Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
དཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ཀྱི་གར་ཕྲེང་བའི་དགོངས་པ་བཞིན་རྗེའི་ཞལ་སྔ་ནས་གསུངས་པ་དཀའ་བཞི་པ་གྲགས་པ་རྒྱལ་མཚན་གྱིས་བཀོད་པ།
   
   
   
   
   
   
   


 
previousདཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ཀྱི་གར་ཕྲེང་བའི་དགོངས་པ་བཞིན་རྗེའི་ཞལ་སྔ་ནས་གསུངས་པ་དཀའ་བཞི་པ་གྲགས་པ་རྒྱལ་མཚན་གྱིས་བཀོད་པ། next

དཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ཀྱི་གར་ཕྲེང་བའི་དགོངས་པ་བཞིན་རྗེའི་ཞལ་སྔ་ནས་གསུངས་པ་དཀའ་བཞི་པ་གྲགས་པ་རྒྱལ་མཚན་གྱིས་བཀོད་པ།


JLD012_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ཀྱི་གར་ཕྲེང་བའི་དགོངས་པ་བཞིན་རྗེའི་ཞལ་སྔ་ནས་གསུངས་པ་དཀའ་བཞི་པ་གྲགས་པ་རྒྱལ་མཚན་གྱིས་བཀོད་པ་བཞུགས། །


JLD012_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱགས་འཚལ་ལོ། །དཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ང་རྒྱལ་བཟུང་བའི་རྗེས་སུ། རྐང་པ་གཉིས་མཉམ་པར་བྱས་ལ། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་རེ་རེ། ཞེས་ངག་ཏུ་བརྗོད་ཅིང་དེ་ལྟར་བསམས་ལ། རྡོར་དྲིལ་ཕྲག་པའི་ཕྱོགས་སུ་ཅུང་ཟད་སྟོད་དོ། །རྡོ་རྗེ་གསོར་དྲིལ་བུ་གསིལ། དེ་ནས་ངག་ཏུ་ཧཱུཾ་རིང་པོ་དབྱངས་དང་བཅས་པ་བརྗོད། ལུས་འགྱིང་བ་དང་བཅས་པས་གར་བསྐོར་བ་སྟེ། པད་ཀོར་ཆེན་པོར་བྱེད་ཅིང་། རྐང་པ་གཡས་མདུན་དུ་གཡོན་ཕྱོགས་སུ་བཞག་དེ་ནས་གཡོན་ཕྱིར་སྤོས་ཏེ་གཡས་བརྐྱང་བྱ། དེ་ནས་གཡས་གཡོན་པའི་རྒྱབ་ཏུ་སྤོས་ཏེ། རྐང་པ་གཉིས་བསྣོལ། དེ་ནས་


JLD012_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཕྱིར་སྤོས་ཏེ་མདུན་དུ་ལག་པ་ཅུང་ཟད་སྨད། རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་། དབང་ལྡན་དུ་ཕྱིན་ལ། སློབ་མ་དང་ལྷན་ཅིག་འགྲོས་དེ་ལྟ་བུས། དཀྱིལ་འཁོར་གྱི་ས་གཞི་གཡས་སྐོར་དུ་ལན་ཅིག་བསྐོར་ལ། དབང་ལྡན་དུ་ཕྱིན་ཏེ་ཁ་ནང་དུ་བལྟས་ལ་བཀའ་བསྒོ་བྱ། ཡང་ན་རྡོ་རྗེ་རྩེ་གཅིག་པ་ལྟ་བུའི་འགྲོས་ཀྱིས་དབུས་ནས་དབང་ལྡན་དུ་འགྲོ་བ་དང་། དཀྱིལ་འཁོར་ལ་གཡས་སྐོར་ལན་གཅིག་བྱས་ལ། བཀའ་བསྒོ་བྱ། དེ་ནས་རྡོ་རྗེའི་འགྲོས་བྱ་བ་ནི། དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས། མིག་གཉིས་ལག་གཉིས་དེ་བཞིན་དཀུར། །རྐང་པ་གཞོགས་སུ་གཡས་སྐོར་དུ། །ཕེག་རྡོབ་སྦྱོར་བས་བསྐོར་བར་བྱ། །སླར་ཡང་གཡོན་དུ་དེ་བཞིན་ནོ། །དེ་ནས་རྒྱུག་པའི་གར་


