Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
དཔལ་གསང་བ་འདུས་པའི་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ངག་ཏུ་འདོན་པའི་ལྷན་ཐབ།
   
   
   
   
   
   
   
   


 
previousདཔལ་གསང་བ་འདུས་པའི་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ངག་ཏུ་འདོན་པའི་ལྷན་ཐབ། next

དཔལ་གསང་བ་འདུས་པའི་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ངག་ཏུ་འདོན་པའི་ལྷན་ཐབ།


JLD012_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ངག་ཏུ་འདོན་པའི་ལྷན་ཐབས་བཞུགས། །


JLD012_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་གསང་བ་འདུས་པའི་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ཀྱི་ངག་ཏུ་འདོན་པའི་ལྷན་ཐབས་ནི། རང་ཞེ་སྡང་རྡོ་རྗེ་མཐིང་ནག་ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རང་འདྲ་བའི་རེག་བྱ་རྡོ་རྗེ་མས་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱིས་ག་ཤལ་བྱས་ཤིང་། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་འཕྱར་བར་བསམས་ལ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས། དེ་ནས་སྔོན་འགྲོ་གཏོར་མའི་མཆོད་ཡོན་ནས་རོལ་མའི་བར་རྣམས་འོག་ནས་འབྱུང་བ་ལྟར་བསྐྱེད་པའི་རྗེས་སུ། སྔོན་འགྲོ་གཏོར་མ་འོག་ནས་


JLD012_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྟར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་ནས་ཕྱོགས་མཚམས་རྣམས་སུ་གནས་པ་ནི། ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ་ཞེས་པ་ནས་འདུས་པའི་ལྷ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་རྣམས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར། ༀ་ཨཱཿ ཧྲཱི་ཞེས་སོགས་ཀྱིས་ཆུ་བཞི་ཕུལ་ནས། ༀ་ཨཱཿ དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི་ཞེས་པ་ནས། ཞི་བ་དང་ནི་བསྲུང་བར་མཛད་དུ་གསོལ། ཧཱུཾ་ཞེས་བྱ་བའི་བར་གྱིས་གཏོར་མ་ཕུལ་ནས། ཞབས་བསིལ་དང་། ཕྱག་བཀྲུ་བའི་ཕྱིར་མཆོད་ཡོན་དང་། སོ་རྩི་ཕུལ་ལ།


JLD012_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་རི་པུཥྤེ་པྲཏཱིཙྪ་ཧཱུཾ། ཞེས་མེ་ཏོག་དང་། དེ་བཞིན་དུ་པུཥྤེའི་གནས་སུ་དྷཱུ་པ་ནས་ཤཔྟའི་བར་བཅུག་ལ་ཉེར་སྤྱོད་ལྔ་དང་། ༀ་ད་ཤ་དིཀ་ཞེས་སོགས་ཀྱི་གཤམ་དུ། ༀ་ཨཱཿ ཧཱུཾ་ཞེས་ནང་མཆོད་དབུལ། མ་རྙེད་ཡོངས་སུ་མ་ཤེས་དང་། །ཞེས་པ་ནས། དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། ཞེས་པའི་བར་གྱིས་བཟོད་པར་གསོལ། ཡི་གེ་བརྒྱ་པ་བརྗོད། ༀ་ཨཱཿ ཧཱུཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། དེ་ནས་བདག་བསྐྱེད་ཀྱི་མཆོད་པ། ༀ་ཨཱཿ བིགྷཱནྟ་ཀྲིཏ་ཧཱུཾ། ཞེས་པས་བསང་། ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་རྣམས་ཀྱི་ནང་དུ། ༀ་ཨཾ་པཱཾ་པུཾ་ལ་སོགས་པ་སོ་སོའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞེས་པ་ནས་རོལ་མོ་ལ་སོགས་པ་རྣམས། རང་བཞིན་སྟོང་པ། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ། ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ཞེས་སྦྱར། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱདྱཾ་དང་། བཛྲ་པུཥྤེ་ནས་སྤརྴ་བཛྲ་རྣམས་བཅུག་སྟེ་བྱིན་གྱིས་བརླབས། དེ་ནས་མཎྜལ་དབུལ་ཞིང་གསོལ་བ་གདབ་པ་ནི། ཕྱག་རྒྱ་གསུམ་བྱས་ཏེ་སྤྱིར་མཎྜལ་བཤམས། ཕྱག་བྱས་ཏེ་སོ་སོའི་ཕྱག་ཏུ་མེ་ཏོག་དབུལ། ཕྱག་བྱས་ཏེ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་སྙིང་པོ་རྒྱན་ལས། སེམས་ཅན་དོན་དུ་སེམས་དགེ་བས། །རྣལ་འབྱོར་པ་ཡི་ཚོགས་རྣམས་ཀུན། །ཚུལ་བཞིན་ཆོ་གར་ལྡན་པ་ཡིས། །རྣལ་འབྱོར་ལ་ནི་ཉེར་གནས་


JLD012_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། ཅེས་པ་གསུམ་གྱིས་གསོལ་བ་གདབ། ཕྱག་བྱས་ཏེ་བླ་མ་མ་གཏོགས་པའི་མེ་ཏོག་བསྡུ། ཕྱག་བྱས་ཏེ་མཎྜལ་བཤམ། ཕྱག་བྱས་ཏེ་གཞན་རྣམས་ཀྱིས་མེ་ཏོག་བླ་མ་ལ་དབུལ་བའི་ཕྱིར། མཎྜལ་བླ་མ་ལ་དབུལ། བླ་མས་ཀྱང་གཞན་རྣམས་ཀྱིས་ཕུལ་བའི་མཎྜལ་དང་། རང་གི་མེ་ཏོག་བླ་མ་གོང་མ་ལ་འབུལ་བའི་ཕྱིར། མེ་ཏོག་མཎྜལ་གྱི་དབུས་སུ་སྤུངས་ཏེ་རྟེན་གྱི་དྲུང་དུ་བཞག །ཕྱག་བྱས་ཏེ་རང་གནས་འཁོད་དོ། །དེ་ནས་བླ་མའམ་གཙོ་བོས། བཤགས་པ་དང་བསྡམས་པ་སྔོན་དུ་འགྲོ་བ་ཅན་གྱིས་ལྷའི་རྣལ་འབྱོར་ལ་གནས་པར་ཞུ་ཞེས་བརྗོད་ལ། ཐམས་ཅད་ཀྱིས་སེམས་ཅན་ལ་སྙིང་རྗེ་ཆེན་པོས་དམིགས་ཏེ། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས་ཞེས་པ་ནས། སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། ཞེས་པའི་བར་གྱིས་སྐྱབས་སུ་འགྲོ་བ་སོགས་བྱ། དེ་ནས་ཡི་གེ་བརྒྱ་པའི་བསྒོམ་བཟླས་བྱ་བ་ནི། རང་གི་སྤྱི་བོར་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་དཀར་པོ་དེ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་པ་ལ་མཆོད། ཛཿ ཧཱུཾ་བཾ་ཧོཿ ཞེས་


JLD012_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམས། ཡང་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས་པ་ལ་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་དབང་བསྐུར། ལུས་ཡེ་ཤེས་ཀྱི་བདུད་རྩིས་གང་། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག །སངས་རྒྱས་སྲས་བཅས་ལ་མཆོད་པ་ཕུལ། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམས་པས་གཟི་བརྗིད་དང་མཐུ་སྟོབས་ཕུན་སུམ་ཚོགས་པར་གྱུར།ཧཱུཾ་གི་མཐའ་མར། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྠ་ཌི་ཌྷོ་མེ་བྷཱ་བ། སུ་ཏོ་ཥྱོ་མེ་བྷཱ་བ། སུ་པོ་ཥྱོ་མེ་བྷཱ་བ། ཨ་ནུ་རཀྟོ་མེ་བྷཱ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾ། ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ། བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲི་བྷཱ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་པས་བསྐོར་བ་ལ་དམིགས་ཏེ། བཟླས་པས་ཡིག་འབྲུ་ལས་འོད་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་


JLD012_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་ཡིག་འབྲུ་ལ་ཐིམས་པས་དེ་ལས་བདུད་རྩིའི་རྒྱུན་དཀར་པོ་བབས་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བབས་རང་གི་ཚངས་བུག་ནས་ཞུགས་ཏེ་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་བྱུང་ནག་ཕུང་གིས་འཐོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དཀར་མེར་གྱིས་གང་རྟོགས་པ་དང་ཡོན་ཏན་བདག་གཞན་ཐམས་ཅད་ལ་སྐྱེས་པར་བསམས་ཤིང་བཟླའོ། །མཇུག་ཏུ་མངོན་བརྗོད་བླ་མ་ལས། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་བརྗོད་པས། སྡིག་སྒྲིབ་ཀྱི་འཁོར་གསུམ་མི་དམིགས་པར་བསྒོམས་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་དག་གོ་ཞེས་གསུངས་ནས་རང་ལ་ཐིམ་པས། རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམ་པ་རྣམས་མངོན་རྟོགས་ཀྱི་ཐོག་མར་སྦྱར་རོ། །ཚོགས་ཞིང་གི་སྐབས་སུ། རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་མི་བསྐྱོད་པའི་དཀྱིལ་འཁོར་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ཞེས་དང་། བསྲུང་འཁོར་གྱི་སྐབས་སུ། ༀ་སྭ་བྷཱ་ཝ་ཞེས་པ་ནས། ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་ཞེས་དང་གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་


JLD012_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་བརྒྱད་ཅུས་བརྒྱན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་ཞེས་པ་ནས། རལ་གྲི་འཛིན་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ་གཉིས་ཀའང་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། རང་གི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞེས་པ་ནས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ་དེའི་ཐུགས་ཀར་ཟླ་བའི་གདན་ལ་རྡོ་རྗེ་སྔོན་པོའི་ལྟེ་བའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ། རང་གི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ༀ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ དམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོ། ཡབ་ཡུམ་སྙོམས་པར་ཞུགས། སྙིང་ཁའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་མི་བསྐྱོད་པ་ལ་ཞེས་པ་ནས། ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་ནས་རང་ལ་རྗེས་སུ་ཞུགས་པས་རང་ཉིད་ཞེ་སྡང་རྡོ་རྗེ་ཞེས་དང་། ཕྱག་དྲུག་གི་གཡས་རྡོ་རྗེ་རྩེ་དགུ་པ། འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ།རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རེག་བྱ་རྡོ་རྗེ་མ་སྔོན་མོར་གྱུར་པ་ནི། སྔོ་དཀར་དམར་བའི་ཞལ་གསུམ་ཞེས་པ་ནས་རལ་གྲི་འཛིན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། ཤིན་ཏུ་སྒེག་ཅིང་ཞེས་པ་ནས། འདོད་པའི་ཡོན་ཏན་ལྔའི་དགའ་བས་རོལ་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་དབུ་རྒྱན་


JLD012_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་ཞེས་པ་ནས། ཤམ་ཐབས་འཕྱར་བ་འོད་དམར་པོ་འབར་ཞིང་འཁྲུག་པའི་དབུས་ན་སྙོམས་པར་འཇུག་པའི་ཚུལ་གྱིས་བཞུགས་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་གྱུར། གཤིན་རྗེའི་གཤེད་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན་ཅེས་པ་ནས་དྲིལ་བུ་དགྲ་སྟ་འཛིན་པ་རང་གི་ཐུགས་ཀར་དྲངས། ཡ་མཱནྟ་ཀྲིཏ་ཐུགས་ཀ་ནས་ཕྱིར་ཕྱུང་། ཤར་གྱི་རྩིབས་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། ཅེས་དང་། འཁོར་ལོ་སྒྱུར་རྒྱལ་ལ། སྟེང་གི་རྩིབས་ཀྱི་ནང་གི་གདན་ལ་ཞེས་དང་། གནོད་མཛེས་ལ་འོག་གི་རྩིབས་ཀྱི་ནང་གི་གདན་ལ་ཞེས་དང་། བྱང་གི་ཞེས་པ་ནས་བདུད་རྩི་འཁྱིལ་བ་གཉིས་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ། ཞེས་སོགས་དང་། ཕུར་བུ་མེ་དཔུང་རབ་ཏུ་འབར་བ་བཅུར་གྱུར་ཏེ་ཕྱོགས་སྐྱོང་འཁོར་དང་བཅས་པའི་མགོ་བོར་ཟུག །ༀ་གྷ་ཞེས་དང་། གནོད་མཛེས་ཀྱི་ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་འབར་བར་གྱུར་པས། ཤར་ནས་བརྩམས་ཕྱོགས་བཞི་དང་། མེ་ནས་བརྩམས་ཏེ་མཚམས་བཞི་ལ་སོགས་པའི་ཕུར་བུའི་སྤྱི་བོ་ནས་བརྡུངས་པས་ཞེས་དང་། ཊཱཀྐི་ཧཱུཾ་ཛཿ ཁྲོ་བོ་རྣམས་ཀྱི་ཕྱི་རུ། ལྕགས་ཀྱི་རྡོ་རྗེའི་ར་བ། ཊཱཀྐི་ཧཱུཾ་ཛཿ དེའི་ཕྱི་རུ་ཆུའི་ར་བ་ཞེས་སོགས་དང་། གཞལ་ཡས་ཁང་བསྐྱེད་པའི་སྐབས་སུ། བྷྲཱུཾ་དཀར་པོ་སངས་རྒྱས་ཀྱི་སྤྲིན་གྱི་འོད་ཟེར་འཕྲོ་བ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་པ་ཞེས་པ་དང་། ལྷག་མོས་ཀྱི་ལྷ་བསྐྱེད་པའི་


