Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
  expand section
   
   
   
   
   
   
   
རྫོགས་རིམ་དཔྱིད་ཀྱི་ཐིག་ལེའི་ཟིན་བྲིས།


 
previousརྫོགས་རིམ་དཔྱིད་ཀྱི་ཐིག་ལེའི་ཟིན་བྲིས།no next

རྫོགས་རིམ་དཔྱིད་ཀྱི་ཐིག་ལེའི་ཟིན་བྲིས།


JLD010_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་དཔྱིད་ཀྱི་ཐིག་ལེའི་ཟིན་བྲིས་བཞུགས་སོ།།


JLD010_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་རྫོགས་རིམ་དུ་འཇོག་པར་བྱེད་པ་ལ། སྟོང་ཉིད་ཙམ་གྱིས་འཇོག་མི་ནུས་ཏེ། སྟོང་ཉིད་རྟོགས་པ་ཐེག་དམན་ལའང་ཡོད་པའི་ཕྱིར་རོ། །སྟོང་ཉིད་དང་ལྷའི་རྣལ་འབྱོར་གཉིས་ཀ་ཡོད་པ་ཙམ་གྱིས་ཀྱང་། རྫོགས་རིམ་དུ་འཇོག་མི་ནུས་ཏེ། དེ་གཉིས་རྒྱུད་སྡེ་འོག་མ་གསུམ་ལའང་ཡོད་པའི་ཕྱིར་རོ། །དེ་གཉིས་ཀྱི་སྟེང་དུ་རླུང་གི་རྣལ་འབྱོར་བསྣན་པས་ཀྱང་དེར་འཇོག་མི་ནུས་ཏེ། སྟོང་པ་དང་ལྷའི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་གསུམ་ག་རྒྱུད་སྡེ་འོག་མ་གསུམ་ལའང་ཡོད་པའི་ཕྱིར་རོ། །དེས་ན་འདིར་ལུས་ལ་གནད་དུ་བསྣུན་ནས་བོགས་བཏོན་པའི་སྟོང་ཉིད་ཀྱི་རྟོགས་པ་ལ་རྫོགས་རིམ་དུ་འདོད་པ་ཡིན་ལ། དེ་ལ་ལུས་ཀྱི་གནད་རྩ་དང་རླུང་དང་ཐིག་ལེ་


JLD010_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གནས་ཚུལ་ཤེས་དགོས་པས་ཐོག་མར་རྩའི་ཡོད་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། དེའང་མཚན་ཉིད་ཐེག་པ་ནས་དགའ་བོ་མངལ་འཇུག་གི་མདོར། ལུས་ཀྱི་གཡས་གཡོན་གཉིས། རྒྱབ་མདུན་གཉིས་ཏེ་བཞིར་རྩ་ཉི་ཁྲི་ཉི་ཁྲི་སྟེ་ལུས་ལ་རྩ་བརྒྱད་ཁྲི་ཡོད་པར་བཤད་ལ། སྔགས་ཀྱི་ཐེག་པ་ནས་ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་ཡོད་པར་བཤད། དེ་དག་གི་ནང་ནས་ཀྱང་བརྒྱ་ཉི་ཤུ་རྩའི་གཙོ་བོ་ཡིན་ཏེ་རླུང་དང་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཕྱིར་རོ། །དེའི་ནང་ནས་ཀྱང་ཉི་ཤུ་རྩ་བཞི་གཙོ་བོ་ཡིན་ཏེ། སྐྲ་དང་སེན་མོ་དང་སོ་ལ་སོགས་པའི་རྒྱུ་བྱེད་པའི་ཕྱིར་རོ། །དེ་ལ་བརྒྱ་ཉི་ཤུ་ནི་སྤྱི་བོར་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རེ་བཞི་རྣམས་ཡིན་ནོ། །ཉེར་བཞི་ནི་


JLD010_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ནས་འཆད་པའི་སྙིང་གའི་རྩ་འདབ་མ་བརྒྱད་ལས། གསུམ་གསུམ་དུ་གྱེས་པའི་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་གསུམ་ཉེར་བཞི་པོ་དེ་ཡིན་ནོ། །དེ་ལས་ཀྱང་རོ་རྐྱང་དབུ་མ་གསུམ་གཙོ་བོ་ཡིན་ཏེ། རྩ་གཞན་ཐམས་ཅད་དེ་ལས་སྐྱེ་དགོས་པའི་ཕྱིར་རོ། །དེ་ལ་མངལ་དུ་དང་པོར་རྩ་ཆགས་པའི་ཚེ། སྙིང་གར་ལྟེ་བ་ལ་རོ་རྐྱང་དབུ་མ་གསུམ། ཤར་དང་ལྷོའི་འདབ་མ་གཉིས་ལ་རིམ་པ་ལྟར་དུ་སུམ་སྐོར་མ་དང་། འདོད་མ་གཉིས་ཏེ་ལྔ་དུས་མཉམ་དུ་ཆགས་སོ། །དེ་ནས་ནུབ་ཏུ་ཁྱིམ་མ། བྱང་དུ་གཏུམ་མོ། །དབུ་མ་དང་ལྷན་ཅིག་ཏུ་བདུད་བྲལ་མ་སྟེ་གསུམ་ཆགས་སོ། །སྙིང་གར་དང་པོར་ཆགས་པའི་རྩ་བརྒྱད་ནི་དེ་རྣམས་ཡིན་ནོ། །ཕྱོགས་ཀྱི་རྩ་བཞི་ནི་རོ་རྐྱང་དབུ་མ་གསུམ་ལ་ནང་དུ་བུག་པ་བརྟོལ་བའི་ཚུལ་གྱིས་རྩ་བ་ཟུག་ཡོད་ལ། མཚམས་ཀྱི་རྩ་བཞི་ནི་ཕྱོགས་ཀྱི་རྩ་བཞི་ལས་གྱེས་པ་ཡིན་ལ་དེའང་དཔེར་བརྗོད་ན་ཤར་གྱི་སུམ་སྐོར་མ་ལས་ཤར་ལྷོ་མཚམས་ཀྱི་རྩ་དེ་གྱེས་པ་ཡིན་ལ་མཚམས་ཀྱི་རྩ་གཞན་གསུམ་ནི་རིམ་པ་ལྟར་ལྷོའི་འདོད་མ། ནུབ་ཀྱི་ཁྱིམ་མ། །བྱང་གི་གཏུམ་མོ་གསུམ་ལས་གྱེས་པ་ཡིན་ཏེ་དེས་ན་སྙིང་གའི་རྩ་འདབ་མ་བརྒྱད་ནི་སུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་བཞི་དང་། དེ་ལས་གྱེས་པའི་མཚམས་ཀྱི་རྩ་བཞི་སྟེ་བརྒྱད་པོ་དེ་ཡིན་པས་སྙིང་གར་དང་པོ་ཆགས་པའི་རྩ་བརྒྱད་དང་མི་གཅིག་གོ། རྩ་འདབ་མ་བརྒྱད་པོ་དེ་ལས་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་གྱེས་པས་བརྒྱད་གསུམ་ཉི་ཤུ་རྩ་བཞི་ཡིན་ནོ། །ཉེར་བཞི་པོ་དེའི་སྟེང་དུ་སྙིང་གར་དང་པོ་ཆགས་པའི་རྩ་བརྒྱད་བསྣན་པ་དེ་ལ་བྱང་སེམས་འབབ་པའི་རྩ་སོ་གཉིས་


JLD010_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཐ་སྙད་བྱེད་པ་ཡིན་ནོ། །ཉེར་བཞི་པོ་དེ་ལས་གསུམ་གསུམ་དུ་གྱེས་པས་རྩ་བདུན་ཅུ་རྩ་གཉིས་སུ་འགྲོ་བ་ཡིན་ནོ། །དེའང་སྐུ་གསུང་ཐུགས་སམ། ཐིམ་པ་དང་། ལོངས་སྤྱོད་དང་བདག་པོ་གསུམ་གྱི་སྒོ་ནས་འབྱེད་པ་ཡིན་ནོ། །བདུན་ཅུ་རྩ་གཉིས་པོ་དེ་ལ་རེ་རེ་ལ་སྟོང་སྟོང་དུ་གྱེས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པ་ཡིན་ནོ། །དེའང་རོ་རྐྱང་དབུ་མ་གསུམ་གྱི་གནས་ཚུལ་ཅུང་ཟད་བརྗོད་ན་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་ལྕགས་སྒྲོག་གི་ཚུལ་གྱིས་འཁྱུད་ནས་ཡོད་ལ། དེའང་དབུ་མ་དབུས་ན་ཡོད་ཅིང་། དེའི་ནང་ནས་མུན་པ་དང་ཁུ་ཁྲག་རླུང་གསུམ་གྱི་ནང་ནས་རླུང་འབྱུང་བས་ན་སྙིང་སྟོབས་རྡུལ་མུན་གསུམ་གྱི་ནང་ནས་མུན་པའི་རྩ་དང་། སྐྱེས་པ་བུད་མེད་མ་ནིང་གསུམ་གྱི་ནང་ནས་མ་ནིང་རྩ་དང་། ཟླ་བ་ཉི་མ་སྒྲ་གཅན་གསུམ་གྱི་ནང་ནས་སྒྲ་གཅན་གྱི་རྩ་ཞེས་བྱའོ། །དབུ་མའི་གཡས་ན་རོ་མ་གནས་ཤིང་དེའི་ནང་ནས་ཁུ་བ་དང་ཅུང་ཟད་འདྲེས་པའི་ཁྲག་ཕལ་ཆེར་འབབ་པོ། །དེའི་ཁ་ནི་སྟེང་གི་ཕྱོགས་ལ་ཡོད་དེ་སྟེང་འོག་གཉིས་ཀ་ལ་བུག་པ་ཡོད་པ་ལ་སྟེང་གི་ཕྱོགས་ཁོ་ན་ལ་ཁ་ཡོད་ཟེར་བའི་རྒྱུ་མཚན་ནི་ཁྲག་ཕྱིར་འཕེན་པ་དང་ནང་དུ་སྡུད་པའི་བྱ་བ་སྟེང་ཕྱོགས་ཀྱི་མགྲིན་པ་ནས་བྱེད་ཀྱི་འོག་གི་བུ་ག་ནས་མི་བྱེད་པས་དེའི་དོན་གྱིས་ཡིན་ནོ། །རྐྱང་མ་ནི་དབུ་མའི་གཡོན་ན་ཡོད་ཅིང་ཁྲག་དང་ཅུང་ཟད་འདྲེས་པའི་ཁུ་བ་ཕལ་ཆེར་འབབ་པོ། །དེ་ལ་ཟླ་བ་དང་སྐྱེས་པ་དང་སྙིང་སྟོབས་དང་ཐབས་ཀྱི་རྩ་ཞེས་བྱ་སྟེ། ཁུ་བ་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། །རོ་


JLD010_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ཉི་མ་དང་བུད་མེད་དང་རྡུལ་དང་ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ་ཁྲག་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། །དེ་ལ་རོ་རྐྱང་དབུ་མ་གསུམ་ནི་སྤྱི་བོ་ནས་སུམ་མདོའི་བར་དུ་ཡོད་ལ། དེ་ནས་གཉིས་སུ་གྱེས་ཏེ་རོ་རྐྱང་དབུ་མ་གསུམ་གྱི་ཚན་གཅིག་རྐང་མཐིལ་གྱི་བར་དུ་འགྲོ་ལ་ཚན་གཅིག་ནོར་བུའི་རྩེ་མོའི་བར་དུ་འགྲོ་བས་རྐང་པ་གཉིས་དང་ནོར་བུ་གསུམ་ག་ལ་རྩ་གསུམ་ཡོད་པར་འདྲ་བ་ཡིན་ནོ། །རྐྱང་མ་ལ་སྟེང་འོག་གཉིས་ཀ་ལ་བུ་ག་ཡོད་པར་འདྲ་བ་ལ་ལྟེ་བ་ཁོ་ན་ལ་ཁ་ཡོད་ཅེས་པ་ནི། ཁུ་བ་ཕྱིར་འཕེན་པ་དང་ནང་དུ་འཛིན་པ་གཉིས་ཀ་ལྟེ་བ་ནས་བྱད་པས་དེའི་ཆ་ནས་ཡིན་ནོ། །དེའང་ལྟེ་བ་ཡན་གྱི་དབང་དུ་བྱས་པ་ཡིན་ལ། ལྟེ་བ་མན་དུ་ནི་རྐྱང་མ་དབུས་སུ་ཡོད་ཅིང་ཁུ་བ་འབབ། རོ་མ་གཡོན་ན་ཡོད་ཅིང་གཅི་བ་འབབ་བོ། །སྡོམ་འབྱུང་ལས། རོ་མ་འབྱུང་བའི་ལམ་དུ་བཤད། རྐྱང་མ་འཇུག་པའི་ལམ་དུ་བཤད་པ་ནི། ཤེས་པས་ཡུལ་འཛིན་པའི་དུས་སུ་རོ་མའི་ནང་ནས་རླུང་དང་བསྡོངས་ནས་ཕྱིར་དོན་ཏེ་ཡུལ་འཛིན་ཞིང་། ཡུལ་བཟུང་ཟིན་ནས་རླུང་དང་ལྷན་ཅིག་ཏུ་རྐྱང་མའི་ནང་དུ་འཇུག་པ་ཡིན་ནོ། །རྩ་འཁོར་བཞིར་བྱང་སེམས་འབབ་པའི་སྒོ་ནས་དགའ་བ་བཞིའམ་བཅུ་དྲུག་ཏུ་འགྱུར་ཚུལ་ནི། གཏུམ་མོ་ལྟ་བུ་བསྒོམས་པས་དམར་ཆ་འཕེལ་ཏེ་བྱང་སེམས་བཞུ་ནས་སྤྱི་བོ་ནས་བབས་པ་ནས་བཟུང་སྟེ་མགྲིན་པར་སླེབ་སླེབ་ཀྱི་བར་ལ་དགའ་བ་བཞིའི་ནང་ནས་དགའ་བ་དང་། དགའ་བ་དེ་ལའང་དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ་ཡོད་པས་དེ་དག་ཀྱང་སྐྱེའོ། །བྱང་སེམས་དེ་མགྲིན་པ་ནས་བབས་


