར་དུ་བཞག་ལ་བསྐྱང་ངོ་། །རླུང་གཡོས་པའི་དབང་གིས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པ་ནི། བདག་གིས་གཉིད་ཀྱི་འོད་གསལ་ཆོས་སྐུའི་ངང་ལས་རྨི་ལམ་གྱི་ལུས་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བར་བྱའོ་སྙམ་པའི་


JLD010_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་པ་བཏང་ལ་འོད་གསལ་གྱི་རླུང་སེམས་ཙམ་ལས་ཆུ་དྭངས་པ་ལས་ཉ་འཕར་བའི་ཚུལ་དུ། རྨི་ལམ་གྱི་ལུས་རྙིང་པ་ལས་ལོགས་སུ་བྱེ་བའི་ཚུལ་གྱིས་ལྡང་བར་བྱའོ། །དེའང་རྡོ་རྗེ་འཆང་ཧེ་རུ་ཀ་དཀར་པོ་ཡབ་ཡུམ་གྱི་སྐུར་ལྡང་བ་ཡིན་ནོ། །དེ་ལྟར་ལུས་ལོགས་སུ་བྱེ་བ་དེ་ལ་དམིགས་ནས་ཇི་ཙམ་གནས་ཀྱི་བར་མཉམ་པར་བཞག །དེ་ལ་གནས་མ་ནུས་ན། ལུས་སྔ་མ་དམ་ཚིག་སེམས་དཔའ་ཡབ་ཡུམ་གྱི་སྐུར་བལྟས་ལ། དེའི་ཐུགས་ཀར་ཞུགས་ཏེ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པར་བྱ་སྟེ། ཤིན་ཏུ་ཟབ་པའི་བསྲེ་བ་གསུམ་མོ། །ཡང་ལྭ་བ་བའི་འགྲེལ་པ་ལས། འཆི་བའི་དུས་སུ་དཔལ་ཧེ་རུ་ཀ་དང་ཕག་མོ་ལ་སོགས་པའི་དཔའ་བོ་དང་། རྡོ་རྗེ་རྣལ་འབྱོར་མ་མེ་ཏོག་དང་བདུག་སྤོས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་རྣམ་པ་སྣ་ཚོགས་པ་ཕྱག་ཏུ་ཐོགས་པ་རྣམས་ཀྱིས་འོད་གསལ་གྱི་གོ་འཕང་ལ་འགོད་པར་བྱེད་དོ། །ཞེས་ལམ་འདི་བསྒོམས་པའི་ཕན་ཡོན་གྱི་སྐབས་སུ། འཆི་བའི་ཚེ་ན་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་མཁའ་སྤྱོད་དུ་འཁྲིད་པར་གསུངས་པའི་མཁའ་སྤྱོད་ལ་དྲང་ངེས་གཉིས་ཡོད་པའི་ངེས་དོན་གྱི་མཁའ་སྤྱོད་འཆི་བ་འོད་གསལ་ཟིན་པར་མཛད་པ་ལ་བཤད་ཅིང་། འགྲེལ་བ་གཞན་གཉིས་ཀྱིས་ཀྱང་། དེ་བཞིན་དུ་བཤད་པས་འཆི་བ་དང་འོད་གསལ་བསྲེ་བའི་གདམས་པ་འདིར་ཤེས་དགོས་སོ། །འདི་ལ་ནི་རླུང་དྷཱུ་ཏཱིར་ཞུགས་


JLD010_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཐིམ་གསུམ་བྱས་པ་ལས་སྟོང་པ་དང་དགའ་བཞི་འདྲེན་ནུས་པ་དང་། དེ་ལ་བརྟེན་ནས་གཉིད་དང་བསྲེ་བ་སོགས་ནུས་པ་ཞིག་ཚེ་འདིར་བྱུང་ན། འཆི་བ་དང་འོད་གསལ་བསྲེ་བ་སོགས་ཇི་བཞིན་པ་འབྱུང་། དེ་ལྟར་མི་ནུས་པས་ཀྱང་ད་ལྟ་ནས་གོམས་པར་བྱས་ན། འཆི་བ་དང་བར་དོའི་སྐབས་སུ་ཁྱད་ཆེ་བས་དེ་གཉིས་ཀར་སྦྱང་བར་བྱའོ། །དེའི་ཚུལ་ནི་ལྷ་དང་བླ་མ་ལ་སྐྱེ་ཤི་བར་དོ་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་བསྲེ་ནུས་པའི་གསོལ་བ་མང་དུ་གདབ་པ་དང་། ཁས་བླངས་པའི་དམ་ཚིག་ཉམས་པ་རྣམས་སླར་སོར་གཞུག་ཅིང་། ཡོངས་སུ་དག་པར་བྱ་བ་དང་། འཆི་བ་དང་བར་དོའི་དུས་སུ་དེའི་བསྲེ་བ་རྣམས་མངོན་དུ་བྱའོ་སྙམ་པའི་འཕེན་པ་ཉིད་རེ་བཞིན་མང་དུ་བཏང་། དེ་ནས་འཆི་བའི་ཚེ་ས་ཆུ་ལ་ཐིམ་པ་ལས་སྨིག་རྒྱུ་ལྟ་བུ་ནས་རླུང་རྣམ་ཤེས་ལ་ཐིམ་པ་ལས་མར་མེ་འབར་བ་ལྟ་བུའི་རྟགས་བཞི་འབྱུང་བའི་རིམ་པ་རྣམས་ཡིད་ལ་བྱ། དེ་ནས་སྟོང་པ་བཞི་རིམ་པ་བཞིན་འཆར་བའི་ཚུལ་ཡིད་ལ་བྱས་ལ། དེ་རེ་རེའི་སྐབས་སུའང་ལྟ་བ་དྲན་པར་བྱ། ཁྱད་པར་དུ་འོད་གསལ་ཤར་བའི་སྐབས་སུ་ལྟ་བ་དྲན་པར་བྱས་ལ། ཅི་ནས་ཀྱང་འོད་གསལ་ལ་གནས་པར་བྱའོ་སྙམ་པའི་འཕེན་པ་མང་དུ་བཏང་སྟེ། འདི་ད་ལྟ་ནས་ཉི་མ་རེ་རེ་ཞིང་མང་དུ་སྦྱང་ངོ་། །ད་གཟོད་འཆི་ཁ་མའི་སྐབས་སུ་སློབ་པ་ན་ལྷ་དང་བླ་མ་ལ་གསོལ་བ་གདབ་པ་དང་། དམ་ཚིག་རྣམས་དག་པར་བྱ། ས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་ཤར་བ་ན།


JLD010_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཤེས་པར་བྱས་ལ་སྔར་བཤད་པ་ལྟར་འཆི་བ་འོད་གསལ་གྱི་བར་རྣམས་ངོས་ཟིན་པ་དང་། འཆི་བ་འོད་གསལ་གྱི་ངང་ལས་བར་དོ་གྲུབ་པའི་ཚེ། དེའི་མཐུས་ཧེ་རུ་ཀ་ཡབ་ཡུམ་དུ་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་ཏུ་བཏང་ལ། བར་དོའི་འཕེན་པ་འདི་ད་ལྟ་ནས་ཀྱང་སྦྱང་དགོས་སོ། །དེ་ནས་ཚེ་འདིར་རྡོར་བཟླས་དང་། སྙིང་གའི་ཧཱུཾ་ཡིག་ལ་དམིགས་པ་གཏོད་པ་གང་བྱང་ཆ་ཆེ་བ་ཞིག་ལ་དམིགས་ནས་རྡོར་བཟླས་སམ་ཡི་གེ་ལ་སེམས་འཛིན་པ་གང་རུང་བྱའོ། །རྡོར་བཟླས་བྱེད་ན་སྐབས་འདིར་ཧཱུཾ་ཡིག་ལ་དམིགས་ནས་དེ་ནས་ལྡང་འཇུག་གནས་གསུམ་གྱི་དམིགས་པ་བྱའོ། །ཚེ་འདིར་བར་དོ་ལ་དེར་ངོ་ཤེས་པར་བྱའོ་སྙམ་པའི་འཕེན་པ་མང་དུ་བཏང་བ་སོགས་ཀྱི་མཐུ་ལ་བརྟེན་ནས། བར་དོ་ལ་བར་དོར་ངོ་ཤེས་པ་བྱུང་བ་ན། རང་ཉིད་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་བསྒོམས་ལ་ལྟ་བ་བསྐྱངས། སྐྱེ་བ་ཁྱད་པར་ཅན་བཟུང་བའི་དོན་དུ་ངས་བར་དོ་ལོངས་སྐུ་འདི་ལ་བརྟེན་ནས་སྤྲུལ་སྐུའི་སྐྱེ་བ་གཟུང་བར་བྱའོ་སྙམ་པའི་འཕེན་པ་མང་དུ་བཏང་སྟེ་ད་ལྟ་ནས་དེའི་འདུན་པ་མང་དུ་སྦྱོང་། དེ་ལྟར་རྫོགས་རིམ་ལས་བཤད་པའི་སྐབས་སུ་སྟོང་པ་བཞིའི་ཡེ་ཤེས་སྐྱེ་བའི་རིམ་པ་རྣམས། འཆི་རིམ་གྱི་སྐབས་བཞིན་དུ་བསྐྱེད་པ་དང་། དེ་ལས་ལྷའི་སྐུར་ལྡང་བའི་དུས་སུ་འཆི་བ་འོད་གསལ་ལས་བར་དོར་ལྡང་བ་ཇི་བཞིན་དུ་བྱེད་པ་དང་། སྒྱུ་མའི་ལུས་ལོགས་སུ་བྱེ་བ་དེ་རྣམ་སྨིན་གྱི་ལུས་