JLD012_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། དེ་ནས་གཡོ་ཞིང་གར་བྱའོ། །མྱུར་དུ་ཕེག་རྡོབ་དེ་བཞིན་དུ། །གར་བྱས་འཁོར་ལོ་རབ་བསྐོར་ཅིང་། །ཞེས་དང་། དཔང་ལོའི་འགྱུར་ལས། གར་བྱས་འཁོར་ལོ་འདྲར་བསྐོར་ཅིང་། །ཞེས་དང་། བཟང་པོ་ཡོངས་གཟུང་ལས། འཁོར་ལོ་ལྟ་བུར་འཁོར་བས་བྱ། །ཞེས་གསུངས་པའི་རྡོ་རྗེ་རྩེ་གཅིག་པའི་འགྲོས་ཀྱི་ཚུལ་ནི། རྐང་པ་གཉིས་མཉམ་དུ་གཤིབས་ལ། རྐང་མཐིལ་གཉིས་སུ། ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་འབར་བ་རེ་རེ། ཞེས་བརྗོད་ཅིང་། དེ་ལྟར་བསམས་ལ། ངག་ཏུ་ཧཱུཾ་རིང་པོ་དབྱངས་དང་བཅས་པ་བརྗོད་ཅིང་ལུས་འགྱིང་བ་དང་བཅས་པས་པད་ཀོར་བྱས་ལ། རྐང་པ་གཡས་ཅུང་ཟད་བཏེག་ལ། འགྱིང་བ་དང་བཅས་པས་གཞག །དེ་བཞིན་དུ། གཡོན་དུ་ཅུང་ཟད་བཏེག་ལ་རྐང་པ་གཉིས་མཉམ་པོར་གཤིབས། དེ་ནས་རྐང་པ་གཡས་གཡོན་ཕྱོགས་ནས་གཡས་སུ་མདུན་དུ་བསྐོར་ལ་གཤིབས་ཏེ། རྡོ་རྗེའི་ལྟེ་བ་བྲི། དེ་ནས་མིག་རྒྱབ་ཏུ་བལྟ་ཞིང་རྐང་པ་གཡས་རྒྱབ་ཕྱོགས་སུ་བཞག་སྟེ། རྒྱབ་ཀྱི་རྭ་བྲི་། དེ་ནས་མིག་མདུན་དུ་བལྟ་ཞིང་། རྐང་པ་གཡས་མདུན་དུ་བཞག་སྟེ། མདུན་གྱི་རྭ་བྲི། དེ་ནས་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་རྐང་པ་གཉིས་མཉམ་པོར་བྱ། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་དཀུ་སྟེ་སྟ་ཟུར་གྱི་ཕྱོགས་སུ་ཁ་ནང་དུ་བསྟན་ཏེ་བཞག་ལ། ངག་ཏུ་དབྱངས་མེད་པའི་ཧཱུཾ་བརྗོད་ཅིང་། རྐང་པ་གཡས་བཏེག་སྟེ་རྒྱབ་ཏུ་གཡས་སྐོར་དུ་བསྐོར་ལ། དྲིལ་བུ་གཡས་ཕྱོགས་སུ་ལག་པ་གཡས་པའི་སྟེང་དུ་གསིལ་ནས། ལག་པ་གཡས་སྟེང་


JLD012_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ནས་ཐལ་མོའི་སྒྲ་བྱ། སླར་ཡང་གཡོན་སྟེང་དུ་བྱས་ནས་ཐལ་མོའི་སྒྲ་བྱའོ། །དེ་བཞིན་དུ་རྐང་པ་གཡོན་ཅུང་ཟད་བཏེག་སྟེ་ཧཱུཾ་ཞེས་བརྗོད་ཅིང་། རྒྱབ་ཏུ་གཡོན་ཕྱོགས་སུ་བསྐོར་ལ། སྔར་བཞིན་དྲིལ་བུ་གཡོན་ཕྱོགས་སུ་གསིལ་ནས་སྔར་བཞིན་ཕེག་རྡོབ་བོ། །དེ་དག་ནི། མིག་གཉིས་ལག་གཉིས་དེ་བཞིན་དཀུར། །ཞེས་པ་ནས། སླར་ཡང་གཡོན་དུ་དེ་བཞིན་ནོ། །ཞེས་པའི་བར་གྱི་དོན་ཏོ། །དེ་ནས་སྔར་ལྟར་ངག་གིས་ཧཱུཾ་རིང་པོ་དབྱངས་དང་བཅས་པ་དང་། ལུས་འགྱིང་བ་དང་བཅས་པས་པད་ཀོར་ཆེན་པོ་བྱས་ལ། རྐང་པ་གཡོན་ཅུང་ཟད་འདེགས་པ་དང་། དེ་ནས་གཡས་ཅུང་ཟད་བཏེག་ལ་མདུན་དུ་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་མཉམ་པོར་བྱ། དེ་ནས་སྔར་བཞིན་ལག་པ་གཉིས་རྡོ་རྗེ་ཁུ་ཚུ་སྟ་ཟུར་དུ་བཞག་ལ། རྐང་པ་གཡས་མདུན་དུ་བཏེག་སྟེ། ངག་ཏུ་དབྱངས་མེད་པའི་ཧཱུཾ་ཞེས་བརྗོད་ཅིང་། རྐང་པ་གཉིས་མཉམ་དུ་མདུན་དུ་ཅུང་ཟད་ལན་གཅིག་མཆོང་ཞིང་། སླར་ཡང་གཡོན་ཅུང་ཟད་མདུན་དུ་བཏེག་སྟེ། སྔར་བཞིན་ལན་ཅིག་ཅུང་ཟད་མཆོང་བ་ནི་རྒྱུག་པའི་གར་ཏེ། དེ་ནས་རྒྱུག་པའི་གར་བྱས་ནས། །ཞེས་པའི་དོན་ཏོ། །དེ་ནས་སྔར་བཞིན་ཧཱུཾ་རིང་པོ་དབྱངས་དང་བཅས་པ་པད་ཀོར་ཆེན་པོ་བྱས་ལ། རྐང་པ་གཡས་ཅུང་ཟད་འདེགས་པ་དང་། དེ་ནས་གཡོན་ཅུང་ཟད་བཏེག་སྟེ། མདུན་དུ་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་མཉམ་པོར་བྱ་བ་ནི་གཡོ་བའི་གར་ཏེ། དེ་ནས་གཡོ་ཞིང་གར་བྱའོ། །