JLD010_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནས་བཟུང་སྟེ་སྙིང་གར་སླེབ་སླེབ་ཀྱི་བར་ལ་དགའ་བ་བཞིའི་ནང་ནས་མཆོག་དགའ་དང་། དེ་ལའང་དགའ་བ་བཞི་བཞི་ཡོད་པ་དེ་དག་ཀྱང་སྐྱེའོ། །སྙིང་གནས་བབས་པ་ནས་བཟུང་སྟེ་ལྟེ་བར་སླེབ་སླེབ་ཀྱི་བར་ལ་ནི་ཁྱད་པར་གྱི་དགའ་བ་དང་། དེ་ལའང་དགའ་བ་བཞི་བཞི་ཡོད་པ་དེ་དག་ཀྱང་སྐྱེའོ། །ལྟེ་བ་ནས་བབས་པ་ནས་བཟུང་སྟེ་ནོར་བུའི་རྩེ་མོར་སླེབ་སླེབ་ཀྱི་བར་ལ་ནི་ལྷན་ཅིག་སྐྱེས་དགའ་དང་། དེ་ལའང་དགའ་བ་བཞི་བཞི་ཡོད་པ་རྣམས་སྐྱེའོ། །དེའང་གྲགས་ཚོད་ལ་རྩ་འཁོར་བཞི་ཞེས་གྲགས་ཤིང་། ཞིབ་ཏུ་བྱས་ན་རྩ་འཁོར་བདུན་ཡོད་དེ། དེའང་བཞི་བ་དེའི་སྟེང་དུ་གཙུག་ཏོར་ན་རྩ་འདབ་བཞི། གསང་གནས་ན་རྩ་འདབ་སོ་གཉིས། ནོར་བུའི་རྩེ་མོ་ན་རྩ་འདབ་མ་བརྒྱད་ཡོད་པའི་རྩ་འཁོར་གསུམ་སྟེ་བདུན་ནོ། །འཁོར་ལོ་དེ་དག་གི་ལྟེ་བ་ལ་རོ་རྐྱང་གཉིས་གང་རུང་ཞིག་གིས་སྟེང་ནས། གཅིག་གིས་འོག་ནས་དབུ་མ་ལ་འཁྱུད་ཡོད་ཅིང་། དེའང་དེ་གཉིས་ཀྱི་བར་ན་དེ་གཉིས་ཀྱིས་མ་སླེབས་པའི་བར་སྟོངས་ཅུང་ཟད་ཡོད་དེ། སྙིང་གའི་དབུ་མའི་ནང་ན་རྣམ་ཤེས་དང་ལྷན་ཅིག་སྐྱེས་པའི་རླུང་ཡོད་ལ་དེ་ལ་ཡེ་ཤེས་ཀྱི་རླུང་མི་ཤིགས་པའི་ཐིག་ལེ་ཞེས་ཀྱང་ཟེར་རོ། །ཁུ་ཁྲག་གཉིས་ཀྱང་ཡོད་ཅིང་དེའང་རྩ་མདུད་ཀྱི་ཐད་ཀྱི་དབུ་མའི་ནང་ན་ཡོད་དོ། །ལུས་ཟུངས་བཅུ་དྲུག་གི་ནང་ནས་ཁུ་ཁྲག་གཙོ་བོ་ཡིན་ཞིང་། གཞན་རྣམས་དེའི་རྣམ་འགྱུར་ཡིན་ལ། དེའང་དང་པོར་མངལ་དུ་ཆགས་དུས་ཁུ་ཁྲག་གཉིས་སྙིང་ག་ན་ཡོད་ལ། དེ་ནས་ཁུ་བ་སྟེང་གི་ཕྱོགས་སུ་སོང་སྟེ་གཙོ་ཆེར་སྤྱི་བོ་ན་གནས་ལ།


JLD010_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ནམ་དགོས་པ་ན་སྐྱེ་བ་ཡིན་གྱི། སྣོད་དུ་བླུག་པའི་ཚུལ་གྱིས་ཡོད་པ་ནི་མ་ཡིན་ནོ། །ཁྲག་འོག་ཏུ་སོང་སྟེ་གཙོ་ཆེར་ལྟེ་བ་ན་ཡོད་ལ་གཏུམ་མོ་འབར་བ་དང་ཐིག་ལེ་འཛག་པའི་དམིགས་པ་ལྟེ་བ་སོགས་ལ་གཏད་པའི་རྒྱུ་མཚན་དེ་ཡིན་ནོ། །རྩ་དེ་དག་ཏུ་བྱང་སེམས་དཀར་དམར་དང་རླུང་ཇི་ལྟར་རྒྱུ་བ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པས་དེ་ལ་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུམ་ཡོད་ལ། དེའི་ཚན་གཅིག་ནས་ཁུ་བ། ཚན་གཅིག་ནས་ཁྲག །ཚན་གཅིག་ནས་རླུང་བབས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་ཁུ་ཁྲག་རླུང་གསུམ་འབབ་ཚུལ་དེ་ཡིན་ནོ། །ཡང་དེའི་གྱེས་གཞི་རྩ་བདུན་ཅུ་རྩ་གཉིས་ལའང་རྩ་ཉེར་བཞི་པ་ཚན་པ་གསུམ་ཡོད་པས། གསུམ་པོ་དེ་ལའང་ཁུ་ཁྲག་རླུང་གསུམ་འབབ་ཚུལ་སྔ་མ་དང་འདྲའང་། བདུན་ཅུ་རྩ་གཉིས་པོ་དའི་གྱེས་གཞི་རྩ་ཉེར་བཞི་པོ་དེ་ལའང་བརྒྱད་ཆེན་གསུམ་ཡོད་པས།གསུམ་པོ་དེ་ལའང་ཁུ་ཁྲག་རླུང་གསུམ་འབབ་ཚུལ་སྔ་མ་དང་འདྲ། རྩ་ཉེར་བཞི་པོ་དེའི་གྱེས་གཞི་སྙིང་གའི་རྩ་འདབ་བརྒྱད་ལས་ནི་བཤད་གཅི་གཉིས་ཁུ་ཁྲག་གཉིས། བད་ཀན་ཏེ་བདུད་རྩི་ལྔ་འབབ་བོ། །བརྒྱད་པོ་དེའི་གྱེས་གཞི་རོ་རྐྱང་དབུ་མ་གསུམ་ཡིན་ལ། དེ་དག་གི་འབབ་ཚུལ་ནི་བཤད་ཟིན་ཏོ། །རྩ་རྣམས་བསྡུ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྩ་བདུན་ཅུ་རྩ་གཉིས་སུ་འདུ་ལ། རྩ་བདུན་ཅུ་རྩ་གཉིས་པོ་དེའང་རྩ་ཉེར་བཞིར་འདུལ། ཉེར་བཞི་པོ་དེའང་སྙིང་གའི་རྩ་འདབ་བརྒྱད་དུ་འདུ་ལ། བརྒྱད་པོ་དེའང་རོ་རྐྱང་དབུ་མ་གསུམ་དུ་འདུ་ལ། རོ་རྐྱང་གཉིས་


JLD010_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དབུ་མར་འདུ་བ་ཡིན་ནོ། །ཡང་གྱེས་ཚུལ་ནི་གོང་དང་འདྲའོ། །ལྷ་གཙོ་བོ་ལས་འཁོར་རྣམས་སྤྲོ་བསྡུ་བྱེད་པ་ནི་སྙིང་གའི་རྩ་དང་རླུང་ལས་ཕྱོགས་ཀྱི་རྩ་དང་རླུང་གཞན་རྣམས་སྤྲོ་བསྡུ་བྱེད་པ་དེ་ལ་དཔེ་བྱས་ནས་བསྒོམ་པ་ཡིན་ནོ། །ཡང་སྙིང་གའི་རྩ་ཞེས་པ་ནི་སྲོག་པ་རྩའི་སྙིང་ག་ཡིན་ལ། དེའང་སྲོག་པ་རྩ་ནི་སྒལ་ཚིགས་ཀྱི་ནང་ཙམ་ན་སྒལ་ཚིགས་ལ་བརྟེན་ནས་གནས་པ་ཡིན། སྲོག་པ་རྩ་དེ་ལ་རོ་རྐྱང་དབུ་མ་གསུམ་བརྟེན་ནས་གནས་ཡོད་དོ། །སྲོག་པ་རྩ་དེའི་མགོ་ནི་གྲུ་གསུམ་དུ་ཡོད་ལ་མགྲིན་པ་གཞོན་ནུ་མའི་ནུ་མ་དང་འདྲ་བ་དང་། སྙིང་ག་བའི་མིག་དང་འདྲ་བ་དང་། ལྟེ་བ་པདྨ་འདྲ་བ་དང་། གསང་གནས་ན་རྡོ་རྗེ་འདྲ་བ་དང་། ནོར་བུའི་རྩེ་ན་ཟར་མའི་མེ་ཏོག་དང་དབྱིབས་འདྲ་བའོ། །དེས་ན་རྩ་དང་རླུང་གང་ཡིན་ཡང་སྙིང་ག་ན་ཡོད་ཅེས་པ་ནི། ནུ་མ་གཉིས་ཀྱི་བར་གྱི་ཐད་རྟེན་གྱི་སྒལ་ཚིགས་ཀྱི་ནང་ཙམ་ན་ཡོད་པ་ལ་གོ་དགོས་སོ། །སྔར་བཤད་པའི་བྱང་སེམས་འབབ་པའི་རྩ་སོ་གཉིས་པོ་དེ་སྤྱི་བོའི་རྩ་འདབ་མིན་ཏེ། དེའི་ནང་ན་སྙིང་གའི་རྩ་བརྒྱད་འདུག་པའི་ཕྱིར་རོ། །སོ་གཉིས་པོ་དེ་བདེ་མཆོག་གི་ལྷ་མོ་དང་སྦྱར་ན་རོ་རྐྱང་དབུ་མ་གསུམ་ནི་རྡོ་རྗེ་ཕག་མོ་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞི་ནི་འཁོར་ལོ་གསུམ་གྱི་ལྷ་མོ་ཉེར་བཞི་དང་། སུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་བཞི་ནི་ས་ཆུ་མེ་རླུང་གི་འབྱུང་བའི་རྩ་ཡིན་པས་བདེ་ཆེན་འཁོར་ལོའི་ལྷ་མོ་བཞི་དང་སྦྱོར་བ་ཡིན་ལ། སྒོ་མཚམས་མ་བརྒྱད་ལ་རྩ་སྦྱོར་རྒྱུ་མེད་པ་འདྲ་


JLD010_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་། སྙིང་གའི་རྩ་དབུ་མའི་ནང་གི་ཧཱུཾ་རིང་པོ་ནི་བདེ་མཆོག་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞིའི་ནང་གི་ཁམས་ཉེར་བཞི་ནི་འཁོར་ལོ་གསུམ་གྱི་དཔའ་བོ་ཉེར་བཞི་དང་སྦྱོར། དེའང་བདུད་བྲལ་མར་འཆི་བའི་དུས་མ་གཏོགས་གཞི་དུས་སུ་བྱང་སེམས་མི་འབབ་པས་དེ་དང་ལྷ་མི་སྦྱོར་རོ། །དེ་ལ་བདུད་ཟེར་བའི་རྒྱུ་མཚན་ནི་རང་གཞན་གཉིས་ཀ་ལ་བྱང་སེམས་འབབ་པ་འགོག་པས་སོ། །དེའང་གཞི་དུས་སུ་སེམས་ཅན་ཐ་མལ་པ་ལ་འཆི་དུས་མ་གཏོགས་དེའི་ནང་དུ་ཁུ་བ་མི་འབབ་ཀྱང་ལམ་དུས་སུ་ས་མཐོན་པོར་སླེབ་པའི་ཚེ་འཆི་བའི་གོང་ནས་ཀྱང་དེའི་ནང་དུ་བྱང་སེམས་འདབ་བོ། །རྩ་སོ་གཉིས་ཀྱི་ཚེ་ན་བདུད་བྲལ་མ་མ་གཏོགས་པ་སོ་གཅིག་པོ་དེ་བདག་མེད་མ་ལྷ་མོ་བཅོ་ལྔ་དང་ཡང་སྦྱོར་བ་ཡིན་ཏེ། གཙོ་མོ་ལ་རྩ་གསུམ། འཁོར་བཅུ་བཞི་ལ་རྩ་གཉིས་གཉིས་ཏེ་དེས་རྩ་སོ་གཅིག་ཐིམ་མོ། །ལྷ་མོ་དེ་དག་བསྐྱེད་པའི་ཡེ་གེ་ནི་ཨཿ ཚེག་དྲག་ཅན་མ་གཏོགས་པའི་དབྱངས་ལྷག་མ་བཅོ་ལྔ་ཡིན་ནོ། །རླུང་དང་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་ལྟེ་བའི་ཁྲག་དང་སྤྱི་བོའི་བྱང་སེམས་ཡར་མར་ལ་འགྲོ་བ་སྲིད་ཀྱི། སྙིང་གའི་རྩ་མདུད་ཀྱི་དབུ་མའི་ནང་གི་བྱང་སེམས་དཀར་དམར་གཉིས་དང་ལྷན་སྐྱེས་གྱི་རླུང་རྣམས་འཆི་བའི་ཚེ་མ་གཏོགས་འཕོ་འཇུག་མི་བྱེད་པ་ཡིན་ནོ། །རྫོགས་རིམ་གྱི་རྟོགས་པ་རྣལ་མ་ཞིག་རྒྱུད་ལ་བསྐྱེད་འདོད་ན་དེ་ལ་འཆི་དུས་ཀྱི་འབྱུང་བ་སྡུད་རིམ་ཤེས་དགོས། དེ་ལ་བསྐྱེད་རིམ་ཤེས་དགོས་པས་དེ་ལ་བསྐྱེད་རིམ་ནི་ཐམས་ཅད་སྟོང་པ་སྟེ་འཆི་བ་འོད་གསལ་ལས་སྟོང་ཆེན་ཉེར་ཐོབ་སྟེ། དྲི་ཟ་བར་


JLD010_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དུ་སྐྱེ་བའི་སེམས་བྱུང་དེ་ལས་ཐབས་སྣང་བ་མཆེད་པ་སྟེ་བར་དོར་དྲི་དང་གནས་ལ་འདོད་པའི་སེམས་འབྱུང་། དེ་ལས་ཤེས་རབ་སྣང་བ་སྟེ། མངལ་དུ་སྐྱེ་བ་འཛིན་པའི་སེམས་འབྱུང་། དེ་ནས་མངལ་དུ་ཉིང་མཚམས་སྦྱར་མ་ཐག་ཏུ་འབྱུང་བ་བཞི་ག་ཡོད་མོད། འོན་ཀྱང་འབྱུང་བ་རགས་པ་སྐྱེ་བའི་དབང་དུ་བྱས་ན། དང་པོར་རླུང་མེ་ཆུ་ས་རྣམས་རིམ་པ་ལྟར་འབྱུང་ཞིང་། དེ་རྗེས་ནས་གཟུགས་སོགས་ཕུང་པོ་རྣམས་དང་། མིག་སོགས་སྐྱེ་མཆེད་རྣམས་འབྱུང་ལ། དེ་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་འབྱུང་ངོ་། །དེའང་རང་བཞིན་བརྒྱད་ཅུའི་རྟོག་པ་ལ་ཉིན་མཚན་གཉིས་ཀྱིས་ཕྱེ་བས་བརྒྱ་དྲུག་ཅུ་ཡིན་ནོ། །སྡུད་པའི་དུས་སུ་ས་ཆུ་ལ་ཐིམ་ཆུ་མེ་ལ་མེ་རླུང་ལ་རླུང་སེམས་སྣང་བ་ལ་དེ་མཆེད་པ་ལ་དེ་ཉེར་ཐོབ་ལ་དེ་ཐམས་ཅད་སྟོང་པ་སྟེ་འོད་གསལ་ལ་ཐིམ་པ་དེ་ནི་འཆི་བ་འོད་གསལ་ལམ་འཆི་བ་དངོས་སོ། །དེའང་ཆུ་ས་ལ་ཐིམ་ཞེས་བརྗོད་ཀྱང་ས་ཁམས་ཡེ་མེད་དུ་སོང་བ་མིན་ལ། སས་ཤེས་པའི་རྟེན་མི་བྱེད་པ་ལས་ཆུ་ལ་ཐིམ་ཞེས་བརྗོད་པ་ཡིན་ནོ། །ཆུ་མེ་ལ་ཐིམ་ཚུལ་ཡང་དེ་དང་འདྲ་རླུང་རྣམ་ཤེས་ལ་ཐིམ་ཞེས་པ་ནི། སྣ་སྒོར་རྒྱུ་བའི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའམ། ཡང་ན་རླུང་རགས་པ་དེ་སྙིང་གའི་རྩ་མདུད་ནང་གི་ལྷན་སྐྱེས་ཀྱི་རླུང་ཕྲ་བ་ལ་ཐིམ་པའོ། །དེ་དུས་ན་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་ཀྱང་། ལྷན་སྐྱེས་ཀྱི་རླུང་ཕྲ་མོ་གཅིག་པུས་ཤེས་པའི་རྟེན་བྱེད་ཅིང་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའི་དུས་ནི་འབྱུང་བ་སྡུད་པའི་ཆ་