JLD010_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པ་ན་བར་དོས་མངལ་དུ་སྐྱེ་བ་ལེན་པ་བཞིན་དུ་བྱེད་པ་གསུམ་དང་། དེ་བཞིན་དུ་གཉིད་དུ་སོང་ནས་རྨི་ལམ་མ་ཤར་བའི་བར་དུ་སྟོང་པ་བཞི་བསྐྱེད་པ་འཆི་རིམ་བཞིན་དང་། དེ་ནས་རྨི་ལམ་གྱི་ལུས་ལོངས་སྐུར་ལྡང་བ་བར་དོ་བཞིན་དང་། དེ་ནས་ལུས་སྔ་མ་ལ་འཇུག་པ་སྐྱེ་བ་ལེན་པ་བཞིན་དུ་བྱེད་པ་གསུམ་དང་། དེ་ལྟར་བྱས་ཀྱང་ཚེ་འདིར་མཆོག་མ་གྲུབ་ན། འཆི་བ་དངོས་དང་འོད་གསལ་བསྲེ་བ་དང་། བར་དོ་འགྲུབ་པའི་དུས་སུ་སྒྱུ་མའི་སྐུ་འགྲུབ་པ་དང་། དེ་མ་གྲུབ་ནས་བར་དོའི་ལུས་ལེན་དགོས་པ་བྱུང་ན། དེ་དང་སྒྱུ་མའི་སྐུ་བསྒོམ་པ་བསྲེ་བ་དང་། དེ་ནས་སྐྱེ་བ་ལེན་པ་སྤྲུལ་སྐུ་བཞིན་དུ་བྱེད་པ་ནི། བསྐྱེད་རིམ་གྱི་སྐབས་སུ་སྦྱང་གཞི་སྦྱོང་ཚུལ་ལ། སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བའི་ལམ་འཁྱེར་གསུམ་བརྟན་པ་བྱུང་ན། རྫོགས་རིམ་གྱི་སྐབས་སུ་དེའི་གནད་ལེགས་པར་ཐོན་དགོས་པས། རིམ་པ་དང་པོའི་སྐབས་སུ་ལམ་འཁྱེར་གསུམ་བཤད་པ་ནི། སྒྲུབ་ཐབས་ཀྱི་ཊཱི་ཀྐར་ཡིད་ཆེས་ཀྱི་ཁུངས་དང་སྦྱར་ནས་རྒྱས་པར་བཤད་ཟིན་ཏོ། །གསུམ་པ་ལུགས་འདིའི་ལམ་རྣམས་སྦྱོར་དྲུག་དང་རིམ་ལྔར་འཇོག་ཚུལ་ནི། མཁའ་འགྲོ་རྒྱ་མཚོ་ལས། སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ། ཞེས་དང་རང་གི་སྐུ་ནི་སྒྱུ་མ་མཉམ། །བདག་བྱིན་རླབས་འདི་ཕྲ་མོ་དང་། །རྡོ་རྗེ་བཟླས་


JLD010_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་མཚན་ཉིད། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །དེ་ལས་ལྷག་མ་ཟུང་འཇུག་གོ། ཞེས་སྦྱོར་དྲུག་དང་རིམ་ལྔའི་ཐ་སྙད་གསལ་བར་གསུངས་སོ། །དེ་ལ་རང་གི་སྐུ་སྒྱུ་མ་དང་མཉམ་པ་སྟེ། མཚུངས་པའི་བདག་བྱིན་རླབས་ཤིན་ཏུ་རྟོགས་དཀའ་བས་ཕྲ་མོར་གྱུར་པ་ནི། རིམ་པ་གསུམ་པ་བདག་བྱིན་རླབས་ཀྱི་རིམ་པ་སྒྱུ་ལུས་སོ། །རྡོ་རྗེ་བཟླས་པའི་རང་གི་མཚན་ཉིད་ནི། རྡོ་རྗེ་བཟླས་པའི་རིམ་པ་སྟེ་རིམ་པ་དང་པོའོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ནི། རིམ་པ་བཞི་པ་སྟེ་མིང་གཞན་འོད་གསལ་གྱི་རིམ་པའོ། །སེམས་ཀྱི་གཏེར་ནི། སེམས་དབེན་སེམས་དམིགས་ཀྱི་རིམ་པ་སྟེ་རིམ་པ་གཉིས་པའོ། །སྡུར་བཤད་པ་བཞི་ལས་ལྷག་མ་ནི། ཟུང་འཇུག་གི་རིམ་པ་སྟེ་རིམ་པ་ལྔ་པའོ། །བདེ་མཆོག་འབྱུང་བ་ལས་ཀྱང་སེམས་དབེན་མ་གཏོགས་པའི་རིམ་པ་བཞི་གསུངས་ཤིང་། མངོན་བརྗོད་ཀྱི་འགྲེལ་པར་ཡང་། སྒྱུ་ལུས་དང་འོད་གསལ་དང་ཟུང་འཇུག་སོགས་ཡང་ཡང་བཤད་ལ། ལོ་དྲིལ་གྱི་གཞུང་ལས་རིམ་ལྔའི་ཐ་སྙད་མི་གསལ་ཡང་དོན་རྣམས་ཡོད་དོ། །འགྲེལ་པ་ཁྱད་པར་གསལ་བྱེད་ལས། འདུས་པ་ཕྱི་མ་དྲངས་ནས་མཆོག་འགྲུབ་པ་ལ་སྦྱོར་བ་ཡན་ལག་དྲུག་གི་རིམ་པས་སྒྲུབ་དགོས་ཞེས་བསྒྲུབས་ནས་ལཱུ་ཨི་པའི་ལུགས་འདི་ལའང་ཡན་ལག་དྲུག་སྦྱོར་བར་བྱེད་དོ། །སྦྱོར་ཚུལ་ནི། མིག་ལ་སོགས་པའི་