JLD012_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ཏོ། །དེ་དག་ནི་གཡས་ཀྱིས་རྡོ་རྗེ་རྩེ་གཅིག་པ་བྲི་བའི་ཚུལ་ལོ། །གཡོན་པས་བྲི་བ་ནི། གཡོན་མདུན་གྱི་གཡས་ཕྱོགས་ནས་གཡོན་དུ་བསྐོར་ཞིང་། མཉམ་པོར་བྱས་ལ་རྡོ་རྗེའི་ལྟེ་བ་བྲི་ཞིང་། མིག་ཕྲག་གོང་གཡོན་ཕྱོགས་ནས་རྒྱབ་ཏུ་བལྟས་ལ། རྐང་པ་གཡོན་སྔར་བཞིན་རྒྱབ་ཏུ་བཞག །དེ་ནས་མིག་མདུན་དུ་བལྟ་ཞིང་། གཡོན་མདུན་དུ་བཞག་སྟེ། རྒྱབ་མདུན་གྱི་རྭ་བྲི་ཞིང་། དེ་ལྟར་བསམས་ལ་རྐང་པ་གཉིས་མཉམ་པོར་བྱ། སྐོར་བའི་ཚེ་གཡོན་དང་པོར་བཏེག་སྟེ་གཡོན་དུ་བསྐོར། གཡས་བཏེག་སྟེ་རྗེས་སུ་བསྐོར། རྒྱུག་པའི་ཚེ་ཡང་གཡོན་མདུན་དུ་བཏེག་སྟེ་མཆོངས་པའི་རྗེས་སུ་གཡས་ཅུང་ཟད་བཏེག་སྟེ་མཆོང་བྱའོ། །གཞན་ཐམས་ཅད་ནི་གཡས་ཀྱིས་བྲི་བའི་སྐབས་བཞིན་བྱ། རྐང་པ་བཏེག་སྟེ་གཡས་གཡོན་དུ་འཁོར་ལོ་ལྟར་བསྐོར་ནས། མྱུར་དུ་ཕེག་རྡོབ་པ་དང་བཅས་པའི་རྡོ་རྗེའི་འགྲོས་ཀྱི་གར་དང་པོར་བྱས་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་མཐའ་ཇི་སྲིད་བསྐོར་བའི་བར་དུ་བྱ་སྟེ། མྱུར་དུ་ཕེག་རྡོབ་དེ་བཞིན་དུ། ཞེས་སོགས་ཀྱི་དོན་ཏོ། །དེ་ཡང་གཡས་གཡོན་གྱི་རྡོ་རྗེའི་འགྲོས་སྤེལ་མར་བྱའོ། །རྡོ་རྗེ་རྩེ་གསུམ་པའི་འགྲོས་ཀྱི་ཚུལ་ནི། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་འབར་བ་རེ་རེ། ཞེས་བརྗོད་ཅིང་དེ་ལྟར་བསམས་ལ། རྐང་པ་གཡས་ཀྱིས་དང་པོར་རྒྱབ་ཀྱི་རྭ་དབུས་མ། དེ་ནས་རང་གི་གཡོན་ཕྱོགས་ཀྱི་རྭ། དེ་ནས་གཡས་ཀྱི་རྭ་བྲིས་ལ། དེ་ནས་མདུན་གྱི་དབུས་རྭ། དེ་ནས་རང་གི་གཡོན་ཕྱོགས་ཀྱི་རྭ། དེ་ནས་


JLD012_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཕྱོགས་ཀྱི་རྭ་བྲིའོ། །གཡོན་པས་བྲི་ཚུལ་ནི། རྒྱབ་མདུན་གྱི་དབུས་རྭ་བྲིས་པའི་རྗེས་སུ། དང་པོར་རང་གི་གཡས་དང་དེ་ནས་གཡོན་ཕྱོགས་ཀྱི་རྭ་བྲིའོ། །རྡོ་རྗེ་རྩེ་ལྔ་པའི་འགྲོས་ཀྱི་ཚུལ་ནི། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་འབར་བ་རེ་རེ། ཞེས་བརྗོད་ཅིང་དེ་ལྟར་བསམས་ལ། གཡས་པས་རྒྱབ་ཀྱི་དབུས་རྭ་བྲིས་པའི་རྗེས་སུ། རང་གི་རྒྱབ་ཕྱོགས་ཀྱི་གཡོན་དང་གཡས་ཀྱི་ཕྱི་རྭ་རིམ་པ་བཞིན་བྲིས་ལ། དེ་ནས་གཡོན་དང་གཡས་ཀྱི་ནང་རྭ་གཉིས་བྲིའོ། །མདུན་གྱི་ཡང་གཡས་པས་དབུས་རྭ་བྲིས་པའི་རྗེས་སུ། རང་གི་མདུན་ཕྱོགས་ཀྱི་གཡོན་དང་གཡས་ཀྱི་ཕྱིར་རྭ་བྲིས་ལ། དེ་ནས་དེ་གཉིས་ཀྱི་ནང་དུ་གཡོན་པ་དང་གཡས་ཀྱི་ནང་རྭ་བྲིའོ། །གཡོན་པས་བྲི་བའི་ཚེ། རྒྱབ་མདུན་གྱི་དབུས་རྭ་བྲིས་པའི་རྗེས་སུ། རང་གི་རྒྱབ་མདུན་གྱི་གཡས་རྭ་དང་པོར་བྲིས་ལ། གཡོན་རྭ་རྗེས་སུ་བྲིའོ། །སྣ་ཚོགས་རྡོ་རྗེ་བྲི་བའི་ཚུལ་ནི། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེ། ཞེས་བརྗོད་ཅིང་དེ་ལྟར་བསམས་ལ། རྐང་པ་གཡས་པས་རྒྱབ་ཀྱི་དབུས་རྭ་བྲིས་པའི་རྗེས་སུ། གཡོན་དང་གཡས་ཀྱི་རྒྱབ་རྭ་བྲི། དེ་ནས་རྐང་པ་གཡས་པས་གཡས་ཀྱི་དབུས་རྭ་བྲིས་པའི་རྗེས་སུ། གཡས་དང་གཡོན་ཕྱོགས་ཀྱི་རྭ་བྲིའོ། །དེ་ནས་རྐང་པ་གཡོན་པས་གཡོན་གྱི་དབུས་རྭ་བྲིས་པའི་རྗེས་སུ། གཡོན་དང་གཡས་ཀྱི་རྭ་བྲི། དེ་ནས་གཡོན་པས་མདུན་གྱི་དབུས་རྭ་བྲིས་པའི་རྗེས་སུ། རང་གི་གཡས་དང་


