Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
   
འོད་ཟེར་ཅན་གྱི་སྒྲུབ་ཐབས་རྗེའི་ཐུགས་བཞེད་ལྟར་བཀོད་པ།
   
   


 
previousའོད་ཟེར་ཅན་གྱི་སྒྲུབ་ཐབས་རྗེའི་ཐུགས་བཞེད་ལྟར་བཀོད་པ། next

འོད་ཟེར་ཅན་གྱི་སྒྲུབ་ཐབས་རྗེའི་ཐུགས་བཞེད་ལྟར་བཀོད་པ།


JLD012_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཅན་གྱི་སྒྲུབ་ཐབས་རྗེའི་ཐུགས་བཞེད་ལྟར་བཀོད་པ་བཞུགས་སོ། །


JLD012_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དམ་ཚིག་དང་སྡོམ་པ་ལྡན་ཞིང་དབང་ཐོབ་པ། བཅོམ་ལྡན་འདས་འོད་ཟེར་ཅན་སྒྲུབ་པར་འདོད་པས། སྐྱབས་སུ་འགྲོ་བ་དང་ཚད་མེད་སྒོམ་པ་སོགས་སྤྱི་དང་འདྲ་བར་བྱས་ལ། སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བྷྲུཾ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དུ་གྱུར་པ་ནི། རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་བང་རིམ་གྲུ་བཞི་སྒོ་བཞི་པ་དེའི་སྟེང་དུ་བུམ་གདན། དེའི་སྟེང་དུ་མཆོད་རྟེན་གྱི་བུམ་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། དེའི་སྟེང་དུ་བྲེ། དེའི་སྟེང་དུ་གདུགས་རིམ་པ་བཅུ་གསུམ། དེའི་སྟེང་དུ་ཆར་ཁེབས་ཏོག་དང་བཅས་པས་ཉེ་བར་མཛེས་པར་བྱས་པའི་


JLD012_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་ནང་དུ། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བྷྲུཾ་དཀར་པོ་ལས་བྱུང་བའི་བཅོམ་ལྡན་འདས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་ལའི་སྟོད་གཡོགས་དང་སྨད་གཡོགས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ།དེའི་ཐུགས་ཀར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་མཾ་ཡིག་གསེར་མདོག་ཅན་དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཕག་བདུན་གྱིས་དྲངས་པའི་གསེར་གྱི་ཤིང་རྟའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། རང་ཉིད་བཅོམ་ལྡན་འདས་འོད་ཟེར་ཅན་སྐུ་མདོག་གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་ཀྱི། གཡས་མཆོག་སྦྱིན་གཡོན་མྱང་ངན་མེད་པའི་ཤིང་ཐུགས་ཀར་


JLD012_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ཞབས་གཡས་ཅུང་ཟད་བསྐུམ་ཞིང་གཡོན་ཅུང་ཟད་བརྐྱང་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དཀར་པོའི་སྟོད་གཡོགས་དང་སྨད་གཡོགས་མནབས་པ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་མཾ་ཡིག་གསེར་གྱི་མདོག་ཅན། དེ་ལས་འོད་ཟེར་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། དེ་ལ་འོག་ནས་འབྱུང་བ་ལྟར་མཆོད་པས་མཆོད། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར།ཡང་ཐུགས་ཀའི་མཾ་ལས་འོད་ཟེར་འཕྲོས་པས་རིགས་ལྔ་ལ་སོགས་པ་དབང་གི་ལྷ་རྣམས་སྤྱན་དྲངས་ཨརྒྷཾ་སོགས་པས་མཆོད། དེ་བཞིན་གཤེག་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་ཏུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་བས་ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། དབང་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་གྱུར་པར་བསམ། མཆོད་པ་བསང་སྦྱང་སོགས་སྤྱི་དང་མཐུན་པར་བྱས་ནས། ༀ་མཱ་རཱི་ཙྱཻ་སརྦ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱདྱཾ། པཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤཔྟ། རྣམས་རིམ་པ་ལྟར་བཅུག་ལ་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད། གང་གིས་མཚན་ཙམ་འཛིན་