JLD010_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ལྔ་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་འཇུག་པ་སོ་སོར་སྡུད་པ་སྟེ། འགུགས་པར་བྱེད་པ་ནི་སོར་སྡུད་དང་། དེ་ལྟར་བསྡུས་ནས་ནང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བདེ་མཆོག་ལ་སོགས་པའི་ལྷར་སྦྱོར་བ་ནི་བསམ་གཏན་ཡིན་ལ། རྟེན་བརྟེན་པའི་དཀྱིལ་འཁོར་པའི་ངོ་བོ་ཙམ་དུ་རྟོག་པ་ནི་རྟོག་པ་དང་། དམིགས་པ་དེ་ལ་བརྟེན་པའི་སེམས་ཀྱི་ངེས་པ་ནི་དཔྱོད་པ་དང་། དེ་ལྟར་ལྷ་ལ་དམིགས་པས་ཡིད་བདེ་བ་ནི་དགའ་བ་དང་། དགའ་བས་བསྒོམས་པའི་ལྷ་ལ་སིམ་པ་དང་བཅས་པའི་སེམས་ནི་བདེ་བ་དང་། བདེ་བ་དང་ལྡན་པའི་སེམས་ཏིང་ངེ་འཛིན་དུ་འགྱུར་བས་རྣམ་པ་སྣ་ཚོགས་པའི་ཐ་མལ་གྱི་ཀུན་རྫོབ་ཀྱི་ཡུལ་ཅན་གྱི་རྟོག་པ་ལོག་པས་ལྷ་ཁོ་ན་ལ་དམིགས་པའི་སེམས་ནི་སེམས་རྩེ་གཅིག་པ་སྟེ། བསམ་གཏན་གྱི་ཡན་ལག་ལྔའོ། །སྲོག་རྩོལ་ལ་སོགས་པའི་ཡན་ལག་ཕྱི་མ་བཞི་རྫོགས་རིམ་དུ་བཤད་ཅིང་། འདི་ཁོ་ན་རྒྱུད་དང་བརྒྱུད་པའི་རིམ་པ་ལས་འབྱུང་ཞིང་བཤད་པའོ། །ཞེས་བཤད་པ་དེ་ཧེ་རུ་ཀ་ནས་དཔེ་མེད་འཚོ་ལས་བརྒྱུད་པའི་རིམ་པ་ལས་ཀྱང་འབྱུང་ཞིང་རྒྱུད་ལས་ཀྱང་བཤད་ཅེས་འཆད་དོ། །དེ་ནི་འཇམ་དཔལ་གྱི་ཞལ་གྱི་ལུང་དང་མཐུན་ཞིང་། རྒྱུད་ཀྱི་རྡོ་རྗེའི་ཚིག་རེ་རེའང་དོན་མི་འདྲ་བ་དུ་མ་ལ་ཚད་ལྡན་གྱིས་བཤད་པ་ཡོད་པས། བཤད་པ་ཕྱོགས་གཅིག་པ་རེ་ལ་ཞེན་ནས་གཞན་སྤང་བར་མི་བྱའོ། །ཡང་དེ་ཉིད་ལས་སྲོག་རྩོལ་འཆད་པ་ན། གསང་གནས་དང་ལྟེ་བ་


JLD010_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྙིང་ག་དང་སྨིན་མཚམས་ལ་སོགས་པ་གང་ཡང་རུང་བར་ཐིག་ལེ་དང་ཡི་གེ་སོགས་ལ་དམིགས་པའི་ཐབས་གང་ཡང་རུང་བས་སྲོག་དྷཱུ་ཏཱིར་སྡུད་པ་ཐམས་ཅད་སྲོག་རྩོལ་ཡིན་པས་གཞུང་རྣམས་ལས་ལྟ་བ་ལ་སོགས་པའི་རྩ་འཁོར་གྱི་གནས་ཕྱོགས་རེའི་སྲོག་རྩོལ་བཤད་པ་ནི་མཚོན་པ་ཙམ་མོ་ཞེས་བཤད་དོ། །དེ་ལྟར་སྲོག་རྩོལ་གྱི་སྒོ་མི་འདྲ་བ་མང་པོ་ཡོད་པ་བཞིན་དུ། སྒོ་དེ་དག་གི་རླུང་དབུ་མར་བཙུད་ནས། རླུང་དབུ་མར་འབྱུང་འཇུག་མི་བྱེད་པར་གནས་པ་ལ་འཛིན་པའི་ཡན་ལག་ཏུ་གསུངས་པའང་དུ་མ་ཞིག་འོང་ངོ་། །ཁྱད་པར་གསལ་བྱེད་ལས། སེམས་རིན་པོ་ཆེ་ནམ་མཁའ་དང་མཉམ་པ་འདི་འོད་གསལ་ཉིད་དུ་གྱུར་པ་ལས། གང་སྲོག་