Nitartha Digital Library
Tibetan
 
no previousམཉམ་མེད་ཙོང་ཁ་བ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིན་ཆེ་བ།no next

མཉམ་མེད་ཙོང་ཁ་བ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིན་ཆེ་བ།

ཤོག་ལྷེབ་ ༡ ནས་ ༡༠༠ བར།


JLD013_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་ཚང་ཁ་བ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིན་ཆེ་པོ་བཞུགས་སོ།


JLD013_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ། །ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག །རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས། །གྲངས་མེད་ཞིང་དུ་སྤྲུལ་པས་རྣམ་རོལ་བ། །མི་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །ཇི་བཞིན་དགོངས་པ་འགྲེལ་


JLD013_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་འཛམ་གླིང་རྒྱན། །ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི། །གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང༌། །མང་ཐོས་ཉམས་


JLD013_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གནད་ལ་མི་མཁས་ཤིང༌། །ཕལ་ཆེར་གསུང་རབ་བལྟ་ལ་ཕྱོགས་རེའི་མིག །ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས། །བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག །མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས། །ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལ། །བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར། །གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ལ། །ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་ཞིང༌། །དལ་བའི་རྟེན་བཟང་དོན་ལྡན་བྱེད་འདོད་པའི། །སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན། །འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་ནི་གང་བཤད་པར་བྱ་བའི་ཆོས་སོ། །དེ་ལ་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ནི་སློབ་དཔོན་གྱི་ངག་དག་པ་དང༌། སློབ་མའི་རྒྱུད་དག་པ་དང༌། བཤད་བྱའི་ཆོས་དག་པ་སྟེ། དག་པ་གསུམ་གྱི་སྒོ་ནས་ཆོས་འཆད་པར་བཞེད་ལ། དུས་ཕྱིས་ནི་བྲི་ཀཱ་མ་ལ་ཤཱི་ལར་བསྟན་པ་དར་བས། དེའི་མཁས་པ་རྣམས་ནི་ཆོས་རྩོམ་པ་པོའི་ཆེ་བ་དང༌། ཆོས་ཀྱི་ཆེ་བ་དང༌། དེ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་གསུམ་སྔོན་དུ་


JLD013_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཆེ་བར་བཞེད་པའི་ཚུལ་གཉིས་བྱུང་བར་གྲགས་པ་ལས་འདིར་ནི་ཕྱི་མ་ལྟར་བཤད་པར་བྱའོ། །དེ་ལྟར་ན་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལ་བཞི། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་དང༌། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ་དང༌། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་དང༌། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པའོ། །དང་པོ་མཛད་པ་པོ་ནི། གདམས་ངག་འདི་སྤྱིར་རྗེ་བཙུན་བྱམས་པས་མཛད་པའི་མངོན་པར་རྟོགས་པའི་རྒྱན་གྱི་གདམས་ངག་ཡིན་ལ། ཁྱད་པར་དུ་འདིའི་གཞུང་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན་པས་དེ་མཛད་པ་པོ་ཉིད་འདིའི་ཡང་མཛད་པ་པོའོ། །དེ་ཡང་སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མཚན་གཞན་དཔལ་ལྡན་ཨ་ཏི་ཤ་ཞེས་ཡོངས་སུ་གྲགས་པ་སྟེ། དེའི་ཆེ་བ་ལ་གསུམ། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལོ། །དང་པོ་ནི། ལོ་ཙཱ་བ་ཆེན་པོ་ནག་ཚོས་མཛད་པའི་བསྟོད་པ་བརྒྱད་ཅུ་པ་ལས། ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །བི་ཀྲ་མ་ནི་པཱུ་ར་ཡིན། །དེ་ཡི་དབུས་ན་རྒྱལ་པོའི་ཁབ། །ཕོ་བྲང་ཤིན་ཏུ་ཡངས་པ་ཡོད། །གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ། །ལོངས་སྤྱོད་མངའ་ཐང་འབྱོར་པ་ནི། །རྒྱ་ནག་སྟོང་ཁུན་རྒྱལ་


JLD013_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདྲ། །ཡུལ་དེའི་རྒྱལ་པོ་དགེ་བའི་དཔལ། །བཙུན་མོ་དཔལ་མོ་འོད་ཟེར་ཅན། །ཡབ་ཡུམ་གཉིས་ལ་སྲས་གསུམ་མངའ། །པདྨའི་སྙིང་དང་ཟླ་བའི་སྙིང༌། །དཔལ་གྱི་སྙིང་པོ་ཞེས་བྱ་འོ། །རྒྱལ་བུ་པདྨའི་སྙིང་པོ་ལ། །བཙུན་མོ་ལྔ་ཡོད་སྲས་ནི་དགུ །སྲས་ཀྱི་ཐུ་བོ་བསོད་ནམས་དཔལ། །ད་ལྟའི་དུས་ན་མཁས་པ་ཆེ། །དྷ་ན་ཤྲཱི་ཞེས་བྱ་བར་གྲགས། །ཆུང་བ་དཔལ་གྱི་སྙིང་པོ་ནི། །དགེ་སློང་བིརྱཱ་ཙནྡྲ་ཡིན། །འབྲིང་པོ་ཟླ་བའི་སྙིང་པོ་ནི། །ད་ལྟ་བླ་མ་རྗེ་བཙུན་ཡིན། །ཞེས་འབྱུང་བ་ལྟར་རོ། །ཡོན་ཏན་བརྙེས་པའི་ཚུལ་ལ་གཉིས། མང་དུ་མཁྱེན་པ་ལུང་གི་ཡོན་ཏན་བརྙེས་པའི་ཚུལ། ཚུལ་བཞིན་བསྒྲུབ་པ་རྟོགས་པའི་ཡོན་ཏན་བརྙེས་པའི་ཚུལ་ལོ། །དང་པོ་ནི། བསྟོད་པ་ལས། ལོ་ནི་ཉི་ཤུ་རྩ་གཅིག་ན། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང༌། །བཟོ་ཡི་གནས་ནི་ཐམས་ཅད་དང༌། །ལེགས་པར་སྦྱར་བའི་སྐད་དང་ནི། །ཚད་མ་ཀུན་ལ་མཁས་པ་ལགས། །ཞེས་གསུངས་པ་ལྟར། ཉེར་གཅིག་ཚུན་ལ་ཕྱི་པ་དང་ནང་པའི་རིག་པའི་གནས་ཐུན་མོང་བ་སྒྲ་དང་གཏན་ཚིགས་རིག་པ། བཟོ་དང་གསོ་བ་རིག་པ་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏོ། །ཁྱད་པར་དུ་ལོ་བཅོ་ལྔ་བཞེས་པའི་ཚེ། རིགས་ཐིགས་ཚར་གཅིག་གསན་པས་ཕྱི་རོལ་པའི་རྟོག་གེ་བ་མཁས་པར་གྲགས་པ་ཞིག་དང་བརྩད་པས་དེ་ཕམ་པར་མཛད་པས་སྙན་པའི་གྲགས་པ་ཀུན་ཏུ་རྒྱས་སོ་ཞེས་གྲོ་ལུང་པ་ཆེན་པོ་གསུང་ངོ་། །དེ་ནས་རི་


JLD013_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱཻ་རྡོ་རྗེའི་ཞལ་གཟིགས་ཤིང་རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པ་ཐོབ་པའི་བླ་མ་རཱ་ཧུ་ལ་གུཔྟ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང༌། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས་ཏེ་དགུང་ལོ་ཉེར་དགུ་ཚུན་ཆད་ལ་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེའི་ཐེག་པ་ལ་སྦྱངས་པས་གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ། གསང་སྔགས་ལ་ང་ཉིད་མཁས་སོ་སྙམ་དུ་དགོངས་པ་བྱུང་བ་ན། ཌཱ་ཀི་མ་རྣམས་ཀྱིས་སྔགས་ཀྱི་གླེགས་བམ་སྔར་མཐོང་མ་མྱོང་བ་མང་པོ་མནལ་ལམ་དུ་བསྟན་ནས་ཐུགས་རྒྱལ་བཅག་གོ །དེ་ནས་བླ་མ་དང་ཡི་དམ་རྣམས་ཀྱིས་དངོས་དང་རྨི་ལམ་ཅི་རིགས་པར་རབ་ཏུ་བྱུང་ན་བསྟན་པ་དང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བསྐུལ་བ་ལ་བརྟེན་ནས། བསྟོད་པ་ལས། ཁྱོད་ཀྱི་མཁན་པོ་སྦྱོར་ལམ་པ། །ཡིན་པར་ཀུན་ལ་རབ་ཏུ་གྲགས། །ཞེས་འབྱུང་བ་ལྟར། ཕལ་ཆེན་སྡེ་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་སྦྱོར་བའི་ལམ་གྱི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་བརྙེས་པ་ཞིག་ལ་མཁན་པོ་མཛད་ནས་རབ་ཏུ་བྱུང་སྟེ། མཚན་ཡང་དཔལ་མར་མེ་མཛད་ཡེ་ཤེས་ཞེས་བཏགས་སོ། །དེ་ནས་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་མཚན་ཉིད་ཀྱི་ཐེག་པའི་ནང་རིག་པའི་སྡེ་སྣོད་གོང་འོག་རྣམས་ལ་


JLD013_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་ཤིང༌། ཁྱད་པར་དུ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལ་བླ་མ་དྷརྨ་རཀྵི་ཏའི་སྤྱན་སྔར་ཨོ་ཏན་ཏ་པཱུ་རིར་ལོ་བཅུ་གཉིས་སུ་གསན་ནོ། །རྩ་བའི་སྡེ་བཞིའི་གཞུང་ལ་ཤིན་ཏུ་མཁས་པས་སྡེ་པ་ཐ་དད་པ་རྣམས་ཀྱི་བྱིན་ལེན་ལ་སོགས་པ་བླང་དོར་གྱི་ཆ་ཕྲ་མོ་རྣམས་ཀྱང་མ་འདྲེས་པར་མཁྱེན་ནོ། །དེ་ལྟར་ན་རང་དང་གཞན་གྱི་སྡེ་པའི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པས་ན་ལུང་གི་བསྟན་པའི་གནད་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཡིན་ནོ། །རྟོགས་པའི་ཡོན་ཏན་བརྙེས་པའི་ཚུལ་ནི། སྤྱིར་རྒྱལ་བའི་ལུང་གི་བསྟན་པ་ཐམས་ཅད་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འདུ་བས། རྟོགས་པའི་བསྟན་པའང་བསླབ་པ་རིན་པོ་ཆེ་གསུམ་དུ་འདུ་དགོས་སོ། །དེ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་ལན་དུ་མར་བསྔགས་པས་ན། ཐོག་མར་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་པའི་རྟོགས་པའི་ཡོན་ཏན་དང་ལྡན་དགོས་སོ། །དེ་ལ་གསུམ་ལས། སོ་སོར་ཐར་པའི་སྡོམ་པ་མཆོག་དང་ལྡན་པའི་ཚུལ་ནི། བསྟོད་པ་ལས། ཁྱོད་ནི་ཉན་ཐོས་ཐེག་པའི་སྒོར་ཞུགས་ནས། །ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུང་མཛད་ཅིང༌། །ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཆོག །གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ། །ཞེས་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་མནོས་ནས་རྔ་


JLD013_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རྩིད་ལ་ཆགས་པའི་གཡག་གིས་རྔ་མ་ཉག་མ་རེ་རེ་ཤིང་ལ་ཐོགས་པ་ན། རྔོན་པས་སྲོག་དང་འཕྲལ་བར་མཐོང་ན༌ཡང་སྲོག་དང་བསྡོས་ཏེ་རྔ་མ་མི་གཅོད་པར་བསྲུང་བ་ལྟར། ཁས་བླངས་པའི་བསླབ་པའི་གཞི་ཆེན་པོ་ལྟ་ཅི་སྨོས། བསླབ་པའི་གཞི་ཕྲ་མོ་རེ་རེ་ཡང་སྲོག་དང་བསྡོས་ནས་བསྲུངས་པས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་ཏོ་ཞེས་བསྟོད་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་ནི། བསྟོད་པ་ལས། ཁྱོད་ནི་ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །ལྷག་པའི་བསམ་པ་རྣམ་པར་དག་གྱུར་ཅིང༌། །བྱང་ཆུབ་ཐུགས་ཀྱིས་འགྲོ་རྣམས་མི་གཏོང་བ། །བློ་ལྡན་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གདམས་པ་མང་པོ་དང༌། ཁྱད་པར་དུ་གསེར་གླིང་པ་བསྟེན་ནས་རྗེ་བཙུན་བྱམས་པ་དང་འཇམ་པའི་དབྱངས་ནས་ཐོགས་མེད་དང་ཞི་བ་ལྷ་ལ་བརྒྱུད་པའི་གདམས་པ་མཆོག་ལ་རིང་དུ་སྦྱངས་པ་ལས། བསྟོད་པ་ལས། རང་དོན་ཡལ་བར་དོར་ནས་གཞན་གྱི་དོན། །ལྷུར་མཛད་དེ་ནི་བདག་གི་བླ་མ་ལགས། །ཞེས་འབྱུང་བ་ལྟར། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐུགས་ལ་འཁྲུངས་ཤིང༌། སྨོན་པའི་སེམས་དེས་ཀུན་ཏུ་དྲངས་པའི་འཇུག་པའི་སེམས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེ་བ་ལ་སློབ་པར་ཁས་བླངས་པའི་རྗེས་སུ་འགྲོ་བའི་བསླབ་པ་ལ་སློབ་པའི་སྤྱོད་པ་བཟང་པོས་རྒྱལ་སྲས་རྣམས་ཀྱི་བཅས་པའི་མཚམས་


JLD013_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་འདའ་བར་མཛད་དོ། །རྡོ་རྗེའི་ཐེག་པའི་སྡོམ་པ་དང་ལྡན་པ་ནི། བསྟོད་པ་ལས། ཁྱོད་ནི་རྡོ་རྗེའི་ཐེག་པའི་སྒོར་ཞུགས་ནས། །རང་ལྷར་གཟིགས་ཤིང་རྡོ་རྗེའི་ཐུགས་དང་ལྡན། །རྣལ་འབྱོར་དབང་ཕྱུག་ཨ་ཝ་དྷཱུ་ཏཱི་པ། །སྦས་པའི་བརྟུལ་ཞུགས་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། རང་གི་ལུས་ལྷར་གཟིགས་པའི་བསྐྱེད་པའི་རིམ་པ་དང༌། རྡོ་རྗེའི་ཐུགས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་དང་ལྡན་པས་རྣལ་འབྱོར་པའི་གཙོ་བོ་ཞེས་སྤྱིར་བསྟོད་ཅིང༌། ཁྱད་པར་དུ་བཅས་པའི་མཚམས་ལས་མི་འདའ་བར་དམ་ཚིག་ཚུལ་བཞིན་དུ་བསྲུང་བའང༌། བསྟོད་པ་ལས། དྲན་དང་ཤེས་བཞིན་ལྡན་པ་ཡིས། །ཚུལ་ཁྲིམས་མ་ཡིན་ཡིད་མི་མཛད། །བག་ཡོད་དྲན་དང་གཡོ་སྒྱུ་མེད། །ལྟུང་བའི་ཉེས་པས་ཁྱོད་མ་གོས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་ཁས་ལེན་པ་ལ་དཔའ་བ་ཙམ་མིན་པར་ཇི་ལྟར་ཁས་བླངས་པའི་རྗེས་སུ་འབྲངས་ཏེ་བཅས་པའི་མཚམས་ལས་མི་འདའ་བར་བསྲུང་ཞིང༌། བརྒྱ་ལ་ཅུང་ཟད་འདས་ནའང་མྱུར་བ་མྱུར་བར་རང་རང་གི་ཕྱིར་བཅོས་ཀྱི་ཆོ༌གས་དག་པར་བྱེད་པའི་རྣམ་པར་ཐར་པ་འདི་ནི། གསུང་རབ་ཀྱི་གནད་ཤེས་པའི་མཁས་པ་རྣམས་དགའ་བ་བསྐྱེད་པའི་རྣམ་པར་ཐར་པར་ཤེས་པར་བྱས་ལ་དམ་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་པ་ལ་གཉིས་ལས། ཐུན་མོང་བ་ནི། ཞི་གནས་ཀྱི་སྒོ་ནས་སེམས་ལས་སུ་རུང་བ་བརྙེས་


JLD013_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་བསླབ་པ་ནི། བསྐྱེད་པའི་རིམ་པ་ཤིན་ཏུ་བརྟན་པ་མངའ་སྟེ། དེ་ཡང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་གསུམ་དུ་མཛད་ཅིང༌། དེའི་ཚེ་ཨོ་རྒྱན་དུ་མཁའ་འགྲོ་མ་རྣམས་ཀྱིས་གླུ་བླངས་པ་གསན་ནས་ཐུགས་ལ་བཟུང་བའང་ཡོད་དོ། །ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ལ་ཐུན་མོང་བ་ནི། ཞི་ལྷག་ཟུང་དུ་འབྲེལ་བའི་ལྷག་མཐོང་གི་ཏིང་ངེ་འཛིན་བརྙེས་ཤིང༌། ཐུན་མོང་མིན་པ་ནི། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས་པ་སྟེ། བསྟོད་པ་ལས། གསང་སྔགས་ཐེག་པའི་གཞུང་ལྟར་ན། །སྦྱོར་བའི་ལམ་པ་ཡིན་པར་གསལ། །ཞེས་གསུངས་པ་ལྟར་རོ། །བསྟན་པ་ལ་བྱ་བ་མཛད་པ་ལ་གཉིས། རྒྱ་གར་དུ་མཛད་ཚུལ་དང༌། བོད་དུ་མཛད་ཚུལ་ལོ། །དང་པོ་ནི། དཔལ་རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ་མུ་སྟེགས་ཀྱི་སྨྲ་བ་ངན་པ་ལན་གསུམ་དུ་ཆོས་ཀྱིས་ཕམ་པར་མཛད་ནས་སངས་རྒྱས་ཀྱི་བསྟན་པ་བཟུང་ཞིང༌། རང་གི་སྡེ་པ་གོང་འོག་གི་བསྟན་པ་ལ༌ཡང་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་དྲི་མ་ངན་པ་རྣམས་བསལ་ནས་བསྟན་པ་རྒྱས་པར་མཛད་པས། སྡེ་པ་ཐམས་ཅད་ཀྱིས་ཀྱང་ཕྱོགས་རིས་མེད་པར་གཙུག་གི་རྒྱན་དུ་འཛིན་ཏེ། བསྟོད་པ་ལས། བྱང་ཆུབ་ཆེན་པོའི་ཕོ་བྲང་དུ། །ཐམས་ཅད་འདུས་ཤིང་འཚོགས་པ་ན། །རང་དང་གཞན་གྱི་སྡེ་པ་ཡི། །གྲུབ་མཐའ་ངན་པའི་རྒོལ་བ་ཀུན། །


JLD013_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་ང་རོའི་སྒྲ་སྐད་ཀྱིས། །ཐམས་ཅད་ཀྱི་ནི་ཀླད་པ་འགེམས། །ཞེས་དང༌། ཨོ་ཏན་ཏ་ཡི་པཱུ་རི་ན། །རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ། །བྲི་ཀ་མ་ལ་ཤཱི་ལ༌ན། །རབ་བྱུང་བརྒྱ་ཕྲག་མ་ལོངས་ཙམ། །རྩ་བའི་སྡེ་བཞི་ཚང་བར་བཞུགས། །སྡེ་པའི་ཁེངས་དྲེགས་ཁྱོད་མི་མཛད། །མ་ག་དྷ་ཡི་ཡུལ་གྱི་ནི། །གནས་གཞི་མ་ལུས་ཐམས་ཅད་ཀྱི། །སྟོན་པའི་འཁོར་ནི་བཞི་པོ་ཡི། །ཀུན་གྱི་གཙུག་གི་ནོར་བུར་གྱུར། །ཁྱོད་ནི་སྡེ་པ་བཅོ་བརྒྱད་ཀྱི། །ཀུན་གྱི་སྤྱི་ལ་བཞུགས་པས་ན། །ཐམས་ཅད་ཀྱིས་ནི་ལུང་ཡང་ལེན། །ཞེས་འབྱུང་བ་ལྟར་རོ། །བོད་དུ་མཛད་ཚུལ་ནི། ལྷ་བླ་མ་ཁུ་དབོན་གྱིས་ལོཙྪ་བ་རྒྱ་བརྩོན་སེང་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་རིམ་པ་བཞིན་རྒྱ་གར་དུ་བརྫངས་ཏེ་འབད་པ་ཆེན་པོས་ཡང་དང་ཡང་དུ་སྤྱན་འདྲེན་བཏང་བས། བྱང་ཆུབ་འོད་ཀྱི་རིང་ལ་སྤྱན་འདྲོངས་ཏེ་མངའ་རིས་སྟོད་དུ་ཕྱག་ཕེབས་པ་ན། སངས་རྒྱས་ཀྱི་བསྟན་པའི་དག་ཏེར་མཛད་པར་གསོལ་བ་བཏབ་པ་ལ་བརྟེན་ནས། མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་པའི་རིམ་པར་དྲིལ་བའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་ལ་སོགས་པའི་སྒོ་ནས་བསྟན་པ་རྒྱས་པར་མཛད་དེ། དེ་ཡང་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས། བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས།


JLD013_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ། བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ། །སྤྱིར་ན་གངས་རིའི་ཁྲོད་དུ་བསྟན་པ་སྔ་དར་ལ་དཔལ་ལྡན་ཞི་བ་འཚོ་དང་པདྨ་སམྦྷ་བས་བསྟན་པའི་སྲོལ་བཙུགས་པ་ལ། སྟོང་པ་ཉིད་ཀྱི་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས་ཐབས་ཀྱི་ཆ་ལ་སྐུར་ཞིང་ཡིད་ལ་བྱེད་པ་ཐམས་ཅད་འགོག་པའི་རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་བསྟན་པ་འགྲིབས་པར་བྱས་པ། སློབ་དཔོན་ཆེན་པོ་ཀ༌མ་ལ་ཤཱི་ལས་ལེགས་པར་བཀག་ནས་རྒྱལ་བའི་དགོངས་པ་གཏན་ལ་ཕབ་པས་སྐུ་དྲིན་ཤིན་ཏུ་ཆེ་ལ། ཕྱི་དར་ལ་རྒྱུད་སྡེའི་དོན་ལོག་པར་བཟུང་བ་ལ་བརྟེན་ནས་པཎྜི་ཏ་དང་རྣལ་འབྱོར་པར་རློམ་པ་འགའ་ཞིག་གིས་བསྟན་པའི་རྩ་བ་ཚངས་པར་སྤྱོད་པ་ལ་གནོད་པ་ཆེན་པོ་བྱས་པ། སྐྱེས་བུ་དམ་པ་འདིས་ལེགས་པར་བཀག་ཅིང༌། གཞན་ཡང་ལོག་པར་བཟུང་བ་རྣམས་ནུབ་པར་བྱས་ནས། ཕྱིན་ཅི་མ་ལོག་པའི་བསྟན་པ་འཕེལ་བར་མཛད་པས་ཁ་བ་ཅན་པ་ཐམས་ཅད་ལ་སྐུ་དྲིན་གྱིས་ཁྱབ་པར་མཛད་དོ། །དེ་ལྟར་ཐུབ་པའི་དགོངས་པ་གསལ་བར་བྱེད་པའི་གཞུང་རྩོམ་པ་ལ༌ཡང་ཕུན་སུམ་ཚོགས་པའི་རྒྱུ་གསུམ་ཡོད་དེ། འདི་ལྟར་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པ་དང༌། དེ་དག་གི་དོན་ཉམས་སུ་ལེན་པའི་གནད་ཀྱི་གདམས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་


JLD013_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་མན་ངག་དང་ལྡན་པ་དང༌། ཡི་དམ་གྱི་ལྷའི་ཞལ་གཟིགས་ནས་གསུང་གི་གནང་བ་ཐོབ་པའོ། །འདི་དག་རེ་རེས་ཀྱང་གཞུང་རྩོམ་པར་ནུས་ན་གསུམ་ག་ཚང་ན་ཆེས་ཕུན་སུམ་ཚོགས་པར་འགྱུར་རོ། །སློབ་དཔོན་ཆེན་པོ་འདི་ལ་ནི་གསུམ་ག་མངའོ། །དེ་ལ་ཡི་དམ་གྱིས་རྗེས་སུ་བཟུང་བ་ནི། བསྟོད་པ་ལས། དཔལ་ལྡན་དགྱེས་པའི་རྡོ་རྗེ་དང༌། །དམ་ཚིག་བཀོད་པའི་རྒྱལ་པོ་དང༌། །དཔའ་བོ་འཇིག་རྟེན་དབང་ཕྱུག་དང༌། །ཇོ་མོ་རྗེ་བཙུན་སྒྲོལ་མ་སོགས། །ཞལ་གཟིགས་གནང་བ་ཐོབ་པས་ན། །རྨི་ལམ་ན་འམ་མངོན་སུམ་དུ། །ཟབ་པ་དང་ནི་རྒྱ་ཆེ་བའི། །དམ་ཆོས་རྟག་ཏུ་གསན་པ་ལགས། །ཞེས་གསུངས་པ་ལྟར་རོ། །བླ་མ་བརྒྱུད་པ་ལ། ཐེག་པ་ཐུན་མོང་བ་དང་ཐེག་པ་ཆེན་པོའི་བརྒྱུད་པ་གཉིས། དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ལས། དང་པོ་ལ་ལྟ་བའི་བརྒྱུད་པ་དང་སྤྱོད་པའི་བརྒྱུད་པ་གཉིས། ཕྱི་མ་ལ་བྱམས་པ་ནས་བརྒྱུད་པ་དང་འཇམ་དབྱངས་ནས་བརྒྱུད་པ་སྟེ་བརྒྱུད་པ་གསུམ་མོ། །གསང་སྔགས་ལ༌ཡང་བརྒྱུད་པ་ལུགས་ལྔ་དང༌། གཞན་ཡང་གྲུབ་མཐའི་བརྒྱུད་པ་དང་བྱིན་རླབས་ཀྱི་བརྒྱུད་པ་དང་གདམས་པ་སྣ་ཚོགས་པའི་བརྒྱུད་པ་ལ་སོགས་པ་བརྒྱུད་པ་དུ་མ་དང་ལྡན་ཞིང་། དངོས་སུ་གསན་པའི་བླ་མ་ནི། བསྟོད་པ་ལས། རྟག་ཏུ་བསྟེན་པའི་བླ་མ་ནི། །ཤཱནྟི་པ་དང་གསེར་གླིང་པ། །བྷ་དྲ་བོ་དྷི་ཛྙ་ན་ཤྲཱི། །དངོས་གྲུབ་ཐོབ་པ་མང་པོ་དང༌། །ཁྱད་པར་དུ་ནི་ཀླུ་སྒྲུབ་


JLD013_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གཅིག༌ནས་གཅིག་ཏུ་བརྒྱུད་པ་ཡི། །ཟབ་པ་དང་ནི་རྒྱ་ཆེ་བའི། །གདམས་པ་ཁྱོད་ལ་མངའ་བ་ཡིན། །ཞེས་གསུངས་པ་ལྟར་ཏེ། དངོས་གྲུབ་ཐོབ་པའི་བླ་མ་བཅུ་གཉིས་ཡོད་པར་གྲགས་ཤིང་གཞན་ཡང་མང་ངོ་། །རིག་པའི་གནས་ལྔ་ལ་མཁས་པ་ནི་བཤད་ཟིན་ཏོ། །དེའི་ཕྱིར་སློབ་དཔོན་འདིས་རྒྱལ་བའི་དགོངས་པ་ལེགས་པར་གཏན་ལ་འབེབས་ནུས་སོ། །དེ་ལྟ་བུའི་སློབ་དཔོན་འདི་ལ་རྒྱ་གར་ཁ་ཆེ་ཨུ་རྒྱན་བལ་པོ་བོད་རྣམས་ན་སློབ་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང༌། གཙོ་བོ་ནི་རྒྱ་གར་ན་ཇོ་བོ་དང་མཁྱེན་པ་མཉམ་པའི་པཎྜི་ཏ་ཆེན་པོ་བི་ཏོ་པ། དྷརྨ་ཨ་ཀཱ་ར་མ་ཏི། དབུ་མ་སེངྒེ། སའི་སྙིང་པོ་སྟེ་བཞི། ཁ་ཅིག་བཤེས་གཉེན་གསང་བ་དང་ལྔར་ཡང་བྱེད་དོ། །མངའ་རིས་ནས་ལོཙྪ་བ་རིན་ཆེན་བཟང་པོ། ནག་ཚོ་ལོཙྪ་བ། ལྷ་བླ་མ་བྱང་ཆུབ་འོད། གཙང་ནས་འགར་དགེ་བ་དང་འགོས་ཁུག་པ་ལྷས་བཙས། ལྷོ་བྲག་ནས་ཆག་པ་ཁྲི་མཆོག་དང་དགེ་བ་སྐྱོང༌། ཁམས་ནས་རྣལ་འབྱོར་པ་ཆེན་པོ། དགོན་པ་བ། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ། དབུས་ནས་ཁུ་རྔོག་འབྲོམ་གསུམ་བྱུང་ངོ་། །དེ་དག་གི་ནང་ནས་ཀྱང་བླ་མ་ཉིད་ཀྱི་འཕྲིན་ལས་རྒྱས་པར་བྱེད་པའི་བརྒྱུད་འཛིན་ཆེན་པོ་ནི་སྒྲོལ་མས་ལུང་བསྟན་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོ། །འདི་དག་ནི་མཛད་པ་པོའི་ཆེ་བ་མདོར་བསྡུས་པ་སྟེ་རྒྱས་པར་རྣམ་ཐར་གྱི་ཡི་གེ་ཆེན་མོ་རྣམས་སུ་ཤེས་པར་བྱའོ། །ཆོས་ཀྱི་ཆེ་བ་བསྟན་


JLD013_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། ཆོས་ནི་གདམས་ངག་འདིའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མའོ། །ཇོ་བོས་མཛད་པའི་གཞུང་མང་དུ་ཡོད་ཀྱང་རྩ་བ་ལྟ་བུ་ཡོངས་སུ་རྫོགས་པ་ནི་ལམ་སྒྲོན་ཡིན་ཏེ། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང༌། སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་པས་ལག་ཏུ་བླང་བདེ་བ་དང༌། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའོ། །གཞུང་དེའི་གདམས་ངག་གི་ཆེ་བ་ལ་བཞི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བའོ། །དང་པོ་ལ། བསྟན་པ་ནི། ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་པ་ལས། བསྟན་པ་ཞེས་བྱ་བ་ནི། ལྷ་དང་མི་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང་མངོན་སུམ་དུ་བྱ་བ་དང་བསྒོམ་པར་བྱ་བ་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱི་གསུང་རབ་ཅེས་བྱ་བ་ཡིན་ནོ། །ཞེས་གསུངས་པ་ལྟར། རྒྱལ་བས་ལེགས་པར་བཤད་པ་ཇི་སྙེད་པའོ། །དེ་ཐམས་ཅད་འགལ་བ་མེད་པར་རྟོགས་པ་ནི། འདིར་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་གོ་བ་སྟེ། དེ་ཡང་ཁ་ཅིག་ནི་ལམ་གྱི་གཙོ་བོ། ཁ་ཅིག་ནི་ལམ་གྱི་ཡན་


JLD013_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཅི་རིགས་པར་འགྱུར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞེད་དོན་ནི་འཇིག་རྟེན་གྱི་དོན་བསྒྲུབ་པ་ཡིན་ལ། གདུལ་བྱ་ཡང་རིགས་ཅན་གསུམ་ག་རྗེས་སུ་འཛིན་དགོས་པས་དེ་དག་གི་ལམ་ལ་བསླབ་དགོས་ཏེ། བྱང་ཆུབ་སེམས་འགྲེལ་ལས། རང་ཉིད་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་འདོད་པ་ཡིས། །རྟག་ཏུ་འཁྲུལ་པ་མེད་པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཞེས་དང་། རྣམ་འགྲེལ་ལས་ཀྱང༌། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་ཏེ། རང་གིས་ཇི་ལྟ་བ་བཞིན་མ་ངེས་ན་གཞན་ལ་བསྟན་པར་མི་ནུས་པའི་ཕྱིར་རོ། །ཐེག་པ་གསུམ་གྱི་ལམ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་བཞེད་དོན་སྒྲུབ་བྱེད་ཀྱི་ཐབས་ཡིན་པར། མ་ཕམ་པས། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །ཞེས་གསུངས་ཤིང༌། རྒྱལ་བའི་ཡུམ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ། ཞེས་གསུངས་པས། ཐེག་པ་ཆེན་པོ་པ་ཡིན་པའི་ཕྱིར་ཐེག་དམན་གྱི་སྡེ་སྣོད་ལ་བསླབ་


JLD013_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱའོ་ཞེས་སྨྲ་བ་ནི་འགལ་བའི་རྟགས་སོ། །ཐེག་པ་ཆེན་པོའི་ལམ་ལ་འཇུག་པ་ལ་ལམ་ཐུན་མོང་བ་དང་ཐུན་མོང་མིན་པ་གཉིས་ཡོད་ལ། ཐུན་མོང་བ་ནི། ཐེག་དམན་གྱི་སྡེ་སྣོད་ནས་འབྱུང་བ་རྣམས་ཡིན་པས་དེ་དག་དོར་བྱར་ག་ལ་འགྱུར། དེས་ན་རང་གཅིག་པུ་ཞི་བདེ་དོན་གཉེར་ལ་སོགས་པའི་དམིགས་བསལ་ཅན་འགའ་རེ་མ་གཏོགས་པ་ཐམས་ཅད་ཐེག་ཆེན་པས་ཀྱང་ཉམས་སུ་བླང་དགོས་པས། བྱང་སེམས་རྣམས་ཀྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་ཐེག་པ་གསུམ་ག་རྒྱ་ཆེར་སྟོན་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྐྱོན་ཕྱོགས་རེ་ཟད་པ་དང་ཡོན་ཏན་ཕྱོགས་རེ་རྫོགས་པ་མིན་གྱི། སྐྱོན་གྱི་རིགས་ཐམས་ཅད་ཟད་ཅིང་ཡོན་ཏན་གྱི་རིགས་མཐའ་དག་རྫོགས་པ་ཡིན་ལ། དེ་བསྒྲུབ་པའི་ཐེག་པ་ཆེན་པོ་ཡང་སྐྱོན་མཐའ་དག་འགོག་ཅིང་ཡོན་ཏན་མཐའ་དག་བསྐྱེད་པས་ན། ཐེག་པ་གཞན་ཐམས་ཅད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་གྱི་རིགས་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་འདུ་བ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་བསྒྲུབ་པའི་ཐེག་པ་ཆེན་པོའི་ལམ་གྱི་ཡན་ལག་ཏུ་གསུང་རབ་ཐམས་ཅད་འདུ་སྟེ། སྐྱོན་སྣ་རེ་ཟད་པའམ་ཡོན་ཏན་སྣ་རེ་བསྐྱེད་པ་མིན་པའི་ཐུབ་པའི་གསུང་མེད་པའི་ཕྱིར་དང༌། དེ་ཐམས་ཅད་ཀྱང་ཐེག་ཆེན་པས་མི་བསྒྲུབ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོར་འཇུག་པ་ལ་ཐེག་དམན་གྱི་སྡེ་སྣོད་ནས་


JLD013_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ལམ་རྣམས་དགོས་ནའང༌། རྡོ་རྗེའི་ཐེག་པར་འཇུག་པ་ལ་ནི་ཕར་ཕྱིན་གྱི་ཐེག་པའི་ལམ་རྣམས་ཐུན་མོང་བར་མི་འགྱུར་ཏེ། ལམ་མི་མཐུན་པའི་ཕྱིར་རོ་ཞེ་ན། འདི་ཡང་ཆེས་མི་རིགས་ཏེ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ངོ་བོ་ནི་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་འདུ་བ་ཡིན་ལ། དེ་ནི་རྣམ་པ་ཐམས་ཅད་དུ་བསྟེན་དགོས་པར་དཔལ་རྡོ་རྗེ་རྩེ་མོ་ལས་ཇི་སྐད་དུ། འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ། །ཞེས་དང༌། ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །ནམ་ཡང་དོར་བར་མི་བྱའོ། །ཞེས་གསུངས་ཤིང༌། གཞན་ཡང་སྔགས་ཀྱི་གཞུང་དུ་མར་གསུངས་སོ། །རྣལ་འབྱོར་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པའི་སྐབས་དུ་མར་ཡང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་སྡོམ་པ་གཉིས་གཉིས་གཟུང་དགོས་པར་གསུངས་ལ། སྔ་མ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཉིད་ཡིན་ཞིང་། སྡོམ་པ་བཟུང་བ་ནི་ཚུལ་ཁྲིམས་གསུམ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་ཁས་བླངས་པ་ཡིན་པས། སེམས་བསྐྱེད་ནས་བསླབ་པ་ལ་སློབ་པར་ཁས་བླངས་པ་བཞིན་དུ་སློབ་པ་ལས་གཞན་པའི་ལམ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ༌ཡང་མེད་པའི་ཕྱིར་དང༌། རྡོ་རྗེ་མཁའ་འགྲོ་དང་སམྦུ་ཊི་དང་རྡོ་རྗེ་རྩེ་མོ་རྣམས་སུ། ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་


JLD013_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང༌། །ཞེས་འོད་དཔག་མེད་ཀྱི་དམ་ཚིག་གཟུང་བའི་སྐབས་སུ་གསུངས་པ་ལྟར་སྔགས་ཀྱི་སྡོམ་པ་འཛིན་པ་ན་ཁས་བླང་དགོས་པའི་ཕྱིར་རོ། །འདི་དག་ལ་གནང་བཀག་མི་འདྲ་བའི་ཆ་ཐན་ཐུན་མཐོང་ནས་ཚ་གྲང་ལྟར་ཐམས་ཅད་དུ་འགལ་བར་འཛིན་པ་ནི་རྟོག་པ་ཤིན་ཏུ་རྩིང་བར་གསལ་ལོ། །དེ་ལྟར་ན་དམིགས་བསལ་ཅན་གྱི་གནང་བཀག་འགའ་རེ་མ་གཏོགས་པ་གསུང་རབ་རྣམས་ཤིན་ཏུ་མཐུན་པས་ཐེག་པ་གསུམ་མམ་ལམ་ལྔ་ལྟ་བུ་གོང་མ་གོང་མར་འཇུག་པ་ན་ཐེག་པ་དང་ལམ་འོག་མ་འོག་མའི་ཡོན་ཏན་གྱི་རིགས་ཚང་བ་དགོས་སོ། །ཕ་རོལ་ཏུ་ཕྱིན་པའི་ལམ་ནི། རྒྱལ་བའི་ཡུམ་ལས། རྒྱལ་བ་འདས་དང་མ་བྱོན་ད་ལྟར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་པ་ལྟར། སངས་རྒྱས་སུ་བགྲོད་པའི་ལམ་གྱི་གཞུང་ཤིང་ལྟ་བུ་ཡིན་པས་དོར་དུ་མི་རུང་ངོ་། །འདི་ཉིད་རྡོ་རྗེའི་ཐེག་པ་ལས་ཀྱང་མང་དུ་བཀའ་སྩལ་པས་ན་མདོ་རྒྱུད་གཉིས་ཀའི་ལམ་ཐུན་མོང་བའོ། །དེའི་སྟེང་དུ་གསང་སྔགས་ཀྱི་ལམ་ཐུན་མོང་མིན་པ་དབང་དང་དམ་ཚིག་དང་སྡོམ་པ་དང་རིམ་པ་གཉིས་འཁོར་དང་བཅས་པ་བསྣན་པས་སངས་རྒྱས་སུ་བགྲོད་པ་མྱུར་བ་ཡིན་གྱི༌ལམ་ཐུན་མོང་བ་དོར་ན་ནི་ནོར་བ་ཆེན་པོའ། །དེ་ལྟ་བུའི་གོ་བ་མ་རྙེད་ན་ཆོས་རེ་རེ་ལ་ངེས་པ་ལྟར་སྣང་རེ་རྙེད་པ་ན་གཞན་རྣམས་སྤོང་ཞིང་ཁྱད་པར་དུ་ཐེག་པ་གོང་མ་ལ་མོས་པ་ལྟར་སྣང་ཞིག་སྐྱེས་པ་ན་རིམ་པ་ལྟར་ཐེག་དམན་གྱི་སྡེ་སྣོད་དང་ཕ་རོལ་ཏུ་ཕྱིན་


JLD013_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སྤོང་ཞིང༌། སྔགས་ལ༌ཡང་རྒྱུད་སྡེ་འོག་མ་གསུམ་ལ་སོགས་པ་སྤོང་བར་འགྱུར་བས་འབྲེལ་ཆེ་ལ་འབྱུང་ཉེ་ཞིང་རྣམ་པར་སྨིན་པ་ཆེས་ལྕི་བའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ཆེན་པོ་གསོག་པར་འགྱུར་ཏེ། དེའི་ཁུངས་ནི་འོག་ཏུ་སྟོན་པར་འགྱུར་རོ། །དེའི་ཕྱིར་དམ་པའི་མགོན་ལ་བརྟེན་ནས་གསུང་རབ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འགྱུར་བའི་ཚུལ་ལ་ངེས་པ་བརྟན་པར་བྱས་ལ། ད་ལྟ་ཉམས་སུ་ལོངས་པ་རྣམས་ཉམས་སུ་བླང་ཞིང་། དངོས་སུ་འཇུག་ལྡོག་མ་ནུས་པ་རྣམས་ཀྱང་རང་ཉིད་ཀྱིས་འཇུག་མ་ནུས་པ་རྒྱུ་མཚན་དུ་བྱས་ནས་མི་སྤོང་བར། དེ་དག་ལ་དངོས་སུ་འཇུག་ལྡོག་གི་སྒོ་ནས་ཉམས་སུ་ལོན་པ་ཞིག་ནམ་ཞིག་ན་འོང་སྙམ་དུ་བསམས་ནས་དེའི་རྒྱུར་ཚོགས་བསག་པ་དང་སྒྲིབ་པ་སྦྱང་བ་དང་སྨོན་ལམ་གདབ་པར་བྱའོ། །དེས་ནི་རིང་པོ་མི་ཐོགས་པར་བློའི་མཐུ་ཇེ་ཆེ་ཇེ་ཆེར་སོང་སྟེ་དེ་དག་ཐམས་ཅད་ཉམས་སུ་ལེན་ནུས་པར་ཡང་འགྱུར་རོ། །དགེ་བའི་བཤེས་གཉེན་སྟོན་པ་རིན་པོ་ཆེའི་ཞལ་ནས་ཀྱང༌། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ། ཞེས་གསུངས་ཏེ། ཚིག་འདི་དཔྱད་གཞི་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ལྟར་ན་གདམས་ངག་འདིས་མདོ་སྔགས་ཀྱི་གནད་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་འཁྲིད་པས་ན་འདི་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང་ལྡན་ནོ། །གསུང་རབ་


JLD013_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གདམས་ངག་ཏུ་འཆར་བ་ནི། སྤྱིར་ཐར་པ་འདོད་པ་རྣམས་ལ་འཕྲལ་དང་ཡུན་གྱི་ཕན་བདེ་ཐམས་ཅད་འགྲུབ་པའི་ཐབས་ནི་རྒྱལ་བའི་གསུང་རབ་ཉིད་ཡིན་ཏེ། བླང་དོར་གྱི་གནས་ཐམས་ཅད་སྟོན་པ་ལ་འཁྲུལ་པ་མ་ལུས་པ་དང་བྲལ་བ་ནི་སངས་རྒྱས་ཉག་གཅིག་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་གསུངས་སོ། །དེས་ན་རྒྱལ་བའི་བཀའ་མདོ་སྡེ་དང་རྒྱུད་སྡེ་རིན་པོ་ཆེ་རྣམས་གདམས་པའི་མཆོག་ཡིན་ནོ། །དེ་ལྟ་ནའང་ཚད་ལྡན་གྱི་དགོངས་འགྲེལ་དང་དམ་པའི་མན་ངག་དང་མི་ལྡན་པར་བཀའ་ལ་རང་སྟོབས་ཀྱིས་ཞུགས་པས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་དགོངས་པ་མི་རྙེད་པས། ཤིང་རྟ་ཆེན་པོ་རྣམས་ཀྱིས་དགོངས་འགྲེལ་གྱི་བསྟན་བཅོས་དང་མན་ངག་རྣམས་མཛད་དོ། །དེའི་ཕྱིར་མན་ངག་རྣམ་པར་དག་པ་ཡིན་ན་གཞུང་ཆེན་མོ་རྣམས་ལ་ངེས་པ་སྟེར་བ་ཞིག་དགོས་ཀྱི། མན་ངག་ལ་ཅི་ཙམ་སྦྱངས་ཀྱང་བཀའ་དང་དགོངས་འགྲེལ་ཆེན་མོ་རྣམས་ཀྱི་དོན་ལ་ངེས་པ་སྟེར་མི་ནུས་པའམ་དེ་དག་དང་མི་མཐུན་པའི་ལམ་སྟོན་ན་ནི་དོར་བར་བྱ་བ་ཁོ་ནའོ། །གང་ཡང་གཞུང་ཆེན་མོ་རྣམས་


JLD013_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉམས་ལེན་གྱི་གནད་མེད་པའི་བཤད་ཆོས་སུ་བྱས་ཤིང་ཉམས་ལེན་གྱི་གནད་སྙིང་པོའི་དོན་སྟོན་པའི་མན་ངག་ཟུར་དུ་ཡོད་པར་གོ་ནས་དམ་པའི་ཆོས་རང་ལ་བཤད་པ་དང་བསྒྲུབ་པའི་ཆོས་ལོགས་ལོགས་པ་གཉིས་ཡོད་པར་འཛིན་པ་ནི། དྲི་མ་མེད་པའི་མདོ་རྒྱུད་དང་དྲི་མ་མེད་པའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་གུས་པ་ཆེན་པོ་སྐྱེ་བའི་གེགས་བྱེད་ཅིང༌། དེ་དག་ལ་ནང་གི་དོན་མི་སྟོན་པའི་ཕྱིའི་གོ་རྒྱ་ཙམ་གཅོད་པའོ་ཞེས་བརྙས་པའི་གནས་སུ་འཛིན་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་གསོག་པར་ཤེས་པར་བྱའོ། །དེས་ན་ཐར་འདོད་རྣམས་ལ་མི་སླུ་བའི་གདམས་པ་མཆོག་ནི་གཞུང་ཆེན་མོ་རྣམས་ཡིན་མོད། དེ་ཡང་རང་ཉིད་བློ་ཞན་པ་ལ་སོགས་པའི་རྒྱུ་མཚན་གྱིས་གདམས་པའི་མཆོག་ཏུ་གཞུང་དེ་ཙམ་ལ་བརྟེན་ནས་ངེས་མི་ནུས་པས། དམ་པའི་མན་ངག་ལ་བརྟེན་ནས་དེ་དག་ལ་ངེས་པ་བཙལ་བར་བྱའོ་སྙམ་དུ་མན་ངག་འཚོལ་དགོས་པ་ཡིན་གྱི། གཞུང་རྣམས་ནི་ཕྱི་རྒྱ་གཅོད་པ་ཙམ་ཡིན་པས་སྙིང་པོ་མེད་ལ། མན་ངག་རྣམས་ནི་ནང་གི་དོན་སྟོན་པས་མཆོག་གོ་སྙམ་དུ་མི་གཟུང་ངོ་། །རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་ཞལ་ནས། གདམས་ངག་ལ་ནང་བྱན་ཚུད་པ་ནི། བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི། གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་ལ་ཟེར་ཞེས་པ་དང༌། ཇོ་བོ་ཆེན་པོའི་སློབ་


JLD013_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྒོམ་པ་རིན་ཆེན་བླ་མས་ཀྱང༌། ཨ་ཏི་ཤའི་གདམས་ངག་ལ་སྟན་ཐོག་གཅིག་ཏུ་ལུས་ངག་ཡིད་གསུམ་རྡུལ་དུ་བརླགས་པས། ད་གཞུང་ཐམས་ཅད་གདམས་ངག་ཏུ་གོ་བ་ཞིག་བྱུང་གསུང་བ་ལྟར་གོ་དགོས་པ་ཡིན་ནོ། །སྟོན་པ་རིན་པོ་ཆེའི་ཞལ་ནས། ཆོས་མང་དུ་བསླབས་ནས་ཆོས་བྱེད་ལུགས་གཞན་དུ་རྩད་གཅོད་དགོས་པ་བྱུང་ན་ནོར་བ་ཡིན་གསུང་བ་ལྟར། ཡུན་རིང་པོར་ཆོས་མང་དུ་བསླབས་ཀྱང་ཆོས་བྱེད་ལུགས་ཡེ་མི་ཤེས་པར་ཆོས་བྱེད་འདོད་བྱུང་བ་ན་རྩད་གཞན་ནས་གཅོད་དགོས་པ་རྣམས་ཀྱང་སྔར་བཤད་པ་ལྟར་མ་གོ་བས་ནོངས་ཏེ། འདིར་བསྟན་པ་ནི་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར། ལུང་རྟོགས་ཀྱི་བསྟན་པ་གཉིས་ལས་མེད་ལ། ལུང་གི་བསྟན་པ་ནི་ཆོས་ལག་ཏུ་ལེན་པའི་ཚུལ་སྒྲུབ་པ་བྱེད་ལུགས་གཏན་ལ་འབེབས་པ་ཡིན་ལ། རྟོགས་པའི་བསྟན་པ་ནི་གཏན་ལ་ཕེབས་པ་ན་ཇི་ལྟར་གཏན་ལ་ཕབ་པ་ལྟར་བསྒྲུབ་པ་ཡིན་པས་དེ་གཉིས་རྒྱུ་འབྲས་སུ་འགྲོ་བ་ཡིན་ཏེ། དཔེར་ན། རྟ་རྒྱུག་པ་ན་སྔོན་ལ་རྟ་ལ་དཀྱུས་ས་སྟོན་པ་དང་བསྟན་ཟིན་ནས་དེར་རྒྱུག་པ་ལྟ་བུ་ཡིན་ནོ། །དཀྱུས་ས་གཞན་དུ་བསྟན་ནས་རྒྱུག༌ས་གཞན་དུ་བྱེད་ན་བཞད་གད་དུ་འགྱུར་བ་ལྟར། ཐོས་བསམ་གྱིས་གཞན་ཞིག་གཏན་ལ་ཕབ་ནས་སྒྲུབ་པ་ན་གཞན་ཞིག་བསྒྲུབ་ཏུ་ག་ལ་རུང༌། དེ་ལྟར་ཡང་བསྒོམ་པའི་རིམ་པ་ཐ་མ་ལས། ཡང་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྟོགས་