JLD012_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན། གདན་དེ་རྣམས་ཀྱི་སྟེང་དུ་སྐད་ཅིག་གིས་ལྷག་པར་མོས་པ་ཙམ་གྱིས་ལྷ་སུམ་ཅུ་སོ་གཉིས་རྫོགས་པ་ནི། དབུས་ཀྱི་གདན་ལ་རང་ཉིད་རྡོ་རྗེ་འཆང་སྔོན་པོ་ཞེས་པ་ནས་འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན་ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་དང་། རོ་རྡོ་རྗེ་མའི་ཕྱག་མཚན་རྫོགས་པའི་རྗེས་སུ། ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱང་། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། རིན་པོ་ཆེའི་དབུ་རྒྱན་གསོལ་བ་ཞེས་པ་ནས། སྐུ་སྨད་ལ་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་ཅན། ཤིན་ཏུ་སྒེག་ཅིང་ཞེས་པ་ནས། འདོད་པའི་ཡོན་ཏན་ལྔའི་དགའ་བས་རོལ་པ། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན། རང་རང་གི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་པ་དང་། ཀུན་བཟང་གི་ཕྱག་མཚན་རྫོགས་པའི་འོག་ཏུ་རྣམ་སྣང་ནས་ཀུན་བཟང་གི་བར་ལྷ་ལྷག་མ་རྣམས་ཀྱང་། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཅེས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཞི་བ་འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན། རང་རང་གི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་དང་། ལྷག་མོས་ཀྱི་མཛད་པའི་སྐབས་སུ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་བཀུག་ནས་ཞེས་དང་།ལྷག་མོས་ལུས་ལ་བསྡུ་བའི་སྐབས་སུ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། རྣམ་སྣང་ནས་གནོད་མཛེས་ཀྱི་བར་རྣམས་སྤྱན་དྲངས་ཏེ། སྤྱི་བོ་ལ་སོགས་པའི་གནས་སུ་འཁོད་ནས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང་ངོ་བོ་དབྱེར་མེད་དུ་གྱུར་པ་ནི།


JLD012_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་རྣམ་སྣང་ཞེས་པ་ནས། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ་ཞེས་དང་། དང་པོའི་མགོན་པོ་དང་སྤྲུལ་སྐུ་རྡོར་སེམས་གཉིས་ཀྱི་སྐབས་སུ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་ཅེས་དང་། ལུས་དཀྱིལ་གྱི་སྐབས་སུ་མིག་གཉིས་སུ་མིག་གི་དབང་པོའི་ངོ་བོ་ཐླཱིཾ་ཡོངས་སུ་གྱུར་པ་ལས་ས་སྙིང་དཀར་པོ་ཞེས་པ་ནས། རལ་གྲི་འཛིན་པ་མིག་གི་སྒོར་ལུས་ཀྱི་གཟུགས་ཀྱི་རང་བཞིན་ཛཿ ཡོངས་སུ་གྱུར་པ་ལས་གཟུགས་རྡོ་རྗེ་མ་ཞེས་པ་ནས། རལ་གྲི་འཛིན་པ་ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ་ཞེས་དང་། བྱམས་པའི་ཕྱག་མཚན་རྫོགས་པའི་སྐབས་སུ། རྣམ་སྣང་ནས་བྱམས་པའི་བར་ལྷ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་། དར་སྣ་ཚོགས་ཀྱི་ན་བཟའ་ཅན་ཅེས་དང་། ཁྲོ་བོ་བཅུའི་ཕྱག་མཚན་རྫོགས་པའི་སྐབས་སུ། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སོགས་པ་ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པའོ་ཞེས་དང་། འོག་ཏུ་ཡུམ་གྱི་ལུས་ལ་ལྷ་འགོད་པའི་ཚེ། ལྷ་ཐམས་ཅད་ཀྱི་ཕྱག་མཚན་ངག་ཏུ་རྫོགས་པར་བརྗོད་པ་ཡིན། རྣམ་སྣང་སོགས་ཞི་བ་རྣམས་ཀྱི་ཕྱག་མཚན་རྫོགས་པ་ན། རིན་པོ་ཆེའི་རྒྱན་དང་། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཅེས་དང་། ཁྲོ་མོ་བཅུའི་ཕྱག་མཚན་རྫོགས་པའི་སྐབས་སུ། ཁྲོ་མོ་བཅུ་པོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སོགས་པ་ཁྲོ་མོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པའོ་ཞེས་སྦྱར། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་


JLD012_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ། རྣམ་སྣང་སྤྱན་མ་དང་སྦྱོར་བའི་མདུན་ན་རང་ཉིད་གསལ་ཅེས་དང་། རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཅེས་རྣམ་སྣང་གཙོ་འཁོར་ལ་གསོལ་བ་བཏབ་པས། སྤྲོས་པའི་སྤྱན་མ་དང་ཞེས་པ་ནས། བདག་ཀྱང་དེ་དང་འདྲ་བར་ཤོག །ༀ་སརྦ་ཞེས་སོགས་དང་། རིགས་བདག་གི་སྐབས་སུ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ཞེས་པ་ནས། ལུས་ཐམས་ཅད་ཚིམ་པར་བྱེད་པར་གྱུར་ཅེས་དང་། ཡུམ་གྱི་ལུས་ལ་ལྷ་འགོད་ཚུལ་བསྡུས་པ་ནི། རིགས་ལྔའི་ཕྱག་མཚན་སོགས་རྫོགས་པར་བརྗོད་པའི་འོག་ཏུ་ལྟེ་བར་ལཾ་ལས་སྤྱན་མ་ཞེས་པ་ནས། མིག་གཉིས་སུ་ཛཿ ལས་གཟུགས་རྡོ་རྗེ་མ་ལ་ས་སྙིང་གིས་འཁྱུད་པ་ཞེས་དང་། རྐང་མཐིལ་གཉིས་སུ་ཧཱུཾ་ལས་ས་འཛིན་ལྷ་མོ་ཞེས་སྦྱར། རྗེས་ཆགས་ཀྱི་སྐབས་སུ། པདྨ་དམར་པོ་འདབ་མ་བརྒྱད་པ། བུ་ག་ཡི་གེ་ཕཊ་ཀྱིས་བཀག་པ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་། རང་ཉིད་རིན་འབྱུང་དུ་གྱུར། ༀ་སརྦ་ཞེས་སོགས་དང་། རང་ཉིད་རྡོ་རྗེ་འཆང་དུ་གྱུར། ཧཱུཾ་སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པས་མཆོག་ཏུ་དགའ་བའི་བདེ་བ་ཐོབ་རང་ཉིད་དོན་གྲུབ་ཏུ་གྱུར། ཕཊ། ༀ་སརྦ་ཞེས་སོགས་དང་། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ། ཐིག་ལེ་ཆ་གཅིག་བྷྲཱུཾ་དང་། དེ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གདན་དང་བཅས་པར་གྱུར་ཅེས་དང་། ཐིག་ལེ་ཆ་གཅིག་གདན་རྣམས་ཀྱི་སྟེང་


