Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
འཇིགས་བྱེད་ཀྱི་དག་སྦྱོར།


 
previousའཇིགས་བྱེད་ཀྱི་དག་སྦྱོར།no next

འཇིགས་བྱེད་ཀྱི་དག་སྦྱོར།


JLD012_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ཀྱི་དག་སྦྱོར་བཞུགས་སོ། །


JLD012_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་ཀྱི་རྟོག་བདུན་ལ་མེད་ཀྱང་། རྩ་རྒྱུད་རྒྱས་པ་མཁའ་འགྲོ་མའི་ཕྱག་ཏུ་ཡོད་པ་རྣམས་ལ། ཕྱི་ནང་གཞན་གསུམ་སྦྱོར་ཚུལ་བཞུགས་པ་དེ། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་ལཱ་ལི་ཏ་བཛྲས། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་སུ་འདོད་པའི་དོན། འཇིགས་བྱེད་དཔའ་བོ་གཅིག་པ་ལ་ཡང་རྫོགས་རིམ་སྨིན་བྱེད་ཀྱི་ཡོངས་སུ་རྫོགས་པའི་རྒྱུད་འགྱུར་ན། དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་དཔའ་གཅིག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་འདི་ལ། གྲུབ་ཆེན་གྱིས་ཕྱི་ནང་གཞན་གསུམ་སྦྱོར་ཚུལ་ནི། རྡོ་རྗེ་འཇིགས་བྱེད་ཞེ་དགུ་མའི་སྒྲུབ་ཐབས་སློབ་དཔོན་ལཱ་ལི་ཏ་བཛྲས་དག་པ་མཛད་པ་ལས། དམ་པའི་དོན་དུ་རྣམ་དག་པའི། །


JLD012_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ནི་དཔའ་བོ་ཆེན་པོའི་གཟུགས། །ཞལ་བརྒྱད་ཐུན་ཚོད་བརྒྱད་ཡིན་ཏེ། །ཞལ་དགུ་ཐུན་ཚོད་སྤྱི་ཡིན་ནོ། ཞེས་གསུངས་པའི་དོན། སྤྱིར་དུས་དག་པ་ནི་ལྷའི་གཟུགས་སོ། །དུས་ལ་ཐུན་ཚོད་བརྒྱད་དང་། དེ་ལ་རྗེས་སུ་འགྲོ་བའི་ཐུན་ཚོད་སྤྱི་གཅིག་དང་། དགུ་ཡོད་པ་དེ་དག་པའི་ཆ་ནས་ཞལ་དགུ །དམ་པའི་དོན་དུ་དེ་རྣམས་ཞལ་དགུ །དམ་པའི་དོན་དུ་དེ་རྣམས་དག་ཚུལ་ནི། རང་གི་སྐྱེ་བ་སྔ་ཕྱི་སོགས་ཀྱི་དུས་ཀྱི་མཐར་གཏུགས་པ་ལས་རླུང་གི་རྒྱུ་བ་ཡིན་པས། རྩ་བའི་རླུང་དཀྱིལ་བཞི་ཉིན་མཚན་གྱི་བྱེ་བྲག་གིས་བརྒྱད་བརྒྱད་དང་། དགུ་རགས་པའི་དོན་དུ་དག་པ་ཡེ་ཤེས་ཀྱི་རླུང་གི་རང་གཟུགས་ཤར་བའི་ཞལ་དགུ །དཀྱིལ་འཁོར་རེ་རེ་ལ་འཁོར་གྱི་ཚུལ་དུ་བཞི་སྔར་ལྟར་དགུ་དག་པའི་དག་པའི་ཆ་ནས་ཀྱང་ཞལ་


