Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་དཔྱིད་ཀྱི་རྒྱལ་མོའི་གླུ་དང་བཅས་པ།
   


 
previousདཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་དཔྱིད་ཀྱི་རྒྱལ་མོའི་གླུ་དང་བཅས་པ། next

དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་དཔྱིད་ཀྱི་རྒྱལ་མོའི་གླུ་དང་བཅས་པ།


JLD012_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་དཔྱིད་ཀྱི་རྒྱལ་མོའི་གླུ་དང་བཅས་པ་བཞུགས་སོ། །


JLD012_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པའི་ཆོ་གའི་རིམ་པ་ནི། དང་པོར་གདན་བཞི་ལས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་པོ་ཐམས་ཅད་དང་། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་མཆི་བར་བགྱི། །མངོན་བརྗོད་ལས། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕངས་མཆོག་ལ་དགོད་པར་བགྱི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་


JLD012_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དེ། ཤྲཱི་ཧེ་རུ་ཀ །ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སེམས་ཏེ། རྒྱུའི་བདག་ཉིད་དུ་བརྟག་པར་བྱ་བས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང་། རུ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་བའི་གང་ཟག་གི་བདག་མེད་པ་དང་། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་གཉིས་སུ་མི་གནས་པ་དང་། ཤྲཱི་ནི་ཡུལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་ཝཾ་གྱི་དོན་ནོ། །སྙམ་དུ་དྲན་པ་ནི་ཡིད་དག་པར་བྱེད་པའོ། ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གི་ཧེ་རུ་ཀ་སྔོན་པོ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བརྐྱང་གིས་བཞུགས་པ་ལ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་


JLD012_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པས་འཁྱུད་པ། ཤྲཱི་ཧེ་རུ་ཀོ྅ཧཾ། ཞེས་ལན་གསུམ་བརྗོད་དེ་སྐུའི་ང་རྒྱལ་གཟུང་བ་ནི་ལུས་དག་པར་བྱེད་པའོ། ། ༀ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གསུམ་བརྗོད་ནས།རང་གི་ལྟེ་བའི་ཕྱོགས་སུ་སྔགས་ཕྲེང་འོད་ཟེར་ལྔ་དང་བཅས་པ་གཡོན་སྐོར་གྱིས་ལན་གསུམ་དུ་བསྐོར་ནས་གནས་པ་ལས། འཁོར་ལོ་གསུམ་གྱི་ལྷ་ཚོགས་འཕྲོས་པ་སྣ་བུག་གཡས་ནས་འཐོན་ཏེ། ཕྱོགས་བཅུར་འཕྲོས་པས་བགེགས་ཐམས་ཅད་བསྐྲད་དེ། སླར་བྱོན་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ། ལྟེ་བའི་སྔགས་ཕྲེང་ལ་ཐིམ་པར་གྱུར། པར་བསམ་པ་ནི་ངག་དག་པར་བྱེད་པའོ། །འདི་བདག་བསྐྱེད་བསྡུས་པ་ཡིན་ལ། གྲུབ་ན་ལོ་ནག་དྲིལ་གསུམ་གྱི་མངོན་རྟོགས་རྒྱས་པ་བསྒོམ་མོ། །དེ་སྒོམ་པའི་ཐུན་བར་ཡིན་ན། གཙོ་བོ་ཕྱག་གཉིས་པ་ཡུམ་བཅས་ཀྱི་རྣལ་འབྱོར་དེ་ཉིད་གསལ་བཏབ་པས་ཀྱང་རུང་ངོ་། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ། ༀ་སུམྦྷ་ནི་སུམྦྷ། ཞེས་སོགས་ཞལ་བཞི་པའི་སྔགས་བརྗོད་ཅིང་ཕྱོགས་བཞི་དང་རང་ལ་གཏོར་ནས་གཡོན་པའི་མཐེབ་མཛུབ་ཀྱིས་སེ་གོལ་གཡོན་སྐོར་དུ་གཏོགས་ལ། ༀ་སུམྦྷ། ཞེས་སོགས་ཀྱི་སྔགས་ཚན་བཞི་པོ་ཤར་ལ་སོགས་པའི་ཕྱོགས་བཞིར་རིམ་པ་བཞིན་བརྗོད་པའི་རྗེས་སུ། འོག་ཐམས་ཅད་རྡོ་རྗེའི་ས་གཞི་ཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་སྟེ། ཐམས་ཅད་ཀྱང་


JLD012_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འབར་བའི་རང་བཞིན་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ། རྡོ་རྗེའི་མེ་འཇིག་དུས་ཀྱི་མེ་ལྟ་བུས་བསྐོར་བར་གྱུར། ཞེས་དང་། རང་གི་སྙིང་ཁར་ཟླ་གདན་ལ་རྡོ་རྗེ་སེམས་དཔའི་ངོ་བོ་ༀ་ཧ་དཀར་པོ། ཞེས་སོགས་གོ་ཆ་དྲུག་བཀོད་ནས། ལག་པ་གཡས་པའི་མཐེབ་སྲིན་གྱིས་ནང་མཆོད། ༀ་ཨཱཿ ཧཱུཾ། ཞེས་བརྗོད་ཅིང་། གཡོན་པ་ལ་བསང་གཏོར་བྱས་ལ་ལག་པ་མཉེ་བར་བྱའོ། །དེ་ནས་གཡོན་པའི་སོར་མོ་ལྔ་ལ་མེ་ཏོག་བཞག་པའམ། ཡང་ན་ནང་མཆོད་ཀྱི་ཐིག་ལེ་རེ་བྱས་ལ།གཡོན་པའི་སོར་མོ་རྣམས་བསྡུས་པའི་མཐེ་བོང་ལ་ཟླ་གདན། གཞན་བཞི་དང་སོར་མོ་ལྔ་བསྡུས་པའི་སེན་མོ་རྣམས་ལ་ཉི་མའི་གདན་རེ་རེ། གདན་དེ་རྣམས་ཀྱི་སྟེང་དུ་མཐེ་བོང་ལ་རྡོར་སེམས་ཀྱི་ངོ་བོ་ༀ་ཧ་དཀར་པོ། མཛུབ་མོ་ལ་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། གུང་མོ་ལ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། སྲིན་ལག་ལ་དཔལ་ཧེ་རུ་ཀའི་ངོ་བོ་ཥཊ་ཧེ་ནག་པོ། མཐེའུ་ཆུང་ལ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོ་དམར་སེར། སེན་མོ་རྣམས་ལ་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་གུ །རྣམས་བསམས་ལ། གཡོན་པའི་མཐིལ་དུ་པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བར། ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ༀ་བཾ་དམར་པོ། ཤར་གྱི་འདབ་མར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ཡ໋་སྔོན་པོ། དབང་ལྡན་དུ་ཟླ་བ་ལ་རྨོངས་བྱེད་མའི་ངོ་བོ་ཧྲ່་མ໋་དཀར་པོ། བྱང་དུ་ཉི་མ་ལ་བསྐྱོད་བྱེད་མའི་ངོ་བོ་ཧྲ່་ཧྲ່་སེར་པོ། ནུབ་ཏུ་ཉི་མ་ལ་སྐྲག་བྱེད་


JLD012_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ངོ་བོ་ཧཱུཾ་ཧཱུཾ་ལྗང་གུ །ལྷོའི་འདབ་མར་ཉི་མ་ལ་གཏུམ་བྱེད་མའི་ངོ་བོ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་གྱུར་པར་བསམ་པའམ། ཡང་ན་སྔགས་དེ་རྣམས་ལས་ལྷ་སོ་སོར་བསྒོམ་པའམ། སྔགས་དེ་རྣམས་ལས་རྡོ་རྗེ་སོགས་ཕྱག་མཚན་བཅུ་གཉིས་ཡོངས་སུ་གྱུར་པ་ལས་ལྷ་རྣམས་ཆོ་ག་གསུམ་གྱིས་བསྐྱེད་པའམ། ཡང་ན་གནས་སོ་སོར་ལྷ་རྣམས་དཀྲོང་བསྐྱེད་བྱའོ། །དེ་ཡང་ཡབ་རྣམས་ལ་ཡུམ་གྱིས་འཁྱུད་པ་དང་། ཡུམ་རྣམས་ལ་རང་རང་གི་ཡབ་ཀྱིས་འཁྱུད་པའམ། ཡང་ན་ཡབ་ཡུམ་རྐྱང་པ་བསྐྱེད་པ་རྣམས་གང་རུང་བྱའོ། །གོ་ཆ་དགོད་པ་ལ་ཡང་དེ་བཞིན་དུ་བྱའོ། །ལག་པའི་བོལ་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར། གོ་ཆའི་སྔགས་སམ་ལྷ་བཅུ་གཉིས་གསལ་བར་གྱུར། ཡང་ན་འཁོར་ལོ་གསུམ་གྱི་ལྷ་ཚོགས་བསམ་མོ། ། ལག་པའི་སའི་ཁམས་ནི་ལྟུང་བྱེད་མ། ཆུའི་ཁམས་ནི་གསོད་བྱེད་མ། མེའི་ཁམས་ནི་འགུགས་བྱེད་མ། རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མ། ནམ་མཁའི་ཁམས་ནི་པདྨའི་དྲ་བ་ཅན་གྱི་ངོ་བོར་གྱུར་པར་བསམས་ནས་ལག་པར་གནས་པའི་ས་བོན་གྱི་ཡི་གེ་རྣམས་ལ་ལག་པ་གཡས་པས་ཁུ་བའི་རྫས་བྱིན་གྱིས་བརླབས་པ་བླངས་ནས་ལག་པ་གཡོན་པའི་ཕྱི་ནང་ཀུན་ཏུ། ༀ་ཨཱཿ ཧཱུཾ། བརྗོད་ཅིང་ལན་གསུམ་དུ་བྱུགས་ལ། དེ་བཞིན་ཆང་གིས་ཀྱང་བྱུགས་ཏེ།ལག་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་ངོ་བོ་གྱུར་ པར་བསམ་པའམ། ཡང་ན་འཁོར་ལོ་ལྔའི་ལྷ་ཚོགས་སུ་མོས་པར་བྱའོ། །དེ་ནས་ཕྱོགས་བཙང་མར་ཁྲུ་གང་ལ་སོགས་ཇི་ཙམ་འཚམ་པའི་རྒྱ་ལ་བྱི་དོར་ལེགས་པར་བྱས་ནས། དེར་ལག་