JLD012_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞེས་པ་ནས། ༀ་ཨཱཿ ཧཱུཾ་ཧཱུཾ། ༀ་ཨཱཿ ཁཾ་ཧཱུཾ་ནས། ༀ་ཨཱཿ སཾ་ཧཱུཾ། ༀ་ཨཱཿ ཧཱུཾ་ཧཱུཾ། བཅུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་གཉིས། འཁོར་ལོ་ཞེས་པ་ནས། རྡོ་རྗེ་དང་རྡོ་རྗེ། དེ་རྣམས་ཡོངས་སུ་གྱུར་པ་ལས། ལྷ་སུམ་ཅུ་སོ་གཉིས་སུ་རིམ་གྱིས་གྱུར་པ་ནི། གདན་དབུས་མའི་སྟེང་དུ་རང་ཉིད་མི་བསྐྱོད་པ་མཐིང་ནག་མི་བསྐྱོད་པའི་དབུ་རྒྱན་ཅན་ཅེས་དང་། ལྷ་གཞན་རྣམས་ཀྱི་མཚན་གྱི་ཐོག་མར་ཡང་རང་ཉིད་ཅེས་སྦྱོར། ཁྱད་པར་དུ་སེམས་དཔའ་བརྒྱད་ལ། རང་ཉིད་ཤར་སྒོའི་གཡས་སུ་བྱམས་པ་དང་གཡོན་དུ་ས་སྙིང་དཀར་པོ་ཞེས་པ་ནས། ཕྱག་དྲུག་གི་གཡས་འཁོར་ལོ་པདྨ་དཀར་པོ་གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། བྱམས་པའི་ཕྱག་གཡས་དང་པོས་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ་འཛིན་པ་ཞེས་དང་། མི་བསྐྱོད་པ་རང་གི་ཐུགས་ཀར་དྲངས། བཛྲ་དྷྲིཀ་ཐུགས་ཀ་ནས་ཕྱིར་ཕྱུང་། ཞེས་པ་ནས། རང་རྡོ་རྗེ་འཆང་ཞི་བ་དེ་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཅེས་སོགས་དང་། ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ། པདྨ་ཞེས་པ་ནས་འོད་དམར་པོ་འབར་ཞིང་འཁྲུག་པའི་དབུས་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་དང་། རྣམ་སྣང་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་སླར་བྱོན་ནས་རིམ་པ་དང་པོའི་ཤར་དུ་འཁོད། ཅེས་སྦྱོར། ཕྱག་མཚན་ནི། དོན་གྲུབ་ལ་སྣ་ཚོགས་རྡོ་རྗེ། འདོད་རྒྱལ་དང་འཁོར་ལོས་


JLD012_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་རྒྱལ་རྡོ་རྗེ། གཞན་རྣམས་ལ་རང་རང་གི་གཡས་དང་པོའི་འོ། །བཟླས་པའི་སྐབས་སུ་བཟླས་བྱའི་སྔགས་ཀྱིས་བསྐོར་བའི་ལྷ་རྣམས་ཀྱི་ཐུགས་ཀའི་རང་རང་གི་ས་བོན་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས་སྔགས་དང་ལྷན་གཅིག་ཏུ་འཇུག་པའི་རླུང་གིས་སྙིང་ཁའི་ས་བོན་ལ་འཇུག་པའི་སྤྲོ་བ་དང་བསྡུ་བ་ཅན་དུ་གྱུར། ༀ་ཨཱཿ ཧཱུཾ་ཞེས་དང་། མཆོད་པའི་སྐབས་སུ་ནང་མཆོད་འབུལ་བ་ནི། གཏོར་མ་ལྟར་བྱིན་གྱིས་བརླབས་ནས་ལག་པ་གཡས་པར་ཐོད་པ། བདག་བསྐྱེད་ལ་མཆོད་པའི་སྐབས་སུ། དཔྲལ་བ་རང་ལ་བསྟན། མདུན་བསྐྱེད་ཀྱི་ཚེ་དཔྲལ་བ་ཕ་རོལ་ལ་བསྟན་ལ། རྡོ་རྗེ་གདན་བཞི་ལས་འབྱུང་བ་ལྟར། ཆང་གི་དབུས་སུ་བདུད་རྩིའི་སྙིང་པོ་སོགས་བསམ། ལག་པ་གཡོན་པའི་མཐེ་བོང་ཀྵུཾ་ལས་ས་གཞི་མིང་མེད་སུཾ་ལས་རི་རབ་ཏུ་བསམ། དེ་གཉིས་རྩེ་སྤྲད་ནས་གཡས་སྐོར་དུ་ལན་གསུམ་དཀྲུགས་ནས། སྔོན་ལྷ་མིན་སྟོབས་ལྡན་གྱིས་རྒྱ་མཚོ་བསྲུབས་པ་ལས་བདུད་རྩི་བྱུང་བ་ལྟར། བདུད་རྩིའི་སྙིང་པོ་བླངས་ཏེ། བླ་མ་རྣམས་རང་གི་སྤྱི་གཙུག་ན་ཡར། ཁྲོམ་ཚོགས་སམ་མཐོ་རྩེགས་སུ་བསམས་ལ། མངོན་རྟོགས་ལྟར་དབུལ། དེ་ནས་ས་ལ་གཡོན་པའི་སྲིན་ལག་གིས་ཆང་གི་ཆོས་འབྱུང་གྲུ་གསུམ། རྩེ་མོ་རང་ལ་བསྟན་པ་དེའི་དབུས་སུ་ཟླུམ་པོར་བསྐོར་བ་བྲིས་ལ། སྙིང་ཁའི་འོད་ཀྱིས་དཀྱིལ་འཁོར་ཀྱི་འཁོར་ལོ་དེར་སྤྱན་དྲངས་ཏེ། མེ་ལོང་གི་གཟུགས་བརྙན་བཞིན་དུ་གསལ་བར་བལྟས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མངོན་རྟོགས་ལྟར་