JLD010_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སེམས་སྣང་བ་ལ་ཐིམ་པ་དང་དེ་མཆེད་པ་ལ་ཐིམ་པ་དང་དེ་ཉེར་ཐོབ་ལ་ཐིམ་པ་དང་། དེ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ་པའི་དུས་རྣམས་ཡིན་ནོ། །དེ་ནས་ཐམས་ཅད་སྟོང་པ་འོད་གསལ་ལམ་འཆི་བ་འོད་གསལ་ལས་སྟོང་ཆེན་ཉེར་ཐོབ་དྲི་ཟའི་སེམས་བར་དོ་སོགས་འབྱུང་བ་སྔར་དང་འདྲའོ། །དེས་ན་གཞི་དུས་སུ་རྩ་དང་རླུང་དང་འབྱུང་བ་རྣམས་དང་པོར་ཆགས་པ་སྙིང་ག་ནས་ཆགས་ལ། མཐར་སྡུད་པའང་སྙིང་གར་སྡུད་པ་དང་འདྲ་བར་ལམ་བསྐྱེད་རིམ་གྱི་སྐབས་སུ་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་སྤྲོ་བསྡུ་མང་དུ་བྱས་ཏེ་བསྒོམས་པས་རྗོགས་རིམ་གྱི་སྐབས་སུ་འཆི་དུས་ཀྱི་འབྱུང་བ་སྡུད་པ་ལ་སྒུག་མི་དགོས་པར། ད་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་རྣམས་རིམ་གྱིས་བསྡུས་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་སྐྱེ་བ་ཡིན་ནོ། །དེས་ན་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ནས་བསྐྱེད་རིམ་གྱི་སྐབས་སུ་གཞི་དུས་ཀྱི་སྐྱེ་ཤི་བར་དོ་གསུམ་དང་སྦྱར་ནས་བསྒོམ་དགོས་པར་མང་དུ་གསུངས་པའི་དགོས་པའང་རྫོགས་རིམ་གྱི་སྐབས་སུ་བོགས་འདོན་ཚུལ་གཞན་དང་མི་འདྲ་བ་ལ་དགོངས་པ་ཡིན་ནོ། །ཡང་རྩ་རླུང་ཐིག་ལེ་མང་དུ་གསུངས་པའི་དགོས་པ་ནི་འཆི་བའི་ཚེ་ལྟེ་བའི་དམར་ཆ་ཡར་ལ་འགྲོ། སྤྱི་བོའི་དཀར་ཆ་མར་འོང་བའི་འདུ་འཕྲོད་ལ་བརྟེན་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་མངོན་དུ་འགྱུར་ལ། དེའང་གཉིས་སྣང་འགགས་པ་ཙམ་ལ་འོད་གསལ་དུ་བཏགས་པ་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ནོ། །དེ་དང་འདྲ་བར་ལམ་དུས་སུ་རླུང་དང་གཏུམ་མོའི་རྣལ་འབྱོར་ལ་


JLD010_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་དམར་པོ་དང་དཀར་པོའི་འདུ་འཕྲོད་བྱས་པ་ཡོད་ཅིང་། འདུ་འཕྲོད་བྱུང་དུས་སུ་གཉིས་སྣང་རགས་པ་འགགས་པས་དེ་དུས་སུ་སྟོང་ཉིད་ཀྱི་ངེས་ཤེས་གསལ་བཏབ་ན་གཞན་དང་མི་འདྲ་བའི་སྟོང་ཉིད་ཀྱི་རྟོགས་པ་ལ་བོགས་ཡོད་པས་དེ་ལ་དགོངས་ནས་བཤད་པ་ཡིན་ནོ། །རྩ་ཉེར་བཞི་དང་བདུན་ཅུ་རྩ་གཉིས་དང་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སྐུ་གསུང་ཐུགས་སམ་ལུས་ངག་ཡིད་གསུམ་ལ་སོགས་པ་གསུམ་གསུམ་དུ་འབྱེད་པ་དང་གསུམ་དུ་གྲངས་ངེས་པ་ནི་རྩ་དེ་དག་གི་ནང་ནས་འབབ་པའི་རྫས་ལ། བྱང་སེམས་དཀར་དམར་གཉིས་དང་རླུང་གསུམ་དུ་ངེས་པས་དེའི་གནད་ཀྱིས་ཡིན་ནོ། །གཞི་དུས་སུ་རྩ་དང་རླུང་ཆགས་པའི་རིམ་པའམ། སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་བསྐྱེད་རིམ་གྱི་སྐབས་སུ་ལྷ་སྐུ་བསྒོམ་པས་རྫོགས་རིམ་གྱི་སྐབས་སུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་བསྡུས་ནས་གཉིས་སྣང་འགགས་པའི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་སུ་དེ་ལས་ལངས་མ་ཐག་ཁོ་ནར་འཇའ་ལུས་གྲུབ་པའི་ལྷ་སྐུར་ལྡང་བ་ཡིན་ལ། དེས་འབྲས་དུས་ཀྱི་གཟུགས་སྐུ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་དོ། །དེས་ན་བསྐྱེད་རིམ་གྱི་སྐབས་ཁོ་ནར་ལྷ་སྐུ་བསྒོམ་ལ། རྫོགས་རིམ་གྱི་སྐབས་སུ་ལྷ་སྐུ་ཡེ་མི་བསྒོམ་ན་རྫོགས་རིམ་གྱི་སྐབས་ན་གཟུགས་སྐུ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཉེར་ལེན་གྱི་རྒྱུ་མེད་པར་ཐལ་བའི་སྐྱོན་ཡོད་པས། སྐབས་དེར་ཡང་ལྷ་སྐུ་ངེས་པར་བསྒོམ་དགོས་སོ། །རླུང་ཆགས་ཚུལ་ནི་མངལ་དུ་ཉིང་མཚམས་སྦྱར་ནས་སྙིང་གའི་རྩ་མདུད་ཆགས་པའི་ཚེ་དེའི་ནང་གི་ལྷན་སྐྱེས་ཀྱི་རླུང་ལས་སྣ་སྒོར་རྒྱུ་བའི་སྲོག་འཛིན་གྱི་རླུང་སྐྱེ་ལ། རླུང་དེ་གཉིས་ཀའང་སྲོག་འཛིན་གྱི་


JLD010_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཡིན་ནོ། །དེའི་ཚེ་སེམས་ཅན་དེའི་ལུས་ཉའི་རྣམ་པ་ལྟ་བུ་ཡོད་པར་རྒྱུད་རྡོར་ཕྲེང་ལས་བཤད་ལ། དེ་མངལ་དུ་ཞུགས་པའི་ཟླ་བ་དང་པོའི་དུས་ཀྱི་སྐྱེ་ཚུལ་ཡིན་ནོ། །ཟླ་བ་གཉིས་པའི་ཚེ་སྲོག་འཛིན་གྱི་རླུང་ལས་ཐུར་སེལ་གྱི་རླུང་སྐྱེ་ལ། སྲོག་འཛིན་གྱི་རྩ་བའི་གནས་ནི་སྙིང་ག་ཡིན་ཞིང་ཐུར་སེལ་གྱི་རྩ་བའི་གནས་ནི་གསང་གནས་ཡིན་ནོ། །དེའི་ཚེ་རྐང་ལག་གཉིས་གཉིས་ཏེ་བཞི་མགོ་དང་བཅས་པའི་འབུར་པོ་ལྔ་དོད་པས་ལུས་རུས་སྦལ་གྱི་རྣམ་པ་ལྟ་བུར་ཡོད་དོ། །ཟླ་བ་གསུམ་པ་ལ་ཐུར་སེལ་ལས་མཉམ་གནས་ཀྱི་རླུང་སྐྱེ་ལ་དེའི་རྩ་བའི་གནས་ནི་ལྟེ་བ་ཡིན་ནོ། །དེའི་ཚེའང་ཡན་ལག་ལྔ་ཚང་པ་ལ་ཅུང་ཟད་སྒུར་པོར་ཡོད་པས་ཕག་རྒོད་ཀྱི་རྣམ་པར་ཡོད་དོ། །ཟླ་བ་བཞི་པ་ལ་མཉམ་གནས་ལས་གྱེན་རྒྱུའི་རླུང་སྐྱེ་ལ་དེའི་རྩ་བའི་གནས་ནི་མགྲིན་པ་ཡིན་ནོ། །དེའི་ཚེ་སྟོང་ཅུང་ཟད་རྒྱས་པས་སེང་གེའི་རྣམ་པར་ཡོད་དོ། །ཟླ་བ་ལྔ་པ་ལ་གྱེན་རྒྱུ་ལས་ཁྱབ་བྱེད་ཀྱི་རླུང་སྐྱེ་ལ་དེའི་རྩ་བའི་གནས་ནི་ཚིགས་ཆེན་བཅུ་གཉིས་ཡིན་ནོ། །ཟླ་བ་དྲུག་པ་ལ་མིག་གི་སྒོ་ལ་རྒྱུ་བའི་རླུང་ཀླུ་ཞེས་པ་སྐྱེ་ལ་འབྱུང་བ་ས་སྐྱེ། ཟླ་བ་བདུན་པ་ལ་རྣ་བའི་སྒོ་ལ་རྒྱུ་བའི་རླུང་རུས་སྦལ་དང་འབྱུང་བ་ཆུ་སྐྱེ། ཟླ་བ་བརྒྱད་པ་ལ་སྣ་སྒོ་ལ་རྒྱུ་བའི་རླུང་རྩངས་པ་དང་འབྱུང་བ་མེ་སྐྱེ་ཟླ་བ་དགུ་པ་ལ་ལྕེ་ལ་རྒྱུ་བའི་རླུང་ལྷ་སྦྱིན་དང་འབྱུང་བ་རླུང་སྐྱེ། ཟླ་བ་བཅུ་པ་ལ་ལུས་ལ་རྒྱུ་བའི་རླུང་གཞུ་ལས་རྒྱལ་དང་འབྱུང་བ་རྣམ་མཁའི་ཁམས་ཏེ་ལུས་ཀྱི་སྦུབས་རྣམས་འབྱུང་ངོ་། །ཡན་ལག་གི་རླུང་ལྔ་པོ་དེ་དག་གཙོ་ཆེར་སྲོག་འཛིན་ཡིན་ལ་རླུང་གཞན་བཞི་པོ་དེ་དག་ཀྱང་དབང་པོའི་


JLD010_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་རྣམས་ལས་རྒྱུ་བ་སྲིད་དོ། །སྲོག་འཛིན་གྱི་ཚེ་གནས་པ་དང་སྣ་སྒོ་ལ་རྒྱུ་བའི་ལས་བྱེད་ལ། ཐུར་སེལ་གྱིས་བཤད་གཅི་ཐུར་དུ་འགྲོ་བའི་བྱ་བ་བྱེད། མཉམ་གནས་ཀྱིས་ཟས་ཀྱི་དངས་མ་ལུས་ལ་འགྲེམ་པའི་བྱ་བ་བྱེད། དངས་སྙིགས་འབྱེད་མཁན་ནི་ལྟེ་བའི་གཏུམ་མོའི་མེས་བྱེད། གྱེན་རྒྱུས་ཟ་བ་མྱང་བ་སྨྲ་བ་སོགས་དང་རླུང་གཞན་རྣམས་གྱེན་དུ་འགྲོ་བའི་བྱ་བ་བྱེད་དོ། །ཁྱབ་བྱེད་ཀྱིས་ལུས་ཀྱི་ནང་གི་རླུང་གཞན་ལ་ཁྱབ་པ་དང་འགྲོ་བ་སོགས་ཀྱི་བྱ་བ་བྱེད། ཐུར་སེལ། སྲོག་འཛིན། གྱེན་རྒྱུ། མཉམ་གནས་བཞི་ནི། རིམ་པ་ལྟར་ས་ཆུ་མེ་རླུང་བཞི་དང་། རིན་ཆེན་མགོན་པོ། །རྡོ་རྗེ་མགོན་པོ། །པདྨ་མགོན་པོ། །ལས་ཀྱི་མགོན་པོ་བཞིའི་རླུང་ཡིན་ལ། དེའང་མགོན་པོ་རེ་རེའི་རླུང་རྒྱུ་བ་ན་དགུ་བརྒྱ་པ་ཕྲག་རེ་རེ་རྒྱུ་ལ་དེ་ནི་འབྱུང་བ་ཆེ་ཆུང་གི་དབང་དུ་བྱས་ན་འབྱུང་ཆེན་གྱི་རླུང་ཡིན་ལ་དགུ་བརྒྱ་པ་དེ་ལ་ཚན་པ་བཞིར་བགོས་ནས་ཉིས་བརྒྱ་ཉེར་ལྔ་པ་བཞིར་བྱས་ལ། བཞི་པོ་རེ་རེ་རྒྱུ་བ་ན་གོས་དཀར་སོགས་ལྷ་མོ་བཞིའི་རླུང་རྒྱུ་བའོ། །ལྷ་མོ་བཞིའི་རླུང་ལ་འབྱུང་ཆུང་གི་རླུང་ཟེར་བ་ཡིན་ནོ། །དེས་ན་མགོན་པོ་རེ་རེའི་རླུང་རྒྱུ་བ་ན་ལྷ་མོ་བཞི་བཞི་རྒྱུ་བས་འབྱུང་ཆེན་གྱི་རླུང་རེ་རེ་རྒྱུ་བ་ན་འབྱུང་ཆུང་གི་རླུང་བཞི་བཞི་རྒྱུ་བ་ཡིན་ནོ། །མགོན་པོ་བཞིའི་རླུང་གི་ཁྱད་པར་ནི་པདྨ་མགོན་པོ་རྒྱུ་བའི་ཚེ་ཁ་དོག་རྣམ་ལྔའི་རླུང་རྒྱུ་ལ་དེའི་ཚེ་དམར་པོས་ཁ་དོག་གཞན་བཞི་ལ་ཁྱབ་པར་རྒྱུ་བ་ཡིན་ནོ། །དེ་བཞིན་དུ་རིན་ཆེན་མགོན་པོ་དང་། རྡོ་རྗེ་མགོན་པོ་དང་། ལས་ཀྱི་མགོན་པོ་