JLD012_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཡོན་པ་གཏད་པའམ་བཞག་ལ། ཞལ་བཞི་པའི་སྔགས་བརྗོད། དེ་ནས་བདུད་རྩི་རིལ་བུ་དྲི་ཞིམ་པོ་དང་སྦྱར་བའམ། བདུད་རྩི་ལྔ་གང་རྙེད་པ་རྣམས་ནང་མཆོད་དང་བ་བྱུང་ལྔ་དང་སྦྱར་ལ་གཡོན་སྐོར་དུ་ཁྱེ་མ་མེད་པར་གྲུ་བཞིའི་རྣམ་པར་བྱུགས་ལ། དེའི་དབུས་སུ་ལག་པ་གཡོན་པ་བཞག་སྟེ། པཱུ་ཛ། ཨོ་ཨ། གོ་ར། དེ་མ། ཀཱ་ཨོ། ཏྲི་ཀོ །ཀ་ལ། ཀ་ཧི། པྲེ་གྲྀ། སཽ་སུ། ན་སི། མ་ཀུ། ༀ་པཱི་ཐཱ། ཀྵེ་ཏྲ། ཨུ་པ་པཱི་ཐཱ། ཀྵེ་ཏྲ། ཨུ་བཀྵེ་ཏྲ། ཙྪན་དོ་ཧ། ཨུ་པཙྪན་དོ་ཧ། མེ་ལ་ཀ །ཨུ་པ་མེ་ལ་ཀ །ཤྨ་ཤཱ་ནེ། ཨུ་པཤྨ་ཤཱ་ནེ། ཞེས་བརྗོད་ནས།ས་གཞི་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་གྱུར་པའི་གནས་དང་། ཉེ་བའི་གནས་ལ་སོགས་པས་དང་པོ་ལ་སོགས་པའི་རང་བཞིན་དུ་གྱུར་པར་མོས་ལ། དེ་ནས་ལྷ་གནས་མི་འཆོལ་བའི་ཕྱིར་དུ། རྩ་ཐིག་ཚུན་ཆད་ཇི་ཙམ་འཚམ་པའི་ཐིག་བཏབ་ལ། གཙོ་བོ་ཡབ་ཡུམ་དང་སྙིང་པོའི་རྣལ་འབྱོར་མ་བཞིའི་གནས་སུ། དྲི་བཟང་པོས་ཐིག་ལེ་གྲུ་བཞི་པ་རེ་དང་། ལྷ་གཞན་རྣམས་ཀྱི་གནས་སུ་ཟླུམ་པོ་རེ་བྱ་སྟེ། ༀ་ཨཱཿ ཧཱུཾ། བརྗོད་ཅིང་། མེ་ཏོག་གི་ཚོམ་བུ་རེ་ཡང་དགོད་དོ། །ཚོམ་བུ་དེ་དག་ལྷར་སྒོམ་པ་མ་ཡིན་གྱི། ཕྱིས་ལྷ་ལ་མེ་ཏོག་འབུལ་བའི་ཚེ་གནས་ངེས་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ནས་ཐོད་པ་ལ་སོགས་པའི་ནང་དུ། ནས་དང་། འོ་མ་དང་། མེ་ཏོག་དཀར་པོ་དང་། རྩྭ་ཀུ་ཤ་དང་། ཏིལ་དང་། བདུད་རྩི་ལྔ་དང་། འབྲས་ཡོས་དང་། དྲི་བཟང་བཏབ་པའི་ཆུ་བཞི་དང་། ཉེར་སྤྱོད་རོལ་མོ་དང་བཅས་པ་ལ་སོགས་པའི་མཆོད་རྫས་རྣམས། འབྲུ་གསུམ་དང་། ཡི་གེ་བདུན་པ་དང་ལས་ཐམས་ཅད་པ་བརྒྱ་རྩ་བརྒྱད་དམ་ལན་


JLD012_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱིས་བསྔགས་ལ། རང་གི་གཡོན་ངོས་སྣོད་གསུམ་དུ་ཆུ་བཞི། དེའི་མདུན་དུ་བཟེད་ཞལ་གསུམ་དང་བཅས་པ་བཞག །མེ་ཏོག་ལ་སོགས་པ་མདུན་བསྐྱེད་ཀྱི་གཡོན་ནས་འབུལ་བའི་རིམ་པ་བཞིན་དུ་བཤམ། རང་གི་མདུན་དུ་རྡོ་དྲིལ། གཡས་སུ་ཅང་ཏེའུ། གཡོན་དུ་ཐོད་པ་ཆང་གིས་བཀང་བ་རྣམས་བཤམ་མོ། །གཏོར་མ་འབྱོར་ན། ཤ་དང་ཉ་ཤ་དང་སྒོག་པ་དང་། བཙོང་ལ་སོགས་པ་དང་བཅས་པའམ། མ་འབྱོར་ན་ཇི་ལྟར་རྙེད་པ་ལ་སོགས་པ་ཡང་བཤམ་མོ། །དེ་ནས་འབྲུ་གསུམ་དང་། ༀ་སུམྦྷ། ཞེས་སོགས་བརྗོད་ཅིང་ནང་མཆོད་གཏོར་ལ། མཆོད་རྫས་ལ་སྐུ་བའི་བགེགས་བསྐྲད། ༀ་སྭ་བྷཱ་ཝ། ཞེས་སོགས་ཀྱིས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཀཾ་རཾ་ཨཱ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས་རོལ་མོ་ལ་སོགས་པ་རྣམས་རང་བཞིན་སྟོང་ཉིད་རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་ཁྱད་པར་ཅན་སྟེར་བར་གྱུར་པར་བསམས་ལ།ༀ་ཨཱཿ ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ། པཱདྱཾ། ཨཱཉྩ་མ་ཎཾ། པྲོ་ཀྵ་ཎཾ། ཞེས་དང་། བཛྲ་ནི་རྡོ་རྗེ་སྟེ་བདེ་སྟོང་དབྱེར་མེད་དང་། པུཥྤེ་མེ་ཏོག་སྟེ་ངོ་བོ་བདེ་སྟོང་དབྱེར་མེད་ལ་རྣམ་པ་མེ་ཏོག་ཧཱུཾ་གིས་ཡེ་ཤེས་ལྔའི་རང་བཞིན་དུ་བྱིན་གྱིས་རློབ་པ་སྟེ། གཞན་ལའང་དེ་བཞིན་དུ་ཤེས་པར་བྱའོ། ། ༀ་བཛྲ་པུཥྤེ་ཨཱཿ ཧཱུཾ། ཞེས་པ་ནས། ༀ་རཱུ་པ་བཛྲི་ཨཱཿ ཧཱུཾ། ཞེས་སོགས་རང་རང་གི་སྔགས་ཕྱག་རྒྱ་དང་


JLD012_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་བྱིན་གྱིས་བརླབ། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་དངོས་ནི། སྔ་མ་བཞིན་དུ་བསང་ཤིང་སྦྱངས་ལ། སྟོང་པའི་ངང་ལས་སྐད་ཅིག་གིས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་གཡས་གཡོན་གཉིས་སུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་མེ། དེ་བཞིན་དུ་ཆུ་དང་ས་དང་རི་རབ་དང་དེའི་སྟེང་དུ་སྣ་ཚོགས་པདྨ་རྣམས་སྒྲུབ་ཐབས་བཞིན་བསྐྱེད་ལ། དེའི་སྟེང་དུ་དབྱངས་གསལ་གྱི་ཡི་གེ་རྣམས་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་སྣང་བའི་ཟླ་བའི་དཀྱིལ་འཁོར་དཀར་ལ་དམར་བའི་མདངས་ཅན། རང་གི་སྙིང་ཁ་ནས་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་འཕྲོས་པ་སྣ་བུག་གཡས་པ་ནས་འཐོན་ཏེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་གྱུར་པར་བསམས་ལ། ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས་དཔལ་འཁོར་ལོ་བདེ་མཆོག་གི་ཡེ་ཤེས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་ཧཱུཾ་ལ་ཐིམ། ༀ་ཨཱཿ ཧཱུཾ། ༀ་སརྦ་བཱི་ར་ཡོ་གི་ནཱི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་བཛྲ་ཤུདྡྷཿ སརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཞེས་སྐད་ཅིག་མའི་སྔགས་གསུམ་བརྗོད་ནས།ཧཱུཾ་ཟླ་བ་དང་བཅས་པ་ཡོངས་སུ་གྱུར་པ་ལས། དཔལ་འཁོར་ལོ་སྡོམ་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུས་གཅིག་ཏུ་གྲུབ་པ་ནི། ཞེས་པ་ནི་མངོན་བྱང་ལྔ་བསྐྱེད་བསྡུས་པ་སྟེ། ཟླ་བའི་ཁ་དོག་དཀར་བ་དང་དབྱངས་ཡིག་མེ་ལོང་ལྟ་བུ་དང་། ཟླ་བའི་ཁ་དོག་དམར་བ་དང་ཀཱ་ལི་ནི་མཉམ་ཉིད་དང་། ཧཱུཾ་ཡིག་སོར་རྟོག་དང་། སྤྲོ་བསྡུ་སོགས་ནི་བྱ་བ་སྒྲུབ་པ་དང་། དཀྱིལ་