JLD012_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཕྱོགས་ཀྱི་རྭ་གཉིས་བྲིའོ། །དེ་ནས་གཡོན་པས་སྣ་ཚོགས་རྡོ་རྗེ་བྲི་བའི་ཚེ། རྐང་པ་གཡོན་པས་རྒྱབ་དང་གཡོན་གྱི་རྭ་གསུམ་རིམ་བཞིན་བྲིས་ལ། དེ་ནས་གཡོན་པས་གཡས་ཕྱོགས་དང་མདུན་གྱི་རྭ་གསུམ་བྲིའོ། །ཁྱད་པར་ནི་རྒྱབ་དང་མདུན་གྱི་དབུས་རྭ་བྲིས་པའི་རྗེས་སུ་རྒྱབ་ཀྱི་གཡས་ཕྱོགས་ཀྱི་རྭ་དང་། མདུན་གྱི་གཡོན་ཕྱོགས་ཀྱི་རྭ་དང་པོར་བྲིའོ། །རྡོ་རྗེའི་འགྲོས་ཕྱི་མ་གསུམ་གྱི་སྐབས་སུ་རྭ་བྲི་བའི་ཁྱད་པར་རྣམས་མ་གཏོགས་པ་གཞན་སྔ་ཕྱི་ཐམས་ཅད་ནི་རྡོ་རྗེ་རྩེ་གཅིག་པའི་འགྲོས་ཀྱི་སྐབས་ཇི་ལྟ་བ་བཞིན་བྱའོ། །རྡོ་རྗེའི་འགྲོས་རེ་རེས་ཀྱང་དབང་ལྡན་ནས་བརྩམས་ཏེ་གཡས་སྐོར་དུ་སྐོར་བ་རེ་རེའམ་གསུམ་གསུམ་མམ། ཡང་ན་སྐོར་བ་གཅིག་ལ་འགྲོས་བཞི་ག་རྫོགས་པར་བྱའོ། །དེ་ལ་རྒྱ་མཚོའི་རླབས་འགྲོས་ནི། རྐང་པ་གཡོན་སྔོན་ལ་བཏེག་པའི་གཡོ་བའི་གར་སྔར་ལྟར་བྱས་ལ། རྐང་པ་གཡོན་མདུན་ཕྱོགས་སུ་སྤོ་ཞིང་ལག་པ་གཉིས་སྡིགས་མཛུབ་གྱེན་དུ་བསྟན་པ་རྐང་པ་གཡོན་བསྐུམས་པའི་པུས་མོའི་ཐད་ཀྱི་སྟེང་དུ་ཁྱེར་ལ། སྡིགས་མཛུབ་ཁ་ཕྱིར་བསྟན་ལ། གཡས་ཕྱོགས་སུ་ཁྱེར་ཏེ་ཅུང་ཟད་སྟོད་ལ་གཡོན་བརྐྱངས། དེ་ནས་སྡིགས་མཛུབ་ཁ་གྱེན་དུ་བསྟན་ལ། རྐང་པ་གཡས་བཏེག་པ་དང་ལྷན་ཅིག་གཡོན་ཕྱོགས་སུ་ཁྱེར་ལ། སླར་སྡིགས་མཛུབ་གཉིས་ཁ་ཕྱིར་བསྒྱུར་ལ་གཡས་སུ་ཁྱེར་ཅིང་། རྐང་པ་གཡས་གཡས་ཕྱོགས་སུ་ཁྱེར་ལ་གཡོན་བརྐྱངས་དང་། དེ་ནས་སྡིགས་མཛུབ་གཉིས་ཁ་ཕྱིར་བསྒྱུར་ལ་གཡོན་དུ་ཁྱེར་ཅིང་། གཡས་བརྐྱང་བྱ་ཞིང་དྲིལ་