JLD010_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལའང་རིམ་པ་ལྟར་སེར་པོ་དང་དཀར་པོ་དང་ལྗང་གུ་རྣམས་གཙོ་ཆེ་ཞིང་གཞན་ཕལ་པའི་ཚུལ་གྱིས་རྒྱུ་བ་ཡིན་ནོ། །དེའང་ལྷ་མོ་བཞི་རྒྱུ་བའི་ཚེ་ནི་མེའི་མེ་གོས་དཀར་མོ་རྒྱུ་བའི་ཚེ་ནི་སྣ་བུག་གཡས་པ་ལྟ་བུའི་དབང་དུ་བྱས་ན་དམར་པོ་དབུས། གཡོན་ལ་ལྗང་གུ། འོག་ལ་དཀར་པོ་དང་སེར་པོ་སྟེང་སྔོན་པོ་གཡས་ལ་རྒྱུ་བ་ཡིན་ནོ། །དེས་མཚོན་ནས་མེའི་རླུང་རྒྱུ་བའི་ཚེ་ལྗང་གུ་དབུས་སུ་རྒྱུ་ཞིང་། མེའི་ས་རྒྱུ་བ་ན་སེར་པོ་དབུས་དང་། མེའི་ཆུ་རྒྱུ་བའི་དུས་སུ་དཀར་པོ་དབུས་སུ་རྒྱུ་བ་ཡིན་ནོ། །ཡང་མགོན་པོ་བཞིའི་རླུང་རྒྱུ་བའི་ཚེ། སྣ་བུག་གཡས་པ་ལྟ་བུ་གཅིག་གི་གཡས་གཡོན་ལ་རྒྱུ་ཞེས་བླ་མ་ཁ་ཅིག་གསུང་བ་མི་འཐད་པས། པདྨ་མགོན་པོ་སྣ་བུག་གཡས་ཁོ་ན་དང་། ལས་ཀྱི་མགོན་པོ་གཡོན་ཁོ་ན་དང་། རིན་ཆེན་མགོན་པོ་གཉིས་ཀ་ནས་དྲག་པར་རྒྱུ་ཞིང་། རྡོ་རྗེ་མགོན་པོ་གཉིས་ཀ་ནས་དལ་བ་རྒྱུ་བ་ཡིན་ནོ། །དེ་ལ་གསང་འདུས་པའི་ལུགས་ཀྱིས་ཉིན་ཞག་ཕྲུགས་གཅིག་ལ་ཐུན་བཅུ་གཉིས། ཐུན་ཕྱེད་པ་ཉེར་བཞི་ཐུན་ཕྱེད་པ་རེ་རེ་ལ་མགོན་པོ་རེ་རེའི་རླུང་དགུ་བརྒྱ་པ་རེ་རྒྱུ་ལ། དགུ་བརྒྱ་པ་རེ་ལ་ལྷ་མོ་བཞིའི་རླུང་རྒྱུ་བས་ངེས་འབྱུང་ཆེན་གྱི་དཀྱིལ་འཁོར་ཉེར་བཞི་དེ་རེ་རེ་ལ་འབྱུང་ཆུང་གི་དཀྱིལ་འཁོར་བཞི་བཞིར་ཕྱེ་བས་འབྱུང་ཆུང་གི་དཀྱིལ་འཁོར་དགུ་བཅུ་རྩ་དྲུག་རྒྱུ་བ་ཡིན་ནོ། །འདི་བའི་ལུགས་ཀྱི་འཕོ་བ་ཉེར་བཞིར་བྱེད་པ་ཡིན་ཏེ། འཕོ་བའི་དོན་ནི་སྣ་བུག་གཡས་ནས་གཡོན་དུ་འཕོ་བ་ལྟ་བུ་ཡིན་ལ། འདིར་ནི་དགུ་བརྒྱ་པ་རེ་རེ་སོང་ནས་འཕོ་འཇུག་བྱེད་པའི་ཕྱིར་རོ། །དབུགས་ཉི་ཁྲི་ཆིག་སྟོང་།


JLD010_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་བརྒྱ་རྒྱུ་བ་ནི་མགོན་པོ་བཞིའི་རླུང་ཁོ་ན་ཡིན་ལ། ཁྱབ་བྱེད་ཀྱི་རླུང་ནི་འཆི་བའི་ཚེ་མ་གཏོགས་མི་རྒྱུ་ཞིང་དེའི་ཚེ་ནའང་ཅི་ཙམ་རྒྱུའི་ངེས་པ་མི་སྣང་ངོ་། །མན་ངག་སྙེ་མ་ནས། རྒྱ་གར་བའི་བླ་མ་གོང་མ་རྣམས་ཀྱི་མན་ངག་ལས། ལྷ་མོ་གཅིག་གི་རླུང་ཉིས་བརྒྱ་ཉེར་ལྔ་རྩ་སོ་གཉིས་ནས་འབབ་པའི་ཚེ་བདུད་བྲལ་མའི་ནང་ནས་དབུགས་བདུན་ལྷག་ཙམ་ཞིག་འབབ་པར་བཤད་པས་དེ་ལྟར་ན་བདུད་བྲལ་མའི་ནང་ནས་འཆི་བའི་གོང་ནས་རླུང་འབབ་པ་དང་། ཁྱབ་བྱེད་ཀྱི་རླུང་འཆི་བའི་གོང་ནས་རྒྱུ་བ་འདྲ་བ་ཞིག་བྱུང་ལ། འོན་ཀྱང་མན་ངག་དེ་ཡིད་ཆེས་ཀྱི་གནས་སུ་ཁས་ལེན་པའི་ངེས་པ་མི་སྣང་ངོ་། །ཁྱབ་བྱེད་ཀྱི་རླུང་ནི་འབྱུང་བ་ནམ་མཁའི་རླུང་ཡིན་ལ། ས་རླུང་དང་། ཆུ་རླུང་དང་། མེ་རླུང་དང་། རླུང་གི་རླུང་རྣམས་རྒྱུ་བའི་ཚུལ་ནི་རིམ་པ་ལྟར། ཐད་ཀ་དང་འོག་དང་སྟེང་དང་མགོ་གྱེན་གསེགས་ལ་རྒྱུ་བ་ཡིན་ནོ། །མ་རྒྱུད་ནས་བཤད་པའི་རྩ་འདབ་ནས་རླུང་རྒྱུ་ཚུལ་ནི། ཕྱིའི་དབང་དུ་བྱས་ན་ཉིན་ཞག་གཅིག་ལ་དབྱུ་གུ་རེ་བཞི་ཡོད་ལ། དེ་དང་མཐུན་པར་གང་ཟག་གཅིག་ལ་ཉིན་ཞག་གཅིག་ལ་ལྟེ་བའི་འདབ་མ་ནས་དབྱུ་གུ་རེ་བཞིའི་རླུང་རྒྱུ་ལ། དབྱུ་གུ་རེ་རེ་ལ་རླུང་སུམ་བརྒྱ་དང་སུམ་ཅུ་སོ་ཕྱེད་དང་བརྒྱད་བརྒྱད་ཡོད་ལ། ཡང་ཉིན་ཞག་གཅིག་ལ་ཆུ་ཚོད་སོ་གཉིས་ཡོད་ལ། དེ་དང་མཐུན་པར་ཆུ་ཚོད་སོ་གཉིས་ཀྱི་རླུང་སྤྱི་བོའི་འདབ་མ་ནས་རྒྱུ་ལ་ཆུ་ཚོད་རེའི་རླུང་ལ་རླུང་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་ཡོད་ལ། ཡང་ཉིན་ཞག་གཅིག་ལ་འཕོ་བ་བཅུ་དྲུག་ཡོད་པ་དང་མཐུན་


JLD010_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

པར། འཕོ་བ་བཅུ་དྲུག་གི་རླུང་མགྲིན་པ་ནས་རྒྱུ་ལ། འཕོ་བ་རེའི་རླུང་ལ་སྟོང་དང་ཕྱེད་དང་བཞི་བརྒྱ་ཡོད་ཅིང་། ཡང་ཉིན་ཞག་གཅིག་ལ་ཐུན་ཚོད་བརྒྱད་ཡོད་པ་དང་མཐུན་པར་སྙིང་གའི་རྩ་འདབ་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་ལ་ཐུན་རེའི་རླུང་ལ་ཉིས་སྟོང་བདུན་བརྒྱ་ཡོད་ལ་འདི་དག་ཀྱང་གང་ཟག་གཅིག་ལ་ཉིན་ཞག་གཅིག་གི་དུས་སུ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའི་ཚུལ་ཡིན་ཞིང་། དེའང་འཁོར་ལོ་བཞི་པོ་རེ་རེ་ནས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྔ་ཕྱི་མ་ཡིན་པར་དུས་མཉམ་དུ་རྒྱུ་བ་ཡིན་ནོ། །དེའང་ལྟེ་བའི་འདབ་མ་གཉིས་ནས་རྒྱུ་བ་རྫོགས་པའི་ཚེ་སྤྱི་བོའི་འདབ་མ་གཅིག་ནས་འདབ་མ་གཉིས་པ་ལ་འཕོ་ལ། སྤྱི་བོའི་འདབ་མ་གཉིས་ནས་རླུང་རྒྱུ་བ་རྫོགས་པའི་ཚེ། མགྲིན་པའི་འདབ་མ་གཅིག་ནས་འཕོ་ལ། མགྲིན་པའི་འདབ་མ་གཉིས་ནས་རླུང་རྒྱུ་བ་རྫོགས་པའི་དུས་སུ་སྙིང་གའི་འདབ་མ་གཅིག་ནས་རླུང་འཕོ་བ་ཡིན་ནོ། །དེ་ལྟར་རྩ་རླུང་ཐིག་ལེ་བཤད་པའི་དགོས་པ་ནི། དེ་དག་གི་གནས་ཚུལ་བཞིན་ཐིངས་ནས། དེ་ལ་གནད་དུ་བསྣུན་པས་སྟོང་པ་དང་བདེ་བ་དབྱེར་མེད་པའི་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཡོད་ལ་སྟོང་པ་ནི་ཡུལ་ལ་བྱེད་པ་དང་ཡུལ་ཅན་ལ་བྱེད་པ་གཉིས་ལས། འདིར་ནི་ཤཱི་ནྟ་བ་བཞེད་པ་ལྟར་ཡུལ་བདག་མེད་པ་ལྟ་བུ་ཡིན་ལ། བདེ་བ་ལ་རྣམ་པ་མང་དུ་ཡོད་དེ། མཚན་ཉིད་ཐེག་པ་ནས་བཤད་པའི་ལུས་ཤིན་སྦྱངས་ཀྱི་བདེ་བ་དང་དབུགས་བགྲངས་པ་ལ་བརྟེན་ནས་སྐྱེས་པའི་ཞི་གནས་ཀྱི་བདེ་བ་དང་། རྒྱུད་སྡེ་འོག་མ་ནས་བཤད་པའི་སྲོག་རྩོལ་བཀག་


JLD010_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རླུང་སྦྱོར་གྱི་བདེ་བ་རྣམས་ནི་འདིར་དོན་དུ་གཉེར་བྱ་མིན་ལ། འོ་ན་གང་ཡིན་ན་དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་ཡིན་ལ། དེའང་རླུང་རྡོར་བཟླས་དང་གཏུམ་མོའི་མེ་དམིགས་བྱས་པའི་སྟོབས་ཀྱིས་ལྟེ་བའི་དམར་ཆ་འཕེལ་ནས་སྤྱི་བོའི་བྱང་སེམས་བཞུ་སྟེ། ལུས་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་བ་སྐྱེ་ལ་དེས་དེ་མ་ཐག་རྐྱེན་བྱས་ཏེ་ཡིད་ལ་དགའ་བ་འམ་བདེ་བ་སྐྱེ་ལ་དགའ་བ་ངེས་ཡུལ་སྟོང་ཉིད་བཟུང་ནས་དེ་དང་སྟོང་ཉིད་གཉིས་ནི་ནམ་མཁའ་སྦྱོར་བ་ལྟ་བུར་སྦྱོར་བའི་ཚེ། བདེ་སྟོང་དབྱེར་མེད་པའམ་ཟུང་དུ་འཇུག་པའི་རྫོགས་རིམ་ཞེས་བྱའོ། །ཡང་སྔགས་ཀྱི་སྐབས་སུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་ཅེས་བཤད་པའི་སྟོང་པ་ནི་ཆོས་ཀྱི་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་ལ། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེ་ཁོ་ན་ལ་མི་བྱེད་ཀྱི། གཟུགས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་བའི་ཐབས་ནི་སྙིང་རྗེ་ཡིན་ནོ། །དེས་ན་སེམས་ཀྱི་རྟེན་ཐིག་ལེ་ཡིན་པས་རྗེ་མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་ལ། ཉིན་ཞག་གཅིག་ལ་གཉིད་དུ་སོང་མ་སོང་གཉིས་སུ་ངེས་ལ། གཉིད་དུ་སོང་བ་ལ་རྨི་ལམ་ཡོད་མེད་གཉིས་ལས། རྨི་ལམ་མེད་པའི་གཉིད་འཐུག་གི་དུས་སུ་སེམས་ཀྱི་རྟེན་བྱང་སེམས་དཀར་དམར་སྙིང་ག་ན་གནས་པས་སྙིང་གར་སེམས་འཛིན་ལ། རྨི་ལམ་རྨི་བའི་དུས་སུ་དེ་གཉིས་མགྲིན་པ་ན་གནས་པས་མགྲིན་པར་སེམས་འཛིན་ལ། གཉིད་དུ་མ་སོང་བའི་དུས་སུ་གཙོ་ཆེར་ལྟེ་བ་ན་གནས་པས་ལྟེ་བར་སེམས་འཛིན་ལ། ཕོ་རོ་སྦྱོར་


JLD010_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱེད་པའི་དུས་སུ་དེ་གཉིས་སྤྱི་བོ་ན་གནས་ཞེས་བཞེད་དོ། །དུས་འཁོར་གྱི་ལུགས་ལ་སྙིང་ག་དང་མགྲིན་པར་ཐིག་ལེ་གནས་པའི་དུས་ནི་སྔ་མ་དང་འདྲ་ལ། གཞན་གཉིས་ལྡོག་ནས་གཉིད་དུ་མ་སོང་བའི་དུས་སུ་སྤྱི་བོ་དང་ཕོ་མོ་སྦྱོར་བ་བྱེད་པའི་དུས་སུ་ལྟེ་བ་ན་གནས་པར་བཤད་དོ། །སྤྱིར་སྔགས་ཀྱི་ལུགས་ཀྱིས་རབ་ཚེ་འདི་ལ་འཚང་རྒྱ་བ་དང་འབྲིང་བར་དོ་དང་ཐ་མ་སྐྱེ་བ་གཞན་དུ་འཚང་རྒྱ་བ་གསུམ་ལས། དང་པོ་ནི་གསང་འདུས་འཕགས་ལུགས་པ་དང་བསྟུན་ན། དང་པོར་སེམས་བསྐྱེད་དེ་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་སྤྱོད་པ་ཕྱིན་དྲུག་ལ་སློབ་པ་མན་གྱི་ལམ་ཐུན་མོང་བ་རྣམས་ཀྱིས་རྒྱུད་ལེགས་པར་སྦྱངས་ནས་དེ་རྗེས་གསང་འདུས་ལྟ་བུ་དཀྱིལ་འཁོར་དུ་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཞུས། རྩ་ལྟུང་དང་སྦོམ་པོ་སོགས་ཀྱིས་དམ་ཚིག་དང་སྡོམ་པ་དག་པས་རྒྱུད་དག་པར་བྱས། དེ་རྗེས་ཕྲ་ཐིག་གི་བར་གྱི་བསྐྱེད་རིམ་བརྟན་པར་བྱས། དེ་ནས་རྫོགས་རིམ་ལུས་དབེན་སྐུ་རྡོ་རྗེ་དང་། ངག་དབེན་གསུང་རྡོ་རྗེ་དང་། སེམས་དབེན་ཐུགས་རྡོ་རྗེ་རྣམས་རྒྱུད་ནས་བཤད་པ་བཞིན་དུ་ཐོབ་པར་བྱས་ལ་དེ་ནས་རླུང་སེམས་ལས་སུ་རུང་བ་ལ་བརྟེན་ནས་འཇའ་ལུས་སམ། སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་ཐོབ་སྟེ་འོད་གསལ་མངོན་དུ་བྱས་ལ་སློབ་པ་དང་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་དོ། །གཉིས་པ་ནི། སེམས་དབེན་ལ་གསུམ་ལས། སེམས་སྣང་བའི་ཡེ་ཤེས་མན་གྱི་བསྐྱེད་རྫོགས་ཀྱི་ཡོན་ཏན་རྣམས་མཚན་ཉིད་དང་ལྡན་པ་ཐོབ་དགོས་ལ། སྣང་བ་ཉེར་ཐོབ་མ་ཐོབ་དགོས་ཤིང་། སྣང་བ་མཆེད་པ་ཐོབ་པ་ཡང་སྲིད། མ་ཐོབ་