JLD012_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ། དེ་ནས་མགྲིན་པར་ལྷ་ཐམས་ཅད་འདུས་པའི་བདག་ཉིད་ཀྱི་མཆོད་རྟེན་བཤམས་ལ་དེ་ལ་དབུལ། དེ་ནས་ལྕེ་རྩེ་སྨིན་མཚམས་སྤྱི་གཙུག་གསུམ་དུ་ཆང་གི་ཐིག་ལེ་བྱས་ལ། སྲིད་པ་གསུམ་ན་གནས་པའི་སྔོན་གྲུབ་པ་རྣམས་དང་། དེ་ནས་རང་གི་སྒོས་ཀྱི་ཆོས་སྐྱོང་ལ་སོགས་པ་རྣམས་དང་། གཞན་ཡང་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་དང་བཅས་པ། རྒྱ་གར་དང་། བོད་ཀྱི་གཙུག་ལག་ཁང་གི་བསྲུང་མ་ལ་སོགས་པ་བསྟན་པ་དང་བསྟན་པ་འཛིན་པ་སྲུང་ཞིང་སྐྱོང་བར་བྱེད་པ་ཐམས་ཅད་དང་། གཞི་བདག་གཉུག་མར་གནས་པ་ཐམས་ཅད་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་ལྷར་བསྐྱེད་པ་ལ་དབུལ། དེ་ཡང་ལག་པ་མཐེབ་སྲིན་སྦྱར་བ་ཁ་གྱེན་དུ་བསྟན་ནས་བླ་མ་ལ་དབུལ་བའི་ཚེ་སྤྱི་བོའི་སྟེང་ཡན་ཆད་དང་། དཀྱིལ་འཁོར་ལ་དབུལ་བའི་ཚེ། རང་གི་ཁའི་ཐད་ཙམ་དང་། ཕྱོགས་སྐྱོང་སོགས་ལ་དབུལ་བའི་ཚེ། མཆོད་སྦྱིན་གྱི་ལག་པའི་ཚུལ་གྱིས་ལྟེ་བའི་ཐད་དུ་དབུལ་ལོ། །དེ་ནས་སངས་རྒྱས་དང་བྱང་སེམས་དཔའ་ཐམས་ཅད་རང་གི་ལུས་ལ་བཅུག་སྟེ་བདུད་རྩི་མྱངས་པས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་བདུད་རྩིས་གང་། ལུས་དཀྱིལ་གྱི་ལྷ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདུད་རྩིས་མཉེས་ཤིང་ཚིམས་ནས་བདེ་བ་ཆེན་པོ་སྐུ་ཉམས་སུ་བརྟས་པར་བསྒོམས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་སྭ་བྷྭ་ཝ་ཨཱདྨ་ཀོ྅ཧཾ་ཞེས་བརྗོད་དེ། ཉེར་བསྡུའི་སྐབས་སུ། ཐུགས་ཀའི་ཧཱུཾ་གི་འོད་ཟེར་


JLD012_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ཏེ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཁོད་པ་ནི། སྤྱི་བོར་རྣམ་སྣང་ཞེས་པ་ནས་རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། གཞལ་ཡས་ཁང་གི་ཆ་རྣམས་ཀྱང་རང་གི་ལུས་ཀྱི་ཆ་རྣམས་ལ་ཐིམས། ཡབ་ཡུམ་གཉིས་སྙིམ་པར་ཞུགས་པའི་སྦྱོར་མཚམས་ནས་ཞེས་པ་ནས། རྡོ་རྗེ་འཆང་དུ་གྱུར་པ་རྣམས་རང་གི་འོད་ཟེར་གྱིས་དྲངས་ནས་རང་ལ་ཐིམས་པར་གྱུར། ཅེས་དང་།གཏོར་མའི་སྐབས་སུ། ཧཱུཾ་ཡཾ་ཧཱུཾ་གི་ཡཾ་སྔོ་སྐྱ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལྗང་སྔོན་ཟླ་གམ། ངོས་གཉིས་སུ་ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་བརྒྱན་པ་ཞེས་དང་། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས། ཁྲོ་བོ་བཅུ་དང་བཅས་པའི་བསྲུང་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་ནང་དུ་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་ཤིང་། བསྲུང་འཁོར་གྱི་ཕྱི་རོལ་ཏུ་ཞེས་པ་ནས་སེམས་ཅན་ཐམས་ཅད་བཀུག་པའི་གཞལ་ཡས་ཁང་གི་དབུས་སུ། མི་བསྐྱོད་པ་ཡབ་ཡུམ། ཤར་དུ་རྣམ་སྣང་། ཞེས་པ་ནས་འོག་ཏུ་གནོད་མཛེས་རྒྱལ་པོ། ཕྱིའི་ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ་ཞེས་དང་། འདུས་པའི་ལྷ་ཤེས་རབ་མ་དང་། བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་རྣམས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར། ༀ་ཨཱཿ ཧཱུཾ་ཞེས་དང་། སོ་རྩི་ཕུལ་བའི་རྗེས་སུ། ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པཱུ་ཛ་མེ་གྷ་ཞེས་དང་། ཉེར་སྤྱོད་ཀྱི་རྗེས་སུ། བཛྲ་དྷྲིཀ་ༀ་ཨཱཿ ཧཱུཾ། ཞེས་པ་ནས། སུཾ་བྷ་རཱ་ཛ་ༀ་ཨཱཿ ཧཱུཾ། ༀ་ད་ཤ་དི་ཀ་ལོ་ཀ་པ་ལ་ས་པ་ཡི་ཝཱ་ར་ༀ་ཨཱཿ ཧཱུཾ། ཞེས་