JLD012_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བསིལ། གཡོན་པས་བྱེད་པའི་ཚེ། རྐང་པ་གཡས་སྔར་འདེགས་པ་སོགས་སྔ་མ་ལས་བཟློག་སྟེ་བྱའོ། །རི་བོ་འདེགས་པ་ནི་རྐང་པ་གཡས་སྔར་འདེགས་པའི་གཡོ་བའི་གར་བྱས་ལ། ཐལ་མོ་གཡོན་པའི་སྟེང་དུ་གཡས་པ་མདུན་ཕྱོགས་སུ་སྨད་ལ་བཞག་ཅིང་། རྐང་པ་གཡས་མདུན་དུ་གཡོན་དང་ཉེ་བར་བཞག་ལ། རྐང་པ་གཉིས་གཡོན་དུ་ཅུང་ཟད་དྲུད་ལ་ལུས་སྨད་ཅུང་ཟད་གཡོན་དུ་བསྐོར་ཞིང་། ལག་པ་གཉིས་ཐད་ཀར་ཐལ་མོ་བརྐྱངས་ཏེ་ཕྲག་པའི་ཕྱོགས་སུ་ཁྱེར་ལ། རི་བོ་འདེགས་པའི་ཚུལ་བྱ། དེ་ནས་པད་ཀོར་ཆེན་པོ་བྱས་ལ། ལག་པ་གཉིས་སྔར་བཞིན་ཐལ་མོ་བརྐྱངས། རྐང་པ་གཡས་གཡས་སྐོར་དུ་འགྲོ་བའི་ཕྱོགས་སུ་སྤོས་ཏེ། གཡོན་བརྐྱངས། དེ་ནས་གཡས་བརྐྱངས་ཏེ། ཕྲག་གོང་དུ་ཐལ་མོ་བརྐྱངས་པ་རི་བོ་འདེགས་པའི་ཚུལ་བྱའོ། །གཡོན་གྱིས་སྒྲུབ་པའི་ཚེ། རྐང་སྟབས་དང་ལུས་ཅུང་ཟད་སྐོར་བ་སོགས་སྔ་མ་ལས་བཟློག་སྟེ་བྱའོ། །རོལ་པའི་བསྐྱོད་པ་ནི། སྔ་མ་ལྟར་གཡོ་བའི་གར་བྱས་ལ། རྐང་པ་གཡས་མདུན་དུ་སྤོས་ཤིང་། ལག་པ་གཉིས་སྡིགས་མཛུབ་ཕྱིར་བསྒྱུར་ལ་གཡོན་ཕྱོགས་སུ་ཁྱེར་ཅིང་། རྐང་པ་གཡོན་པའི་མཐིལ། གཡས་པའི་ལོང་བུའི་གོང་དུ་སྦྱར། ཡང་གཡོན་པ་མདུན་དུ་སྤོས་ཏེ་སྡིགས་མཛུབ་ཕྱིར་བསྒྱུར་ལ་གཡས་སུ་ཁྱེར་ཅིང་། རྐང་པ་གཡས་པའི་མཐིལ་གཡོན་པའི་ལོང་བུའི་གོང་དུ་སྦྱར། དེ་ནས་རྐང་པ་གཡས་གཡས་སྐོར་དུ་འགྲོ་བའི་ཕྱོགས་སུ་སྤོ་ཞིང་། སྡིགས་མཛུབ་ཕྱིར་


JLD012_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ལ་གཡས་སུ་ཁྱེར་ཅིང་། གཡོན་བརྐྱངས་དང་། ཡང་སྡིགས་མཛུབ་ཕྱིར་བསྒྱུར་ཞིང་གཡོན་དུ་ཁྱེར་ལ་གཡས་བརྐྱང་བྱ་ཞིང་དྲིལ་བུ་གསིལ་ལོ། །གཡོན་པས་སྒྲུབ་པོའི་ཚེ་སྔ་མ་ལས་བཟློག་སྟེ་བྱའོ། །ཁྲོ་བོའི་བསྐྱོད་པ་ནི། གཡོ་བའི་གར་སྔ་མ་ལྟར་བྱས་ལ། རྐང་པ་གཡས་རྒྱབ་ཏུ་ཅུང་ཟད་སྤོ་ཞིང་། པད་ཀོར་བྱས་པའི་ལག་པ་གཡས་ཕྲག་པ་གཡས་ཕྱོགས་དང་གཡོན་ཅུང་ཟད་སྨད་པ་མདུན་དུ་ཁྱེར། དེ་ནས་སྡིགས་མཛུབ་ཕྱིར་བསྒྱུར་ལ་གཡོན་དུ་ཁྱེར་ཅིང་། རྐང་པ་གཡས་སྔར་བཏེག་ལ་རྐང་པ་གཉིས་ཀྱིས་དྲག་ཏུ་མདུན་དུ་ཅུང་ཟད་གཡོན་དུ་ཉེ་བར་མཆོང་ཞིང་། སླར་གཡོན་སྔར་བཏེག་སྟེ། སྡིགས་མཛུབ་གཉིས་ཕྱིར་བསྒྱུར་བ་གཡས་སུ་ཁྱེར་ཅིང་། མདུན་དུ་གཡས་དང་ཉེ་བར་ཅུང་ཟད་མཆོངས་ལ། དེ་ནས་སྡིགས་མཛུབ་ཕྱིར་བསྒྱུར་ལ་གཡས་སུ་ཁྱེར་ཅིང་། རྐང་པ་གཡས་གཡས་སྐོར་དུ་འགྲོ་བའི་ཕྱོགས་སུ་སྤོ་སྟེ། གཡོན་བརྐྱངས་དང་། དེ་ནས་སྡིགས་མཛུབ་གཉིས་ཕྱིར་བསྒྱུར་ཞིང་། གཡོན་དུ་ཁྱེར་ལ། གཡས་བརྐྱང་བྱ་ཞིང་དྲིལ་བུ་དཀྲོལ་ལོ། །གཡོན་པས་སྒྲུབ་ཚུལ་ནི། སྔ་མ་ལས་བཟློག་སྟེ་བྱའོ། །དེ་ཡང་རྒྱ་མཚོའི་རླབས་འགྲོས་གཙོ་བོར་གཡས་ཀྱིས་སྒྲུབ་པའི་ཚེ། དཀྱིལ་འཁོར་ལ་མདུན་བསྟན་པའི་གཡོན་བརྐྱངས་དང་། གཡས་བརྐྱངས་མཐར་འོང་ལ། རི་བོ་འདེགས་པ་སོགས་གསུམ་གཡས་པས་སྒྲུབ་པའི་ཚེ། དཀྱིལ་འཁོར་ལ་རྒྱབ་བསྟན་པའི་གཡོན་བརྐྱངས་དང་། གཡས་བརྐྱངས་མཐར་འོང་ངོ་། །རྒྱ་མཚོའི་རླབས་མ་གཏོགས་པ་རྡོ་རྗེའི་འགྲོས་བཞི་དང་།