JLD012_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་སྲིད་པའི་འཁོར་ལོ་རླུང་གི་རྒྱུ་བ་བཅད་པས་དཔའོ། །དེ་ནས། ཕྱག་དང་རྭ་གཉིས་ཟླ་བ་དང་། །ཟླ་བ་ཕྱེད་པ་ཡང་དག་སྦྱོར། ཞེས་པ་ནི། ཕྱག་སོ་བཞི་དང་རྭ་གཉིས་དང་སོ་དྲུག་ནི། ཕྱི་རོལ་དུ་ཟླ་བ་བཅུ་གཉིས། ཡར་ངོའི་ཟླ་བ་ཕྱེད་དང་། མར་ངོའི་ཟླ་བ་ཕྱེད་དེ་སོ་དྲུག་དག་པས་སོ། །ཕྱི་རོལ་དུ་དེ་ལྟར་ཡོད་པ་ལྟར། ནང་དུ་ཁམས་ཀྱི་རྒྱུ་བ་བཅུ་གཉིས། ཁམས་དཀར་པོ་འཕེན་པ་བཅུ་གཉིས། འགྲིབ་པ་བཅུ་གཉིས་ཏེ། སོ་དྲུག་གི་རྒྱུ་བ་དབུ་མར་དག་པའི་ཆ་ནས་ཀྱང་། རྭ་གཉིས་དང་བཅས་ཏེ་སོ་དྲུག་གོ །ཡང་ཕྱི་རོལ་དུ་ལོ་གཅིག་ལ་ཟླ་བ་བཅུ་གཉིས། ཉི་མ་ལྷོ་བགྲོད་ཀྱི་དུས་ཟླ་བ་དྲུག །ཟླ་བ་ཕྱེད་པ་བཅུ་གཉིས་དང་བཅོ་བརྒྱད་དོ། །ཕྱི་རོལ་དུ་ཞག་རེ་ལ་ཆུ་ཚོད་དྲུག་ཅུ་བསགས་པས། ལོ་གཅིག་ཆུ་ཚོད་ཉི་ཁྲི་ཆིག་སྟོང་འོང་བ་བཞིན་དུ། ཐུན་ཕྱེད་རེ་ལ་དབུགས་བརྒྱ་རེ་བསགས་པས་ཞག་གཅིག་ལ་སྟོང་དྲུག་བརྒྱའོ། །ཉི་མ་བྱང་བགྲོད་ལ་ཟླ་བ་དྲུག །ཟླ་བ་ཕྱེད་པ་བཅུ་གཉིས་དང་བཅོ་བརྒྱད་དོ། །ནང་གི་ལྟེ་བར་རྩ་འཁོར་ལྔ་ཡོད་པའི་བར་གྱི་གཅིག་ལ་གཡས་ཀྱི་རྩ་འདབ་དྲུག་གཡོན་གྱི་རྩ་འདབ་དྲུག་ལ་འཕོ་ཆེན་རེ་རེ། དེ་རེ་རེ་ལ་འཕོ་ཆེན་ཕྱེད་པ་རེ་རེ་སྟེ། གཡས་སུ་འཕོ་ཆེན་དྲུག །འཕོ་ཆེན་ཕྱེད་པ་བཅུ་གཉིས་ཏེ་བཅོ་བརྒྱད་དོ། །མཚམས་བཞིར་རླུང་མི་རྒྱུ་བས་མི་བགྲང་ངོ་། །གཡོན་དུ་བཅོ་བརྒྱད་དོ། །དེ་དག་པའི་ཆ་ནས་གཡས་ཀྱི་ཕྱག་བཅུ་བདུན་ཏེ། རྭ་གཅིག་དང་བཅོ་བརྒྱད་དོ། །གཡོན་དུའང་དེ་ལྟར་བཅོ་བརྒྱད་དོ། །དོན་དམ་པའི་དག་ཚུལ་ནི་གཡས་ཀྱི་རླུང་རྣམས་རོ་མ་དང་། གཡོན་གྱི་རླུང་རྣམས་རྐྱང་མར་