JLD012_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རོ། །ངག་ཏུ་མཛད་ཚུལ་གཅིག་ལ་སྨོན་པ་རྣམས་གཞན་རྣམས་ལའང་ཇི་ལྟར་རིགས་པར་སྦྱར་རོ། །བསམ་གཏན་གྱི་མདུན་བསྐྱེད་སྒྲུབ་ཚུལ་ནི། བདག་བསྐྱེད་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་རྫོགས་པར་བསྒོམས་པའི་རྗེས་སུ་མཆོད་བསྟོད་བྱས་ཏེ། རྟེན་བརྟེན་པའི་དཀྱིལ་འཁོར་ལུས་ལ་བསྡུས་ལ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་ལས་འབྱུང་བ་ལྟར། རྡོ་རྗེ་ནི་ཐབས་དང་། དྲིལ་བུ་ནི་ཤེས་རབ་སྟེ། ཞེས་པ་ནས། ༀ་བཛྲ་དྷརྨ་ར་ཎི་ཏ་ཞེས་སོགས་ཀྱིས་རྡོར་དྲིལ་བཟུང་། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བསྲུང་བའི་འཁོར་ལོ་འམ་ཡང་ན་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་མེ་རི་དང་བཅས་པ་རྫོགས་པའི་དབུས་སུ་ཞེས་པ་ནས། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན་ཞེས་པའི་བར་གྱིས་གཞལ་ཡས་ཁང་སྐྱེད་ལ་གདན་དེ་རྣམས་ཀྱི་སྟེང་དུ། ༀ་ཨཱཿ ཧཱུཾ་ཧཱུཾ། ༀ་ཨཱཿ ༀ་ཧཱུཾ། ཞེས་པ་ནས། ༀ་ཨཱཿ ཧཱུཾ་ཧཱུཾ་བཅུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། སྣ་ཚོགས་རྡོ་རྗེ། འཁོར་ལོ། རྡོ་རྗེ། ཨུཏྤལ། སྣ་ཚོགས་རྡོ་རྗེ། མེ་ལོང་དམར་པོ། པི་ཝང་སྔོན་པོ། དྲིའི་དུང་ཆོས། རོའི་སྣོད། ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ། འཁོར་ལོ། རིན་པོ་ཆེ་གཉིས། པདྨ་གཉིས། རལ་གྲི་གཉིས། དབྱུག་པ། རྡོ་རྗེ། པདྨ། སྣ་ཚོགས་རྡོ་རྗེ། རལ་གྲི། རྡོ་རྗེ། རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ། རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ། རྡོ་རྗེ་དང་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། རིམ་གྱིས་ལྷ་སུམ་ཅུ་


JLD012_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སོ་གཉིས་སུ་གྱུར་པ་ནི། གདན་དབུས་མའི་སྟེང་དུ་རང་མི་བསྐྱོད་པ་ཞི་བ་མཐིང་ནག །མི་བསྐྱོད་པའི་དབུ་རྒྱན་ཅན་ཅེས་པ་ནས། རལ་གྲི་འཛིན་པ། དབུ་སྐྲ་རིང་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རང་གི་ཐུགས་ཀ་ནས་རང་རིགས་ཀྱི་རིག་མ་ཕྱུང་། སྟོང་པར་གྱུར། སྟོང་པའི་ངང་ལས་ༀ་ཨཱཿ ཁཾ་ཧཱུཾ་ལས་རྡོ་རྗེ། དེ་རྣམས་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན་ཞེས་དང་། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་ཡབ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་པ་ནས། གནོད་མཛེས་ཀྱི་བར་རྣམས་སྒྲུབ་ཐབས་བཞིན་བསྐྱེད་པའི་རྗེས་སུ། ཡུམ་གྱི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་ༀ་དཀར་པོ་ལས་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཅེས་པ་ནས། ལྟེ་བ་ནས། བརླའི་རྩ་བའི་བར་དུ། ཧ་ལྗང་ཁུ་ལས་དོན་གྲུབ་ལྗང་ཁུ་ཞེས་པའི་བར་གྱིས་རིགས་ལྔ་བསྐྱེད་ནས། རང་གི་གསང་གནས་མི་དམིགས་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ཞེས་པ་ནས། ཨཱཿ ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་བུ་ག་ཡི་གེ་ཕཊ྄་ཀྱིས་བཀག་པ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་། ཧཱུཾ་སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པས། བྱང་ཆུབ་ཀྱི་སེམས་ཞུ་བ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་ཆ་སུམ་ཅུ་སོ་གཉིས་སུ་གྱུར།དེ་རྣམས་ཡོངས་སུ་གྱུར་པ་ལས། ༀ་ཨཱཿ ཧཱུཾ་ཧཱུཾ་ནས། ༀ་ཨཱཿ ཧཱུཾ་ཧཱུཾ་བཅུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་གཉིས་ཞེས་པ་ནས། རྡོ་རྗེ་དང་། རྡོ་རྗེ་དེ་རྣམས་ཡོངས་སུ་


JLD012_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས་རིམ་གྱིས་ལྷ་སུམ་ཅུ་སོ་གཉིས་སུ་གྱུར་པ་ནི། དབུས་སུ་མི་བསྐྱོད་པ་མཐིང་ནག་ཅེས་པ་ནས། གནོད་མཛེས་ཀྱི་བར་སྒྲུབ་ཐབས་བཞིན་བསྐྱེད་ལ། མི་བསྐྱོད་པ་རང་གི་ཐུགས་ཀར་དྲངས། བཛྲ་དྷྲིཀ་ཐུགས་ཀ་ནས་ཕྱིར་ཕྱུང་ཕྱོགས་བཅུར་འཕྲོས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད། ཁྱད་པར་དུ་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་སྦྱངས་ནས་མི་བསྐྱོད་པའི་གོ་འཕང་ལ་བཀོད་སྤྲུལ་པ་རྣམས་གཅིག་ཏུ་འདུས་ཞེས་པ་ནས། གནོད་མཛེས་རྒྱལ་པོ། རང་གི་ཐུགས་ཀར་དྲངས། སུཾ་བྷ་རཱ་ཛ། ཐུགས་ཀ་ནས་ཕྱིར་ཕྱུང་ཕྱོགས་བཅུར་འཕྲོས། བརྟན་པ་དང་། གཡོ་བའི་དུག་དང་། ཀླུ་དང་ས་བདག་གི་གདོན་བཅོམ་སྤྲུལ་པ་རྣམས་གཅིག་ཏུ་འདུས། དེ་རྣམས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་ཏེ། རང་རང་གི་ཡེ་ཤེས་པ་དང་གཅིག་ཏུ་གྱུར་ནས། མཆོག་ཏུ་དགའ་བའི་སྐུ་དང་ལྡན་པས། སླར་འབྱོན་པར་བཞེད་པའི་སྒོ་ནས་བཞུགས་པར་གྱུར།རང་དང་། རང་འདྲ་བའི་ཡེ་ཤེས་པའི་ཐུགས་ཀར། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞེས་པ་ནས་རང་སྣང་གི་ཤེས་རབ་མས་འཁྱུད་པ་དེའི་ཐུགས་ཀར་ཟླ་བའི་གདན། རྡོ་རྗེ་སྔོན་པོའི་ལྟེ་བའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ། དམ་ཚིག་པ་དང་ཡེ་ཤེས་པའི་ལྷ་གཞན་རྣམས་ཀྱི་ཐུགས་ཀར་ཟླ་བའི་གདན་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་རེ་རེ། ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཐུགས་ཀར་ཟླ་