JLD013_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་པ་དེ་ཉིད་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྒོམ་པར་བྱ་ཡི། གཞན་དུ་མ་ཡིན་ཏེ། རྟ་དཀྱུས་ཀྱི་ས་བསྟན་ནས་རྒྱུག་པ་བཞིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་གདམས་པ་འདིས་བཤེས་གཉེན་བསྟེན་ཚུལ་ནས་ཞི་གནས་དང་ལྷག་མཐོང་གི་བར་གསུང་རབ་དགོངས་འགྲེལ་དང་བཅས་པའི་ལམ་གྱི་གནད་ཐམས་ཅད་ཚང་བར་བསྡུས་ནས་དེ་དག་ཐམས་ཅད་ལ་འཇོག་སྒོམ་དགོས་པ་རྣམས་ལ་འཇོག་སྒོམ་བྱེད། དཔྱད་ནས་བསྒོམ་དགོས་པ་རྣམས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དེ་ཉམས་སུ་ལེན་པའི་རིམ་པར་དྲིལ་ནས་འཁྲིད་པས་ན་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་རོ། །དེ་ལྟ་མ་ཡིན་པར་ལམ་གྱི་ལུས་ཡོངས་སུ་མ་རྫོགས་པའི་ཆ་ཤས་འགའ་རེ་ལ། སོ་སོར་རྟོག་པའི་ཤེས་རབ་དང་བྲལ་བར་ཚེ་དྲིལ་ནས་ཉམས་སུ་བླངས་པས་ནི་གཞུང་ཆེན་མོ་རྣམས་གདམས་ངག་ཏུ་མི་འཆར་བར་མ་ཟད། དེ་དག་ལ་ཕྱིའི་གོ་རྒྱ་གཅོད་པ་ཙམ་དུ་མཐོང་ནས་སྤོང་བར་འགྱུར་ཏེ། གཞུང་ཆེ་བ་རྣམས་ནས་བཤད་པའི་བརྗོད་བྱ་དེ་དག་ནི་ཕལ་ཆེར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དགོས་པ་ཤ་སྟག་ཏུ་སྣང་ལ། དེ་ཡང་ཉམས་ལེན་གྱི་ཚེ་དོར་ན་དེ་དག་ལ་གདམས་པའི་མཆོག་ཏུ་མཐོང་བའི་ངེས་པ་ཇི་ལྟར་སྐྱེ། དེ་དག་གདམས་པའི་མཆོག་མ་ཡིན་ན་ནི་དེ་དག་མཛད་པ་ལས་ལྷག་པའི་གདམས་ངག་མཁན་པོ་སུ་ཞིག་གིས་རྙེད། དེ་ལྟར་མདོ་སྡེ་


JLD013_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཅིང་རྒྱ་ཆེ་བ་དགོངས་འགྲེལ་དང་བཅས་པ་གདམས་ངག་ཏུ་ཤར་ན། རྒྱུད་སྡེ་ཟབ་མོ་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་ཆེན་མོ་རྣམས་ཀྱང་ཚེགས་མེད་པར་གདམ་ངག་ཏུ་ཤར་ནས་དེ་དག་ལ་གདམས་པའི་མཆོག་ཏུ་འཛིན་པའི་ངེས་པ་སྐྱེས་ཏེ། དེ་རྣམས་གདམ་ངག་དངོས་མིན་པའི་ཆོས་རྒྱབ་ཙམ་དུ་འཛིན་པའི་ལོག་རྟོག་རྣམས་ལྷག་མ་མེད་པར་བཟློག་པར་འགྱུར་རོ། །རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེ་བ་རྣམས་གདམས་པའི་མཆོག་ཡིན་ཀྱང་ཡོངས་སུ་མ་སྦྱངས་པའི་གང་ཟག་ལས་དང་པོ་པས་ནི་དམ་པའི་མན་ངག་ལ་མ་བརྟེན་པར་དེ་དག་ལ་ཞུགས་ཀྱང་དགོངས་པ་མི་རྙེད་ལ། རྙེད་དུ་ཆུག་ཀྱང་དུས་ཤིན་ཏུ་རིང་བ་དང་ཚེགས་ཤིན་ཏུ་ཆེ་བ་ལ་ལྟོས་སོ། །བླ་མའི་མན་ངག་ལ་བརྟེན་ན་ནི་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །གདམས་པ་འདིས་ནི་བཀའ་དང་བསྟན་བཅོས་ཀྱི་གནད་ལ་ངེས་པ་བདེ་བླག་ཏུ་སྟེར་བར་འགྱུར་ཏེ། དེའི་ཚུལ་ནི་སྐབས་རྣམས་སུ་རྒྱས་པར་སྟོན་པར་འགྱུར་རོ། །ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་ནི། པདྨ་དཀར་པོ་དང་བདེན་པ་པོའི་ལེའུ་ནས་བཤད་པ་ལྟར། སངས་རྒྱས་ཀྱི་བཀའ་ཐམས་ཅད་དངོས་དང་བརྒྱུད་པས་འཚང་རྒྱ་བའི་ཐབས་སྟོན་པར་མ་གོ་བར། འགའ་ཞིག་འཚང་རྒྱ་བའི་ཐབས་དང་འགའ་ཞིག་འཚང་རྒྱ་བའི་གེགས་སུ་བཟུང་ནས་བཟང་ངན་དང་རིགས་མི་རིགས་དང་ཐེག་པ་ཆེ་ཆུང་དུ་ཕྱེ་སྟེ། བྱང་སེམས་ཀྱིས་འདི་ལ་སློབ་དགོས་


JLD013_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་ལ་སློབ་མི་དགོས་སོ་ཞེས་དོར་བྱར་བཟུང་ན་ཆོས་སྤོང་བར་འགྱུར་ཏེ། རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས། འཇམ་དཔལ། དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ། གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས་ལ། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་བའོ། །གང་ཆོས་སྤོང་བ་དེས་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་པའོ་འདི་ནི་མི་རིགས་པའོ་ཞེས་ཟེར་ན་ཆོས་སྤོང་བའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་རང་སངས་རྒྱས་རྣམས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཞེས་གསུངས་སོ། །ཆོས་སྤངས་ན་དེའི་ཉེས་པ་ཤིན་ཏུ་ལྕི་བ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །གང་གིས་གངྒཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་གསུངས་སོ། །སྤྱིར་ཆོས་སྤོང་འབྱུང་བ་ལ་སྒོ་མང་དུ་


JLD013_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ནའང་སྔར་བསྟན་པའི་སྒོ་འདི་ཆེ་ཤོས་སུ་སྣང་བས་འབད་པས་སྤང་བར་བྱའོ། །དེ་ཡང་སྔར་བསྟན་པ་ལྟར་གྱི་ངེས་པ་རྙེད་པ་ཙམ་གྱིས་བཟློག་པར་འགྱུར་བས་ཉེས་སྤྱོད་རང་འགགས་སུ་འགྲོ་བའོ། །ངེས་པ་དེ་ནི་བདེན་པ་པོའི་ལེའུ་དང་དམ་པའི་ཆོས་པདྨ་དཀར་པོ་མང་དུ་བལྟས་པ་ལས་བཙལ་བར་བྱ་ཞིང༌། ཆོས་སྤོང་གི་སྒོ་གཞན་རྣམས་ནི་རྣམ་པར་འཐག་པ་བསྡུས་པའི་མདོ་ལས་ཤེས་པར་བྱའོ། །ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་ལ་གསུམ། ཉན་པའི་ཚུལ་དང༌། བཤད་པའི་ཚུལ་དང༌། མཇུག་ཏུ་ཐུན་མོང་དུ་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། ཆོས་ཐོས་པའི་ཕན་ཡོན་བསམ་པ། ཆོས་དང་ཆོས་སྨྲ་བ་ལ་རིམ་གྲོ་བསྐྱེད་པ། ཉན་པའི་ཚུལ་དངོས་སོ། །དང་པོ་ནི། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་དང༌། ཇི་ལྟར་ཁྱིམ་ནི་ལེགས་གཡོགས་པ། །མུན་པས་ཁེབས་པའི་ནང་ཞུགས་ན། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། །མིག་ལྡན་བཞིན་དུ་མི་མཐོང་བ། །དེ་བཞིན་འདི་ན་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང༌། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང༌། སྐྱེས་


JLD013_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རབས་ལས་ཀྱང༌། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤས་ཀྱང་དེ་ནི་ཉོ་བའི་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཞེས་དང༌། ཐོས་པའི་རྗེས་འཇུག་བསྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་གསུངས་པའི་ཐོས་པའི་ཕན་ཡོན་རྣམས་ལ་སྙིང་ཐག་པ་ནས་མོས་པ་བསྐྱེད་དོ། །གཞན་ཡང༌། སངས་རྒྱས་འབྱུང་བ་བརྒྱ་ལམ་ན་ཡིན་ཞིང་དེའི་ཆོས་ཀྱང་དེ་དང་འདྲ་བས་དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང༌། འཕྲལ་འཕྲལ་དུ་ལྷན་ཅིག་སྐྱེས་པའི་ཤེས་རབ་ཇེ་ཆེར་བསྐྱེད་པས་མིག་གི་འདུ་ཤེས་དང༌། ཤེས་རབ་ཀྱི་མིག་བྱིན་པ་དེས་ཇི་ལྟ་བ་དང་ཇི་སྙེད་པ་རྣམས་མཐོང་བར་འགྱུར་བས་སྣང་བའི་འདུ་ཤེས་དང༌། མཐར་མྱ་ངན་ལས་འདས་པ་དང་བྱང་ཆུབ་ཆེན་པོའི་འབྲས་བུ་སྟེར་བས་ཕན་ཡོན་ཆེ་


JLD013_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདུ་ཤེས་དང༌། ད་ལྟ་ནས་ཀྱང་དེ་གཉིས་ཀྱི་རྒྱུ་ཞི་གནས་དང་ལྷག་མཐོང་གི་བདེ་བ་ཐོབ་པར་བྱེད་པས་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེས་དང་ལྔས་མཉན་དགོས་པར་བྱང་ས་ལས་གསུངས་པ་ལྟར་སེམས་པ་ནི་ཐོས་པའི་ཕན་ཡོན་སེམས་པའོ། །གཉིས་པ་ནི། སའི་སྙིང་པོའི་མདོ་ལས། གཅིག་ཏུ་དད་ཅིང་གུས་པས་ཆོས་མཉན་གྱི། །དེ་ལ་འཕྱ་ཞིང་སྐུར་བར་མི་བྱ་འོ། །ཆོས་སྨྲ་བ་ལ་མཆོད་པ་བྱ་བ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་བསྐྱེད། །ཅེས་གསུངས་པ་ལྟར། སངས་རྒྱས་དང་འདྲ་བར་བལྟས་ལ་སེངྒེའི་ཁྲི་ལ་སོགས་པའི་བཀུར་སྟི་དང་རྙེད་པས་མཆོད་དེ་མ་གུས་པ་སྤང་ཞིང༌། བྱང་ས་ལས། ཀུན་ནས་ཉོན་མོངས་པ་མེད་པ་དང་ཆོས་སྨྲ་བ་ལ་གནས་ལྔར་ཡིད་ལ་མི་བྱ་བར་གསུངས་པ་ལྟར་མཉན་ཏེ། ཁེངས་པ་དང་བྲལ་བ་ནི། དུས་སུ་ཉན་པ་དང་བཀུར་སྟི་བྱེད་པ་དང་སྲི་ཞུ་བྱེད་པ་དང་མི་ཁྲོ་བ་དང་རྗེས་སུ་བསྒྲུབ་པ་དང་ཀླན་ཀ་མི་ཚོལ་བ་དྲུག་གིས་ཉན་པའོ། །ཁྱད་གསོད་ཀྱི་ཉོན་མོངས་པ་དང་བྲལ་བ་ནི། ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་དེ་གཉིས་ལ་ཁྱད་དུ་མི་གསོད་པའོ། །གནས་ལྔར་ཡིད་ལ་མི་བྱ་བ་ནི། ཚུལ་ཁྲིམས་ཉམས་པ་དང་རིགས་དམའ་བ་དང་བྱད་ངན་པ་དང་ཚིག་འབྲུ་ངན་པ་དང་ཚིག་རྩུབ་ཅིང་མི་སྙན་པར་སྨྲ་བས་འདི་ལ་མི་མཉན་ནོ་སྙམ་པ་འདོར་བའོ། །སྐྱེས་པའི་རབས་ལས་ཀྱང༌། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །


JLD013_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་ཅིང་རྩེ་གཅིག་བཏུད། །རབ་ཏུ་དང་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར་རོ། །ཉན་པའི་ཚུལ་དངོས་ལ་གཉིས། སྣོད་ཀྱི་སྐྱོན་གསུམ་སྤང་བ། འདུ་ཤེས་དྲུག་བསྟེན་པའོ། །།དང་པོ་ནི། སྣོད་ཁ་སྦུབ་པ་དང༌། ཁ་གྱེན་དུ་བཟེད་ཀྱང་མི་གཙང་བ་དང༌། གཙང་དུ་ཟིན་ཀྱང་ཞབས་རྡོལ་ན། དེར་ལྷས་ཆར་ཕབ་ཀྱང་ནང་དུ་མི་འགྲོ་བ་དང༌། སོང་ཡང་མི་གཙང་བས་སྦགས་པས་འཐུང་བ་ལ་སོགས་པའི་དགོས་པ་མི་འགྲུབ་པ་དང༌། མི་གཙང་བས་མ་བསླད་ཀྱང་ནང་དུ་མི་གནས་པར་ཟགས་ནས་འགྲོ་བའོ། །དེ་བཞིན་དུ་ཆོས་འཆད་པའི་གྲྭར་བསྡད་དུ་ཟིན་ཀྱང་རྣ་ལེགས་པར་མི་གཏོད་པ་དང༌། གཏད་དུ་ཟིན་ཀྱང་ལོག་པར་བཟུང་བའམ་ཀུན་སློང་སྐྱོན་ཆགས་པ་ལ་སོགས་པ་དང༌། སྐྱོན་དེ་དག་མེད་ཀྱང་ཉན་པའི་དུས་སུ་བཟུང་བའི་ཚིག་དང་དོན་རྣམས་བརྟན་པར་མ་བྱས་པར་བརྗེད་པ་ལ་སོགས་པས་ཉམས་པར་གྱུར་ན། ཆོས་ཐོས་པ་དགོས་པ་ཆེན་པོར་མི་འགྱུར་བས་དེ་དག་དང་བྲལ་བ་དགོས་ཏེ། དེ་གསུམ་གྱི་གཉེན་པོར་མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་ཚིག་གསུམ་གསུངས་པ་ཡིན་ནོ། །དེ་ཡང་བྱང་ས་ནས། ཀུན་ཤེས་པར་འདོད་པ་དང་རྩེ་གཅིག་པ་དང་རྣ་བླགས་པ་དང་ཡིད་བཏུད་པ་དང་སེམས་ཐམས་ཅད་ཀྱིས་བསམས་


JLD013_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉན་པར་གསུངས་པ་ལྟར་རོ། །འདུ་ཤེས་དྲུག་བསྟེན་པ་ལ། རང་ལ་ནད་པ་ལྟ་བུའི་འདུ་ཤེས་བཞག་པ་ནི། སྤྱོད་འཇུག་ལས། ཐ་མལ་ནད་ཀྱིས་བཏབ་པ་ཡང༌། །སྨན་པའི་ངག་བཞིན་བྱ་དགོས་ན། །འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། རྒྱུན་རིང་བ་གསོ་དཀའ་བ་སྡུག་བསྔལ་དྲག་པོ་བསྐྱེད་པའི་ནད་ཆགས་སོགས་ཉོན་མོངས་པས་དུས་རྟག་ཏུ་ན་བ་ཡིན་པས་དེ་ལ་དེར་ངོ་ཤེས་པར་བྱེད་དགོས། ཀ་མ་བའི་ཞལ་ནས། དོན་ལ་མི་ན་ན་དེ་ལྟར་བསྒོམ་པ་ཕྱིན་ཅི་ལོག་ཏུ་འགྲོ་སྟེ་དུག་གསུམ་གྱི་གཅོང་ནད་ཆེན་པོས་ཐེབས་ནས་ནད་ཚབས་ཤིན་ཏུ་ཆེ་བ་ལ་འོ་སྐོལ་གྱིས་ན་བར་ཡེ་མ་ཤེས་གསུང༌། ཆོས་སྨྲ་བ་ལ་སྨན་པ་ལྟ་བུའི་འདུ་ཤེས་བཞག་པ་ནི། དཔེར་ན། རླུང་མཁྲིས་ལ་སོགས་པའི་ནད་ཚབས་པོ་ཆེས་བཏབ་པ་ན་སྨན་པ་མཁས་པ་འཚོལ། དེ་དང་ཕྲད་པ་ན་དགའ་བ་ཆེན་པོ་སྐྱེ་ཅི་ཟེར་ཉན་གུས་པས་བསྙེན་བཀུར་བ་ལྟར། ཆོས་སྟོན་པའི་བཤེས་གཉེན་ལའང་དེ་ལྟར་འཚོལ་བ་དང་རྙེད་ནས་ཁུར་དུ་མི་འགྲོ་བར་རྒྱན་དུ་འཛིན་ཏེ་ཅི་གསུང་བསྒྲུབ་ཅིང་གུས་པས་བསྙེན་བཀུར་བར་བྱེད་པ་སྟེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། དེ་ལྟ་བས་ན་བྱང་ཆུབ་དམ་པ་འཚོལ་བ་ཡི། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་ངེས་བཅོམ་སྟེ། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །


JLD013_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བསྟན་པ་ལ་སྨན་གྱི་འདུ་ཤེས་བསྐྱེད་པ་ནི། ནད་པས་སྨན་པས་སྦྱར་བའི་སྨན་ལ་གཅེས་སྤྲས་ཆེན་པོ་བྱེད་པ་ལྟར། ཆོས་སྨྲ་བས་གསུངས་པའི་གདམས་ངག་དང་རྗེས་སུ་བསྟན་པ་ལ་གལ་པོ་ཆེར་མཐོང་ནས་འབད་པ་དུ་མས་གཅེས་སྤྲས་སུ་འཛིན་ཅིང་བརྗེད་པ་ལ་སོགས་པའི་སྒོ་ནས་ཆུད་འཛའ་བར་མི་བྱེད་པའོ། །ནན་ཏན་ཉམས་སུ་བླང་བ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱ་བ་ནི། ནད་པས་སྨན་པས་སྦྱར་བའི་སྨན་མ་འཐུངས་ན་ནད་ཞི་མི་ནུས་པར་མཐོང་ནས་འཐུང་བ་ལྟར། ཆོས་སྨྲ་བས་བསྟན་པའི་གདམས་པ་ཉམས་སུ་མ་བླངས་ན་ཆགས་སོགས་གཞོམ་མི་ནུས་པར་མཐོང་ནས་ནན་ཏན་གྱིས་ཉམས་སུ་ལེན་པར་བྱེད་ཀྱི། ཉམས་ལེན་མེད་པར་རྣམ་གྲངས་མང་པོ་གསོག་པའི་ཚིག་ལྷུར་མི་ལེན་པའོ། །དེ་ཡང་མཛེ་ཅན་ལག་པ་དང་རྐང་པ་ཆད་པ་ལ་སྨན་ཐུན་རེ་རེ་གཉིས་གཉིས་བསྟེན་པས་ཅིར་ཡང་མི་འགྱུར་བ་ལྟར། འོ་སྐོལ་ཐོག་མ་མེད་པ་ནས་ཉོན་མོངས་པའི་ནད་གཞི་ཚབས་ཅན་གྱིས་ཐེབས་པ་ལ་གདམས་ངག་གི་དོན་ལན་རེ་རེ་གཉིས་གཉིས་ཙམ་ཉམས་སུ་བླངས་པས་མི་ཆོག་པས། ལམ་གྱི་ཆ་ཐམས་ཅད་རྫོགས་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཅིང་ཆུ་བོའི་རྒྱུན་བཞིན་དུ་འབད་འཚལ་ཏེ། སློབ་དཔོན་ཆེན་པོ་ཙནྡྲ་གཽ་མིས་བཤགས་བསྟོད་ལས། དེར་ཡང་རྒྱུན་དུ་སེམས་ནི་རྣམ་རྨོངས་ལ། །ཡུན་རིང་དུས་སུ་ནད་གཞི་སྟེན་བྱེད་ཅིང༌། །མཛེ་ཅན་རྐང་པ་


JLD013_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་ཆད་པ་ལ། །ཐང་འགའ་སྨན་བསྟེན་པ་ཡིས་ཅི་བགྱིར་མཆི། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་རང་ལ་ནད་པ་ལྟ་བུའི་འདུ་ཤེས་ཤིན་ཏུ་གལ་ཆེ་སྟེ། དེ་ཡོད་ན་གཞན་རྣམས་ཀྱང་འབྱུང་ལ། དེ་ཚིག་ཙམ་དུ་སོང་ན་ཉོན་མོངས་པ་བསལ་བའི་ཕྱིར་དུ་གདམས་པའི་དོན་མི་བསྒྲུབ་པར་ཉན་པ་ཙམ་ཞིག་ཏུ་འགྱུར་བས། སྨན་པ་བཙལ་ནས་སྨན་མི་འཐུང་བར་སྨན་སྦྱོར་བ་ཁོ་ན་ལྷུར་བླངས་ན་ནད་པ་ནད་ལས་མི་ཐར་བ་དང་འདྲ་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མི་དག་ན་ཞིང་ལུས་ནི་སྡུག་བསྔལ་ཏེ། །ལོ་གྲངས་མང་པོ་རེས་འགའ་མ་ཐར་བ། །དེ་ནི་ཡུན་རིང་ནད་ཀྱིས་ཉོན་མོངས་པས། །ནད་རྣམས་གསོ་བའི་ཕྱིར་ཡང་སྨན་པ་བཙལ། །ཡང་དང་ཡང་དུ་དེ་ཡིས་བཙལ་བ་ཡིས། །སྨན་པ་མཁས་ཤིང་རིག་པ་དེ་རྙེད་དེ། །དེས་ཀྱང་སྙིང་རྗེ་ཉེ་བར་བཞག་ནས་ནི། །སྨན་འདི་བཏང་བར་གྱིས་ཞེས་བྱིན་པ་དང༌། །སྨན་མང་བཟང་ཞིང་ཕངས་པ་དེ་བླངས་ནས། །ན་བ་འཚོ་བར་འགྱུར་བའི་སྨན་མི་འཐུང༌། །སྨན་པས་མ་ལན་སྨན་གྱིས་མ་ཉེས་ཏེ། །ནད་པ་དེ་ཉིད་ཀྱིས་ནི་ཉེས་པ་ཡིན། །དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ། །སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས། །བསྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད། །རིགས་པར་མི་བརྩོན་ག་ལ་མྱ་ངན་འདའ། །ཞེས་དང༌། ངས་ནི་རབ་ཏུ་བཟང་པོའི༌ཆོས་བཤད་ཀྱང༌། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་པ་དག །བདག་གི་ནད་ནི་གསོ་


JLD013_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་ནུས་བཞིན། །ཞེས་དང༌། སྤྱོད་པ་ལ་འཇུག་པ་ལས་ཀྱང༌། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ནན་ཏན་ལ་ནི་ནད་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་པའི་ནན་ཏན་ནི། བཤེས་གཉེན་གྱི་གདམས་པའི་བླང་དོར་གྱི་གནས་རྣམས་ལ་ལག་ལེན་དུ་བྱེད་པ་སྟེ། དེ་ཡང་བྱེད་པ་ལ་ཤེས་དགོས་ཤིང༌། དེ་ལ་ཐོས་དགོས་པ་དང་ཐོས་ནས་ཤེས་པར་བྱས་པའི་དགོས་པའང་བྱེད་པ་ཡིན་པས། ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེའོ། །དེ་ལྟར་ཡང༌། ཐོས་པའི་ཚོམས་ལས། གལ་ཏེ་ཐོས་པ་མང་གྱུར་ཀྱང༌། །ཚུལ་ཁྲིམས་ལེགས་པར་མི་སྡོམ་ན། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང༌། །དེ་ཡི་ཐོས་པ་ཕུན་སུམ་མིན། །གལ་ཏེ་ཐོས་པ་ཉུང་གྱུར་ཀྱང༌། །ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་ན། །དེ་ནི་ཚུལ་ཁྲིམས་ཕྱིར་བསྔགས་ཤིང༌། །དེ་ཡི་ཐོས་པ་ཕུན་སུམ་འགྱུར། །གང་ཞིག་ཐོས་པ་ཉུང་བ་དང༌། །ཚུལ་ཁྲིམས་ལེགས་པར་མི་སྡོམ་པ། །དེ་ནི་གཉི་གའི་ཕྱིར་སྨད་ཅིང་། །དེ་ཡི་བརྟུལ་ཞུགས་ཕུན་སུམ་མིན། །གང་ཞིག་མང་དུ་ཐོས་པ་དང༌། །ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་པ། །དེ་ནི་གཉི་གའི་ཕྱིར་བསྔགས་ཤིང༌། །དེ་ཡི་བརྟུལ་ཞུགས་ཕུན་སུམ་འགྱུར། །ཞེས་


JLD013_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལེགས་གསུངས་ཐོས་པ་སྙིང་པོར་ཤེས་པ་དང༌། །ཏིང་ངེ་འཛིན་དག་སྙིང་པོར་ཤེས་གྱུར་ཀྱང༌། །གང་ཞིག་བག་མེད་བརླང་པོར་བྱེད་པ་དེའི། །ཐོས་དང་ཤེས་པ་དོན་ཆེན་མི་འགྱུར་རོ། །གང་ཞིག་འཕགས་པས་བསྟན་པའི་ཆོས་དགའ་ཞིང༌། །དེ་བཞིན་ལུས་དང་ངག་གིས་སྤྱོད་བྱེད་པ། །དེ་དག་བཟོད་ལྡན་གྲོགས་དགའ་དབང་པོ་བསྡམས། །ཐོས་དང་ཤེས་པའི་ཕ་རོལ་ཕྱིན་པ་འཐོབ། །ཅེས་དང༌། ལྷག་བསམ་བསྐུལ་བ་ལས་ཀྱང༌། བདག་ནི་སྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་དང༌། གར་ལ་བལྟ་བའི་ཁྲོད་ན་འདུག་པ་ཞིག །དཔའ་བོ་གཞན་གྱི་ཡོན་ཏན་བརྗོད་པ་བཞིན། །བདག་ཉིད་ནན་ཏན་ཉམས་པར་འགྱུར་བ་སྟེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་དང༌། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་བཞག་པ་ནི། ཆོས་གསུང་བ་པོ་བཅོམ་ལྡན་འདས་རྗེས་སུ་དྲན་ནས་གུས་པ་བསྐྱེད་པའོ། །ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་


JLD013_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བསྐྱེད་པ་ནི། ཆོས་འདི་ལྟ་བུ་མཉན་པ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་འཇིག་རྟེན་ན་རིང་དུ་གནས་ན་ཅི་མ་རུང་སྙམ་དུ་སེམས་པའོ། །གཞན་ཡང་ཆོས་འཆད་པའམ་ཉན་པ་ན་རང་གི་རྒྱུད་ལོགས་སུ་བཞག །ཆོས་ལོགས་སུ་བཤད་པ་དེས་ཅི་བཤད་ཀྱང་གནད་དུ་མི་འགྲོ་བས་རང་གི་རྒྱུད་གཏན་ལ་དབབ་པའི་ཆེད་དུ་ཉན་པ་ཞིག་དགོས་སོ། །དཔེར་ན། བྱད་བཞིན་གྱི་ནག་ནོག་ལ་སོགས་པའི་དྲི་མ་ཡོད་མེད་རྟོག་པར་འདོད་པ་ན་མེ་ལོང་ལ་བལྟས་ནས་ཤེས་པར་བྱས་ཏེ་དྲི་མ་སེལ་བ་ལྟར། རང་གི་སྤྱོད་པ་སྐྱོན་ཆགས་པ་རྣམས་ཀྱང་ཆོས་ཉན་པ་ན་ཆོས་ཀྱི་མེ་ལོང་དུ་འཆར་ལ། དེའི་ཚེ་བདག་གི་རྒྱུད་འདི་ལྟ་བུར་སོང་ངོ་ཞེས་ཡིད་ལ་གདུང་བ་སྐྱེས་ཏེ། དེ་ནས་སྐྱོན་སེལ་ཞིང་ཡོན་ཏན་བསྒྲུབ་པ་ལ་འཇུག་པས་ཆོས་ཀྱི་རྗེས་སུ་སློབ་པ་ཞིག་དགོས་ཏེ། སྐྱེས་པའི་རབས་ལས། བདག་གི་སྤྱོད་པ་ངན་པའི་གཟུགས། །ཆོས་ཀྱི་མེ་ལོང་གསལ་མཐོང་ན། །ཡིད་ལ་གདུང་བ་རབ་སྐྱེས་ཏེ། །བདག་ནི་ཆོས་ལ་ཕྱོགས་པར་འགྱུར། །ཞེས་སུ་ཏ་སའི་བུས་རྒྱལ་སྲས་ཟླ་བ་ལ་ཆོས་སྟོན་པའི་ཕྱིར་ཞུས་པ་ན། བྱང་ཆུབ་སེམས་དཔས་དེའི་བསམ་པ་ཆོས་ཉན་པའི་སྣོད་དུ་གྱུར་པར་མཁྱེན་ནས་ཆོས་གསུངས་པ་ལྟར་རོ། །མདོར་ན་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེ་ཐོབ་པ་ལ་དེའི་རྒྱུ་ལ་བསླབ་དགོས། དེ་ལ་ཤེས་དགོས། དེ་


JLD013_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས་ཐོས་པ་དགོས་པར་སྣང་བས་ཆོས་མཉན་པར་བྱའོ་སྙམ་དུ་སེམས་བསྐྱེད། ཐོས་པའི་ཕན་ཡོན་དྲན་པར་བྱས་ཏེ་སྤྲོ་སིང་བ་བྱས་ནས་སྣོད་ཀྱི་སྐྱོན་སྤོང་བ་སོགས་བྱས་ཏེ་མཉན་ནོ། །གཉིས་པ་ཆོས་བཤད་པའི་ཚུལ་ལ་བཞི། ཆོས་བཤད་པའི་ཕན་ཡོན་བསམ་པ། སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པ། བསམ་པ་དང་སྦྱོར་བ་ཇི་ལྟ་བུས་བཤད་པ། ཡུལ་གང་ལ་བཤད་པ་དང་མི་བཤད་པའི་ཁྱད་པར་རོ། །དང་པོ་ནི། རྙེད་བཀུར་དང་གྲགས་པ་ལ་སོགས་པའི་ཟང་ཟིང་ལ་མི་བལྟ་བར་ཆོས་སྟོན་པ་ནི་ཤིན་ཏུ་ཕན་ཡོན་ཆེ་སྟེ། ལྷག་པའི་བསམ་པ་བསྐུལ་བ་ལས། བྱམས་པ། ཉི་ཤུ་པོ་འདི་ནི་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་རྙེད་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་སྦྱིན་པ་གང་ཡིན་པ་དེའི་ཕན་ཡོན་ཡིན་ཏེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པར་འགྱུར་བ་དང༌། བློ་གྲོས་དང་ལྡན་པར་འགྱུར་བ་དང༌། བློ་དང་ལྡན་པར་འགྱུར་བ་དང༌། བརྟན་པ་དང་ལྡན་པར་འགྱུར་བ་དང༌། ཤེས་རབ་དང་ལྡན་པར་འགྱུར་བ་དང༌། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ་དང༌། འདོད་ཆགས་ཆུང་བར་འགྱུར་བ་དང༌། ཞེ་སྡང་ཆུང་བར་འགྱུར་བ་དང༌། གཏི་མུག་ཆུང་བར་འགྱུར་བ་དང༌། བདུད་ཀྱིས་དེ་ལ་གླགས་མི་རྙེད་པར་འགྱུར་བ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པར་འགྱུར་བ་དང༌། མི་མ་ཡིན་པ་རྣམས་དེ་ལ་བསྲུང་བར་འགྱུར་བ་དང༌།


JLD013_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་དེ་ལ་གཟི་བྱིན་བསྐྱེད་པར་འགྱུར་བ་དང༌། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་རྙེད་པར་མི་འགྱུར་བ་དང༌། དེའི་མཛའ་བཤེས་རྣམས་མི་ཕྱེད་པར་འགྱུར་བ་དང༌། ཚིག་བཙུན་པར་འགྱུར་བ་དང༌། དེས་མི་འཇིགས་པ་ཐོབ་པར་འགྱུར་བ་དང༌། ཡིད་བདེ་བ་མང་བར་འགྱུར་བ་དང༌། མཁས་པས་བསྔགས་པར་འགྱུར་བ་དང༌། དེའི་ཆོས་ཀྱི་སྦྱིན་པ་དེ་ཡང་རྗེས་སུ་དྲན་པར་བྱ་བར་འོས་པར་འགྱུར་བ་སྟེ། ཞེས་སོགས་མདོ་སྡེ་དུ་མར་གསུངས་པའི་ཕན་ཡོན་ལ་སྙིང་ཐག་པ་ནས་མོས་པ་སྐྱེད་པའོ། །དེ་ལ་བརྟན་པ་དང་ལྡན་པ་ནི། བསླབ་བཏུས་འགྱུར་གསར་དུ་མོས་པ་དང་ལྡན་པར་བསྒྱུར་ལ། འགྱུར་རྙིང་ཁ་ཅིག་ལས་བརྟུན་པ་དང་ལྡན་པར་བསྒྱུར་རོ། །སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པ་ནི། རྒྱལ་བའི་ཡུམ་གསུང་བ་ན་བཅོམ་ལྡན་འདས་ཉིད་ཀྱིས་གདན་བཤམས་པ་སོགས་མཛད་པ་ལྟར། ཆོས་ནི་སངས་རྒྱས་རྣམས་ཀྱིའང་བཀུར་བའི་ཞིང་ཡིན་པས་ཆོས་ལ་གུས་པ་ཆེན་པོ་དང་སྟོན་པའི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པ་བསྐྱེད་པར་བྱའོ། །བསམ་པ་དང་སྦྱོར་བ་ཇི་ལྟ་བུས་བཤད་པ་ལ། བསམ་པ་ནི། བློ་གྲོས་རྒྱ་མཚོས་ཞུས་པ་ལས་གསུངས་པའི་འདུ་ཤེས་ལྔ་བཞག་སྟེ། རང་ལ་སྨན་པ་དང་ཆོས་ལ་སྨན་དང་ཆོས་ཉན་པ་ལ་ནད་པ་དང་དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པ་དང་ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་བསྐྱེད་པ་དང་


JLD013_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་བྱམས་པ་བསྒོམ། གཞན་མཐོ་བར་དོགས་པའི་ཕྲག་དོག་དང་ཕྱི་བཤོལ་བྱེད་པའི་ལེ་ལོ་དང་ཡང་ཡང་འཆད་པས་ངལ་བའི་སྐྱོ་བ་དང་བདག་ཉིད་སྒྲོགས་ཤིང་གཞན་གྱི་སྐྱོན་གླེང་བ་དང་ཆོས་ལ་དཔེ་མཁྱུད་བྱེད་པ་དང་ཟས་གོས་ལ་སོགས་པའི་ཟང་ཟིང་ལ་བལྟ་བ་སྤངས་ཏེ། རང་དང་གཞན་སངས་རྒྱས་ཐོབ་པའི་ཕྱིར་དུ་བསྟན་པའི་བསོད་ནམས་དེ་ཉིད་བདག་གི་བདེ་བའི་ཡོ་བྱད་དོ་སྙམ་དུ་བསམ་པའོ། །སྦྱོར་བ་ནི། ཁྲུས་བྱས་ཤིང་གཙང་སྦྲ་དང་ལྡན་པས་གོས་གཙང་མ་བགོས་ཏེ་གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ་ཆོས་ཀྱི་ཁྲི་དང་སྟན་ལ་འཁོད་ནས། བདུད་ཚར་བཅད་པའི་སྔགས་ཁ་ཏོན་དུ་བཏོན་ན་དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མི་འོང་ལ། འོངས་ཀྱང་བར་ཆད་བྱ་བར་མི་ནུས་པར་བློ་གྲོས་རྒྱ་མཚོས་ཞུས་པ་ལས་གསུངས་པས་སྔགས་དེ་གདོན་ལ། བཞིན་གྱི་མདངས་རབ་ཏུ་གསལ་བས་དོན་ངེས་པའི་ཡན་ལག་དཔེ་དང་གཏན་ཚིགས་དང་ལུང་དང་ལྡན་པར་བཤད་དེ། དམ་པའི་ཆོས་པདྨ་དཀར་པོ་ལས། མཁས་དེ་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བ་སྙམ་པའི་འདུ་ཤེས་བསྐྱེད་མི་བྱ། །མཁས་པས་མི་དགའ་ཐམས་ཅད་རྣམ་པར་སྤངས། །བྱམས་པའི་སྟོབས་ནི་འཁོར་ལ་བསྒོམ་པར་བྱ། །ཉིན་མཚན་དུ་ཡང་


JLD013_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཆོག་རབ་ཏུ་བསྒོམ། །མཁས་པ་དེས་ནི་བྱེ་བ་ཁྲག་ཁྲིག་དཔེས། །འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད། །དེ་ལ་ནམ་ཡང་འདོད་པ་ཅུང་ཟད་མེད། །ཟས་དང་སྐོམ་དང་བཟའ་དང་བཅའ་བ་དང༌། །གོས་དང་མལ་ཆ་ཆོས་གོས་རྣམས་དང་ནི། །ན་བའི་གསོས་སྨན་དག་ཀྱང་མི་བསམ་སྟེ། །འཁོར་རྣམས་ལ་ནི་ཅི་ཡང་མི་བསླང་ངོ་། །གཞན་དུ་མཁས་པ་རྟག་ཏུ་བདག་ཉིད་དང༌། །སེམས་ཅན་འདི་དག་སངས་རྒྱས་འགྲུབ་པར་ཤོག །ཕན་ཕྱིར་འཇིག་རྟེན་ཆོས་གང་བསྟན་པ་དེ། །བདག་གི་བདེ་བའི་ཡོ་བྱད་ཀུན་སྙམ་སེམས། །ཞེས་གསུངས་སོ། །ཡུལ་གང་ལ་བཤད་པ་དང་མི་བཤད་པའི་ཁྱད་པར་ནི། འདུལ་བའི་མདོ་ལས། མ་གསོལ་བར་མི་བྱའོ། །ཞེས་གསུངས་པ་ལྟར། གསོལ་བ་མ་བཏབ་པར་མི་བཤད་ཅིང་གསོལ་བ་འདེབས་པ་ལ༌ཡང་སྣོད་བརྟག་པ་དང་སྣོད་དུ་ཤེས་ན་མ་གསོལ་བར་ཡང་བཤད་དུ་རུང་བ་ནི། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབས་ཞེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཁྱོད་ནི་ཤེས་ཤིང་མཁས་ཡིན་ན། བདག་ཉིད་ཆེན་པོའི་མདུན་དུ་ནི། །བདག་གིས་ཇི་ལྟར་བཤད་ནུས་ཞེས། །ཁྱོད་ཀྱིས་དེ་སྐད་བརྗོད་པར་བྱ། །འཕྲལ་དུ་བརྗོད་པར་མི་བྱ་ཡི། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །


JLD013_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་མ་བཏབ་ཀྱང་བཤད་པར་བྱ། །ཞེས་གསུངས་སོ། །གཞན་ཡང་འདུལ་བའི་མདོ་ལས། འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་རོ། །ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་རོ། །སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་མི་བཤད་པར་རོ། །ངན་པ་དང་བཟང་པོ་ཡང་དེ་བཞིན་ནོ། །མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་མི་བཤད་པར་རོ། །ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་མི་བཤད་པར་རོ། །མགོ་བོ་གཡོགས་པ་དང་བརྫེས་པ་དང༌གཟར་བ་དང་གཉའ་གོང་དུ་བསྣོལ་བ་དང་ལྟག་པར་བསྣོལ་བ་ལ་མི་བྱའོ། །མགོ་དོ་ཀེར་ཅན་དང་ཞྭ་གྱོན་པ་དང་ཅོད་པན་ཅན་དང་ཕྲེང་བ་ཅན་དང་དཀྲིས་པ་ལ་མི་བཤད་པར་རོ། །གླང་པོ་ཆེ་དང་རྟ་ཞོན་པ་དང་ཁྱོགས་དང་བཞོན་པའི་སྟེང་ན་འདུག་པ་དང་མཆིལ་ལྷམ་གྱོན་པ་ལ་མི་བཤད་དོ། །ལག་ན་འཁར་བ་དང་གདུགས་དང་མཚོན་དང་རལ་གྲི་དང་དགྲ་ཆ་ཐོགས་པ་དང་གོ་ཆ་གྱོན་པ་ལ་མི་བཤད་པར་རོ། །ཞེས་གསུངས་ཏེ། དེ་དག་ལས་ལྡོག་པ་ལ་ནི་བཤད་དུ་རུང་སྟེ་མི་ན་བའི་དབང་དུ་བྱས་པའོ། །མཇུག་ཏུ་ཐུན་མོང་དུ་ཇི་ལྟར་བྱ་བ་ནི། བཤད་པ་དང་མཉན་པ་ལས་བྱུང་བའི་དགེ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོ་བར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཆོས་བཤད་ཅིང་ཉན་ན་ཐུན་རེ་ཙམ་ལའང་ཇི་སྐད་གསུངས་པའི་ཕན་ཡོད་རྣམས་གདོན་མི་ཟ་བར་འབྱུང་ལ། ཆོས་ཉན་བཤད་གནད་དུ་སོང་


JLD013_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་བརྟེན་ནས་ཆོས་དང་ཆོས་སྨྲ་བ་ལ༌མ་གུས་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་སྔར་བསགས་པ་ཐམས་ཅད་ཀྱང་འདག་ཅིང༌། གསར་དུ་གསོག་པ་རྣམས་ཀྱང་འཕྲོ་འཆད་པ་དང༌། འཆད་པ་དང་ཉན་པའི་ཚུལ་གནད་དུ་སོང་བས་བཤད་པའི་གདམས་ངག་གིས་ཀྱང་རྒྱུད་ལ་ཕན་ཐོགས་པར་འགྱུར་བར་གཟིགས་ནས། སྤྱིར་ན་དམ་པ་སྔ་མ་ཐམས་ཅད་དེ་ལ་ནན་ཏན་མཛད་ཅིང་ཁྱད་པར་དུ་གདམས་ངག་འདིའི་བླ་མ་གོང་མ་རྣམས་ནན་ཏན་ཤིན་ཏུ་ཆེ་བར་མཛད་དོ། །དེ་ནི་གདམས་པ་ཆེན་པོར་སྣང་སྟེ་འདི་ལ་ངེས་པ་མ་རྙེད་ཅིང་བློ་སྣ་མ་འགྱུར་བས་ཆོས་ཟབ་ལ་རྒྱ་ཆེ་བ་ཇི་ཙམ་བཤད་ཀྱང་ལྷ་བདུད་དུ་བབ་པ་ལྟར་གྱུར་ནས་ཆོས་དེ་ཉིད་ཉོན་མོངས་པའི་གྲོགས་སུ་འགྲོ་བ་ཆེས་མང་བར་སྣང་ངོ་། །དེ་བས་ན་ཚེས་གཅིག་ནས་འཕྱུགས་ན་བཅོ་ལྔའི་བར་ཞེས་ཟེར་བ་ལྟར་ཡིན་པས། ཉན་པ་དང་བཤད་པ་ལམ་དུ་གཏོང་ཚུལ་འདི་ལ་བློ་དང་ལྡན་པ་རྣམས་ཀྱིས་འབད་ནས་འཆད་པ་དང་ཉན་པ་བྱུང་རེས་ཀྱིས་མ་མཐའ་རེ་དང་ལྡན་པར་བྱ་སྟེ། གདམས་པ་སྟོན་པའི་སྔོན་འགྲོའི་མཆོག་ནི་འདི་ཡིན་པའི་ཕྱིར་རོ། །འདི་དག་ནི་ཚིག་མངས་སུ་དོགས་ནས་གཅེས་གཅེས་རྣམས་བསྡུས་པ་སྟེ་རྒྱས་པར་ནི་གཞན་ནས་ཤེས་པར་བྱའོ། །གདམས་པའི་སྔོན་འགྲོ་བཤད་ཟིན་ཏོ།། །།༈ བཞི་པ་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ་ལ་གཉིས། ལམ་གྱི་རྩ་


JLD013_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཤེས་གཉེན་བསྟེན་པའི་ཚུལ་དང༌། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པའོ། །དང་པོ་ལ་གཉིས། ངེས་པ་བསྐྱེད་པའི་ཕྱིར་ཅུང་ཟད་སྤྲོས་ཏེ་བཤད་པ་དང༌། སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ནི། སྙིང་པོ་ངེས་པར་བསྡུ་བ་ལས། རིགས་ལ་གནས་པའི་གང་ཟག་དེས། །བཤེས་གཉེན་དམ་པ་བསྟེན་བྱས་ལ། །ཞེས་དང༌། པོ་ཏོ་བའི་གསུང་སྒྲོས་དོལ་པས་བསྒྲིགས་པ་ལས་ཀྱང༌། མན་ངག་ཐམས་ཅད་བསྡུས་པའི་འགོ་ནི། །བཤེས་གཉེན་དམ་པ་མི་བཏང་བ་ཡིན། །ཞེས་འབྱུང་བ་ལྟར། སློབ་མ་ལ་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ནི་དམ་པའི་བཤེས་ཡིན་པས་ཐོག་མར་དེ་བསྟེན་པའི་ཚུལ་གལ་ཆེ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མདོར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་དང་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དང༌། ས་དང་། བཟོད་པ་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། གཟུངས་དང་། སྤོབས་པ་དང་། བསྔོ་བ་དང་སྨོན་ལམ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་ནི། བླ་མ་ལ་རག་ལས། བླ་མ་རྩ་བར་གྱུར། བླ་མ་ལས་བྱུང་། བླ་མ་སྐྱེ་གནས་དང་སྐྱེ་མཆེད་དུ་གྱུར། བླ་མས་བསྐྱེད། བླ་མས་སྤེལ། བླ་མ་ལ་བརྟེན། བླ་མ་རྒྱུར་གྱུར་པ་དག་གོ །ཞེས་གསུངས་པའི་ཕྱིར་རོ། །པོ་ཏོ་བའི་ཞལ་ནས་ཀྱང༌། རྣམ་གྲོལ་བསྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད་


JLD013_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ཚེ་འདིའི་བྱ་བ་བལྟས་ནས་བྱས་པས་ཆོག་པ་ལ༌ཡང་སློབ་མཁན་མེད་པར་མི་འོང་ན་ངན་སོང་ནས་འོངས་མ་ཐག་པ་འགྲོ་མ་མྱོང་བའི་སར་འགྲོ་བ་ལ་བླ་མ་མེད་པར་ག་ན་འོང་གསུང་ངོ་། །དེ་ལྟར་ན་བཤེས་གཉེན་བསྟེན་ཚུལ་ལ་དྲུག །བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། སྟེན་བྱེད་སློབ་མའི་མཚན་ཉིད། དེས་དེ་ཇི་ལྟར་བསྟེན་པའི་ཚུལ། བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། སྤྱིར་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་ཐེག་པ་སོ་སོའི་དབང་དུ་བྱས་པ་མང་པོ་ཞིག་གསུངས་ཀྱང༌། འདིར་སྐྱེས་བུ་གསུམ་གྱི་ལམ་ལ་རིམ་གྱིས་ཁྲིད་ནས་སངས་རྒྱས་ཀྱི་ལམ་ཐེག་པ་ཆེན་པོ་ལ་འཁྲིད་པའི་དགེ་བའི་བཤེས་གཉེན་ཞིག་སྟོན་པ་ཡིན་ནོ། །དེ་ནི་མདོ་སྡེའི་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་བཤེས་གཉེན་ཆོས་བཅུ་དང་ལྡན་པ་ཞིག་ལ་སློབ་མས་བསྟེན་དགོས་པར་གསུངས་སོ། །དེ་ཡང་རང་མ་དུལ་བས་གཞན་འདུལ་བ་གནས་མེད་པར་གསུངས་པས་གཞན་འདུལ་བའི་བླ་མ་དེས་ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ། །འོ་ན་ཇི་ལྟར་བཏུལ་བ་ཞིག་དགོས་སྙམ་ན། གང་བྱུང་བྱུང་གི་སྒྲུབ་པ་བྱས་ནས་


JLD013_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཡོན་ཏན་དུ་མིང་བཏགས་པ་རེ་རྒྱུད་ལ་ཡོད་པས་མི་ཕན་པས་རྒྱལ་བའི་བསྟན་པ་སྤྱི་དང་མཐུན་པའི་རྒྱུད་འདུལ་ལུགས་ཤིག་དགོས་ཏེ། དེ་ནི་བསླབ་པ་རིན་པོ་ཆེ་གསུམ་དུ་ངེས་པས་དུལ་བ་ལ་སོགས་པ་གསུམ་གསུངས་སོ། །དེ་ལ་དུལ་བ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་སྟེ། སོ་སོར་ཐར་པ་ལས། རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་པ་དང༌། ལུང་རྣམ་འབྱེད་ལས། གདུལ་བྱ་མ་ཐུལ་བ་ཡི་སྲབ་འདི་ཡིན། །ཞེས་གསུངས་པ་ལྟར། རྟ་དམུ་རྒོད་འདུལ་སྦྱོང་མཁན་གྱིས་སྲབ་བཟང་པོས་འདུལ་བ་ལྟར། དབང་པོ་ལོག་པའི་ཡུལ་གྱི་རྗེས་སུ་འབྲང་བ་རྟ་དམུ་རྒོད་ལྟ་བུ་བྱ་བ་མ་ཡིན་པ་ལ་འཇུག་ན་ཚར་གཅོད་ཅིང༌། འབད་པ་དུ་མས་བྱ་བར་འོས་པའི་ཕྱོགས་ལ་འཇུག་པར་བྱེད་པའི་ཚུལ་ཁྲིམས་ལ་བསླབས་པས་སེམས་ཀྱི་རྟ་དུལ་བར་བྱས་པའོ། །ཞི་བ་ནི། དེ་ལྟར་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་འཇུག་ལྡོག་ལ་དྲན་པ་དང་ཤེས་བཞིན་བསྟེན་པས་སེམས་ནང་དུ་ཞི་བར་གནས་པའི་ཏིང་ངེ་འཛིན་གྱི་བསླབ་པ་སྐྱེས་པའོ། །ཉེ་བར་ཞི་བ་ནི། སེམས་ལས་སུ་རུང་བའི་ཞི་གནས་ལ་བརྟེན་ནས་ཡང་དག་པའི་དོན་ལ་སོ་སོར་དཔྱད་པས་ཤེས་རབ་ཀྱི་བསླབ་པ་སྐྱེས་པའོ། །དེ་ལྟར་བསླབ་པ་གསུམ་གྱིས་རྒྱུད་དུལ་བར་བྱས་པའི་རྟོགས་པའི་ཡོན་ཏན་ཙམ་དང་ལྡན་པས་མི་ཆོག་གི །ལུང་གི་ཡོན་ཏན་དང་ཡང་ལྡན་