JLD010_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་སྲིད་ལ་གང་ལྟར་ཡང་དེའི་དུས་སུ་སྤྱོད་པ་བྱེད་པའི་མཐུན་རྐྱེན་མ་འཛོམ་པའམ། ཡང་ན་ཞིང་ལས་སོགས་ཀྱི་བྲེལ་བའི་དབང་གིས་སྤྱོད་པ་བྱེད་རྒྱུ་མ་བྱུང་ན་དེའི་གནད་ཀྱིས་འཆི་བའི་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་སྡུད་མི་ཐུབ་ལ། དེ་མ་ཐུབ་ན་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་མངོན་དུ་མི་འགྱུར་བས་དེ་འཆི་ཁར་མངོན་དུ་འགྱུར་བའི་ཆེད་དུ། འཆི་ཁར་འབྱུང་བ་སྡུད་པའི་ཚེ་མན་ངག་ནས་བཤད་པའི་འབྱུང་བ་སྡུད་ལུགས་ཀྱི་དམིགས་པ་རྣམས་བསྐྱངས་པས་ཤི་ཟིན་པའི་ཚོད་ཙམ་དུ་སྣང་བ་ཉེར་ཐོབ་མངོན་དུ་བྱེད་ཅིང་བར་དོར་སྐྱེས་པའི་ཚོད་ཙམ་ན་སྒྱུ་ལུས་ཐོབ་ཅིང་། དེ་ནས་རྟེན་དེ་ལ་འོད་གསལ་དང་ཟུང་འཇུག་མངོན་དུ་བྱེད་དོ། །གསུམ་པ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ནི། ཚེ་འདི་ལ་བླ་མེད་ཀྱི་དཀྱིལ་འཁོར་གང་རུང་དུ་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཐོབ་དམ་ཚིག་དང་སྡོམ་པ་དག་པར་བྱས་པ་ཞིག་ངེས་པར་ཡན་ལག་ཏུ་དགོས་ལ། བསྐྱེད་རིམ་དང་ལུས་དབེན་དང་ངག་དབེན་རྣམས་རྒྱུད་ལ་སྐྱེས་མ་སྐྱེས་གང་ཡིན་ཡང་རུང་སྟེ་སྐྱེ་བ་བཅུ་དྲུག་ཚུན་ལ་འཚང་རྒྱའོ། །འདི་ལ་ཆེ་དེ་ལ་སེམས་དབེན་གྱི་རྟོགས་པ་སྣང་མཆེད་ཐོབ་གསུམ་པོ་གང་ཡང་སྐྱེས་པ་དགོས་ཏེ་དེ་སྐྱེས་ན་ཚེ་འདི་ལ་འཚང་རྒྱ་བའམ། ཡང་ན་བར་དོར་ངེས་པར་འཚང་རྒྱ་བའི་ཕྱིར་རོ། །ཡང་རྗེ་མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་ལ་བསྐྱེད་རིམ་བརྟན་པ་གཞིར་བཞག་ནས་རླུང་དང་གཏུམ་མོ་དང་སྤྱོད་པ་གསུམ་མཐར་ཕྱིན་ན་ཚེ་འདི་ལ་འཚང་རྒྱ། དེ་གསུམ་མཐར་མ་ཕྱིན་པར་ཚེ་འདི་ལ་འཚང་རྒྱ་མ་ནུས་ན།


JLD010_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ད་གཟོད་འཆི་བ་འདི་གསལ་ཟིན་པའི་དོན་དུ་ད་ལྟ་གཉིད་འཐུག་དང་སྟོང་ཉིད་བསྲེས་ནས་བསྒོམ། དེ་ལེགས་པོ་ཞིག་བྱུང་ན་ད་བཟོད་འཆི་ཙ་ན་ཐ་མལ་གྱི་འཆི་བ་རང་དགའ་བར་མི་འགྲོ་བར་འོད་གསལ་བཟུང་ནས་འཆི་བ་ཆོས་སྐུར་འཁྱེར་ཐུབ་ལ། ད་གཟོད་བར་དོ་ཟིན་པའི་དོན་དུ་ད་ལྟ་དང་པོར་རྨི་ལམ་གྱི་མན་ངག་ལ་སྦྱངས་ཏེ་རྨི་ལམ་བཟུང་ལ། དེ་ཟིན་པའི་ཚེ་བར་དོའི་མན་ངག་དང་བསྲེས་ནས་བསྒོམས་པས་ད་གཟོད་བར་དོ་ཟིན་ཏེ་ཐ་མལ་གྱི་བར་དོ་རང་དགར་མི་འཆོར་བར་དེ་ལོངས་སྐུར་འཁྱེར་ཤེས་པ་འམ་དེ་དུས་སུ་ཕན་ཐོགས་པ་ཡིན་ནོ། །དེ་ལ་བསྐྱེད་རིམ་ལ་སྦྱངས་པས་བར་དོར་སྣང་བ་ཐམས་ཅད་ལྷ་སྐུར་ཤར་ནས་དེའི་གནད་ཀྱིས་ཆགས་སྡང་ཁེགས་ཏེ་མངལ་སྐྱེས་ལྟ་བུའི་སྐྱེ་སྒོ་ཁེགས་ནས་སྐྱེ་གནས་སུ་སྐྱེ་བ་མི་ལེན་པར་བར་དོའི་རྟེན་དེ་ལ་ལམ་ལྷག་མ་བསྒོམས་ཏེ་འཚང་རྒྱ་ལ། བར་དོར་འཚང་རྒྱ་མི་ནུས་པར་སྐྱེ་གནས་གང་རུང་ཞིག་ཏུ་སྐྱེ་བ་བརྒྱུད་ནས་འཆང་རྒྱ་དགས་པ་དེས་ནི་འཕོ་བ་དང་གྲོང་འཇུག་གི་གདམས་ངག་བསྒོམ་པ་ཡིན་ལ། འདི་ནི་རྒྱུད་སྐྱེ་རྡོར་སོགས་ཀྱི་དགོངས་པ་ཡིན་ཞེས་མར་པ་ནས་བརྒྱུད་པ་རྣམས་གསུང་ངོ་། །འདི་ནི་གདམས་ངག་ལེགས་ལ་ཕན་ཆེ་བ་ཞིག་སྣང་ལ། འོན་ཀྱང་བར་དོར་སྣང་བ་ལྷ་སྐུར་ཤར་བས་མངལ་སྐྱེས་ཁེགས་སུ་ཆུག་ཀྱང་སྐྱེ་གནས་གཞན་གསུམ་ཨེ་ཁེགས་ཡིན་གསུང་། དེའང་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་གྱི་གནད་དམ་གཙོ་བོ་ནི། སྤྱི་བའི་བྱང་སེམས་ཞུ་བ་ལས་


JLD010_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་དང་སྟོང་ཉིད་དབྱེར་མེད་པའི་ཏིང་ངེ་འཛིན་ཡིན་པར་བྲམ་ཟེ་ཆེན་པོས་ར་ཧ་ལ་སོགས་པ་རྒྱ་གར་གྱི་མཁས་གྲུབ་ཁུངས་མ་ཐམས་ཅད་ཞལ་མཐུན་ལ། སྤྱི་བོའི་བྱང་སེམས་དེ་བཞུ་བའི་ཐབས་སུ་རླུང་སྦྱོར་དང་མེ་དམིགས་སོགས་མང་པོ་ཞིག་གསུངས་ཀྱང་དེ་ཐམས་ཅད་ཀྱང་གཏུམ་མོར་འདུ་བ་ཡིན་ནོ། །དེའང་སྦྱོར་དྲུག་པའི་ལུགས་ཀྱིས་ནི་སོར་བསམ་གཉིས་ཀྱིས་རྩ་དབུ་མའི་ལམ་སྦྱངས་ནས། སྲོག་རྩོལ་གྱིས་དབུ་མའི་ནང་དུ་རླུང་འཛུད་ཅིང་འཛིན་པས་བཙུད་པ་དེ་བརྟན་པར་བྱེད་ལ། རྗེས་དྲན་གྱི་དུས་སུ་རླུང་གི་མཐུས་སྤྱི་བོའི་བྱང་སེམས་ཞུ་ནས་མི་འགྱུར་བའི་བདེ་བ་སྐྱེ་ལ། དེ་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ཡིན་ལ། མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་མ་ཐག་ཏུ་འཚང་རྒྱ་བ་ཡིན་ནོ། །གསང་འདུས་འཕགས་ལུགས་པས་ནི་ངག་དབེན་རླུང་གི་རྡོར་བཟླས་མཐར་ཕྱིན་པར་བྱས་པའི་སྟོབས་ཀྱིས་སྤྱི་བོའི་བྱང་སེམས་བཞུ་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་ལ།དགའ་བ་དེས་ཡུལ་སྟོང་ཉིད་བཟུང་བ་ལ་བདེ་སྟོང་དབྱེར་མེད་ཟེར་བ་མ་གཏོགས་སྟོང་པ་ལ་བདེ་བས་རྒྱས་བཏབ་པའམ། བདེ་བ་ལ་སྟོང་པས་རྒྱས་བཏབ་པ་ལྟ་བུ་ནི་བདེ་སྟོང་དབྱེར་མེད་ཀྱི་དོན་མིན་ནོ། །དེ་ལ་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བ་ལ་སྤྱི་བོའི་བྱང་སེམས་བཞུ་དགོས་པས། ཐིག་ལེ་དཀར་པོ་བཞུ་རུང་ཡིན་ལ། དེ་བཞུ་བ་ལ་ལྟེ་བའི་དམར་ཆ་འབར་དགོས་ཏེ་རླུང་གིས་སྦར་དགོས་ལ། ཐིག་ལེ་དཀར་དམར་དང་རླུང་གནས་པའི་གཞི་ནི་རྩ་ཡིན་


JLD010_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྫོགས་རིམ་གྱི་སྐབས་སུ་རྩ་རླུང་ཐིག་ལེ་རྣམས་ཞིབ་པར་འཆད་པའི་རྒྱུ་མཚན་དེ་ཡིན་ནོ། །དེའང་དབུ་མ་ནི་མི་བསྐྱོད་པའི་རྩ་ཡིན་པས་སྔོན་པོ་དང་རོ་མ་འོད་དཔག་མེད་ཀྱི་རྩ་ཡིན་པས་དམར་པོ་དང་རྐྱང་མ་རྣམ་སྣང་གི་རྩ་ཡིན་པས་དཀར་པོར་ཡོད་དོ། །དེའང་སྤྱིར་བཏང་ཡིན་ལ། དམིགས་བསལ་ལ་གཏུམ་མོ་འབར་བའི་ཆེ་ན་གང་འབར་བའི་རྩ་རྣམས་ཏིལ་མར་གྱི་མར་མེའི་ཁ་དོག་ལྟ་བུར་ཡོད་དོ། །དེའང་སྙིང་གའི་རྩ་མདུད་ཀྱི་ནང་གི་རྩ་དབུ་མའི་འོག་ཕྱོགས་ཀྱི་བུ་ག་ནི་ཅུང་ཟད་ཁ་བྱེ་བ་ཆུ་ཤིང་གི་མེ་ཏོག་ལྟ་བུ་ཞིག་ཡོད་དོ། །རྩ་མདུད་ནང་གི་རྩ་དབུ་མའི་ནང་གི་ཧཱུཾ་ནི་ཁྱད་པར་ལྔ་དང་ལྡན་པ་ཡིན་ཏེ་མི་མཐུན་པའི་རྟོག་པ་འཇོམས་པས་དཔའ་བོ་དང་། འདོད་པ་སྒྲུབ་པ་ལ་གཞན་གྱིས་མི་ཤིག་པ་དང་། གཏུམ་མོ་ལ་བརྟེན་ནས་བདེ་བ་བསྐྱེད་པས་ན་ས་བོན་དང་། བྱང་སེམས་འཇག་པ་དང་། ཚད་ཡུངས་འབྲུ་ཙམ་ཡོད་པ་ཡིན་ནོ། །བདག་མེད་མ་ལྟེ་བའི་ཨ་ཐུང་ནི་རྒོད་མ་ཁའི་མེ་ཞེས་བརྗོད་ཀྱང་གླིང་བཞི་པོ་རང་རང་གི་ལྷོ་ཕྱོགས་ཀྱི་ལྕགས་རི་ནག་པོའི་འོག་གི་མེས་ཆུ་སྐེམས་པ་དང་འདྲ་བར་ལྟེ་བའི་དམར་ཆ་འབར་ནས་སྤྱི་བའི་བྱང་སེམས་བཞུ་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ། གཟུང་འཛིན་གྱི་རྟོག་པ་གཅོད་པའོ། །ལྟེ་བ་སོགས་སུ་ཨ་ཐུང་སོགས་ཡོང་བའི་རྒྱུ་མཚན་ནི། ནཱ་རོ་པཎ་ཆེན་གྱི་སློབ་མ་ཁ་ཅིག་སྤྱི་བོ་ནས་བྱང་སེམས་འབབ་པའི་ཚེ། དེ་ནས་འབབ་པའི་བྱང་སེམས་ལ་ཆ་བཞིར་བགོས་པའི་ཆ་གཅིག་མགྲིན་པར་བབས་པའི་ཚེ་བསྐམས་ཤིང་མགྲིན་པ་ན་ཆ་གསུམ་ཡོད་པས་དེ་དང་བསྟུན་ནས་མགྲིན་


JLD010_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཨོཾ་ལ་རིང་ཆ་སུམ་འགྱུར་དང་། སྙིང་གར་སླེབ་པའི་ཚེ་ཆ་མཉམ་དུ་བགོས་པའི་ཆ་གཅིག་བསྐམས་པས་སྙིང་གའི་ཧཱུཾ་རིང་ཆ་གཉིས་དང་ལྡན་པ་དང་། ལྟེ་བར་སླེབ་པའི་ཚེ་ཆ་གཉིས་པོའི་ཆ་གཅིག་བསྒོམས་པས་ལྟེ་བའི་ཨ་ལ་རིང་ཆ་མི་ཡོང་བའི་རྒྱུ་མཚན་དེ་ཡིན་ནོ་གསུང་། སློབ་དཔོན་ཨ་བྷ་ཡས་ནང་གི་སྒྲ་འདོན་ལུགས་ལ་བརྟགས་ནས་བྱེད་དོ། །གསང་གནས་ནས་སྟོང་ལ་རླུང་སོང་བའི་ཚེ་ལྟེ་བར་སླེབ་པ་ན་ཨ་ཐུང་ངུའི་སྒྲ་སྒྲོག་པ་དང་། སྙིང་གར་ཧཱུཾ་རིང་ཆ་གཉིས་ཀྱི་སྒྲ་སྒྲོག་པ་དང་། མགྲིན་པར་སླེབ་པའི་ཚེ་ཨོཾ་རིང་ཆ་གསུམ་དང་ལྡན་པའི་སྒྲ་སྒྲོག་པས། དེའི་ཆ་ནས་ལྟེ་བར་ཨ་ཐུང་། སྙིང་གར་ཧཱུཾ་རིང་པོ། མགྲིན་པར་ཨོཾ་རིང་ཆ་གསུམ་དང་ལྡན་པ་བསྒོམ་པའི་རྒྱུ་མཚན་དེ་ཡིན་ནོ། །མདོར་བསྡུ་ན་སྨད་ནས་རླུང་སོང་བའི་ཚེ་ལྟེ་བར་ཨ་ཐུང་གི་ཡུན་དང་། སྙིང་གར་ཧཱུཾ་གི་སྒྲ་སྒྲོག་པའི་ཚེ་ཨ་ཐུང་ཉིས་འགྱུར་གྱི་ཡུན་དང་མགྲིན་པར་ཨོཾ་གྱི་སྒྲ་སྒྲོག་དུས་སུ་ཨ་ཐུང་ངུ་སུམ་འགྱུར་གྱི་ཡུན་ཡོད་པས། ཧཱུཾ་ལ་རིང་ཆ་གཉིས་དང་། ཨོཾ་ལ་རིང་ཆ་གསུམ་ཡོད་དོ། །སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བ་ནི། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་སྒོམ་པ་དང་། ཐུན་བཞིའི་ཆེ་ན་གསུམ་ལ་བསྐྱེད་རིམ། གཅིག་ལ་རྫོགས་རིམ་སྒོམ་པ་དང་། བསྐྱེད་རིམ་ཐུན་བཞིར་སྒོམ་པའི་ཐུན་རེ་རེའི་རྗེས་སུ་རྫོགས་རིམ་སྒོམ་པའི་ལུགས་གསུམ་ལས། འདིར་ནི་ཐ་མའི་ལུགས་ཡིན་ལ། དེའང་དང་པོར་ལྷ་གང་ཡིན་གྱི་མངོན་རྟོགས་སྒོམ་པ་ནས། དེ་རྗེས་བླ་མའི་རྣལ་འབྱོར་བསྒོམ་ཞིང་བླ་མ་ལ་གསོལ་འདེབས་བརྒྱ་ཙམ་