JLD012_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དྲན་པས་ཀྱང་། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་མཛད་ཅིང་། །དྲི་མེད་བདེ་ཆེན་ཉེ་བར་སྩོལ་མཛད་མ། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕག་བདུན་གྱིས་དྲངས་རིན་ཆེན་ཤིང་རྟའི་ཁྲིར། །པདྨ་ཟླ་བའི་གདན་ལ་ལེགས་བཞུགས་ཤིང་། །ཞལ་གཅིག་ཕྱག་གཉིས་གསེར་བཟང་མདོག་མཚུངས་ལ། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །གཡས་པས་གདུལ་བྱ་རྣམས་ལ་མཆོག་སྩོལ་ཞིང་། །གཡོན་པས་མྱ་ངན་མེད་པའི་ཤིང་འཛིན་མ། །སྣ་ཚོགས་རྒྱན་གྱིས་བརྒྱན་ཅིང་དགྱེས་དགུར་སྤྱོད། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཡིས། །རྣམ་པར་བརྒྱན་མ་ཆོས་ཚུལ་ཀུན་སྒྲོག་ཅིང་། །སྔགས་ཚུལ་དུ་མས་དངོས་གྲུབ་མཆོག་སྩོལ་བ། །ཆོས་སྔགས་ཡི་གེར་འཕྲུལ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་སྤྲོས་པ་ཉེར་ཞི་ཡང་། །མཁྱེན་བརྩེ་བརྩེ་བས་ཀུན་ནས་རབ་བརྩོན་ཞིང་། །གདུལ་བྱའི་ཡིད་ལ་སྣ་ཚོགས་ཀུན་འཇུག་པ། །ཡེ་ཤེས་ལྔ་ཡི་ཐུགས་ལ་ཕྱག་འཚལ་ལོ། །བདག་གིས་ཁྱོད་སྐུ་དྲན་ཅིང་སྔགས་བཟླས་ཏེ། །རྩེ་གཅིག་གུས་པའི་སེམས་ཀྱིས་གསོལ་འདེབས་ཀྱིས། །བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། །སྲིད་པའི་དངོས་གྲུབ་མ་ལུས་སྩལ་ཏུ་གསོལ། །བདག་དང་བདག་གི་བཤེས་རྣམས་ཀུན། །ལམ་དང་དེ་བཞིན་ལམ་མཆོག་དང་། །སྐྱེ་བོའི་འཇིགས་དང་རྒྱལ་རིགས་ཀྱིས། །འཇིགས་པ་ཀུན་ལས་སྐྱབ་ཏུ་གསོལ། །དེ་བཞིན་གླང་ཆེན་ཆོམ་རྐུན་དང་། །སེང་གེ་སྟག་དང་མེ་དང་ཆུ། །སྦྲུལ་


JLD012_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུག་དང་ཕག་རྒོད་དང་། །དགྲ་ཡི་འཇིགས་པ་ཀུན་ལས་སྐྱོབས། །བདག་ནི་གནས་སྐབས་ཐམས་ཅད་དུ། །ཇི་ལྟའི་ཚུལ་གྱིས་གནས་ཀྱང་རུང་། །གདོན་རིགས་འཁྲུག་པ་ཐམས་ཅད་ལས། །ཀུན་ནས་ཡོངས་སུ་བསྲུང་དུ་གསོལ། ཞེས་རང་གི་སྙིང་གའི་ཟླ་བ་ལ་གནས་པའི་མཾ་ཡིག་ལ་ༀ་མཱ་རཱི་ཙྱཻ་མཾ་སྭཱ་ཧཱ། ཞེས་པས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱ། ཆོམ་རྐུན་ལ་སོགས་པ་བསྲུང་ན། རང་དང་སྔགས་འཕྲེང་ལས་རང་འདྲའི་ལྷ་མོ་ཁབ་སྐུད་ཐོགས་པ་དཔག་ཏུ་མེད་པ་སྤྲོས་གནོད་བྱེད་ཀྱི་ཁ་མིག་བཙེམས་འོད་ཀྱི་དྲ་བས་བཅིངས། ལུས་རེངས། སེམས་རྨོངས། དྲན་པ་ཉམས། ཡང་རང་གི་ལུས་ཀྱི་ནང་འོད་ཀྱིས་གང་བས་སྡིག་སྒྲིབ་དག་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཀྱི་རྣམ་པར་རང་ལ་ཞུགས་པར་བསམ། ཐུན་གྱི་མཐར་མཆོད་བསྟོད་བྱས་ལ་ཡེ་ཤེས་པ་གཤེགས། སྤྱོད་ལམ་དམ་ཚིག་པའི་ང་རྒྱལ་གྱིས་བྱའོ། །འོད་ཟེར་ཅན་གྱི་སྒྲུབ་ཐབས་འདི། བླ་མ་རིན་པོ་ཆེའི་ཐུགས་བཞེད་ལྟར་གྲགས་པ་རྒྱལ་མཚན་གྱིས་ཡེ་གེར་བཀོད། འདིས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །


previousའོད་ཟེར་ཅན་གྱི་སྒྲུབ་ཐབས་རྗེའི་ཐུགས་བཞེད་ལྟར་བཀོད་པ། next