JLD013_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས་ལུང་གིས་ཕྱུག་ཅེས་པ་ནི། སྡེ་སྣོད་གསུམ་ལ་སོགས་པ་ལ་མང་དུ་ཐོས་པ་དང་ལྡན་པའོ། །དགེ་བཤེས་སྟོན་པའི་ཞལ་ནས། ཐེག་ཆེན་གྱི་བླ་མ་བྱ་བ་བཤད་པ་ན་འབྱམས་ཀླས་པར་གོ་བ་སྐྱེད་ལ་ལག་ཏུ་ལེན་པ་ན་བསྟན་པའི་ཐ་མ་ལ་གང་ཕན་དང་ཐད་ཀར་དོན་དུ་གང་འགྱུར་སྟོན་པ་ཞིག་དགོས་གསུང་ངོ་། །དེ་ཉིད་རྟོགས་པ་ནི། ཤེས་རབ་ཀྱི་བསླབ་པ་ཁྱད་པར་ཅན་ཆོས་བདག་མེད་པ་རྟོགས་པའམ། ཡང་ན་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་གཙོ་བོར་བཟུང་སྟེ། དེ་མེད་ནའང་ལུང་རིགས་ཀྱིས་རྟོགས་པས་ཀྱང་འགྲུབ་གསུང་ངོ་། །དེ་ལྟར་ལུང་རྟོགས་དང་ལྡན་ཡང་སློབ་མ་ལས་དམན་པ་དང་མཉམ་པས་མི་ཆོག་པས་ཡོན་ཏན་ལྷག་པ་ཞིག་དགོས་ཏེ། མཛའ་བཤེས་ཀྱི་ཚོམས་ལས། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང༌། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་ཐོབ་འགྱུར་བ། །དེ་ཕྱིར་བདག་པས་གཙོར་གྱུར་བསྟེན་པར་བྱ། །ཚུལ་ཁྲིམས་ཉེ་བར་ཞི་བ་དང༌། །ཤེས་རབ་ཆེས་མཆོག་ལྡན་པ་ཡི། །གཙོ་བོ་གང་ཡིན་དེ་བསྟེན་ན། །གཙོ་བོ་བས་ཀྱང་ཆེས་གཙོར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཕུ་ཆུང་བས་དམ་པ་རྣམས་ཀྱི་ལོ་རྒྱུས་གསན་ཙ་ན་དེ་ལ་ནི་ང་ཡར་བལྟ་བ་ཡིན་གསུང་བ་དང༌། མཐའ་བཞིའི་ཞལ་ནས། ང་ནི་རྭ་སྒྲེང་བའི་རྒད་པོ་དེ་རྣམས་ལ་མིག་རྟེན་བྱེད་གསུང་བ་ལྟར། ཡོན་ཏན་ལྷག་


JLD013_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མིག་ཡར་བལྟ་བ་ཞིག་དགོས་སོ། །དེ་ལྟར་ཆོས་དྲུག་པོ་དེ་ནི་རང་གིས་ཐོབ་པའི་ཡོན་ཏན་ནོ། །ལྷག་མ་ནི་གཞན་རྗེས་སུ་འཛིན་པའི་ཡོན་ཏན་ཏེ། དེ་ཡང་ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་པ་ལྟར། གཞན་ལ་ལམ་མ་ནོར་བར་བསྟན་ནས་རྗེས་སུ་འཛིན་པ་མ་གཏོགས་པ་སྡིག་པ་ཆུས་འཁྲུ་བ་སོགས་བྱར་མེད་དོ། །དེ་ལ་ཆོས་བཞི་ལས། སྨྲ་མཁས་པ་ནི། ཇི་ལྟར་བཀྲི་བའི་རིམ་པ་ལ་མཁས་ཤིང་དོན་གདུལ་བྱའི་བློ་ལ་སྐྱེལ་བ་ལ་གཟོ་བའོ། །བརྩེ་བ་ནི། ཆོས་སྟོན་པའི་ཀུན་སློང་དག་པ་སྟེ་རྙེད་བཀུར་སོགས་ལ་མི་བལྟ་བར་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སྟོན་པའོ། །པོ་ཏོ་བའི་ཞལ་ནས་སྤྱན་སྔ་ལ། ལི་མོའི་བུ། ཅི་ཙམ་པའི་ཆོས་བཤད་ཅིག་བྱས་ཏེ་ལེགས་སོ་གཅིག་ཀྱང་བདག་གིར་བྱེད་མ་མྱོང༌། འགྲོ་བ་ཉམ་ཐག་པ་མིན་པ་མེད་གསུང་བ་འདྲ་བ་ཞིག་དགོས་པ་ཡིན་པར་གདའ། བརྩོན་བཅས་ནི། གཞན་གྱི་དོན་ལ་སྤྲོ་བ་བརྟན་པའོ། །སྐྱོ་བ་སྤངས་པ་ནི། ཡང་ཡང་འཆད་པས་མི་ངལ་བ་སྟེ་འཆད་པའི་དཀའ་སྤྱད་བཟོད་པའོ། །པོ་ཏོ་བའི་ཞལ་ནས། བསླབ་པ་གསུམ་དང་དེ་ཉིད་རྟོགས་པ་དང་སྙིང་བརྩེ་བ་ལྔ་གཙོ་བོ་ཡིན། ངེད་ཀྱི་སློབ་དཔོན་ཞང་བཙུན་ཀུན་ལ་མང་དུ་ཐོས་པའང་མེད་སྐྱོ་བ་བཟོད་པའང་མེད་པས་གླ་བོ་དྲིན་དུ་


JLD013_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གཅགས་པ་རེ་བྱེད་པའང་མེད་དེ་སྔ་མ་ལྔ་ཡོད་པས་དྲུང་ན་སུ་ཡོད་པ་ལ་ཕན། གཉན་སྟོན་ལ་སྨྲ་མཁས་པ་ཡེ་མེད་ཡོན་བཤད་རེ་བྱེད་པའང་འདི་ཀུན་གྱིས་ད་རེས་མི་གོ་སྙམ་པ་ལས་མི་ཤེས་ཏེ་ལྔ་པོ་ཡོད་པས་སུ་ཉེ་བ་ལ་ཕན་གསུང་ངོ་། །དེ་ལྟར་ན་བསླབ་པ་རྣམས་ལ་བསྒྲུབ་པ་ལྷུར་ལེན་མེད་པར་དེ་དག་གི་བསྔགས་པའམ་ཡོན་ཏན་བརྗོད་པས་རང་གི་འཚོ་བ་བསྒྲུབ་པ་ནི་དགེ་བའི་བཤེས་སུ་མི་འོས་ཏེ། ཙན་དན་གྱི་བསྔགས་པ་བརྗོད་པས་འཚོ་བ་བསྒྲུབ་པ་ལ་ཙན་དན་དོན་དུ་གཉེར་བ་འགའ་ཞིག་གིས་ཁྱོད་ལ་དེ་ཡོད་དམ་ཞེས་སྨྲས་པ་ན་མེད་དོ་ཞེས་སྨྲ་བ་དང་འདྲ་བར། དོན་མེད་པར་ཚིག་ཙམ་དུ་འགྱུར་བའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཕྱི་མའི་དུས་ལ་དགེ་སློང་ནི། །སྡོམ་པ་མེད་པ་མང་པོ་དག །མང་དུ་ཐོས་པ་དག་འདོད་འགྱུར། །ཚུལ་ཁྲིམས་བསྔགས་པ་བརྗོད་བྱེད་ལ། །ཚུལ་ཁྲིམས་དོན་དུ་གཉེར་བ་མེད། །ཅེས་ཏིང་ངེ་འཛིན་ཤེས་རབ་རྣམ་གྲོལ་གསུམ་ལའང་དེ་ལྟར་གསུངས་ནས། ཇི་ལྟར་སྐྱེས་བུ་ལ་ལ་དག །ཙནྡན་དག་ནི་འདི་འདྲ་སྟེ། །སྤོས་ཀྱི་རྣམ་པ་ཡིད་འོང་ཞེས། །ཙན་དན་དག་གི་ཡོན་ཏན་བརྗོད། །དེ་ནས་མི་གཞན་ལ་ལ་ཡིས། །དེ་ལྟར་བསྔགས་པ་བརྗོད་པ་ཡི། །ཙན་དན་ཅུང་ཟད་བསྲེལ་ཏམ་ཞེས། །སྐྱེས་བུ་ལ་ལས་དེ་དྲིས་ན། །སྐྱེས་བུ་དེ་ལ་སླར་སྨྲས་པ། །གང་གིས་འཚོ་བར་བྱེད་པ་ཡི། །སྤོས་ཀྱི་བསྔགས་པ་བརྗོད་པ་དེ། །སྤོས་དེ་ང་ལ་མེད་ཅེས་སྨྲ། །དེ་བཞིན་རྣལ་


JLD013_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མི་བརྩོན་པ། །ཚུལ་ཁྲིམས་བསྔགས་པས་འཚོ་བ་དག །ཕྱི་མའི་དུས་ན་འབྱུང་འགྱུར་ཏེ། །དེ་དག་ལ་ནི་ཚུལ་ཁྲིམས་མེད། །ཅེས་ལྷག་མ་གསུམ་ལ༌ཡང་དེ་དང་འདྲ་བར་གསུངས་པའི་ཕྱིར་རོ། །དེ་ལྟར་རྣམ་གྲོལ་བསྒྲུབ་པའི་བླ་མ་ནི་གཏན་གྱི་འདུན་མའི་རྩ་བ་ཡིན་པས། བླ་མ་བསྟེན་པར་འདོད་པ་རྣམས་ཀྱིས་ནི་དེ་དག་ཤེས་པར་བྱས་ལ་མཚན་ཉིད་དང་ལྡན་པ་འཚོལ་བ་ལ་འབད་པར་བྱ་ཞིང༌། སློབ་མ་བསྟེན་པར་འདོད་པ་རྣམས་ཀྱིས་ཀྱང་དེ་དག་ཤེས་པར་བྱས་ནས་མཚན་ཉིད་དེ་དག་དང་ལྡན་པར་བྱ་བ་ལ་འབད་དོ། །དུས་ཀྱི་དབང་གིས་ཡོན་ཏན་དེ་དག་ཚང་བར་རྙེད་པ་དཀའ་བས་དེ་ལྟར་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། དཔུང་བཟང་གིས་ཞུས་པ་ལས། ཇི་ལྟར་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར། །དེ་བཞིན་བསྒྲུབ་པ་ཡི་ནི་གྲོགས་མེད་ན། །ལུས་ཅན་དངོས་གྲུབ་འཐོབ་པར་མི་འགྱུར་རོ། །དེ་ནི་བློ་ལྡན་གཟུགས་བཟང་གཙང་སྦྲ་ཆེ། །རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང༌། །སྤོབས་པ་ཆེ་ཞིང་དཔའ་ལ་དབང་པོ་དུལ། །སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཅན། །བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང༌། །བྲམ་ཟེ་དང་ནི་ལྷ་གཞན་མཆོད་མི་བྱེད། །བསྒྲིན་ཅིང་གཟོ་ལ་བྱས་པ་གཟོ་བ་དང༌། །དཀོན་མཆོག་གསུམ་ལ་དད་པ་གྲོགས་པོ་ཡིན། །དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག །རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ན། །ཡོན་ཏན་ཕྱེད་དམ་བཞི་ཆ་བརྒྱད་ཆ་ཅན། །དེ་ལྟ་བུ་ནི་སྔགས་


JLD013_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲོགས་པོར་བསྟེན། །ཞེས་གྲོགས་ལ་མཚན་ཉིད་ཡོངས་རྫོགས་གསུངས་པའི་བརྒྱད་ཆ་ལ་མ་མཐར་གསུངས་ལ། དེ་བླ་མ་ལའང་མཚུངས་སོ་ཞེས་ཇོ་བོ་ཆེན་པོ་གསུང་བར་པོ་ཏོ་བའི་གསུང་སྒྲོས་དོལ་པས་བསྒྲིགས་པ་ལས་བཤད་པས། མཚན་ཉིད་དུ་གསུངས་པ་ཡོངས་སུ་རྫོགས་པར་ཚང་བ་རྣམས་ཀྱི་དཀའ་སླ་ཅི་རིགས་པར་བསྡེབས་པའི་བརྒྱད་ཆ་དང་ལྡན་པ་ལ་མ་མཐར་བྱའོ། །གཉིས་པ་སྟེན་བྱེད་སློབ་མ་ནི། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། །སྨྲ་པོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་མིན། །ཞེས་ཆོས་གསུམ་དང་ལྡན་པ་ཞིག་ཉན་པའི་སྣོད་དུ་རུང་བ་དང་དེ་གསུམ་ཚང་ན་ཆོས་སྨྲ་བ་པོའི་ཡོན་ཏན་རྣམས་ཡོན་ཏན་དུ་སྣང་གི་སྐྱོན་དུ་སྣང་བར་མི་འགྱུར་ལ། དེར་མ་ཟད་ཉན་པ་པོའི་ཡོན་ཏན་རྣམས་ཀྱང་གང་ཟག་དེ་ལ་ཡོན་ཏན་དུ་སྣང་གི་སྐྱོན་དུ་མི་སྣང་བར་གསུངས་ཏེ། སྣོད་ཀྱི་མཚན་ཉིད་དེ་དག་མ་ཚང་ན་ཆོས་སྨྲ་བའི་བཤེས་གཉེན་ཆེས་ཡོངས་སུ་དག་ཀྱང་ཉན་པ་པོའི་སྐྱོན་གྱི་དབང་གིས་སྐྱོན་ཅན་དུ་འཛུད་ལ། འཆད་པ་པོའི་སྐྱོན་ཡང་ཡོན་ཏན་དུ་འཛིན་པར་འགྲེལ་པ་ལས་གསུངས་སོ། །དེས་ན་བཤེས་གཉེན་མཚན་ཉིད་ཐམས་ཅད་ཚང་བ་ཞིག་རྙེད་ཀྱང་དེ་ལ་དེར་ངོ་ཤེས་པ་དཀའ་བས་དེར་ཤེས་ནས་བསྟེན་པ་ལ་མཚན་ཉིད་འདི་དག་ཚང་དགོས་སོ། །དེ་ལ་གཟུ་བོར་གནས་


JLD013_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཕྱོགས་ལྷུང་མེད་པ་སྟེ་དེ་ཡོད་ན་དེས་བསྒྲིབས་ནས་ཡོན་ཏན་མི་མཐོང་བས་ལེགས་པར་བཤད་པའི་དོན་མི་རྙེད་དེ།དབུ་མའི་སྙིང་པོ་ལས། ཕྱོགས་སུ་ལྷུང་བས་སེམས་གདུངས་པས། །ཞི་བ་ནམ་ཡང་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །ཕྱོགས་ལྷུང་ནི། རང་གི་ལུགས་ལ་ཆགས་པ་དང་གཞན་གྱི་ཆོས་ལུགས་ལ་ཞེ་སྡང་བའོ། །དེ་འདྲ་བ་དེ་རང་གི་རྒྱུད་ལ་བརྟགས་ནས་དོར་དགོས་ཏེ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། རང་གི་འདོད་པ་བཏང་སྟེ་མཁན་པོ་དང་སློབ་དཔོན་གྱི་གཞུང་ལ་རབ་ཏུ་གནས་པ་དང་གུས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཙམ་གྱིས་ཆོག་གམ་སྙམ་ན་གཟུ་བོར་གནས་ཀྱང་ལེགས་བཤད་ལམ་ཡང་དག་པ་དང་ཉེས་བཤད་ལམ་ལྟར་སྣང་གཉིས་རྣམ་པར་འབྱེད་པའི་བློའི་མཐུ་མེད་ན་སྣོད་དུ་མི་རུང་བས་དེ་གཉིས་གོ་བའི་བློ་དང་ལྡན་པ་དགོས་ཏེ། དེས་ནི་སྙིང་པོ་མེད་པའི་ཕྱོགས་དོར་ནས་སྙིང་པོ་ལེན་ནོ། །དེ་གཉིས་ཙམ་གྱིས་ཆོག་གམ་སྙམ་ན། དེ་གཉིས་ཡོད་ཀྱང་རི་མོའི་ཆོས་ཉན་ལྟར་མི་རྩོམ་ན་སྣོད་དུ་མི་རུང་བས་དོན་དུ་གཉེར་བ་ཆེན་པོ་དང་ལྡན་པ་དགོས་སོ། །འགྲེལ་པ་ལས། ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་ཡིད་གཏོད་པ་གཉིས་བསྣན་ནས་ལྔར་གསུངས་སོ། །དེ་ལྟར་ན་ཆོས་ལ་དོན་གཉེར་ཆེ་བ། ཉན་པའི་ཚེ་ཡིད་ལེགས་པར་གཏོད་པ། ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཆེན་པོ་འཇོག་པ། ཉེས་བཤད་དོར་ནས་ལེགས་བཤད་འཛིན་པ་སྟེ་བཞིའོ། །བཞི་པོ་དེའི་མཐུན་


JLD013_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ནི་བློ་དང་ལྡན་པ་ཡིན་ལ། འགལ་རྐྱེན་འདོར་བ་ནི་གཟུ་བོར་གནས་པའོ། །བླ་མས་བཀྲིར་རུང་བའི་ཆོས་དེ་རྣམས་ཚང་མ་ཚང་བརྟགས་ལ་ཚང་ན་དགའ་བ་བསྒོམ། མ་ཚང་ན་ཕྱི་མ་ཚུན་ཆོད་དུ་ཚང་བའི་རྒྱུ་ལ་འབད་པར་བྱ་དགོས་པས་རྟེན་གྱི་ཆོས་དེ་དག་ཤེས་པར་བྱས་ཏེ། དེ་དག་གི་མཚན་ཉིད་མི་ཤེས་ན་རྟོག་དཔྱོད་མི་འཇུག་པས་དོན་ཆེན་པོ་ལས་ཉམས་པར་འགྱུར་རོ། །གསུམ་པ་དེས་དེ་ཇི་ལྟར་བསྟེན་པའི་ཚུལ་ནི། དེ་ལྟར་སྣོད་དང་ལྡན་པ་དེས་བླ་མ་མཚན་ཉིད་དང་ལྡན་མི་ལྡན་གོང་དུ་བཤད་པ་ལྟར་ལེགས་པར་བརྟག་ལ་མཚན་ཉིད་དང་ལྡན་པ་ལ་ཆོས་ཀྱི་བཀའ་དྲིན་ནོད་པར་བྱ་སྟེ། དེ་ཡང་དགེ་བཤེས་སྟོན་པ་དང་གསང་ཕུ་བ་གཉིས་རྣམ་པར་ཐར་པ་མི་མཐུན་ཏེ། གསང་ཕུ་བ་བླ་མ་མང་སྟེ་བཤད་ཚད་ལ་ཉན་པས་ཁམས་ནས་བྱོན་པའི་ལམ་ཁར་དགེ་བསྙེན་ཞིག་ཆོས་བཤད་ཀྱིན་འདུག་པ་ལའང་མཉན་པས། འཁོར་རྣམས་ཀྱིས་དེ་ལ་ཉན་པ་སྟངས་ཞན་བྱས་པས་ཁྱེད་རྣམས་དེ་སྐད་མ་ཟེར་ང་ལ་ཕན་པ་གཉིས་བྱུང་གསུང་སྐད། དགེ་བཤེས་སྟོན་པ་བླ་མ་ཉུང་སྟེ་ལྔ་ལས་མེད་པ་ལ་པོ་ཏོ་བ་དང་སྒོམ་པ་རིན་ཆེན་བླ་མ་གཉིས་ཀྱིས་དེ་གཉིས་གང་ལེགས་བཀའ་བགྲོས་པ་ལ། བློ་མ་སྦྱངས་པས་སྐྱོན་མཐོང་ཞིང་མ་དད་པ་སྐྱེ་བའི་རིང་ལ་དགེ་བཤེས་སྟོན་པའི་ལུགས་དེ་ལེགས་པར་ཁ་འཆམ་པས་དེ་ལྟར་བྱ་གསུང་བ་དེ་ཤིན་ཏུ་མད་པར་སྣང་བས་དེ་ལྟར་བྱའོ། །དེ་ལྟར་བཀའ་དྲིན་


JLD013_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མནོས་པ་སྤྱི་དང་ཁྱད་པར་དུ་ཡོངས་སུ་རྫོགས་པའི་གདམས་ངག་གིས་བློ་ལེགས་པར་འཁྲིད་པའི་བཤེས་གཉེན་དེ་ཇི་ལྟར་བསྟེན་པའི་ཚུལ་ལ་གཉིས། བསམ་པས་བསྟེན་པའི་ཚུལ་དང༌། སྦྱོར་བས་བསྟེན་པའི་ཚུལ་ལོ། །དང་པོ་ལ་གསུམ། བསྟེན་པའི་བསམ་པ་སྤྱིར་བསྟན་པ་དང༌། ཁྱད་པར་དུ་རྩ་བ་དད་པ་སྦྱང་བ་དང༌། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱ་བའོ། །དང་པོ་ནི། སྡོང་པོ་བཀོད་པ་ལས་སེམས་དགུས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བར་གསུངས་པ་ནི་བསྟེན་པའི་བསམ་པ་ཐམས་ཅད་ཀྱི་གནད་བསྡུས་པའོ། །དེ་དག་ཀྱང་བསྡུ་ན་བཞི་ལས། རང་དབང་དོར་ནས་རང་ཉིད་བླ་མའི་དབང་དུ་གཏོང་བ་ནི། བུ་མཛངས་པ་ལྟ་བུའི་སེམས་ཏེ། བུ་མཛངས་པ་དེ་བྱ་བ་ལ་རང་དབང་དུ་མི་འཇུག་གི་ཕའི་ངོར་བལྟ་ཞིང་དེའི་དབང་དུ་བཏང་ནས་ངག་བཞིན་བྱེད་པ་ལྟར། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བའོ། །ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས་ཀྱང༌། དེས་ཐམས་ཅད་དུ་རང་ཉམས་དོར་ཏེ་དགེ་བའི་བཤེས་གཉེན་དེའི་བློ་བཞིན་དུ་འཇུག་པར་བྱའོ། །ཞེས་གསུངས་སོ། །དེ་ཡང་མཚན་ཉིད་ཚང་བ་ཞིག་ལ་བྱེད་ཀྱི་སུ་རུང་རུང་ལ་སྣ་ཤ་སྦྱིན་དུ་མི་བཏུབ་གསུང་ངོ་། །མཛའ་བ་དེ༌སུས་ཀྱང་མི་ཕྱེད་པར་བརྟན་པར་བྱེད་པ་ནི། རྡོ་རྗེ་ལྟ་བུའི་སེམས་ཏེ། བདུད་དང་སྡིག་གྲོགས་སོགས་ཀྱིས་མི་ཕྱེད་པའོ། །མདོ་དེ་ཉིད་ལས། མཛའ་བ་མི་རྟག་པ་དང་ངོ་མི་རྟག་པ་སྤང་བ་དང༌། ཞེས་གསུངས་


JLD013_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བླ་མའི་བྱ་བའི་ཁུར་ཐམས་ཅད་འཁུར་བ་ནི། ས་ལྟ་བུའི་སེམས་ཏེ། ཁུར་ཐམས་ཅད་བསྐུར་བས་ཡོངས་སུ་མི་སྐྱོ་བའོ། །པོ་ཏོ་བས་སྤྱན་སྔའི་གྲྭ་པ་རྣམས་ལ། ཁྱེད་ངའི་དགེ་བཤེས་བྱང་ཆུབ་སེམས་དཔའ་འདི་ལྟ་བུ་དང་ཕྲད་ནས་བཀའ་བཞིན་དུ་བསྒྲུབ་ཏུ་ཡོད་པ་བསོད་ནམས་ཆེའོ། །ད་ཁུར་དུ་མི་འགྲོ་བར་རྒྱན་དུ་འགྲོ་བར་གྱིས་ཤིག་གསུང་བ་ལྟར་རོ། །ཁུར་འཁུར་བ་ན་ཇི་ལྟར་བྱ་བ་ལ་དྲུག་ལས། ཁོར་ཡུག་གི་རི༌ལྟ་བུའི་སེམས་ནི། སྡུག་བསྔལ་ཅི་བྱུང་བ་ཐམས་ཅད་ཀྱིས་མི་བསྒུལ་བའོ། །སྤྱན་སྔ་བ་རུག་པ་ན་བཞུགས་ཙ་ན། སྒོམ་པ་ཡོན་ཏན་འབར་གྲང་བ་ཆེས་པས་ཁམས་ཞན་ནས་ཇོ་བོ་གཞོན་ནུ་གྲགས་ལ་འགྲོ་འདུག་གི་གྲོས་ཞུས་པས། གནས་མལ་བདེ་བ་རྣམ་པར་རྒྱལ་བའི་ཁང་བཟང་དུ་བསྡད་པའང་ཅི་ཙམ་ཞིག་བྱས་ཏེ། ཐེག་ཆེན་གྱི་བཤེས་གཉེན་ལ་བརྟེན་ཅིང་ཆོས་ཉན་པ་ད་རེས་ལས་མ་མྱོང་བ་ཡིན་པས་ཅོག་གེ་སྡོད་ཅིག༌གསུང་པ་ལྟར་རོ། །འཇིག་རྟེན་གྱི་བྲན་ལྟ་བུའི་སེམས་ནི། ངན་ལས་ཐམས་ཅད་ཉམས་སུ་བླང་བ་ལ༌ཡང་ཡི་མི་འཕྲིག་པར་བསྒྲུབ་པ་སྟེ། གཙང་དུ་ལོ་པཎ་ཀུན་ལ་གནས་རྫབ་གསེབ་ཅིག་བྱུང་བས་སྟོན་པས་ན་བཟའ་ཐམས་ཅད་གསིལ་ནས་རྫབ་རྣམས་ཕྱགས་ཏེ་ག༌ནས་བྱུང་ཆ་མེད་པར་ས་དཀར་སྐམ་པོས་གཡོགས། ཇོ་བོའི་མདུན་ན་མཎྜལ་ཞིག་ཀྱང་གྲུབ་འདུག་པས། ཇོ་བོའི་ཞལ་ནས། ཨ་རེ་ཁྱོད་ལྟ་བུ་ཞིག་རྒྱ་གར་ན༌ཡང་ཡོད་


JLD013_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བ་ལྟ་བུའོ། །ཕྱག་བདར་བ་ལྟ་བུའི་སེམས་ནི། ང་རྒྱལ་དང་ཆེ་བའི་ང་རྒྱལ་ཐམས་ཅད་རྣམ་པར་སྤོང་ཞིང་རང་བླ་མ་ལས་དམའ་བར་འཛིན་པའོ། །དགེ་བཤེས་སྟོན་པའི་ཞལ་ནས། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབྱུང་གསུང་བ་དང༌། སྤྱན་སྔའི་ཞལ་ནས། སོས་ཀྱི་དུས་ན་རིའི་རྩེ་མོ་གང་མཐོ་བ་ནས་སྔོ་ཕྱུར་གྱིས་འོང་བར་འདུག་གམ་གཤོང་བུ་གང་དམའ་བ་ནས་འོང་ལྟོས་གསུང་བ་ལྟར་རོ། །ཐེག་པ་ལྟ་བུའི་སེམས་ནི། བླ་མའི་བྱ་བ་ཤིན་ཏུ་བྱ་དཀའ་བའི་ཁུར་ལྕི་བ་རྣམས་ཀྱང་སྤྲོ་བཞིན་དུ་འཛིན་པའོ། །ཁྱི་ལྟ་བུའི་སེམས་ནི། བླ་མས་བརྙས་ཤིང་གཤེ་ཡང་དེ་ལ་མི་ཁྲོ་བ་སྟེ། དགེ་བཤེས་ལྷ་བཟོ་ལ་སྟོད་ལུངས་པས་མཇལ་རེས་ཀྱིས་བཀའ་བབ་འབྱོན་པ་ལ། ལྷ་བཟོའི་སློབ་མ་ཉག་མོ་པས་སློབ་དཔོན་འདི་འོ་སྐོལ་དཔོན་སློབ་ལ་སྡང་བ་ཞིག་འདུག་བྱས་པས། ཁྱོད་ཀྱིས་བཀའ་བཀྱོན་དུ་གོའམ། ཁོ་བོ་ལ་འདིས་འདི་ལྟ་བུ་རེ་མཛད་རེས་ཀྱིས་ཧེ་རུ་ཀས་བྱིན་གྱིས་བརླབས་པ་འདྲ་རེ་འོང་གསུང་བ་ལྟར་རོ། །བརྒྱད་སྟོང་པ་ལས་ཀྱང༌། གལ་ཏེ་ཆོས་སྨྲ་བ་དག་ཆོས་འདོད་པ་དག་ལ་བརྙས་ཤིང་མི་སེམས་པ་ལྟར་ན༌ཡང་དེ་ལ་ཁྱོད་ཀྱིས་ཕྱིར་བསྡོ་བར་མི་བྱ་སྟེ། ལྷག་པར་ཡང་ཆོས་དོན་དུ་གཉེར་བ་དང་གུས་ཤིང་མི་སྐྱོ་བས་དེའི་ཕྱི་བཞིན་འབྲང་བར་གསུངས་སོ། །གྲུ་ལྟ་བུའི་སེམས་ནི། བླ་མའི་བྱ་བ་ལ་ཇི་ཙམ་ཞུགས་ཀྱང་འགྲོ་ཞིང་འོང་བས་མི་སྐྱོ་བའོ། །གཉིས་པ་རྩ་བ་དད་པ་སྦྱང་བ་ནི། དཀོན་མཆོག་ཏ་ལ་ལའི་གཟུངས་ལས། དད་པ་


JLD013_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་དང༌། ཆོས་བཅུ་པ་ལས་ཀྱང༌། གང་གིས་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན། །མ་དད་པ་ཡི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་རྗེས་སུ་འགྲོ་ལྡོག་གི་སྒོ་ནས་དད་པ་ཡོན་ཏན་ཐམས་ཅད་ཀྱི་གཞིར་གསུངས་སོ། །ཇོ་བོ་ལ། སྟོན་པས་བོད་ལ་སྒོམ་སྒྲུབ་བྱེད་པ་མང་པོ་ཡོད་པ་ལ་ཡོན་ཏན་ཁྱད་པར་ཅན་བརྙེས་པ་མི་བདོག་ཞུས་པས། ཇོ་བོའི་ཞལ་ནས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་བ་ལ་ཁྱེད་བོད་བླ་མ་ལ་ཐ་མལ་པའི་འདུ་ཤེས་ལས་མེད་ག་ན་སྐྱེ་གསུང་བ་དང༌། ཇོ་བོ་ལ། ཨ་ཏི་ཤ་གདམས་ངག་ཞུ་ཞེས་སྐད་ཆེན་པོས་ཞུས་པ་ན། ཧེ་ཧེ་ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན་དད་པ་དད་པ་གསུང་བ་ལྟར་དད་པ་ཤིན་ཏུ་གལ་ཆེའོ། །དེ་ལ་སྤྱིར་དཀོན་མཆོག་དང་ལས་འབྲས་དང་བདེན་བཞི་ལ་དད་


JLD013_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་དུ་ཡོད་ཀྱང་འདིར་ནི་བླ་མ་ལ་དད་པའོ། །དེ་ཡང་བླ་མ་ལ་སློབ་མས་ཇི་ལྟར་བལྟ་བ་ནི། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། གསང་བ་བའི་བདག་པོ། སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་དུའོ། །དེ་ཡི་སེམས་ནི་དེ་ལྟ་ན། །རྟག་ཏུ་དགེ་བ་སྐྱེ་བར་འགྱུར། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པའི་སངས་རྒྱས་འགྱུར། །ཞེས་གསུངས་ལ། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སུའང་སྟོན་པའི་འདུ་ཤེས་བསྐྱེད་དགོས་པར་གསུངས་ཤིང༌། འདུལ་བ་ནས་ཀྱང་དེ་ལྟར་གསུངས་པ་ཡོད་དོ། །དེ་དག་གི་དོན་ནི། ཇི་ལྟར་སངས་རྒྱས་ཡིན་པར་ཤེས་པ་ན་དེ་ལ་སྐྱོན་རྟོག་པའི་བློ་མི་འབྱུང་ཞིང་ཡོན་ཏན་སེམས་པའི་བློ་འབྱུང་བ་ལྟར། བླ་མ་ལའང་ཆེད་དུ་བྱས་ཏེ་སྐྱོན་རྟོག་པ་རྣམ་པ་ཐམས་ཅད་དུ་འདོར་ཞིང་ཡོན་ཏན་རྟོག་པའི་བློ་སྦྱོང་བའོ། །དེ་ཡང་རྒྱུད་དེ་ལས། སློབ་དཔོན་གྱི་ནི་ཡོན་ཏན་གཟུང༌། །སྐྱོན་ནི་ནམ་ཡང་གཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་འཐོབ། །སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ། །ཅེས་གསུངས་པ་ལྟར་བྱ་སྟེ། འདི་ལྟར་བླ་མ་ཡོན་ཏན་ཤས་ཆེ་བ་ཡིན་ཀྱང་དེའི་སྐྱོན་ཅུང་ཟད་ཡོད་པའི་ངོས་ནས་བརྟགས་ན་རང་ལ་དངོས་གྲུབ་ཀྱི་གེགས་སུ་འགྱུར་ལ། སྐྱོན་ཤས་ཆེ་བ་ལ༌ཡང་སྐྱོན་གྱི་ངོས་ནས་མ་བརྟགས་པར་ཡོན་ཏན་གྱི་ངོས་ནས་དད་པ་སྦྱངས་ན་རང་ལ་དངོས་གྲུབ་འབྱུང་བའི་རྒྱུར་འགྱུར་རོ། །དེའི་ཕྱིར་རང་གི་བླ་མ་ཡིན་ན་སྐྱོན་ཆེ་ཆུང་ཅི་ཡོད་ཀྱང་དེའི་ངོས་ནས་


JLD013_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཉེས་དམིགས་བསམས་ལ་སྤོང་སེམས་མང་དུ་བྱས་ཏེ་དགག་པར་བྱའོ། །གལ་ཏེ་བག་མེད་པའམ་ཉོན་མོངས་མང་བ་སོགས་ཀྱི་མཐུས་སྐྱོན་རྟོག་པ་བྱུང་བའི་ཚེ་ནའང་བཤགས་བསྡམ་ལ་འབད་པར་བྱའོ། །དེ་ལྟར་བྱས་ན་རིམ་གྱིས་མཐུ་ཆུང་ངུར་འགྱུར་རོ། །ཡང་ཚུལ་ཁྲིམས་སམ་མང་དུ་ཐོས་པའམ་དད་པ་ལ་སོགས་པའི་ཡོན་ཏན་ཡོད་པ་རྣམས་ལ་བློས་དེའི་ཕྱོགས་བཟུང་ཞིང་ཡོན་ཏན་བསམ་པར་བྱའོ། །དེ་ལྟར་གོམས་པ་ན་སྐྱོན་ཐན་ཐུན་ཡོད་པར་མཐོང་ཡང་བློས་ཡོན་ཏན་གྱི་ཕྱོགས་འཛིན་པས་དད་པ་ལ་གེགས་སུ་མི་འགྲོ་སྟེ། དཔེར་ན། རང་མི་འདོད་པའི་ཕྱོགས་ལ་ཡོན་ཏན་མང་པོ་ཡོད་པར་མཐོང་ཡང་སྐྱོན་མཐོང་བའི་བློ་ཤུགས་དྲག་པས་ཡོན་ཏན་མཐོང་བའི་བློ་ཟིལ་གྱིས་གནོན་པ་དང༌། ཡང་རང་ལ་སྐྱོན་མང་པོ་མཐོང་ཡང་རང་གི་ཡོན་ཏན་སྣ་རེ་མཐོང་བའི་བློ་ཤུགས་དྲག་ན་དེས་སྐྱོན་མཐོང་བའི་བློ་ཟིལ་གྱིས་གནོན་པ་བཞིན་ནོ། །གཞན་ཡང་ཇོ་བོ་ཆེན་པོ་ལྟ་བ་དབུ་མ་འཛིན་ཅིང་གསེར་གླིང་པ་ལྟ་བ་སེམས་ཙམ་རྣམ་བདེན་འཛིན་པས་ལྟ་བའི་སྒོ་ནས་མཆོག་དམན་ཡོད་ཀྱང༌། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་སྤྱི་དང་བྱང་ཆུབ་ཀྱི་ཐུགས་ཁོང་ལ་བརྟེན་ནས་རྙེད་པས་གསེར་གླིང་པ་བླ་མ་རྣམས་ཀྱི་འགྲན་གྱི་དོ་མེད་དུ་འཛིན་པ་བཞིན་ནོ། །ཡོན་ཏན་གྱི་ངོས་ནས་སེམས་ཤིང་སྐྱོན་གྱི་ངོས་ནས་བརྟག་མི་ཉན་པ་ནི། ཚུལ་འཆལ་སོགས་ཡིན་ཡང་ཚིགས་བཅད་གཅིག་ཙམ་ཉན་པ་ཡན་ཆད་ལ་ཁྱད་


JLD013_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པར་མེད་པར་བྱ་དགོས་ཏེ། དཀོན་མཆོག་སྤྲིན་ལས། བླ་མ་བསྟེན་ན་དགེ་བ་འཕེལ་ཞིང་མི་དགེ་བ་འགྲིབ་པར་རྟོགས་པས་མཁན་པོ་ཐོས་པ་ཆེ་བའམ་ཆུང་བའམ་ཤེས་པའམ་མི་ཤེས་པའམ་ཚུལ་ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས་འཆལ་བ་ལའང་སྟོན་པའི་འདུ་ཤེས་བསྐྱེད་དོ། །ཇི་ལྟར་སྟོན་པ་ལ་དགའ་བ་དང་དད་པ་ལྟར་མཁན་པོ་ལའང་དད་པ་དང་དགའ་བར་བྱའོ། །སློབ་དཔོན་རྣམས་ལ་ཞེ་ས་དང་རིམ་གྲོ་བསྐྱེད་དེ་དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ཚོགས་མ་རྫོགས་པ་ནི་རྫོགས་པར་འགྱུར། ཉོན་མོངས་པ་མ་སྤངས་པ་ནི་སྤོང་བར་འགྱུར་སྙམ་སྟེ་དགའ་བ་དང་རངས་པ་འཐོབ་ཅིང་། དགེ་བའི་ཆོས་ལ་དེ་དང་མཐུན་པར་སྤྱོད་ལ་མི་དགེ་བ་ལ་མི་མཐུན་པར་སྤྱོད་དོ། །ཞེས་དང༌། དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང༌། ཁྱིམ་བདག །གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་ནོད་པ་དང་ཁ་ཏོན་བྱ་བ་དོན་དུ་གཉེར་བས་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ལྡན་པའམ། བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་གསོག་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལས་མཉན་ཏམ་ལུང་མནོས་སམ་བླངས་པའི་སློབ་དཔོན་དེ་ལ་དེས་ཆོས་ཀྱིས་གུས་པར་བྱའོ། །མིང་དང་ཚིག་དང་ཡི་གེ་ཇི་སྙེད་ཀྱི་ཚིགས་སུ་བཅད་པ་དེ་བསྟན་པ་དེ་སྙེད་ཀྱི་བསྐལ་པར་གལ་ཏེ་སློབ་དཔོན་དེ་ལ་གཡོ་མེད་པར་རྙེད་པ་དང་བཀུར་སྟི་དང་མཆོད་པ་ཐམས་ཅད་ཀྱིས་རིམ་གྲོ་དང་བསྙེན་བཀུར་བྱས་ཀྱང༌། ཁྱིམ་བདག །ད་དུང་སློབ་དཔོན་ལ་སློབ་


JLD013_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དུ་གུས་པར་བྱ་བ་ཡོངས་སུ་རྫོགས་པ་མ་ཡིན་ན་ཆོས་མ་ཡིན་པའི་གུས་པས་ལྟ་ཅི་སྨོས། ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་བཀའ་དྲིན་རྗེས་སུ་དྲན་པ་ནི། ཆོས་བཅུ་པ་ལས། བདག་ཡུན་རིང་དུ་འཁོར་བར་འཁྱམས་པ་ཚོལ་བར་བྱེད་པ་དང༌། བདག་ཡུན་རིང་དུ་གཏི་མུག་གིས་བསྒྲིབས་ཤིང་གཉིད་ལོག་པའི་སད་བྱེད་དང་། བདག་སྲིད་པའི་རྒྱ་མཚོའི་ནང་དུ་བྱིང་བའི་འབྱིན་བྱེད་དང་། བདག་ལམ་ངན་པར་ཞུགས་པ་ལ་ལམ་བཟང་པོ་སྟོན་བྱེད་དང༌། བདག་སྲིད་པའི་བཙོན་རར་བཅིངས་པ་འགྲོལ་བྱེད་དང་། བདག་ཡུན་རིང་པོར་ནད་ཀྱིས་ཉམ་ཐག་པའི་སྨན་པ་དང་། བདག་འདོད་ཆགས་ལ་སོགས་པའི་མེས་ཀུན་ཏུ་འབར་བ་ཞི་བར་བྱེད་པའི་ཆར་སྤྲིན་གྱི་འདུ་ཤེས་བསྐྱེད་དོ། །ཞེས་པ་དང༌། སྡོང་པོ་བཀོད་པ་ལས་ཀྱང༌། གཞོན་ནུ་ནོར་བཟང་། དགེ་བའི་བཤེས་གཉེན་རྣམས་ནི་བདག་ངན་སོང་ཐམས་ཅད་ལས་སྐྱོབ་པའོ། །ཆོས་མཉམ་པ་ཉིད་རྟོགས་པར་བྱེད་པའོ། །ལམ་བདེ་བ་དང་མི་བདེ་བ་སྟོན་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པས་འདོམས་པའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་སྟོན་པའོ། །ཐམས་ཅད་མཁྱེན་པའི་གནས་སུ་སྐྱེལ་བའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་འཇུག་པའོ། །དུས་གསུམ་གྱི་ཤེས་བྱའི་རྒྱ་མཚོ་སྟོན་པའོ། །འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་སྟོན་པའོ། །དགེ་བའི་བཤེས་གཉེན་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའོ་ཞེས་རྗེས་སུ་དྲན་


JLD013_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ངུ་བར་བྱེད། ཅེས་གསུངས་པ་ལྟར་དྲན་པར་བྱེད་པ་སྟེ། དགེ་བའི་བཤེས་གཉེན་རྣམས་ནི་བདག་ཅེས་ཐམས་ཅད་ཀྱི་འགོར་སྦྱར་ལ་མདུན་དུ་དགེ་བའི་བཤེས་གཉེན་གྱི་རྣམ་པ་ཡིད་ལ་བྱས་ཏེ་ངག་ཏུ་ཚིག་དེ་རྣམས་བརྗོད་ཅིང་ཡིད་ལ་དེ་དག་གི་དོན་རྩེ་གཅིག་ཏུ་དྲན་པར་བྱའོ། །མདོ་སྔ་མ་ལའང་ཚིག་དེ་ལྟར་སྦྱར་རོ། །གཞན་ཡང་སྡོང་པོ་བཀོད་པ་ལས། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམས་ནས་འདིར་འོངས་སོ། །འདི་དག་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པས་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་བ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་ཟློག །རྒ་ཤི་ཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཟླ་ཉ་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ། །དགྲ་དང་གྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་བདག་གི་བློ་སྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་སྐྱེད་བྱེད་པ། །འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །འཇིག་རྟེན་སྐྱོབ་པས་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་


JLD013_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དང་སྐྱབས་སུ་གྱུར་པ་ཡིན། །འདི་དག་བདག་ལ་བདེ་སྟོབ་མིག་ཡིན་ཞེས། །དེ་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །ཅེས་གསུངས་པ་ལྟར། ཚིགས་སུ་བཅད་པའི་དབྱངས་ཀྱིས་ཀྱང་དྲན་པར་བྱ་སྟེ། ནོར་བཟང་ནི་རང་ལ་འདོན་པ་བསྒྱུར་རོ། །གཉིས་པ་སྦྱོར་བས་བསྟེན་ཚུལ་ནི། བླ་མ་ལྔ་བཅུ་པ་ལས། འདིར་མང་སྨོས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བརྟག །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངས་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་གསུངས་པ་ལྟར། མདོར་བསྡུ་ན་མཉེས་པ་བསྒྲུབ་པ་དང་མི་མཉེས་པ་སྤོང་བ་ལ་འབད་པར་བྱེད་བའོ། །མཉེས་པ་བསྒྲུབ་པ་ནི་སྒོ་གསུམ་སྟེ། ཟང་ཟིང་དབུལ་བ་དང་ལུས་ངག་གིས་བསྙེན་བཀུར་བ་དང་བཀའ་བཞིན་དུ་བསྒྲུབ་པའོ། །དེ་ལྟར་ཡང་མདོ་སྡེའི་རྒྱན་ལས། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་དང༌། བརྟན་པ་ཇི་སྐད་བསྟན་པ་བསྒྲུབ་པ་དེས། །དེ་ཡི་སེམས་ནི་ཡང་དག་མགུ་བར་བྱེད། །ཅེས་གསུངས་སོ། །དེ་ལ་དང་པོ་ནི། ལྔ་བཅུ་པ་ལས། རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང༌། །རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས། །ཞེས་དང༌། དེ་བྱིན་


JLD013_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ལག་སོར་བའི་ཞལ་ནས། བཟང་པོ་ཡོད་བཞིན་དུ་ངན་པ་འབུལ་ན་དམ་ཚིག་ཉམས་ཏེ་བླ་མ་དེ་ལ་དགྱེས་པའམ་ངན་པ་ལས་མེད་ན་ཉེས་པ་མེད་གསུང་ངོ་། །ལྔ་བཅུ་པ་ལས་ཀྱང༌། མི་ཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །ཞེས་པ་དང་མཐུན་པར་སྣང་ངོ་། །དེ་ཡང་སློབ་མའི་ངོས་ནས་ཚོགས་བསག་པའི་མཆོག་ཡིན་པས་དེ་འདྲ་བ་ཞིག་དགོས་ཀྱི། བླ་མའི་ངོས་ནས་དེ་ལ་མི་གཟིགས་པ་ཞིག་དགོས་སོ། །ཤ་ར་བའི་ཞལ་ནས། སྒྲུབ་པས་མཉེས་ཀྱི་ཟང་ཟིང་ཅུང་ཟད་ཙམ་ལ༌ཡང་མི་བལྟ་བ་ཞིག་ལ་བླ་མ་ཟེར་བ་ཡིན་དེ་ལས་ལྡོག་པས་རྣམ་གྲོལ་བསྒྲུབ་པའི་བླ་མ་མི་འོང་གསུང་ངོ་། །གཉིས་པ་ནི། ཁྲུས་བསྐུ་མཉེ་དྲིལ་ཕྱིས་དང་བསྙུན་གཡོག་སོགས་དང་དེའི་ཡོན་ཏན་བརྗོད་པ་སོགས་སོ། །གསུམ་པ་ནི། ཇི་ལྟར་གདམས་པ་ལས་མི་འགལ་བར་བསྒྲུབ་པ་ཡིན་ལ་དེ་ཉིད་གཙོ་བོ་ཡིན་ཏེ། སྐྱེས་པའི་རབས་ལས། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་བླ་མའི་བཀའ་བཞིན་དུ་བསྒྲུབ་དགོས་ན་བླ་མ་དེ་བསྟེན་ན་མི་རིགས་པའི་ལམ་དུ་འཁྲིད་པ་དང་སྡོམ་པ་གསུམ་དང་འགལ་བའི་བྱ་བ་ལ་སྦྱོར་བར་བྱེད་ན་དེ་


JLD013_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱའམ་ཞེ་ན། དེ་ལ་ནི་འདུལ་བའི་མདོ་ལས། ཆོས་མ་ཡིན་པ་སྨྲ་ན་བཟློག་པར་བྱའོ། །ཞེས་དང༌། དཀོན་མཆོག་སྤྲིན་ལས་ཀྱང༌། དགེ་བའི་ཆོས་ལ་དེ་དང་མཐུན་བར་སྤྱོད་ལ་མི་དགེ་བ་ལ་མི་མཐུན་པར་སྤྱོད་དོ། །ཞེས་གསུངས་པས། དེའི་བསྒོ་བ་ལ་མི་ཉན་དགོས་སོ། །མི་རིགས་པ་ལ་མི་འཇུག་པ་ནི་སྐྱེས་རབས་བཅུ་གཉིས་པ་ན་གསལ་བར་ཡོད་དོ། །འོན་ཀྱང་དེ་དག་རྒྱུ་མཚན་དུ་བྱས་ནས་དེ་ལ་མི་གུས་པ་དང་བརྙས་པ་དང་སྨོད་པ་སོགས་བྱར་མི་རུང་བས། བླ་མ་ལྔ་བཅུ་པ་ལས། རིགས་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྦྱང༌། །ཞེས་གསུངས་པ་ལྟར། བཤད་སྦྱང་ལེགས་པར་བྱས་ཏེ་མི་འཇུག་པ་ཡིན་ནོ། །དེ་ལྟར་བསྟེན་པའི་ཚེ་ཡང༌། མདོ་སྡེའི་རྒྱན་ལས། དེ་ཆོས་བགོ་སྐལ་ལ་སྤྱོད་ཡོན་ཏན་ལྡན། །བཤེས་གཉེན་རབ་ཏུ་སྟེན་བྱེད་ཟང་ཟིང་མིན། །ཞེས་གསུངས་པ་ལྟར། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞིག་དགོས་ཏེ། པོ་ཏོ་བའི་ཞལ་ནས། ཀུན་དགའ་བོ་སྟོན་པའི་ཞམ་རིང་དུ་བསྐོས་པའི་ཚེ་སྟོན་པས་མི་གསོལ་བའི་ན་བཟའ་འཆང་དུ་མི་འཇུག་པ་དང་སྟོན་པའི་བཤོས་ལྷག་མི་འཚལ་བ་དང་དུས་མེད་པར་སྟོན་པའི་སྤྱན་སྔར་འགྲོར་གནང་ན་སྟོན་པ་ལ་བསྙེན་བཀུར་བྱེད་དོ་ཞེས་གཙིགས་པ་བཟུང་བ་དེ་མ་འོངས་པའི་གང་ཟག་ལ་དགོངས་པ་སྟེ། རང་ཅག་ཆོས་ལ་ཅིར་ཡང་མི་བརྩི་བར་ཇ་སུན་རེའི་མཐོ་དམན་ལ་ཐུགས་ལ་བཏགས་མ་བཏགས་ཐམས་ཅད་བརྩི་བ་དེ་ཕུགས་རུལ་བའི་རྟགས་ཡིན་གསུང་ངོ་། །


JLD013_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཇི་ཙམ་དུ་བསྟེན་པ་ནི། པོ་ཏོ་བའི་ཞལ་ནས། ང་ལ་ཏ་རེ་རེ་བྱུང་ན་ཁུར་བསྣན། རེ་རེ་སོང་ན་ཁུར་བྲི་སྟེ་ལོགས་སུ་བསྡད་ན་མི་འོང་བས་ཉེ་རིང་རན་པར་ཡུན་རིང་དུ་བསྲིངས་ནས་བསྒྲུབ་དགོས་པ་ཡིན་གསུང་བ་ལྟར་རོ། །བཞི་པ་བསྟེན་པའི་ཕན་ཡོན་ནི། སངས་རྒྱས་ཀྱི་གོ་འཕང་ལ་ཉེ་བ་དང་། རྒྱལ་བ་རྣམས་དགྱེས་པ་དང་། དགེ་བའི་བཤེས་གཉེན་གྱིས་མི་ཕོངས་པ་དང་། ངན་འགྲོར་མི་ལྟུང་བ་དང་། ལས་ངན་པ་དང་ཉོན་མོངས་པས་ཐུབ་པར་དཀའ་བ་དང༌། བྱང་སེམས་ཀྱི་སྤྱོད་པ་དང་མི་འགལ་ཞིང་དེ་ལ་དྲན་པ་དང་ལྡན་པས་ཡོན་ཏན་གྱི་ཚོགས་ཀྱིས་ཇེ་མཐོ་ཇེ་མཐོར་འགྱུར་ཞིང་། གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་དང༌། དེ་ལ་བསྙེན་བཀུར་བས་བསམ་སྦྱོར་དགེ་བ་ཐོབ་ནས་རང་གཞན་གྱི་དོན་བྱེད་ཅིང་ཚོགས་རྫོགས་པར་འགྱུར་བའོ། །དེ་ལྟར་ཡང་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་། །དགེ་བའི་བཤེས་གཉེན་གྱིས་བསམས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་བསྐྱངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་མངོན་པར་འཕགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར་སྤྱོད་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་