JLD012_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་འདེགས་པ་སོགས་གསུམ་ལ་རྐང་པ་གཡས་པས་གཙོ་བོར་སྒྲུབ་པའི་ཚེ། དང་པོར་གཡས་འདེགས་ལ་གཡོན་པས་གཙོ་བོར་སྒྲུབ་པའི་ཚེ། གཡོན་དང་པོར་བཏེག་ལ་བྱའོ། །དང་པོར་གཡོ་བའི་གར་བྱེད་པ་མ་གཏོགས་བསྐོར་ཞིང་ཕེག་བརྡབས་པའི་རྗེས་སུ་དང་། མཐར་གཡོ་བའི་གར་བྱེད་པ་དང་། རྒྱ་མཚོའི་རླབས་འགྲོས་བཞི་ལ་ཡང་། བར་སྐབས་སུ་རྐང་པ་འདེགས་པ་དང་འགྲོ་བའི་ཕྱོགས་སུ་རྐང་པ་སྤོ་བ་ལ་རྗེས་ལ་ལུས་པ་སྔར་འདེགས་ཤིང་སྤོ་བར་བྱ་ལ། རོལ་པའི་བསྐྱོད་པ་ལ་ནི། ལོང་བུའི་གོང་དུ་རྐང་མཐིལ་སྦྱར་བའི་རྐང་པ་སྔར་འགྲོ་བའི་ཕྱོགས་སུ་སྤོ་བར་བྱའོ། །རྡོ་རྗེའི་འགྲོས་བཞི་ལ་བསྐོར་ནས་ཕེག་རྡེབ་པ་དང་། རྒྱུག་པའི་གར་བྱེད་པ་གཉིས་མ་གཏོགས། དང་པོར་རྐང་པ་འདེགས་པ་གཡོ་བའི་གར་བྱེད་པ་ནས་མཐར་གཡོ་བའི་གར་བྱེད་པའི་བར་གཞན་ཐམས་ཅད་ལ་ངག་ཏུ་ཧཱུཾ་རིང་པོ་དབྱངས་དང་བཅས་པ་བྱ་ལ། རྒྱ་མཚོའི་རླབས་ལ་སོགས་པ་བཞི་ལ་ནི། ཐོག་མ་ནས་ཐ་མའི་བར་ཐམས་ཅད་ལ་ཧཱུཾ་རིང་པོ་དབྱངས་དང་བཅས་པས་བསྒྲུབ་པར་བྱའོ། །རྡོ་རྗེ་འགྲོས་བཞི་དང་། རྒྱ་མཚོའི་རླབས་ལ་སོགས་པ་བཞི་པོ་ཐམས་ཅད་ལ་ཐོག་མར་རྐང་པ་འདེགས་པའི་སྔ་རོལ་ཏུ་རྡོར་དྲིལ་ཕྲག་པའི་ཕྱོགས་སུ་ཅུང་ཟད་བསྟོད་དེ། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་བའི་རྗེས་སུ་ཧཱུཾ་བརྗོད་ཅིང་གར་བྱའོ། །རྒྱ་མཚོའི་རླབས་ལ་སོགས་པ་རེ་རེས་ཀྱང་དཀྱིལ་འཁོར་ལ་དབང་ལྡན་ནས་བརྩམས་ཏེ་གཡས་བསྐོར་དུ་བསྐོར་བ་རེ་རེའམ་ཡང་ན་བསྐོར་བ་