JLD012_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བ་བཅད་ནས་དབུ་མར་དག་པས། ཕྱག་དང་རྭ་བཅོ་བརྒྱད་ཚན་པ་གཉིས་སོ། །དེ་ནས་ཡང་། བཞོན་པ་བཅུ་དྲུག་དུས་དང་ནི། །ཟླ་བ་ཡི་ནི་ཞག་ཏུ་ཤེས། ཞེས་པ་ནས། དུས་ཀྱི་སྐད་དོད་ཀ་ལ་ཞེས་པ་ཆ་ཤས་པ། གཡས་པས་དུས་ཏེ་ཕྱི་རོལ་ཏུ་ཟླ་བའི་ཆ་བཅུ་དྲུག །ནང་དུ་དཀར་ཆ་འཕེལ་འགྲིབ་ཀྱི་ཆ་བཅུ་དྲུག །ལམ་དུས་སུ་ཡས་བབས་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་རྟེན་ཅན་དཀར་ཆ་བཅུ་དྲུག །འབྲས་བུའི་དུས་སུ་དེ་རྣམ་པར་དག་པ་སྤངས་པ་དང་། ལྷན་སྐྱེས་བདེ་ཆེན་གྱི་ལྡོག་པ་ཆ་བཅུ་དྲུག་སྟེ། དེ་རྣམས་དག་པའི་བཞོན་པ་སྲོག་ཆགས་བཅུ་དྲུག་གོ །དེ་ནས། ཞལ་ནི་དུས་ཀྱི་རླུང་འཇུག་པ་ༀ་སྐུ་སྟེ། གནས་པ་དང་། ད་ལྟ་བ་གསུང་རྡོ་རྗེ་ཨཱཿ འབྱུང་བ་འདས་པ་ཧཱུཾ་ཐུགས་རྡོ་རྗེ། དེ་ཡང་སྐུ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ། སྔགས་རྣམས་སུ་གསུང་ལོངས་སྐུར་འཇོག་པ་ནི། ཆོས་ལ་ལོངས་སྤྱོད་པའམ། གསུང་བ་སོགས་གསུང་ཡིན་པའི་གསུང་གི་རྩ་བ་རླུང་ཡིན་ཞིང་། ལོངས་སྐུ་ཡང་ཕྲ་བའི་རླུང་ཙམ་ལས་བྱང་ཆུབ་པའོ། །ཕྱི་རོལ་ཏུ་དབྱུ་གུ་དྲུག་ཅུ་རྩ་བཞི་ནི། ཆུ་སྲང་སོ་བཞི་ཐུན་ཚོད་བརྒྱད། ནང་དུ་ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི། སྤྱི་བོའི་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གའི་བརྒྱད། ལྟེ་བའི་རྩ་གཉིས་ཀྱི་ནང་དུ་རླུང་རྒྱུ་བའི་ཡུན་དང་། སྤྱི་བོའི་རྩ་གཅིག་ཏུ་རྒྱུ་བའི་ཡུན་མཉམ། སྤྱི་བོའི་རྩ་གཉིས་དང་། མགྲིན་པའི་གཅིག་ཏུ་རྒྱུ་བའི་ཡུན་མཉམ། མགྲིན་པའི་གཉིས་དང་སྙིང་གའི་རྩ་གཅིག་ཏུ་རླུང་རྒྱུ་བའི་ཡུན་མཉམ། འཇམ་དཔལ་གྱི་ཞལ་


JLD012_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཚོན་པ། རྩ་དབུ་མ་ལས་གྱེས་པའི་ཞལ་བརྒྱད་ཀྱིས་མཚོན་པའི་རྩ་བརྒྱད་ཀྱི་ནང་གི་ཐུན་ཚོད་རླུང་དང་བཅས་པ་དབུ་མར་ཞུགས་པས་ཞལ་དགུའོ། །མདོར་ན་དབུ་སྐྲ་གྱེན་དུ་བརྫེས་པས་མཚོན་པའི་མི་གནས་པའི་མྱང་འདས། སྐུ་གཅེར་བུས་མཚོན་པའི་སྒྲིབ་གཉིས་སྤངས་པའི། གདན་གྱིས་མཚོན་པའི་དངོས་གྲུབ་བརྒྱད་དབང་ཕྱུག་བརྒྱད་ལྡན་གྱི་སྐུ་ཆེན་པོ་འདི། ཕྱག་མཚན་ཐུགས་ཀྱིས་མཚོན་པའི་བདེ་སྟོང་གི་ཡེ་ཤེས་མཐར་ཐུག་པས། གླང་ལྤགས་ཀྱིས་མཚོན་པའི་མ་རིག་པ་ཟད་པར་སྤངས་པ་ལས་འཁྲུངས། བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་ལ། གོང་དུ་བཤད་པའི་ཞལ་ཕྱག་སོགས་ཀྱིས་མཚོན་པའི་ཕྱི་རོལ་གྱི་ལོ་ཟླ་བ་ཡར་ངོ་མར་ངོ་། ཉིན་ཞག་ཆུ་ཚོད། དབྱུ་གུ །ཐུན་ཚོད། འཕོ་བ། དབྱར་དགུན་སོགས་ཐམས་ཅད་ཀྱི་མཐར་གཏུགས་པ་རླུང་གི་དཀྱིལ་འཁོར་བཞི། འཕོ་ཆེན་བཅུ་གཉིས་སོགས་རོ་རྐྱང་ནས་རྒྱུ་བའི་རླུང་། དེ་ལ་བརྟེན་པའི་ཁམས་དཀར་དམར་གྱི་འཕེལ་འགྲིབ་དང་བཅས་པ་ཐམས་ཅད་ཨ་ཝ་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་ནས། ཁམས་དཀར་དམར་གྱི་འདུ་འཕྲོད་བྱས་པ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་དེ་སྐྱེ། དེ་ལ་ནང་གི་རྐྱེན་རྡོ་རྗེ་བཟླས་པ། ཕྱིའི་རྐྱེན་ཡོད་པའི། མཚན་མ་གྱེན་བསྒྲེངས་ཀྱིས་མཚོན་པའི་ཕྱག་རྒྱ་ལ་བསྟེན། མ་ཧེ་ཞལ་གྱིས་ཁམས་གསུམ་གྱི་སྲོག་དབུགས་སྡུད་པ་ལ། མ་ཧེ་གདོང་ཅན་ཡིན་ལ། དེ་ལ་དབང་བསྐུར་བར་མཛད་ཅིང་། ས་འོག་གི་འབྱུང་པོ་འདུལ་བ། བར་གྱི་སྲིན་ཞལ་དམར་པོ་ནི། སེམས་ཅན་ལ་བརྩེ་བས་ཆགས་པ་དང་། ཞལ་ནས་ཁྲག་འཛག་པ་ནི། སེམས་ཅན་ལ་བདེ་ཆེན་གྱི་ལམ་སྟོན་པ།