JLD013_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན་ནོ། །ཞེས་དང༌། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་མཉེས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་གཉེན་རྣམས་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་དོན་ཐམས་ཅད་མངོན་དུ་འགྱུར་རོ། །ཞེས་པ་དང༌། གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང༌། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་ཤིན་ཏུ་གུས་པས་བླ་མ་ལ་བརྟེན་པ་དང་བསྙེན་པ་དང་བསྙེན་བཀུར་བྱའོ། །དེ་ལྟར་ན་དགེ་བའི་ཆོས་ཐོས་པས་བསམ་པ་དགེ་བ་དང་དེ་ལས་སྦྱོར་བ་དགེ་བར་འགྱུར་རོ། །དེས་དགེ་བའི་ལས་བྱེད་ཅིང་དགེ་བར་འགྲོ་བས་དགེ་བའི་གྲོགས་མགུ་བར་བྱེད་དོ། །དེ་ལས་སྡིག་པའི་ལས་མི་བྱེད་ཅིང་དགེ་བ་བྱེད་པས་བདག་དང་གཞན་ལ་གདུང་བར་མི་བྱེད་དོ། །བདག་དང་གཞན་རྗེས་སུ་བསྲུང་བས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་རྫོགས་པར་བྱེད་པས་ལམ་ངན་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་བྱེད་པར་ནུས་སོ། །དེ་བས་བྱང་ཆུབ་སེམས་དཔས་བླ་མ་ལ་བརྟེན་ཏེ་ཡོན་ཏན་གྱི་ཚོགས་ཐམས་ཅད་རྫོགས་པར་བྱའོ། །


JLD013_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །གཞན་ཡང་གཤེས་གཉེན་བསྙེན་བཀུར་བས་ནི། ངན་འགྲོ་མྱོང་བའི་ལས་རྣམས་ཚེ་འདི་ལ་ལུས་སེམས་ལ་གནོད་པ་ཕྲ་མོ་ཙམ་མམ་རྨི་ལམ་དུ་མྱོང་བས་ཀྱང་ལས་དེ་འདྲོངས་ནས་ཟད་པར་འགྱུར་བ་དང༌། སངས་རྒྱས་དཔག་ཏུ་མེད་པ་ལ་ཡོན་ཕུལ་བ་སོགས་ཀྱི་དགེ་རྩ་རྣམས་ཟིལ་གྱིས་གནོན་པ་སོགས་ཀྱི་ཕན་ཡོན་ཤིན་ཏུ་ཆེ་སྟེ། སའི་སྙིང་པོའི་མདོ་ལས། དེས་ཟིན་པ་ནི་བསྐལ་པ་བྱེ་བ་དཔག་ཏུ་མེད་པར་ངན་འགྲོར་འཁྱམ་པར་འགྱུར་བའི་ལས་རྣམས་ཚེ་འདིར་རིམས་ལ་སོགས་པའམ་མུ་གེ་ལ་སོགས་པ་ལུས་དང་སེམས་ལ་གནོད་པ་བྱུང་བས་བྱང་བར་འགྱུར་ཏེ། ཐ་ན་བརྒྱད་བཀག་གམ་རྨི་ལམ་ཙམ་གྱིས་ཀྱང་བྱང་བར་འགྱུར་རོ། །དེས་སངས་རྒྱས་བྱེ་བ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་སྦྱིན་པའམ་མཆོད་པའམ་བསླབ་པ་བཟུང་བ་ལས་བྱུང་བ་རྣམས་སྔ་དྲོ་གཅིག་གིས་ཟིལ་གྱིས་གནོན་ནོ། །བླ་མ་ལ་བསྙེན་བཀུར་བྱེད་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །ཞེས་དང༌། སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་འཕྲུལ་བ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་འདི་ལས་འབྱུང་བར་བལྟའོ། །དེས་ན་སངས་རྒྱས་ལ་བྱ་བ་ལྟར་བླ་མ་བསྟེན་པ་དང་བསྙེན་པ་དང་བསྙེན་བཀུར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །སྐྱེས་རབས་ལས་ཀྱང༌། དམ་པ་རྣམས་ནི་སུས་ཀྱང་མི་བསྲིང་སྟེ། །དུལ་བའི་ཚུལ་གྱིས་དགེ་བ་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒོས་པར་ཡང་གོས་པར་འགྱུར། །ཞེས་གསུངས་སོ། །པོ་ཏོ་བའི་ཞལ་ནས།


JLD013_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འོ་སྐོལ་ཕལ་དུ་སློག་ཧྲུལ་དུ་འགྲོ་ཉེན་ཆེ་སྟེ། སློག་ཧྲུལ་དྲུད་པས་སྦུར་མ་འབྱར་འོང་གསེར་སྦྲམ་མི་འབྱར་བ་བཞིན་དུ། དགེ་བཤེས་དེའི་ཡོན་ཏན་མི་འགོ་བར་སྐྱོན་བག་རེ་ཙམ་ཡོད་པ་འགོས་ནས་འོང་བས་ཐམས་ཅད་དུ་ཡུད་ཡུད་བྱས་པས་མི་འོང་གསུང་ངོ་། །ལྔ་པ་མ་བསྟེན་པའི་ཉེས་དམིགས་ནི། བཤེས་གཉེན་དུ་བྱས་ནས་བསྟེན་ཚུལ་ལོག་ན་ཚེ་འདིར་ནད་དང་གདོན་དུ་མས་གཙེ་བ་དང་ཕྱི་མར་ངན་འགྲོའི་སྡུག་བསྔལ་དཔག་ཏུ་མེད་པ་དུས་དཔག་ཏུ་མེད་པར་མྱོང་བར་འགྱུར་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས། གང་དག་སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱིས་དེ་སྐད་མ་སྨྲ་ཞིག །གསང་བའི་བདག་པོ། འོན་ཀྱང་ཅུང་ཞིག་བརྗོད་པར་བྱ་ཡི། དཔའ་བོ་བསྒྲིམས་ཏེ་དེ་ཉོན་ཅིག །མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེར་ནི་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། །ཞེས་དང༌། ལྔ་བཅུ་པ་ལས་ཀྱང༌། སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང༌། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང༌། །ཆུ་དང་མཁའ་འགྲོ་


JLD013_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་པོ་དང༌། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང༌། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུག་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚེད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་དང༌། མཁས་གྲུབ་ཆེན་པོ་ཤཱནྟི་པས་མཛད་པའི་དགྲ་ནག་གི་དཀའ་འགྲེལ་དུ་དྲངས་པ་ལས་ཀྱང༌། ཚིགས་བཅད་གཅིག་ཙམ་མཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །གཞན་ཡང་ཡོན་ཏན་མ་སྐྱེས་པ་རྣམས་མི་སྐྱེ་ཞིང་སྐྱེས་པ་རྣམས་ཀྱང་ཉམས་ནས་འགྲོ་སྟེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས། གལ་ཏེ་དེས་དེ་ལ་མནར་སེམས་སམ་ཐ་བའམ་སྡང་བའི་སེམས་ཀྱིས་གནས་ན་ཡོན་ཏན་འཐོབ་པ་ནི་གནས་མེད་དོ། །སྟོན་པའི་འདུ་ཤེས་མི་བསྐྱེད་ནའང་དེ་བཞིན་ནོ། །འདི་ལྟར་ཐེག་པ་གསུམ་པའི་གང་ཟག་དང་ཆོས་སྟོན་པའི་དགེ་སློང་ལ་གུས་པ་དང་བླ་མའམ་སྟོན་པའི་འདུ་ཤེས་མི་བསྐྱེད་ན་དེ་དག་མ་ཐོབ་པའི་ཆོས་འཐོབ་པའམ་ཐོབ་པ་ཆུད་མི་ཟ་བ་ནི་གནས་མེད་དེ་མ་གུས་པས་ནི་ཆོས་ནུབ་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །མི་དགེ་བའི་བཤེས་གཉེན་དང་སྡིག་གྲོགས་ཀྱང་བསྟེན་ན་ཡོན་ཏན་རྣམས་ཁད་ཀྱིས་


JLD013_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིབ་ཅིང་ཉེས་པ་ཐམས་ཅད་འཕེལ་ནས་མི་འདོད་པ་མཐའ་དག་བསྐྱེད་པས་རྣམ་པ་ཐམས་ཅད་དུ་སྤང་བར་བྱ་སྟེ། དྲན་པ་ཉེ་བར་བཞག་པ་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་སྡིག་པའི་གྲོགས་པོ་སྟེ་དེ་ནི་དུག་གི་སྡོང་པོ་ལྟ་བུའོ། །ཞེས་དང༌། མྱ་ངན་ལས་འདས་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ནི་གྲོགས་ངན་པ་ལ་འཇིགས་པ་ལྟར་གླང་པོ་ཆེ་མྱོས་པ་ལ་སོགས་པ་ལ་ནི་མ་ཡིན་ཏེ། འདིས་ནི་ལུས་ཙམ་འཇིགས་པར་བྱེད་ཀྱི་སྔ་མས་ནི་དགེ་བ་དང་སེམས་རྣམ་པར་དག་པ་གཉིས་ཀ་འཇིག་པར་བྱེད་དོ། །ཡང་དེ་གཉིས་ཀྱིས་ཤའི་ལུས་ཙམ་དང་ཆོས་ཀྱི་ལུས་འཇིག་པ་དང༌། ངན་སོང་དུ་བསྐྱུར་བར་མི་ནུས་པ་དང༌། ངེས་པར་བསྐྱུར་ནུས་པར་ཡང་གསུངས་པ་དང༌། བདེན་པ་པོའི་ལེའུ་ལས་ཀྱང༌། གང་དག་སྡིག་གྲོགས་སྦྲུལ་གྱིས་སེམས་ཟིན་ཅིང༌། །དགེ་བའི་བཤེས་ཀྱི་དུག་སྨན་རྣམ་སྤངས་པ། །དེ་དག་དམ་ཆོས་དཀོན་མཆོག་ཐོས་གྱུར་ན། །ཀྱེ་མ་བག་མེད་གཡང་ས་ཆེ་ལས་ལྟུང༌། །ཞེས་པ་དང༌། མཛའ་བཤེས་ཀྱི་ཚོམས་ལས་ཀྱང༌། དད་པ་མེད་ཅིང་འཇུངས་པ་དང༌། །བརྫུན་དུ་སྨྲ་དང་ཕྲ་མ་ཅན། །མཁས་པས་བཤེས་པར་མི་བྱ་ཞིང༌། །སྡིག་ཅན་མི་དང་འགྲོགས་མི་བྱ། །གལ་ཏེ་སྡིག་པ་བྱེད་པ་དག །སྡིག་མི་བྱེད་པས་བསྟེན་ན་ཡང༌། །སྡིག་པ་བྱེད་པར་དོགས་སྐྱེ་ཞིང༌། །མི་སྙན་པ་ཡང་འཕེལ་བར་འགྱུར། །བསྟེན་བྱ་མ་


JLD013_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་བསྟེན་པའི་མི། །དེ་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར། །དོང་པར་དུག་བསྐུས་མདའ་བཅུག་པས། །དུག་མ་བསྐུས་པའང་གོས་པ་བཞིན། །ཞེས་གསུངས་ཏེ། མི་དགེ་བའི་བཤེས་གཉེན་ནི། གང་ལ་བརྟེན་ན་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བའི་ཉེས་སྤྱོད་སྔར་ཡོད་པ་རྣམས་མི་འགྲིབ་ཅིང་སྔར་མེད་པ་རྣམས་གསར་དུ་འཕེལ་བར་འགྱུར་བ་རྣམས་སོ། །དགེ་བཤེས་སྟོན་པའི་ཞལ་ནས། ཐ་མ་ཞིག་གྲོགས་བཟང་པོ་དང་འགྲོགས་ཀྱང་འབྲིང་ལས་མི་ཐེངས། རབ་ཅིག་ཐ་མ་དང་འགྲོགས་ན་ཐ་མར་འགྲོ་བ་ལ་ཚེགས་མེད་གསུང་ངོ་། །དྲུག་པ་དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་ན་བླ་མའི་རྣལ་འབྱོར་ཞེས་ཡོངས་སུ་གྲགས་པའི་གདམས་པ༌ཡང་སྔར་བཤད་པ་ལྟར་གོ་དགོས་ཀྱི། དམིགས་པ་ཐུན་རེ་ཙམ་ལ་སྦྱངས་པས་ནི་གར་ཡང་མི་ཕྱིན་ལ་སྙིང་ཐག་པ་ནས་ཆོས་ཤིག་བྱེད་ན་ནི་མ་ནོར་བར་འཁྲིད་པའི་བཤེས་གཉེན་དམ་པ་ལ་རྒྱུན་རིང་དུ་བརྟེན་དགོས་ལ། དེའི་ཚེ་ཡང་མཆད་ཀ་བའི་ཞལ་ནས། བླ་མ་བསྟེན་བདོ་ཙ༌ན་སྤངས་དོགས་ཡོད་གསུང་བ་ལྟར། བསྟེན་ཚུལ་མ་ཤེས་པར་བསྟེན་ན་ནི་ཁེ་མི་ཐོན་པར་གྱོང་འབྱུང་བས། བཤེས་གཉེན་བསྟེན་པའི་ཆོས་སྐོར་འདི་རྣམས་ནི་གང་ལས་ཀྱང་གལ་ཆེ་བ་གཏན་གྱི་འདུན་མའི་རྩ་བར་སྣང་བས། རགས་རིམ་ཞིག་དྲི་མ་མེད་པའི་གསུང་རབ་དང་དགོངས་འགྲེལ་ནས་དྲངས་ཏེ་གོ་སླ་ལ་ཡིད་འཁུལ་ཞིང་གསུང་རབ་ཀྱི་དོན་ལ་གཞོལ་བའི་དམ་པ་རྣམས་ཀྱི་གསུང་སྒྲོས་ཀྱིས་བརྒྱན་ནས་བཀོད་དེ། རྒྱས་པར་གཞན་ནས་


JLD013_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །འོ་སྐོལ་ཉོན་མོངས་ཤིན་ཏུ་རགས་ལ་བླ་མ་བསྟེན་ཚུལ་མི་ཤེས་ཤིང་ཤེས་ཀྱང་མི་བྱེད་པར་དུ་མ་ལ་ཆོས་ཉན་པ་རྣམས་ལ་བླ་མ་ལ་བརྟེན་པའི་ཁ་ན་མ་ཐོ་བ་དཔག་ཏུ་མེད་པ་འབྱུང་ཞིང༌། དེ་ལའང་འཆགས་པ་དང་སྡོམ་པ་སོགས་ཀྱི་བློ་འབྱུང་དཀའ་བས་སྔར་བཤད་པ་ལྟར་ཕན་ཡོན་དང་ཉེས་དམིགས་རྣམས་ཤེས་པར་བྱས་ཏེ་ཡང་དང་ཡང་དུ་བསམས་ལ། ཚེ་རབས་སྔ་མ་རྣམས་ནས་བསྟེན་ཚུལ་ཇི་བཞིན་དུ་མ་བྱུང་བ་རྣམས་བསམ་པ་ཐག་པ་ནས་བཤགས་ཤིང་སྡོམ་སེམས་མང་དུ་བྱ། སྣོད་རུང་གི་ཆོས་རྣམས་ཀྱང་རང་ལ་འབད་པས་བསྒྲུབ། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་རྣམས་ཀྱང་ཡང་ཡང་བསམས་ལ། དེ་ལྟ་བུས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་འཛིན་པའི་རྒྱུར་ཚོགས་བསག་ཅིང་སྨོན་ལམ་མང་དུ་གདབ་སྟེ། དེ་ལྟར་བྱས་ན་རིང་པོར་མི་ཐོགས་པར་སྙིང་སྟོབས་ཕུལ་དུ་བྱུང་བའི་རྒྱལ་སྲས་རྟག་ཏུ་ངུ་དང་བཤེས་གཉེན་འཚོལ་བས་ངོམས་མི་ཤེས་པའི་གཞོན་ནུ་ནོར་བཟང་ལྟ་བུར་འགྱུར་རོ། །སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པ་ལ་གཉིས། སྐྱོང་ཚུལ་དངོས་དང༌། དེ་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས་ལས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་ལ། དང་པོ་སྦྱོར་བའི་ཆོས་ནི་དྲུག་སྟེ། གསེར་གླིང་པའི་རྣམ་ཐར་ཡིན་པས། གནས་ཁང་ལེགས་པར་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་ལེགས་པར་དགྲམ། མཆོད་པ་གཡོ་མེད་པར་


JLD013_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་ལ་བཀོད་པ་མཛེས་པར་བཤམ། དེ་ནས་ཉན་ས་ལས་གཉིད་རྨུགས་ཀྱི་སྒྲིབ་པ་ལས་སེམས་སྦྱོང་བའི་སྐབས་སུ་ཕན་ཚུན་འཆག་དགོས་ལ་དེ་ལས་གཞན་པའི་འདོད་པ་ལ་འདུན་པ་ལ་སོགས་པའི་སྒྲིབ་པ་རྣམས་ལས་སེམས་སྦྱོང་བའི་ཚེ་ཁྲིའམ་ཁྲིའུ་ལ་སོགས་པའི་སྟེང་དུ་སྐྱིལ་མོ་ཀྲུང་དུ་འཁོད་ནས་བྱ་བར་གསུངས་པས། གནས་མལ་བདེ་བ་ལ་ལུས་དྲང་པོར་བསྲང་སྟེ་སྐྱིལ་མོ་ཀྲུང་ངམ་སྐྱིལ་མོ་ཀྲུང་ཕྱེད་དུའང་རུང་བའི་སྤྱོད་ལམ་གྱིས་འཁོད་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་རྒྱུད་དང་འདྲེས་ངེས་པ་ཞིག་བྱ། མདུན་གྱི་ནམ་མཁའ་ལ་རྒྱ་ཆེན་སྤྱོད་པ་དང་ཟབ་མོ་ལྟ་བའི་བརྒྱུད་པའི་བླ་མ་རྣམས་དང་གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་བཀའ་སྡོད་དང་བཅས་པ་དཔག་ཏུ་མེད་པ་བཞུགས་པར་བསམས་ཏེ་ཚོགས་གསོག་པའི་ཞིང་གསལ་གདབ།དེ་ནས་ལམ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་ཚོགས་བསག་པ་དང་འགལ་རྐྱེན་སྒྲིབ་པ་སྦྱོང་བའི་ལྷན་ཅིག་བྱེད་རྐྱེན་མེད་ན་ཉེར་ལེན་གྱི་རྒྱུ་དམིགས་རྣམ་སྐྱོང་བ་ཙམ་ལ་འབད་ཀྱང་ལམ་ཤིན་ཏུ་སྐྱེ་དཀའ་བས་བསག་སྦྱང་གི་གནད་རྣམས་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱང་དགོས་སོ། །དེ་ལ་ཕྱག་འཚལ་བའི་ཡན་ལག་ལ་སྒོ་གསུམ་བསྡོམས་པའི་ཕྱག་ནི། ཇི་སྙེད་སུ་དག་ཅེས་པའི་ཚིགས་བཅད་གཅིག་སྟེ། འཇིག་རྟེན་གྱི་ཁམས་ཕྱོགས་རེ་བ་དང་དུས་རེ་རེའི་སངས་རྒྱས་མ་ཡིན་གྱི། ཕྱོགས་བཅུ་ག་ན་བཞུགས་པ་དང་སྔར་བྱོན་ཟིན་པ་དང་མ་འོངས་པ་ན་འབྱོན་པར་


JLD013_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང་ད་ལྟར་བྱུང་བའི་རྒྱལ་བ་ཐམས་ཅད་ལ་དམིགས་ནས་གཞན་གྱི་གཡམ་ལ་རྒྱུག་ལྟ་བུ་མིན་པར་བསམ་པ་ཐག་པ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་བའོ། །དེ་ཡང་སངས་རྒྱས་གཅིག་ལ་ཕྱག་འཚལ་ནའང་བསོད་ནམས་དཔག་ཏུ་མེད་པ་ལ་སངས་རྒྱས་དེ་ཙམ་ལ་དམིགས་ནས་ཕྱག་འཚལ་ན་ལྟ་ཅི་སྨོས་ཞེས་སློབ་དཔོན་ཡེ་ཤེས་སྡེས་འགྲེལ་པར་བཤད་དོ། །སྒོ་གསུམ་སོ་སོ་བའི་ཕྱག་ལ་ལུས་ཀྱི་ཕྱག་ནི། བཟང་པོ་སྤྱོད་པ་ཞེས་སོགས་ཚིགས་བཅད་གཅིག་སྟེ། རྒྱལ་བ་ཕྱོགས་དང་དུས་ཀྱིས་བསྡུས་པ་ཐམས་ཅད་ཡིད་ཀྱི་ཡུལ་དུ་མངོན་སུམ་པ་ལྟར་དམིགས་ལ་རང་གི་ལུས་ཞིང་རྣམས་ཀྱི་རྡུལ་ཕྲ་རབ་དང་གྲངས་མཉམ་པར་སྤྲུལ་ལ་ཕྱག་བྱའོ། །དེ་ཡང་ཡུལ་རྣམས་ཀྱི་བཟང་པོའི་སྤྱོད་པ་ལ་རབ་ཏུ་དད་པའི་སྟོབས་བསྐྱེད་དེ་དེས་ཀུན་ནས་བསླངས་ཏེའོ། །ལུས་གཅིག་གིས་ཕྱག་བྱས་པ༌ཡང་བསོད་ནམས་ཆེ་ན་ལུས་དེ་ཙམ་གྱིས་ཕྱག་བྱས་པ་ནི་བསོད་ནམས་ཤིན་ཏུ་ཆེའོ་ཞེས་སློབ་དཔོན་ཡེ་ཤེས་སྡེ་གསུང་ངོ་། །ཡིད་ཀྱི་ཕྱག་ནི། རྡུལ་གཅིག་སྟེང་ན་ཞེས་པའི་ཚིགས་བཅད་གཅིག་སྟེ། རྡུལ་ཕྲ་རབ་རེ་རེའི་སྟེང་ནའང་རྡུལ་ཐམས་ཅད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་འཁོར་བྱང་སེམས་ཀྱིས་བསྐོར་བའི་དབུས་ན་བཞུགས་པ་ལ་དེ་དག་གི་ཡོན་ཏན་རྗེས་སུ་དྲན་པའི་མོས་པ་བསྐྱེད་པའོ། །ངག་གི་ཕྱག་ནི། དེ་དག་བསྔགས་པ་ཞེས་པའི་ཚིགས་བཅད་གཅིག་སྟེ། ཡུལ་རྣམས་ཀྱི་ཡོན་ཏན་གྱི་བསྔགས་པ་ཟད་མི་ཤེས་པ་རྣམས་ལུས་རེ་རེ་ལ་མགོ་བོ་དཔག་ཏུ་མེད་པ་དང་མགོ་རེ་རེ་ལ་


JLD013_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་དཔག་ཏུ་མེད་པར་སྤྲུལ་བར་གསུངས་པ་ལྟར་བྱས་ནས་སྙན་པའི་དབྱངས་ཀྱིས་བརྗོད་པའོ། །འདིར་དབྱངས་ནི་བསྟོད་པ་ཡིན་ལ་དེའི་ཡན་ལག་ནི་རྒྱུ་སྟེ་ལྕེའོ། །རྒྱ་མཚོ་ནི་མང་པོའི་ཚིག་གོ །མཆོད་པའི་ཡན་ལག་ལ་བླ་ན་ཡོད་པའི་མཆོད་པ་ནི། མེ་ཏོག་དམ་པ་ཞེས་པའི་ཚིགས་བཅད་གཉིས་ཏེ། མེ་ཏོག་དམ་པ་ནི་ལྷ་དང་མིའི་ཡུལ་ལ་སོགས་པའི་མེ་ཏོག་རྨད་དུ་བྱུང་བ་སིལ་མ་རྣམས་སོ། །ཕྲེང་བ་ནི་མེ་ཏོག་སྣ་ཚོགས་སྤེལ་ཏེ་བརྒྱུས་པ་སྟེ་དེ་གཉིས་ཀ་ཡང་དངོས་དང་བཅོས་མ་ཐམས་ཅད་དོ། །སིལ་སྙན་ནི་རོལ་མོ་རྒྱུད་ཅན་དང་འབུད་པ་དང་བརྡུང་བ་དང་དཀྲོལ་བ་རྣམས་སོ། །བྱུག་པ་ནི་སྤོས་ཞིམ་པོའི་ལྡེ་གུའོ། །གདུགས་མཆོག་ནི་གདུགས་རྣམས་ཀྱི་མཆོག་གོ །མར་མེ་ནི་སྤོས་མར་ལ་སོགས་པ་དྲི་ཞིམ་ཞིང་འོད་གསལ་བ་དང་རིན་ཆེ་བའི་ནོར་བུ་འོད་གསལ་བའོ། །བདུག་པ་ནི་བདུག་སྤོས་སྦྱར་བ་དང་སྣ་གཅིག་པའོ། །ན་བཟའ་དམ་པ་ནི་གོས་ཐམས་ཅད་ཀྱི་མཆོག་གོ །དྲི་མཆོག་ནི་སྤོས་ཆུ་ཡོན་ཆབ་ཏུ་གསོལ་བ་ཟེར་ཏེ་སྟོང་གསུམ་དུ་དྲི་ངད་ལྡང་བའི་དྲིས་བསྒོས་པའི་ཆུ་ལ་སོགས་པའོ། །ཕྱེ་མ་ཕུར་མ་ནི་སྤོས་ཞིམ་པོའི་ཕྱེ་མ་གཏོར་ཞིང་བདུག་ཏུ་རུང་བ་ཐུམ་པོར་བྱས་པའམ་དཀྱིལ་འཁོར་བྲིས་པའི་ཚོན་ཕྱེ་སྤེལ་བའི་རིམ་པ་རྒྱ་དང་རྔམས་རི་རབ་དང་མཉམ་པའོ། །བཀོད་པ་ནི་གོང་མ་ཀུན་གྱི་མཐར་སྦྱོར་བ་སྟེ་ཕལ་ཆེ་བ་དང་སྤྲས་པ་དང་སྣ་ཚོགས་པ་ལ་བྱའོ། །མཆོད་པ་བླ་ན་མེད་པ་ནི། མཆོད་པ་གང་རྣམས་


JLD013_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་ཚིགས་བཅད་གཅིག་སྟེ། བླ་ན་ཡོད་པ་ནི་འཇིག་རྟེན་པའི་མཆོད་པ་ཡིན་པས། འདིར་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཐུ་ཅན་རྣམས་ཀྱིས་བཟང་དགུ་སྤྲུལ་པའོ། །ཚིག་རྐང་པ་ཐ་མ་གཉིས་ནི་གོང་མ་དེ་གཉིས་མ་ཚང་བ་ཐམས་ཅད་ལ་སྦྱར་ཏེ་ཕྱག་དང་མཆོད་པ་རྣམས་ཀྱི་ཀུན་སློང་དང་ཡུལ་སྟོན་པའོ། །སྡིག་པ་བཤགས་པའི་ཡན་ལག་ནི། འདོད་ཆགས་ཞེས་པའི་ཚིགས་བཅད་གཅིག་སྟེ། རྒྱུ་དུག་གསུམ་ལ་བརྟེན་ནས་གཞི་ལུས་ལ་སོགས་པ་གསུམ་གྱིས་རང་བཞིན་ནི་བདག་གིས་བགྱིས་པ་སྟེ་དེ་ཡང་དངོས་སུ་རང་གིས་བྱ་བ་དེ་ལ་ཞུགས་པ་དང་གཞན་བྱེད་དུ་བཅུག་པ་དང་གཞན་གྱིས་བྱས་པ་ལ་ཡི་རང་བའོ། །དེ་དག་ཐམས་ཅད་སྤྱིར་བསྡུས་པ་ནི། ཅི་མཆིས་པ་ཞེས་པ་སྟེ། དེ་དག་གི་ཉེས་དམིགས་དྲན་ནས་སྔ་མ་ལ་འགྱོད་ཅིང་ཕྱི་མ་ལ་བསྡམ་པའི་སེམས་ཀྱིས་སྙིང་ཐག་པ་ནས་བཤགས་ན་སྔར་བྱས་འཕེལ་བ་འཆད་ཅིང་ཕྱི་མ་རྣམས་འཕྲོ་འཆད་དོ། །རྗེས་སུ་ཡི་རང་བའི་ཡན་ལག་ནི། ཕྱོགས་བཅུའི་རྒྱལ་བ་ཞེས་པའི་ཚིགས་བཅད་གཅིག་སྟེ། གང་ཟག་ལྔ་པོ་དེའི་དགེ་བའི་ཕན་ཡོན་དྲན་ནས་དབུལ་པོས་གཏེར་རྙེད་པ་ལྟར་དགའ་བ་བསྒོམ་པའོ། །ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། གང་རྣམས་ཕྱོགས་བཅུའི་ཞེས་པའི་ཚིགས་བཅད་གཅིག་སྟེ། ཕྱོགས་བཅུའི་ཞིང་དུ་བྱང་ཆུབ་ཏུ་རྣམ་པར་སངས་རྒྱས་ཏེ་མ་ཆགས་ཤིང་ཐོགས་པ་མེད་པའི་མཁྱེན་པ་བརྙེས་ནས་རིང་དུ་མ་ལོན་པ་རྣམས་ལ་ལུས་


JLD013_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་སྙེད་དུ་སྤྲུལ་ནས་ཆོས་སྟོན་པར་བསྐུལ་མ་གདབ་བོ། །སློབ་དཔོན་ཡེ་ཤེས་སྡེས་བྱང་ཆུབ་རྣམ་པར་སངས་རྒྱས་ཞེས་བཏོན་ནས་བཤད་པ་མཛད་དོ། །གསོལ་བ་འདེབས་པའི་ཡན་ལག་ནི། མྱ་ངན་འདའ་སྟོན་ཞེས་པའི་ཚིགས་བཅད་གཅིག་སྟེ། ཕྱོགས་བཅུའི་ཞིང་དུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་རྣམས་ལ་འགྲོ་བ་རྣམས་ལ་ཕུགས་སུ་ཕན་པ་དང་གནས་སྐབས་སུ་བདེ་བ་བསྐྱེད་པའི་ཕྱིར་དུ་ཞིང་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་བསྐལ་པར་མྱ་ངན་མི་འདའ་བར་བཞུགས་པར་ལུས་དཔག་ཏུ་མེད་པར་བྱས་ཏེ་གསོལ་བ་གདབ་བོ། །བསྔོ་བའི་ཡན་ལག་ནི། ཕྱག་འཚལ་བ་དང་ཞེས་པའི་ཚིགས་བཅད་དེ། གོང་གི་ཡན་ལག་དྲུག་གི་དགེ་བས་མཚོན་ནས་དགེ་རྩ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འདུན་པ་དྲག་པོས་བསྔོས་པས་ནམ་ཡང་མི་འཛད་པའོ། །དེ་ལྟར་ཚིག་དེ་དག་གི་དོན་གོ་བར་བྱས་ལ་ཡིད་གཞན་དུ་མ་ཡེངས་པར་དལ་བུས་ཇི་སྐད་བསྟན་པ་བཞིན་དུ་བྱས་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཛིན་ནོ། །དེ་ལྟར་ན་ཕྱག་དང་མཆོད་པ་དང་བསྐུལ་བ་དང་གསོལ་བ་གདབ་པ་དང་ཡི་རང་དང་ལྔ་ནི་མཐུན་རྐྱེན་ཚོགས་གསོག་པ་ཡིན་ལ། བཤགས་པ་ནི་འགལ་རྐྱེན་སྒྲིབ་པ་སྦྱོང་བ་དང་ཡི་རང་གི་ཕྱོགས་གཅིག་རང་གི་དགེ་བ་བྱས་པ་ལ་དགའ་བ་བསྒོམ་པ་ནི་རང་གི་དགེ་བ་སྤེལ་བར་ཡང་འགྱུར་རོ། །བསྔོ་བས་ནི་བསགས་པ་དང་སྦྱངས་པ་དང་སྤེལ་བའི་


JLD013_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་རྣམས་ཉུང་ངུ་ཡང་ཆེས་མང་བར་སྤེལ་བ་དང་གནས་སྐབས་སུ་འབྲས་བུ་ཕྱུང་སྟེ་ཟད་པར་འགྱུར་བ་རྣམས་ཀྱང་ནམ་ཡང་མི་ཟད་པར་བྱེད་པ་སྟེ་བསྡུ་ན་བསག་པ་དང་སྦྱང་བ་དང་སྤེལ་ཞིང་མི་ཟད་པར་བྱེད་པ་གསུམ་དུ་འདུའོ། །དེ་ནས་དམིགས་པ་གསལ་བར་བྱས་ནས་མཎྜལ་ཕུལ་ཏེ། བཤེས་གཉེན་ལ་མ་གུས་པ་ནས་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པ་དང༌། བཤེས་གཉེན་ལ་གུས་པ་ནས་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་བར་གྱི་ཕྱིན་ཅི་མ་ལོག་པའི་བློ་སྣ་ཐམས་ཅད་བདེ་བླག་ཏུ་སྐྱེ་བ་དང༌། ཕྱི་དང་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་མང་དུ་འདུན་པ་དྲག་པོས་གསོལ་བ་གདབ་པར་བྱའོ། །དངོས་གཞི་ལ་ཇི་ལྟར་བསྐྱང་བ་ལ་གཉིས། སྤྱིའི་སྐྱོང་ཚུལ་དང༌། སྐབས་འདིའི་སྐྱོང་ཚུལ་ལོ། །དང་པོ་ནི། སྒོམ་ཞེས་གྲགས་པ་སེམས་དགེ་བའི་དམིགས་པ་ལ་ཡང་དང་ཡང་དུ་གཏོད་པའི་དམིགས་རྣམ་སྐྱོང་བ་འདི་ནི་ཐོག་མ་མེད་པ་ནས་རང་སེམས་ཀྱི་དབང་དུ་གྱུར་ཅིང་སེམས་རང་གི་དབང་དུ་མ་གྱུར་ལ། སེམས་ཀྱང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་རྣམས་ལ་རྗེས་སུ་ཕྱོགས་པས་ཉེས་སྐྱོན་ཐམས་ཅད་སྐྱེད་པར་བྱེད་པའི་སེམས་འདི་རང་གི་དབང་དུ་འགྱུར་བར་བྱས་ནས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་རུང་བར་


JLD013_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཆེད་ཡིན་ནོ། །དེ་ཡང་གང་ཟིན་ཟིན་ནས་དམིགས་པ་ལ་བསྐྱངས་ན་རང་ཇི་ལྟར་འདོད་པ་ལྟར་གྱི་དགེ་བའི་དམིགས་པ་གྲངས་འདི་ཙམ་དང་གོ་རིམ་འདི་བཞིན་བཏང་སྙམ་ནས་བཏང་ཡང་འགྲོར་མི་ཉན་པས་ཇི་ལྟར་འདོད་པ་བཞིན་དུ་དགེ་བའི་དམིགས་པ་ལ་བཀོལ་དུ་རུང་བའི་གེགས་ཆེན་པོར་འགྱུར་ཞིང༌། དང་པོ་ནས་ལང་དུ་སོང་བས་ཚེ་ཧྲིལ་པོའི་དགེ་སྦྱོང་སྐྱོན་ཅན་དུ་འགྲོའོ། །དེས་ན་ཐོག་མར་གང་བསྐྱང་བར་བྱ་བའི་དམིགས་པ་རྣམས་ཀྱི་གྲངས་དང་གོ་རིམ་ངེས་ངེས་བྱ། དེ་ནས་ཇི་ལྟར་ངེས་པར་བྱས་པ་དེ་ལས་གཞན་དུ་མི་གཏང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་འགའ་ཞིག་བཏང་ལ། ཇི་ལྟར་ངེས་པར་བྱས་པ་དེ་ལས་ལྷག་ཆད་མེད་པར་དྲན་ཤེས་བཞིན་དང་ལྡན་པར་བསྐྱང་བར་བྱའོ། །སྐབས་འདིའི་སྐྱོང་ཚུལ་ནི། དང་པོར་བསྟེན་པའི་ཕན་ཡོན་སངས་རྒྱས་མྱུར་དུ་འཐོབ་པ་སོགས་དང༌། མ་བསྟེན་པའི་ཉེས་དམིགས་འདི་དང་ཕྱི་མར་སྡུག་བསྔལ་བསྐྱེད་པ་སོགས་བསམ། དེ་ནས་བླ་མའི་སྐྱོན་རྟོག་པའི་བློ་ཡེ་མ་ཤོར་བར་བྱ་སྙམ་པའི་སྡོམ་སེམས་མང་དུ་བཏང་ལ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་ཐོས་པ་སོགས་ཡོན་ཏན་རང་གིས་གང་རྟོགས་པ་རྣམས་བསམས་ཏེ་སེམས་དང་བའི་རྣམ་པ་ཅན་གྱི་དད་པ་མ་སྐྱེས་ཀྱི་བར་དུ་བསྒོམ་མོ། །དེ་ནས་རང་ལ་ཕན་བཏགས་པ་དང་འདོགས་པར་འགྱུར་བའི་བཀའ་དྲིན་རྣམས་སྔར་མདོ་སྡེ་ནས་དྲངས་པ་ལྟར་བསམས་ཏེ་སྙིང་ཐག་པ་ནས་གུས་པ་མ་སྐྱེས་ཀྱི་བར་དུ་བསྒོམ་མོ། །མཇུག་


JLD013_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཇི་ལྟར་བྱ་བ་ནི། བསགས་པའི་དགེ་བ་རྣམས་བཟང་པོ་སྤྱོད་པ་དང༌། སྨོན་ལམ་བདུན་ཅུ་པ་ལ་སོགས་པའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོ་བར་བྱའོ། །དེ་ལྟ་བུ་དེས་ཐོ་རངས་དང་སྔ་དྲོ་དང་ཕྱི་དྲོ་དང་སྲོད་དེ་ཐུན་བཞི་ལ་བསྒོམ་པར་བྱ་སྟེ། དེ་ཡང་དང་པོར་ཡུན་རིང་ན་བྱིང་རྒོད་ཀྱི་དབང་དུ་འགྲོ་སླ་ཞིང་། དེ་ལ་གོམས་ན་བློ་འཆོས་དཀའ་བས་ཐུན་ཆུང་ལ་གྲངས་མང་བར་བྱ། བསྒོམ་འདོད་པའི་འཕྲོ་ལ་བཅད་ཀྱིན་བྱས་ན་ཕྱི་མ་རེས་ཀྱང་འཇུག་སྙིང་འདོད། གཞན་དུ་ན་མལ་མཐོང་བའི་ཚེ་ན་སྐྱུག་ལོག་ལོག་འོང་གསུང་བ་ལྟར་རོ། །ཅུང་ཟད་བརྟན་དུ་སོང་བ་ན་ཐུན་བསྲིང༌། དེ་ཐམས་ཅད་ལའང་སྦྱོར་བ་ཧ་ཅང་དམ་དྲགས་པ་དང་ཧ་ཅང་ལྷོད་པའི་སྐྱོན་དང་བྲལ་བར་བྱས་ལ་བསྐྱང་སྟེ། དེས་ནི་གེགས་ཉུང་ཞིང་ཧ་ཅང་དུབ་པ་དང་བྱིང་རྨུགས་སོགས་ཞི་བར་འགྱུར་རོ། །ཐུན་མཚམས་ལ་ཇི་ལྟར་བྱ་བ་ནི། སྤྱིར་ཕྱག་དང་བསྐོར་བ་དང་ཁ་ཏོན་སོགས་དུ་མ་ཞིག་ཡོད་ཀྱང་འདིར་སྐབས་སུ་བབ་པའི་གཙོ་བོ་ནི། ཐུན་གྱི་ངོ་བོ་ལ་འབད་ནས་ཐུན་བཏང་བའི་མཚམས་སུ་བསྐྱང་རྒྱུའི་དམིགས་རྣམ་ལ་དྲན་ཤེས་མ་བསྟེན་པར་རྒྱ་ཡན་དུ་བཏང་ན་སྐྱེད་ཤིན་ཏུ་ཆུང་བས། ཐུན་མཚམས་སུའང་དེ་སྟོན་པའི་ཆོས་རྣམས་བལྟ་བ་དང་ཡང་ཡང་དྲན་པར་བྱ། ཡོན་ཏན་སྐྱེ་བའི་མཐུན་རྐྱེན་ཚོགས་སྒོ་དུ་མ་ནས་བསག་ཅིང་འགལ་རྐྱེན་སྒྲིབ་པ་སྦྱོང་བའང་སྒོ་དུ་མ་ནས་བྱ། ཐམས་ཅད་ཀྱི་གཞི་གང་ཁས་བླངས་པའི་བསྲུང་


JLD013_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ་གང་ཤེས་པའི་སྒོ་ནས་འབད་དེ་དམིགས་རྣམ་ལ་བློ་སྦྱོང་བ་དང་སྡོམ་ཁྲིམས་དང་ཚོགས་གསོག་གསུམ་ལ་སུམ་བསྒྲིལ་དུ་མིང་བཏགས་ནས་འཁྲིད་པའང་ཡོད་དོ། །གཞན་ཡང་ཞི་གནས་དང་ལྷག་མཐོང་གི་ལམ་བདེ་བླག་ཏུ་སྐྱེ་བའི་རྒྱུར་གྱུར་པའི་ཚོགས་བཞི་ལའང་བསླབ་པར་བྱ་སྟེ། དབང་པོའི་སྒོ་སྡོམ་པ་དང༌། ཤེས་བཞིན་དུ་སྤྱོད་པ་དང༌། ཟས་ཀྱི་ཚོད་རིག་པ་དང༌། མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཞིང་ཉལ་བའི་ཚེ་ཇི་ལྟར་བྱ་བའོ། །དང་པོ་ལ་ལྔ་ལས། གང་གིས་སྡོམ་པ་ནི་དྲན་པ་ཀུན་ཏུ་བསྲུང་བ་དང༌། དྲན་པ་ལ་རྟག་འགྲུས་བྱེད་པའོ། །དེ་ལ་དང་པོ་ནི་དབང་པོའི་སྒོ་སྡོམ་པ་ལས་བརྩམས་པའི་ཆོས་རྣམས་མི་བརྗེད་པར་ཡང་ཡང་སྐྱོང་བའོ། །གཉིས་པ་ནི་དྲན་པ་དེ་ལ་རྒྱུན་དུ་དང་གུས་པར་སྐྱོང་བའོ། །གང་སྡོམ་པ་ནི་དབང་པོ་དྲུག་གོ །གང་ལས་སྡོམ་པ་ནི་ཡུལ་དྲུག་ཡིད་དུ་འོང་བ་དང་མི་འོང་བ་ལས་སོ། །ཇི་ལྟར་བསྡམ་པ་ལ་གཉིས་ལས། དབང་པོ་སྲུང་བར་བྱེད་པ་ནི། ཡུལ་དང་དབང་པོ་ལ་བརྟེན་ནས་རྣམ་པར་ཤེས་པ་དྲུག་སྐྱེས་པའི་མཇུག་ཏུ་ཡིད་ཤེས་ཡུལ་ཡིད་དུ་འོང་བ་དྲུག་དང་ཡིད་དུ་མི་འོང་བ་དྲུག་ལ་ཆགས་པ་དང་སྡང་བ་སྐྱེ་བར་འགྱུར་བ་དེ་ལས་འབད་པ་ཆེན་པོས་མི་སྐྱེ་བར་བསྲུང་བའོ། །དབང་པོ་དྲུག་གིས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ནི། གང་ལ་བལྟ་བ་ལ་སོགས་པ་བྱས་ན་ཉོན་མོངས་སྐྱེ་བར་འགྱུར་བའི་ཡུལ་དེ་རྣམས་ལ་དབང་པོ་མི་གཏོང་བར་འགོག་པའོ། །དབང་པོ་བསྲུང་བ་དེ་ཡང་ཡུལ་དྲུག་ལ་མཚན་མར་དང་མངོན་རྟགས་སུ་མི་འཛིན་


JLD013_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བརྗེད་ངས་དང་ཉོན་མོངས་མང་བས་སྡིག་པའི་སེམས་བྱུང་ན༌ཡང་སྡོམ་པར་བྱེད་པས་བསྒྲུབ་བོ། །མཚན་མར་འཛིན་པ་ནི། བལྟ་བར་མི་བྱ་བའི་གཟུགས་ལ་སོགས་པ་ཡུལ་དུ་བྱས་པའམ་ཡུལ་སྣང་བ་རྣམས་དེ་དག་འབྱུང་བ་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་ནས་མཐོང་བའོ། །མངོན་རྟགས་སུ་འཛིན་པ་ནི། ཤེས་པ་དྲུག་གི་མཇུག་ཏུ་ཆགས་སྡང་རྨོངས་གསུམ་སྐྱེ་བའི་ཡུལ་ལ་ཡིད་ཀྱི་ཤེས་པས་འཛིན་པའམ་ཡུལ་མངོན་སུམ་དུ་མི་སྣང་ཡང་གཞན་ལས་ཐོས་ནས་དེ་དག་ལ་རྟོག་པའོ། །སྡོམ་པ་གང་ཡིན་པ་ནི། ཉོན་མོངས་ཅན་ལས་ཡིད་བསྲུངས་ནས་དགེ་བའམ་ལུང་མ་བསྟན་ལ་འཇོག་པའོ། །འདིར་མ་བསྒྲིབས་པའི་ལུང་མ་བསྟན་ལ་འཇོག་པ་ནི་སེམས་དགེ་བའི་དམིགས་པ་ལ་འཛིན་པའི་དུས་མིན་གྱི་སྤྱོད་ལམ་ལ་སོགས་པའི་སྐབས་སུའོ། །ཤེས་བཞིན་དུ་སྤྱོད་པ་ནི་གཉིས་ཏེ། གང་ལ་སྤྱོད་པའི་གཞི་དང༌། དེ་ལ་སྤྱོད་པའི་ཤེས་བཞིན་ནོ། །དང་པོ་ནི་གཉིས་ཏེ། རྒྱུ་བ་དང་ལྡན་པའི་ལས་ལྔ་དང༌། སྤྱོད་པ་དང་ལྡན་པའི་ལས་ལྔའོ། །དེ་ལ་དང་པོ་ལྔའི་ལུས་ཀྱི་ལས་ནི། གྲོང་དང་གཙུག་ལག་ཁང་ལ་སོགས་པ་གཞན་དུ་ཕར་འགྲོ་བ་དང་དེ་ནས་ཚུར་ལྡོག་པའོ། །མིག་གི་ལས་ནི། བློ་སྔོན་དུ་མ་བཏང་བར་ཡུལ་སྣ་ཚོགས་མཐོང་བའི་ཅུང་ཟད་བལྟས་པ་དང༌། བློ་སྔོན་དུ་བཏང་ནས་མཐོང་བའི་རྣམ་པར་བལྟས་པའོ། །ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ལས་ནི། ཡན་ལག་དང་ཉིང་ལག་བརྐྱང་བ་དང་


JLD013_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུམ་པའོ། །ཆོས་གོས་དང་ལྷུང་བཟེད་ཀྱི་ལས་ནི། ཆོས་གོས་གསུམ་དང་ལྷུང་བཟེད་ལོངས་སྤྱད་པ་དང་བཅང་བར་བྱ་བའོ། །བསོད་སྙོམས་ཀྱི་ལས་ནི། ཟོས་འཐུངས་སོགས་སོ། །གཙུག་ལག་ཁང་ན་སྤྱོད་པའི་ལས་ལྔའི་ལུས་ཀྱི་ལས་ནི། འཆག༌ས་ན་འཆག་པའམ་ཆོས་མཐུན་པའི་གན་དུ་འགྲོ་བའམ་ཆོས་ཀྱི་ཕྱིར་ལམ་དུ་ཞུགས་པའི་སོང་བ་དང་འཆག༌ས་ཆོས་མཐུན་པ་མཁན་སློབ་བླ་མ་དང་དེ་འདྲ་བ་རྣམས་ཀྱི་མདུན་ན་སྡོད་པ་དང་ཁྲི་ལ་སོགས་པའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་འདུག་པའོ། །ངག་གི་ལས་ནི། ལུང་མ་མནོས་པའི་གསུང་རབ་བཅུ་གཉིས་ཀྱི་ལུང་ནོད་ཅིང་ཀུན་ཆུབ་པར་བྱེད་པ་དང་མནོས་པ་རྣམས་ཁ་ཏོན་དང་གཞན་ལ་སྟོན་པ་དང་བརྩོན་འགྲུས་བསྐྱེད་པའི་དོན་དུ་གཞན་དང་ལྷན་ཅིག་གཏམ་འདྲེ་བར་བྱེད་པའི་སྨྲ་བའོ། །ཡིད་ཀྱི་ལས་ནི། ནམ་གྱི་ཐུན་བར་པ་ལ་ཉལ་བ་དང་དབེན་པར་སོང་སྟེ་ཇི་ལྟར་ཐོས་པའི་དོན་སེམས་པ་དང་སེམས་དགུས་ཏིང་ངེ་འཛིན་དུ་བྱེད་པ་དང་ལྷག་མཐོང་ལ་བརྩོན་པའི་མི་སྨྲ་བ་དང༌། ཚ་བའི་དུས་སུ་ངལ་བའི་ཚེ་དུས་མ་ཡིན་པར་གཉིད་ཀྱི་སྙོམས་པ་འདོད་པ་བསང་བར་བྱེད་པའོ། །ཉིན་མོ་དང༌། མཚན་མོའི་ལས་གཉིས་ནི། ཉིན་མོ་དང་ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བས་བསྟན་ལ་དེས་ལུས་ངག་གི་ལས་ཀྱང་བསྟན་ཏོ། །ཉལ་བ་ཞེས་གསུངས་པས་ཀྱང་མཚན་མོའི་ལས་དང་ཡིད་ཀྱི་ལས་ཁོ་ན་བསྟན་ཏོ། །བཅུ་པོ་དེ་ལ་ཤེས་བཞིན་དུ་སྤྱོད་པ་ནི། རྒྱུ་བའམ་སྤྱོད་པའི་ལས་ཤིག་རྩོམ་


JLD013_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ན་དང་པོ་ཁོ་ནར་ལས་དེ་ལ་དྲན་པ་ཉེ་བར་བཞག་ཅིང་བག་ཡོད་པར་སྤྱོད་ལ། དེ་གཉིས་ཀྱིས་ཟིན་པས་རྣམ་པ་གང་གིས་བརྟག་པར་བྱ་བ་དང་ཚུལ་ཇི་ལྟར་བརྟག་པར་བྱ་བའི་རྣམ་པ་དེས་ཚུལ་དེ་ལྟར་རྟོག་པར་བྱེད་ཅིང་ཤེས་པར་བྱེད་པའོ། །དེ་ཡང་རྣམ་པ་བཞི་སྟེ། དང་པོ་ནི། ལུས་ཀྱི་ལས་ལ་སོགས་པའི་གཞི་བཅུ་པོ་གང་ལ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་གཞི་དེ་ལ་རྣམ་པ་དེས་དེ་ལྟར་རྟོག་པར་བྱེད་པ་སྟེ། དཔེར་ན། འགྲོ་བ་དང་ལྡོག་པའི་ལས་ལ་འགྲོ་བ་དང་འོང་བའི་ཀུན་སྤྱོད་འདུལ་བ་ནས་གསུངས་པ་ལྟར་ཤེས་ནས་དེའི་ཚེ་ད་ལྟ་འདི་དང་འདི་བྱེད་དོ་ཞེས་རྟོག་པ་ལྟ་བུའོ། །གཉིས་པ་ནི། ཕྱོགས་གང་དུ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་ཕྱོགས་དེ་ལ་རྣམ་པ་དེས་དེ་ལྟར་རྟོག་པ་སྟེ། དཔེར་ན། འགྲོ་བའི་ཚེ་ཆང་འཚོང་ལ་སོགས་པའི་གནས་ལྔར་མི་འགྲོ་ཞིང་དེ་ལས་གཞན་དུ་འགྲོ་བའི་ཚུལ་རྣམས་ཤེས་ནས་དེ་དང་དེའི་ཚེ་ཤེས་བཞིན་འཇོག་པ་ལྟ་བུའོ། །གསུམ་པ་ནི། དུས་གང་གི་ཚེ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་དུས་དེའི་ཚེ་རྣམ་པ་དེས་དེ་ལྟར་རྟོག་པ་སྟེ། དཔེར་ན། སྔ་དྲོ་གྲོང་རྒྱུར་རུང་ཡང་ཕྱི་དྲོ་མི་རུང་བར་ཤེས་ནས་དེ་ལྟར་སྤྱོད་ཅིང་དེའི་ཚེ་ཡང་ཤེས་བཞིན་འཇོག་པ་ལྟ་བུའོ། །བཞི་པ་ནི། ལས་དེ་དག་ཇི་སྙེད་ཅིག་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་ལས་དེ་སྙེད་ཅིག་རྣམ་པ་དེས་དེ་ལྟར་རྟོག་པར་བྱེད་པ་སྟེ།