JLD012_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་འགྲོས་བཞི་ཚང་བར་བྱའོ། །རྒྱ་མཚོའི་རླབས་ལ་སོགས་པ་བཞིའི་སྐབས་སུ་ཁ་སྦྱར་བྱ་ཚུལ་ནི། རླབས་འགྲོས་ཀྱི་རྗེས་སུ། ཤར་སྒོའི་ཐད་དུ་སློབ་དཔོན་ཁ་ནང་དུ་བལྟ་བའམ། ཡང་ན་ཁ་ཕྱིར་བལྟ་ཞིང་གཡས་བརྐྱངས། སློབ་དཔོན་གྱི་གཡོན་ན་གནས་པའི་སློབ་མས་གཡོན་བརྐྱངས་བྱས་ལ། སློབ་མའི་དྲིལ་བུའི་ནང་དུ། སློབ་དཔོན་གྱི་རྡོ་རྗེ་དང་། དེའི་རྡོ་རྗེ་ཡང་སློབ་དཔོན་གྱི་དྲིལ་བུའི་ནང་དུ་བཅུག་ལ་གཉིས་ཀས་ངག་ཏུ། ༀ་ཁ་བཛྲ་དྷྲིཀ་བཛྲ་ཧཱུཾ་ཀ་ར་བཛྲ་ཧཱུཾ་ཕཊ། ཅེས་དབྱངས་དང་བཅས་པའམ་དབྱངས་མེད་པར་ངག་ཏུ་བརྗོད་ཅིང་ཁ་སྦྱོར་བྱའོ། །དེ་ནས་སློབ་དཔོན་གྱི་མདུན་དང་། དེ་ནས་གཡས་སུ་དང་། དེ་ནས་རྒྱབ་ཏུ་ཕྱིན་ལ་སྔར་ལྟར་ཁ་སྦྱོར་བྱ་སྟེ། ཕྱོགས་རེ་རེར་ཁ་སྦྱོར་བཞི་བཞི་བྱའོ། །རི་བོ་འདེགས་པའི་འགྲོས་ཀྱི་རྗེས་སུ་ལྷོ་སྒོར་སློབ་དཔོན་གཡོན་བརྐྱངས་དང་། སློབ་མ་གཡས་བརྐྱངས་དང་། རོལ་པའི་འགྲོས་ཀྱི་རྗེས་སུ་ནུབ་སྒོར་དཔོན་སློབ་གཉིས་ཀས་ས་ག་དང་། ཁྲོ་བོའི་བསྐྱོད་པས་ཕྱིན་པའི་རྗེས་སུ་བྱང་སྒོར་དཔོན་སློབ་གཉིས་ཀས་རྐང་སྟབས་ཟླུམ་པོ་བྱ་སྟེ། ཁ་སྦྱོར་བྱས་པའི་རྗེས་སུ། སློབ་དཔོན་གྱིས་སྔར་ང་རྒྱལ་བཟུངས་པའི་འོག་ཏུ། དབུས་ནས་དབང་ལྡན་དུ་ཕྱིན་ཏེ། དཀྱིལ་འཁོར་ལན་གཅིག་བསྐོར་བའི་འགྲོས་གང་བྱས་པ་དེ་ཉིད་ཀྱིས་དབང་ལྡན་ནས་དབུས་སུ་ཕྱིན་ལ། ཤར་དུ་ཕྱོགས་ཏེ་མཉམ་པའི་རྐང་སྟབས་བྱའོ། །དེ་ཡང་གཡས་བརྐྱངས་ནི། རྐང་པ་གཡོན་པའི་བྱིན་པ་བསྐུམས་ནས་མཐོ་ལྔའི་བར་དུ།


JLD012_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་གཡས་འགྱིང་བ་དང་བཅས་པས་དྲང་པོར་བརྐྱངས་པའོ། །གཡོན་བརྐྱངས་ནི། དེ་ལས་བཟློག་པའོ། །ས་ག་ནི། རྐང་པ་གཉིས་ཀྱི་བར་དུ་སོར་ཉེར་དྲུག་ཡོད་པ་བྱས་ནས་རྐང་སོར་རྣམས་ལོགས་སུ་བསྟན་ཅིང་པུས་མོ་གཉིས་དྲང་པོར་བྱས་པའོ། །ཟླུམ་པོ་ནི། ས་གའི་འདུག་སྟངས་ཉིད་བར་དུ་ཁྲུ་དོ་པ་ངང་པའི་གཤོག་པ་ལྟར་བུས་མོས་གཉིས་སྨད་པའོ། །མཉམ་པ་ནི། རྐང་པ་གཉིས་ཀྱི་སོར་མོ་ཕན་ཚུན་སྦྱར་བ་སྟེ། རྐང་པའི་མཐེ་བོང་དང་རྟིང་པ་གཉིས་བཅེར་བའོ། །གཡས་བརྐྱངས་ནས་མཉམ་པའི་བར་གྱི་རྐང་སྟབས་ལྔ་ལ་གཞི་བཅའ་སྔོན་དུ་བཏང་ནས་བྱེད་ཚུལ་ནི། གཡས་བརྐྱངས་ཀྱི་ཚེ། ལག་པ་གཡས་པས་རྡོ་རྗེ་གྱེན་དུ་མདུན་དུ་བཟུངས་པའི་སྟེང་དུ་གཡོན་པས་དྲིལ་བུ་གསིལ། ངག་ཏུ་ཧཱུཾ་ཞེས་བརྗོད་ཅིང་། རྐང་པ་གཡོན་འགྱིང་བ་དང་བཅས་པས་གཡོས་པའི་མདུན་དུ་འཕྲེད་ལ་བཞག །དེ་ནས་དེ་བཞིན་དུ་རྐང་པ་གཡས་པས་གཡོན་པའི་མདུན་བསྐོར་ཏེ་རྒྱབ་ཏུ་བཞག །དེ་ནས་གཡོན་པས་གཡས་པའི་མདུན་བསྐོར་ཏེ་རྒྱབ་ཏུ་བཞག །དེ་ནས་གཡས་པས་གཡོན་པའི་མདུན་བསྐོར་ཏེ་གཡས་བརྐྱང་བྱའོ། །གཡོན་བརྐྱངས་ལ་སོགས་པ་གསུམ་ལ། དང་པོར་གཡས་པ་གཡོན་པའི་མདུན་དུ་བཞག་ལ། གཡས་གཡོན་རེ་མོས་སུ་བཞག་པའི་བཞི་པ་ལ་རང་རང་གི་རྩ་བའི་རྐང་སྟབས་བསྒྲུབ་པར་བྱའོ། །ཡང་ན་གཞི་བཅའ་ནས་གཡས་བརྐྱངས་ལ་སོགས་པ་ལྔ་