JLD012_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྟེང་མི་དང་སྲིན་པོ་འདུལ་བ། སྟེང་ཞལ་ལྷ་རྣམས་འདུལ་བ། དེའི་ཟུར་ཕུད་ལྔས་ཡེ་ཤེས་ལྔ་མཚོན་པས། ཐོད་སྐམ་ལྔ་ལ་དངོས་སུ་མི་སྦྱོར། ཀོ་ལྤགས་གྱོན་ཀྱང་གཅེར་བུ་ཞེས་པ་འདོམས་དཀྲིས་དང་བྲལ་བའོ། །མན་ངག་སྙེ་མ་རུ། སེམས་དཔའ་གསུམ་བརྩེགས་གཞི་དུས་སུ། ལུས་རགས་པ་དང་གཉུག་རླུང་དང་སེམས་སོ། །ལམ་དུས་སུ་རྣལ་འབྱོར་པའི་ལུས་རགས་པ་དང་། དག་མ་དག་སྒྱུ་ལུས་དང་། དཔེ་དང་དོན་གྱི་འོད་གསལ་ལོ། །འབྲས་དུས་རིམ་བཞིན་ཆོསག་སྐུ་ལོངསཁ་སྐུ་སྤྲུལཀ་སྐུ་གསུམ་མོ། །སྤྱན་གསུམ་ནི་དུས་གསུམ་དང་རྣམ་ཐར་གསུམ་མཁྱེན་པས་སོ། ཞེས་དེ་ལྟར་ཕྱི་ནང་གཞན་གསུམ་མཚོན་ཚུལ་རྒྱས་པར་ཡི་གེར་བཀོད་པའོ། །རྩ་བའི་རྒྱུད་རྒྱས་ནང་བཞུགས་ལཱ་ལི་ཏས། །འཇིགས་བྱེད་སྐུས་མཚོན་རྣམ་དག་དང་སྦྱར་བའི། །ཕྱི་ནང་གཞན་གསུམ་ཇི་ལྟར་མཚོན་དོན་ལ། །དཔལ་ལྡན་བླ་མས་ཅུང་ཟད་མཆན་བཏབ་ཅིང་། །རྒྱས་པར་སྙན་ངག་ཆིག་རྒྱུད28་ལྟ་བུར་ནི། །མཁས་གྲུབ་ཆོས་ཀྱིས་རྒྱལ་པོར་གཏད་པ་ལས། །དེས་ཀྱང་བརྗེད་ཉམས་སྤང་ཕྱིར་ཡི་གེར་བཀོད། །སླར་ཡང་ཤིན་ཏུ་དམ་པའི་རྒྱ་ཡིས་བཏབ། །ཚུལ་འདི་དགོངས་ལ་དམ་པ་བློ་ལྡན་གྱིས། །གཞན་ལ་མི་སྟོན་ཤིན་ཏུ་དམ་པར་མཛོད། །གལ་ཏེ་བསྟན་ན་བདག་ལ་ནག་ཆེན་ཐུག །དེའི་ཕྱིར་ཅིས་ཀྱང་མི་སྤེལ་དམ་རྒྱས་གདབ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།


previousའཇིགས་བྱེད་ཀྱི་དག་སྦྱོར།no next