JLD013_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན། འགྲོ་བའི་ཚེ་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་པ་ལ་སོགས་པ་འགྲོ་བའི་བསླབ་བྱ་ཇི་སྙེད་ཡོད་པ་རྣམས་དྲན་པར་བྱེད་པ་ལྟ་བུའོ། །མདོར་ན་ཉིན་མོ་དང་མཚན་མོའི་ཀུན་སྤྱོད་ཇི་ཙམ་ཡོད་དྲན་པར་བྱས་ནས་དེ་དག་གི་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པར་བྱ་བ་དང་འཇུག་ལྡོག་གི་ཚེ་ནའང་ད་ལྟ་འཇུག་པའམ་ལྡོག་པ་འདི་དང་འདི་བྱེད་དོ་ཞེས་ཐམས་ཅད་ལ་ཤེས་བཞིན་འཇོག་པའོ། །དེ་ལྟར་བྱས་ན་ཚེ་འདིར་ཡང་ལྟུང་བས་མི་གོས་པ་དང་ཤི་ནས་ཀྱང་ངན་སོང་དུ་མི་ལྟུང་བ་དང་ལམ་གྱི་རྟོགས་པ་མ་ཐོབ་པ་ཐོབ་པར་བྱ་བའི་རྒྱུའི་ཚོགས་ལ་གནས་པར་གསུངས་སོ། །འདི་དང་དབང་པོའི་སྒོ་སྡོམ་པ་གཉིས་ནི་འཕགས་པ་ཐོགས་མེད་ཀྱིས་མདོ་དྲངས་ནས་དེའི་དོན་བཀྲལ་བ་ལྟར་བཀོད་པ་སྟེ་འདི་གཉིས་ལ་འབད་ན་དགེ་སྦྱོར་བྱེད་པ་ཐམས་ཅད་ལ་བོགས་གཞན་དང་མི་འདྲ་བར་འོང་ཞིང་ཁྱད་པར་དུ་ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་སེམས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བདེ་བླག་ཏུ་འགྲུབ་པར་གསུངས་པས་འབད་པར་བྱའོ། །ཟས་ཀྱི་ཚོད་རིག་པ་ནི། ཆོས་བཞི་དང་ལྡན་པ་སྟེ། ཧ་ཅང་ཉུང་བ་མ་ཡིན་པ་ནི། ཧ་ཅང་ཉུངས་ན་བཀྲེས་པ་དང་ཉམ་ཆུང་བར་གྱུར་ནས་དགེ་བའི་བྱ་བ་ལ་མཐུ་མེད་པར་འགྱུར་བས་སང་གི་ཟས་ཀྱི་དུས་ལ་མ་སླེབ་ཀྱི་བར་དུ་བཀྲེས་པས་མི་གནོད་པའི་ཚོད་ཙམ་དུ་ཟ་བའོ། །ཧ་ཅང་མང་བ་མ་ཡིན་པ་ནི། མང་ན་ལུས་ཁུར་ཐོགས་པ་ལྟར་ལྕི་བ་དང་དབུགས་


JLD013_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་རྔུབ་དཀའ་བ་དང་གཉིད་རྨུགས་འཕེལ་བ་དང་ལས་སུ་མི་རུང་བས་ཉོན་མོངས་སྤོང་བ་ལ་མཐུ་མེད་པར་འགྱུར་བས་སོ། །ཟས་ཞུ་བ་དང་འཕྲོད་པས་ནི། ཟས་ལ་བརྟེན་པའི་ཚོར་བ་སྡུག་བསྔལ་བ་རྙིང་པ་རྣམས་སྤོང་ཞིང་ཚོར་བ་སྡུག་བསྔལ་གསར་པ་རྣམས་མི་བསྐྱེད་དོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཟས་རན་པས་ནི། ཁ་ན་མ་ཐོ་བ་མི་བསྐྱེད་པ་དང་བདེ་བ་ལ་རེག་པར་གནས་པའོ། །དེ་ཡང་ཟས་ལ་སྲེད་པའི་གཉེན་པོ་དེའི་ཉེས་དམིགས་བསྒོམ་པ་ལ་རག་ལས་པས། ཉེས་དམིགས་ནི་གསུམ་ལས། ལོངས་སྤྱད་པའི་རྒྱུ་ལས་བྱུང་བའི་ཉེས་དམིགས་ནི། ཁ་དོག་དྲི་རོ་བཟང་པོའི་ཟས་ཅི་འདྲ་བ་ཞིག་ཀྱང་སོ་ཡིས་བལྡད་ཅིང་མཆིལ་མས་བརླན་པ་ན་སྐྱུགས་པ་ལྟར་སྣང་བ་སེམས་པའོ། །ཟས་ཞུ་བ་ལས་བྱུང་བའི་ཉེས་དམིགས་ནི། ཟས་དེ་ནམ་གྱི་ཐུན་བར་པའམ་ཐ་མ་ལ་ཞུ་ནས་ཤ་ཁྲག་སོགས་སྐྱེ་ཞིང༌། ཁ་ཅིག་ནི་བཤང་གཅིར་གྱུར་ནས་ལུས་ཀྱི་སྨད་ལ་གནས་ཤིང་དེ་ཡང་ཉིན་རེ་བཞིན་བསལ་དགོས་པ་དང་ཟས་དེ་ལ་བརྟེན་ནས་ནད་ཀྱི་རིགས་དུ་མ་བསྐྱེད་པ་སེམས་པའོ། །ཟས་ཚོལ་བ་ལས་གྱུར་པའི་ཉེས་དམིགས་ནི་ལྔ་ལས། བསྒྲུབས་པ་ལས་བྱུང་བའི་ཉེས་དམིགས་ནི། ཟས་དང་ཟས་ཀྱི་རྒྱུའི་དོན་དུ་ཚ་གྲང་གིས་ཉེན་བཞིན་དུ་འབད་པ་དུ་མ་བྱས་ནས་བསྒྲུབ་ཅིང་མ་གྲུབ་ན་མྱ་ངན་སོགས་ཀྱིས་སྡུག་བསྔལ་ལ་གྲུབ་ནའང་ཕྲོགས་པ་དང་ཆུད་ཟོས་ཀྱིས་དོགས་ནས་བསྲུང་བའི་རྩོལ་བ་དྲག་པོས་སྡུག་བསྔལ་


JLD013_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །མཛའ་བ་ཉམས་པ་ནི། དེའི་ཕྱིར་དུ་ཕ་དང་བུ་ལ་སོགས་པའང་ཕན་ཚུན་རྩོད་ཅིང་འཐབ་པའོ། །ངོམས་མི་ཤེས་པ་ནི། དེ་ལ་སྲེད་པ་ཇེ་ཆེར་གྱུར་ནས་རྒྱལ་པོ་སོགས་ཕན་ཚུན་དུ་གཡུལ་སྤྲོད་ཅིང་སྡུག་བསྔལ་དུ་མ་མྱོང་བའོ། །རང་དབང་མེད་པའི་ཉེས་པ་ནི། གཞན་གྱི་ཟས་ཟ་བ་རྣམས་རྗེ་བོའི་དོན་དུ་ཕ་རོལ་དང་འཐབ་པ་ན་སྡུག་བསྔལ་དུ་མ་མྱོང་བའོ། །ཉེས་པར་སྤྱད་པ་ལས་བྱུང་བ་ནི། ཟས་དང་ཟས་ཀྱི་རྒྱུའི་ཕྱིར་སྒོ་གསུམ་གྱི་སྡིག་པ་བསགས་ནས་འཆི་བའི་ཚེ་དེ་དག་དྲན་ནས་འགྱོད་བཞིན་དུ་འཆི་ཞིང་ཤི་ནས་ཀྱང་ངན་འགྲོར་ལྟུང་བའོ། །དེ་ལྟ་ནའང་ཕན་ཡོན་འགའ་ཡོད་དེ་ཟས་ལ་བརྟེན་ནས་ལུས་གནས་པའོ། །དེ་ཙམ་གྱི་ཕྱིར་དུ་ཟས་བསྟེན་པར་མི་རིགས་པས་ལུས་གནས་པ་ལ་བརྟེན་ནས་བདག་གིས་ཚངས་པར་སྤྱོད་པ་ཡང་དག་པར་བསྒྲུབ་པར་བྱའོ། །སྦྱིན་པ་པོ་དང་སྦྱིན་བདག་པགས་པ་དང་ཤ་ཁྲག་བཙིར་ཏེ་འབྲས་བུ་ཁྱད་པར་ཅན་འདོད་ནས་སྦྱིན་པར་བྱེད་པ་དེ་དག་གིས་བྱ་བ་བྱས་པ་དེ་ཡང་འབྲས་བུ་ཆེན་པོར་འགྱུར་བར་བྱའོ་སྙམ་དུ་བསམས་ལ་དེ་ནས་ལོངས་སྤྱད་དོ། །བསླབ་བཏུས་སུ་སྦྱིན་པ་པོ་ལ་ཕན་བཏགས་པ་དང་ལུས་ཀྱི་སྲིན་བུ་ད་ལྟ་ཟང་ཟིང་གིས་བསྡུ་ལ་མ་འོངས་པ་ན་ཆོས་ཀྱིས་བསྡུ་སྙམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་སྙམ་པའི་བསམ་པས་བཟའ་བར་གསུངས་པའང་དྲན་པར་བྱའོ། །བཤེས་སྤྲིངས་ལས་ཀྱང༌། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །


JLD013_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་གསུངས་སོ། །མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཞིང་ཉལ་བའི་ཚེ་ཇི་ལྟར་བྱ་བ་ནི། བཤེས་སྤྲིངས་ལས། རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང༌། །མཚན་མོའང་ཐུན་གྱི་སྟོད་སྨད་འདས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་བར་དུ་མནོལ། །ཞེས་གསུངས་པས། ཉིན་མོ་ཧྲིལ་པོ་དང་མཚན་མོའི་ཆ་སྟོད་སྨད་གཉིས་ཐུན་གྱི་ངོ་བོ་དང་ཐུན་མཚམས་སུ་ཇི་ལྟར་བྱ་བ་བསྟན་པས་འཆག་པ་དང་འདུག་ནས་སྒྲིབ་པ་ལྔ་ལས་སེམས་ཡོངས་སུ་སྦྱངས་པས་དོན་ལྡན་དུ་བྱ་བ་སྟེ་སྔར་བཤད་པ་ལྟར་རོ། །འདི་དང་དབང་པོའི་སྒོ་སྡོམ་པ་དང་ཤེས་བཞིན་དུ་སྤྱོད་པ་གསུམ་ལ་ཐུན་གྱི་ངོ་བོ་དང་ཐུན་མཚམས་གཉིས་ཀའི་ཆོས་ཡོད་པས་འདིར་ཐུན་མཚམས་རྣམས་བཟུང་ངོ་། །ཉལ་བའི་ཀུན་སྤྱོད་ནི་ཐུན་མཚམས་ཡིན་པས་དེ་ཡང་དོན་མེད་དུ་མི་གཏང་བར་བྱའོ། །དེ་ཇི་ལྟར་བྱ་བ་ནི། ཉིན་མོ་དང་མཚན་མོ་ལ་ཆ་གསུམ་དུ་བྱས་པའི་ཆ་སྟོད་ལ་དགེ་བའི་བྱ་བས་དུས་འདའ་བར་བྱས་ནས་ཆ་བར་པ་ལ་བབ་པའི་ཚེ་ཉལ་བར་བྱ་སྟེ། གཉིད་ཀྱིས་རྒྱས་པར་བྱ་བའི་འབྱུང་བ་རྣམས་གཉིད་ཀྱིས་རྒྱས་པར་བྱ་བའི་ཕྱིར་རོ། །དེ་ལྟར་ལུས་དེ་བརྟས་ན་དགེ་བའི་ཕྱོགས་ལ་བརྩོན་འགྲུས་གཉིས་བྱ་བ་ལ་ཤིན་ཏུ་ལས་སུ་རུང་ཞིང་ཕན་པར་ཡང་འགྱུར་རོ། །ཉལ་


JLD013_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་ན་གནས་ཁང་ནས་ཕྱིར་བྱུང་སྟེ་རྐང་པ་བཀྲུས་ནས་ནང་དུ་ཞུགས་པ་དང་གློ་གཡས་པ་ཕབ་སྟེ་རྐང་པ་གཡོན་པ་གཡས་པའི་སྟེང་དུ་བཞག་ནས་སེང་གེ་ལྟར་ཉལ་བར་བྱའོ། །སེང་གེ་ལྟར་ཉལ་བ་ནི། ཇི་ལྟར་དུད་འགྲོ་ཐམས་ཅད་ཀྱི་ནང་ན་སེང་གེ་ནི་ལུས་རྩལ་ཆེ་བ་དང་སེམས་གཟེངས་མཐོ་བ་དང་བརྟན་པས་ཕ་རོལ་གནོན་པ་བཞིན་དུ། མི་ཉལ་བར་རྣལ་འབྱོར་ལ་བརྩོན་པའང་རྩལ་ཆེ་བ་སོགས་ཀྱིས་ཕ་རོལ་གནོན་ཞིང་གནས་པས་སེང་གེ་བཞིན་དུ་ཉལ་གྱི། ཡི་དྭགས་དང་ལྷ་དང་འདོད་པ་ལ་སྤྱོད་པ་དག་གི་ཉལ་སྟངས་ནི་དེ་ལྟ་མིན་ཏེ། དེ་དག་ཐམས་ཅད་ལེ་ལོ་ཅན་བརྩོན་འགྲུས་ཞན་པ་ཕ་རོལ་གནོན་པ་ཆུང་བའི་ཕྱིར་རོ། །རྣམ་གྲངས་གཅིག་ཏུ་ན་གློ་གཡས་པས་སེང་གེ་བཞིན་དུ་ཉལ་བ་ནི། ཆོས་ཉིད་ཀྱིས་ལུས་ལྷོད་པར་མི་འགྱུར་བ་དང་གཉིད་ལོག་ནའང་དྲན་པ་མི་བརྗེད་པ་དང་གཉིད་སྟུག་པོར་མི་འགྱུར་བ་དང་རྨི་ལམ་སྡིག་པའམ་ངན་པ་མི་རྨི་བ་ཡིན་གྱི། དེ་ལྟ་མ་ཡིན་པར་ཉལ་བ་ནི་སྔ་མ་བཞི་ལས་ལྡོག་པའི་ཉེས་པ་ཐམས་ཅད་འབྱུང་བའོ། །བསམ་པ་ཇི་འདྲ་བས་ཉལ་བ་ལ་བཞི་ལས། སྣང་བའི་འདུ་ཤེས་ནི། འོད་ཀྱི་མཚན་མ་ལེགས་པར་བཟུང་སྟེ་འོད་དང་ལྡན་པའི་སེམས་ཀྱིས་ཉལ་ཏེ། དེས་གཉིད་ལོག་པའི་ཚེ་སེམས་ལ་མུན་པ་མི་འབྱུང་ངོ་། །དྲན་པ་ནི། ཆོས་དགེ་བ་དོན་དང་ལྡན་པ་མཉན་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་དྲན་པ་གཉིད་དུ་མ་སོང་གི་བར་དུ་རྗེས་སུ་འབྲང་བར་བསྟེན་པའོ། །དེས་


JLD013_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཉིད་ལོག་པའི་ཚེ་ཡང་མ་ལོག་པ་དང་འདྲ་བར་ཆོས་དེ་དག་ལ་སེམས་དེ་ལན་མང་དུ་རྗེས་སུ་འཇུག་པར་འགྱུར་བ་སྟེ་མདོར་ན་གཉིད་ཀྱི་ཚེ་ཡང་དགེ་སྦྱོར་སྐྱོང་བའོ། །ཤེས་བཞིན་ནི། དེ་ལྟར་དྲན་པ་བསྟེན་པའི་ཚེ་ཉོན་མོངས་པ་གང་རུང་བྱུང་ན་དེ་ཤེས་ནས་དང་དུ་མི་ལེན་ཅིང་སྤོང་བར་བྱེད་པའོ། །ལྡང་བའི་འདུ་ཤེས་ནི་གསུམ་ལས། དང་པོ་ནི། རྣམ་པ་ཐམས་ཅད་དུ་གཉིད་ཀྱིས་ནོན་པ་ལ་སེམས་གཞོལ་བར་མི་བྱེད་པར་བརྩོན་འགྲུས་ཀྱིས་ཟིན་པའི་སེམས་ཀྱིས་རི་དྭགས་བཞིན་དུ་ཐུམ་ཕྲས་ཀྱིས་ཉལ་བའོ། །དེས་ནི་གཉིད་མི་འཐུག་ཅིང་ལྡང་བའི་དུས་ལས་མི་ཡོལ་བར་སད་པར་ནུས་སོ། །གཉིས་པ་ནི། ཀྱེ་མ་བདག་གིས་སངས་རྒྱས་ཀྱིས་གནང་བའི་མི་ཉལ་བ་ཐམས་ཅད་དུ་བསྒྲུབ་པར་བྱའོ་སྙམ་ནས་དེ་བསྒྲུབ་པའི་ཕྱིར་དུ་འབད་པ་ཆེན་པོས་འདུན་པ་བསྐྱེད་པའོ། །དེས་ནི་སངས་རྒྱས་ཀྱིས་གནང་བའི་སེང་གེའི་ཉལ་སྟངས་ལས་ལྷག་ཆད་མེད་པར་ཉལ་ལ། །གསུམ་པ་ནི། ཇི་ལྟར་བདག་གིས་དེང་མི་ཉལ་བ་དང་དགེ་བའི་ཆོས་རྣམས་བརྩོན་པས་བསྒྲུབ་པ་ལྟར་སང་ཡང་དེ་ལྟར་བྱའོ་སྙམ་དུ་སེམས་པའོ། །དེས་ནི་དགེ་བ་ལ་འདུན་པ་རྒྱུན་མི་འཆད་པར་བྱེད་དེ་བརྗེད་ངས་ནའང་གོང་ནས་གོང་དུ་བསྒྲུབ་པའི་ཕྱིར་བརྩོན་པར་བྱེད་དོ། །ཟས་དང་ཉལ་བའི་ཀུན་སྤྱོད་འདི་ཁ་ན་མ་ཐོ་བ་མེད་ཅིང་དོན་ལྡན་དུ་སྤྱོད་པ་བྱུང་ན་ཚེ་དོན་མེད་དུ་འདའ་བ་དུ་མ་ཞིག་ཁེགས་པར་སྣང་བས། འཕགས་


JLD013_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོགས་མེད་ཀྱིས་མདོ་དྲངས་ཏེ་ཇི་ལྟར་གཏན་ལ་ཕབ་པ་ལྟར་བཤད་པ་ཡིན་ནོ། །དེ་ལྟར་ན་དངོས་གཞིའི་སྐབས་ཀྱི་སྐྱོང་ཚུལ་ཐུན་མོང་མ་ཡིན་པ་མ་གཏོགས་པ་སྦྱོར་བ་དང་དངོས་གཞི་དང་མཇུག་དང་ཐུན་མཚམས་སུ་ཇི་ལྟར་བྱ་བ་རྣམས་ནི། འདི་ནས་བཟུང་སྟེ་ལྷག་མཐོང་གི་བར་གྱི་དམིགས་རྣམ་གང་སྐྱོང་ཐམས་ཅད་ལ་སྦྱར་བར་བྱའོ། །ཐུན་མཚམས་སུ་ཇི་ལྟར་བྱ་བ་བཤད་ཟིན་ཏོ། །གཉིས་པ་སྐྱོང་ཚུལ་དེ་ལ་ལོག་རྟོག་དགག་པ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེན་མོ་རྣམས་མན་ངག་ཏུ་འཆར་བ་ལ་བློ་ཁ་མ་ཕྱོགས་པ་རྣམས་ན་རེ། ལམ་བསྒོམ་པའི་ཚེ་ནི་ཡུལ་ལ་ཡང་ཡང་མི་དཔྱོད་པར་འཇོག་སྒོམ་ཁོ༌ན་བྱ་སྟེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་དཔྱོད་པ་ནི་ཐོས་བསམ་གྱི་སྐབས་ཡིན་པའི་ཕྱིར་དང༌། རྟོག་པ་རྣམས་ནི་མཚན་མར་འཛིན་པ་ཡིན་པས་འཚང་རྒྱ་བ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་ཉམས་ལེན་གྱི་གནད་གཏན་ནས་མ་རྟོགས་པའི་ཅལ་ཅོལ་ཆེན་པོ་ཡིན་ཏེ། མདོ་སྡེའི་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང༌། །ཚུལ་བཞིན་ཡིད་ལ་བྱེད་པ་གོམས་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང༌། །ཞེས་ཐོས་པའི་དོན་རྣམས་བསམས་བྱུང་གི་ཤེས་རབ་ཀྱིས་ཚུལ་བཞིན་དུ་ཡིད་ལ་བྱས་པ་ལས། ཡང་དག་པའི་དོན་མངོན་སུམ་དུ་རྟོགས་པའི་བསྒོམས་བྱུང་འབྱུང་བར་གསུངས་པའི་ཕྱིར་རོ། །དེས་ན་གང་ཉམས་སུ་བླང་རྒྱུ་དེ་དང་པོར་གཞན་


JLD013_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཉན་ནས་གཞན་སྟོབས་ཀྱིས་ངེས་པར་བྱེད། དེ་ནས་ཐོས་པའི་དོན་དེ་རང་གིས་ལུང་དང་རིགས་པས་ཚུལ་བཞིན་དུ་བསམས་ཏེ་རང་སྟོབས་ཀྱིས་ངེས་པར་བྱེད། དེ་ལྟར་ཐོས་བསམ་གྱིས་ངེས་པར་བྱས་ཏེ་ཐེ་ཚོམ་དང་བྲལ་བ༌ན་ཡང་དང་ཡང་དུ་འདྲིས་པར་བྱེད་པ་ལ་སྒོམ་པ་ཞེས་ཟེར་བས་ཡང་ཡང་དཔྱད་ཀྱིན་བསྒོམ་པ་དང་མི་དཔྱོད་པའི་འཇོག་སྒོམ་གཉིས་ཀ་དགོས་ཏེ། ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ལ་མི་དཔྱོད་པར་འཇོག་པ་དང༌། སོ་སོར་རྟོག་པས་དཔྱད་ནས་བསྒོམ་པ་གཉིས་ཀ་སྣང་བའི་ཕྱིར་རོ། །དེས་ན་སྒོམ་ཐམས་ཅད་འཇོག་སྒོམ་དུ་འདོད་པ་ནི་དཔེར་ན་ནས་རྡོག་གཅིག་བཟུང་ནས་འབྲུ་ཐམས་ཅད་འདི་ཁོ་ན་ཡིན་ནོ་ཞེས་ཟེར་བ་དང་འདྲ་བ་ཡིན་ནོ། །དེ་ཡང་ཐོས་བྱུང་གི་ཤེས་རབ་ཀྱི་སྔོན་དུ་ཐོས་པ་དང༌། བསམས་བྱུང་གི་ཤེས་རབ་ཀྱི་སྔོན་དུ་བསམ་པ་འགྲོ་དགོས་པ་ལྟར་བསྒོམས་བྱུང་གི་ཤེས་རབ་ཀྱི་སྔོན་དུའང་སྒོམ་པ་འགྲོ་དགོས་ཏེ་ཤེས་རབ་དེ་ནི་བསྒོམས་པ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་བྱས་ན་བསྒོམས་བྱུང་གི་ཤེས་རབ་ཀྱི་སྔོན་དུ་འགྲོ་བའི་སྒོམ་པ་དེ་བསམས་བྱུང་གི་ཤེས་རབ་ཀྱིས་ངེས་པར་བྱས་པ་དེ་ཉིད་གོམས་པར་བྱེད་པ་ཡིན་པས། བསམས་བྱུང་གི་ཤེས་རབ་ལས་བསྒོམས་བྱུང་གི་ཤེས་རབ་འབྱུང་བར་གསུངས་པ་ཡིན་ནོ། །དེས་ན་ཐོས་པ་ཇི་ཙམ་མང་བ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་ལ་དེ་མང་བ་ཙམ་དུ་བསམ་པ་མང་བ་དང༌། དེ་མང་བ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་


JLD013_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་དེ་ཇི་ཙམ་མང་བ་བཞིན་དུ་བསྒོམ་པས་ཉམས་སུ་ལེན་པ་མང་ལ་དེ་མང་ན་སྐྱོན་འགོག་པ་དང་ཡོན་ཏན་བསྒྲུབ་པའི་ཚུལ་མང་བས། སྒོམ་བྱེད་པ་ལ་ཐོས་བསམ་གལ་ཆེ་བར་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་གསུངས་པ་ཡིན་གྱི། ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་བསྒོམ་པའི་ཕྱིར་མིན་པར་ཕྱིའི་གོ་རྒྱ་གཅོད་པ་ཙམ་དང་བསྒོམ་པ་ན་གཞན་དེ་དང་འབྲེལ་མེད་ཅིག་བསྒོམ་ན་ནི་དཀྱུ༌ས་གཞན་དུ་བསྟན་ནས་རྒྱུག་ས་གཞན་དུ་བྱེད་པ་ལྟར། དེ་ལྟར་གསུངས་པ་དེ་འབྲེལ་མེད་དུ་འགྱུར་ཞིང་ཤེས་རབ་གསུམ་རིམ་གྱིས་སྐྱེ་བའི་ཚུལ་གསུང་རབ་སྤྱིའི་རྣམ་གཞག་ཀྱང་ལེགས་པར་བཤིག་པ་ཡིན་ལ། ལམ་མ་ནོར་བར་བགྲོད་པ་ལ་མང་དུ་ཐོས་པ་མི་དགོས་ཞེས་པའི་ཅལ་ཅོལ་ཡང་ལེགས་པར་སྨྲས་པར་འགྱུར་རོ། །འདི་དག་གི་གནད་མ་རྟོགས་པའི་རྟགས་སུ་མདོ་ཕྱོགས་སམ། རྒྱུད་སྡེའི་ཕྱོགས་ལ་མང་དུ་སྦྱངས་པ་ཞིག་དང་གཞུང་ལ་སྦྱང་བ་ཡེ་མ་བྱས་པ་གཉིས་ད་གདོད་སྒྲུབ་པ་བྱེད་པའི་ཚེ་ཉམས་ལེན་ལ་མང་ཉུང་མི་འོང་བ་དང༌། གཞན་ཡང་སྒྲུབ་པ་བྱེད་པ་དེས་ཆོས་ཉན་པ་དང་ལྟ་རྟོག་སོགས་བྱས་ན་མཚང་དུ་བྱེད་པའི་ལུགས་ངན་པ་རྣམས་གཏན་ཆགས་པར་བྱུང་བ་ཡིན་ནོ། །དེས་ན་ཐོས་བསམ་གྱི་ཤེས་རབ་ཀྱིས་ངེས་པ་དེ་ཉིད་ལ་འདྲིས་པར་བྱེད་པ་ཙམ་དེ་བསྒོམས་བྱུང་མ་ཡིན་མོད་འོན་ཀྱང་སྒོམ་པ་ཡིན་པ་ཅི་ཞིག་འགལ། འགལ་ན་ནི་བསམ་གཏན་དང་པོའི་ཉེར་བསྡོགས་མ་ཐོབ་པའི་སོ་སྐྱེ་ལ་སྒོམ་གཏན་མི་སྲིད་པར་འགྱུར་ཏེ། འདོད་


JLD013_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ལ་ས་མཐོན་པོར་ཆུད་པའི་ཚེ་དེ་ལ་བརྟེན་ནས་བསྒོམས་བྱུང་བསྐྱེད་པར་བཤད་པ་མ་གཏོགས་པ་དེ་ལ་བསྒོམས་བྱུང་མེད་པར་ཆོས་མངོན་པ་ལས་ལན་དུ་མར་བཤད་པའི་ཕྱིར་རོ། །དེས་ན་སྒོམ་ཞེས་པ་ནི། ཕར་ཕྱིན་གྱི་འགྲེལ་བཤད་ཚིག་གསལ་བ་ལས། སྒོམ་པར་བྱེད་པ་ཞེས་བྱ་བ་ནི་ཡིད་དེའི་སྐལ་བ་ཅན་དུ་བྱེད་པའམ་དེའི་དངོས་པོར་བྱེད་པའོ། །ཞེས་བཤད་པ་ལྟར་གོ་བར་བྱ་སྟེ། དཔེར་ན། དད་པ་བསྒོམ་སྙིང་རྗེ་བསྒོམ་ཞེས་པ་ནི་ཡིད་དེ་དང་དེར་བསྐྱེད་པ་ལ་བྱ་དགོས་པ་བཞིན་ནོ། །དེའི་ཕྱིར་ལོཙྪ་བ་ཆེན་པོ་རྣམས་ཀྱིས་ཀྱང་རེས་འགའ་སྒོམ་པའི་ལམ་ཞེས་པར་བསྒྱུར་ལ། རེས་འགའ་ནི་མངོན་རྟོགས་རྒྱན་ལས། མཐོང་དང་གོམས་པའི་ལམ་དག་ལ། །ཞེས་གསུངས་པ་ལྟར་གོམས་པར་བསྒྱུར་ཏེ་སྒོམ་པ་དང་གོམས་པ་གཉིས་དོན་གཅིག་གོ །གཞན་ཡང་རྗེ་བཙུན་བྱམས་པས། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་ཐེག་ཆེན་འཕགས་པའི་སྒོམ་ལམ་ཡིན་པས་ཡང་ཡང་སེམས་པ་དང་འཇལ་བ་དང་ངེས་པར་རྟོག་པ་ཡོད་པར་གསུངས་པ་ལ་དཔྱད་ནས་སྐྱོང་བ་དང་སྒོམ་གཉིས་འགལ་བར་འདོད་པ་ནི་བཞད་གད་ཀྱི་གནས་སོ། །དེ་ལྟར་ན་དད་པ་བསྒོམ་པ་དང་ཚད་མེད་བཞི་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་མི་རྟག་པ་དང་སྡུག་བསྔལ་བསྒོམ་


JLD013_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་གསུངས་པ་ལྟ་བུ་ཡང་དང་ཡང་དུ་དཔྱད་ནས་སྐྱོང་དགོས་པ་ལ་སྒོམ་དུ་གསུངས་པ་མཐའ་ཡས་པ་ཞིག་སྣང་སྟེ། སྤྱོད་འཇུག་དང་བསླབ་བཏུས་ལས། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །ཞེས་གཞུང་དེ་གཉིས་སུ་བཤད་པའི་ལམ་གྱི་རིམ་པ་ཐམས་ཅད་སྒོམ་དུ་གསུངས་པ་དང༌། བསླབ་བཏུས་ལས། དེ་ལྟ་བས་ན་ལུས་དང་ལོངས་སྤྱོད་དང་བསོད་ནམས་རྒྱུན་མི་འཆད་པར་བཏང་བ་དང་བསྲུང་བ་དང་དག་པ་དང་སྤེལ་བ་ཅི་རིགས་པར་བསྒོམ་པར་བྱའོ། །ཞེས་ལུས་ལོངས་སྤྱོད་དགེ་རྩ་གསུམ་རེ་རེ་ལ་བཏང་བསྲུང་དག་སྤེལ་བཞི་བཞི་བྱེད་པ་ཐམས་ཅད་སྒོམ་དུ་གསུངས་པའི་ཕྱིར་སྒོམ་ཞེས་པ་དེ་རྒྱ་ཆུང་ཆུང་ཞིག་ལ་མི་བཟུང་ངོ་། །གཞན་ཡང་རྟོག་པ་ཐམས་ཅད་མཚན་འཛིན་ཡིན་པས་འཚང་རྒྱ་བའི་གེགས་སུ་བཟུང་ནས་སོ་སོར་རྟོག་པའི་སྒོམ་ཐམས་ཅད་འདོར་བའི་ལོག་རྟོག་གི་ཐ་ཆད་འདི་ནི། རྒྱ་ནག་གི་མཁན་པོ་ཧྭ་ཤང་གི་ལུགས་ཡིན་ལ། དེ་དགག་པ་ནི་ཞི་གནས་དང་ལྷག་མཐོང་གི་སྐབས་སུ་བཤད་པར་བྱའོ། །གཞུང་ཆེན་མོ་རྣམས་ལ་གུས་པ་ཆེན་པོ་སྐྱེ་བའི་གེགས་ཀྱང་ལོག་རྟོག་འདིས་བྱེད་དེ། གཞུང་དེ་དག་གི་དོན་ནི་ཕལ་མོ་ཆེ་སོ་སོར་རྟོག་པས་དཔྱད་དགོས་པ་ཁོ་ནར་སྣང་ལ། དཔྱོད་པ་རྣམས་ཀྱང་ཉམས་ལེན་གྱི་ཚེ་དགོས་པ་མེད་པར་མཐོང་བས་སོ། །བསྟན་པ་ནུབ་པའི་རྐྱེན་དུ༌ཡང་འདི་ཆེ་སྟེ་གསུང་རབ་དང་དགོངས་འགྲེལ་ཆེན་མོ་རྣམས་གདམས་ངག་ཏུ་མི་འགྲོ་བར་མཐོང་ནས་ཞེ་རྩིས་མེད་པའི་


JLD013_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་ལྟར་ན་ལམ་བསྒོམ་པ་ལ་དཔྱད་ནས་བསྒོམ་པ་དང་མི་དཔྱོད་པར་འཇོག་པའི་སྒོམ་གཉིས་ཡོད་ན། ལམ་ཇི་འདྲ་བ་ནི་དཔྱད་སྒོམ་ཡིན་ལ། ཇི་འདྲ་ཞིག་ནི་འཇོག་སྒོམ་ཡིན་ཞེ་ན། བཤད་པར་བྱ་སྟེ། བཤེས་གཉེན་ལ་དད་པ་བསྒོམ་པ་དང་དལ་འབྱོར་དོན་ཆེ་ཞིང་རྙེད་དཀའ་བ་དང་འཆི་བ་མི་རྟག་པ་དང་ལས་འབྲས་དང་འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལྟ་བུ་ལ་ནི་དཔྱད་སྒོམ་དགོས་སོ། །འདི་ལྟར་དེ་དག་ལ་ནི་བློ་ཤུགས་དྲག་ལ་རྒྱུན་རིང་བའི་ཡིད་འཁུལ་ནུས་པ་རེ་དགོས་ཏེ། དེ་མེད་ན་དེ་དག་གི་ལྡོག་ཕྱོགས་མ་གུས་པ་སོགས་འགོག་མི་ནུས་པའི་ཕྱིར་དང༌། བློ་དེ་ལྟ་བུ་བསྐྱེད་པ་ནི་ཡང་དང་ཡང་དུ་སོ་སོར་རྟོག་པས་དཔྱད་ནས་བསྒོམ་པ་ཁོ༌ན་ལ་རག་ལས་པའི་ཕྱིར་རོ། །དཔེར་ན། ཆགས་ཡུལ་ལ་སྡུག་པའི་མཚན་མ་སྒྲོ་འདོགས་པ་མངས་ན་འདོད་ཆགས་དྲག་པོ་སྐྱེ་བ་དང༌། དགྲ་ལ་ཡིད་དུ་མི་འོང་བའི་མཚན་མ་མང་དུ་བསམས་ན་ཞེ་སྡང་དྲག་པོ་སྐྱེ་བ་བཞིན་ནོ། །དེས་ན་ལམ་དེ་དག་བསྒོམ་པ་ལ་ནི་ཡུལ་གྱི་རྣམ་པ་གསལ་མི་གསལ་འདྲ་ཡི། བློའི་འཛིན་སྟངས་ཤུགས་དྲག་ལ་རྒྱུན་རིང་བ་དགོས་པས་དཔྱད་སྒོམ་བྱའོ། །སེམས་དམིགས་པ་གཅིག་ལ་གནས་སུ་མི་བཏུབ་པ་དམིགས་པ་གཅིག་ལ་ཇི་ལྟར་འདོད་འདོད་དུ་བཞག་པས་ཆོག་པའི་ལས་རུང་དུ་བྱེད་པ་ཞི་གནས་བསྒྲུབ་པ་ལ་སོགས་པའི་སྐབས་སུ་ནི་ཡང་དང་ཡང་དུ་དཔྱད་ན་སེམས་གནས་པ་སྐྱེར་མི་ཉན་པས་དེ་ལ་ནི་འཇོག་སྒོམ་བྱ་དགོས་པ་ཡིན་ཏེ། འདི་ནི་ཞི་ལྷག་གི་སྐབས་སུ་བཤད་


JLD013_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཚུལ་དེ་ལྟར་མི་ཤེས་པར་མཁས་པ་ཡིན་ན་དཔྱད་སྒོམ་ཁོ་ན་བྱ་ལ། ཀུ་ས་ལིས་ནི་འཇོག་སྒོམ་ཁོ་ན་བྱའོ་ཞེས་སྨྲ་བ་ཡང༌མ་ཡིན་ཏེ། རེ་རེས་ཀྱང་གཉིས་ཀ་བྱ་དགོས་པའི་ཕྱིར་ཏེ། མཁས་པས་ཀྱང་ཞི་གནས་སོགས་བསྒྲུབ་དགོས་ལ། ཀུ་ས་ལིས་ཀྱང་བཤེས་གཉེན་ལ་དད་པ་ཤུགས་དྲག་སོགས་བསྒྲུབ་དགོས་པའི་ཕྱིར་རོ། །བསྒོམ་པའི་ཚུལ་དེ་གཉིས་ཀྱང་མདོ་སྡེ་དང་རྒྱུད་སྡེའི་ཕྱོགས་གཉིས་ཀར་ནི་སོ་སོར་རྟོག་པའི་སྒོ་ནས་བསྒོམ་དགོས་པ་ཤིན་ཏུ་མང་བར་གསུངས་ལ། ཚུལ་དེས་བསྒོམ་པ་མེད་པའམ་ཉུངས་ན་ལམ་གྱི་སྲོག་དམ་པ་དྲི་མ་མེད་པའི་ཤེས་རབ་མི་སྐྱེ་བ་དང་ཅུང་ཟད་སྐྱེས་ཀྱང་ཤེས་རབ་ཇེ་ཆེར་མི་འཕེལ་བས་ལམ་ལ་ས་ཆོད་ཅི་ཡང་མི་འབྱུང་སྟེ། ལམ་གྱི་བསྒྲུབ་བྱ་མཐར་ཐུག་པ་ནི། ཤེས་རབ་ནང་ན་ཀུན་མཁྱེན་ལྟར། །ཞེས་སློབ་དཔོན་མ༌ཁོལ་གྱིས་གསུངས་པ་ལྟར། ཇི་ལྟ་ཇི་སྙེད་ཐམས་ཅད་མ་འདྲེས་པར་འབྱེད་པའི་ཤེས་རབ་ཏུ་འདུག་པའི་ཕྱིར་རོ། །དེའི་ཕྱིར་ལམ་ཇི་ཙམ་བསྒོམས་པ་ཙམ་དུ་བརྗེད་ངས་ཆེ་བས་དྲན་པ་རྟུལ་བ་དང་སྤང་བླང་འབྱེད་པ་ལ་ཡིད་རྟུལ་དུ་འགྲོ་བར་སྣང་ན་ལམ་གོལ་བར་སོང་བའི་རྟགས་ཡང་དག་ཏུ་ཤེས་པར་བྱའོ། །གཞན་ཡང་དཀོན་མཆོག་གསུམ་ལ་སོགས་པ་ལ་ཡོན་ཏན་གྱི་ཁྱད་པར་མང་པོ་ཤེས་ནས་དེ་ལ་བརྟེན་པའི་དད་པའང་མང་པོར་འཕེལ་བ་དང་འཁོར་བའི་ཉེས་དམིགས་དུ་མ་ཁོང་དུ་ཆུད་ནས་ཡིད་འབྱུང་ཞིང་སྐྱོ་བ་མང་བ་དང་ཐར་པའི་ཕན་ཡོན་ཡང་སྒོ་དུ་མ་ནས་མཐོང་བས་དེ་ལ་དོན་གཉེར་དྲག་པོ་དང༌། བྱང་ཆུབ་ཀྱི་སེམས་དང་ཕྱིན་དྲུག་ལ་སོགས་པའི་


JLD013_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ངོ་མཚར་བའང་དུ་མ་ཁོང་དུ་ཆུད་ནས་དེ་དག་ལས་བཟློག་ཏུ་མེད་པའི་དད་པ་དང་འདུན་པ་དང་བརྩོན་པ་རྣམས་ཇེ་རྒྱས་སུ་འགྲོ་བ་ཐམས་ཅད་ཀྱང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གསུང་རབ་ཀྱི་དོན་ལ་དཔྱད་ནས་བསྒོམ་པ་ཁོ་ན་ལ་རག་ལས་པས་བློ་དང་ལྡན་པ་རྣམས་ཀྱིས་ཚུལ་འདི་ལ་གཞན་གྱིས་བཀྲི་བར་མི་ནུས་པའི་ངེས་པ་དྲང་བར་བྱའོ། །སྒོམ་གྱི་ཚུལ་ལ་གོ་བ་ཤིན་ཏུ་ཆུང་བ་རྣམས་ན་རེ། སོ་སོར་རྟོག་པས་དཔྱོད་པ་ཆེས་མང་བར་བྱས་ཏེ་བསྐྱངས་ན་དམིགས་པ་གཅིག་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་གེགས་སུ་འགྱུར་བས་ཏིང་ངེ་འཛིན་བརྟན་པོ་མི་འགྲུབ་བོ་ཞེས་ཟེར་རོ། །བཤད་པར་བྱ་སྟེ། སེམས་དམིགས་པ་གཅིག་ལ་ཇི་ལྟར་འདོད་འདོད་དུ་བཞག་པས་ཆོག་པའི་ཏིང་ངེ་འཛིན་སྔར་མ་གྲུབ་པ་གསར་དུ་བསྒྲུབ་པའི་ཚེ་ན་དམིགས་པ་དུ་མ་ལ་དཔྱད་ན་དེ་སྐྱེ་བར་མི་འགྱུར་བས་དེ་མ་གྲུབ་བར་དུ་དེ་བསྒྲུབ་པའི་སྒོམ་ལ་འཇོག་སྒོམ་ཉིད་བྱའོ་ཞེས་ཟེར་ན་ནི་ཁོ་བོ་ཅག་ཀྱང་འདོད་པ་ཡིན་ལ། དེ་ལྟ་བུའི་ཏིང་ངེ་འཛིན་དེ་བསྒྲུབ་པའི་སྔ་རོལ་ཏུ་དཔྱད་སྒོམ་མང་ན་ཏིང་ངེ་འཛིན་དེའི་གེགས་སུ་འདོད་ན་ནི་ཏིང་ངེ་འཛིན་བསྒྲུབ་ལུགས་ཤིང་རྟ་ཆེན་པོའི་དགོངས་འགྲེལ་ནས་བཤད་པ་གཏན་ནས་མ་གོ་བར་གསལ་ཏེ། འདི་ལྟར་དཔེར་ན། གསེར་དང་དངུལ་ནི་མགར་བ་མཁས་པས་ཡང་དང་ཡང་དུ་མེར་བསྲེགས་ཤིང་ཡང་དང་ཡང་དུ་ཆུར་བཀྲུས་ན་དྲི་མ་དང་སྙིགས་མ་ཐམས་ཅད་སྦྱངས་ཏེ་ཤིན་ཏུ་མཉེན་ཞིང་ལས་སུ་རུང་བར་འགྱུར་བས། དེ་ནས་རྣ་རྒྱན་ལ་སོགས་


JLD013_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱན་ཆ་ཅི་འདོད་འདོད་དུ་བསྒྱུར་བས་ཆོག་པ་བཞིན་དུ། སྔོན་ལ་ཉོན་མོངས་དང་ཉེ་བའི་ཉོན་མོངས་དང་ཉེས་སྤྱོད་རྣམས་ལ་ནག་པོའི་ལས་འབྲས་དང་འཁོར་བའི་ཉེས་དམིགས་བསྒོམ་པ་ལ་སོགས་པའི་སྐབས་ནས་འབྱུང་བ་ལྟར། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་དག་གི་ཉེས་དམིགས་ཡང་དང་ཡང་དུ་བསྒོམ་པ་སེམས་ཀུན་ཏུ་གདུང་བར་འགྱུར་བའམ་སྐྱོ་བར་འགྱུར་བའི་ཡིད་བྱེད་ཀྱིས་གསེར་མེར་བསྲེགས་པ་བཞིན་དུ་ནག་ཕྱོགས་རྣམས་ལས་ཡིད་ཕྱིར་ཕྱོགས་པར་བྱེད་ཅིང་དྲི་མ་དེ་དག་སྦྱོང་ལ། བཤེས་གཉེན་གྱི་ཡོན་ཏན་དང་དལ་འབྱོར་དོན་ཆེ་བ་དང་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་དཀར་པོའི་ལས་འབྲས་དང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ལ་སོགས་པའི་སྐབས་ནས་འབྱུང་བ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་དག་གི་ཡོན་ཏན་ཡང་ཡང་བསྒོམ་པ་སེམས་བརླན་པར་འགྱུར་བའམ་དང་བར་འགྱུར་བའི་ཡིད་བྱེད་ཀྱིས་གསེར་ཆུར་འཁྲུ་བ་ལྟར་དཀར་ཕྱོགས་རྣམས་ལ་ཡིད་མངོན་དུ་ཕྱོགས་པ་དང་དགའ་བར་བྱས་ནས་དགེ་བའི་ཆོས་ཀྱིས་སེམས་བརླན་པར་བྱེད་དོ། །དེ་ལྟར་གྱུར་ན་ཞི་ལྷག་གང་བསྒྲུབ་པར་འདོད་པ་དེ་ལ་ཡིད་གཏད་པ༌ན་ཚེགས་མེད་པར་འགྲུབ་པས། དེ་ལྟ་བུའི་དཔྱད་སྒོམ་ནི་མི་རྟོག་པའི་ཏིང་ངེ་འཛིན་བསྒྲུབ་པའི་ཐབས་མཆོག་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་འཕགས་པ་ཐོགས་མེད་ཀྱིས། དཔེར་ན། མགར་བའམ་མགར་བའི་སློབ་མ་མཁས་པ་ཞིག་གིས་གང་གི་ཚེ་གསེར་རམ་དངུལ་ཞིག་དྲི་མ་དང་སྙིགས་མ་ཐམས་ཅད་སྦྱང་བའི་ཕྱིར། དུས་

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


JLD013_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་མེར་བསྲེགས་ཤིང་ཆུས་བཀྲུས་ན་རྒྱན་དེ་དང་དེ་དག་ཏུ་བྱ་བ་མཉེན་ཞིང་ལས་སུ་རུང་བའི་ཚུལ་གྱིས་མངོན་སུམ་དུ་བྱས་པར་འགྱུར་ཏེ། དེ་ལ་མགར་བའམ་མགར་བའི་སློབ་མ་མཁས་པ་དེ་དང་མཐུན་པའི་བཟོ་ཤེས་པ་དེས་མགར་དཔྱད་ཀྱིས་རྒྱན་གྱི་རྣམ་པ་ཅི་འདོད་པ་དེར་སྒྱུར་བར་བྱེད་པ་དེ་བཞིན་དུ། རྣལ་འབྱོར་པས་ཀྱང་གང་གི་ཚེ་སེམས་དེ་བརྣབ་སེམས་ལ་སོགས་པའི་དྲི་མ་དང་སྙིགས་མ་ལ་མི་ཕྱོགས་པ་ཉིད་ཀྱིས་སྐྱོ་བར་བྱས་ལ་ཉོན་མོངས་པ་ཅན་གྱི་ཡིད་མི་བདེ་བ་ལ་མི་ཕྱོགས་པ་ཉིད་དང༌། དགེ་བའི་ཕྱོགས་ལ་མངོན་པར་དགའ་བ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱིས་མངོན་པར་དགའ་བར་བྱས་ན། རྣལ་འབྱོར་པ་དེས་སེམས་དེ་ཞི་གནས་ཀྱི་ཕྱོགས་སམ་ལྷག་མཐོང་གི་ཕྱོགས་གང་དང་གང་དག་ལ་ངེས་པར་སྦྱོར་བར་བྱེད་པ་དེ་དང་དེ་དག་ལ་ཤིན་ཏུ་ཉེ་བར་འབྱོར་པ་དང་ཤིན་ཏུ་རྣལ་དུ་འབབ་པ་དང་མི་གཡོ་བ་དང་མི་འགུལ་བར་འགྱུར་ཞིང༌། ཇི་ལྟར་བསམས་པའི་དོན་ཡང་དག་པར་འགྲུབ་པའི་ཕྱིར་འགྲོ་བར་ཡང་འགྱུར་རོ། །ཞེས་གསུངས་སོ། །གཞན་ཡང་སེམས་དམིགས་པ་གཅིག་ལ་བརྟན་ཆགས་པར་གནས་པའི་ཏིང་ངེ་འཛིན་གྱི་འགལ་རྐྱེན་གྱི་གཙོ་བོ་ནི་གཉིས་ཏེ། བྱིང་བ་དང་རྒོད་པའོ། །དེ་ལ་དཀོན་མཆོག་ལ་སོགས་པའི་ཡོན་ཏན་མཐོང་བའི་བློ་ཤུགས་དྲག་ལ་རྒྱུན་རིང་བ་ཡོད་ན་བྱིང་བ་གཅོད་པར་ཤིན་ཏུ་སླ་སྟེ། དེའི་གཉེན་པོ་ནི་ཡོན་ཏན་མཐོང་བའི་སྒོ་ནས་སེམས་གཟེངས་བསྟོད་པ་ཡིན་པར་ཚད་ལྡན་དུ་མས་གསུངས་པའི་ཕྱིར་རོ། །