JLD012_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བར་ལ་པད་སྐོར་བྱས་ནས་བསྒྲུབ་པར་བྱའོ། །ཁ་སྦྱོར་ནི་ང་རྒྱལ་བཟུང་བའི་རྗེས་སུ། དབུས་ནས་དབང་ལྡན་དུ་སོང་སྟེ། དཀྱིལ་འཁོར་ལ་གཡས་སྐོར་དུ་ལན་གཅིག་བསྐོར་བའི་སྐབས་སུ་བྱས་ཀྱང་རུང་ངོ་། །དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས། གཡས་བརྐྱངས་ལ་སོགས་པ་བཅུ་གསུམ་པོ་འདི་དག་བྱེད་པ་ན། ཇི་ལྟར་རིགས་པར་རྒྱ་མཚོའི་རླབས་དང་། རི་བོ་འདེགས་པ་དང་། རོལ་པའི་བསྐྱོད་པ་དང་། ཁྲོ་བོའི་བསྐྱོད་པ་སྟེ། གོམ་པ་འགྲོས་པའི་ཚུལ་བཞི་དང་། བསྣུན་པ་ལ་སོགས་པ་ཀུན་ཏུ་བསྐྱོད་པ་དགུ་དང་། རྡོ་རྗེ་བསྒྲེང་བ་ལ་སོགས་པ་དྲུག་དང་། རལ་གྲི་ལ་སོགས་པའི་ཚུལ་བཅུ་གསུམ་བྱའོ། །ཞེས་རྒྱ་མཚོའི་རླབས་འགྲོས་ནས་ཁྲོ་བོའི་བསྐྱོད་པའི་བར་བཞི་བྱ་བར་གསུངས་སོ། །དེ་ནས་ཤེས་ཤིང་སྤྲོ་ན། གཡས་བརྐྱངས་སོགས་རྐང་སྟབས་ལྔའི་ལྷག་མ་སྐྱེས་པ་དང་སྐྱེས་ཟླ་ལ་སོགས་པ་བརྒྱད་དང་། ཀུན་ཏུ་བསྐྱེད་པ་དགུ་དང་། ཚུལ་རྣམས་དང་། རྡོ་རྗེའི་གདན་ལ་སོགས་པ་རྣམས་ཀྱང་བྱའོ། །རྡོ་རྗེའི་འགྲོས་བཞིའི་སྐབས་སུ་རྡོ་རྗེ་མཁའ་འགྲོ་དང་། ཁ་སྦྱོར་དང་། སྒྱུ་དྲ་དང་། དཀྱིལ་ཆོག་མང་པོས་ཀྱང་ཧཱུཾ་ཡིག་བརྗོད་པར་གསུངས་ལ། དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས་ཀྱང་ཧཱུཾ་ཡིག་བརྗོད་པ་སྔོན་དུ་འགྲོ་བས་ཞེས་གདན་བཅུའི་སྐབས་སུ་བཤད་པ་མ་གཏོགས་པ་སྔགས་གཞན་འདོན་པ་མ་བཤད་དོ། །ༀ་ཨེ་ཀ་པུ་ཙི་ཀ་ལ་སོགས་པའི་སྔགས་ངག་ཏུ་བརྗོད་ནས་རྡོ་རྗེའི་འགྲོས་བཞི་བྱེད་པ་རྡོ་རྗེ་གུར་གྱི་འགྲེལ་པ་ལས་བཤད་


JLD012_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གར་འདི་རྣམས་བྱེད་པའི་ཚེ་འདྲི་བར་འགྱུར་པའི་དཀྱིལ་འཁོར་གྱི་གཙོ་བོ་ལ་སོགས་པའི་རང་ལྷ་དེ་ཉིད་དོ་སྙམ་པའི་ལྷའི་ང་རྒྱལ་བརྟན་ཅིང་། རྣམ་པ་ཡང་ཡང་གསལ་གདབ་པར་བྱའོ། །དཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ཀྱི་གར། དཀྱིལ་ཆོག་རྡོ་རྗེ་འཕྲེང་བའི་དགོངས་པ་བཞིན། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་གསུངས་པ་དཀའ་བཞི་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་ཡི་གེར་བཀོད་པའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །དགེའོ་མངྒ་ལཾ། །


previousདཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ཀྱི་གར་ཕྲེང་བའི་དགོངས་པ་བཞིན་རྗེའི་ཞལ་སྔ་ནས་གསུངས་པ་དཀའ་བཞི་པ་གྲགས་པ་རྒྱལ་མཚན་གྱིས་བཀོད་པ། next