JLD012_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡོངས་སུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པའོ། །དེ་ཡང་ཁང་པ་བརྩེགས་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ཞེས་སོགས་སྒྲུབ་ཐབས་བཞིན་གཞལ་ཡས་ཁང་། བསྲུང་འཁོར་དུར་ཁྲོད་བརྟེན་པ་ལྷ་དྲུག་ཅུ་རྩ་གཉིས་དང་བཅས་པ་གསལ་གདབ། གོ་ཆ་དགོད། ཡེ་ཤེས་པ་གཞུག །དབང་བསྐུར་རྒྱས་གདབ་པའི་བར་རྣམས་བྱའོ། །ཡང་ན་གོ་ཆ་དང་། དབུ་རྒྱན་རང་ཆས་སུ་གྲུབ་པར་བསམས་ལ་གསལ་གདབ་བོ། །དེ་ནས་མཆོད་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱི་མཆོད་པར་གྱུར་པར་བསམས་ལ།དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་སྩོལ། །ༀ་ཨཱཿ ཧྲཱིཿ པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། ཞེས་རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས་མཆོད་ཡོན་གྱི་སྣོད་བཟུང་སྟེ་བཟེད་ཞལ་གྱི་སྣོད་དང་པོར་ལན་གསུམ་དབུལ། དེ་བཞིན་དུ་ཚིགས་བཅད་དང་སྔགས་སྔ་མ་བཞིན་དུ་བརྗོད་ལ། ཡོན་ཆབ་དང་ཨརྒྷཾ་ཞེས་པའི་གནས་སུ་ཆུ་གཞན་གསུམ་ལ་རིམ་པ་བཞིན། པཱདྱཾ། ཞེས་ ཞབས་བསིལ་དང་གཡས་པའི་ཁུ་ཚུར་བཅངས་ནས་མཐེབ་མཛུབ་ཀྱིས། སྣོད་གཉིས་པ་ནས་མེ་ཏོག་ཆུ་དང་བཅས་པ་བླངས་ཏེ་ཁ་གྱེན་དུ་བསྟན་ལ། འགྱིང་བ་དང་བཅས་པས་ལན་གསུམ་བསྐོར་ནས་མཛུབ་མོ་ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱས་བཟེད་ཞལ་གཉིས་པར་ཕུལ་ཏེ། ལྷ་རྣམས་ཀྱི་ཞབས་བཀྲུས་པར་བསམས། ཞལ་བསིལ་དང་ཆུ་སྣོད་གསུམ་པ་ནས་གཡས་པའི་ཁུ་ཚུར་གྱི། མཐེབ་མཛུབ་ཀྱིས་མེ་ཏོག་ཆུ་དང་བཅས་པ་བླངས་ཏེ་ཁུ་ཚུར་ཁ་འོག་ཏུ་བསྟན་ལ་མཐེའུ་ཆུང་ནས་


JLD012_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང་། ཨཱཉྩ་མ་ཎཾ། ཞེས་བཟེད་ཞལ་གསུམ་པར་ལན་གསུམ་ཕུལ་ཏེ། ཞལ་བཤལ་ཞིང་བཀྲུས་པར་བསམ། བསང་གཏོར་དང་སླར་ཡང་སྣོད་གསུམ་པ་ནས་གཡས་པའི་ཀུ་ཤའི་ཆུན་པོས་ཆུ་བླངས་ནས། བཟེད་ཞལ་གསུམ་པར་ལན་གསུམ་བསང་གཏོར་བྱས་ཏེ། པྲོཀྵ་ཎཾ་ཞེས་སྐུ་ཐམས་ཅད་ལ་གཏོར་བས་དག་པར་བསམས་ལ་ཆུ་བཞི་དབུལ། ཏིང་འཛིན་པིར་གྱིས་བྲིས་པའི་སྨིན་ལེགས་གཟུགས། །འཁྲི་ཤིང་གཞོན་ནུ་བཞིན་དུ་ལུས་ཕྲ་ཞིང་། །བཞིན་རས་རྒྱས་པས་ཟླ་བའི་མཛེས་པ་འཕྲོག །ཨུཏྤལ་སྔོན་པོའི་མིག་ཅན་མཆུ་སྒྲོས་དམར། །སྤེལ་ལེགས་མེ་ཏོག་ཕྲེང་བ་མཛིན་མཛད་མ། །འདོད་པའི་བདེ་ལ་ཆགས་པ་མང་སྤྲུལ་ཏེ། །དཀྱིལ་འཁོར་བ་རྣམས་དགྱེས་པ་བསྐྱེད་པའི་ཕྱིར། །ཉེར་སྤྱོད་ལྷ་མོའི་བདེ་བས་མཆོད་པར་བྱ། །རྗོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་དུ་བསྟན་ནས་གཏོར་བའི་ཕྱག་རྒྱ་དང་། ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་ཨཱཿ ཧཱུཾ་ ཞེས་མེ་ཏོག་དང་དེ་བཞིན་དུ་བདུག་སྤོས་ནས་ཞལ་ཟས་ཀྱི་བར་ལ་ཚིགས་བཅད་དང་སྔགས་སྔ་མ་བཞིན་དུ་བརྗོད་ལ། ཁྱད་པར་ནི་སྤེལ་ལེགས་མེ་ཏོག་ཕྲེང་བ་འཛིན་མཛད་མ་ཞེས་དང་། པུཥྤེ་ཞེས་པའི་གནས་སུ་རིམ་པ་བཞིན།དྲི་ཞིམ་བདུག་པའི་སྤོས་སྣོད་འཛིན་མཛད་མ། ཞེས་དང་། རྡོ་རྗེ་ཁུ་ཚུར་གཉིས་ཁ་ཐུར་དུ་བསྟན་ནས་སྤོས་འབུལ་བའི་ཕྱག་རྒྱ་དང་། དྷཱུ་པེ་ ཞེས་པས་བདུག་སྤོས་དང་། རིན་ཆེན་འོད་འབར་སྣང་གསལ་འཛིན་མཛད་མ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་གཤིབས་ཏེ་བསྒྲེང་བའི་ཕྱག་རྒྱ་དང་། དཱི་པེ་ ཞེས་མར་མེ་དང་། སྟོང་གསུམ་ངད་ལྡང་དྲི་མཆོག་


JLD012_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མཛད་མ། །རྡོ་རྗེ་ཁུ་ཚུར་བརྐྱངས་པའི་ཐལ་མོས་དྲི་བྱུག་པའི་ཕྱག་རྒྱ་དང་། གནྡྷེ་ ཞེས་དྲི་དང་། རོ་བརྒྱ་ལྡན་པའི་ཞལ་ཟས་འཛིན་མཛད་མ། །རྡོ་རྗེ་ཁུ་ཚུ་གཉིས་ཁ་གྱེན་དུ་བསྟན་ནས་ཐལ་མོ་བརྐྱང་པའི་ཕྱག་རྒྱ་དང་། ནཻ་ཝི་དྱ་ ཞེས་པ་རྣམས་བཅུག་ལ་ཞལ་ཟས་ཀྱི་བར་དབུལ། ཡིད་འོད་རོལ་མོའི་ཆ་བྱད་མཐའ་ཡས་ལས། །བྱུང་བའི་གདངས་སྙན་མི་འདྲ་དུ་མ་ཅན། །ཐོས་པས་ལུས་སེམས་གདུང་བ་ཞི་བྱེད་པ། །སྣ་ཚོགས་རོལ་མོའི་སྒྲ་ཡིས་མཆོད་པར་བྱ། །ༀ་བཛྲ་ཤཔྟ་པྲ་ཏཱིཙྪ་ཨཱཿ ཧཱུཾ་སྭཱ་ཧཱ། ཞེས་རོལ་མོ་དབུལ། ཕུལ་བྱུང་གཟུགས་མཛེས་ཡིད་འཕྲོག་རྒྱན་གྱིས་སྤུད། །ལང་ཚོ་རབ་རྒྱས་གླུ་དང་གར་ལ་མཁས། །དབང་པོ་དྲུག་ལ་རྨད་བྱུང་བདེ་བ་སྟེར། །ཀུན་གྱི་དགའ་བསྐྱེད་མཆོད་པའི་ལྷ་མོ་ནི། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་མས། །གདངས་སྙན་སྒྲ་ཡིས་རྣ་བའི་དགའ་སྟོན་འགྱེད། །རབ་འབྱམས་མཆོད་པའི་སྤྲིན་གྱིས་བདག་མཆོད་ན། །དགྱེས་བཞིན་བཞེས་ཏེ་མཆོག་རྣམས་སྩལ་ཏུ་གསོལ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་པི་ཝང་བརྡུང་བའི་ཚུལ་དང་། ༀ་བཛྲ་བཱི་ཎི་ཧཱུཾ་ཧཱུཾ་ཕཊ། གླིང་བུ་བསྒྱུར་བའི་ཚུལ་དང་། ༀ་བཛྲ་བཾ་ཤེ་ཧཱུཾ་ཧཱུཾ་ཕཊ། སོར་མོས་མཆན་ཁུང་གི་ཐད་དུ་རྔ་སྨྲི་ཏཾ་ག་བརྡུང་བའི་ཚུལ་དང་། ༀ་བཛྲ་སྨྲི་ཏཾ་གེ་ཧཱུཾ་ཧཱུཾ་ཕཊ། སོར་མོས་འོག་ཏུ་རྫ་རྔ་ཆེན་པོ་བརྡུང་བའི་ཚུལ་དང་། ༀ་བཛྲ་མུ་ར་ཛ་ཧཱུཾ་ཧཱུཾ་ཕཊ། པི་ཝང་ཞེས་པ་ནས་དགའ་སྟོན་འགྱེད་ཅེས་པའི་ཚིག་རྐང་གཉིས་ཀྱི་གནས་སུ།བཞིན་མཛེས་འཛུམ་དང་ལྡེམ་པའི་འགྱིང་བག་ཅན། །སྙན་པའི་གླུ་ལེན་མཛེས་པའི་གར་བསྒྱུར་མ། །ཞེས་བཅུག་ལ། གོང་གི་ཚིག་རྐང་བཞི་དང་། མཐའི་ཚིག་རྐང་གཉིས་སྔ་མ་བཞིན་དུ་སྦྱར་བའི་རྗེས་སུ། རྡོ་རྗེ་ཁུ་ཚུར་གཉིས་ཁ་ཕྱིར་