JLD013_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་ཉེས་དམིགས་མཐོང་བའི་བློ་ཤུགས་དྲག་ལ་རྒྱུན་རིང་བ་ཡོད་ན་རྒོད་པ་གཅོད་པར་ཤིན་ཏུ་སླ་སྟེ། རྒོད་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་གཡེང་བ་ཡིན་པས་དེའི་གཉེན་པོ་ལ་སྐྱོ་ཤས་བསྔགས་པར་གཞུང་དུ་མ་ནས་གསུངས་པའི་ཕྱིར་རོ། །དེས་ན་བཤེས་གཉེན་ལ་དད་པ་སྦྱོང་བ་ནས་འཇུག་སེམས་སྦྱོང་བ་མན་ཆད་ལ་ཇི་ཙམ་དུ་མང་དུ་བསྒོམས་པ་དེ་ཙམ་དུ་མཁས་པ་དགྱེས་པའི་ཏིང་ངེ་འཛིན་བརྟན་པོ་རྣམས་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །འཇོག་སྒོམ་དུ་མ་ཟད་དཔྱད་སྒོམ་རྣམས་ལ༌ཡང་བྱིང་རྒོད་གཉིས་དང་བྲལ་བར་བྱས་ལ་བསྐྱང་དགོས་ཤིང༌། མན་ངག་འདི་པའི་བླ་མ་གོང་མ་མཁས་པ་རྣམས་སྐབས་ཀྱི་དམིགས་པ་གང་འབོགས་པ་དེའི་དམིགས་སྐོར་ལ་ངེས་ཤེས་དྲང་བའི་ཕྱིར་དུ་མདོ་བསྟན་བཅོས་ཀྱི་ལུང་སྐབས་སུ་བབ་པ་རྣམས་ཀྱི་དོན་བླ་མའི་མན་ངག་གིས་སེམས་ལ་བསྐོར་ནས་སྔ་མ་སྔ་མའི་གསུང་སྒྲོས་ཀྱིས་བརྒྱན་ཏེ། མཐའ་དག་པར་འཆད་ཅིང་ཆོས་འཆད་ཤེས་པ་ཞིག་གིས་ཉན་ཤེས་པ་ཞིག་ལ་བཤད་པ་ན་ཆོས་གྲྭའི་བློའི་འཁུལ་འདྲ་བ་ལྐོག་ཏུ་བསམས་པ་ལ་འོང་དཀའ་གསུང་བ་ནི་ཤིན་ཏུ་ལེགས་ཤིང་མད་པས། ད་རེས་དམིགས་པའི་སྐབས་ཡིན་ཟེར་ནས་འབུས་ཙམ་རེ་བྱར་མི་རུང་སྟེ། དེ་ནི་ཐོས་བསམ་གྱི་དུས་དང་ཉམས་ལེན་གྱི་དུས་ཞེས་ཆོས་མང་དུ་བཤད་པ་དང་ཉམས་ལེན་གྱི་སྐབས་གཉིས་འགལ་བར་འཛིན་པའི་ལོག་རྟོག་ཡིན་པའི་ཕྱིར་རོ། །འོན་ཀྱང་བཤད་པ་ཐམས་ཅད་ཉམས་ལེན་དུ་འཁྱེར་ཤེས་པ་སྲིད་མཐའ་


JLD013_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རུ་སྣང་བས་སྐྱོང་རྒྱུ་ཉེ་བར་བསྡུས་པ་རེ་ཡང་གུད་དུ་བྱའོ། །གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་མི་འཆར་ནི་སྐྱོང་ཚུལ་འདི་ལ་ངེས་པ་རྙེད་མ་རྙེད་ཁོ་ནའི་རྗེས་སུ་བྱེད་པར་སྣང་ཞིང་སྡེ་སྣོད་ལ་མ་སྦྱངས་པ་རྣམས་ལྟ་ཅི་སྨོས་ཏེ། མདོ་སྔགས་ཀྱི་གཞུང་ཆེ་བ་ལ་རིང་དུ་སྦྱངས་པ་རྣམས་ཀྱང་ལམ་བསྒོམ་པའི་ཚེ་རང་གིས་གང་ལ་སྦྱངས་པའི་གཞུང་དེ་དག་གི་ཕྱོགས་སྔ་མར་འོང་བར་སྣང་བས། རྒྱས་པར་གཏན་ལ་དབབ་དགོས་པར་འདུག་ནའང་ཚིག་མངས་སུ་དོགས་པས་དེ་ཙམ་ལས་མ་སྨོས་སོ། །སྐྱོང་ཚུལ་ལ་ལོག་རྟོག་དགག་པ་བཤད་ཟིན་ཏོ། །ད་ནི་སྔར་བཤད་པ་ལྟར་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པའི་སློབ་མ་དེ་བླ་མས་ཇི་ལྟར་འཁྲིད་པའི་རིམ་པ་བསྟན་པར་བྱ་དགོས་པས། གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ་གཉིས། དལ་བའི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་དུ་བསྐུལ་བ་དང༌། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ། །དང་པོ་ལ་གསུམ། དལ་འབྱོར་ངོས་བཟུང་བ་དང་། དེ་དོན་ཆེ་བ་བསམ་པ་དང༌། རྙེད་དཀའ་བ་བསམ་པའོ། །དང་པོ་ལ་གཉིས། དལ་བ་དང༌། འབྱོར་པའོ། །དང་པོ་ནི། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། ཁྲིམས་ཀྱིས་དུད་འགྲོ་འགྲོ་བ་དུ་མའི་ངོ་བོ་དང༌། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་པ་ལྟར། མི་ཁོམ་པ་བརྒྱད་དང་བྲལ་བ་ནི་དལ་བའོ། །མི་ཁོམ་པ་བརྒྱད་ནི། བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་


JLD013_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་བ་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་བརྙེས་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ་མཐའ་འཁོབ་དང༌། གླེན་ལྐུགས་དང་ཡན་ལག་དང་རྣ་བ་སོགས་མ་ཚང་བའི་དབང་པོ་མ་ཚང་བ་དང༌། ཚེ་སྔ་ཕྱི་དང་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དང༌། སངས་རྒྱས་འབྱུང་བ་མེད་པའི་རྒྱལ་བའི་བཀའ་མེད་པ་བཞི་ལས། དང་པོ་གཉིས་དང་ཐ་མས་ནི་བླང་དོར་ཤེས་པར་མི་ནུས་ལ་གསུམ་པ་ནི་དམ་པའི་ཆོས་ལ་མི་མོས་པའོ། །ངན་སོང་གསུམ་ནི་ཆོས་ཀྱི་བློ་སྐྱེ་བར་ཤིན་ཏུ་དཀའ་ལ་ཅུང་ཟད་སྐྱེས་ཀྱང་སྡུག་བསྔལ་གྱིས་མནར་བས་མི་ནུས་པ་དང༌། ལྷ་ཚེ་རིང་པོ་ནི། བཤེས་སྤྲིངས་འགྲེལ་པར་འདུ་ཤེས་མེད་པ་པ་དང་གཟུགས་མེད་པ་གཉིས་ལ་བཤད་ཅིང༌། མི་ཁོམ་པ་བརྒྱད་ཀྱི་གཏམ་ལས། འདོད་པའི་བྱ་བས་རྟག་ཏུ་གཡེངས་པའི་འདོད་ལྷ་ལ་བཤད་དེ། འདུ་ཤེས་མེད་པ་པ་ནི་བསམ་གཏན་བཞི་པའི་གནས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་ཅིང་། དེར་སྐྱེས་མ་ཐག་དང་འཆི་བའི་ཚེ་མ་གཏོགས་པ་སེམས་དང་སེམས་བྱུང་གི་རྒྱུ་བ་འགགས་ནས་བསྐལ་ཆེན་མང་པོར་གནས་པར་མངོན་པ་ནས་གསུངས་སོ། །གཟུགས་མེད་ན་ཡོད་པའི་འཕགས་པ་


JLD013_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁོམ་པར་མི་རིགས་པས་དེར་སྐྱེས་པའི་སོ་སོའི་སྐྱེ་བོ་ལ་ནི་ཐར་ལམ་བསྒྲུབ་པའི་སྐལ་བ་མེད་པས་མི་ཁོམ་པའོ། །རྟག་ཏུ་གཡེངས་པའི་འདོད་ལྷ་ཡང་དེ་དང་འདྲའོ། །དེས་ན་དེ་དག་ལ་མི་ཁོམ་པ་ཞེས་བྱ་སྟེ། བཤེས་སྤྲིངས་འགྲེལ་པ་ལས། གནས་བརྒྱད་པོ་དེ་དག་ཏུ་དགེ་བ་བྱ་བའི་དལ་བ་མེད་པས་ན་མི་ཁོམ་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འབྱོར་པ་ལ་གཉིས་ལས། རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པའོ། །དེ་ལ་དབུས་སུ་སྐྱེས་པ་ནི། འཁོར་རྣམ་བཞི་རྒྱུ་བ་ཡོད་སར་སྐྱེས་པའོ། །དབང་པོ་ཚང་བ་ནི། གླེན་ལྐུགས་སུ༌མ་སོང་ཞིང་ཡན་ལག་དང་ཉིང་ལག་དང་མིག་རྣ་སོགས་ཚང་བའོ། །ལས་མཐའ་མ་ལོག་པ་ནི། མཚམས་མེད་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པའོ། །གནས་ལ་དད་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་ཆོས་ཐམས་ཅད་སྐྱེ་བའི་གནས་འདུལ་བ་ལ་དད་པ་སྟེ་འདུལ་བ་ནི་འདིར་སྡེ་སྣོད་གསུམ་ག་ལ་བྱའོ། །ལྔ་པོ་དེ་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་བསྒྲུབ་པའི་ཆ་རྐྱེན་ཡིན་པས་རང་གི་འབྱོར་པ་ཞེས་བྱའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བ་འོ། །ཞེས་པའོ། །དེ་ལ་སངས་རྒྱས་བྱོན་པའམ་འབྱུང་བ་ནི། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཚོགས་བསགས་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །


JLD013_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་སྟོན་པ་ནི། སངས་རྒྱས་སམ་དེའི་ཉན་ཐོས་ཀྱིས་ཆོས་སྟོན་པའོ། །ཆོས་བསྟན་པ་གནས་པ་ནི། སངས་རྒྱས་ཤིང་ཆོས་བསྟན་པ་ནས་མྱ་ངན་ལས་མ་འདས་བར་དུ་དོན་དམ་པའི་དམ་ཆོས་མངོན་དུ་བྱེད་པའི་ཚུལ་གྱིས་སྒྲུབ་པའི་ཆོས་མ༌ཉམས་པའོ། །ཆོས་གནས་པ་རྗེས་སུ་འཇུག་པ་ནི། ཆོས་རྟོགས་པ་དེ་ཉིད་ཀྱིས་སྐྱེ་བོ་རྣམས་ལ་དམ་པའི་ཆོས་མངོན་སུམ་དུ་བྱ་བའི་མཐུ་ཡོད་པར་རིག་ནས་ཇི་ལྟར་རྟོགས་པ་ལྟར་བསྟན་པ་ལ་རྗེས་སུ་འཇུག་པའོ། །གཞན་གྱི་ཕྱིར་སྙིང་བརྩེ་བར་བྱེད་པ་ནི། སྦྱིན་པ་པོ་དང་སྦྱིན་བདག་གིས་ཆོས་གོས་ལ་སོགས་པ་སྟེར་བའོ། །དེ་ལྔ་ནི་གཞན་རྒྱུད་ལ་ཡོད་ཅིང་ཆོས་བསྒྲུབ་པའི་ཆ་རྐྱེན་ཡིན་པས་གཞན་འབྱོར་རོ། །ཉན་ས་ལས་བཤད་པའི་གཞན་འབྱོར་བཞི་ནི་ད་ལྟ་མ་ཚང་བར་སྣང་ཡང་དམ་པའི་ཆོས་སྟོན་པ་དང་ཆོས་བསྟན་པ་རྣམས་གནས་པ་དང་ཆོས་གནས་པ་རྣམས་རྗེས་སུ་འཇུག་པར་བྱེད་པ་ནི་རྗེས་མཐུན་པ་ཚང་དུ་རུང་ངོ་། །གཉིས་པ་དལ་འབྱོར་དོན་ཆེ་བ་བསམ་པ་ནི། གཏན་གྱི་བདེ་བ་ཞིག་བསྒྲུབ་པའི་ཕྱིར་དུ་ཆོས་རྣམ་དག་བསྒྲུབ་པ་ཞིག་མ་བྱུང་ན་མ་ཤི་ཚུན་ཆོད་ཀྱི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བ༌ཙམ་ལ་བརྩོན་པ་ནི་དུད་འགྲོ་ལ༌ཡང་ཡོད་པས་བདེ་འགྲོར་སྐྱེས་ཀྱང་དུད་འགྲོ་དང་འདྲ་སྟེ། སློབ་སྤྲིངས་ལས། ཇི་ལྟར་གླང་བུ་ཁྲོན་ཟབ་ཁ་ནས་འཁྲུངས་པ་ཡི། །རྩྭ་ལོ་ཁམ་འགའ་ལ་ནི་ཡིད་ནི་ཆགས་གྱུར་ནས། །རྙེད་པ་གྲུབ་པ་མེད་པར་གཡང་དུ་ལྷུང་བ་ལྟར། །འཚོ་བའི་འཇིག་རྟེན་བདེ་ལྡན་འདོད་པའང་དེ་དང་འདྲ། །ཞེས་གསུངས་པའི་


JLD013_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །སྤྱིར་དེ་ལྟ་བུའི་ཆོས་བསྒྲུབ་པ་དང་ཁྱད་པར་དུ་ཐེག་ཆེན་གྱི་ལམ་བསྒྲུབ་པ་ནི་རྟེན་གང་རུང་རུང་གིས་མི་ཆོག་པས་སྔར་བཤད་པའི་རྟེན་དེ་ལྟ་བུ་ཞིག་ཐོབ་དགོས་ཏེ། སློབ་སྤྲིངས་ལས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང༌། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང༌། །མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན། །ཞེས་དང༌། མངལ་དུ་འཇུག་པ་ལས་ཀྱང༌། མིར་སྐྱེས་ནའང་དེ་ལྟར་སྡུག་བསྔལ་མཐའ་ཡས་པ་དང་ལྡན་ཡང་གནས་མཆོག་ཡིན་པས་བསྐལ་པ་བྱེ་བར་ཡང་རྙེད་དཀའོ། །ལྷ་དག་འཆི་བ་ནའང་ལྷ་གཞན་དག་ཁྱོད་བདེ་འགྲོར་སྐྱེ་བར་གྱུར་ཅིག །བདེ་འགྲོ་ནི་མིའི་འགྲོ་བའོ། །ཞེས་གསུངས་པ་ལྟར། ལྷ་རྣམས་ཀྱང་རྟེན་འདི་ལ་སྨོན་གནས་སུ་བྱེད་པའི་ཕྱིར་རོ། །གཞན་ཡང་སྔོན་མིའི་རྟེན་ལ་ལམ་ལ་སྦྱངས་པའི་བག་ཆགས་འཐུག་པའི་འདོད་ལྷ་ཁ་ཅིག༌དང་པོར་བདེན་པ་མཐོང་བའི་རྟེན་དུ་རུང་ཡང་ཁམས་གོང་མའི་རྟེན་ལ་དང་པོར་འཕགས་ལམ་ཐོབ་པ་མི་སྲིད་ཅིང༌། འདོད་ལྷ་ཕལ་ཆེར་ཡང་སྔར་བཤད་པ་ལྟར་མི་ཁོམ་པའི་གནས་སུ་གསུངས་པས་ལམ་ཐོག་མར་བསྒྲུབ་པའི་རྟེན་ལ་མི་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་སྒྲ་མི་སྙན་པ་སྡོམ་པའི་རྟེན་དུ་མི་རུང་བས་གླིང་གསུམ་གྱི་རྟེན་བསྔགས་ལ་དེའི་ནང་ནས་ཀྱང་འཛམ་བུ་གླིང་པའི་རྟེན་བསྔགས་སོ། །དེས་ན་འདི་འདྲ་བའི་རྟེན་བཟང་པོ་ཐོབ་པ་འདི་བདག་གིས་ཅིའི་ཕྱིར་འབྲས་བུ་


JLD013_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བྱ། འདི་དོན་མེད་དུ་བྱས་ན་ནི་རང་གིས་རང་བསླུས་པ་དང་རྨོངས་ཚབས་འདི་ལས་ཆེ་བ་ཅི་ཞིག་ཡོད། ངན་འགྲོ་ལ་སོགས་པའི་མི་ཁོམ་པའི་གནས་ཀྱི་འཕྲང་མང་པོ་ལ་བརྒྱུད་བརྒྱུད་དེ་ལན་ཅིག་ཙམ་ཐར་པ་འདི་དོན་མེད་དུ་བྱས་ནས། ཡང་གནས་དེ་དག་ཏུ་ལོག་ནས་འགྲོ༌ན་ནི་རིག་སྔགས་ཀྱིས་རྨོངས་པར་བྱས་པ་བཞིན་དུ་བདག་ནི་སེམས་མེད་པར་གྱུར་པའོ་སྙམ་པ་ལ་སོགས་པའི་སྒོ་ནས་ཡང་དང་ཡང་དུ་བསྒོམ་པར་བྱ་སྟེ། འཕགས་པ་དཔའ་བོས། གང་ཞིག་ཐོབ་ན་འཁོར་བ་ཡི། །ཕ་རོལ་ཕྱིན་པའི་ས་བོན་བསྐྲུན། །བྱང་ཆུབ་དཔལ་གྱི་ས་བོན་མཆོག །ཡིད་བཞིན་ནོར་བུ་ལས་ལྷག་པའི། །ཡོན་ཏན་རྒྱུན་གྱི་མི་རྣམས་ནི། །སུ་ཞིག་འདིར་དེ་འབྲས་མེད་བྱེད། །ཅེས་དང༌། སྤྱོད་འཇུག་ལས་ཀྱང་། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །གལ་ཏེ་བདག་གིས་དེ་རྟོགས་ནས། །རྨོངས་པས་ཕྱིས་ཀྱང་སྒྱིད་ལུག་ན། །འཆི་བར་འགྱུར་བའི་དུས་ཀྱི་ཚེ། །མྱ་ངན་ཆེན་པོ་ལྡང་བར་འགྱུར། །དམྱལ་མེ་བཟོད་དཀས་ཡུན་རིང་དུ། །བདག་གི་ལུས་ལ་བསྲེགས་གྱུར་ན། །འགྱོད་པ་མི་བཟད་མེ་འབར་བས། །སེམས་གདུང་འགྱུར་བར་གདོན་མི་ཟ། །ཤིན་ཏུ་རྙེད་དཀའ་ཕན་པའི་ས། །ཅི་ཞིག་ལྟར་སྟེས་རྙེད་གྱུར་ནས། །བདག་ཉིད་ཤེས་དང་ལྡན་བཞིན་དུ། །ཕྱིར་ཡང་དམྱལ་བ་དེར་ཁྲིད་ན། །སྔགས་ཀྱིས་རྨོངས་པར་བྱས་པ་བཞིན། །བདག་ལ་འདིར་སེམས་མེད་དུ་ཟད། །ཅིས་རྨོངས་


JLD013_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་མ་ཤེས་ཏེ། །བདག་གི་ཁོང་ན་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར་རོ། །སྟོན་པའི་ཞལ་ནས་ཀྱང་སྤྱན་སྔ་བ་ལ། དལ་བ་འབྱོར་པ་མིའི་ལུས་ཐོབ་པ་དྲན་ནམ་གསུང་བ་དང༌། སྤྱན་སྔ་ཡང་ཐུགས་དམ་ལ་འཇུག་རེས་ཀྱིས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། །དེ་ལས་ཕྱིས་ནས་གང་གིས་སློང་བར་འགྱུར། །ཞེས་འཇུག་པ་ནས་གསུངས་པ་དེ་ལན་རེ་རེ་བཏོན་ནས་ཐུགས་དམ་མཛད་པ་ལྟར་བྱའོ། །དེ་ལྟར་མཐར་ཐུག་ལ་ལྟོས་ཏེ་དོན་ཆེ་བ་དེ་བཞིན་དུ་གནས་སྐབས་ལ་ལྟོས་ནས་ཀྱང་མངོན་མཐོའི་ལུས་དང་ལོངས་སྤྱོད་དང་འཁོར་ཕུན་སུམ་ཚོགས་པའི་རྒྱུ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པ་རྣམས་རྟེན་འདིས་བདེ་བླག་ཏུ་བསྒྲུབ་ནུས་ལུགས་རྣམས་ཀྱང་བསམ་མོ། །དེ་ལྟར་མངོན་མཐོ་དང་ངེས་ལེགས་ལ་ལྟོས་ཏེ་དོན་ཆེ་བའི་རྟེན་དེ་དེ་གཉིས་ཀྱི་རྒྱུ༌ལ་ཉིན་མཚན་དུ་མ་འབད་པར་ཆུད་གཟན་ན་རིན་པོ་ཆེའི་གླིང་ནས་ལག་སྟོང་དུ་ལྡོག་པ་ལྟ་བུ་དང༌། ཕྱི་མར་ཡང་བདེ་བས་ཕོངས་པར་འགྱུར་ཞིང་དལ་བའི་རྟེན་མི་འཐོབ་ལ་དེ་མ་ཐོབ་ན་སྡུག་བསྔལ་བརྒྱུད་མར་འབྱུང་བས་དེ་བས་བསླུས་པ་ཅི་ཞིག་ཡོད་སྙམ་དུ་བསམ་སྟེ། འཕགས་པ་དཔའ་བོས། གང་ཞིག་དགེ་བས་ཕྱུག་པའི་མི། །བསྐལ་པ་གྲངས་མེད་ཀྱིས་ཐོབ་ནས། །འདིར་ནི་རྨོངས་པས་བསོད་ནམས་གཏེར། །ཅུང་ཟད་ཙམ་ཡང་མི་གསོག་པ། །དེ་དག་


JLD013_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཕ་རོལ་ཏུ། །མི་བཟད་མྱ་ངན་ཁང་པར་འཇུག །རིན་ཆེན་གླིང་ཕྱིན་ཚོང་པ་ནི། །ལག་པ་སྟོང་པས་རང་ཁྱིམ་བཞིན། །དགེ་བཅུའི་ལས་ཀྱི་ལམ་མེད་པར། །ཕྱི་ནས་ཡང་ནི་ཐོབ་མ་ཡིན། །མི་མ་ཐོབ་པར་བདེ་བ་ནི། །ཇི་ལྟར་དེ་བདེ་སྡུག་བསྔལ་ཉིད། །དེ་བས་ཕ་རོལ་བསླུས་ཡོད་མིན། །དེ་ལས་མཆོག་ཏུ་རྨོངས་པ་མེད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་བསམས་པའི་མཐར་ཡང་སྙིང་པོ་ལེན་འདོད་ཆེན་པོ་བསྐྱེད་དེ། སྤྱོད་འཇུག་ལས། འདི་ལ་གླ་རྔན་བྱིན་ནས་ནི། །ད་ནི་རང་གི་དོན་བྱེད་ཆུག །ཕན་པ་མེད་པར་འདི་ལ་ནི། །ཐམས་ཅད་སྦྱིན་པར་མི་བྱ་འོ། །ཞེས་དང༌། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ལྟར་རོ། །པོ་ཏོ་བའི་དཔེ་ཆོས་ལས་ཀྱང༌། སྲིན་བུས་ཕྱག་འཚལ་རྐྱང་ལ་ཞོན། །གཙང་པའི་ཉ་དང་སྨེ་འུ་ཟན། །ཞེས་གསུངས་པ་ལྟར་བསམས་ལ་སྙིང་པོ་ལེན་འདོད་བསྐྱེད་དོ། །གསུམ་པ་ཤིན་ཏུ་རྙེད་དཀའ་བ་བསམ་པ་ནི། དེ་ལྟ་བུའི་དལ་བ་དེ་ཡང༌། ལུང་གཞི་ལས། ངན་འགྲོ་ནས་ཤི་འཕོས་ཏེ་དེར་སྐྱེ་བ་ནི་ས་ཆེན་པོའི་རྡུལ་དང༌། དེ་ནས་བདེ་འགྲོར་སྐྱེ་བ་ནི་སེན་མོའི་རྩེ་མོས་བླངས་པའི་རྡུལ་དང་འདྲ་ཞིང༌། བདེ་འགྲོ་གཉིས་ནས་ཤི་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པོ་དང༌། དེ་ནས་བདེ་འགྲོར་སྐྱེ་བ་ནི་ཕྱག་སེན་གྱི་རྩེ་མོས་བཞེས་པའི་རྡུལ་དང་འདྲ་བར་གསུངས་པས། བདེ་འགྲོ་དང་ངན་འགྲོ་གཉིས་ཀ་ནས་རྙེད་པར་དཀའོ། །དེ་ཙམ་དུ་


JLD013_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པར་དཀའ་བ་རང་ཅི་ཡིན་སྙམ་ན། བཞི་བརྒྱ་པ་ལས། ཕལ་མོ་ཆེར་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་གསུངས་པ་ལྟར། བདེ་འགྲོ་མི་ལ་སོགས་པ༌ཡང་ཕལ་ཆེར་དམ་པ་མིན་པ་མི་དགེ་བཅུ་ལ་སོགས་པའི་ཕྱོགས་ཡོངས་སུ་འཛིན་པ་མང་ལ། དེས་ཀྱང་ངན་འགྲོར་འགྲོ་བའི་ཕྱིར་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བ་ལྟ་བུ་སྐད་ཅིག་རེ་རེས་ཀྱང་བསྐལ་པར་མནར་མེད་དུ་གནས་དགོས་ན། སྐྱེ་བ་དུ་མར་སྔོན་བསགས་པའི་སྡིག་པ་འབྲས་བུ་མ་ཕྱུང་ཞིང་གཉེན་པོས་མ་བཅོམ་པ་རང་གི་རྒྱུད་ལ་དུ་མ་ཡོད་པ་རྣམས་ཀྱིས་ངན་འགྲོར་བསྐལ་པ་དུ་མར་གནས་དགོས་པ་ལྟ་ཅི་སྨོས། དེ་ལྟ་ནའང་ངན་འགྲོའི་རྒྱུ་སྔར་བསགས་འདག་ངེས་སུ་སྦྱོང་ཞིང༌། གསར་དུ་འཇུག་པའི་སྒོ་སྡོམ་པར་བྱེད་ན་བདེ་འགྲོ་མི་དཀོན་ནའང་དེ་ལྟ་བུ་ནི་ཤིན་ཏུ་དཀོན་ནོ། །དེ་ལྟར་མ་བྱས་ན་ངན་འགྲོར་འགྲོ་ལ་ངན་འགྲོར་སོང་ན་དགེ་བ་ནི་མི་བྱེད་ལ་སྡིག་པ་ནི་རྒྱུན་དུ་བྱེད་པས་བསྐལ་པ་དུ་མར་ཡང་བདེ་འགྲོའི་མིང་ཡང་མི་ཐོས་པའི་ཕྱིར་རྙེད་པར་དཀའ་སྟེ། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང༌། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་


JLD013_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །སྐད་ཅིག་གཅིག་བྱས་སྡིག་པས་ཀྱང༌། །བསྐལ་པར་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ངན་འགྲོའི་སྡུག་བསྔལ་མྱོང་བ་ན་སྔོན་གྱི་ལས་ངན་པ་རྣམས་ཟད་ནས་ཡང་བདེ་འགྲོར་སྐྱེ་བས་ཐར་བར་མི་དཀའོ་སྙམ་ན། སྡུག་བསྔལ་དེ་མྱོང་བཞིན་དུ་སྡིག་པ་འཕྲལ་འཕྲལ་ལ་གསོག་པས་ངན་འགྲོ་ནས་ཤི་འཕོས་ཀྱང་ངན་འགྲོར་བརྒྱུད་དགོས་པས་ཐར་བར་དཀའ་སྟེ། དེ་ཙམ་ཁོ་ན་མྱོང་གྱུར་ནས། །དེ་ནི་རྣམ་ཐར་མི་འགྱུར་ཏེ། །འདི་ལྟར་དེ་ནི་མྱོང་བཞིན་དུ། །སྡིག་པ་གཞན་དག་རབ་ཏུ་སྐྱེ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རྙེད་དཀའ་བ་བསམས་པའི་མཐར་ཡང་རྟེན་འདི་ཉེས་སྤྱོད་ལ་བཀོལ་ན་ནི་ཤིན་ཏུ་ཆུད་ཟོས་པར་བལྟས་ལ་དམ་ཆོས་བསྒྲུབ་པས་དུས་འདའ་བར་བྱའོ་སྙམ་དུ་སྙིང་པོ་ལེན་འདོད་བསྐྱེད་དེ། །བཤེས་སྤྲིངས་ལས། རྒྱ་མཚོ་ཆེར་གནས་གཉའ་ཤིང་བུག་པ་དང༌། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །གང་ཞིག་


JLD013_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ཀྱང༌། །གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་དང༌། སློབ་སྤྲིངས་ལས་ཀྱང༌། མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ཉིད་བརྟུན་ཏེ་བསྒྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་རྣལ་འབྱོར་པ་ཆེན་པོས་སྤྱན་སྔ་ལ་བག་རེ་ཕྱོགས་གསུང་བ་ལ། དེ་ལྟར་འཚལ་བ་ལ་དལ་འབྱོར་འདི་རྙེད་པར་དཀའ་བས་གསུང་བ་དང༌། འཕན་ཡུལ་ན་རྨའི་ཕྱྭ་མཁར་བྱ་བ་རྡོས་ཅན་ཞིག་ཡོད་པ་དགྲས་ཕྲོགས་ནས་ཡུན་རིང་ཞིག་ཁ་ཉེན་པོར་སོང་བས། རྒད་པོ་ཞིག་མཁར་དེས་གདུངས་ཡོད་པ་ལ་ལན་ཅིག་མཁར་དེ་ཐོབ་ཟེར་བ་ཐོས་པས་འགྲོ་མི་ནུས་བཞིན་དུ་མདུང་ཞིག་བཟུང་ནས་བཤལ་དྲུད་བྱེད་ཅིང་རྨའི་ཕྱྭ་མཁར་ཐོབ་པ་འདི་རྨི་ལམ་མིན་ན་རུང་སྟེ་ཟེར་བ་ལྟར། དལ་འབྱོར་ཐོབ་པ་ལའང་དེ་ལྟ་བུའི་དགའ་བ་རྙེད་ནས་ཆོས་བསྒྲུབ་པ་དགོས་ཞེས་པོ་ཏོ་བ་གསུང་བ་ལྟར་བློ་དེ་ལྟ་བུ་རྙེད་རྙེད་དུ་བསྒོམ་པར་བྱའོ། །དེ་ལྟར་དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་མཚན་ཉིད་ཚང་བ་ཞིག་བསྐྱེད་པ་ལ་ཆོས་བཞི་བསམ་དགོས་སོ། །དེ་ལ་བསྒྲུབ་དགོས་པ་ནི། སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཁོ་ན་ཡིན་ལ། བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བའང་དམ་པའི་ཆོས་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །བསྒྲུབ་ནུས་པ་ནི། ཕྱིའི་རྐྱེན་བཤེས་གཉེན་དང་ནང་གི་རྐྱེན་དལ་འབྱོར་དང་ལྡན་པའི་ཕྱིར་རོ། །


JLD013_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཚེ་འདིར་བསྒྲུབ་དགོས་པ་ནི། འདིར་མ་བསྒྲུབས་ན་སྐྱེ་བ་དུ་མར་དལ་འབྱོར་ཤིན་ཏུ་རྙེད་དཀའ་བའི་ཕྱིར་རོ། །ད་ལྟ་ཉིད་ནས་བསྒྲུབ་དགོས་པ་ནི། ནམ་འཆི་ལ་ངེས་པ་མེད་པའི་ཕྱིར་རོ། །དེ་ལ་གསུམ་པས་ནི་སྐྱེ་བ་རྟིང་མ་རྣམས་སུ་ཆོས་བྱའོ་སྙམ་ནས་འདོར་བའི་ལེ་ལོ་འགོག་ལ། བཞི་པས་ནི་ཚེ་འདིར་སྒྲུབ་དགོས་ཀྱང་ལོ་དང་ཟླ་བ་དང་ཞག་སྔ་མ་རྣམས་ལ་མ་གྲུབ་ཀྱང་ཕྱི་མ་ཕྱི་མ་ལ་བསྒྲུབ་པས་ཆོག་སྙམ་ནས་མི་འཇུག་པའི་ལེ་ལོ་འགོག་པས་དེ་གཉིས་མྱུར་དུ་བསྒྲུབ་པར་བསྡུས་ནས་གསུམ་དུ་བྱས་ཀྱང་ཆོག་གོ །དེ་ལྟར་ན་འཆི་བ་དྲན་པ་ནི་འདིར་ཡང་འབྲེལ་མོད་འོན་ཀྱང་ཚིག་ཚོགས་ཆེ་བས་འོག་ཏུ་བཤད་པར་བྱའོ། །དེ་ལྟར་སྒོ་སྣ་ཚོགས་ནས་བསམས་ན་བློའི་འཁུལ་ཆེ་བས་སྔར་བཤད་པ་ལྟར་བསམས་ལ། དེ་ཙམ་མ་ནུས་ན་དལ་འབྱོར་གྱི་ངོ་བོ་ཇི་ལྟ་བུ་ཡིན་པ་དང་གནས་སྐབས་དང་མཐར་ཐུག་གི་སྒོ་ནས་དོན་ཆེ་ལུགས་དང་རྒྱུ་དང་འབྲས་བུའི་སྒོ་ནས་རྙེད་དཀའ་ཚུལ་དུ་བསྡུས་ཏེ་ཇི་ལྟར་འཚམ་པ་རེ་སྔར་བཤད་པ་ནས་བླངས་ལ་བསྒོམ་མོ། །དེ་ལ་རྒྱུའི་སྒོ་ནས་རྙེད་དཀའ་བ་ནི། སྤྱིར་བདེ་འགྲོ་ཙམ་ཞིག་ཐོབ་པ་ལའང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་དག་སྣ་གཅིག་བྱེད་དགོས་པ་དང༌། ཁྱད་པར་དུ་དལ་འབྱོར་ཚང་བ་འཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་པ་ལ་སོགས་པས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་བ་སོགས་དགེ་རྩ་མང་པོ་ཞིག་དགོས་ན་རྒྱུ་དེ་ལྟ་བུ་བསྒྲུབ་པའང་ཤིན་ཏུ་ཉུང་བར་སྣང་བས་དེ་ལ་དཔགས་ནས་འབྲས་


JLD013_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བདེ་འགྲོའི་རྟེན་སྤྱི་དང་ཁྱད་པར་རྙེད་དཀའ་བར་སེམས་པའོ། །འབྲས་བུའི་སྒོ་ནས་རྙེད་དཀའ་བ་ནི། རིགས་མི་མཐུན་ངན་འགྲོ་རྣམས་ལ་བལྟོས་ཏེ་བདེ་འགྲོ་ཙམ་ཡང་སྲིད་མཐར་སྣང་ལ། རིགས་མཐུན་བདེ་འགྲོ་ལ་བལྟོས་ཏེ་ཡང་དལ་བ་ཁྱད་པར་ཅན་ནི་ཆེས་དཀོན་པ་བསྒོམ་པའོ། །དགེ་བཤེས་དོལ་པས་འདི་ལ་ནན་ཆེར་མཛད་པས་ཆོས་གཞན་ཀུན་དེས་སྣ་དྲངས་ནས་བྱུང་གསུང་བ་ལྟར་ཡིན་པས་འབད་པར་བྱའོ། །གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ་གཉིས། ལམ་སྤྱིའི་རྣམ་གཞག་ལ་ངེས་པ་བསྐྱེད་པ་དང༌། དེ་ལ་སྙིང་པོ་ལེན་ཚུལ་དངོས་སོ། །དང་པོ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཐམས་ཅད་འདུ་བའི་ཚུལ་དང་། སྐྱེས་བུ་གསུམ་གྱི་སྒོ་ནས་རིམ་པ་བཞིན་དུ་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། སངས་རྒྱས་ཀྱིས་ཐོག་མར་ཐུགས་བསྐྱེད་པ་དང་བར་དུ་ཚོགས་བསགས་པ་དང་ཐ་མར་མངོན་པར་རྫོགས་པར་སངས་རྒྱས་པ་ཐམས་ཅད་སེམས་ཅན་ཁོ་ནའི་དོན་དུ་ཡིན་པས། ཆོས་གསུངས་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་ཁོ་ན་སྒྲུབ་པར་བྱེད་པའོ། །དེ་ལྟར་ན་བསྒྲུབ་བྱ་སེམས་ཅན་གྱི་དོན་ནི་གཉིས་ཏེ། གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་སོ། །དེ་ལ་གནས་སྐབས་ཀྱི་མངོན་མཐོ་བསྒྲུབ་པ་ལས་བརྩམས་ཏེ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་སྐྱེས་བུ་ཆུང་ངུ་དངོས་སམ་ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་ནི། ཚེ་འདི་ལ་ཆེས་


JLD013_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་མི་བྱེད་པར་འཇིག་རྟེན་ཕྱི་མའི་མཐོ་རིས་ཀྱི་ཕུན་སུམ་ཚོགས་པ་དོན་དུ་གཉེར་ཞིང་དེའི་རྒྱུ་རྣམས་བསྒྲུབ་པ་ལ་འཇུག་པའི་ཕྱིར་ཏེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །ཞེས་གསུངས་པའི་ཕྱིར་རོ། །ངེས་ལེགས་ལ་གཉིས་ཏེ། འཁོར་བ་ལས་གྲོལ་བ་ཙམ་གྱི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ངོ་། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་ཏེ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་སྐྱེས་བུ་འབྲིང་དངོས་སམ་འབྲིང་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་འབྲིང་ནི། སྲིད་པ་མཐའ་དག་ལ་སྐྱོ་བ་བསྐྱེད་ནས་སྲིད་པ་ལས་གྲོལ་བའི་ཐར་པ་རང་གི་དོན་དུ་ཐོབ་བྱར་བྱས་ཏེ་དེའི་ཐབས་ལམ་བསླབ་པ་གསུམ་ལ་འཇུག་པ་ཡིན་པའི་ཕྱིར་ཏེ། ལམ་སྒྲོན་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཇོ་བོས་སྤྱོད་བསྡུས་སྒྲོན་མ་ལས། གསང་སྔགས་ཕ་རོལ་ཕྱིན་པ་ལ། །བརྟེན་ནས་བྱང་ཆུབ་བསྒྲུབ་བོ་ཞེས། །བླ་མ་སངས་རྒྱས་གསུང་བས་ན། །དེ་དོན་འདིར་ནི་བྲི་བར་བྱ། །ཞེས་གསུངས་པ་ལྟར། རྣམ་མཁྱེན་སྒྲུབ་པའི་ཐབས་ནི་གཉིས་ཏེ། གསང་སྔགས་ཀྱི་ཐེག་པ་ཆེན་པོ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོའོ། །དེ་གཉིས་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆེན་པོ་ནི། སྙིང་


JLD013_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཐོབ་བྱར་བྱས་ཏེ། ཕྱིན་དྲུག་དང་རིམ་པ་གཉིས་ལ་སོགས་པ་ལ་སློབ་པ་ཡིན་པའི་ཕྱིར་ཏེ། ལམ་སྒྲོན་ལས། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་ཤིང༌། སྐྱེས་བུ་དེས་བྱང་ཆུབ་བསྒྲུབ་པའི་ཐབས་ལ་ཕ་རོལ་ཏུ་ཕྱིན་པ་དང་སྔགས་གཉིས་ཀ་འོག་ནས་གསུངས་པའི་ཕྱིར་རོ། །སྐྱེས་བུ་གསུམ་གྱི་ཐ་སྙད་ནི་གཏན་ལ་དབབ་པ་བསྡུ་བར། གཞན་ཡང་གང་ཟག་གསུམ་སྟེ་སྡོམ་པའང་མ་ཡིན་སྡོམ་པ་མ་ཡིན་པའང་མ་ཡིན་པས་བསྡུས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པའང་ཡོད་དོ། །ཉན་ཐོས་དང་ལྡན་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པའང་ཡོད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པའང་ཡོད་དོ། །དེ་ལའང་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ནི་འདི་དང་དོན་འདྲ་ལ། གཞན་ཡང་སྐྱེས་བུ་ཐ་མ་དང་འབྲིང་དང་མཆོག་འཇོག་ཚུལ་མང་པོ་ཞིག་གསུངས་སོ། །ལམ་སྒྲོན་བཞིན་དུ་མཛོད་འགྲེལ་ལས། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་སྐྱེས་བུ་གསུམ་གྱི་མཚན་ཉིད་གསུངས་སོ། །སྐྱེས་བུ་ཆུང་ངུ་ལ་ཚེ་འདི་


JLD013_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུར་ལེན་པ་དང་ཕྱི་མ་ལྷུར་ལེན་པ་གཉིས་ཡོད་མོད་ཀྱང་འདིར་ནི་གཉིས་པ་སྟེ། དེ་ཡང་མངོན་མཐོའི་ཐབས་མ་ནོར་བ་ལ་ཞུགས་པ་བཟུང་ངོ་། །གཉིས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་རིམ་པ་བཞིན་དུ་འཁྲིད་པའི་རྒྱུ་མཚན་བསྟན་པ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་འཁྲིད་པའི་དོན་གང་ཡིན་པ་དང༌། རིམ་པ་དེ་ལྟར་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། དེ་ལྟར་སྐྱེས་བུ་གསུམ་དུ་བཤད་ཀྱང་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པར་སྐྱེས་བུ་གཞན་གཉིས་ཀྱི་ལམ་ཡང་མ་ཚང་བ་མེད་པར་འདུ་བས་དེ་གཉིས་ཐེག་ཆེན་གྱི་ལམ་གྱི་ཆ་ཤས་སམ་ཡན་ལག་ཡིན་ཏེ། སློབ་དཔོན་རྟ་དབྱངས་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། མི་འཚེ་བ་དང་བདེན་པ་དང༌། །བྱིན་ནས་ལེན་དང་ཚངས་པར་སྤྱོད། །འཛིན་པ་ཐམས་ཅད་བཏང་བ་ནི། །འདི་ནི་བདེ་འགྲོའི་སྤྱོད་པ་ཡིན། །འཁོར་བའི་སྡུག་བསྔལ་ཡོངས་མཐོང་ནས། །སྤང་ཕྱིར་བདེན་པའི་ལམ་བསྒོམ་ཞིང་། །ཁ་ན་མ་ཐོ་གཉིས་སྤོང་བ། །འདི་ནི་ཞི་བའི་སྤྱོད་པ་ཡིན། །འདི་དག་ཀུན་ཀྱང་བླང་བྱ་སྟེ། །ངེས་འབྱུང་ལམ་གྱི་ཡན་ལག་ཡིན། །ཆོས་ཀུན་སྟོང་པ་ཉིད་རྟོགས་པས། །འགྲོ་ལ་སྙིང་རྗེའི་ཆུ་རྒྱུན་འབྱུང༌། །ཐབས་མཁས་སྤྱོད་པ་མཐའ་ཡས་པ། །ངེས་འབྱུང་མཆོག་གི་སྤྱོད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འདིར་སྲིད་པའི་བདེ་བ་ཙམ་ལ་ཐོབ་བྱར་བྱེད་པའི་སྐྱེས་བུ་ཆུང་ངུ་དང་འཁོར་བ་ལས་ཐར་བ་ཙམ་རང་གི་དོན་དུ་ཐོབ་བྱར་བྱེད་པའི་སྐྱེས་བུ་འབྲིང་གི་ལམ་དུ་


JLD013_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིད་པ་མིན་གྱི། དེ་གཉིས་དང་ཐུན་མོང་བའི་ལམ་འགའ་ཞིག་སྐྱེས་བུ་ཆེན་པོའི་ལམ་ལ་འཁྲིད་པའི་སྔོན་འགྲོར་བྱས་ནས་སྐྱེས་བུ་ཆེན་པོའི་ལམ་སྦྱོང་བའི་ཡན་ལག་ཏུ་བྱེད་པ་ཡིན་ནོ། །དེའི་ཕྱིར་སྔར་བཤད་པ་ལྟར་སྙིང་པོ་ལེན་འདོད་སྐྱེས་པ་ན་སྙིང་པོ་ལེན་ལུགས་ནི། དབུ་མ་སྙིང་པོ་ལས། སུ་ཞིག་ཆུ་ཤིང་དབུ་བ་ལྟར། །སྙིང་པོ་མེད་པའི་ལུས་འདི་དག །གཞན་ཕན་རྐྱེན་དུ་སྒྲུབ་བྱེད་པས། །ལྷུན་པོ་སྙིང་པོར་སྒྲུབ་མི་བྱེད། །ཡ་རབས་སྙིང་རྗེ་ལྡན་པས་ནི། །སྐད་ཅིག་རེ་རེར་རྒ་ཤི་དང༌། །ནད་ཀྱི་གཞིར་གྱུར་ལུས་དག་ནི། །གཞན་ལ་བདེ་བསྐྱེད་གཞིར་བྱེད་དོ། །དམ་ཆོས་སྒྲོན་དང་བཅས་པ་ལ། །མི་ཁོམ་བརྒྱད་སྤངས་ཁོམ་པ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །ཞེས་གསུངས་པ་ལྟར། བདག་གི་ལུས་ཆུ་ཤིང་དང་དབུ་བ་ལྟར་སྙིང་པོ་མེད་ལ་ནད་ཀྱི་ཚང་རྒ་བ་ལ་སོགས་པའི་སྡུག་བསྔལ་གྱི་འབྱུང་གནས་འདི། སྐྱེས་བུ་ཆེན་པོའི་ཀུན་སྤྱོད་ཀྱིས་ཉིན་མཚན་འདའ་བར་བྱ་སྟེ། དོན་ལྡན་དུ་བྱའོ་སྙམ་ནས་ཐེག་པ་ཆེན་པོར་འཇུག་པ་ཡིན་ནོ། །འོ་ན་དང་པོ་ནས་སྐྱེས་བུ་ཆེན་པོ་ནས་འཁྲིད་པར་རིགས་མོད་ཆུང་འབྲིང་དང་ཐུན་མོང་བའི་ལམ་སྦྱངས་པས་ཅི་བྱ་ཞེ་ན། དེ་གཉིས་དང་ཐུན་མོང་བའི་ལམ་སྦྱོང་བ་ཉིད་སྐྱེས་བུ་ཆེན་པོའི་ལམ་བསྐྱེད་པའི་སྔོན་འགྲོ་ཡིན་ཏེ་དེར་འགྱུར་ཚུལ་ནི་འཆད་པར་འགྱུར་རོ། །གཉིས་པ་རིམ་པ་དེ་ལྟར་འཁྲིད་པའི་རྒྱུ་མཚན་ལ་གཉིས། རྒྱུ་མཚན་དངོས་དང༌།


JLD013_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའོ། །དང་པོ་ནི། ཐེག་པ་ཆེན་པོར་འཇུག་པའི་འཇུག་སྒོ་ནི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཉིད་ཡིན་ཏེ། དེ་རྒྱུད་ལ་སྐྱེས་པ་ན། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །ཞེས་གསུངས་པ་ལྟར། རྒྱལ་བའི་སྲས་སམ་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་ཐོབ་ནས་རྟེན་དེ་ཐེག་ཆེན་པར་ཚུད་ལ། དེ་ནམ་ཉམས་པ་ན་ཐེག་ཆེན་པའི་གསེབ་ནས་ཕྱིར་ལ་འཐོན་པར་འགྱུར་བའི་ཕྱིར་རོ། །དེས་ན་ཐེག་ཆེན་དུ་འཇུག་འདོད་པ་རྣམས་ཀྱིས་ནི་སེམས་དེ་ཐབས་དུ་མས་འབད་ནས་བསྐྱེད་དགོས་ལ། དེ་བསྐྱེད་པ་ལ་ནི་སྔོན་དུ་སེམས་དེ་བསྐྱེད་པའི་ཕན་ཡོན་བསྒོམས་ནས་སྙིང་ཐག་པ་ནས་ཕན་ཡོན་ལ་སྤྲོ་ཤུགས་འཕེལ་བ་ཞིག་དང༌། ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་དགོས་པར་བྱང་སེམས་ཀྱི་ལམ་གྱི་རིམ་པ་སྟོན་པའི་གཞུང་མཆོག་ཏུ་གྱུར་པ་བསླབ་བཏུས་དང་སྤྱོད་པ་ལ་འཇུག་པ་ལས་གསུངས་སོ། །དེ་ལྟར་གསུངས་པའི་ཕན་ཡོན་ཡང་བསྡུ་ན་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ༌ཡང་ངན་འགྲོར་མི་ལྟུང་བ་དང་བདེ་འགྲོར་སྐྱེ་བ་གཉིས་ཏེ། སེམས་དེ་སྐྱེས་ན་ངན་འགྲོའི་རྒྱུ་སྔར་བསགས་དུ་མ་འདག་པ་དང༌། ཕྱིས་གསོག་པ་རྣམས་རྒྱུན་འཆད་པ་དང༌། བདེ་འགྲོའི་རྒྱུ་སྔར་བསགས་རྣམས་དེས་ཟིན་པས་རྒྱ་ཆེར་འཕེལ་བ་དང༌། གསར་དུ་བྱེད་པ་རྣམས་ཀྱང་དེས་ཀུན་ནས་སློང་བས་


JLD013_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པའི་མཐའ་མེད་པའོ། །མཐར་ཐུག་གི་དོན་ཐར་པ་དང་ཐམས་ཅད་མཁྱེན་པ་རྣམས་ཀྱང་སེམས་དེ་ལ་བརྟེན་ནས་བདེ་བླག་ཏུ་འགྲུབ་པ་ལ། སྔོན་དུ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ལ་ཐོབ་འདོད་ཀྱི་འདུན་པ་བཅོས་མ་མ་ཡིན་པ་ཞིག་མེད་ན། ཕན་ཡོན་དེ་དག་སེམས་བསྐྱེད་ལས་འབྱུང་བས་སེམས་དེ་བསྐྱེད་པ་ལ་འབད་པར་བྱའོ་ཞེས་སྨྲས་ཀྱང་ཚིག་ཙམ་དུ་འགྱུར་བ་རང་གི་རྒྱུད་ལ་བརྟགས་ན་ཤིན་ཏུ་གསལ་ལོ། །དེས་ན་སྔོན་དུ་མངོན་མཐོ་དང་ངེས་ལེགས་ཀྱི་ཕན་ཡོན་གཉིས་པོ་དེ་ལ་ཐོབ་འདོད་བསྐྱེད་པ་ལ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱོང་དགོས་སོ། །དེ་ལྟར་ཕན་ཡོན་གཉིས་ལ་ཐོབ་འདོད་སྐྱེས་ནས་ཕན་ཡོན་ཅན་གྱི་སེམས་བསྒོམ་པ་ལ་འཇུག་པ་ན། སེམས་དེའི་རྩ་བ་བྱམས་པ་དང་སྙིང་རྗེ་ཆེན་པོ་བསྐྱེད་དགོས་ལ། དེ་ཡང་རང་བདེ་བས་ཕོངས་པ་དང་སྡུག་བསྔལ་གྱིས་མནར་བའི་འཁོར་བར་འཁྱམས་ཚུལ་བསམས་པ་ན། བ་སྤུ་གཡོ་འགུལ་མེད་པ་ཞིག་ལ་སེམས་ཅན་གཞན་འཁོར་བར་འཁྱམས་པའི་ཚེ་བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པ་འོང༌ས་མེད་དེ། སྤྱོད་འཇུག་ལས། སེམས་ཅན་དེ་དག་རྣམས་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ༌ག་ལ་སྐྱེ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེས་བུ་ཆུང་ངུའི་སྐབས་སུ་རང་ལ་ངན་འགྲོར་སྡུག་བསྔལ་གྱི་གནོད་པ་འབབ་ཚུལ་དང༌། འབྲིང་གི་སྐབས་སུ་མཐོ་རིས་ན་ཡང་