རླུང་གིས་བརྟན་པར་གྱུར་པ་དེ་འཛིན་པའོ། །ཞེས་རགས་པའི་སྲོག་རླུང་ཐིམ་ནས་ཕྲ་བའི་སྲོག་རླུང་བརྟན་པས་སེམས་འོད་གསལ་དུ་ཞུགས་པ་སྦྱོར་བ་ཡན་ལག་དྲུག་གི་འཛིན་པའི་ཡན་ལག་ཏུ་བཤད་པ་ནི། འདུས་པ་ཕྱི་མ་ལས། རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་འགྱུར། ཞེས་གསུངས་པའི་དོན་དུ་འདོད་དེ། སྒྲོན་གསལ་ལས། རང་ནི་གཟུགས་ལ་སོགས་པའི་ཡུལ་དང་། དབང་པོ་ནི་མིག་ལ་སོགས་པ་སྟེ། དེ་གཉིས་དགག་པ་སྟེ། ཐིམ་ནས་དེའི་འོག་ཏུ་རིན་ཆེན་ཏེ་སེམས་སྲོག་རླུང་དང་བཅས་པ་བཀག་ཅིང་། ནུབ་པར་གྱུར་པའི་གཟུང་བ་ནི་


JLD010_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་སྟེ་ཞེས་ཡང་དག་པའི་མཐའ་འོད་གསལ་དུ་བཤད་པ་དེ་དང་མཐུན་ནོ། །སེམས་རླུང་དང་བཅས་པ་ཐིམ་པ་ནི། སེམས་གསུམ་རིམ་གྱིས་ཐིམ་པའོ། །རྗེས་དྲན་གྱི་ཡན་ལག་ནི། འདུས་པ་ཕྱི་མ་ལས། རྗེས་དྲན་གང་ཞིག་རྣམ་སྒོམ་པ། །དེ་དང་འདྲ་བ་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དོ། །ཞེས་གསུངས་པའི་དོན་སྒྲོན་གསལ་ལས། སྔར་ལུགས་མཐུན་དུ་འཇུག་པའི་དུས་སུ་སྨིག་རྒྱུ་ནས་འོད་གསལ་གྱི་བར་དུ་ཐོབ་པ་དེ་དང་འདྲ་བར་ཕྱིས་ལུགས་ལྡོག་ཏུ་ལངས་པའི་ཚེ་འོད་གསལ་ལས་ཉར་ཐོབ་ནས་སྨིག་རྒྱུའི་བར་དུ་བྱུང་བ་ལ་བཤད་པ་བཞིན་དུ་བྱའོ། །ཁྱད་པར་གསལ་བྱེད་ལས། འཛིན་པའི་མཇུག་ཐོགས་སུ། །སྔར་བསྒོམས་པའི་ལྷ་ལ་རྫེས་སུ་དྲན་པ་འབྱུང་སྟེ། དེའང་བ་སྤུའི་བུ་ག་རེ་རེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ལྟ་འོད་ཟེར་གྱི་རྣམ་པར་འཕྲོ་བ་ལ་རྗེས་དྲན་གྱི་ཡན་ལག་ཏུ་བཤད་དོ། །ཏིང་ངེ་འཛིན་གྱི་ཡན་ལག་ནི་ཁྱད་པར་གསལ་བྱེད་ལས། འོད་གསལ་ལས་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུར་བཞེངས་པ་དེའང་ཏིང་ངེ་འཛིན་ཞེས་བྱ་བར་བཤད་དོ། །ཞེས་བཤད་པ་ནི་སྒྲོན་གསལ་ལས་བཤད་པ་བཞིན་ནོ། །དོན་གྱི་འོད་གསལ་ལས་ལངས་པའི་མཚམས་སུ་ནི། སློབ་པའི་ཟུང་འཇུག་སྒྱུ་མའི་སྐུ་གྲུབ་པ་ནས་ཏིང་ངེ་འཛིན་གྱི་ཡན་ལག་མཚན་ཉིད་པར་བཞག་གོ། མཚོན་བྱེད་དཔེའི་འོད་གསལ་ལས་ལངས་པའི་མཚམས་སུ་ནི། སྒྱུ་ལུས་དངོས་


JLD010_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེས་མཐུན་པ་གཉིས་ཀྱི་ལྡང་ཚུལ་ཡོད་དོ། །རིམ་ལྔར་འཇོག་ཚུལ་ནི། ལུགས་འདིའི་རྫོགས་རིམ་ལ་ཐོག་མར་ནུས་པ་ཐོན་པའི་མཚམས་ནས་ལུས་དབེན་གྱི་སྒོར་ཅི་རིགས་པ་འབྱུང་ལ། རྡོ་རྗེ་བཟླས་པའི་རིམ་པ་ནི་ཤིན་ཏུ་གསལ་ལོ། །དེ་དང་ཐབས་གཞན་གྱིས་རླུང་ལ་ནུས་པ་ཐོན་ནས་ལྟེ་བའི་དབུ་མའི་མདུད་པ་ལེགས་པར་གྲོལ་བའི་དབུས་སུ་རླུང་བསྡུས་ཏེ་ཐིམ་པར་མི་ནུས་པ་ཚུན་ཆད་ནི་རྡོར་བཟླས་ཀྱི་རིམ་པར་འདུ་ཞིང་། རྩ་མདུད་ལེགས་པར་གྲོལ་ནས་སྒྱུ་ལུས་དངོས་སུ་བསྐྱེད་མི་ནུས་ཚུན་ཆད་ནི་སེམས་དབེན་དུ་བསྡུའོ། །སྒྱུ་ལུས་དངོས་སུ་བསྐྱེད་ནུས་པ་ནས་དེ་ལ་བྱང་བའི་བར་ནི་བདག་བྱིན་རླབས་ཀྱི་རིམ་པའོ། །དེ་ནས་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་གྱུར་པ་དང་དེའི་ཐབས་ཀྱི་ཉེ་རྒྱུ་རྣམས་ལ་ནི་འོད་གསོལ་དང་མངོན་པར་བྱང་ཆུབ་པའི་རིམ་པ་ཞེས་བྱའོ། །དེའང་དོ་ཧ་ལས། དེ་ཉིད་བསམས་པས་རྣམ་རྟོག་རང་བཞིན་འགག་པར་འགྱུར། །གལ་ཏེ་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ། རྣམ་རྟོག་དང་ནི་ཡིད་ནི་མི་གཡོ་བརྟན་པར་གནས། །ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་བཞིན་ལ་ཐིམ་འགྱུར། ཞེས་གསུངས་པས། དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་པས་རང་བཞིན་གྱི་རྟོག་པ་རྣམས་ཐིམ་སྟེ། ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་སེམས་ཆོས་རྣམས་ཀྱི་རང་བཞིན་ཡིན་ལུགས་ལ་ཞུགས་ཏེ། ལན་ཚྭ་ཆུ་ལ་ཐིམ་པ་ལྟར་གྱུར་པ་མཚོན་བྱ་དོན་གྱི་འོད་གསལ་གྱི་ཡེ་ཤེས་སོ། །


JLD010_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཟུང་འཇུག་གི་རིམ་པ་འགྲུབ་ཚུལ་ནི་བཤད་ཟིན་ཏོ། །གསུམ་པ་ལམ་གྱི་འབྲས་བུ་འགྲུབ་ཚུལ་ནི། སྔར་བཤད་པའི་སློབ་པའི་ཟུང་འཇུག་གི་ཏིང་ངེ་འཛིན་དང་། རྫོགས་རིམ་པའི་སྤྱོད་པ་རྣམས་ལ་གོམས་པར་བྱས་པས། མི་སློབ་པའི་ཟུང་འཇུག་མཆོག་གི་དངོས་གྲུབ་འགྲུབ་ལ། དེའང་མཐར་ཐུག་འགྲུབ་པར་ཉེ་བ་ན། ཇི་ལྟར་འོང་བའི་ཚུལ་ནི་གུར་ལས་ཉི་མ་གཅིག་གིས་འགྲུབ་འགྱུར་རམ། །ཆོགས་ཉི་མ་གཉིས་ནའམ། །ཉིན་གསུམ་རབ་ཏུ་སྦྱར་བས་སམ། །དེ་བཞིན་ཉི་མ་བཞི་ཡིས་སམ། །ཉིན་ལྔ་རབ་ཏུ་སྦྱར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མེ་ཏོག་སོགས་པས་མཆོད་བྱས་ནས། བསམ་གཏན་གནས་སུ་རབ་འདུག་སྟེ། །ཕྱག་རྒྱར་ལྷན་ཅིག་རབ་ཞུགས་ནས། །རྡོ་རྗེ་སྦྱོར་བ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྦྱོར་བ་འདི་ནི་རབ་བརྩམས་ན། །སྐྱ་རེངས་འཆར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ཅེས་པ་འདིས་སྟོན་ལ། ལུང་དེའི་དོན་མན་སྙེར། ཟླ་བ་དྲུག་ཏུ་རིག་མའི་བརྟུལ་ཞུགས་སྤྱད་ནས་ཉི་མ་བདུན་རང་གི་ལྷ་བརྟག་པར་བྱས་ཏེ་སྦྱོར་བ་རབ་ཏུ་གྱུར་པར་ཤེས་ཤིང་། གང་གི་ཚེ་ཉིན་མཚན་དུ་མར་མེའི་འོད་ཀྱི་རྒྱུན་བཞིན་དུ་རྟག་ཏུ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་མངོན་དུ་ཕྱོགས་པར་ནུས་པ་དེའི་ཚེ། ལྷན་ཅིག་སྤྱོད་པའི་ཕྱག་རྒྱ་དང་ལྷན་ཅིག་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ལས་གང་ཡང་རུང་བའི་རྣལ་འབྱོར་མངོན་དུ་བྱས་ཏེ་ཐོ་རངས་ཀྱི་ཐུན་ནས་བརྩམས་ལ། རྫོགས་པའི་རིམ་པའི་རྣལ་འབྱོར་ཞེས་བཤད་པའི་ཕྱིར། ཁམས་


JLD010_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཐམས་ཅད་གཅིག་པའི་རང་བཞིན་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་གཅིག་པའི་ངོ་བོར་ལྷག་པར་མོས་ནས། རྡོ་རྗེས་རྒྱས་བཏབ་པའི་ཕྱག་རྒྱ་དང་རོ་མཉམ་པ་ཉམས་སུ་མྱོང་ཞིང་། མར་མེའི་འོད་ཀྱི་རྒྱུན་ལྟ་བུར་རྟག་པར་ཉིན་མཚན་ཐོག་ཐག་གནས་པར་བྱའོ། །དེ་ནས་རབ་ཀྱི་མཐར་ཐུག་པར་སོན་པའི་དགའ་བ་བཞིའི་དེ་ཁོ་ན་ཉིད་མངོན་དུ་བྱས་པ་ལས་སྐྱ་རེངས་འཆར་བའི་དུས་སུ་འགྲུབ་སྟེ། །སྒྲུབ་ཐབས་མཆོག་རྣམས་ཀྱིས་ཞེས་བཤད་པའི་ཕྱིར། མན་ངག་ཇི་ལྟ་བར་ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཉེ་བའི་ཉིན་ཞག་ལ་སྟེ། བྱང་ཆུབ་ཀྱི་སེམས་ཟླ་བའི་ཆ་མཐའ་དག་ཡོངས་སུ་རྫོགས་པའི་ཕྱིར། སྐྱ་རེངས་འཆར་བའི་དུས་སུ་ཤིན་ཏུ་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་བདུད་རྩི་ཡོངས་སུ་རྫོགས་པས། ཕྱག་རྒྱ་ཆེན་པོ་གྲུབ་པ་རྡོ་རྗེ་འཛིན་པའོ་ཞེས་བཤད་དོ། །རྡོ་རྗེ་ཉི་མ་ཞེས་པ་བཞི་འདུས་པ་ལས་ཀྱང་འབྱུང་ལ། དེའི་དོན་ནི་སྒྲོན་གསལ་ལས་ཕྱི་ནང་གི་བྱང་ཆུབ་པའི་རིམ་པ་གཉིས་ལ་བཤད་པའི་དང་པོ་ནི། རྡོ་རྗེ་ཉི་མ་ནི་ཡོངས་སུ་གྲགས་པའི་ཉི་མ་ཉིད་དོ། །དེ་ནུབ་པ་ནི་དམར་ཐག་ཆད་པའི་མཚམས་སུ་ཡོ་བྱད་ཅི་རྙེད་པས་བླ་མ་མཉེས་པར་བྱ་བར་གསུངས་ཏེ་ཚོགས་ཀྱི་མཆོད་པའོ། །དེ་ནས་བླ་མའི་དྲིན་གྱིས་མཚན་ཕྱེད་ན་ཕྱག་རྒྱ་ལ་བརྟེན་ནས་དབང་བསྐུར་བ་ཐོབ་ནས་སྐྱ་རེངས་འཆར་ཀའི་དུས་སུ་འོད་གསལ་གྱི་རིམ་པའི་ལུང་ཕོག་པས་ཀྱང་མཆོག་


JLD010_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པོ། །ནང་གི་མངོན་བྱང་གི་རིམ་པ་ལྟར་བཤད་ན། རྡོ་རྗེ་ཉི་མ་ནི་ཐབས་ཀྱི་ཡེ་ཤེས་སྙོམས་པར་འཇུག་པའི་མཚན་ཉིད་ཅན་འབྱུང་བའོ། །ནུབ་པ་ནི་དེ་འགགས་པ་ལ་བཤད་དེ། ཐབས་ཀྱི་ཡེ་ཤེས་ནི། སྟོན་དུས་ཀྱི་སྤྲིན་མེད་པའི་ནམ་མཁའ་གཡའ་དག་པ་ལ། ཉི་འོད་ཤར་བ་ལྟ་བུའི་སྣང་བ་མཆེད་པའོ། །དེས་མཚོན་ནས་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་སྣང་བའི་ཡེ་ཤེས་ཀྱང་ནུབ་ཅིང