JLD012_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ་ཁ་འགྲམ་གཉིས་སུ་བཞག་པ་བཞད་པའི་ཚུལ་དང་། ༀ་བཛྲ་ཧཱ་སྱ་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་དཀུར་བཞག་སྟེ་བསྙེམས་པའི་ཚུལ་དང་། ༀ་བཛྲ་ལཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཏིང་ཤགས་དཀྲོལ་བའི་ཚུལ་དང་། ༀ་བཛྲ་གཱིརྟི་ཧཱུཾ་ཧཱུཾ་ཕཊ། གར་བསྐོར་བའི་ཚུལ་དང་། ༀ་བཛྲ་ནྲྀ་ཏྱ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་དེ། དེ་བཞིན་དུ་འོག་མ་གཉིས་ལའང་སྦྱར་ལ་ཁྱད་པར་ནི། མེ་ཏོག་ཀོན་བུ་དྲི་ཞིམ་བདུག་སྤོས་དང་། མར་མེའི་སྡོང་བུ་དྲི་ཡི་དུང་ཆོས་འཛིན། །སྔར་གྱི་མེ་ཏོག་ནས་དྲིའི་བར་གྱི་ཕྱག་རྒྱ་བཞི་རིམ་པ་བཞིན་བྱས་ལ། ༀ་བཛྲ་པུཥྤེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་དྷཱུ་པེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་དཱི་པེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་གནྡྷེ་ཧཱུཾ་ཧཱུཾ་ཕཊ། དྲི་མེད་མེ་ལོང་སྦྲང་ཆང་སྣོད་དང་ནི། །སྣ་ཚོགས་གོས་དང་ཆོས་ཀྱི་འབྱུང་གནས་འཛིན། །གཡོན་རྡོ་རྗེ་ཁུ་ཚུར་ཁ་ནང་དུ་བསྟན་པའི་སྟེང་དུ་གཡས་པའི་ལག་མཐིལ་ཕྱིར་བསྟན་ཏེ་བཞག་པ་མེ་ལོང་གི་ཕྱག་རྒྱ་དང་། ༀ་རཱུ་པ་བཛྲི་ཧཱུཾ་ཧཱུཾ་ཕཊ། སྔར་གྱི་ཞལ་ཟས་ཀྱི་ཕྱག་རྒྱའམ་ཡང་ན་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བ་རོའི་ཕྱག་རྒྱ་དང་། ༀ་ར་ས་བཛྲི་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གོས་འབུལ་བའི་ཕྱག་རྒྱ་དང་། ༀ་སྤརྴ་བཛྲི་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་བསྡམས་པ་ལས་མཐེའུ་ཆུང་རྩེ་སྤྲད་ལ་བརྐྱང་མཛུབ་མོ་གཉིས་དང་མཐེ་བོང་གཉིས་བརྐྱང་སྟེ་བསྐྱེད་པ་ཆོས་འབྱུང་གི་ཕྱག་རྒྱ་དང་། ༀ་དྷརྨཱཿ དྷཱ་ཏུ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་རིག་མ་བཅུ་དྲུག་གིས་མཆོད།རབ་འབྱམ་ཞིང་ན་ཇི་སྙེད་གཟུགས་མཆིས་པ། །ཡོངས་སུ་གྱུར་པ་ལས་བྱུང་ལྷ་མོ་ནི། །བཞིན་རས་འཛུམ་ཞིང་སྐུ་ཡི་མཛེས་པ་སྟོན། །གཟུགས་ཀྱི་རྡོ་རྗེ་མ་ཡི་མཆོད་པ་ཡིས། །གང་ཤར་གཟུགས་ཀྱི་སྣང་བ་


JLD012_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི། །གཟུགས་ཀྱི་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་སྩལ་ཏེ། །བདེ་སྟོང་མཆོག་གི་ཏིང་འཛིན་རྫོགས་པར་ཤོག །སྔར་གྱི་མེ་ལོང་གི་ཕྱག་རྒྱ་དང་། ༀ་རཱུ་པ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་གཟུགས་དང་། དེ་བཞན་དུ་ཚིགས་བཅད་གཞན་རྣམས་སྔ་མ་བཞིན་དུ་བརྗོད་ལ་ཁྱད་པར་ནི་གཟུགས་ཞེས་པ་འོག་མ་བཞི་ལ་རིམ་པ་བཞིན། སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་པས་བརྗེས་ནས། བཞིན་རས་འཛུམ་ཞིང་སྐུ་ཡི་མཛེས་པ་སྟོན། །ཞེས་པའི་གནས་སུ། སྙན་པའི་པི་ཝང་བརྡུང་ཞིང་གླུ་ལེན་མ། །ཞེས་པ་བཅུག་པའི་རྗེས་སུ། སྔར་གྱི་པི་ཝང་བརྡུང་པའི་ཚུལ་དང་། ༀ་ཤཔྟ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་དེ། དེ་བཞིན་དུ་འོག་མ་གསུམ་ལའང་ཤེས་པར་བྱའོ། ། བཟང་པོའི་དྲི་ཡིས་ཕྱོགས་ཀུན་རབ་འགེངས་མ། །ༀ་གནྡྷེ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་དང་། བདུད་རྩིས་གང་བའི་རིན་ཆེན་སྣོད་འཛིན་མ། ༀ་ར་ས་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་དང་། འཇམ་མཉེན་རེག་བྱ་མཆོག་གིས་ཡིད་འཕྲོག་མ། །ༀ་སྤརྴ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་འདོད་ཡོན་ལྔས་མཆོད་དོ། །དྲི་མེད་གསེར་གྱི་རྩིབས་སྟོང་འོད་འབར་བ། །རིན་ཆེན་ཨིནྡྲ་ནཱི་ལའི་ཏོག་གིས་མཛེས། །སྣ་ཚོགས་ཕྲ་བཀོད་མུ་ཏིག་ཆུན་འཕྱང་གིས། །ཁོར་ཡུལ་བརྒྱན་པའི་གདུགས་ཀྱིས་མཆོད་པར་བྱ། །གཡོན་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཐེ་བོའི་སྟེང་དུ་གཡས་པ་ཁ་ཐུར་དུ་བསྟན་པ་བརྐྱངས་ལ། ༀ་བཛྲ་ཙྪ་ཏྲཾ་ག་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་གདུགས་དང་། དྲང་ཞིང་ལྡེམ་པའི་རིན་ཆེན་ཡུ་བ་ནི། །ཟླ་ཕྱེད་རྡོ་རྗེ་རིན་ཆེན་རྩེ་མོ་ཅན། །དར་ལྕེ་གསུམ་པ་རླུང་གིས་བསྐྱོད་པ་ན། །སིལ་སིལ་འཁྲོལ་བའི་དྲིལ་ཆུང་སྒྲ་སྒྲོག་ཅིང་། །


JLD012_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཁུག་འཁྱོག་གི་འགྱིང་དང་རབ་ཏུ་ལྡན། །མཛེས་པའི་སྲོག་ཆགས་མཚན་མ་ཡོད་མེད་ཀྱི། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་དང་། །རབ་མཛེས་བ་དན་རྣམས་ཀྱིས་མཆོད་པར་བྱ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་གཡས་པའི་གྲུ་མོ་བཙུགས་པའི་རྡོ་རྗེ་ཁུ་ཚུར་ཕྲག་པ་གཡོན་ཕྱོགས་སུ་ཁྱེར་བ་དང་། ལག་པ་གཉིས་བརྐྱང་པའི་སྲིན་ལག་གི་ཚིགས་དབུས་མ་བཀུག་ནས། བ་དན་རྩེ་གསུམ་པའི་ཚུལ་དུ་བསྒྲེངས་ཏེ་ལག་པ་གཉིས་བརྐྱང་ནས་སྟེང་དུ་བཏེགས་པ་ལྟར་བཞག་ལ།ༀ་བཛྲ་ཀེ་ཏུ་པྲ་ཏིངྐ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་རྒྱལ་མཚན་དང་བ་དན། ནམ་མཁའི་རྒྱན་གྱུར་རིན་ཐང་མེད་པའི་གོས། །སྣ་ཚོགས་དར་གྱི་ཤམ་བུ་གཡོ་བ་ཅན། །ཙནྡན་སྦྲུལ་གྱི་སྙིང་པོའི་དྲིས་བསྒོས་པ། །རབ་འབྱམས་བླ་རེའི་སྤྲིན་གྱིས་མཆོད་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནམ་མཁའ་ལ་བླ་རེ་འདེགས་པའི་ཚུལ་ལམ། ཡང་ན་གཡོན་པང་པར་མཉམ་གཞག་བྱས། གཡས་ཁ་ཐུར་དུ་བསྟན་ཏེ་བླ་རེ་བསྐྱེད་པའི་བསམ་པས་ནམ་མཁའ་ལ་ཡོངས་སུ་བསྐོར་ལ། ༀ་བཛྲ་བི་ཏཱ་ན་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་བླ་རེ་དབུལ། འཛམ་བུ་ཆུ་བོའི་གསེར་ལས་ལེགས་བྱས་ཤིང་། །རྩིབས་སྟོང་ལྡན་པའི་དཔག་ཚད་ལྔ་བརྒྱ་པ། །ཉི་མ་གཉིས་པ་ལྟ་བུར་མཁར་འཕགས་ཏེ། །དཔག་ཚད་འབུལ་ལམ་ཉི་མ་གཅིག་གིས་གཅོད། །དེའི་མཐུས་ནམ་མཁའི་ལམ་ནས་དཔུང་ཚོགས་བཞི། །གླིང་བཞི་ལྷ་གནས་དང་པོར་བགྲོད་བྱེད་པའི། །འཁོར་ལོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཆོས་ཀྱི་སྲིད་ལ་དབང་སྒྱུར་