JLD010_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བྱ། དེ་ནས་སྤྱི་གཙུག་ནས་ལྟེ་བའི་བར་གྱི་རྩ་གསུམ་པོའི་གནས་ཚུལ་དང་ཁ་དོག་རྣམས་གསལ་འདེབས་ཤིང་། ལྟེ་བ་ན་རྩ་དམར་པོ་འདབ་མ་བརྒྱད་པ་གདུགས་ཁ་གྱེན་ལ་བསྟན་པ་ལྟ་བུ། སྙིང་ག་ན་རྩ་དཀར་པོ་འདབ་མ་བརྒྱད་པ་གདུགས་ཕུབ་པ་ལྟ་བུ། མགྲིན་པ་ན་རྩ་དམར་པོ་འདབ་མ་བཅུ་དྲུག་པ་གདུགས་ཁ་གྱེན་ལ་བསྟན་པ་ལྟ་བུ། སྤྱི་བོ་ན་ཁ་དོག་སྣ་ཚོགས་པའི་རྩ་འདབ་སོ་གཉིས་གདུགས་ཕུབ་པ་ལྟ་བུ་གསལ་བཏབ་ནས་ལྟེ་བའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཨ་དམར་པོ་མགོ་གྱེན་ལ་བལྟ་བ་སྙིང་གའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཧཱུཾ་སྔོན་པོ་མགོ་ཐུར་བསྟན། མགྲིན་པའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཨོཾ་དམར་པོ་མགོ་གྱེན་བསྟན། སྤྱི་བོའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཧཾ་དཀར་པོ་མགོ་ཐུར་བསྟན་བསྒོམས་ལ། གཙོ་ཆེར་ནི་ལྟེ་བའི་ཨ་ཐུང་ལ་སེམས་འཛིན་ལ་ཡི་གེ་གཞན་གསུམ་ལ་ཅུང་ཟད་རེ་སེམས་འཛིན། གོང་གི་རྩའི་ཁ་དོག་བཤད་པ་དེ་རྣམས་ནི་འདབ་མ་རྣམས་ཀྱི་ཁ་དོག་ཡིན་ནོ། །དེའང་སྒོམ་པའི་དུས་སུ་རྩ་མདུད་དེ་དག་ཅུང་ཟད་གྲོལ་བའམ། ལྷོད་དེ་སོང་བར་བསམས་ནས་རྩ་མདུད་དེ་དག་གི་ནང་དུ་ཡི་གེ་དེ་དག་བསྒོམ་པ་ཡིན་ནོ། །རྩ་འཁོར་བཞི་པོ་དེ་དག་ཀྱང་བསྡུ་ན་ཨེ་བཾ་གྱི་རྩ་གཉིས་སུ་འདུ་ལ། དེའང་ཨེ་ལ་གཉིས་ལས་ཐབས་ཀྱི་རྩ་ནི་སྤྱི་བོའི་རྩ། ཤེས་རབ་ཀྱི་རྩ་ནི་ལྟེ་བའི་རྩ་འཁོར་ཡིན་ཞིང་། དེ་གཉིས་ཀྱང་དབྱིབས་གྲུ་གསུམ་གྱི་རྣམ་པར་ཡོད་དོ། །བཾ་གྱི་རྩ་ལ་གཉིས་ལས་ཐབས་ཀྱི་རྩ་ནི་མགྲིན་པའི་རྩ། ཤེས་རབ་ཀྱི་རྩ་སྙིང་གའི་རྩ་


JLD010_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡིན་ལ། དེ་གཉིས་ཀྱི་དབྱིབས་གདུགས་ལྟར་ཡོད་དོ། །རྩ་འདབ་དེ་དག་ལ་ཡི་གེ་འགོད་ཚུལ་ནི་རྒྱས་པ་བློས་མི་ལྕོགས་ན་གོང་དུ་བཤད་པ་ལྟར་རྩ་འཁོར་བཞི་པོ་དེའི་ལྟེ་བ་ལ་ཡི་གེ་བཞི་འགོད་ལ། རྒྱས་པ་བློས་ལྕོགས་ན། ལྟེ་བའི་རྩ་འདབ་བརྒྱད་ལ། སྡེ་ཚན་བརྒྱད་ཀྱི་ཡི་གེ་རྣམས་དགོད་པ་ཡིན་ཏེ། སྤྱིར་ལྟེ་བ་ལ་རྩ་མདུད་ཀྱི་ཕྱི་རོལ་ཏུ་རྩ་འདབ་བཞི། དེའི་ཕྱི་རོལ་ཏུ་འདབ་མ་བརྒྱད། དེའི་ཕྱི་རོལ་ཏུ་དུས་འཁོར་བའི་ལུགས་ཀྱི་རྩ་འདབ་བཅུ་གཉིས། རྒྱུད་གཞན་གྱི་ལུགས་ཀྱི་འདབ་མ་བཅུ་དྲུག །དེའི་ཕྱི་རོལ་ཏུ་འདབ་མ་རེ་བཞི་རྣམས་ཡོད་པ་ལས་འདབ་མ་གཞན་དང་རོ་རྐྱང་གཉིས་བཏང་སྙོམས་སུ་བཞག་ལ། ལྟེ་བའི་འདབ་མ་བརྒྱད་བྱས་ལ་བརྒྱད་པོ་དེ་དག་ཀྱང་རྩ་བ་ཐམས་ཅད་དབུ་མ་ལ་ཟུག་པར་བསྒོམས་ལ་འདབ་མ་རྣམས་ལ་ཡི་གེ་འགོད་པའི་ཚེ་སྐབས་གང་དུའང་གཡས་སྐོར་དང་། ཕྱོགས་ཀྱི་དང་པོ་ཤར་དང་། མཚམས་ཀྱི་དང་པོ་བྱང་ཤར་ནས་བྱེད་པ་སྐབས་འདིར་ཤེས་དགོས་ཤིང་། དེའང་ཕྱོགས་ཀྱི་ཡི་གེ་སྔོན་དུ་དང་མཚམས་ཀྱི་ཡི་གེ་རྟིང་ལ་འགོད་དགས་སོ། །དེའང་ལྟེ་བའི་ཤར་ལྷོ་ནུབ་བྱང་བཞི་ལ་རིམ་པ་ལྟར་ཨའི་སྡེ་ཚན་དབྱངས་ཡིག་བཅུ་དྲུག་དང་། ཀ་སྡེ་དང་། ཙ་སྡེ་དང་། ཊ་སྡེ་རྣམས་འགོད། དེ་ནས་བྱང་ཤར་ཤར་ལྷོ། ལྷོ་ནུབ་ནུབ་བྱང་སྟེ་མཚམས་བཞི་ལ་རིམ་པ་ལྟར། ཏ་སྡེ། པ་སྡེ། ཡ་སྡེ། ཥ་སྡེ་རྣམས་དགོད་དོ། །སྡེ་ཚན་དེ་རྣམས་ཞིབ་པར་འགོད་མི་ནུས་ན་ཕྱོགས་བཞི་མཚམས་བཞི་ལ་རིམ་པ་ལྟར་ཨ་དང་ཀ་སོགས་སྡེ་ཚན་གྱི་ཡི་གེ་དང་པོ་


JLD010_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དགོད་དོ། །སྙིང་གའི་རྩ་འདབ་བརྒྱད་ཀྱི་ཕྱོགས་བཞི་དང་མཚམས་བཞི་ལ་རིམ་པ་ལྟར་ཨ་ཨི་ཨུ་ཨེ་རྣམས་དང་ཡར་ལ་ཝ་སྟེ་ཡི་གེ་ཐུང་ངུ་བརྒྱད་འགོད་དེ། མགྲིན་པའི་རྩ་འདབ་བཅུ་དྲུག་ལ་སྙིང་གའི་ཡི་གེ་བརྒྱད་པོ་རིང་ཆ་ཅན་ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང་མཚམས་བཞི་ལ་རིམ་པ་ལྟར་འགོད་ཅིང་། དེའང་ཤར་གྱི་འདབ་མ་ལ་འགོད་ཅིང་ལྷག་མ་རྣམས་རྩ་རེ་རེ་བར་སྐབས་སུ་བཞག་ནས་འགོད་ཅིང་། སྤྱི་བོའི་འདབ་མ་སོ་གཉིས་ལ་དབྱངས་ཡིག་བཅུ་དྲུག་འགོད་ལ། དེའང་ཤར་ལ་ཨ་ལྟ་བུ་བཀོད་ནས་དེ་ནས་ལྷག་མ་རྣམས་རྩ་རེ་རེ་བཞག་ནས་འགོད་པ་སྔར་དང་འདྲ། འདབ་མའི་རྩ་རྣམས་ཀྱི་ཡི་གེའི་ཁ་དོག་ནི་རང་རང་གི་ལྟེ་བའི་ཡི་གེའི་ཁ་དོག་དང་འདྲ་ཞིང་། ཡི་གེ་ཐམས་ཅད་ཀྱང་ཟླ་ཕྱེད་ཐིག་ལེ་ནཱ་ད་དང་བཅས་པ་ཡིན་ལ། དེ་དག་ཀྱང་བ་མོའི་བདུད་རྩི་འཛག་པའི་རྣམ་པ་ཅན་བསྒོམ་དགོས་པ་ཡིན་ནོ། །རྩ་མདུད་ནང་གི་ཡི་གེ་བསྒོམ་པའི་དགོས་པ་ནི་རྩ་མདུད་གྲོལ་བའི་ཆེད་ཡིན་ཞིང་། འདབ་མའི་ཡི་གེ་བསྒོམ་པའི་དགོས་པ་ནི། འདབ་མའི་རླུང་སེམས་དབུ་མར་འདུ་བའི་དགོས་པ་ཡོད་དོ། །གསལ་བྱེད་རྣམས་འགོད་པའི་དུས་སུ་ཀྵ་མི་འགོད། མགོ་ཕྲེང་ལྔ་བཅུའི་དག་པ་སྦྱོར་བའི་ཚེ་ཀྵ་དང་བཅས་པའི་གསལ་བྱེད་སོ་བཞི་དབྱངས་བཅུ་དྲུག་དང་སྦྱོར་བ་ཡིན་ན། །རྩ་ནང་ན་དབྱངས་རྣམས་ཁ་གྱེན་ལྟ། གསལ་བྱེད་རྣམས་ཁ་ཐུར་ལྟར་བཤད་པ་ནི་རོ་རྐྱང་དབུ་མ་གསུམ་གྱི་ནང་གི་ཡི་གེ་ཡིན་གྱི་འདབ་མའི་ཡི་གེ་མིན་ནོ། །འདབ་མ་རྣམས་ལ་ཡི་གེ་ཡོང་ཚུལ་ནི། ཤར་གྱི་འདབ་མ་ལྟ་བུའི་དབང་དུ་བྱས་ན། ཤར་གྱི་


JLD010_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མའི་ཕྱིའི་ཕྱོགས་ནས་རིམ་པ་ལྟར་ཡོད་དེ། དེའང་ཕྱིའི་ཐ་མ་ན་ཨ་ཡོད་ལ། དེའི་མདུན་ན་ཨཱ་རིང་ཆ་ཅན་ཡོད་ཅིང་དེས་དབྱངས་ཡིག་གཞན་རྣམས་ཡོད་ཚུལ་རིགས་འགྲོ་ལ་འདབ་མ་གཞན་རྣམས་ལ་ཀ་སྡེ་སོགས་སྡེ་ཚན་གཞན་གྱི་ཡི་གེ་རྣམས་ཀྱང་ཕྱི་ནས་ནང་ཕྱོགས་ལ་རིམ་པ་ལྟར་འགོད་པ་ཡིན་ནོ། །དེའང་ཡི་གེ་ལངས་པའི་རྣམ་པ་ཅན་གདོང་ལྟེ་བའི་ཡི་གེ་ལ་བསྟན་པའི་ཚུལ་གྱིས་འགོད་དགོས་སོ། །འདབ་མའི་ཡི་གེ་རྣམས་ལ་ཟླ་གདན་མ་བཤད་པས་མི་དགོས་ཤིང་། ཡི་གེ་རྣམས་གཙོ་ཆེ་ཆུང་མ་གཏོགས་གསལ་དབྱངས་འདྲེས་མ་ཡིན་ལ། དབྱངས་རྣམས་ཀྱི་ཟླ་ཕྱེད་ཐིག་ལེ་ནཱ་ད་རྣམས་གསལ་བྱེད་ཡིན་ནོ། །དེའང་ལྟེ་བའི་ཡི་གེ་རྣམས་ཀྱི་དབང་དུ་བྱས་ན་དབུས་ཀྱི་ཨཾ་ནི་དབྱངས་ཤས་ཆེ་གསལ་བྱེད་ཤས་ཆུང་། ཤར་གྱི་འདབ་མ་མ་གཏོགས་ཕྱོགས་ཀྱི་འདབ་མ་རྣམས་ལ་དབྱངས་ཡི་གེ་མེད་པས་འདབ་མ་རྣམས་ཀྱང་དབྱངས་ཤས་ཆུང་། གསལ་བྱེད་ཤས་ཆེ་བའོ། །སྙིང་གའི་རྩ་འདབ་ཀྱི་དབུས་ཀྱི་ཧཱུཾ་ནི་གསལ་བྱེད་ཤས་ཆ་ལ། མགྲིན་པའི་རྩ་འདབ་ཀྱི་དབུས་ཀྱི་ཨོཾ་ནི་དབྱངས་ཤས་ཆེ་ཞིང་། དེ་གཉིས་ཀྱི་འདབ་མའི་ཡི་གེ་རྣམས་ནི་གསལ་དབྱངས་ཆ་མཉམ་པའོ། །སྤྱི་བོའི་རྩ་འདབ་ཀྱི་དབུས་ཀྱི་ཧཾ་ནི་གསལ་བྱེད་ཤས་ཆེ། དེའི་འདབ་མའི་ཡི་གེ་རྣམས་ནི་དབྱངས་ཤས་ཆེ་བ་ཡིན་ནོ། །དེའང་དབྱངས་རྣམས་ཀྱིས་ནི་བྱང་སེམས་དམར་པོ་དང་། གསལ་བྱེད་རྣམས་ཀྱིས་ནི་བྱང་སེམས་དཀར་པོ་མཚོན་ནོ། །འདབ་མའི་ཡི་གེ་རྣམས་གསལ་ནས་དེ་ལ་སེམས་ཟིན་ན་ནི་ལེགས་ལ། མ་ཟིན་ཀྱང་འཁོར་ལོ་བཞིའི་དབུས་ཀྱི་ཡི་གེ་