་འགགས་པ་དང་། འོད་གསལ་གྱི་སྔོན་དུ་དེ་སྒྲུབ་པའི་སྣང་བ་ཉེར་ཐོབ་ཀྱི་སྦྱོར་བ་འདི་ནི་བརྩམས་པ་སྟེ་འབྱུང་བར་བྱའོ། །སྐྱ་རེངས་འཆར་བ་ནི། མ་རིག་པ་ཉེར་ཐོབ་དེ་འདས་པའི་དུས་སུ་སྒྲུབ་པ་པོས་སྟོང་པ་བཞི་རིམ་གྱིས་མངོན་དུ་བྱེད་པས་ཕྱག་ཆེན་གྱི་དངོས་གྲུབ་འགྲུབ་པར་གསུངས་ཏེ། དེའི་ཚེ་འོད་གསལ་བསྒོམས་པས་གཉིས་སྣང་འཁྲུལ་བའི་བག་ཆགས་སྦྱངས་ནས་ཐོ་རངས་ཆོས་ཀྱི་སྐུ་མཐར་ཐུག་པ་མངོན་དུ་གྱུར་པའི་ཚེ། སློབ་པའི་ཟུང་འཇུག་སྒྱུ་མའི་སྐུ། མི་སློབ་པའི་ཟུང་འཇུག་གི་སྐུར་འགྱུར་ཞིང་། འཁོར་བ་ཇི་སྲིད་པར་སྐུ་དེ་ཉིད་ལས་མི་གཡོ་བར་བཞུགས་སོ། །དེ་འདྲ་བའི་དག་པ་གཉིས་ལྡན་གྱི་ཡུལ་གྱི་འོད་གསལ་ནི། འདུས་མ་བྱས་པའི་ཆོས་ཀྱི་སྐུ་དང་། ཡུམ་ཅན་གྱི་འོད་གསལ་ནི་ཡེ་ཤེས་ཆོས་ཀྱི་སྐུ་དང་། བདེ་བ་ཆེན་པོའི་སྐུ་ཞེས་ཀྱང་བྱའོ། །དེའི་རྟེན་གཟུགས་ཀྱི་སྐུ་རླུང་སེམས་ཙམ་ལས་གྲུབ་པ་ནི་ལོངས་སྐུ་ཡིན་ལ། སྐུ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པས། གཟུགས་སྐུ་དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་ལན་དུ་མར་གསུངས་པས། གཟུགས་སྐུ་སངས་


JLD010_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སས་མ་བསྡུས་པར་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་དང་། ཤེས་པ་ལས་ངོ་བོ་ཐ་དད་པའི་བེམ་པོར་འདོད་པ་དང་། འབྲས་བུའི་སྐབས་སུ་ཡེ་ཤེས་མེད་པ་སོགས་འཕགས་པ་ཡབ་སྲས་ཀྱི་བཞེད་པར་སྨྲ་བ་ནི་ལེགས་པར་སྨྲ་བ་མ་ཡིན་པར་ཤེས་པར་བྱའོ། །དེ་འདྲ་བའི་ཟུང་འཇུག་གི་སྐུ་དེས་མཆོག་གི་སྤྲུལ་པའི་སྐུ་ལ་སོགས་པའི་སྤྲུལ་པ་དུ་མ་ཞིག་མཛད་དོ། །འཁྲིད་ཡིག་འདི་ནི་དམིགས་པའི་རིམ་པ་གཙོ་བོར་བྱས་ནས་ཤིན་ཏུ་བསྡུས་པའི་ལུགས་ཡིན་པས། །འདིའི་བཤད་པ་རྒྱས་པར་ནི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་རྣམ་བཤད་དངོས་གྲུབ་སྙེ་མར་རྒྱས་པར་བཤད་པ་ལས་ངེས་པར་ཤེས་དགོས་པར་ཡོད་པས་དེ་ལས་ཤེས་པར་བྱའོ། །ཤིན་ཏུ་ཟབ་པ་འཁོར་ལོ་བདེ་མཆོག་གི །རྫོགས་རིམ་གྲུབ་ཆེན་ལཱུ་ཨི་པ་ཡི་ལུགས། །དམིགས་པའི་རིམ་པར་ཤིན་ཏུ་བསྡུས་པ་འདི། །སྦྱར་བའི་དགེ་བས་ལམ་འདི་རྒྱས་བྱེད་ཤོག །ཅེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་འཁྲིད་པའི་རིམ་པ་མདོར་བསྡུས་པ་འདི་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒ་ལཾ།


previousརྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་འཁྲིད་ཀྱི་རིམ་པ་མདོར་བསྡུས་པ།next