JLD012_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་ཤོག །ལག་པའི་མཁྲིག་མ་གཉིས་བསྣོལ་ཏེ། རྒྱབ་སྦྱར་ལ་སོར་མོ་རྣམས་གཅིག་ལ་གཅིག་འཁྱུད་དེ། མཐེ་བོང་གཉིས་ལག་པའི་མཐིལ་དུ་བཀུག་ལ། ༀ་བཛྲ་ཙཀྲ་རཏྣ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་འཁོར་ལོ།རིན་ཆེན་བཻ་ཌཱུརྱ་ཡི་ཟུར་བརྒྱད་ལས། །སྤྲོས་པའི་འོད་ཀྱིས་དཔག་ཚད་བརྒྱ་ཡི་བར། །མཚན་མོའང་ཉིན་མོ་བཞིན་དུ་སྣང་བྱེད་ཅིང་། །ཚ་བས་གདུངས་ཚེ་འོད་ཀྱིས་བསིལ་བ་སྟེར། །དེར་ནི་དུས་མིན་འཆི་དང་ནད་རྣམས་སེལ། །ཡིད་ལ་གང་བསམ་ཕལ་ཆེར་འབྱུང་འགྱུར་བའི། །ནོར་བུ་རིན་ཆེན་ཕུལ་བས་འགྲོ་ཀུན་གྱི། །ཆོས་ལྡན་རེ་བ་ཡིད་བཞིན་འགྲུབ་པར་ཤོག །ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ཚིགས་བཅག་སྟེ་མཐེ་བོང་གཉིས་རྩེ་སྤྲད་ཙཀྲ་རཏྣའི་གནས་སུ། མ་ཎི་རཏྣ་ ཞེས་ནོར་བུ་དང་། ཡིད་འོང་བལྟ་ན་སྡུག་པའི་བུད་མེད་ནི། །ལུས་དང་ཁ་ནས་དྲི་ཞིམ་རབ་ཏུ་འབྱུང་། །གང་གིས་རེག་ན་བདེ་བའི་མཆོག་སྟེར་ཞིང་། །གླིང་དེར་བཀྲེས་སྐོམ་མྱ་ངན་སེལ་བར་བྱེད། །བུད་མེད་སྐྱོན་ལྔ་སྤངས་ཤིང་ཡོན་ཏན་ནི། །རྣམ་པ་བརྒྱད་དང་རབ་ཏུ་ལྡན་གྱུར་པའི། །བཙུན་མོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །རྡོ་རྗེ་འབྱུང་བ་ལས། རྡོ་རྗེ་ཐལ་མོ་སྦྱར་བ་ལས། །མཛུབ་མོའི་རྩེ་མོ་བཀུག་ནས་ནི། །གུང་མོ་མཉམ་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་པའི་ཕྱག་རྒྱ་དང་། སྟྲཱི་རཏྣ། ཞེས་བཙུན་མོ། གཞན་ལ་མི་འཚེ་ཆོས་མ་ཡིན་པ་སྤངས། །ཡང་དག་ཐ་སྙན་ལས་ལ་སྐྱོ་བ་མེད། །ས་ཡི་བདག་པོའི་ཡིད་ལ་བསམས་པ་རྣམས། །མ་སྨྲས་པར་ཡང་ཤེས་ནས་སྒྲུབ་པར་བྱེད། །དཔུང་རྣམས་


JLD012_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དང་གནས་དང་ལྡོག་པ་ཡི། །བྱ་བ་ཀུན་ལ་རབ་ཏུ་མཁས་གྱུར་པའི། །བློན་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་སྐོང་བར་ཤོག །རྡོ་རྗེ་བསྡམས་པ་ལས། གུང་མོ་གཉིས་དང་ཐ་མ་བཞི་གཤིབས་ཏེ་བསྒྲེང་བའི་ཕྱག་རྒྱ་དང་། པ་རི་ཎཱ་ཡ་ཀ་རཏྣ། ཞེས་བློན་པོ་དང་།ཡན་ལག་བདུན་གནས་གངས་ཀྱི་རི་བོ་འདྲ། །རང་བཞིན་གླང་པོ་སྟོང་གི་སྟོབས་དང་ལྡན། །ཉི་མ་གཅིག་གིས་འཛམ་གླིང་ལན་གསུམ་འཁོར། །ཅང་ཤེས་སྐུད་པ་ཡིས་ཀྱང་བཀྲི་བར་ནུས། །གཞན་ལ་མི་གནོད་མི་འཁྲུག་དལ་གྱིས་འགྲོ། །ཕ་རོལ་སྡེ་ལས་རྒྱལ་བར་བྱེད་པ་ཡི། །གླང་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཐེག་པ་མཆོག་གི་བཞོན་པས་འགྲོ་བར་ཤོག །ལག་པ་གཡོན་པའི་མཐིལ་དུ་གཡས་པའི་གྲུ་མོ་བཞག་སྟེ་བསྒྲེངས་ལ། གཡས་པའི་ཁུ་ཚུ་འོག་ཏུ་གླང་པོའི་སྣ་ལྟར་བྱས་ཏེ། ག་ཛ་རཏྣ། ཞེས་གླང་པོ།མེ་ཏོག་ཀུ་མུ་དེ་བཞིན་རབ་ཏུ་དཀར། །ལྷ་ཡི་གཙུག་རྒྱན་ནོར་བུ་སོགས་ཀྱིས་བརྒྱན། །མདོག་དང་དབྱིབས་དང་བོངས་ཚོད་ཕུན་སུམ་ཚོགས། །བསྒོ་ན་ཉིན་གཅིག་འཛམ་གླིང་ལན་གསུམ་འཁོར། །ལུས་ལ་ནད་མེད་གཟི་བརྗིད་ཆེན་པོ་ཅན། ཡོངས་སུ་ངལ་བ་མེད་པའི་བཞོན་པ་ནི། །རྟ་མཆོག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྫུ་འཕྲུལ་མཆོག་གི་ཤུགས་དང་ལྡན་པར་ཤོག །རྡོ་རྗེ་ཁུ་ཚུར་བཅེར་བའི་གུང་མོ་གཉིས་དང་སྲིན་ལག་གཉིས་བརྐྱངས། མཐེ་བོང་གཉིས་རྣ་བ་ལྟར་བྱས་ལ། ཨ་ཤྭ་རཏྣ། ཞེས་རྟ་མཆོག ། རྡོ་རྗེ་རིན་ཆེན་མཐོན་ཀ་མར་གད་དང་། །གསེར་དང་


JLD012_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་དང་སྤུག་ལ་སོགས་པ་ནི། །ཟད་པ་མེད་པས་ས་ཕྱོགས་རབ་འགེངས་པ། །དེ་ཡི་འབྱོར་པ་ཤིན་ཏུ་བརྟན་པ་སྟེ། །གཡོ་དང་སྒྱུ་མེད་གཞན་ལ་གནོད་པ་མེད། །སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་འགྱུར་བའི། །ཁྱིམ་བདག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །གསུང་རབ་རིན་ཆེན་མཛོད་ཀུན་འཛིན་པར་ཤོག །ཐལ་མོ་གཉིས་བཀན་ལ་སྙིམ་པའི་ཚུལ་དུ་བྱས་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཞག་ལ། གྲྀ་ཧ་པ་ཏི་རཏྣ། ཞེས་ཁྱིམ་བདག་སྟེ་རིན་ཆེན་སྣ་བདུན་གྱིས་མཆོད། འཁོར་ལོའི་སྐབས་ཀྱི་སྔགས་ཀྱི་ཐོག་མཐའ་ཕྱི་མ་བདུན་ལའང་སྦྱར་རོ། །རིན་ཆེན་སྣ་བདུན་འབུལ་བའི་ཚིགས་བཅད་རྣམས་ནི་མདོ་དྲན་པ་ཉེར་གཞག་ལས་གསུངས་པའི་དོན་བསྡུས་པའོ། །མཆོད་པ་དེ་རྣམས་ནི་བུམ་དབང་དང་འབྲེལ་བའི་མཆོད་པའོ། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། དེ་ཡང་བདག་བསྐྱེད་ལ་མཆོད་པའི་ཚེ། ཐོད་པའི་མདུན་རང་དང་། མདུན་བསྐྱེད་ལ་མཆོད་པའི་ཚེ་ཕྱིར་བསྟན་ལ་གཡོན་པའི་མཐེབ་སྲིན་སྦྱར་ནས་གཡོན་སྐོར་དུ་ལན་གསུམ་དཀྲུགས་ཏེ། དབུས་སུ་སྙིང་པོ་བྱུང་བར་བསམས་ནས་མཐེབ་སྲིན་གྱིས་དབུས་ནས་བླངས་ལ། སྨིན་མཚམས་ཡན་གྱི་གྱེན་དུ་གཏོར་ཞིང་། མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད། ༀ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ་ཧཱུྃ་ཋ་ཋ་ཏྲཾ་ཨཱཿཁཾ་ཧཱུྃ། ༀ་ཨཱཿ ཧཱུཾ། ཞེས་བྱིན་གྱིས་བརླབས་ཏེ། རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར་པར་བསམས་ལ།མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་


JLD012_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་ཕུང་པོ་སྟོང་ཕྱག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དཔལ་ལྡན་བླ་མ་དམ་པའི་ཞལ་དུ་ༀ་ཨཱཿ ཧཱུཾ། ཞེས་རྩ་བའི་བླ་མ་དང་། དེ་བཞིན་དུ་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར། ༀ་ཨཱཿ ཧཱུཾ། བཏགས་ལ་དབུལ། དེ་ནས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་སྔགས་དང་། བླ་མེད་ཀྱི་ལྷ་གཞན་རྣམས་ཀྱི་སྔགས་ཀྱི་མཐར། ༀ་ཨཱཿ ཧཱུཾ། བརྗོད་ལ་སྙིང་ཁའི་ཐད་དུ་གྱེན་དུ་འཐོར་ཞིང་དབུལ། དེ་ནས་ལྕེ་རྩེ་སྨིན་མཚམས་སྤྱི་གཙུག་གསུམ་དུ་ཆང་གི་ཐིག་ལེ་བྱས་ནས། ཆོས་སྐྱོང་གི་སྔགས་ཀྱི་མཐར། ༀ་ཨཱཿ ཧཱུཾ་ བཏགས་ལ་དབུལ། དེ་ནས་ དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་ཐམས་ཅད་ཀྱི་ཞལ་དུ་ༀ་ཨཱཿ ཧཱུཾ། གཞི་བདག་གཉུག་མར་གནས་པ་རྣམས་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿ ཧཱུཾ། ཞེས་ལྟེ་བའི་ཐད་ནས་འཁོར་ཞིང་མཆོག་སྦྱིན་པའི་ཕྱག་རྒྱས་ཕུལ་ནས། རང་གི་ལྕེ་ལ་བཞག །ༀ་ཨ་མྲྀ་ཏ་སྭ་དན་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་མཉེས་པར་གྱུར། སྙིང་ཁའི་ཧཱུཾ་ལས་བྱུང་བའི་སྙིང་པོའི་རྣལ་འབྱོར་མ་བཞི་དང་། སྒོ་མཚམས་མ་བརྒྱད་ཀྱིས་ཐོད་པ་ན་གནས་པའི་བདུད་རྩི་ལྔས་མཆོད། པར་བསམས་ལ། ༀ་སརྦ་བཛྲ་ཀཱ་མི་ནི་སརྦ་བྷཀྵཾ། ཤོ་དྷ་ཡ་གུ་ཧྱ་བཛྲི་ཎི་སྭཱ་ཧཱ། མཉེས་ཤིང་ཚིམ་སྟེ་ལྷ་ཐམས་ཅད་ཀྱི་ཞལ་ནས། ༀ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ། ཅེས་གསུང་