JLD012_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གདན་ལ། རྡོ་རྗེ་འཁོར་ལོ་ཞེས་པ་ནས། རྡོ་རྗེ་དང་། རྡོ་རྗེ། དེ་རྣམས་ཀྱི་དབུས་སུ། ཏིང་ངེ་འཛིན་སེམས་དཔའ་ཁཾ་ༀ་ནས་ཧཱུཾ་བཅུ་རྣམས་འོད་ཟེར་གྱི་ཕུང་པོ་དང་བཅས་པར་གྱུར། རང་དང་དམ་ཚིག་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་རྣམས་གཅིག་ཏུ་གྱུར་པས། ཡེ་ཤེས་པ་སེམས་དཔའ་སུམ་རྩེགས་ཅན་རྣམས་ཀྱི་ཐུགས་ཀར་བབས་པས་བསྐུལ་བའི་འོག་ཏུ་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་གནོད་མཛེས་བཀུག་ནས་མདུན་དུ་བཀའ་ནོད་པ་ལ། རྒྱལ་བ་རྣམས་འབྱོན་པར་བསྐུལ་ཅིག་ཅེས་བསྒོས་པས། དེས་རང་རང་དང་འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲངས་ཤིང་། དེ་རྣམས་ཀྱང་རང་རང་དང་འདྲ་བའི་དམ་ཚིག་པ་སོ་སོ་ལ་ཐིམས། རང་མི་བསྐྱོད་པ་ཞི་བ་དེ་ཡོངས་སུ་གྱུར་ནས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཅེས་སོགས་དང་། ཨེ་ཧྱ་ཧི་བྷ་ག་ཝན་ས་མ་ཡ་མ་ནུ་སྨ་ར་ཏིཥྠ་ཏིཥྠ་མནུ་སྨ་ར་སྨ་ར། ༀ་ཨཱཿ ཧཱུཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང་། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོ་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་འོག་མིན་ནས་རྒྱལ་བ་ཐམས་ཅད་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁའ་ལ་བཞུགས། ༀ་སརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཛ་མེ་གྷ་ཞེས་སོགས་དང་། འདོད་ཡོན་ལྔས་མཆོད།མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ལག་པ་གཡས་གོང་དུ་བྱས་ཏེ་ལག་ངར་གཉིས་བསྣོལ།


JLD012_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་མོ་གཉིས་དཔུང་མགོའི་ཐད་དུ་ལྕགས་ཀྱུ་ལྟར་བྱས། མཐེ་བོ་དང་གུང་མོ་གཉིས་ཀྱིས་སེ་གོལ་བརྡབ་སླར་ཡང་གཡས་པ་འོག་ཏུ་བྱས་ནས་སེ་གོལ་དེ་ལྟར་གཏོག་ཅིང་། ༀ་བཛྲ་ས་མཱ་ཡ་ཛཿ ཛཿ ཛཿ ཛཿ ཛཿ ཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་ཀྱང་རང་རང་སོ་སོའི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ལྷ་སོ་སོའི་རིགས་བདག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ལྷ་སོ་སོ་ལ་དབང་བསྐུར་བར་གྱུར། དེ་ནས་མཆོད་པ་རྣམས་བསང་སྦྱང་སོགས་སྔར་ལྟར་བྱས་ལ། ཆུ་བཞི་སྒྲུབ་ཐབས་བཞིན་དབུལ། ལྷ་ཡི་མེ་ཏོག་དམ་པ་འདིས། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ཏེ། །མགོན་པོ་མཆོད་པ་འདི་བཞེས་ཤིག །ༀ་ཨཱཿ བཛྲ་དྷྲིཀ །སྤརྴ་བཛྲ། པུཥྤེ་པྲ་ཏཱིཙྪ་ཧཱུཾ། ཞེས་མེ་ཏོག་དབུལ། དེ་བཞིན་དུ་མེ་ཏོག་གི་གནས་སུ་བདུག་སྤོས་ནས་རོལ་མོའི་བར་དང་། པུཥྤེའི་གནས་སུ་དྷཱུ་པེ་ནས་ཤཔྟའི་བར་བཅུག་ལ་ཉེར་སྤྱོད་གཞན་རྣམས་དབུལ་ལོ། །གོང་གི་ཆུ་བཞི་ཚིགས་བཅད་ཀྱིས་དབུལ་ན་ཡང་། ལྷ་ཡི་མེ་ཏོག་ཅེས་པའི་མེ་ཏོག་གི་གནས་སུ་མཆོད་ཡོན་ཞབས་བསིལ། བསང་གཏོར་ཞེས་པ་རང་རང་གི་སྔགས་ཀྱི་གོང་དུ་བཅུག་ལ་དབུལ་ལོ། །ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས། །ཞེས་པ་ནས། ལྷ་རྣམས་ལུས་ལ་དབུལ་བར་བྱ། །ཞེས་པའི་བར་དང་། ༀ་ཨཱཿ བཛྲ་དྷྲིཀ །སྤརྴ་བཛྲ་རུ་པ་པྲ་ཏཱིཙྪ་ཧཱུཾ། ཞེས། འདོད་ཡོན་ལྔ་མཆོད། དེ་ནས་ནང་མཆོད་སྒྲུབ་ཐབས་ལྟར་དབུལ། བདུད་རྩི་ལྔ་ཡི་བཟའ་བ་ནི། །


JLD012_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀུན་བྱེད་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་ཞེས་སོགས་དང་། ༀ་ཨཱཿ བཛྲ་དྷྲིཀ་སྤརྴ་བཛྲ་པཉྩ་ཨ་མྲྀ་ཏ་པྲ་ཏཱིཙྪ་ཧཱུྃ། ཞེས་བདུད་རྩི་ལྔ་ཐོད་པར་བླུག་པ་ལག་པ་གཡས་པར་ཐོགས། གཡོན་པའི་མཐེབ་སྲིན་ཀྱིས་དབུལ། གསང་བའི་འཁོར་ལོ་ཨིནྡྲ་ནཱི་ལ་ལྟར། །ཞེས་པ་ནས། ཨཱ་ལི་ཀཱ་ལིའི་གདངས་སུ་ཤར་བ་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་དབུལ། །ཞེས་པའི་བར་དང་། ༀ་ཨཱཿ བཛྲ་དྷྲིཀ་སྤརྴ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧཱུཾ། ཞེས་སོགས་ཀྱིས་གསང་བའི་ཉེར་སྤྱོད་ལྔ་དབུལ་ཞིང་། གསང་བ་སྙོམས་འཇུག་གི་མཆོད་པ་སྒྲུབ་ཐབས་བཞིན་བྱའོ། །དེ་ནས། བདག་མིང་འདི་ཞེས་བགྱི་བས་འདིར། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྲོང་། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །དཀྱིལ་འཁོར་མཆོད་པ་ཞེས་སོགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠཱ་ནཱ་ཡ་ཨཱདྨ་ནཾ་ནི་རྱཱ་ཏ་ཡཱ་མི། ༀ་ཨཱཿ ཧཱུཾ་ཞེས་པ་ནས་འདི་དབུལ། དེ་ནས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་མཆོད་པའི་ང་རྒྱལ་བཟུངས། དེ་ནས་དད་པ་ཆེན་པོ་སྔོན་འགྲོ་བས། ན་བཟའ་དང་། རིན་པོ་ཆེའི་རྒྱན་ཅི་འབྱོར་དང་ཡིད་ཀྱིས་ཀྱང་རྒྱ་ཆེར་སྤྲུལ་ཏེ།སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་དབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ༀ་ཨ་ནཏྟ་ར་སརྦ་པཱུ་ཛ་མེ་གྷ་ས་མུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་གླུ་གར་རོལ་མོ་དང་བཅས་པ་དབུལ་ལོ། །རྒྱལ་བ་མཚན་དཔེའི་རང་བཞིན་