JLD010_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་ཤིན་ཏུ་ཕྲ་བ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་ཟིན་ནས་གནས་ཆ་ཅུང་ཟད་རྙེད་ན་དེས་ཆོག་པས་དེ་རྙེད་རྙེད་དུ་བསྒོམས་ལ། ཡི་གེའི་གསལ་སྣང་ཤར་ནས་དམིགས་པ་སྤོ་གསུང་། དེ་རྙེད་ནས་ཐིག་ལེ་ལ་དམིགས་པ་སྤོ་དགོས་པ་ཡིན་ཏེ། ཡི་གེ་ཕྲ་མོ་བསྒོམ་པ་ནི་ཐིག་ལེའི་དམིགས་རྟེན་རྙེད་པའི་ཆེད་ཡིན་པའི་ཕྱིར་རོ། །ཐིག་ལེ་ལ་སེམས་འཛིན་པའི་དུས་སུ་འདི་ལྟར་བྱ་སྟེ་སྔར་གྱི་དམིགས་པ་རྣམས་རིམ་པ་ལྟར་གསལ་བཏབ་ལ། དེ་ནས་སུམ་མདོ་ནས་ལས་ཀྱི་རླུང་གཡོས་པས་ལྟེ་བའི་ཨཾ་ལས་མེ་འབར་ཏེ་སྤྱི་བོའི་འཁོར་ལོའི་བར་དུ་རྩ་དབུ་མའི་ནང་ན་ཡར་སོང་སྟེ། མེ་དེའི་འོད་ཀྱིས་སྤྱི་བོའི་རྩ་མདུད་ཀྱི་ཡི་གེ་རྣམས་ཞུ་སྟེ། འཁོར་ལོའི་ལྟེ་བར་འདུས་ཤིང་ཧཾ་ཡང་ཞུ་ནས་ཐིག་ལེར་གྱུར་པ་དེ་རིམ་གྱིས་མགྲིན་པར་བབས་ཏེ་འོད་ཀྱིས་མགྲིན་པའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་བསྟིམ་ལ། ཡང་མགྲིན་པ་ནས་བབས་ཏེ་སྙིང་གར་སླེབ་པ་ན་དེའི་འོད་ཀྱིས་སྙིང་གའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ། ཡང་དེ་ཉིད་སྙིང་ག་ནས་བབས་ཏེ་ལྟེ་བར་སླེབ་པ་ན་དེའི་འོད་ཀྱིས་ལྟེ་བའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་པར་བསམས་ལ་དམིགས་པ་འཛིན་པའི་ཚེ། ཐིག་ལེ་དེ་ཉིད་སེམས་དང་ཐིག་ལེ་རླུང་གསུམ་འདུས་པ་ཡིན་སྙམ་པའི་མོས་པ་སྔོན་དུ་བཏང་ཞིང་བདེ་སྟོང་དབྱེར་མེད་ངོ་བོ་ཡིན་སྙམ་དུ་བསམས་ནས། ལྟེ་བའི་རྩ་མདུད་ནང་དུ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་འཛིན་ནོ། །དམིགས་རྟེན་ཕྲ་མོ་ཤར་


JLD010_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་ལ་སེམས་ཅུང་ཟད་ཟིན་པའི་ཚེ་དམིགས་པ་འདི་བསྣན་ནས་བསྒོམ་པ་ཡིན་ཏེ། དེའང་རང་གི་སེམས་ཐིག་ལེ་ཕྲ་མོ་དེའི་ནང་དུ་ཐིམ་པའི་མོས་པ་བྱས་ནས་ཐིག་ལེ་དེ་ལ་སེམས་འཛིན་ནོ། །དེ་ལྟར་གོམས་པས་རང་གི་སེམས་དང་ཐིག་ལེ་གཉིས་ཀྱི་བར་ན་གཉིས་སྣང་མེད་པར་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་ཤར་བའི་ཚེ། ཐིག་ལེ་ལ་དམིགས་པའི་དགོས་པ་གྲུབ་པས་དམིགས་པ་སྤོ་རན་པ་ཡིན་ནོ། །ཡང་དེའི་རྗེས་སུ་དམིགས་པ་གོང་མ་རྣམས་བསྒོམས་པས་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་མ་ཤར་ཡང་། གོང་གི་དམིགས་པ་རྣམས་བསྒོམས་པའི་རྗེས་སུ་ཐིག་ལེ་ལ་སེམས་འཛིན་པའི་དུས་ཀྱི་སུམ་གཉིས་སམ་ཕྱེད་ཙམ་དུ་ཐུན་རེ་རེ་ལྟར་རླུང་ལ་དམིགས་ནས་བསྒོམ་པ་ཡིན་ཏེ། དེའི་སྒོམ་ཚུལ་ནི་རང་གི་གཞོགས་གཡོན་པ་དང་སྟེང་འོག་གི་རླུང་རྣམས་ལྟེ་བའི་འོག་གི་སུམ་མདོར་བསྡུས་ནས། འདུས་མ་ཐག་ཏུ་རླུང་དེ་རྣམས་མེ་ལོང་ལ་ཧ་བཏབ་པ་བཞིན་དུ་ཡལ་བའི་དམིགས་པ་ཡང་ཡང་བྱེད་དོ། །དེ་ལྟར་བསྒོམ་པའི་དགོས་པ་ནི་རྩ་ལམ་སྦྱོར་བ་དང་། རླུང་ལ་བརྟེན་པའི་གེགས་རྣམས་མི་འབྱུང་ཞིང་མཉམ་པར་བཞག་པའི་དུས་སུ་སྣ་བུག་ཏུ་རྒྱུ་བའི་རླུང་འདི་འགགས་ནས་འགྲོ་ཞིང་། དེའི་འགག་ཚུལ་ནི། དང་པོར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ། དབུགས་གསུམ་གསུམ་རྒྱུ་པའི་ཡུན་ཙམ་དུ་རླུང་སྣ་སྒོར་མི་རྒྱུ་བ་ཡིན་ལ། དེ་ནས་གོམས་པ་ཇེ་ཆེར་སོང་ནས་རླུང་སྣ་སྒོར་མི་རྒྱུ་བའི་ཡུན་དེ་རིང་དུ་འགྲོ་བས་ད་གཟོད་སྔ་དྲོ་རེ་ཙམ་རླུང་སྣ་


JLD010_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་མི་རྒྱུ་བ་འབྱུང་བ་ཡིན་ནོ། །དེའང་དང་པོར་རླུང་འགག་པའི་ཚེ་སྣ་བུག་གི་རླུང་ལོག་ནས་རླུང་གིས་གྲོད་པ་གང་བའི་སྣང་བ་འབྱུང་ལ། དེ་ནས་གྲོད་པ་གང་བའི་སྣང་བ་ལོག་ནས་སྣ་སྒོར་རླུང་རྒྱུ་བྱུང་ན་རླུང་འགག་ཚུལ་རྣ་བ་མ་མིན་ལ། གྲོད་པའི་ནང་གི་རླུང་དེ་མེ་ལོང་ལ་ཧས་བཏབ་པ་བཞིན་ཡལ་ཡང་། ད་དུང་སྣ་སྒོར་རླུང་མི་རྒྱུ་ན་རླུང་དབུ་མར་ཚུད་པ་ཡིན་ནོ། །རླུང་དེའང་རྩ་བའི་རླུང་ལྔའི་ནང་ནས་ཐུར་སེལ་གྱི་རླུང་ཡིན་ལ། དེ་ལ་གསར་རྙིང་གཉིས་ཡོད་པ་ལས་རྙིང་པ་རྣམས་ཡལ་ནས་འགྲོ་བས། རྩ་དབུ་མའི་ནང་དུ་མི་འགྲོ་ཞིང་། རླུང་སྣ་སྒོར་རྒྱུ་བ་ལོག་པ་དང་དུས་མཉམ་དུ་ལྟེ་བའི་འོག་གི་རྩ་དབུ་མའི་སྦུབས་ཁ་ཕྱེ་བ་དེའི་ནང་ནས་ཐུར་སེལ་གྱི་རླུང་གསར་པ་སྐྱེས་ནས་དེས་ལྟེ་བའི་མེ་སྦར་ནས་མེ་དེས་སྤྱི་བོའི་བྱང་སེམས་བཞུ་བ་ཡིན་ནོ། །རླུང་དེའི་དབྱིབས་ནི་གཞུའི་དབྱིབས་ལྟ་བུར་ཡོད་དོ། །དེ་ལྟར་རྩ་དང་རླུང་དང་ཐིག་ལེའི་བཤད་པ་མང་དུ་བྱས་ཀྱང་མཐར་གཏུགས་ན་ཏིང་ངེ་འཛིན་གྱི་མཐུས་སྟེང་གི་སྣ་སྒོར་རླུང་རྒྱུ་བ་ལོག་ནས་དེ་མ་ཐག་ཏུ་ལྟེ་བའི་འོག་གི་རྩ་དབུ་མའི་ཁ་བྱེ་ནས་དེའི་ནང་དུ་རླུང་གསར་པ་སྐྱེས་ཏེ་རྩ་དབུ་མའི་ནང་གི་རླུང་དེས་རྩ་དབུ་མའི་ནང་གི་ལྟེ་བའི་མེ་སྦར་བའམ། ལྟེ་བའི་ཁྲག་འཕེལ་ནས་སྤྱི་གཙུག་བར་དུ་སོང་བས། རྩ་དབུ་མའི་ནང་གི་སྤྱི་བོའི་བྱང་སེམས་བཞུ་ནས་འཁོར་ལོའི་གནས་རྣམས་སུ་བབས་པས་རིམ་པ་ལྟར་དགའ་བཞིའི་རྟོགས་པ་རྒྱུད་ནས་བཤད་པ་བཞིན་སྐྱེ་བ་ཡིན་པས། རྩ་གཞན་གྱི་ནང་གི་ཁྲག་འཕེལ་བས་རྩ་གཞན་གྱི་བྱང་སེམས་ཞུ་བའི་བདེ་བ་སྐྱེ་བ་ཡོད་མོད། འདིར་གཙོ་བོར་རྩ་དབུ་མའི་ནང་གི་


JLD010_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་མེ་སྦར། དེས་སྤྱི་བོའི་བྱང་སེམས་བཞུ་བ་དགོས་པ་ཡིན་ནོ། །དེས་ན་རྒྱུད་ཕལ་ཆེ་བ་སྣ་སྒོར་རླུང་རྒྱུ་བ་ལོག་མ་ཐག་ཏུ་རྩ་དབུ་མའི་ནང་དུ་རླུང་སོང་ནས་དེས་མེ་སྦོར་བ་ཡན་མཐུན་ལ། སྣ་སྒོར་རླུང་རྒྱུ་བ་ལོག་པའི་ཐབས་སུ་དུས་འཁོར་བས་གཙོ་བོར་བུམ་པ་ཅན་བསྒོམ། གསང་འདུས་པས་རྡོར་བཟླས་བྱེད། བདེ་དགྱེས་པ་རྣམས་ཀྱིས་ཡི་གེ་དང་ཐིག་ལེ་དང་མེ་ལ་སེམས་འཛིན་པ་སོགས་གོང་དུ་བཤད་པ་འདི་རྣམས་བྱེད་དོ། །སྣ་སྒོར་རླུང་རྒྱུ་བ་ལོག་པ་ནི་རྩ་དབུ་མའི་ནང་དུ་རླུང་སོང་ནས་ལྟེ་བའི་མེ་སྦར་བའི་རྟགས་ཡིན་ལ། སྣ་སྒོར་རླུང་རྒྱུ་བའི་ཚེ་ལྟེ་བའི་མེ་འབར་བའི་འཕྲོ་ཆོད་པའི་རྟགས་ཡིན་ནོ། །དེ་ནས་དམིགས་པ་སྔ་མ་རྣམས་བརྟན་པ་ན་འདི་ལྟར་བསྒོམ་པར་བྱ་སྟེ། གོང་གི་དམིགས་པ་ཐུན་རེ་རེ་ལ་མ་ཆགས་པར་བསྐྱངས་པའི་ངང་ནས། དམིགས་པ་དེ་དག་གི་མཐུས་སྟེང་གི་སྣ་སྒོར་རླུང་རྒྱུ་བ་འགགས་པའི་མོས་པ་བྱས་ལ། སུམ་མདོ་ནས་རྩ་དབུ་མའི་ནང་གི་རླུང་གཡོས་པའི་མཐུས། ཤེལ་གྱི་གོང་བུའི་ནང་ན་མར་མེ་ཕྲ་མོ་འབར་བ་ལྟར། ཐིག་ལེ་ལས་མེའམ། འོད་ཟེར་གྱི་རེ་ཁཱ་ཕྲ་མོ་ཁ་དོག་དམར་སེར་རེག་བྱ་ཤིན་ཏུ་ཚ་བ་ཚད་སོར་གཉིས་ནས་སོར་བཞིའི་བར་གང་མོས་པ་བྱས་ལ། མེ་ཁྱད་པར་དེ་ལྟ་བུ་དང་ལྡན་པ་སྐྱེས་པའི་དམིགས་པ་བྱ་སྟེ་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་པ་ཡིན་ནོ། །དེ་ཅུང་ཟད་བརྟན་པ་ན་ལྟེ་བའི་མེ་ཕྲ་མོ་དེ་སྤྱི་བོའི་བར་སོང་བའི་དམིགས་པ་བྱས་ལ། མེ་དེས་སྤྱི་བོའི་བྱང་སེམས་བཞུ་ནས། རྩ་དབུ་མའི་ནང་འཁོར་ལོ་རྣམས་ཀྱི་ལྟེ་བར་


JLD010_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ལྟར་བབས་ནས་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་སྔར་གྱི་ཐིག་ལེ་ལ་ཐིམ་པའི་མོས་པ་བྱས་ལ་ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །དེ་ཅུང་ཟད་བརྟན་པ་ན་ཡར་འགྲོའི་མེ་དེ་ཅུང་ཟད་རེས་སྦོམ་དུ་སོང་བའི་དམིགས་པ་བྱེད་དོ། །ཡང་དེའི་སྐབས་སུ་མར་མེ་གཅིག་གིས་མཛོད་དུ་མ་སྣང་བར་བྱེད་པ་ལྟར།ལྟེ་བའི་མེ་དེ་རྩ་འཁོར་རྣམས་ཀྱི་ལྟེ་བར་སོང་བའི་ཚེ། དེའི་འོད་ཀྱིས་རྩ་འདབ་རྣམས་ཀྱི་ནང་གསལ་པའི་དམིགས་པ་བྱེད་ཅིང་། བློས་ལྕོགས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་མེའི་འོད་ཀྱིས་གསལ་བར་བྱས་པའི་དམིགས་པ་ཡང་དང་ཡང་དུ་བསྒོམ་མོ། །དེ་ལྟར་བསྒོམས་ན་ཉམས་སྣང་ལ་བརྟེན་ནས། ལྐོག་གྱུར་ཅི་རིགས་ལུང་བསྟན་ཐུབ་པ་འབྱུང་ལ། འོན་ཀྱང་མངོན་ཤེས་ནི་མིན་གསུང་། དེ་ནས་དམིགས་པ་དེ་དག་བརྟན་པ་ན་འདི་ལྟར་དུ་བསྒོམ་པར་བྱ་སྟེ། རང་གི་ལྟེ་བའི་མེ་དེ་ཡར་ལ་སྤྱི་བོའི་བར་དུ་སོང་། དེ་ནས་མར་སྨིན་མཚམས་ཀྱི་བར་དུ་འོངས་ནས། འབྱུང་བའི་ལམ་རང་གི་སྣ་བུག་གཡས་པ་ནས་ཐོན་ཏེ། ཕྱོགས་བཅུའི་བྱང་སེམས་དང་ཉན་རང་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་ཀྱང་སངས་རྒྱས་སུ་གྱུར་པའི་མོས་པ་བྱས་ལ། དེ་ནས་དེ་རྣམས་དང་སྔར་སངས་རྒྱས་ཟིན་པའི་སངས་རྒྱས་རྣམས་ཀྱི་སྣ་བུག་གཡོན་པ་ནས་མེ་དེ་སོང་བས། སྨིན་མཚམས་ནས་སྤྱི་བོའི་བར་དུ་སླེབས་ནས། དེ་ནས་མར་མགྲིན་པ་དང་སྙིང་ག་དང་ལྟེ་བའི་བར་སོང་སྟེ་ལྟེ་བ་ནས་ཐིག་ལེ་དཀར་པོ་དྲངས་ཏེ་སྤྱི་བོའི་བར་དུ་ཡར་བྱུང་དེ་ནས་མར་སྨིན་མཚམས་བར་དུ་འོངས་ནས། སྣ་བུག་