JLD012_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམས། དེ་དག་ནི་གསང་དབང་དང་འབྲེལ་བའི་མཆོད་པའོ། །ཡབ་ཀྱི་གསང་གནས་མི་དམིགས་པ་ལས། ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བྱཱ་དམར་པོ་ལས་བྱུང་བའི་ནོར་བུ་དམར་པོ་རྩེ་མོ་ལ་བྱཱ་སེར་པོས་མཚན་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས། ཨ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་པ་བྱཱ་དཀར་པོ་ལས་བྱུང་བའི་བྱང་ཆུབ་སེམས་མཚོན་པའི་ལྟེ་བ་དཀར་པོ་རྩེ་མོར་བྱཱ་སེར་པོས་མཚན་པ། ཡབ་ཀྱི་ལྟེ་བར་ཟླ་གདན་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཐུགས་ཀར་ཟླ་གདན་ལ། ༀ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། མགྲིན་པར་ཉི་གདན་ལ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་ཤཾ་བ་རཾ་སྭཱ་ཧཱ། ཡུམ་གྱི་ལྟེ་བར་ཉི་གདན་ལ་ༀ་ཤྲཱི་བཛྲ་ཧ་ཧེ། ཞེས་པ་ནས་ ཤཾ་བ་རཾ་སྭཱ་ཧཱ། ཐུགས་ཀར་ཉི་གདན་ལ། ༀ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ། མགྲིན་པར་ཟླ་གདན་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། དཔྲལ་བར་ཟླ་གདན་ལ། ༀ་སརྦ་བུདྡྷ། ཞེས་པ་ནས་ སྭཱ་ཧཱའི་སྔགས་རྣམས་ཁ་དོག་དམར་པོ་འོད་ཟེར་འཕྲོ་བ་གཡོན་སྐོར་དུ་གནས་པ། ཕན་ཚུན་དུ་ཞལ་སྦྱོར་ཞིང་འོད་ཟེར་འཁྱུད་པའི་རྣམ་པ་ཅན་དུ་གྱུར། ༀ་ཨཱཿ ཧཱུཾ་ ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། མགྲིན་པ་ནས་སྙིང་ཁར་སླེབ་པ་ན་མཆོག་དགའ། སྙིང་ཁ་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་དགའི་


JLD012_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྐྱེས་པས། ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར། པར་བསམ་པ་ནི་གསང་མཆོད་དེ། དེ་དག་ནི་དབང་གསུམ་པ་དང་འབྲེལ་བའི་མཆོད་པའོ། །དཀྱིལ་འཁོར་བའི་ལྷ་རྣམས་ལྷན་སྐྱེས་ཀྱི་བདེ་བ་དང་། དེ་ཁོ་ན་ཉིད་དབྱེར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དེ་ཁོ་ན་ཉིད་མཆོད་པས་དགྱེས་པར་གྱུར། པར་བསམ་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། དབང་བཞི་པ་དང་འབྲེལ་བའི་མཆོད་པའོ། །དེ་ནས་ལག་པ་གཡོན་པས་དཀྱིལ་འཁོར་གྱི་དབུས་སུ། ༀ་ཨཱཿ ཧཱུཾ་ ཞེས་གཙོ་བོ་ཡབ་ཡུམ་གཉིས་ལ་མེ་ཏོག་དབུལ། ཁ་ཅིག་སྤྱིར་མེ་ཏོག་དབུལ་ཞེས་གསུང་ངོ་། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང་། ཉེ་སྙིང་གིས་མེ་ཏོག་དབུལ་ལོ། །དེ་ནས་མཁའ་འགྲོ་མ་ནས་བཟུང་སྟེ། གཤིན་རྗེ་འཇོམས་མའི་བར་ལ་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་གྱིས་ལྷ་རང་རང་གི་གནས་སུ། ༀ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་པ་ནས། ༀ་ཡ་མ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ། ཅེས་པའི་བར་ལྷ་རང་རང་གི་སྔགས་ཀྱིས་མེ་ཏོག་དབུལ་ལོ། །དེ་ནས་ལག་པ་ལ་བཀོད་པའི་ལྷ་རྣམས་ལ། ༀ་ཧ་ ཞེས་སོགས་བརྗོད་ཅིང་ལྷ་རང་རང་གི་གནས་སུ་ལག་པ་གཡས་པས་མེ་ཏོག་དབུལ་ལོ། །ལག་པའི་བོལ་ལ་ལྷ་རྫོགས་པར་བཀོད་པ་ཡིན་ན། ༀ་ཧཱུཾ་བཾ་རཾྀ་རཱཾྀ་ལཾྀ་ལཱཾྀ་ཀཾ་ཁཾ། ཞེས་པ་ནས། ཤཾ་ཥཾ་སཾ་ཧཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་བར་གྱི་མ་ཡིག་དོར་བ་རྣམས་བརྗོད་ལ་མེ་ཏོག་དབུལ། དེ་ནས་ལག་པ་གཡོན་པས་མེ་ཏོག་བཟུང་རྐང་བརྒྱད་ཀྱི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དབུས་སུ་མེ་ཏོག་དོར་ལ། གཡོན་པའི་དཀུར་ཕྱག་རྒྱ་བཅས་ནས་གཡས་གཡོན་གྱི་དཔུང་


JLD012_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མགོར་པད་ཀོར་བྱས་ཏེ། མགོ་བོར་ཐལ་མོ་སྦྱར་ནས་འདུད་པའི་ཚུལ་བྱས་པས། ལག་པའི་ལྷའི་འཁོར་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་བསྟོད་པ་ནི། ལྷ་རང་རང་གི་སྙིང་པོ་ལ་སོགས་པའི་སྔགས་རྫོགས་པར་བརྗོད་ནས།ༀ་ན་མོ་བྷཱ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ན་ཧཱ་ཀལྤཱ་ཀྣཱི་སཾ་ནི་བྷཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ས་ཧ་སྲ་བྷཱུ་ཛ་བྷཱ་སུ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་པ་ད་ཤུ་པ་ཤོ་དེ་ཏ་ཤཱུ་ལ་ཁ་ཊྭཱཾ་ཧ་དྷཱ་རི་ཎི་ཧཱུཾ་ཧཱུཾ་ཕཊ། ༀ་བྱཱ་གྷྲ་ཛི་ནཱམྦ་རཱ་དྷ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་མ་ཧཱ་དྷཱུ་མཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧཱུཾ་ཧཱུཾ་ཕཊ། ༀ་ཀལྤ་ཆེན་པོའི་མེ་དང་མཉམ་པའི་འོད་ཧཱུཾ་ཧཱུཾ་ཕཊ། ༀ་རལ་པའི་ཅོད་པན་མི་བཟད་པ་དང་ལྡན་ཧཱུཾ་ཧཱུཾ་ཕཊ། ༀ་མཆེ་བ་རྣམ་པར་གཙིགས་པ་འཇིགས་པའི་ཞལ་ཧཱུཾ་ཧཱུཾ་ཕཊ། ༀ་སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན་ཧཱུཾ་ཧཱུཾ་ཕཊ། ༀ་དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊཱཾ་འཛིན་ཧཱུཾ་ཧཱུཾ་ཕཊ། ༀ་སྟག་གི་པགས་པའི་ཤམ་ཐབས་འཛིན་པ་ཅན་ཧཱུཾ་ཧཱུཾ་ཕཊ། ༀ་སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད་ཧཱུཾ་ཧཱུཾ་ཕཊ། ཅེས་ཡབ་ཀྱི་རྐང་བརྒྱད་དང་།ༀ་ན་མོ་བྷ་ག་ཝ་ཏེ་བཛྲ་ཝཱ་རཱ་ཧཱི་བཾ་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་ཨཱརྱ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོཀྱ་མཱ་ཏེ་བཱིདྱ་ཤྭ་རཱི་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་སརྦ་བྷཱུ་ཏ་བྷ་ཡཱ་བཾ་ཧེ་མཧཱ་བཛྲེ་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་བཛྲ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤྱཾ་ཀ་རི་ནེ་ཏྲ་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་བཧྣ་ཎི་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷེ་ཀ་རཱ་ལི་ནེ་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་ཏྲཱ་ས་ནི་མཱ་ར་ཎི་པྲ་བྷཻ་ད་ནཱི་པ་རཱ་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ༀ་ན་


JLD012_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བཛྲ་བཱ་རཱ་ཧི་མ་ཧཱ་ཡོ་གི་ནི་ཀཱ་མེ་ཤྲ་རི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། ༀ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ཧཱུཾ་ཧཱུཾ་ཕཊ། ༀ་འཕགས་མ་རིག་པའི་དབང་ཕྱུག་ཁམས་གསུམ་གྱིས་མི་ཐུབ་ཧཱུཾ་ཧཱུཾ་ཕཊ། ༀ་འབྱུང་པོའི་འཇིགས་པ་ཐམས་ཅད་རྡོ་རྗེ་ཆེན་པོས་འཇོམས་ཧཱུཾ་ཧཱུཾ་ཕཊ། ༀ་རྡོ་རྗེ་གདན་བཞུགས་གཞན་གྱིས་མི་ཐུབ་དབང་བྱེད་སྤྱན་ཧཱུཾ་ཧཱུཾ་ཕཊ། ༀ་གཏུམ་མོ་ཁྲོ་མོའི་གཟུགས་ཀྱིས་ཚངས་པ་སྐེམ་མཛད་མ་ཧཱུཾ་ཧཱུཾ་ཕཊ། ༀ་བདུད་རྣམས་སྐྲག་ཅིང་སྐེམ་པས་གཞན་གྱི་ཕྱོགས་ལས་རྒྱལ་ཧཱུཾ་ཧཱུཾ་ཕཊ། ༀ་རྨུགས་བྱེད་རེངས་བྱེད་རྨོངས་བྱེད་ཀུན་ལས་རྣམ་པར་རྒྱལ་ཧཱུཾ་ཧཱུཾ་ཕཊ། ༀ་རྡོ་རྗེ་ཕག་མོ་སྦྱོར་ཆེན་འདོད་དབང་མ་ལ་འདུད་ཧཱུཾ་ཧཱུཾ་ཕཊ། ཅེས་ཡབ་ཡུམ་གྱི་རྐང་བརྒྱད་གཉིས་པོ་སྔགས་དང་ཚིགས་བཅད་གང་ཡང་རུང་བས་བསྟོད་དོ། །རྒྱས་པ་ལ་སྤྲོ་ན། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་བསྟོད་པ་རྒྱུན་ཆགས་དང་། དཱ་རི་ཀ་པས་མཛད་པ་དང་། རིན་ཆེན་རྡོ་རྗེས་མཛད་པའི་བསྟོད་པ་ཆེ་ཆུང་གཉིས་ལ་སོགས་པས་ཀྱང་བསྟོད་དོ། །དེ་ནས།བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཞེས་པ་ནས། འཁོར་འདས་མ་ལུས་འདྲེན་པའི་དཔལ་དུ་གྱུར། །ཅེས་པའི་བར་བྷུ་རི་བའི་རྒྱུན་བཤགས་ཀྱི་དོན་ཡིད་ལ་དྲན་པའི་སྒོ་ནས་སྡིག་བཤགས་སོགས་བྱའོ། །དེ་ཙམ་མི་ནུས་ན། ཐོག་མ་མེད་ནས་འཁོར་བ་ན། །ཆགས་སོགས་རྟོགས་པའི་རང་བཞིན་གྱིས། །སྡིག་བགྱིས་མགོན་པོའི་སྤྱན་སྔ་རུ། །མ་ལུས་སོ་སོར་བཤགས་པར་བགྱི། །རྒྱུ་དང་ལམ་དང་འབྲས་བུ་ཡིས། །ཉེར་བསྡུས་འགྲོ་བ་ཐམས་ཅད་ཀྱི། །བསོད་ནམས་ཚོགས་ནི་མ་ལུས་ལ། །རྟག་པར་བདག་ནི་ཡི་རང་ངོ་། །རྡོ་རྗེ་ཡེ་ཤེས་ཐུགས་