JLD012_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ༀ་བཛྲ་ཨ་ལཾ་ཀ་ར་ཝ་པུ་ཥ་ནི་ཨཱཿ ཧཱུཾ་སྭཱ་ཧཱ། ཞེས་རྒྱན་དབུལ། བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་དང་། །ཏིང་འཛིན་བླ་བྲེ་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ༀ་བཛྲ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿ ཧཱུཾ་སྭཱ་ཧཱ། ཞེས་གདུགས། བ་དན། བླ་བྲེ། རོལ་མོ་ལ་སོགས་པ་དབུལ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །སྣ་ཚོགས་བཅུད་ཀྱིས་བཀང་སྟེ་ཕུལ་བ་ཡིས། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་དག་སྟེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ༀ་བཛྲ་ཀ་ལ་ཤ་ཨཱཿ ཧཱུཾ་སྭཱ་ཧཱ། ཞེས་གང་བུམ་དབུལ། དེ་ནས་དྲིལ་བུ་དཀྲོལ་ཞིང་། མི་བསྐྱོད་རྡོ་རྗེ་ཞེས་སོགས་སམ། གང་ཞིག་གཟུགས་དང་ཚོར་བ་ཞེས་སོགས་ཀྱིས་བསྟོད། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ་ཞེས་པ་ནས། སེམས་ཅན་མྱང་ངན་འདས་ལ་འགོད། །ཅེས་པའི་བར་གྱིས་སྡོམ་པ་བཟུངས། དེ་ནས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད། འཁོར་རྣམས་ཀྱི་ཉེར་གཅིག་རེ། བརྟན་བྱེད་དུ་ཡི་གེ་བརྒྱ་པ་བཟླས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་བཏང་། ནང་གི་སྦྱིན་སྲེག་ཚོགས་ཀྱི་མཆོད་པ་བྱ། སླར་ཡང་མཆོད་བསྟོད་རྒྱས་བསྡུས་གང་རུང་བྱ། དེའི་རྗེས་སུ། དེ་ལྟར་སྒྱུ་མ་


JLD012_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་རྨི་ལམ་བཞིན། ཅེས་སོགས། བསྔོ་བ་སྨོན་ལམ་བྱ། དེ་ནས་ལྷག་ཆད་ཀྱི་ཉེས་པ་ཞི་བའི་ཕྱིར། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་ཁར་སྦྱར་ལ། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་ཀྱིས་བཟོད་པར་གསོལ་ནས། བསྟན་པ་རྒྱས་པ་ལ་སོགས་པའི་དོན་དུ་གསོལ་བ་གདབ་བོ། །དེ་ནས་བདག་ལ་དངོས་གྲུབ་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་སྩོལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ལྷ་རྣམས་སྤྱན་དྲངས་ཏེ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཁོད་པ་ནི། སྤྱི་བོར་རྣམ་སྣང་ཞེས་པ་ནས། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ་ཞེས་པ་ནས་དམ་ཚིག་པ་རྣམས་རང་གི་ལུས་ལ་གཞུག་ཅིང་། སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་རྡོ་རྗེ་འཆང་དུ་གྱུར། ཅེས་བརྗོད་ཅིང་དེ་ལྟར་བསམ་མོ། །དེ་ནས་རབ་ཡངས་ནམ་མཁའ་ཏིལ་གྱི་གང་བུ་བཞིན། །ཞེས་པ་ནས། ཕྱོགས་བཅུའི་རབ་འབྱམས་ཞིང་ན་བཞུགས་པ་ཡི། །དཔལ་ལྡན་འདུས་པའི་དགེ་འདུན་དཀོན་མཆོག་ནི། །རྒྱུད་ཀྱི་རྒྱལ་པོའི་ལུང་རྟོགས་དམ་ཆོས་ཀྱི། །ཕྱོགས་གཅིག་འཛིན་པ་ཡན་ཆད་ཐམས་ཅད་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཞེས་སོགས་ནས། ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཅེས་པའི་བར་ལ་སོགས་པ་རྣམས་ཀྱིས་


JLD012_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་བརྗོད་པར་བྱའོ། །བདག་བསྐྱེད་རྡོ་རྗེ་སྔགས་ཀྱིས་སྦྱངས། །གཉིས་བསྐྱེད་སུམ་རྩེགས་བསྐུལ་བསྒོ་བསྟིམ། །སྤྱན་དྲངས་མཆོད་གསོལ་བསྐུལ་བསྟིམ་དབང་། །མཆོད་བསྐྱེད་ཆུ་བཞི་ཉེར་སྤྱོད་དང་། །འདོད་ཡོན་ནང་མཆོད་བདུད་རྩི་སྟོབ། །གསང་མཆོད་བདག་དབུལ་ང་རྒྱལ་བཟུངས། །ན་བཟའ་རྒྱན་གདུགས་བུམ་པ་དབུལ། །བསྟོད་དང་སྡོམ་བཟུང་བཟླས་གཏོར་ཚོགས། །མཆོད་དང་བསྟོད་པ་བསྔོ་ཡིག་བརྒྱ། །བཟོད་གསོལ་གསོལ་བཏབ་གཤེགས་སུ་གསོལ། །ལུས་ལ་བསྡུ་དང་སྣོད་བཅུད་བསྐྱེད། །མཐར་ནི་ཤིས་པ་བརྗོད་པ་སྟེ། །བསམ་གཏན་སྒྲུབ་མཆོད་སྡོམ་བསྡུས་པའོ། །བཀྲ་ཤིས་པར་གྱུར་ཅིག །ཆོས་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱིས། ཇི་ལྟར་གསུངས་པ་ལྟར། ཚིག་ཕྱེད་ཀྱང་མ་འཁྲུལ་བར་འབྲི་ཁུང་འདུལ་འཛིན་པས་ཟིན་བྲིས་སུ་བཏབ་པའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །


previousདཔལ་གསང་བ་འདུས་པའི་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ངག་ཏུ་འདོན་པའི་ལྷན་ཐབ། next