JLD010_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ནས་ཐོན་ཏེ་རང་གི་འཇུག་པའི་ལམ་སྣ་བུག་གཡོན་ནས་ཞུགས་ཏེ་སྨིན་མཚམས་ནས་སྤྱི་བོའི་བར་དུ་སོང་སྟེ། དེ་ནས་མར་ལྟེ་བའི་བར་དུ་བབས་པས་སྔར་མེས་གདུངས་པ་རྣམས་སོས་ནས་རང་གི་རྩ་མདུད་ཀྱི་ཐིག་ལེ་ལ་ཐིམ་པའི་མོས་པ་ཡང་ཡང་བྱས་ལ། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །མདོར་ན་གོང་དུ་བཤད་པའི་དམིགས་པ་ཟིན་པའི་རྟགས་དེ་དག་བྱུང་ན་རབ་ལ། མ་བྱུང་ནའང་དམིགས་པ་སྔ་མ་སྔ་མ་ཅུང་ཟད་བརྟན་པ་ན་དམིགས་པ་རྟིང་མ་ཕོག་ལ། དམིགས་པ་རྣམས་འདྲིལ་བའི་ཚེ། རང་རང་གི་རྟགས་མ་རྫོགས་ཀྱི་བར་དུ་རྒྱུན་བསྲིངས་ནས་ཉི་མ་རེ་རེ་ཞིང་བསྐྱེད་རིམ་གྱི་ཐུན་བཞིའི་མཐའ་ལ་བསྒོམ་པ་ཡིན་ནོ། །དེ་ལྟར་བསྒོམས་པས་ལྟེ་བའི་མེ་འབར་ཏེ་སྤྱི་བོའི་བྱང་སེམས་ཞུ་བའི་གོམས་པ་རབ་ཏུ་གྱུར་པའི་ཚེ་སྤྱི་བོའི་བྱང་སེམས་ཞུ་བ་དེ་ཉིད་ཀྱིས་ལྟེ་བའི་མེ་འབར་བའི་རྐྱེན་བྱེད་པས་དེ་ནས་མེ་དམིགས་སོགས་ལ་བལྟོས་མི་དགོས་པར་འབར་འཛག་འཁོར་མར་འབྱུང་བ་ཡིན་ནོ། །སྤྱི་བོའི་བྱང་སེམས་ཆུ་ཁམས་ཡིན་པས་ལྟེ་བའི་མེ་དང་གཉིས་གཅིག་གིས་གཅིག་འཕེལ་བའི་གྲོགས་བྱེད་པ་མི་འཐད་སྙམ་ན། ལྟེ་བའི་མེ་ཟེར་ཀྱང་ངོ་བོ་ཁྲག་ཡིན་པས་ལྟེ་བའི་དམར་ཆས་གཙོ་བོར་དྲོད་བསྐྱེད་སྤྱི་བོའི་དཀར་ཆས་གཙོ་བོར་བདེ་བ་བསྐྱེད་ཅིང་ཆུ་ཁམས་གཅིག་གིས་གཅིག་གི་གྲོགས་བྱེད་པ་ལ་འགལ་བ་མེད་དོ། །དེས་ན་སྤྱི་བོའི་བྱང་སེམས་ལྟེ་བར་སླེབ་པའི་ཚེ་བསིལ་བར་འགྱུར་ཞེས་བཤད་ཀྱང་། བསིལ་བའི་དོན་དྲོད་ཆུང་དུ་སོང་བ་ལ་བྱེད་ན་


JLD010_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འགངས་ཅན་འཕྱུག་པས། དེ་ལ་མི་བྱ་བར་བསིལ་བའི་དོན་སྤྱི་བོའི་བྱང་སེམས་ཀྱིས་ལྟེ་བའི་མེ་ཚིམ་པ་ལ་བྱའོ། །དམིགས་པ་དེ་དག་བསྒོམ་པའི་འབྲས་བུ་དགའ་བཞི་ངོས་བཟུང་བ་ལ་གཉིས་ལས། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགག་རིམ་དང་བསྟུན་ནས་དགའ་བཞི་ངོས་འཛིན་པ་ནི་རྫོགས་རིམ་གྱིའང་རེ་མཐོར་སླེབ་པའི་དགའ་བཞི་ངོས་འཛིན་ཚུལ་ཡིན་པས། རེ་ཞིག་འདིར་མི་འཆད་ལ། དེས་ན་འདིར་ནི་གནས་ཀྱི་སྒོ་ནས་དགའ་བཞི་ངོས་འཛིན་པ་ཡིན་ཏེ། དེའང་བུམ་པ་ཅན་དང་རྡོར་བཟླས་དང་ཐིག་ལེའི་རྣལ་འབྱོར་མེ་དམིགས་དང་བཅས་པ་གང་རུང་གི་མཐུས། རླུང་སྤྱིར་སྣ་སྒོ་ལ་རྒྱུ་བ་ལོག་ཅིང་ལུས་ཀྱི་ནང་གང་བ་ལྟ་བུར་སྣང་བའི་ནང་གི་རླུང་མེ་ལོང་ལ་ཧ་བཏབ་པ་བཞིན་དུ་ཡལ་ཏེ་འགགས་པའི་མཐུས་སུམ་མདོའི་རླུང་གིས་ལྟེ་བའི་མེ་སྦར་ཞེས་སྤྱིར་བཏང་ལ་བཏགས་པ་ཙམ་བརྗོད་ཀྱང་ཞིབ་ཏུ་བཤད་པའི་རླུང་དེ་འགགས་པའི་མཐུས་རྡོ་རྗེའི་ནང་གི་རྩ་དབུ་མ་ཞར་བ་དེ་བྱེ་ནས་སྦུབས་ཅན་དུ་བྱས་ལ། དེའི་ནང་ནས་སྐྱེས་པའི་ཐུར་སེལ་གྱི་རླུང་གསར་པ་སུམ་མདོར་སོང་སྟེ་ཀྵ་ཡིག་གིས་མཚོན་པའི་མེ་སྦར་ཏེ་དེ་དུས་སུ་རླུང་དེ་དང་དེ་འདྲེས་པ་ལ་ཐིམ་ཞེས་བཤད་དོ། །དེ་ནས་སུམ་མདོའི་མེ་དེས་ལྟེ་བའི་ཨཾ་ཡིག་གིས་མཚོན་པའི་མེ་སྦར་ནས་མེ་ལྕེ་སྤྱི་བོའི་བར་དུ་སོང་ནས་བྱང་སེམས་བཞུ་ནས་དཀར་ཆས་མགྲིན་པའི་འཁོར་ལོའི་དབུས་སུ་སླེབ་པའི་བར་གྱི་དགའ་བ་ནི། དགའ་བཞིའི་ནང་ནས་དགའ་བ་སྐྱེས་པ་ཡིན་ནོ། །དེ་ནས་མགྲིན་པའི་རྩ་འཁོར་


JLD010_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ་སྙིང་གའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ནི་མཆོག་དགའ་སྐྱེ་དུས་ཡིན་ནོ། །སྙིང་གའི་འཁོར་ལོའི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་ནས་ལྟེ་བའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ལ་ཁྱད་པར་གྱི་དགའ་བ་སྐྱེའོ། །ལྟེ་བའི་འཁོར་ལོའི་དབུས་ཀྱི་འོག་ཙམ་ནས་བཟུང་ནས་རྡོ་རྗེ་ནོར་བུའི་དབུས་སུ་སླེབ་སྟེ་ཕྱིར་མ་འཕོས་པའི་བར་ལ་ལྷན་སྐྱེས་ཀྱི་དགའ་བ་སྐྱེའོ། །ཟླ་བ་ལ་དཀར་ཆ་འཕེལ་བ་ཆ་བཅོ་ལྔ། དཀར་ཆ་རྫོགས་ནས་ནག་ཆ་ལ་མ་སླེབ་པའི་བར་གྱི་ཆ་གཅིག་དང་བཅས་པས་ཆ་བཅུ་དྲུག་ཡོད་པ་དང་མཐུན་པར་སྤྱི་བོ་ནས་ནོར་བུའི་རྩེ་མོའི་བར་གྱི་བྱང་སེམས་དཀར་པོ་ལ་ཆ་བཅུ་དྲུག་ཡོད་པས་བཅུ་དྲུག་པོ་དེ་ལ་བརྟེན་པའི་བདེ་བའམ། དགའ་བའང་བཅུ་དྲུག་ཡོད་དོ། །ཆ་བཅུ་དྲུག་ཡོད་ཚུལ་ནི་སྤྱི་བོ་ནས་མགྲིན་པའི་བར་ཆ་མཉམ་པ་བཞིར་བགོས་ནས་སྟེང་ནས་རིམ་པ་ལྟར་བཞི་ཆ་རེའི་དུས་སུ་དགའ་བའི་དགའ་བ་སྐྱེ་ལ། འག་མ་རྣམས་ལའང་ཆ་བགོད་ཚུལ་དང་དགའ་བ་གཞན་གསུམ་གྱི་སྐྱེ་ཚུལ་ཡང་དེས་རིགས་འགྲེའོ། །ཡང་ཉི་མས་ཁྱིམ་བཅུ་གཉིས་བགྲོད་པ་དང་མཐུན་པར་སྤྱི་བོ་ནས་མགྲིན་པའི་བར་དང་། མགྲིན་པ་ནས་སྙིང་གའི་བར་དང་། སྙིང་ག་ནས་ལྟེ་བའི་བར་དང་། ལྟེ་བ་ནས་ནོར་བུའི་རྩེ་མོའི་བར་དེ་དག་ལ་ཆ་གསུམ་གསུམ་དུ་བགོས་ནས་གནས་བཅུ་གཉིས་པོ་དེ་དག་ཏུ་རིམ་པ་ལྟར་དམར་ཆས་སླེབས་པ་ན་དམར་ཆ་ཆ་བཅུ་གཉིས་ལ་བརྟེན་པའི་བདེ་བའམ་དགའ་


JLD010_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཅུ་གཉིས་སྐྱེའོ། །དགའ་བ་བཅུ་དྲུག་དང་དགའ་བ་བཅུ་གཉིས་ཀྱི་ཁྱད་པར་ཉམས་མྱོང་གི་སྟེང་ནས་ཕྱེད་པ་དགོས་གསུང་། ཡས་བརྟན་གྱི་དགའ་བའི་སྐབས་སུ་སྤྱི་བོ་ནས་དཀར་པོ་ནར་མར་འཛག་པའི་ངེས་པ་མེད་ཀྱང་། སྤྱི་བོ་ནས་འོངས་པའི་བྱང་སེམས་དེས་ཞར་ལ་རྩ་ནང་གི་བྱང་སེམས་གཞན་རྣམས་ཀྱང་དྲངས་ནས་འབབ་པས་གནས་འོག་མར་སླེབས་ཀྱིན་དགའ་བདེ་ཆེར་འགྲོ་བ་ཡིན་ནོ། །མས་བརྟན་གྱི་དགའ་བའི་སྐབས་སུ་གནས་གོང་མ་གོང་མར་སླེབས་ཀྱིན་དགའ་བདེ་ཆེར་འགྲོ་བ་ཡིན་ལ།དེའང་ལྷན་སྐྱེས་ཀྱི་དགའ་བ་ལ་དགའ་བ་བཞིར་ཕྱེ་བའི་དགའ་བཞི་ནི་འོག་ནས་རིམ་པ་ལྟར། ནོར་བུའི་རྩེ་མོ་ནས་ཡར་འོངས་ནས་ལྟེ་བར་སླེབ་པའི་ཚེ། ལྷན་སྐྱེས་ཀྱི་དགའ་བའི་དགའ་བ་དང་། དེས་སྙིང་གར་སླེབས་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་མཆོག་དགའ་དང་། དེས་མགྲིན་པར་སླེབས་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་ཁྱད་དགའ་དང་། དེས་སྤྱི་བོའི་འཁོར་ལོའི་དབུས་སུ་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་ལྷན་ཅིག་སྐྱེས་དགའ་སྐྱེའོ། །དེས་ན་མས་བརྟན་ལ་ལྷན་སྐྱེས་ལས་མ་གཏོགས་པའི་དགའ་བ་མི་སྲིད་ཅིང་། ཡས་བབས་ལས་གཞན་པའི་དམིགས་པ་ཟུར་པ་ཞིག་གིས་མས་བརྟན་གྱི་དགའ་བ་སྐྱེ་དགོས་སོ། །རླུང་སྦྱོར་འཁྲུལ་འཁོར་སོགས་མ་བྱས་ཀྱང་མེ་དམིགས་བྱས་པ་ཉིད་ཀྱིས་རྩ་སྦྱོང་ནུས་པས་གེགས་མི་འབྱུང་བ་ཡིན་ནོ། །རླུང་བུམ་པ་ཅན་སྒོམ་པ་སོགས་མ་བྱས་ཀྱང་ཐིག་ལེ་ལ་སེམས་ཟིན་ནས། སྟེང་གི་སྣ་སྒོ་ལ་རྒྱུ་བའི་རླུང་འགགས་པའི་མཐུས་ཐིག་ལེ་འཛག་མེད་དུ་འཆིང་ནུས་པ་ཡིན་


JLD010_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། གོང་གི་དམིགས་པ་དེ་རྣམས་བདེ་མཆོག་དང་ཀྱེ་རྡོར་གྱི་མངོན་རྟོགས་དང་སྦྲེལ་ནས་བསྒོམས་ན་བོགས་ཆེ་བ་ཡིན་ནོ། །དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ་དེ་དང་སྟོང་ཉིད་སྦྲེལ་ནས་བསྒོམ་པ་ཡིན་ཞིང་། ལྷན་སྐྱེས་དེའང་ཡས་བབས་ཀྱི་སྐབས་སུ་གནས་དམའ་བ་ཙམ་གྱིས་དགའ་བ་དེ་ཆེ་ཞིང་། མས་བརྟན་གྱི་སྐབས་སུ་གནས་མཐོ་བ་ཙམ་གྱིས་དགའ་བདེ་ཆེར་འགྲོ་བས་སྟོང་ཉིད་བསྒོམ་དུས་དེ་དང་ལྷན་སྐྱེས་སྐྱེ་དུས་གོ་བས་དམིགས་ཕྱེད་པོ་བྱས་ནས་སྐྱོང་དགོས་པ་ཡིན་ནོ། །རླུང་འགག་དུས་སུ་རླུང་དབུ་མར་འདུ་བའི་བཤད་པའང་གྲུབ་ཆེན་འགའ་རེས་བྱས་ཡོད་པས་འདབ་མའི་ནང་གི་ལས་རླུང་རྣམས་དབུ་མའི་ནང་དུ་སོང་བའི་ཚེ་དབུ་མའི་ནང་དུ་སླེབས་ཙམ་ནས་ཡལ་བའི་དམིགས་པ་བྱས་ཀྱང་འགལ་བ་མེད་ཅིང་། ཡང་དབུ་མའི་ཕྱི་རོལ་ཏུ་འགག་པ་བྱས་པའི་ལུགས་ཀྱང་ཡོད་པས་དེ་གཉིས་གང་མོས་ཀྱིས་ཆོག་གསུང་ངོ་། །འདི་ནི་ཕག་ལོ་དགུན་གནས་སྣེལ་པས་བཏེག་ནས་སེར་ཆོས་སྡིངས་སུ་བཞུགས་དུས་བླ་མ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྔ་ནས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་བརྒྱ་ཙམ་ལ་གནང་དུས་མི་བསྐྱོད་རྡོ་རྗེས་ཟིན་བྲིས་སུ་བྲིས་པ་ཡིན་ནོ། །སརྦ་མདྒ་ལཾ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ།


previousརྫོགས་རིམ་དཔྱིད་ཀྱི་ཐིག་ལེའི་ཟིན་བྲིས།no next