JLD012_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་ནས། །ཤིང་དབང་དྲུང་ན་བཞུགས་གྱུར་པའི། །འགྲོ་ལ་ཉེར་བརྩེ་ཐུབ་དབང་རྣམས། །ཆོས་ཀྱི་འཁོར་ལོ་བསྐོར་ཏུ་གསོལ། །རྒྱལ་བའི་མཛད་པ་རྫོགས་གྱུར་ཏེ། །མགོན་པོ་དབྱིངས་སུ་གཤེགས་བཞེད་ལ། །སེམས་ཅན་སྡུག་བསྔལ་བྲལ་བར་དུ། །མྱ་ངན་མི་འདའ་བདག་གསོལ་འདེབས། །བདག་ནི་ཐུབ་དབང་མ་གྱུར་བར། །སངས་རྒྱས་ལ་སོགས་ཆོས་རྣམས་དང་། །དཔའ་བོ་རྣལ་འབྱོར་མ་ཚོགས་བཅས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རྣལ་འབྱོར་ལམ་ལ་གནས་བགྱི་ཞིང་། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །གྲོལ་བར་བདག་གིས་བསྒྲུབ་པར་བགྱི། །བསྟེན་སོགས་དགེ་བ་དེ་དག་གིས། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །སངས་རྒྱལ་ཉིད་དུ་བདག་གྱུར་ནས། །འགྲོ་བ་ཡོངས་སུ་སྒྲོལ་བྱེད་ཤོག །ཅེས་སྡིག་བཤགས་སོགས་བྱའོ། །དེ་ནས།དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ཐུན་མོང་གི་སྡོམ་གཟུང་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་པ་ནས། སེམས་ཅན་མྱང་ངན་འདས་ལ་དགོད། །ཅེས་པའི་བར་གྱིས་ཐུན་མོང་མ་ཡིན་པའི་སྡོམ་གཟུང་ཡང་བྱའོ། །གཏོར་མ་གཉིས་ལས་མེད་ན། དང་པོ་བདེ་མཆོག་གི་ལྷ་ཚོགས་དང་། གཉིས་པ་དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་སོགས་ལ་དབུལ་ཞིང་གསུམ་པ་ལ་སོགས་པ་ཡོད་ན་རང་གི་


JLD012_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་དང་གཞི་བདག་སོགས་ཇི་ལྟར་རིགས་པ་ལ་དབུལ་ལོ། །དེ་ཡང་ཚོགས་དང་མ་འབྲེལ། སྡིག་བཤགས་ཀྱི་གོང་དུ་འབྲེལ་ན་བཟླས་པའི་གོང་དུ་ཕུལ་ལ། ཚོགས་མཆོད་ནས་ལྷག་གཏོར་གྱི་བར་བྱའོ། །ཡང་ན་བཟླས་པ་དང་དངོས་གྲུབ་ཞུ་བའི་རྗེས་སུ་དབུལ་ལོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མེ་ལོང་གི་གཟུགས་བརྙན་བཞིན་གསལ་བར་དམིགས་ལ། ལྷ་ཐམས་ཅད་ཀྱི་སྔགས་བཟླ། ཁྱད་པར་དུ་ཡབ་ཡུམ་གཉིས་གྱི་རྩ་སྔགས་གཉིས། སྙིང་པོ་གཉིས། ཉེ་སྙིང་གཉིས། གོ་ཆ་གཉིས་ཏེ་རིན་ཆེན་རྣམས་གཙོ་བོར་བཟླའོ། །བཟླ་བའི་མཐར་ཏིང་ངེ་འཛིན་ལས་ལངས་ཏེ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་དངོས་གྲུབ་ཞུ་བའི་ཕྱིར་གསོལ་བ་གདབ་པ་ནི།ཧཱུཾ་དེ་བཞིན་གཤེགས་པ་ཐམས་ཅད་དང་། །དཔའ་བོ་དང་ནི་རྣལ་འབྱོར་མ། །མཁའ་འགྲོ་དང་ནི་མཁའ་འགྲོ་མ། །ཀུན་ལ་བདག་ནི་གསོལ་བ་འདེབས། །བདེ་བ་ཆེ་ལ་དགྱེས་པའི་ཧེ་རུ་ཀས། །བདེ་བས་རབ་མྱོས་མ་ལ་བསྙེན་བྱས་ནས། །ཆོ་ག་བཞིན་དུ་ལོངས་སྤྱད་པ་ཡིས་ནི། །ལྷན་སྐྱེས་བདེ་བའི་སྦྱོར་བ་ལ་ཞུགས་སོ། །ཨ་ལ་ལ་ལ་ལ་ཧོཿ ། ཨ་ཨི་ཨ་ཨ་ར་ལི་ཧོཿ ། དྲི་མེད་མཁའ་འགྲོའི་ཚོགས་རྣམས་ཀྱིས། །བརྩེ་བས་གཟིགས་ལ་ལས་ཀུན་མཛོད། །བདེ་བ་ཆེན་པོས་ཡིད་ནི་རབ་བསྐྱོད་པས། །ལུས་ནི་ཀུན་ཏུ་གཡོ་བའི་གར་གྱིས་ནི། །ཕྱག་རྒྱའི་པདྨར་རོལ་པའི་བདེ་བ་ཆེས། །རྣལ་འབྱོར་མ་མཆོག་རྣམས་ལ་མཆོད་པར་མཛོད། །ཡིད་འོང་ཞི་བའི་ཉམས་ཀྱིས་གར་མཛད་པ། །རབ་དགྱེས་མགོན་པོ་ཁྱོད་དང་མཁའ་འགྲོའི་ཚོགས། །བདག་


JLD012_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གི་མདུན་དུ་བཞུགས་ཏེ་བྱིན་རློབ་ལ། །ལྷན་སྐྱེས་བདེ་ཆེན་བདག་ལ་སྩལ་ཏུ་གསོལ། །བདེ་ཆེན་ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །བདེ་ཆེན་སྤངས་པའི་དཀའ་ཐུབ་དུ་མ་ཡིས། །ཚེ་གཅིག་གྲོལ་བར་མི་བཞེད་བདེ་ཆེན་ཀྱང་། །ཆུ་སྐྱེས་མཆོག་གི་དབུས་ན་གནས་པ་ཡིན། །འདམ་གྱི་དབུས་སུ་སྐྱེས་པའི་པདྨ་བཞིན། །ཆགས་ལས་སྐྱེས་ཀྱང་ཆགས་པའི་སྐྱོན་མ་གོས། །རྣལ་འབྱོར་མ་མཆོག་པདྨའི་བདེ་བ་ཡིས། །སྲིད་པའི་འཆིང་བ་མྱུར་དུ་གྲོལ་བར་མཛོད། །སྦྲང་རྩིའི་འབྱུང་གནས་རྣམས་ཀྱི་སྦྲང་རྩིའི་བཅུད། །བུང་བའི་ཚོགས་ཀྱིས་ཀུན་ནས་འཐུངས་པ་ལྟར། །མཚན་ཉིད་དྲུག་ལྡན་མཚོ་སྐྱེས་རྒྱས་པ་ཡིས། །བཅུད་བཅིངས་པ་ཡི་རོ་ཡིས་ཚིམ་པར་མཛོད། །ཅེས་དཔྱིད་ཀྱི་རྒྱལ་མོའི་གླུ་བྱའོ། །དེ་ཡང་འོག་མ་རྣམས་ཀྱི་ཤོ་ལོ་ཀ་རེའི་ཐོག་མར།ཧཱུཾ་དེ་བཞིན་གཤེགས་པ་ཐམས་ཅད་དང་། །ཞེས་པ་ནས། ཀུན་ལ་བདག་ནི་གསོལ་བ་འདེབས། །ཞེས་པའི་བར་སྦྱར། ཤོ་ལོ་ཀ་རེ་རྫོགས་པའི་མཐར། ཨ་ལ་ལ། ཞེས་པ་ནས། བརྩེ་བས་གཟིགས་ལ་ལས་ཀུན་མཛོད། །ཅེས་པའི་བར་སྦྱར་ལ་གདོན་པར་བྱའོ། །དེ་ནས། ༀ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ། ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཧཱུཾ་ཕཊ། ཅེས་ལྷག་ཆད་ཀྱི་ཉེས་པ་རྣམས་ཞི་བའི་ཕྱིར་དུ་མང་དུ་བཟླ། དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །


JLD012_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ཞེས་པས་བཟོད་པར་གསོལ། བསྟན་པ་རྒྱས་པ་ལ་སོགས་པའི་དོན་གསོལ་བ་བཏབ་ལ།སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ལྷ་མོ་ཚད་མ། ཞེས་སོགས་དང་། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་ཤོག །ཅེས་དང་། དགེ་བ་ཅུང་ཟད་ཙམ་ཡང་རྒྱལ་སྲས་ཀྱི། །ཐབས་མཁས་སྨོན་ལམ་མཆོག་གིས་ཟིན་གྱུར་ན། །ཞེས་པ་ནས། རྣལ་འབྱོར་དབང་ཕྱུག་བྱེ་བས་བགྲོད་གྱུར་པའི། །བདེ་མཆོག་བཤད་སྒྲུབ་ཤིན་ཏུ་ཉམས་པ་འདི། །ཆེས་ཆེར་རྒྱས་ཤིང་ཐར་འདོད་འཇུག་ངོགས་སུ། །ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ཅིག །ཚུལ་དེ་བསྒྲུབ་ལ་ཐོགས་མེད་མཐུ་ལྡན་པ། །འཛམ་གླིང་གནས་མཆོག་ཉི་ཤུ་རྩ་བཞི་ཡི། །དཔའ་བོ་རྣལ་འབྱོར་མ་ནི་འཁོར་བཅས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་ཤོག །ཅེས་སྨོན་ལམ་གདབ་པར་བྱའོ། །དེ་ནས་གཤེགས་སུ་གསོལ་བ་ནི།ༀ་ཡོ་ག་ཤཱུདྡྷཱ། སརྦ་དྷརྨ་ཡོ་ག་ཤུད་དྷོ྅ཧཾ། ཞེས་བརྗོད་ཅིང་རྣམ་


JLD012_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་འདོད་པའི་ཕྱོགས་སུ་བསྐོར་བ་བྱས་ལ། མཐར་འཁྱུད་པའི་ཚུལ་བྱས་ནས། ༀ་བཛྲ་མུཿ ཞེས་སེ་གོལ་གདབ་ཅིང་། སྲིན་ལག་གིས་མཎྜལ་གྱི་ཚོམ་བུ་ལ་རེག་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཞུ་ནས་ཧཱུཾ་དུ་གྱུར་ཏེ་རང་གི་སྣ་བུག་གཡོན་ནས་ཞུགས། སྙིང་ཁའི་ཧཱུཾ་ཡིག་ལ་ཐིམ་པར་གྱུར། པར་བསམས། དེ་ནས་དཀྱིལ་འཁོར་གྱི་ཚོམ་བུ་རྣམས་དབུས་སུ་བསྡུས་ནས། ༀ་ཨཱཿ ཧཱུཾ། ཞེས་བཟླས་པའི་ཆུ་གཙང་མས་རི་མོ་རྣམས་བསུབས་ལ་རྗེས་མི་མངོན་པར་བྱའོ། །དེ་ནས་ཤིས་བརྗོད་བྱ་ཚུལ་ནི། རབ་ཡངས་ནམ་མཁའ་ཏིལ་གྱི་གང་བུ་བཞིན། །ཡོངས་སུ་གང་བའི་བདེ་མཆོག་ལྷ་ཚོགས་ནི། །ཞེས་པ་ནས། ཞིང་གི་འབྱོར་པ་ཕུལ་དུ་བྱུང་བ་ཡིས། །དགེ་ལེགས་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག །ཅེས་པའི་བར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བྱའོ། །ཟས་ལ་ལོངས་སྤྱོད་པའི་ཚེ་སྤྱི་དང་། ཁྱད་པར་དུ་ཚོགས་ཀྱི་འཁོར་ལོ་སོགས་དང་། ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་ལག་མཆོད་བྱེད་པར་གསུང་པས་དེའི་ཚུལ་ནི། དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་ལ་སོགས་པའི་ཕྱི་མཆོད་དང་། ཤ་ཆང་སོགས་གོང་བུ་དང་། ཁུ་བའི་རྫས་ཅི་འབྱོར་པ་རྣམས་བསངས་སྦྱངས་བྱིན་གྱིས་བརླབ། ཁྱད་པར་ཤ་ཆང་སོགས་ཀྱི་བཟའ་བཏུང་རྣམས་གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ་མདུན་དུ་བཞག་ལ། ལག་པ་གཡས་པའི་མཐེབ་སྲིན་གྱིས་ནང་མཆོད། ༀ་ཨཱཿ ཧཱུཾ། ཞེས་བརྗོད་ཅིང་། གཡོན་པ་ལ་བསང་གཏོར་བྱས་ལ། ལག་པ་མཉེ་བར་བྱའོ་ཞེས་པ་ནས།ལག་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་ལྷའི་ངོ་བོར་གྱུར། པར་བསམ། ཡང་ན་འཁོར་ལོ་ལྔའི་ལྷ་ཚོགས་


JLD012_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མོས་པར་བྱའོ། །ཞེས་པའི་བར་སྔར་ལག་པ་སྦྱང་པའི་སྐབས་ལྟར་བྱས་པའི་རྗེས་སུ། ༀ་ཨཱཿ ཧཱུཾ། ཞེས་དང་། རྐང་བརྒྱད་ཀྱི་སྔགས་བརྗོད་ཅིང་། ཁུ་བའི་རྫས་ཐུག་པ་དང་། ཞོ་ལ་སོགས་པ་ལག་པ་གཡས་པས་གཡོན་པའི་སྟེང་དུ་བཞག་ལ་དབུལ། དེ་བཞིན་དུ་ཤ་དང་ཟན་ལ་སོགས་པ་གོང་བུའི་རྫས་རྣམས་ཀྱང་། ལག་པའི་ལྷ་ལ་དབུལ། དེ་ནས། ༀ་ཧ་ༀ་ཨཱཿ ཧཱུཾ། ཞེས་སོགས་གོ་ཆའི་སྔགས་ལ་འབྲུ་གསུམ་བཏབས་པ་བརྗོད་ལ་ཆང་གིས་ཀྱང་མཆོད་དོ། །དེ་ནས་ཡབ་ཀྱི་གོ་ཆ་ལ་གཡས་སྐོར་དང་ཡུམ་གྱི་གོ་ཆ་ལ་གཡོན་སྐོར་དང་། འཁོར་ལོའི་ལྷ་ལ་ཕྱོགས་གཡོན་དང་། མཚམས་གཡས་སྐོར་གྱིས་ཕུལ་ནས། ཉེར་སྤྱོད་ལྔ་དང་རིག་མ་བཅུ་དྲུག་གིས་ཀྱང་མཆོད་ལ། རྐང་པ་བརྒྱད་པ་སོགས་ཀྱིས་བསྟོད་ནས་ལྷག་ཆད་ཀྱི་ཉེས་པ་ཞི་བའི་ཕྱིར་དུ་ཧེ་རུ་ཀའི་ཡིག་བརྒྱ་བརྗོད་ལ། ཚོགས་དང་འབྲེལ་ན་དེ་བྱིན་གྱིས་བརླབ་པའི་དོན་དང་། སྐབས་གཞན་ཡིན་ན་སྐབས་དང་མཐུན་པར་འདོད་དོན་ལ་གསོལ་བ་གདབ་བོ། །ལག་པ་ལ་མཆོད་པའི་རྫས་དེ་རྣམས་ཕྱེད་ནི་ཚོགས་ཀྱི་བཟའ་བཏུང་ངམ། རང་བཟའ་བའི་བཟའ་བཏུང་ལ་བསྲེ་ཞིང་། ཕྱེད་ནི་སྣོད་གཞན་ཞིག་ཏུ་བཅུག་སྟེ་གཞག་པར་བྱའོ། །ཕྱི་མ་འདི་ལྟར་བྱས་ན་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་ཡོད་པར་བླ་མ་ཁ་ཅིག་བཞེད་དོ། །དེ་ནས་ལག་པ་གཡོན་པ་ལ་གོས་པའི་རྫས་རྣམས་གཡས་པས་བསྡུས་ཏེ་གཡོན་པའི་ལག་མཐིལ་དུ་བཞག །དེ་ནས་གཡོན་པའི་མཐེབ་སྲིད་གྱིས་བཟུང་ནས། ༀ་ཨཱཿ ཧཱུཾ་ ཞེས་རིམ་པ་བཞིན་སྙིང་ག་དང་། ལྕེ་དང་། མགོ་བོར་བྱུགས་ཏེ་པད་ཀོར་བྱས་ནས་མགོ་བོར་བཞག་ལ། ༀ་ཡོ་ག་ཤུད་དྷཱཿ ཞེས་སོགས་བརྗོད་པས་ལག་པའི་ལྷ་རྣམས་སྤྱི་བོ་ནས་ཞུགས་ཏེ། བདག་ཉིད་ལ་


JLD012_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་པར་བྱའོ། །ལག་པ་ལ་གོས་པའི་རྫས་ལྷག་མ་རྣམས་ལག་པ་ཕན་ཚུན་མཉེས་ལ་མགོ་དང་། ཡན་ལག་རྣམས་ལ་བྱུགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ་ཞེས་གསུང་ངོ་། །དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་བཅས་པ་འདི། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་ཀྱི་ཕྱག་བཞེས་བཞིན་དུ། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས། ཡི་གེར་བཀོད་པ་ཡིན་ཞིང་། འདིའི་མཆོད་ཕྲེང་སྨོན་ལམ་ཤིས་པ་བརྗོད་པ་རྣམས་ནི། ཆོས་རྗེ་ཉིད་ཀྱིས་མཛད་པ་ཡིན་ནོ། །འདིས་ཀྱང་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་དུ་དཔལ་འཁོར་ལོ་སྡོམ་པའི་བཤད་སྒྲུབ་མཐའ་དག །ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཆོ་ག་འདིར་རྗེ་རིན་པོ་ཆེས་མཛད་པའི་མཆོད་ཕྲེང་སྨོན་ལམ་ཤིས་བརྗོད་རྣམས་ཚང་བར་འགོད་པར་མཛད་ཀྱང་། སྨོན་ལམ་དང་ཤིས་བརྗོད་གཉིས་བླ་བརྒྱུད་གསོལ་འདེབས་དང་། བསྟོད་པའི་མཇུག་ཏུ་ཡོད་པས་པར་འདིར་མ་བཀོད། །དགེའོ། སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །


previousདཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་དཔྱིད་ཀྱི་རྒྱལ་མོའི་གླུ་དང་བཅས་པ། next