JLD013_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཞིང་ཞི་བའི་བདེ་བ་མེད་ཚུལ་རྣམས་བསམས་ནས། དེ་ནས་གཉེན་དུ་གྱུར་པའི་སེམས་ཅན་རྣམས་ལ་ཡང་རང་གི་ཉམས་ལ་དཔགས་ནས་བསྒོམས་པས་བྱམས་པ་དང་སྙིང་རྗེ་སྐྱེ་བའི་རྒྱུར་འགྱུར་ཞིང༌། དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས་ན་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱོང་བ་ནི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེ་བའི་ཐབས་ཡིན་གྱི། ལམ་ལོགས་པ་ཞིག་ཏུ་འཁྲིད་པ་མིན་ནོ། །དེ་བཞིན་དུ་དེ་གཉིས་ཀྱི་སྐབས་ཀྱི་སྐྱབས་སུ་འགྲོ་བ་དང་ལས་འབྲས་བསམ་པ་ལ་སོགས་པའི་སྒོ་ནས་བསག་སྦྱང་གི་སྒོ་དུ་མ་ལ་འབད་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་སྔོན་འགྲོ་རྒྱུད་སྦྱོང་བའི་ཐབས་ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་རྣམས་སུ་ཅི་རིགས་སུ་འགྱུར་བས་དེ་དག་ཀྱང་སེམས་དེ་སྐྱེ་བའི་ཐབས་སུ་གོ་བར་བྱའོ། །འདིར་ཆུང་ངུ་དང་འབྲིང་གི་ཆོས་སྐོར་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཡན་ལག་ཏུ་འགྲོ་ལུགས་རྣམས་བླ་མས་ཀྱང་ལེགས་པར་བརྡ་སྤྲད། སློབ་མས་ཀྱང་དེ་ལ་ངེས་པ་རྙེད་པར་བྱས་ལ། སྐྱོང་རེས་ཀྱིས་དེ་དག་དྲན་པར་བྱས་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཡན་ལག་ཏུ་སྦྱོང་བ་ཤིན་ཏུ་གཅེས་ཏེ། དེ་ལྟར་མ་བྱས་ན་སྐྱེས་བུ་ཆེན་པོའི་ལམ་དང་ལམ་སོ་སོ་བ་འབྲེལ་མེད་དུ་འགྱུར་ཞིང་སྐྱེས་བུ་ཆེན་པོའི་ལམ་དངོས་ལ་མ་སླེབ་བར་དུ་བྱང་ཆུབ་ཀྱི་སེམས་ལ་ངེས་པ་གང་ཡང་མི་རྙེད་པས་སེམས་དེ་སྐྱེ་བའི་གེགས་སམ། ཡང་ན་དེའི་བར་དུ་དོན་ཆེན་པོ་ལས་ཉམས་ནས་འགྲོ་བས་འདི་ལ་ནན་ཏན་བྱའོ། །དེ་


JLD013_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཆུང་འབྲིང་གི་ལམ་སྦྱང་བ་དང་ཆེན་པོའི་སྐབས་སུ་བཤད་པ་ལྟར་ལེགས་པར་སྦྱངས་ནས་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་ཅི་སྐྱེ་བྱ། དེ་ནས་སེམས་དེ་བརྟན་པར་བྱ་བའི་ཕྱིར་དུ་སྐྱབས་འགྲོ་ཐུན་མོང་མ་ཡིན་པ་སྔོན་དུ་བཏང་ནས་སྨོན་པའི་ཆོ་ག་བྱ། སྨོན་པ་ཆོ་གས་བཟུང་ནས་དེའི་བསླབ་བྱ་རྣམས་ལ་འབད་པས་བསླབ། དེ་ནས་བྱང་སེམས་ཀྱི་སྤྱོད་པ་ཕྱིན་དྲུག་དང་བསྡུ་བཞི་སོགས་ལ་སློབ་པར་འདོད་པའི་སློབ་འདོད་མང་དུ་སྦྱངས་ལ། སྙིང་ཐག་པ་ནས་སློབ་འདོད་བྱུང་བ་ན་འཇུག་པའི་སྡོམ་པ་རྣམ་པར་དག་པ་ཞིག་ངེས་པར་བླང༌། དེ་ནས་རྩ་ལྟུང་གིས་མ་གོས་པ་ལ་སྲོག་བསྡོས་བྱ་ཞིང༌། གཞན་ཡང་ཟག་པ་ཆུང་འབྲིང་དང་ཉེས་བྱས་རྣམས་ཀྱིས་ཀྱང་མ་གོས་པ་ལ་འབད་ཅིང༌། ཅི་སྟེ་གོས་ནའང་ལྟུང་བ་ཕྱིར་བཅོས་ཇི་ལྟར་གསུངས་པའི་སྒོ་ནས་ལེགས་པར་སྦྱང༌། དེ་ནས་ཕྱིན་དྲུག་སྤྱི་ལ་བསླབ་ཅིང་ཁྱད་པར་དུ་སེམས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་པ་ལྟར་བཀོལ་དུ་རུང་བར་བྱ་བའི་ཕྱིར་ཞི་གནས་ཀྱི་ངོ་བོ་བསམ་གཏན་ལ་ལེགས་པར་བསླབ་བོ། །ལམ་སྒྲོན་ལས། མངོན་ཤེས་བསྐྱེད་པའི་ཕྱིར་དུ་ཞི་གནས་བསྐྱེད་པར་གསུངས་པ་ནི་མཚོན་པ་ཙམ་སྟེ། སྐབས་གཞན་དུ་ཇོ་བོ་ཉིད་ཀྱིས་ལྷག་མཐོང་བསྐྱེད་པའི་ཕྱིར་དུ་ཡང་གསུངས་པས་དེའི་ཕྱིར་དུ་ཡང་ཞི་གནས་བསྒྲུབ་བོ། །དེ་ནས་བདག་གཉིས་སུ་འཛིན་པའི་འཆིང་བ་བཅད་པའི་ཕྱིར་དུ་བདག་མེད་པ་སྟོང་པ་ཉིད་ཀྱི་


JLD013_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལྟ་བས་ཐག་ཆོད་པར་བྱས་ལ། བསྒོམ་ཚུལ་མ་ནོར་བར་བསྐྱངས་ནས་ཤེས་རབ་ཀྱི་ངོ་བོ་ལྷག་མཐོར་བསྒྲུབ་པར་བྱའོ། །དེ་ལྟར་ན་ཞི་གནས་དང་ལྷག་མཐོང་བསྒྲུབ་པ་མ་གཏོགས་པའི་འཇུག་སྡོམ་གྱི་བསླབ་བྱ་ལ་སློབ་པ་མན་ཆད་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཞི་གནས་ནི་ཏིང་ངེ་འཛིན་ནམ་སེམས་ཀྱི་བསླབ་པ་དང༌། ལྷག་མཐོང་ནི་ཤེས་རབ་ཀྱི་བསླབ་པར་ལམ་སྒྲོན་འགྲེལ་པ་ལས་གསུངས་སོ། །གཞན་ཡང་ཞི་གནས་མན་ཆད་ཐབས་ཀྱི་ཆ་དང་བསོད་ནམས་ཀྱི་ཚོགས་དང་ཀུན་རྫོབ་བདེན་པ་ལ་བརྟེན་པའི་ལམ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཡིན་ལ། ཤེས་རབ་ཁྱད་པར་ཅན་གསུམ་བསྐྱེད་པ་ནི་ཤེས་རབ་ཀྱི་ཆ་དང་ཡེ་ཤེས་ཀྱི་ཚོགས་དང་དོན་དམ་པའི་བདེན་པ་ལ་བརྟེན་པ་དང་ཟབ་མོའི་ལམ་གྱི་རིམ་པ་ཡིན་པས། དེ་དག་གི་གོ་རིམ་དང་གྲངས་ངེས་པ་དང་ཐབས་ཤེས་ཡ་བྲལ་གྱིས་བྱང་ཆུབ་མི་འགྲུབ་པ་ལ་ངེས་པ་ཆེན་པོ་བསྐྱེད་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་སངས་རྒྱས་ཀྱིས་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོར་འགྲོ་བའི་རྒྱལ་སྲས་ངང་པའི་རྒྱལ་པོ་དེ་རྒྱ་ཆེ་བ་ཐབས་ཀྱི་ཆ་རྣམས་མ་ཚང་བ་མེད་པའི་ཀུན་རྫོབ་ཀྱི་བདེན་པའི་གཤོག་པ་དང༌། དེ་ཁོ་ན་ཉིད་བདག་མེད་པ་གཉིས་ལེགས་པར་རྟོགས་པའི་དོན་དམ་པའི་བདེན་པ་ལ་བརྟེན་པའི་གཤོག་པ་གཉིས་བགྲད་ནས་འགྲོ་བར་བྱེད་ཀྱི། བྱ་གཤོག་ཆག་ལྟར་ལམ་གྱི་ཆ་ཤས་ཕྱོགས་རེ་བཟུང་ནས་འགྲོ་བར་མི་བྱེད་དེ། དབུ་མ་ལ་འཇུག་པ་ལས། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་


JLD013_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ནི་སྐྱེ་བོའི་ངང་པ་ཡིས། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ལམ་ཐུན་མོང་བ་རྣམས་ཀྱིས་རྒྱུད་སྦྱངས་ནས་ནི་ངེས་པར་གསང་སྔགས་ལ་འཇུག་དགོས་ཏེ། དེ་ལ་ཞུགས་ན་མྱུར་དུ་ཚོགས་གཉིས་རྫོགས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ཙམ་ལས་མི་ལྕོགས་པའམ་རིགས་ཀྱི་ནུས་པ་ཆུང་བས་འཇུག་པར་མི་སྤྲོ་ན་ལམ་གྱི་རིམ་པ་དེ་ཉིད་ཇེ་རྒྱས་སུ་གཏོང་བ་ཙམ་བྱའོ། །གསང་སྔགས་ལ་འཇུག་ན་ནི་སྤྱིར་ཐེག་པ་ཐམས་ཅད་དང་ཁྱད་པར་དུ་གསང་སྔགས་ནས་ནན་ཏན་ཆེ་བར་གསུངས་པས། བཤེས་གཉེན་བསྟེན་ཚུལ་སྔོན་ལས་ཁྱད་པར་དུ་གྱུར་པ་ཞིག་དེ་ནས་བཤད་པའི་རྗེས་སུ་འབྲངས་ཏེ་བྱ། དེ་ནས་རྒྱུད་སྡེ་ཁུངས་མ་ནས་འབྱུང་བའི་དབང་གིས་རྒྱུད་སྨིན་པར་བྱས་ནས་དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་ཐམས་ཅད་ལ་སྲོག་བསྡོས་བྱས་ལ་ཚུལ་བཞིན་དུ་བསྲུང༌། ཁྱད་པར་དུ་རྩ་བའི་ལྟུང་བས་ཕོག་ན་སླར་བླང་དུ་ཡོད་ཀྱང་རྒྱུད་ཆུད་ཟོས་ཏེ། ཡོན་ཏན་ཤིན་ཏུ་སྐྱེ་བར་དཀའ་བས་རྩ་ལྟུང་གིས་ཡེ་མ་གོས་པ་ལ་འབད། ཡན་ལག་གི་ལྟུང་བ་རྣམས་ཀྱིས་མ་གོས་པ་ལ་འབད་ཅིང་གོས་ནའང་བཤགས་བསྡམ་གྱིས་དག་པར་བྱས་ཏེ། དམ་ཚིག་དང་སྡོམ་པ་ནི་ལམ་གྱི་གཞི་ཡིན་པའི་ཕྱིར་རོ། །དེ་ནས་རྒྱུད་སྡེ་འོག་མ་ལྟར་ན་མཚན་མ་དང་བཅས་པའི་རྣལ་འབྱོར་དང༌། གོང་མ་ལྟར་ན་བསྐྱེད་རིམ་གྱི་རྣལ་འབྱོར་གང་རུང་ལ་ལེགས་པར་ཁྲིད་ལ་བསླབ། དེ་བརྟན་ནས་རྒྱུད་སྡེ་འོག་མ་ལྟར་ན་མཚན་མ་མེད་པའི་རྣལ་འབྱོར་དང༌། གོང་མ་


JLD013_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་རྫོགས་རིམ་གྱི་རྣལ་འབྱོར་གང་རུང་ལ་ལེགས་པར་བསླབ་བོ། །དེ་ལྟ་བུའི་ལམ་གྱི་རྣམ་པར་བཞག་པའི་ལུས་ནི་ལམ་སྒྲོན་ལས་གསུངས་ཏེ། ལམ་རིམ་གྱིས་ཀྱང་དེ་བཞིན་དུ་འཁྲིད་པའོ། །གཞུང་གཞན་དུ་ཡང་ཇོ་བོ་ཆེན་པོས་གསུངས་ཏེ། ཐེག་ཆེན་གྱི་ལམ་གྱི་སྒྲུབ་ཐབས་བསྡུས་པ་ལས། བསམ་གྱིས་མི་ཁྱབ་ཆེ་བ་མངའ། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །བྱང་ཆུབ་བསྒྲུབ་ལ་རག་ལས་པས། །སྒྲུབ་པ་ལྷུར་བླང་སྙིང་པོར་བྱ། །དལ་འབྱོར་ཕུན་སུམ་ཚོགས་པའི་ལུས། །ཤིན་ཏུ་རྙེད་དཀའ་རྙེད་གྱུར་ཅིང༌། །ཕྱིས་ཀྱང་ཤིན་ཏུ་རྙེད་དཀའ་བས། །སྒྲུབ་ལ་འབད་པས་དོན་ཡོད་བྱ། །ཞེས་དང༌། ཇི་ལྟར་བཙོན་ནི་བཙོན་ར་ལས། །འབྲོས་པའི་གླགས་ནི་བྱུང་བའི་ཚེ། །ཆེད་ཀ་གཞན་དང་མི་སྙོམས་པར། །དེ་ཡི་གནས་ནས་འབྲོས་པ་ལྟར། །འཁོར་བའི་རྒྱ་མཚོ་ཆེ་འདི་ལས། །བརྒལ་བའི་གླགས་དག་བྱུང་གྱུར་ན། །ཆེད་ཀ་གཞན་དང་མི་མཉམ་པར། །སྲིད་པའི་ཁྱིམ་ནས་འབྱུང་བར་བྱ། །ཞེས་དང༌། སྐྱབས་འགྲོ་ལྷག་པའི་ཚུལ་ཁྲིམས་དང༌། །སྨོན་པའི་གཞི་ལ་གནས་པ་ཡིས། །སེམས་དཔའི་སྡོམ་པ་རབ་བཟུང་ཞིང༌། །ཕ་རོལ་ཕྱིན་དྲུག་ལ་སོགས་པ། །སེམས་དཔའི་སྤྱོད་པ་ཐམས་ཅད་ལ། །ཅི་ནུས་རིམ་གྱིས་ཚུལ་བཞིན་སྤྱད། །ཅེས་དང༌། ཐབས་དང་ཤེས་རབ་སྙིང་པོ་གང༌། །ཞི་གནས་


JLD013_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མཐོང་རྣལ་འབྱོར་བསྒོམ། །ཞེས་གསུངས་ཤིང༌། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ལས་ཀྱང༌། དང་པོ་སྙིང་རྗེའི་སྟོབས་ལས་བྱུང༌། །རྫོགས་པའི་བྱང་ཆུབ་སེམས་བརྟན་བྱ། །སྲིད་པའི་ལོངས་སྤྱོད་བདེ་མ་ཆགས། །ཡོངས་སུ་འཛིན་ལས་རྒྱབ་ཀྱིས་ཕྱོགས། །དད་སོགས་ནོར་ནི་ཕུན་སུམ་ཚོགས། །བླ་མ་སངས་རྒྱས་དང་མཉམ་གུས། །དེས་བསྟན་དམ་ཚིག་ལྡན་པ་ནི། །ཡོངས་སུ་བསྐྱང་ལ་རབ་ཏུ་བརྩོན། །བུམ་པ་གསང་བའི་དབང་བསྐུར་བ། །བླ་མའི་དྲིན་གྱིས་ཡོངས་སུ་ཐོབ། །ལུས་ངག་སེམས་ནི་རྣམ་དག་པ། །སྒྲུབ་པ་པོ་ནི་དངོས་གྲུབ་སྣོད། །ཏིང་འཛིན་ཡན་ལག་ལས་བྱུང་བའི། །ཚོགས་ནི་ཡོངས་སུ་རྫོགས་པ་ལས། །མྱུར་དུ་དངོས་གྲུབ་འཐོབ་འགྱུར་བ། །དེ་ལྟར་གསང་སྔགས་ཚུལ་གནས་ཡིན། །ཞེས་གསུངས་སོ། །གཉིས་པ་དགོས་པ་ནི། གལ་ཏེ་སྐྱེས་བུ་ཆུང་འབྲིང་གི་ཆོས་སྐོར་རྣམས་སྐྱེས་བུ་ཆེན་པོའི་སྔོན་འགྲོ་ཡིན་ན་སྐྱེས་བུ་ཆེན་པོའི་ལམ་རིམ་དུ་བྱས་པས་ཆོག་མོད། སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་རིམ་ཞེས་ཐ་སྙད་བྱ་ཅི་དགོས་ཤེ་ན། སྐྱེས་བུ་གསུམ་སོ་སོར་ཕྱེ་སྟེ་ཁྲིད་པ་ལ་དགོས་པ་ཆེན་པོ་གཉིས་ཡོད་དེ། འདི་ལྟར་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་བློ་མ་སྐྱེས་པར་ཡང་རང་ཉིད་སྐྱེས་བུ་ཆེན་པོར་ཁས་འཆེ་བའི་མངོན་པའི་ང་རྒྱལ་གཞོམ་པ་དང༌། བློ་རབ་འབྲིང་ཐ་གསུམ་ལ་ཕན་ཆེ་བའོ། །ཕན་ཆེ་ལུགས་ནི། སྐྱེས་བུ་གོང་མ་གཉིས་ལ་ཡང་མངོན་མཐོ་དང་ཐར་པ་དོན་གཉེར་དགོས་


JLD013_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཀྲི་བར་བྱ་བའི་གང་ཟག་ཆེ་འབྲིང་གཉིས་ལ་ཡང་དེ་གཉིས་ཀྱི་བསམ་པ་སྦྱོང་བ་བསྟན་པ་སྐྱོན་དུ་མི་འགྱུར་ཞིང་ཡོན་ཏན་བསྐྱེད་པའི་ཕྱིར་དང༌། གང་ཟག་ཐ་མ་ཞིག་ཡིན་ན་ནི་གོང་མ་ནས་སྦྱངས་ཀྱང་བསམ་པ་གོང་མ་མི་སྐྱེ་ལ། འོག་མ་དོར་བས་གང་ཡང་མེད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་གོང་མའི་སྐལ་བ་ཅན་ལ་ལམ་ཐུན་མོང་བ་བསྟན་ཏེ་སྦྱངས་པ་ན། སྔར་ནས་སྐྱེས་ཟིན་པའམ། སྔར་མ་སྐྱེས་ཀྱང་མྱུར་དུ་ཡོན་ཏན་དེ་དག་སྐྱེ་བར་འགྱུར་བས་འོག་མ་འོག་མ་སྐྱེས་པ་ན། གོང་མ་གོང་མར་ཁྲིད་པས་ཆོག་པས་རང་གི་ལམ་ལས་འགྱང་བ་མེད་དོ། །བློ་རིམ་གྱིས་བཀྲི་དགོས་པ་ནི། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། ནོར་བུ་མཁན་མཁས་པས་ནོར་བུ་རིམ་གྱིས་སྦྱོང་བའི་དཔེ་དོན་དུ་སྦྱར་ནས་བཀའ་སྩལ་ཏེ། ཚིག་མངས་སུ་དོགས་ནས་མ་བྲིས་སོ། །མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོང༌། །ཞེས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་རིམ་ཅན་དུ་འཁྲིད་པར་གསུངས་པ་དང༌། འཕགས་པ་ཐོགས་མེད་ཀྱིས་ཀྱང༌། ཡང་བྱང་ཆུབ་སེམས་དཔའ་ནི་རིམ་གྱིས་དགེ་བའི་ཕྱོགས་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་སེམས་ཅན་བྱིས་པའི་ཤེས་རབ་ཅན་རྣམས་ལ། ཐོག་མར་སླ་བའི་ཆོས་སྟོན་པར་བྱེད་ཅིང་སླ་བའི་གདམས་ངག་དང་རྗེས་སུ་བསྟན་པ་རྗེས་སུ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་འབྲིང་དང་ལྡན་པར་གྱུར་པར་རྟོགས་ནས་ཆོས་


JLD013_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་འབྲིང་དང་གདམས་ངག་དང་རྗེས་སུ་བསྟན་པ་འབྲིང་རྗེས་སུ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་རྒྱ་ཆེན་པོ་དང་ལྡན་པར་གྱུར་པར་རྟོགས་ནས་ཆོས་ཟབ་མོ་སྟོན་ཞིང་གདམས་ངག་དང་རྗེས་སུ་བསྟན་པ་ཕྲ་བ་རྗེས་སུ་འཇུག་པར་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་གོ་རིམ་དུ་འབབ་པ་ཡིན་ནོ། །ཞེས་གསུངས་པ་དང༌། འཕགས་པ་ལྷས་ཀྱང༌། སྤྱོད་པ་བསྡུས་པའི་སྒྲོན་མེར། སྔོན་དུ་ཕར་ཕྱིན་གྱི་ཐེག་པའི་བསམ་པ་ལ་སྦྱངས་ནས། དེ་ནས་སྔགས་ལ་འཇུག་པའི་ཚུལ་རིམ་ཅན་དུ་དགོས་པར་བསྒྲུབས་ཤིང་དེའི་དོན་བསྡུས་ཏེ། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་པ་དང༌། བཞི་བརྒྱ་པར་ཡང༌། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་ལམ་གྱི་གོ་རིམ་ངེས་པ་ཅན་དུ་གསུངས་སོ། །སློབ་དཔོན་མཁས་པ་མ་ཁོལ་གྱིས་ཀྱང༌། དྲི་བྲལ་གོས་ལ་ཚོན་བཞིན་དུ། །དང་པོར་སྦྱིན་སོགས་གཏམ་རྣམས་ཀྱིས། །སེམས་ལ་ལེགས་པ་ཉིད་བསྐྱེད་དེ། །དེ་ནས་ཆོས་ནི་བསྒོམ་པར་མཛད། །ཅེས་གསུངས་ཏེ། ལུང་འདི་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་ཀྱང་ཁུངས་སུ་དྲངས་ནས་ལམ་གྱི་གོ་རིམ་ངེས་པ་ཅན་མཛད་ལ། ཉམས་སུ་ལེན་པ་ལ་ལམ་ལ་འཁྲིད་པའི་གོ་རིམ་ཤིན་ཏུ་གཅེས་པར་སྣང་བས་ཚུལ་དེ་ལ་


JLD013_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་བརྟན་པོ་རྙེད་པར་བྱའོ།། །།གཉིས་པ་སྙིང་པོ་ལེན་ཚུལ་དངོས་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང༌། འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང༌། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ། །དང་པོ་ལ་གསུམ། ཆུང་ངུའི་བསམ་པ་སྦྱང་བ་དངོས། བསམ་པ་དེ་སྐྱེས་པའི་ཚད། དེ་ལ་ལོག་པར་རྟོག་པ་བསལ་བའོ། །དང་པོ་ལ་གཉིས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང༌། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པའོ། །དང་པོ་ལ་གཉིས། འཇིག་རྟེན་འདིར་རིང་དུ་མི་གནས་པ་འཆི་བ་རྗེས་སུ་དྲན་པ་བསམ་པ་དང༌། འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པའོ། །དང་པོ་ལ་བཞི། འཆི་བ་དྲན་པ་མ་བསྒོམས་པའི་ཉེས་དམིགས། བསྒོམ་པའི་ཕན་ཡོན། འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ། འཆི་བ་དྲན་པ་བསྒོམ་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་དལ་བའི་རྟེན་ལ་སྙིང་པོ་ལེན་པ་ལ་འཇུག་པ་ལ་ཕྱིན་ཅི་ལོག་བཞི་ལས། མི་རྟག་པ་ལ་རྟག་པར་འཛིན་པའི་ཕྱིན་ཅི་ལོག་ཉིད་དང་པོར་གནོད་པའི་སྒོར་འགྱུར་རོ། །དེ་ལ་ཕྲ་རགས་གཉིས་ལས་རགས་པའི་མི་རྟག་པ་འཆི་བ་ལ་མི་འཆི་སྙམ་པའི་རྣམ་པར་རྟོག་པ་ཉིད་གནོད་པའི་སྒོའོ། །འདི་ལ་ཡང་ད་གཟོད་མཐར་འཆི་བ་ཞིག་འོང་སྙམ་པ་ནི་ཀུན་ལ་ཡོད་ཀྱང་ཉི་མ་རེ་རེ་བཞིན་དེ་རིང་མི་འཆི། དེ་རིང་ཡང་མི་འཆི་སྙམ་དུ་བློས་མི་འཆི་བའི་ཕྱོགས་འཛིན་པ་ནི་འཆི་ཁ༌མ་ཚུན་ལ་འབྱུང་ངོ་། །དེའི་གཉེན་པོ་ཡིད་ལ་མ་བྱས་པར་དེ་ལྟ་བུའི་བློ་དེས་བསྒྲིབས་ན་ཚེ་འདིར་སྡོད་པའི་བློ་


JLD013_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ནས་དེའི་རིང་ལ་འདི་དང་འདི་དགོས་སོ་ཞེས་ཚེ་འདི་ཙམ་གྱི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐབས་འབའ་ཞིག་ལ་སེམས་སེམས་ནས། འཇིག་རྟེན་ཕྱི་མ་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་སོགས་པའི་དོན་ཆེན་པོ་དག་ལ་རྣམ་པར་དཔྱོད་པའི་བློ་མི་སྐྱེ་བས་ཆོས་ལ་འཇུག་པའི་བློ་སྐྱེར་མི་སྟེར་ལ། བརྒྱ་ལ་ཐོས་པ་དང་བསམ་པ་དང་བསྒོམ་པ་སོགས་ལ་ཞུགས་ཀྱང་། ཚེ་འདི་པ་ཙམ་གྱི་ཆེད་དུ་སོང་ནས་དགེ་བ་ཅི་བྱས་མཐུ་ཆུང་ཞིང༌། དེ་ཡང་ཉེས་སྤྱོད་སྡིག་ལྟུང་དང་འབྲེལ་བར་འཇུག་པས་ངན་འགྲོའི་རྒྱུ་དང་མ་འདྲེས་པ་དཀོན་ནོ། །གལ་ཏེ་འཇིག་རྟེན་ཕྱི་མ་ལ་དམིགས་ནས་བསྒྲུབ་ཏུ་ཆུག་ཀྱང༌། ཕྱིས་ནས་རིམ་གྱིས་བསྒྲུབ་བོ་སྙམ་པའི་ཕྱི་བཤོལ་གྱི་ལེ་ལོ་འགོག་མི་ནུས་ཤིང་གཉིད་རྨུགས་དང་བྲེ་མོའི་གཏམ་དང༌། བཟའ་བཏུང་ལ་སོགས་པའི་རྣམ་གཡེང་གིས་དུས་འདའ་བས་བརྩོན་པ་ཆེན་པོས་ཚུལ་བཞིན་དུ་བསྒྲུབ་པ་མི་འོང་ངོ་། །དེ་ལྟར་ལུས་སྲོག་ཡུན་རིང་དུ་གནས་སུ་རེ་བས་བསླུས་པ་ན་རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་ཆགས་པ་དྲག་པོ་སྐྱེ་ཞིང༌། དེའི་གེགས་བྱས་པའམ་བྱེད་དུ་དོགས་པ་ལ་སྡང་བ་དྲག་པོ་དང༌། དེ་དག་གི་ཉེས་དམིགས་ལ་རྨོངས་པའི་གཏི་མུག་དང་དེ་དག་གིས་ང་རྒྱལ་བ་དང་ཕྲག་དོག་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་དྲག་པོ་རྣམས་ཆུ་བོའི་རྒྱུན་བཞིན་དུ་འཇུག་གོ །དེ་ལས་ཀྱང་ལུས་དང་ངག་དང་ཡིད་ཀྱི་ཉེས་སྤྱོད་བཅུ་དང་མཚམས་མེད་པ་དང་དེ་དང་ཉེ་བ་དང་དམ་པའི་ཆོས་སྤོང་བ་ལ་སོགས་པ་


JLD013_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བའི་ལས་ངན་འགྲོ་ལ་སོགས་པའི་སྡུག་བསྔལ་དྲག་པོ་འདྲེན་པར་བྱེད་པ་ལ་མཐུ་ཕུལ་དུ་བྱུང་བ་རྣམས་ཉི་མ་རེ་རེ་བཞིན་ཇེ་རྒྱས་སུ་འགྲོ་ལ། དེ་དག་གི་གཉེན་པོ་ལེགས་པར་གསུངས་པའི་ཆོས་ཀྱི་བདུད་རྩི་ལ་རྒྱབ་ཀྱིས་ཇེ་ཕྱོགས་སུ་སོང་ནས་མངོན་མཐོ་དང་ངེས་ལེགས་ཀྱི་སྲོག་བཅད་དེ། ངན་འགྲོ་སྡུག་བསྔལ་དྲག་ཅིང་རྩུབ་ལ་ཚ་ཞིང་ཡིད་དུ་མི་འོང་བའི་གནས་སུ། འཆི་བས་ཉེ་བར་བཅོམ་ནས་ལས་ངན་པས་འཁྲིད་པར་བྱེད་པས་ན་དེ་ལས་མ་རུངས་པའི་སྒོ་གཞན་ཅི་ཞིག་ཡོད། བཞི་བརྒྱ་པ་ལས་ཀྱང༌། གང་ལ་འཇིག་རྟེན་གསུམ་མངའ་བདག །རང་ཉིད་འཆི་བདག་བྱེད་པོ་མེད། །ཡོད་དེས་རྣལ་བཞིན་གཉིད་ལོག་ན། །དེ་ལས་མ་རུངས་གཞན་ཅི་ཡོད། །ཅེས་གསུངས་པ་དང༌། སྤྱོད་འཇུག་ལས་ཀྱང༌། ཐམས་ཅད་བོར་ཏེ་ཆ་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །ཞེས་གསུངས་སོ། །གཉིས་པ་བསྒོམས་པའི་ཕན་ཡོན་ནི། འཆི་བ་རྗེས་སུ་དྲན་པའི་བློ་རྣལ་མ་ཞིག་སྐྱེས་ན། དཔེར་ན། དེ་རིང་སང་རང་འཆི་བར་ཐག་ཆོད་པ་ན། ཆོས་ཀྱི་གོ་བ་ཐན་ཐུན་ཡོད་པ་ཡན་ཆད་ལ་གཉེན་དང་རྫས་ལ་སོགས་པ་དང་འགྲོགས་སུ་མེད་པར་མཐོང་ནས་དེ་དག་ལ་སྲེད་པ་ལྡོག་ཅིང༌། གཏོང་བ་ལ་སོགས་པའི་སྒོ་ནས་སྙིང་པོ་ལེན་འདོད་ཕལ་ཆེར་ལ་ངང་གིས་འབྱུང་བ་ལྟར། རྙེད་བཀུར་དང་གྲགས་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་ཀྱི་ཕྱིར་འབད་པ་ཐམས་ཅད་སྦུན་པ་འཕྱར་བ་ལྟར་སྙིང་པོ་མེད་པ་


JLD013_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསླུ་འབྲིད་ཀྱི་གནས་སུ་མཐོང་ནས་ཉེས་སྤྱོད་ལས་ལྡོག་ཅིང༌། སྐྱབས་སུ་འགྲོ་བ་དང་ཚུལ་ཁྲིམས་ལ་སོགས་པའི་ལས་བཟང་པོ་རྣམས་རྟག་ཏུ་དང༌གུས་པར་བྱེད་པའི་བརྩོན་འགྲུས་ཀྱིས་གསོག་པར་བྱེད་པས། ལུས་ལ་སོགས་པ་སྙིང་པོ་མེད་པ་རྣམས་ལ་སྙིང་པོ་དམ་པ་བླངས་ནས་གོ་འཕང་དམ་པར་རང་ཉིད་འཛེགས་ཏེ། འགྲོ་བ་རྣམས་ཀྱང་དེར་འཁྲིད་པས་ན་དེ་ལས་དོན་ཆེ་བ་ཅི་ཞིག་ཡོད། དེའི་ཕྱིར་དཔེ་དུ་མས་ཀྱང་བསྔགས་ཏེ། མྱ་ངན་ལས་འདས་པ་ཆེན་པོ་ལས། ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ན་བ་ལང་གི་རྗེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ན༌ཡང་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང་མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ཏེ། ཞེས་སོ། །དེ་བཞིན་དུ་ཉོན་མོངས་པ་དང་ཉེས་པར་སྤྱོད་པ་ཐམས་ཅད་ཅིག་ཅར་འཇོམས་པའི་ཐོ་བ་དང༌། དགེ་ལེགས་ཐམས་ཅད་ཅིག་ཅར་བསྒྲུབ་པ་ལ་འཇུག་པའི་སྒོ་ཆེན་པོར་གྱུར་པ་ལ་སོགས་པས་ཀྱང་བསྔགས་པའོ། །ཚོམས་ལས་ཀྱང༌། ལུས་འདི་རྫ་སྣོད་འདྲ་བར་རྟོགས་བྱ་ཞིང༌། །དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །བདུད་ཀྱི་མེ་ཏོག་མཚོན་ནི་འདིར་གཅོད་པ། །འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ། །ཞེས་དང༌། རྒ་བ་མཐོང་ཞིང་ནད་ཀྱི་སྡུག་བསྔལ་དང༌། །སེམས་དང་བྲལ་བའི་ཤི་བ་མཐོང་ནས་ནི། །བརྟན་པས་བཙོན་ར་འདྲ་བའི་ཁྱིམ་སྤངས་


JLD013_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །འཇིག་རྟེན་ཕལ་པས་འདོད་སྤང་ནུས་རེ་སྐན། །ཞེས་གསུངས་སོ། །མདོར་ན་སྐྱེས་བུའི་དོན་བསྒྲུབ་པའི་དུས་ནི་དལ་བའི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདི་ཁོ་ན་ཡིན་ལ། འོ་སྐོལ་ཕལ་ཆེར་ངན་འགྲོར་བསྡད་ཅིང་བདེ་འགྲོར་ཅུང་ཟད་རེ་འོངས་ཀྱང་མི་ཁོམ་པའི་གནས་སུ་ཤས་ཆེ་བས་དེ་དག་ཏུ་ཆོས་བསྒྲུབ་པའི་སྐབས་མི་རྙེད་ལ། བསྒྲུབས་པས་ཆོག་པའི་རྟེན་རེ་ཐོབ་པ་ན་ཡང་ཆོས་ཚུལ་བཞིན་དུ་མི་བསྒྲུབ་པ་ནི་ད་དུང་མི་འཆི་སྙམ་པ་འདི་ལ་ཐུག་འདུག་པས་ན། བློས་མི་འཆི་བའི་ཕྱོགས་འཛིན་པ་ནི་རྒུད་པ་ཀུན་གྱི་སྒོ་དང༌། དེའི་གཉེན་པོ་འཆི་བ་དྲན་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྒོའོ། །དེའི་ཕྱིར་འདི་ལྟ་བུ་ལ་ཆོས་ཟབ་མོ་གཞན་བསྒོམ་རྒྱུ་མེད་པ་རྣམས་ཀྱི་ཉམས་ལེན་ནོ་སྙམ་པ་དང༌། བསྒོམ་བྱ་ཡིན་ཀྱང་དང་པོར་ཅུང་ཟད་ཙམ་བསྒོམ་པར་བྱ་ཡི་རྒྱུན་པའི་ཉམས་ལེན་དུ་མི་འོས་སོ་སྙམ་དུ་མི་གཟུང་བར་འདི་ཐོག་མཐའ་བར་གསུམ་དུ་དགོས་ལུགས་ལ་ངེས་པ་སྙིང་ཐག་པ་ནས་བསྐྱེད་དེ་བསྒོམ་པར་བྱའོ། །གསུམ་པ་འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ་ནི། གཉེན་ལ་སོགས་པ་ལ་ཆགས་པ་བརྟན་པའི་དབང་གིས་དེ་དག་དང་བྲལ་གྱིས་དོགས་ནས་སྐྲག་པ་སྐྱེ་བ་ནི། ལམ་ལ་ཡེ་མ་སྦྱངས་པའི་འཆི་བ་ལ་སྐྲག་ལུགས་ཡིན་པས་འདིར་དེ་བསྐྱེད་པ་ནི་མིན་ནོ། །འོ་ན་གང་ཡིན་སྙམ་ན། ལས་དང་ཉོན་མོངས་པའི་དབང་གིས་ལུས་བླངས་པ་ཐམས་ཅད་ངེས་པར་འཆི་བ་ལས་མ་འདས་པས་དེ་ལ་སྐྲག་པ་བསྐྱེད་ཀྱང་རེ་ཞིག་ལ་དགག་མི་ནུས་མོད། །འོན་ཀྱང་འཇིག་རྟེན་


JLD013_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་དོན་ངན་འགྲོའི་རྒྱུ་འགོག་པ་དང་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་མ་བསྒྲུབས་པར་འཆི་བ་ལ་འཇིགས་པར་བྱ་སྟེ། དེ་ལ་ནི་དེས་སྐྲག་པ་བསམས་ན་དེ་དག་བསྒྲུབ་ཏུ་ཡོད་པས་འཆི་ཁར་མི་སྐྲག་པ་བྱར་ཡོད་ལ། དོན་དེ་དག་མ་བསྒྲུབས་ན་སྤྱིར་འཁོར་བ་ལས་མི་ཐར་བ་དང༌། ཁྱད་པར་དུ་ངན་འགྲོར་ལྟུང་བས་འཇིགས་ནས་འཆི་བའི་ཚེ་འགྱོད་པས་གདུང་བར་འགྱུར་ཏེ། སྐྱེས་རབས་ལས། རབ་ཏུ་བསྒྲིམས་ཀྱང་གནས་མི་ནུས། །གང་ལ་བཅོས་སུ་མི་རུང་བ། །འཇིགས་ཤིང་སྡར་བར་བྱས་པ་ཡིས། །དེ་ལ་ཕན་པ་ཅི་ཞིག་ཡོད། །དེ་ལྟར་འཇིག་རྟེན་ཆོས་ཉིད་ལ་བརྟགས་ན། །མི་རྣམས་སྡིག་པ་བྱས་པས་འགྱོད་པར་འགྱུར། །དགེ་བའི་ལས་ཀྱང་ལེགས་པར་ཡོངས་མ་བྱས། །ཕྱི་མའི་ཚེ་ལ་སྡུག་བསྔལ་འབྱུང་དུ་དོགས། །འཆི་བར་འགྱུར་བའི་འཇིགས་པས་རྨོངས་པར་འགྱུར། །གང་ལས་བདག་གི་ཡིད་ནི་འགྱོད་འགྱུར་བ། །དེ་ཉིད་བདག་གིས་བྱས་པར་ཡོངས་མི་དྲན། །དཀར་པོའི་ལས་ཀྱང་རབ་ཏུ་གོམས་པར་བྱས། །ཆོས་ལ་གནས་ན་འཆི་བས་སུ་ཞིག་འཇིགས། །ཞེས་གསུངས་པ་དང༌། བཞི་བརྒྱ་པ་ལས་ཀྱང༌། བདག་ནི་འཆི་འོ་སྙམ་སེམས་པ། །གང་ལ་ངེས་པར་ཡོད་གྱུར་པ། །དེས་ནི་འཇིགས་པ་ཡོངས་བཏང་ཕྱིར། །འཆི་བདག་ལ་ཡང་ག་ལ་འཇིགས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ལུས་དང་ལོངས་སྤྱོད་དང་མྱུར་དུ་འབྲལ་བར་གདོན་མི་ཟའོ་སྙམ་དུ་ཡང་དང་ཡང་དུ་མི་རྟག་པ་


JLD013_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ན་ནི། དེ་དག་ལ་མི་འབྲལ་བར་རེ་བའི་སྲེད་པ་ལྡོག་པས་དེ་དག་དང་བྲལ་བས་བསྐྱེད་པའི་ཡིད་ཀྱི་གདུང་བའི་དབང་གིས་འཆི་བ་ལ་སྐྲག་པ་མི་འབྱུང་བ་ཡིན་ནོ། །བཞི་པ་འཆི་བ་དྲན་པ་ཇི་ལྟར་བསྒོམ་པ་ནི། རྩ་བ་གསུམ། རྒྱུ་མཚན་དགུ། ཐག་བཅད་པ་རྣམ་པ་གསུམ་གྱི་སྒོ་ནས་བསྒོམ་པར་བྱའོ། །དེ་ལ་གསུམ། ངེས་པར་འཆི་བ་བསམ་པ་དང༌། ནམ་འཆི་ངེས་མེད་བསམ་པ་དང༌། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་བསམ་པའོ། །དང་པོ་ལ་གསུམ་ལས། འཆི་བདག་ངེས་པར་འོང་ལ་དེ་ཡང་རྐྱེན་གྱིས་བཟློག་ཏུ་མེད་པ་བསམ་པ་ནི། ལུས་ཇི་འདྲ་ཞིག་གི་སྐྱེ་བ་བླངས་ཀྱང་འཆི་བ༌འོང་སྟེ། མི་རྟག་པའི་ཚོམས་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང༌། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་སོ། །ཡུལ་གང་དུ་བསྡད་ཀྱང་འཆི་བ་འོང་བ་ནི། དེ་ཉིད་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །ཞེས་སོ། །སྔོན་དང་ཕྱི་མའི་དུས་ནམ་དུ་ཡང་སེམས་ཅན་རྣམས་འཆི་བས་འཇོམས་པ་ལ་ཁྱད་པར་མེད་པ་ནི། དེ་ཉིད་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང༌། །དེ་ཀུན་འཇིག་པར་མཁས་པས་རྟོགས་ཀྱིས་ཏེ། །ཆོས་ལ་གནས་ཀྱི་ངེས་པར་སྤྱད་པ་སྤྱོད། །ཅེས་སོ། །འཆི་བདག་ལ་བྲོས་པས་མི་ཐར་ཞིང་


JLD013_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལ་སོགས་པས་བཟློག་ཏུ་མེད་པ་ནི། རྒྱལ་པོ་ལ་གདམས་པ་ལས། དཔེར་ན། ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ་སྙིང་པོ་དང་ལྡན་པ་མ་ཞིག་པ་མ་གས་པ་འཕན་མེད་པ་ཤིན་ཏུ་མཁྲེགས་པ་གཅིག་ཏུ་སྟུག་པོ་བཞི་གནམ༌ལ་རེག་ཅིང་ས༌བརློག་སྟེ། རྩྭ་དང་ཤིང་དང་ཤིང་གེལ་པ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི་མགྱོགས་པས་འབྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་ནི་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་འདི་དག་འོང་སྟེ། དེ་དག་ལས་མགྱོགས་པས་འབྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་གྱིས་བཟློག་པར་སླ་བ་ནི་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང་ན་བ་དང་འཆི་བ་དང་རྒུད་པའོ། །རྒྱལ་པོ་ཆེན་པོ། རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང༌། ན་བ་ནི་ནད་མེད་པ་འཇོམས་ཤིང་འོང༌། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང༌། འཆི་བ་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལས་ནི་མགྱོགས་པས་འབྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་སླ་བ་ནི་མ་ཡིན་ནོ། །ཞེས་སོ། །ཀ་མ་བའི་ཞལ་ནས། ད་ལྟ་འཆི་བས་འཇིགས་པ་ཞིག་དགོས། འཆི་ཁར་མི་མཚེར་བ་ཞིག་དགོས་པ་ལ། འོ༌སྐོལ་དེ་ལས་


JLD013_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་ནས་ད་ལྟ་མི་འཇིགས། འཆི་ཁར་བྲང་ལ་སེན་མོ་འདེབས་གསུང་ངོ་། །ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པ་བསམ་པ་ནི། མངལ་དུ་འཇུག་པ་ལས། ད་ལྟ་ལེགས་པར་བདེ་བར་ཡོངས་སུ་བསྲུངས་ན་དེ་རིང་ན་ལོ་བརྒྱའམ་ཅུང་ཟད་ཅིག་ལྷག་པར་འཚོའོ། །ཞེས་གསུངས་པ་ལྟར་རིང་མཐའ་དེ་ཙམ་ཞིག་ཡིན་ནོ། །དེ་ཐུབ་ཏུ་ཆུག་ཀྱང་དེའི་བར་གྱི་ཚེ་འཛད་པ་ཤིན་ཏུ་མྱུར་ཏེ། ལོ་ནི་ཟླ་བ་སོང་བས་འཛད་ཅིང༌། ཟླ་བ༌ཡང་ཞག་སོང་བས་འཛད་ལ་ཞག་ཀྱང་ཉིན་མོ་དང་མཚན་མོ་སོང་བས་འཛད་དོ། །དེ་དག་ཀྱང་སྔ་དྲོ་ལ་སོགས་པ་སོང་བས་འཛད་པས་ན་ཚེའི་སྤྱི་ཚད་ནི་ཉུང་ལ། དེ་ལའང་སྔར་དུ་མ་ཞིག་ཟད་སྣང་ཞིང་ཚེ་ལྷག་ལ་ཡང་སྣོན་པ་སྐད་ཅིག་ཀྱང་མེད་པར་འབྲིད་བྱེད་ཉིན་མཚན་ཀུན་ཏུ་བར་མ་ཆད་པར་ཡོད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །སྣོན་པའང་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་དཔེ་དུ་མའི་སྒོ་ནས་བསམ་སྟེ་འདི་ལྟར་ཐགས་འཐག་པ་ན་ལན་རེ་ལ་སྤུན་ཉག་མ་རེ་ལས་མི་འགྲོ་ཡང་མྱུར་དུ་བཏགས་ཟིན་ནས་འོང་བ་དང༌། ལུག་ལ་སོགས་པའི་གསད་བྱ་རྣམས་གསོད་པའི་ཕྱིར་འཁྲིད་པ་ན། གོམ་པ་རེ་རེ་སྤོས་པས་འཆི་བ་ལ་ཇེ་ཉེར་འགྲོ་བ་དང༌། ཆུ་ཀླུང་དྲག་པོའི་རྒྱུན་འགྲོ་བའམ་རི་གཟར་གྱི་ཁ་ནས་ཆུ་འབབ་བ་བཞིན་དུ་ཚེ་མྱུར་དུ་ཟད་ནས་འགྲོ་བ་དང༌། ཕྱུགས་རྗིས་དབྱུག་པ་བཟུང་ནས་ཕྱུགས་རྣམས་རང་དབང་མེད་པར་


JLD013_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གནས་སུ་སྐྱེལ་བ་ལྟར། ན་བ་དང་རྒ་བས་རང་དབང་མེད་པར་འཆི་བདག་གི་དྲུང་དུ་འཁྲིད་པའི་ཚུལ་རྣམས་སྒོ་དུ་མ་ནས་བསྒོམ་པར་བྱ་སྟེ། ཚོམས་ལས། དཔེར་ན་ཐགས་ནི་བརྐྱངས་པ་ལ། །སྤུན་ནི་གང་དང་གང་བཅུག་པའི། །སྤུན་གྱིས་གཏིང་ལ་གཏུགས་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ངེས་པར་བསད་པ་དག །གོམ་པ་གང་དང་གང་བོར་བས། །བསད་པའི་དྲུང་དུ་བསྙེན་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པ་ཇི་ལྟ་བར། །དེ་བཞིན་མི་ཡི་ཚེ་འགྲོ་བ། །སླར་ནི་ལྡོག་པར་འགྱུར་བ་མེད། །དཀའ་བ་ཉིད་དང་ཐུང་བ་དང༌། །དེ་ཡང་སྡུག་བསྔལ་ལྡན་པ་དག །མྱུར་བ་ཁོ་ནར་འཇིག་འགྱུར་ཏེ། །ཆུ་ལ་དབྱུ་གུས་བྲིས་པ་བཞིན། །དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས། །ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར། །དེ་བཞིན་ན་དང་རྒ་བ་ཡིས། །མི་རྣམས་འཆི་བདག་དྲུང་དུ་སྐྱེལ། །ཞེས་གསུངས་པ་ལྟར་རོ། །ཇོ་བོ་ཆེན་པོས་ཀྱང་ཆུ་འགྲམ་དུ་བྱོན་ནས་མི་རྟག་པ་བསྒོམ་པ་ལ་ཆུ་ཕྲི་ལི་ལི་འགྲོ་བ་འདི་ག་བདེ་གསུང་ནས་བསྒོམ་སྐད། རྒྱ་ཆེར་རོལ་པ་ལས་ཀྱང༌། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་དཔེ་དུ་མའི་སྒོ་ནས་གསུངས་སོ། །དེས་ན་ནང་དུ་ཅུང་ཟད་བསམས་པའི་འཕྲིག་ཚུད་པ་ཞིག་


JLD013_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱིའི་དངོས་པོ་ཐམས་ཅད་ཀྱིས་མི་རྟག་པ་མི་སྟོན་པ་མེད་གསུང་བ་ལྟར་ཡིན་པས་དུ་མ་ལ་སྦྱར་ནས་བསམ། ཡང་ཡང་བསམས་ན་ངེས་པ་སྐྱེ། ཅུང་ཟད་ཙམ་རེ་ལ་མ་བྱུང་བྱས་པས་མི་ཕན་ཏེ། ཀ་མ་བའི་ཞལ་ནས། བསམས་པས་མ་བྱུང་ཟེར་ཏེ་ཁྱེད་ཀྱིས་ནམ་བསམས་ཉིན་མོ་ནི་ཡེང་ཡེང་བྱེད། མཚན་མོ་ནི་གཉིད་ལོག་གིན་འདུག་ན་བརྫུན་མ་ཟེར་གསུང་བ་ལྟར་རོ། །ཚེའི་མཐར་འཆི་བདག་གིས་བཅོམ་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་མ་ཟད་དེའི་བར་རྣམས་སུ་ཡང་འགྲོ་འཆག་ཉལ་གསུམ་གང་བྱེད་ཀྱང་ཚེ་བྲི་ནས་མི་འགྲོ་བའི་སྐབས་ཡེ་མེད་པས། མངལ་དུ་ཞུགས་པ་ནས་འགོ་བཟུང་སྟེ་སྐད་ཅིག་ཙམ་ཡང་མི་སྡོད་པར་འཇིག་རྟེན་ཕ་རོལ་ཏུ་ཁ་བལྟས་ནས་འགྲོ་བ་ཡིན་ནོ། །དེས་ན་བར་གྱི་གསོན་པའང་ན་བ་དང་རྒ་བའི་ཕོ་ཉ་བས་ཁྲིད་ནས་འཆི་བའི་ཕྱིར་དུ་འགྲོ་བ་ཁོ་ནར་ཟད་པས་གསོན་པའི་སྐབས་ལ་འཇིག་རྟེན་ཕྱི་མར་མི་འགྲོ་བའི་སྡོད་པར་བཟུང་ནས་དགའ་བར་མི་བྱ་སྟེ། དཔེར་ན། བྲག་མཐོན་པོའི་རྩེ་མོ་ནས་ལྷུང་བའི་ཚེ། ས་ལ་མ་ལྷུང་བའི་བར་སྣང་ལ་འགྲོ་བའི་སྐབས་དེ་ལ་དགའ་བར་མི་འོས་པ་བཞིན་ནོ། །དེ་ཡང་བཞི་བརྒྱ་པའི་འགྲེལ་པར་དྲངས་པ་ལས། མི་ཡི་དཔའ་བོ་ཐོག་མའི་མཚན་མོར་ནི། །གང་ན་འཇིག་རྟེན་མངལ་ན་གནས་གྱུར་པ། །དེ་ནས་བརྩམས་ནས་དེ་ནི་ཉིན་རེ་བཞིན། །འགྲོས་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ། །ཞེས་དང༌། ཕྱིན་ཅི་ལོག་བཞི་འགོག་པའི་གཏམ་ལས་ཀྱང༌། རི་བོ་མཐོན་པོའི་རྩེ་མོའི་སྟེང་ནས་ས་ལ་ལྷུང་བར་གྱུར་པ་ཡིས། །ཞིག་པར་གྱུར་ཚེ་


JLD013_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདི་བར་སྣང་ལ་ནི་བདེ་བ་མྱོང་འགྱུར་རམ། །སྐྱེས་ནས་བརྩམས་ཏེ་འཆི་བ་ཉིད་ཕྱིར་རྟག་ཏུ་རབ་ཏུ་བརྒྱུག་པ་ན། །སེམས་ཅན་རྣམས་ནི་བར་སྐབས་གང་དུ་བདེ་བ་ཇི་ལྟར་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་དག་གིས་ནི་མྱུར་དུ་འཆི་བར་ངེས་པ་བསྟན་ཏོ། །གསོན་པའི་ཚེ་ལ་ཡང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་བསམ་པ་ནི། སྔར་བཤད་པའི་རིང་མཐའ་དེ་ཙམ་ཐུབ་ཏུ་ཆུག་ཀྱང་ལོང་ཡོད་བྱར་མི་རུང་སྟེ། དོན་མེད་དུ་ཚེ་མང་པོ་ཞིག་ནི་སྔར་འདས་འདུག་པ་དང་ལྷག་མ་ལའང་གཉིད་ཀྱིས་ཕྱེད་འདའ་ཞིང༌། གཞན་ཡང་རྣམ་པར་གཡེང་བ་གཞན་གྱིས་ཀྱང་དུ་མ་ཞིག་དོན་མེད་དུ་འདའ་བ་དང༌། ལང་ཚོ་ཡོལ་ནས་རྒས་པའི་གནས་སྐབས་སུ་སླེབས་ནས་ནི་ལུས་དང་སེམས་ཀྱི་སྟོབས་ཉམས་པས་ཆོས་བྱེད་པར་འདོད་ཀྱང་བསྒྲུབ་པའི་མཐུ་མེད་པས་ཆོས་བྱེད་པའི་སྐབས་ནི་ཅུང་ཟད་ལས་མེད་དེ། མངལ་དུ་འཇུག་པ་ལས། དེ་ལས་ཀྱང་ཕྱེད་ནི་གཉིད་ཀྱིས་ཁེབས་སོ། །ལོ་བཅུ་ནི་བྱིས་པའོ། །ལོ་ཉི་ཤུ་ནི་རྒས་པ་སྟེ། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་ཀྱིས་ཀྱང་བཅད། ལུས་ལས་བྱུང་བའི་ནད་རྣམ་པ་དུ་མ་བརྒྱ་ཕྲག་དུ་མས་ཀྱང་བཅད་དོ། །ཞེས་པ་དང༌། ཕྱིན་ཅི་ལོག་བཞི་འགོག་པའི་གཏམ་ལས་ཀྱང༌། འདི་ནི་མི་རྣམས་ཚེ་ནི་མཆོག་ཏུ་རིང་ཡང་ལོ་བརྒྱ་ཁོ་ནར་ཟད། །དེ་ལས་ཀྱང་ནི་དང་པོ་བྱིས་པ་ཐ་མ་རྒས་པས་དོན་མེད་བྱེད། །གཉིད་དང་ནད་སོགས་དག་གིས་དེ་དུས་མེད་པར་ཀུན་


JLD013_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རེ་བ་འཇོམས། །བདེ་བར་གནས་པའི་མི་ནང་འགྲོ་བའི་ཚེ་ནི་ལྷག་མ་ཇི་ཙམ་ཡོད། །ཅེས་གསུངས་སོ། །མཆད་ཀ་བའི་ཞལ་ནས་ཀྱང་། ལོ་དྲུག་ཅུ་ལ་ལྟོ་རྒྱབ་དང་གཉིད་དང་ན་ཚས་བཅད་པའི་བཤོལ་ན་ཆོས་སུ་འགྲོ་བ་ལོ་ལྔ་ཡང་མེད་གསུང་ངོ་། །དེ་ལྟར་ན་ཚེ་འདིའི་ཕུན་ཚོགས་ཐམས་ཅད་ནི་རྨི་ལམ་ཐུན་གཅིག་ན་བདེ་བ་སྤྱད་པ་སད་ནས་དྲན་པ་ལྟར་འཆི་བའི་དུས་སུ་དྲན་པའི་ཡུལ་ཙམ་དུ་འགྱུར་ལ། འཆི་བའི་དགྲ་ནི་དགག་ཏུ་མེད་པར་ངེས་པར་འོང་ན་ཅིའི་ཕྱིར་ཚེ་འདིའི་བསླུ་བྲིད་ལ་དགའ་བར་བྱ་སྙམ་དུ་བསམས་ཏེ་ཆོས་བྱ་དགོས་པ་ལ་ཐག་བཅད་ཅིང་ཞེ་དམ་མང་དུ་བྱ་སྟེ། སྐྱེས་རབས་ལས། ཀྱེ་མའོ་འཇིག་རྟེན་ཉོན་མོངས་དག །གནས་པ་མི་བརྟན་དགའ་མི་འགྱུར། །ཀུ་མུ་ཏ་ཡི་དཔལ་འདི་ཡང༌། །དྲན་པར་བྱ་བ་ཉིད་དུ་འགྱུར། །འགྲོ་བ་འདི་ལྟ་བུར་ནི་འཁོད་པ་ལ། །སྐྱེ་བོ་འཇིགས་པ་མེད་པ་ངོ་མཚར་ཀྱེ། །ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོགས་པ་མེད་པར་རབ་ཏུ་དགའ་ཞིང་སྤྱོད། །ན་དང་རྒ་དང་འཆི་བའི་གནོད་བྱེད་དགྲ། །མཐུ་ཆེན་དགག་ཏུ་མི་ནུས་ཡོད་བཞིན་ལ། །འཇིག་རྟེན་ཕ་རོལ་ཉམ་ངར་ངེས་འགྲོ་ན། །སེམས་ཤེས་སུ་ཞིག་འདི་ལ་དགའ་བར་སེམས། །ཞེས་དང༌། ཀཱ་ནི་ཀའི་སྤྲིངས་ཡིག་ལས་ཀྱང༌། འཆི་བདག་བརྩེ་བ་མེད་པ་ཅན། །སྐྱེས་རྩལ་དོན་མེད་གསོད་འགྱུར་བ། །གསོད་པ་མངོན་དུ་འོང་བཞིན་དུ། །མཁས་པ་སུ་ཞིག་བག་རྐྱོང་སྤྱོད། །དེའི་སླད་དཔའ་ཆེན་བཟོད་མེད་དེས། །མདའ་ནི་མི་བཟད་འཆོར་མེད་


JLD013_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་ནི་ཇི་སྲིད་མ་འཕངས་པ། །དེ་སྲིད་རང་གི་དོན་ལ་འབོད། །ཅེས་གསུངས་པ་ལྟར་བསམ་མོ། །གཉིས་པ་ནམ་འཆི་ངེས་མེད་བསམ་པ་ནི། དེ་རིང་ཕན་ཆད་བརྒྱ་ཚུན་ཆད་ལ་འཆི་བ་འོང་བར་ངེས་ཤིང༌། དེའི་བར་གྱི་ཞག་གང་ལ་འོང་མ་ངེས་པས་དེ་རིང་ལྟ་བུ་ལ་འཆི་མི་འཆི་གང་དུའང་ཐག་མི་ཆོད་མོད། འོན་ཀྱང་བློས་འཆི་བའི་ཕྱོགས་བཟུང་ནས་དེ་རིང་འཆི་སྙམ་པའི་བློ་བསྐྱེད་དགོས་ཏེ། དེ་རིང་མི་འཆི་སྙམ་པ་དང་ཕལ་ཆེར་མི་འཆི་སྙམ་པ་བློས་མི་འཆི་བའི་ཕྱོགས་བཟུང་ན་ཚེ་འདིར་སྡོད་པའི་གྲབས་བྱེད་བྱེད་ནས་འཇིག་རྟེན་ཕྱི་མའི་གྲབས་བྱེད་པ་མི་འོང་བས། དེའི་བར་དུ་འཆི་བདག་གིས་བཟུང་ནས་མྱ་ངན་དང་བཅས་བཞིན་དུ་འཆི་དགོས་པའི་ཕྱིར་རོ། །ཉི་མ་རེ་རེ་བཞིན་འཆི་བའི་གྲབས་བྱས་ན་ནི་འཇིག་རྟེན་ཕ་རོལ་གྱི་དོན་མང་པོ་འགྲུབ་པས་མ་ཤི་ན་ཡང་དེ་བྱས་པ་ལེགས་ལ། ཤི༌ན་ནི་ཁྱད་པར་དུའང་དེ་དགོས་པ་ཡིན་ནོ། །དཔེར་ན། རང་ལ་གནོད་པ་དྲག་པོ་བྱེད་པའི་དགྲ་ཆེན་པོ་ཞིག་དུས་འདི་ནས་འདིའི་བར་ལ་འོང་བར་ནི་ཐག་ཆོད་ལ། ཞག་གང་ལ་འོང་མི་ཤེས་ན་ཞག་རེ་རེ་ནས་དེའི་ཟོན་བྱ་དགོས་པ་དང་འདྲའོ། །ཞག་རེ་རེ་ནས་དེ་རིང་འཆི་སྙམ་པའམ་ཐ་ན་དེ་རིང་ཕལ་ཆེར་འཆི་སྙམ་པ་བྱུང་ན་གང་དུ་འགྲོ་བའི་འཇིག་རྟེན་ཕྱི་མའི་དོན་བྱེད་ཅིང་འཇིག་རྟེན་འདིའི་སྡོད་གྲབས་མི་བྱེད་ལ། བསམ་པ་དེ་མ་བྱུང་ན་འཇིག་རྟེན་འདིར་སྡོད་པར་མཐོང་ནས་དེའི་གྲབས་བྱེད་ཀྱི། འཇིག་རྟེན་ཕྱི་མའི་དོན་མི་བྱེད་དེ།


JLD013_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་གནས་གཅིག་ཏུ་ཡུན་རིང་དུ་བསྡད་སྙམ་ན་དེའི་སྡོད་གྲབས་བྱེད་པ་དང༌། དེར་མི་སྡོད་པར་གཞན་དུ་འགྲོ་སྙམ་ན་གང་དུ་འགྲོ་བའི་གྲབས་བྱེད་པ་བཞིན་ནོ། །དེས་ན་ཉི་མ་རེ་རེ་ནས་འཆི་སྙམ་པའི་བློ་བསྐྱེད་དགོས་སོ། །འདི་ལ་གསུམ་ལས། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་བསམ་པ་ནི། སྤྱིར་སྒྲ་མི་སྙན་པའི་ཚེ་ནི་ངེས་ཀྱི། གཞན་རྣམས་རང་རང་གི་ཚེ་ཚད་ཐུབ་པའི་ངེས་པ་མེད་ནའང་ཕལ་ཆེར་ངེས་པ་མང་ལ། འཛམ་བུ་གླིང་པའི་ཚེ་ནི་ཤིན་ཏུ་མ་ངེས་པ་ཡིན་ཏེ། དང་པོ་ནི་ཚེ་ལོ་དཔག་ཏུ་མེད་པའང་བྱུང་ལ། ད་གདོད་ལོ་བཅུ་ལོན་པ་ལ་རིང་མཐའ་བྱེད་དགོས་ཤིང་། ད་ལྟ་ཡང་རྒན་གཞོན་བར་མ་གང་ལ་འཆི་མ་ངེས་པར་སྣང་བའི་ཕྱིར་རོ། །དེ་ལྟར་ཡང་མཛོད་ལས། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་དང༌། ཚོམས་ལས། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །ཞེས་དང༌། སྐྱེས་པ་བུད་མེད་མང་པོ་དང༌། །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྟུང་བ་བཞིན། །ཞེས་གསུངས་ཏེ། བླ་མའམ་གྲོགས་ལ་སོགས་པ་ཚེའི་མཐར་


JLD013_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྱིན་པར་གློ་བུར་དུ་ཕྱི་དང་ནང་གི་འཆི་རྐྱེན་གྱིས་བསམ་པ་མ་རྫོགས་པར་ཤི་བ་མཐོང་ངམ་ཐོས་པ་རྣམས་ཡིད་ལ་བྱས་ལ། བདག་ཀྱང་ངེས་པར་དེ་ལྟ་བུའི་ཆོས་ཅན་ནོ་སྙམ་དུ་ཡང་དང་ཡང་དུ་བསམས་ལ་འཆི་བའི་བློ་ཅི་སྐྱེ་བྱའོ། །འཆི་རྐྱེན་ཤིན་ཏུ་མང་ཞིང་གསོན་རྐྱེན་ཉུང་བ་བསམ་པ་ནི། སྲོག་འདི་ལ་སེམས་ཡོད་པའི་གནོད་པ་དང་སེམས་མེད་པའི་གནོད་པ་མང་སྟེ། འདི་ལྟར་མི་དང་མི་མ་ཡིན་པ་གདོན་གྱི་རིགས་སུ་གྱུར་པ་རྣམས་ཀྱིས་རྣམ་པ་དུ་མར་འཚེ་བ་དང་། དུད་འགྲོའི་རིགས་ལུས་དང་སྲོག་ལ་གནོད་པ་བྱེད་པ་དུ་མ་ཡོད་པ་དེ་དག་གིས་ཇི་ལྟར་འཚེ་བའི་ཚུལ་དང༌། དེ་བཞིན་དུ་ནང་གི་ནད་རྣམས་དང་ཕྱི་རོལ་གྱི་འབྱུང་བ་རྣམས་ཀྱི་གནོད་པ་འབབ་པའི་ཚུལ་རྣམས་ཀྱང་ཞིབ་ཏུ་བསམ་མོ། །གཞན་ཡང་རང་གི་ལུས་འབྱུང་བ་བཞི་ལས་གྲུབ་དགོས་ལ། དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་གནོད་པ་བྱེད་པས་འབྱུང་བའི་ཁམས་རྣམས་ཆ་མ་སྙོམས་པར་འཕེལ་འགྲིབ་ཏུ་གྱུར་པ་ན་ནད་བསྐྱེད་དེ་སྲོག་འཕྲོག་པས་གནོད་པ་དེ་དག་ནི་རང་དང་ལྷན་སྐྱེས་སུ་ཡོད་པས་ལུས་སྲོག་ལ་ཡིད་བརྟན་དུ་མེད་དོ། །དེ་ལྟར་ཡང་འདས་ཆེན་ལས། འཆི་བའི་འདུ་ཤེས་ནི་སྲོག་འདི་རྟག་ཏུ་དགྲ་སྡང་བ་དུ་མས་བསྐོར་ཏེ་སྐད་ཅིག་རེ་རེར་ཉམས་པར་བྱེད་ཀྱི་འཕེལ་བར་བྱེད་པ་ནི་གང་ཡང་མེད་དོ། །ཞེས་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །ཞེས་དང༌། བཤེས་སྤྲིངས་ལས་ཀྱང༌། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་


JLD013_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་དང༌། བཞི་བརྒྱ་པ་ལས་ཀྱང༌། ནུས་པ་མེད་པས་འབྱུང་ཀུན་ལ། །ཚོགས་པ་ཞེས་བྱ་སྐྱེ་འགྱུར་ཏེ། །འགལ་བ་རྣམས་ལ་བདེ་འོ་ཞེས། །རྣམ་པ་ཀུན་ཏུའང་མི་རིགས་སོ། །ཞེས་གསུངས་སོ། །སྙིགས་མ་ལྔ་ཤིན་ཏུ་བདོ་བའི་དུས་ཡིན་པས་ཚེ་རིང་དུ་གནས་པའི་ལས་བཟང་པོ་མཐུ་ཆེན་བསགས་པ་ཆེས་ཤིན་ཏུ་ཉུང་བ་དང༌། ཁ་ཟས་ལ་སོགས་པའི་སྨན་རྣམས་ཀྱང་མཐུ་ཆུང་བས་ནད་འཇོམས་པའི་སྟོབས་ཆུང་ཞིང༌། ལོངས་སྤྱད་པ་རྣམས་ཀྱང་བདེ་བར་ཞུ་ནས་ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་རྒྱས་པར་འགྱུར་བའི་མཐུ་བྲི་བས་བདེ་བར་འཇུ་དཀའ་ཞིང་ཞུ་བས་ཀྱང་ཕན་འདོགས་པ་ཆུང་བ་དང༌། ཚོགས་ཀྱི་བསགས་རྒྱབ་ཆུང་ཞིང་ཉེས་སྤྱོད་ཤིན་ཏུ་ཆེ་བས་བཟླས་བརྗོད་ལ་སོགས་པ་ཡང་མཐུ་ཆུང་བར་སོང་ནས་ཚེ་བསྲིང་བ་སོགས་ཤིན་ཏུ་དཀའོ། །གསོན་རྐྱེན་རྣམས་ཀྱང་འཆི་རྐྱེན་དུ་མ་གྱུར་པ་མེད་དེ། མི་འཆི་བའི་ཕྱིར་དུ་ནི་བཟའ་བཏུང་དང་གནས་ཁང་དང་གྲོགས་ལ་སོགས་པ་རྣམས་འཚོལ་ལ། དེ་དག་ཀྱང་བཟའ་བཏུང་ཧ་ཅང་མངས་པ་དང་ཧ་ཅང་ཉུངས་པ་དང་མི་འཕྲོད་པ་ལོངས་སྤྱད་པ་སོགས་དང༌། གནས་ཁང་རྡིབ་པ་དང་མཛའ་བོས་བསླུས་པ་ལ་སོགས་པའི་སྒོ་ནས་འཆི་བའི་རྐྱེན་དུ་འགྱུར་བས་ན་འཆི་བའི་རྐྱེན་དུ་མ་སོང་བའི་གསོན་པའི་རྐྱེན་མི་སྣང་ངོ་། །གཞན་ཡང་གསོན་པ་ཉིད་འཆི་བའི་དོན་དུ་ཞུགས་པ་ཡིན་པས། གསོན་པའི་རྐྱེན་མང་ཡང་དེ་ལ་ཡིད་


JLD013_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་དུ་མི་རུང་སྟེ། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་རྣམས་ཀྱང་འཆི་བའི་ཡང༌། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་སོ། །ལུས་ཤིན་ཏུ་ཉམ་ཆུང་བས་ན་ནམ་འཆི་ངེས་མེད་བསམ་པ་ནི། ལུས་ཆུའི་དབུ་བ་ལྟར་ཤིན་ཏུ་ཉམ་ཆུང་བས་ན་གནོད་པ་ཆེན་པོ་མི་དགོས་པར་ཚེར་མ་ཟུག་པ་ལྟ་བུའི་གནོད་པ་ལ་སྙད་བཏགས་ནས་ཀྱང་སྲོག་འཇིག་པར་འགྱུར་བས་ན། འཆི་རྐྱེན་ཐམས་ཅད་ཀྱིས་གཞོམ་པར་ཡང་ཤིན་ཏུ་སླ་བ་ཡིན་ཏེ། བཤེས་སྤྲིངས་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང༌། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་གསུངས་སོ། །དེ་ལྟར་བསམས་པའི་མཐར་འཆི་བདག་གིས་ལུས་སྲོག་ནམ་འཇོམས་ངེས་པ་མི་སྣང་བས། ལོང་ཡོད་མི་བྱ་བར་ད་ལྟ་ཉིད་ནས་ཆོས་བྱ་བར་ཐག་གཅོད་པའི་ཞེ་དམ་མང་དུ་བྱ་སྟེ། ཀཱ་ནི་ཀའི་སྤྲིངས་ཡིག་ལས། འཆི་བདག་སུ་དང་མི་བཤེས་པ། །གློ་བུར་དག་ཏུ་འབབ་འགྱུར་བས། །སང་དག་བྱ་ཞེས་མ་གཞེས་པར། །དམ་པའི་ཆོས་ལ་བསྙུར་ཏེ་མཛོད། །འདི་སང་དེང་ནི་འདི་བྱ་ཞེས། །བྱ་བ་མི་ལ་བཟང་པོ་མིན། །ནམ་ཞིག་ཁྱོད་ནི་མེད་འགྱུར་བའི། །སང་དེ་གདོན་མི་ཟ་བར་འོང༌། །ཞེས་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནན་ཏས་ཀྱང༌། ས་བདག་ཇི་ལྟར་གཡར་པོའི་ལུས། །ནད་མེད་རྒུད་མེད་བདེར་གནས་པ། །


JLD013_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཚེ་ན་སྙིང་པོ་བླང༌། །ན་འཆི་རྒུད་པས་འཇིགས་མེད་བགྱི། །གང་ཚེ་ན་རྒས་རྒུད་སོགས་ན། །དྲན་ཡང་དེ་ཚེ་ཅི་བགྱིར་མཆིས། །ཞེས་གསུངས་པ་ལྟར་རོ། །རྩ་བ་གསུམ་ལས་ཀྱང་གལ་ཆེ་ཤོས་ནམ་འཆི་ངེས་མེད་བསམས་ནས་བློ་སྣ་འགྱུར་བ་འདི་ཉིད་ཡིན་པས་འབད་པར་བྱའོ། །གསུམ་པ་འཆི་བའི་ཚེ་ཆོས་མ་གཏོགས་པ་གཞན་གང་གིས་ཀྱང་མི་ཕན་པ་བསམ་པ་གསུམ་ནི། དེ་ལྟར་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་བར་མཐོང་བ་ན། དེའི་ཚེ་གཉེན་ནམ་བཤེས་ཇི་ལྟར་བརྩེ་ཞིང་གདུང་བ་ཆེ་བས་མཐའ་བསྐོར་ཡང་གཅིག་ཀྱང་འཁྲིད་ས་མེད། ཡིད་དུ་འོང་བའི་ནོར་གྱི་ཕུང་པོ་ཇི་སྙེད་ཡོད་ཀྱང་རྡུལ་ཕྲན་ཙམ་ཞིག་ཀྱང་འཁྱེར་དུ་མེད་དེ། ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་འདོར་ན་གཞན་ལྟ་ཅི་སྨོས། དེས་ན་ཚེ་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་ཀྱང་བདག་འདོར་ལ། བདག་གིས་ཀྱང་འདི་དག་དོར་ནས་འཇིག་རྟེན་གཞན་དུ་འགྲོ་བ་ཞིག་ངེས་པར་འོང༌། དེ་ཡང་དེ་རིང་འོང་སྙམ་དུ་བསམས་ལ། དེའི་དུས་སུ་ནི་ཆོས་འབའ་ཞིག་སྐྱབས་དང་མགོན་དང་དཔུང་གཉེན་དུ་འགྱུར་ཚུལ་བསམ་པར་བྱ་སྟེ། ཀཱ་ནི་ཀའི་སྤྲིངས་ཡིག་ལས། རྣམ་སྨིན་འབྱིན་པ་སྔོན་ལས་ཀྱིས། །ཁྱོད་ནི་ཡོངས་སུ་བཏང་གྱུར་པ། །གསར་པའི་ལས་དང་རྗེས་འབྲེལ་ཞིང༌། །འཆི་བདག་གིས་ནི་དྲངས་པ་ན། །དགེ་དང་སྡིག་པ་མ་གཏོགས་པར། །འགྲོ་བ་ཐམས་ཅད་ཕྱིར་ལོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་མཛོད་ལ་ལེགས་པར་སྤྱོད། །ཅེས་པ་དང༌། ཤྲཱི་


JLD013_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ག་ཏ་མི་ཏྲས་ཀྱང༌། ལྷ་གཅིག་ཇི་ལྟར་ཁྱོད་འབྱོར་ཀྱང༌། །གཤེགས་ནས་འཇིག་རྟེན་གཞན་བཞུད་ཚེ། །མྱ་ངམ་ཐང་ལ་དགྲས་བཅོམ་ལྟར། །གཅིག་པུ་སྲས་མེད་བཙུན་མོ་མིན། །ན་བཟའ་མ་མཆིས་བཤེས་མ་མཆིས། །རྒྱལ་སྲིད་མ་མཆིས་ཁབ་མ་མཆིས། །དཔག་མེད་མཐུ་དཔུང་མངའ་ལགས་ཀྱང༌། །གཟིགས་སུ་མ་མཆིས་གསན་མ་མཆིས། །གཅིག་ཙམ་ཉིད་ཅིག་ཕྱི་ཐག་གིས། །རྗེས་སུ་འབྲང་བའང་མི་མངའ་འོ། །མདོར་ན་ཉིད་ཀྱི་མཚན་ཙམ་ཡང༌། །དེ་ཚེ་མེད་ན་གཞན་ཅི་སྨོས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དལ་བ་དོན་ཆེ་ཞིང་ཤིན་ཏུ་རྙེད་དཀའ་བ་དང་རྙེད་པར་དཀའ་ཡང་ཤིན་ཏུ་འཇིག་སླ་བའི་འཆི་བ་དྲན་པ་བསམས་ནས། འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་གཏན་བདེ་ཞིག་སྒྲུབ་པར་མི་བྱེད་ན། མ་ཤི་ཚུན་ཆོད་ཀྱི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བ་ལ་ནི་མི་བས་དུད་འགྲོ་རླབས་ཆེ་བ་ཡོད་པས་ན་དེ་དག་ལས་ཁྱད་ཞུགས་པའི་སྤྱོད་པ་ཞིག་དགོས་ཏེ། གཞན་དུ་ན་བདེ་འགྲོའི་རྟེན་རྙེད་ཀྱང་མ་རྙེད་པ་དང་འདྲ་སྟེ། སྤྱོད་འཇུག་ལས། ཕྱུགས་ཀྱིས་བསྒྲུབས་ནའང་མི་དཀོན་པའི། །མནོག་ཆུང་གང་ཡིན་དེ་དོན་དུ། །དལ་འབྱོར་ཕུན་ཚོགས་རྙེད་དཀའ་འདི། །ལས་ཀྱིས་མནར་བ་རྣམས་ཀྱི་བཅོམ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྐྱེ་དཀའ་སེ་བྱུང་ཡང་ལམ་གྱི་གཞི་ཡིན་པས་འབད་དགོས་ཏེ། པོ་ཏོ་བའི་ཞལ་ནས། ངེད་ཀྱི་སྣང་སེལ་མི་རྟག་པ་བསྒོམ་པ་འདི་རང་ཡིན་ཏེ་ཉེ་འབྲེལ་དང་ཡོ་བྱད་ལ་


JLD013_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཚེ་འདིའི་སྣང་བ་ཀུན་བསལ་ནས་རང་གཅིག་པུ་གཉིས་སུ་མེད་པར་ཚེ་ཕ་རོལ་ཏུ་ཕྱད་ཀྱིས་འགྲོ་བར་ཤེས་ནས་ཆོས་མིན་པ་ཅིས་ཀྱང་བྱར་མེད་སྙམ་ནས་ཚེ་འདི་ལ་མ་ཆགས་པ་ཞིག་གདོད་འོང༌། འདི་བློ་ལ༌མ་སྐྱེས་ཀྱི་བར་དུ་ཆོས་ཐམས་ཅད་ཀྱི་ལམ་འགགས་ནས་འདུག་པ་ཡིན་གསུང༌། དོལ་པའི་ཞལ་ནས་ཀྱང༌། ཞར་ལ་ཚོགས་གསོག་པ་དང་སྒྲིབ་པ་སྦྱོང༌། ལྷ་དང་བླ་མ་ལ་གསོལ་བ་འདེབས་ཤིང་རུས་ཤིང་དང་བཅས་ནས་ནན་ཏན་གྱིས་བསམས་ན། ལོ་བརྒྱར་ཡང་མི་སྐྱེ་སྙམ་པ་ཞིག་ཀྱང་འདུས་བྱས་སོ་ན་མི་སྡོད་པས་ཅི་ཞིག་ལྟར་ལ་སྐྱེ་བ་ཡིན་གསུང་ངོ་། །ཀ་མ་བ་ལ་དམིགས་པ་སྤོ་བར་ཞུས་ཙ༌ན་སྔ་མ་སྐྱོར་སྐད། འཕྲོ་ནས་ཞུས་ཙ༌ན་འཕྲོ་ཡེ་མ་ཐོད་པ་ཞེས་གསུང་ལོ། དེ་ལྟར་ན་བློས་ལྕོགས་ན་སྔར་བཤད་པ་བཞིན་བསྒོམ་ཞིང་། མ་ལྕོགས་ན་རྩ་བ་གསུམ་ལ་རྒྱུ་མཚན་དགུ་ཇི་ལྟར་འཚམ་པ་རེ་བཟུང་ལ། གསོད་སར་འཁྲིད་པ་ལ་རྒྱན་བཏགས་པ་ལྟར་ཚེ་འདིའི་བྱ་བ་རྣམས་ལས་ཡིད་མ་ལོག་གི་བར་དུ་ཡང་དང་ཡང་དུ་བསྒོམ་པར་བྱའོ། །བཤེས་གཉེན་བསྟེན་པ་དང་དལ་འབྱོར་དང་མི་རྟག་པའི་སྐོར་རྣམས་གསུང་རབ་དགོངས་འགྲེལ་དང་བཅས་པ་ག་ན་འདུག་ཀྱང་སྐབས་དེ་དང་དེའི་ཉམས་ལེན་དུ་ཤེས་པར་བྱས་ནས་བསྐྱངས་ན་རྒྱལ་བའི་དགོངས་པ་རྣམས་བདེ་བླག་ཏུ་རྙེད་པར་འགྱུར་ཏེ་སྐབས་གཞན་དུ་ཡང་དེ་ལྟར་ཤེས་པར་བྱའོ། །གཉིས་པ་འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ་ནི། དེ་ལྟར་མྱུར་དུ་འཆི་བར་ནི་ངེས་པས་ཚེ་འདིར་ནི་བསྡད་ལོང་མེད་ལ། ཤི་བའི་


JLD013_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཡང་མེད་དེ་མི་འགྲོ་བར་སྐྱེ་བ་བླང་དགོས་སོ། །དེ་ཡང་འགྲོ་བ་གཉིས་ལས་གཞན་དུ་སྐྱེ༌ས་མེད་པས་བདེ་འགྲོའམ་ངན་འགྲོར་སྐྱེ་བ་ཡིན་ནོ། །དེ་དག་ཏུ་སྐྱེ་བ་ལ་རང་དབང་ནི་མེད་པས་ལས་ཀྱི་གཞན་དབང་ཅན་ཡིན་པའི་ཕྱིར། ལས་དཀར་ནག་གིས་ཇི་ལྟར་འཕངས་པ་བཞིན་དུ་སྐྱེ་བར་འགྱུར་རོ། །དེ་ལྟར་ན་བདག་ངན་སོང་དུ་སྐྱེས་ན་ཇི་འདྲ་བ་ཞིག་ཏུ་འགྱུར་སྙམ་དུ་ངན་འགྲོའི་སྡུག་བསྔལ་བསམ་པར་བྱ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམ་སྤང་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་གཅད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འཁོར་བ་སྤྱི་དང་ཁྱད་པར་དུ་ངན་འགྲོའི་སྡུག་བསྔལ་བསྒོམ་པ་ནི་ཤིན་ཏུ་གནད་ཆེ་སྟེ། འདི་ལྟར་རང་ཉིད་སྡུག་བསྔལ་གྱི་མཚོར་ལྷུང་བའི་ཚུལ་བསམས་ན་ནི་ཡིད་འབྱུང་བས་ང་རྒྱལ་དང་དྲེགས་པ་བཟློག་པ་དང༌། སྡུག་བསྔལ་དེ་མི་དགེ་བའི་འབྲས་བུར་མཐོང་ནས་སྡིག་ལྟུང་ལ་ཆེས་ཤིན་ཏུ་འཛེམ་པ་དང་། སྡུག་བསྔལ་མི་འདོད་པས་ནི་བདེ་བ་འདོད་ལ་དེ་ཡང་དགེ་བའི་འབྲས་བུར་མཐོང་ནས་དགེ་བ་བསྒྲུབ་པ་ལ་དགའ་བ་དང༌། རང་གི་ཉམས་ལ་དཔགས་ནས་གཞན་ལ་ཡང་སྙིང་རྗེ་སྐྱེ་བ་དང་། འཁོར་བ་ལས་


JLD013_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བྱུང་ནས་ཐར་པ་ལ་དོན་གཉེར་སྐྱེ་བ་དང་། སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་འགྲོ་ཤུགས་དྲག་པ་སོགས་ཉམས་ལེན་གྱི་གནད་དུ་མ་ཞིག་འདུས་པའི་སྡོམ་ཆེན་པོའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས་སེམས་ཁྱོད་བརྟན་པར་མནོས། །ཞེས་དང༌། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །ཞེས་དང༌། བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །ཞེས་གསུངས་པ་ལྟར་རོ། །སྡུག་བསྔལ་གྱི་ཡོན་ཏན་དེ་རྣམས་སྤྱོད་འཇུག་ཏུ་རང་གི་རྒྱུད་ལ་བྱུང་བའི་སྡུག་བསྔལ་གྱི་དབང་དུ་བྱས་ནས་གསུངས་མོད། འོན་ཀྱང་སྡུག་བསྔལ་མྱོང་བར་འགྱུར་བ་ལ་ཡང་འདྲ་བ་ཡིན་ནོ། །དེ་ལྟར་ན་ངན་འགྲོའི་སྡུག་བསྔལ་བསམ་པ་ལ་གསུམ། དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ལ་བཞི། སེམས་ཅན་དམྱལ་བ་ཆེན་པོ་དང༌། ཉེ་འཁོར་བའི་དམྱལ་བ་དང༌། གྲང་བའི་དམྱལ་བ་དང༌། ཉི་ཚེ་བའི་དམྱལ་བའོ། །དང་པོ་ནི། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཡང་སོས་ཡོད་ལ། དེ་ནས་དཔག་ཚད་བཞི་སྟོང་བཞི་སྟོང་གིས་ཆོད་པ་ན་གཞན་བདུན་ཡོད་དོ། །དེ་ལྟར་བརྒྱད་ལས། དང་པོ་ཡང་སོས་ན་ནི། སེམས་ཅན་དེ་དག་ཕན་ཚུན་འདུས་ནས་ལས་ཀྱི་དབང་གིས་བྱུང་བའི་མཚོན་ཆ་སྣ་ཚོགས་རིམ་གྱིས་འབྱུང་བ་རྣམས་ཀྱིས་གཅིག་ལ་གཅིག་


JLD013_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྣུན་པར་བྱེད་དོ། །དེ་ནས་བརྒྱལ་ཏེ་ས་ལ་འགྱེལ་བ་དང་ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་འབྱུང་ངོ་། །དེ་ནས་ཡང་ལངས་ཏེ་སྔར་ལྟར་སྣུན་པར་བྱེད་པས་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་འགྱུར་རོ། །ཐིག་ནག་ན་ནི། སེམས་ཅན་དེར་སྐྱེས་པ་རྣམས་དམྱལ་སྲུང་རྣམས་ཀྱིས་ཟུར་བཞིའམ་ཟུར་བརྒྱད་དམ་ཆར་གསེ་བ་རྣམ་པ་སྣ་ཚོགས་དུ་མར་ཐིག་ནག་པོས་བཅལ་ནས་ཐིག་ཇི་ལྟར་བཏབ་པ་དེ་ལྟར་མཚོན་གྱིས་གཤེག་ཅིང་འཇོག་པར་བྱེད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །བསྡུས་འཇོམས་ན་ནི། སེམས་ཅན་དེ་རྣམས་གཅིག་ཏུ་འདུས་ཤིང་འཚོགས་པའི་ཚེ་དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་རི་རའི་གདོང་པ་ལྟ་བུ་གཉིས་ཀྱི་བར་དུ་འཚང་བར་བྱེད་དོ། །དེ་ནས་དེ་མ་ཐག་ཏུ་རི་དེ་གཉིས་ཀྱིས་འཚིར་ལ། དེའི་ཚེ་སྒོ་ཐམས་ཅད་ནས་ཁྲག་གི་ཀླུང་རབ་ཏུ་འབབ་བོ། །དེ་བཞིན་དུ་ལུག་དང་རྟ་དང་གླང་པོ་ཆེ་དང་སེང་གེ་དང་སྟག་གི་གདོང་པ་ལྟ་བུས་ཀྱང་འཚིར་བར་བྱེད་དོ། །ཡང་འདུས་པ་ན་ལྕགས་ཀྱི་འཁྲུལ་འཁོར་ཆེན་པོའི་ནང་དུ་བཅུག་ནས་བུར་ཤིང་འཚིར་བ་བཞིན་དུ་འཚིར་རོ། །དེ་ནས་ཡང་འདུས་པ་ན་སྟེང་ནས་ལྕགས་ཀྱི་ཕ་བོང་ཆེན་པོ་ལྷུང་ནས་ལྕགས་ཀྱི༌ས་གཞི་ལ་གཅོད་པ་དང་འབྱེད་པ་དང་བརྡུང་བ་དང་དམྱལ་བར་བྱེད་དོ། །དེ་དག་གི་ཚེ་ཡང་ཁྲག་གི་ཀླུང་རབ་ཏུ་འབབ་བོ། །ངུ་འབོད་ན་ནི། སེམས་ཅན་དེ་དག་གནས་འཚོལ་ཞིང་ལྕགས་


JLD013_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁང་པའི་ནང་དུ་འཇུག་པར་བྱེད་དོ། །ཞུགས་པ་དང་མེ་ཀུན་ཏུ་འབར་བས་སྲེག་པར་བྱེད་དོ། །ངུ་འབོད་ཆེན་པོ་ན་ནི། སྔ་མ་དང་འདྲ་བ་ལས་ཁྱད་པར་དུ་ལྕགས་ཁང་ཉིས་རིམ་དུ་ཡོད་དོ། །ཚ་བ་ན་ནི། སེམས་ཅན་དེ་དག་དམྱལ་སྲུང་རྣམས་ཀྱིས་ལྕགས་ཟངས་དཔག་ཚད་དུ་མ་ཡོད་པ་ཤིན་ཏུ་ཚ་ཞིང་འབར་བའི་ནང་དུ་བཅུག་ནས་བསྐོལ་ཏེ་ཉ་བཞིན་དུ་བསྲེག་པ་དང༌། ལྕགས་ཀྱི་གསལ་ཤིང་རབ་ཏུ་འབར་བས་འཕོངས་ནས་ཕུག་སྟེ་སྤྱི་བོར་འབྱིན་པ་དང་ཁ་དང་མིག་དང་སྣ་དང་རྣ་བའི་བུ་ག་གཉིས་གཉིས་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་ལྕེ་རབ་ཏུ་འབར་བ་འབྱུང་བ་དང༌། ལྕགས་ཀྱི་ས་གཞི་རབ་ཏུ་འབར་བ་ལ་གན་རྐྱལ་ལམ་ཁ་སྦུབ་ཏུ་བཞག་སྟེ། ལྕགས་ཀྱི་ཐོ་བ་ཚ་ཞིང་རབ་ཏུ་འབར་བས་བརྡུང་ཞིང་དམྱལ་བར་བྱེད་དོ། །རབ་ཏུ་ཚ་བ་ན་ནི། ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་འཕོངས་སུ་བཅུག་ནས་རྩེ་མོ་གཡས་གཡོན་གཉིས་ཕྲག་པ་གཉིས་དང་དབུས་མ་སྤྱི་བོ་ནས་འབྱིན་ནོ། །དེ་ལ་བརྟེན་ནས་ཁ་ལ་སོགས་པའི་སྒོ་རྣམས་སུ་མེ་ལྕེ་འབར་བ་འབྱུང་ངོ་། །ལྕགས་གླེབས་པ་ཚ་ཞིང་རབ་ཏུ་འབར་བས་ལུས་ཡོངས་སུ་དཀྲི་བ་དང་ལྕགས་ཟངས་ཆེན་པོ་འགྱུར་བྱེད་བསྐོལ་བས་གང་ཞིང་ཀུན་ཏུ་འབར་བའི་ནང་དུ་སྤྱིའུ་ཚུགས་སུ་བཅུག་ནས་བསྐོལ་བ་ན་སྟེང་འོག་དང་ཐད་ཀ་རྣམས་སུ་འགྲོའོ། །དེའི་ཚེ་པགས་པ་དང་ཤ་ཁྲག་རྣམས་ཞིག་ནས་ཀེང་རུས་འབའ་ཞིག་ལུས་པའི་ཚེ་ཡང་ཕྱིར་ཕྱུང་ནས་ལྕགས་ཀྱི༌ས་གཞི་ལ་འགྲེམ་མོ། །དེ་ནས་པགས་པ་དང་


JLD013_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁྲག་སྐྱེས་པ་དང་ཡང་ནང་དུ་འཇུག་གོ །ལྷག་མ་གཞན་ནི་ཚ་བ་དང་འདྲའོ། །མནར་མེད་ན་ནི། ཤར་ཕྱོགས་ནས་ས་གཞི་དཔག་ཚད་བརྒྱ་ཕྲག་དུ་མ་ཡོད་པ་ཀུན་ཏུ་འབར་ཞིང་མཆེད་པ་ལས། མེ་འབར་བའི་ཤུགས་འོངས་ཏེ་དེས་སེམས་ཅན་དེ་དག་གི་པགས་པ་དང་ཤ་དང་རྒྱུས་པ་དང་རུས་པ་རྣམས་རིམ་གྱིས་བཤིག་ནས་རྐང་ལ་ཐུག་པར་བྱེད་དེ། མར་མེའི་སྙིང་པོ་བཞིན་དུ་ལུས་ཐམས་ཅད་མེ་ལྕེ་འབར་བས་ཁྱབ་པར་འདུག་གོ །ཕྱོགས་གཞན་གསུམ་ཡང་དེ་དང་འདྲ་སྟེ་ཕྱོགས་བཞི་ནས་མེ་འོངས་པ་དེར་འདྲེས་པས་སྡུག་བསྔལ་མྱོང་བ་བར་མ་ཆད་པས་ཉམ་ཐག་པའི་སྐད་འབྱིན་པས་སེམས་ཅན་དུ་ཤེས་པ་ཙམ་མོ། །ཡང་ལྕགས་ཀྱི་ཞིབ་མའི་ནང་དུ་ལྕགས་ཀྱི་མདག་མ་རབ་ཏུ་འབར་བ་དག་འཁྲབ་ཏུ་འཇུག་གོ །ལྕགས་ཀྱི་ས་གཞིར་ལྕགས་ཀྱི་རི་ཆེན་པོ་རྣམས་ལ་འབབ་འཛེག་བྱེད་དུ་འཇུག་པ་དང༌། ཡང་ཁ་ནས་ལྕེ་ཕྱུང་སྟེ་ལྕགས་ཀྱི་ཕུར་པ་བརྒྱས་བརྒྱངས་ནས་གླང་གི་ཀོ་བ་ལ་བྱེད་པ་བཞིན་དུ་ཐང་བཅད་དེ་གཉེར་མ་དང་ཁམ་ཁུམ་མེད་པར་བྱེད་དོ། །ཡང་ལྕགས་ཀྱི༌ས་གཞི་ལ་གན་རྐྱལ་དུ་བཞག་ནས་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཁ་ཕྱེ་ནས་ལྕགས་ཀྱི་ཐུ་ལུམ་འབར་བ་ཁར་འཇུག་པ་དང་ཟངས་བསྐོལ་བ་ཁར་བླུགས་ནས་ཁ་དང་ལྐོག་མ་དང་རྒྱུ་མ་རྣམས་ཚིག་ནས་རོ་སྨད་ནས་འབྱུང་ངོ་། །ལྷག་མ་གཞན་ནི་རབ་ཏུ་ཚ་བ་བཞིན་ནོ། །དེ་དག་ནི་གནོད་པ་རགས་པ་ཙམ་ཡིན་གྱི། གཞན་ཡང་གནོད་པ་མང་པོ་


JLD013_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པ་རྣམས་ཡོད་དེ། ཅི་ཙམ་ན་གནས་པའི་གནས་ཀྱི་ཚད་དང་སྡུག་བསྔལ་དེ་དག་ནི་སའི་དངོས་གཞི་ནས་ཇི་ལྟར་གསུངས་པ་ལྟར་བྲིས་པའོ། །སྡུག་བསྔལ་དེ་རྣམས་ཡུན་ཅི་ཙམ་དུ་ཉམས་སུ་མྱོང་བ་ནི། བཤེས་སྤྲིངས་ལས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། སྡུག་བསྔལ་དེ་རྣམས་མྱོང་བའི་ལས་ཀྱི་ནུས་པ་མ་ཟད་པ་དེ་སྲིད་དུ་མྱོང་དགོས་སོ། །དེ་ཡང་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་པའི་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་རིས་བཞི་པའི་ཚེ་ཚད་ཡིན་ལ། དེ་ཐམས་ཅད་ལ་ཞག་གཅིག་དང་དེ་སུམ་ཅུ་ལ་ཟླ་བ་དང་དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ་ནི་དམྱལ་བ་ཡང་སོས་པའི་ཚེ་ཚད་དོ། །དེ་བཞིན་དུ་མི་ལོ་བརྒྱ་དང་ཉིས་བརྒྱ་དང་བཞི་བརྒྱ་དང་བརྒྱད་བརྒྱ་དང་སྟོང་དྲུག་བརྒྱ་ནི་སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་པའི་བར་རྣམས་ཀྱི་རིམ་པ་བཞིན་དུ་ཞག་གཅིག་ཡིན་ལ། ཚེའི་ཚད་ནི་ལྷའི་ལོ་སྟོང་དང་ཉིས་སྟོང་དང་བཞི་སྟོང་དང་བརྒྱད་སྟོང་དང་ཁྲི་དྲུག་སྟོང་ཐུབ་བོ། །དེ་དག་ནི་རིམ་པ་ལྟར་ཐིག་ནག་ནས་ཚ་བའི་བར་གྱི་ཞག་རེ་རེར་བྱས་པའི་རང་ལོ་སྟོང་ནས་ཁྲི་དྲུག་སྟོང་གི་བར་ཐུབ་སྟེ། མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་རྣམས་ཀྱི་ཉིན་ཞག་གཅིག །


JLD013_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་དང༌། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ། །ཞེས་གསུངས་ཏེ། སའི་དངོས་གཞིར་ཡང་དེ་དང་འདྲའོ། །ཉེ་འཁོར་བ་ནི། དམྱལ་བ་བརྒྱད་པོ་དེ་རེ་རེ་ལ་ཡང་རྩིག་ངོས་བཞི་བཞི་དང་སྒོ་བཞི་བཞི་ཡོད་ལ། དེ་དག་གི་ཕྱི་རོལ་ཏུ་ནི་ལྕགས་ཀྱི་ར་བས་བསྐོར་ཞིང་ར་བ་དེ་ལའང་སྒོ་བཞི་བཞི་ཡོད་དོ། །སྒོ་དེ་རེ་རེ་ན་སེམས་ཅན་དམྱལ་བ་ལྷག་པ་བཞི་བཞི་ཡོད་དེ། མེ་མུར་གྱི་འོབས་དང༌། རོ་མྱགས་ཀྱི་འདམ་མམ་ཕྱི་སའི་འདམ་རོ་ལྟར་མནམ་པ་དང༌། སྤུ་གྲིའི་ལམ་ལ་སོགས་པ་དང་། ཆུ་ཀླུང་རབ་མེད་དོ། །དེ་ལ་དང་པོ་ནི། མེ་མུར་པུས་ནུབ་ཙམ་ཡོད་ལ། སེམས་ཅན་དེ་དག་གནས་འཚོལ་དུ་འགྲོ་བ་ན་དེར་རྐང་པ་བཞག་པའི་ཚེ་པགས་པ་དང་ཤ་ཁྲག་ཀུན་འཇིག་ལ། བཏེག་པའི་ཚེ་དེ་དག་སླར་སྐྱེ་བར་འགྱུར་རོ། །གཉིས་པ་ནི། དེ་དང་འདབས་ཆགས་པ་ན་ཕྱི་སའི་འདམ་རོ་ལྟར་མནམ་པ་ཡོད་པ་ལ། སེམས་ཅན་གནས་འཚོལ་བ་དག་གིས་བརྒལ་བ་དང་དེར་འགྱེལ་ནས་མགོ་མན་ཆད་བྱིང་སྟེ་འདུག་གོ །འདམ་དེ་ན་འབུ་མཆུ་རྣོན་ཞེས་བྱ་བ་ཡོད་པས་དེ་དག་གིས་པགས་པ་དང་ཤ་དང་རྒྱུས་པ་དང་རུས་པ་རྣམས་འབིགས་ཤིང་རྐང་ལ་གཏུགས་ནས་འདྲུ་བར་བྱེད་དོ། །གསུམ་པ་ནི། འདམ་དེ་དང་འདབས་ཆགས་པ་ན་སྤུ་གྲིའི་སོ་གཏམས་


JLD013_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་ཡོད་དེ། སེམས་ཅན་གནས་འཚོལ་བ་དག་དེར་སོང་བ་དང་རྐང་པ་བཞག་ན་ནི་པགས་པ་དང་ཤ་དང་ཁྲག་ཀུན་གཅོད་ལ་བཏེག་ན་དེ་དག་སླར་སྐྱེའོ། །དེ་དང་འདབས་ཆགས་པ་ན་ནགས་ཚལ་རལ་གྲི་ལོ་མ་ཅན་ཡོད་དེ། སེམས་ཅན་གནས་འཚོལ་བ་དེ་དག་དེར་སོང་སྟེ་དེའི་གྲིབ་མ་ལ་བརྟེན་ཅིང་འཁོད་པ་ན་ཤིང་ལས་རལ་གྲི་ལྷགས་ཏེ། དེ་དག་གིས་ཡན་ལག་དང་ཉིང་ལག་འབིགས་ཤིང་རྣམ་པར་གཤེག་གོ །དེ་དག་དེར་འགྱེལ་བ་ན་ཁྱི་སྲེ་བོ་དག་འོངས་ནས་རྒྱབ་བཤུལ་ནས་འཐོག་ཅིང་ཟའོ། །དེ་དང་འདབས་ཆགས་པ་ན་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་ཡོད་དེ། སེམས་ཅན་གནས་འཚོལ་བ་དེ་དག་དེར་སོང་བ་དང་དེ་ལ་འཛེག་ཏུ་འཇུག་སྟེ་འཛེགས་པའི་ཚེ་ནི་ཚེར་མ་རྣམས་ཀྱི་ཁ་ཐུར་དུ་བལྟ་ལ། འབབ་པའི་ཚེ་ནི་ཁ་གྱེན་དུ་བལྟ་བ་དེ་དག་གིས་ཡན་ལག་དང་ཉིང་ལག་རྣམས་འབིགས་ཤིང་གཤེག་པར་བྱེད་དོ། །དེ་ན་ཁྭ་ལྕགས་ཀྱི་མཆུ་ཅན་བྱ་བ་ཡོད་པས་དེས་ཕྲག་པའམ་མགོ་བོ་ལ་བསྡད་ནས་མིག་འབྲས་འཐོག་ཅིང་ཟའོ། །དེ་དག་ནི་མཚོན་ཆའི་གནོད་པ་འབབ་པར་འདྲ་བས་གཅིག་ཏུ་བྱའོ། །བཞི་པ་ནི། ཤལ་མ་ལི་དང་འདབས་ཆགས་པ་ན་ཆུ་ཀླུང་རབ་མེད་ཅེས་བྱ་བ་འགྱུར་བྱེད་ཀྱི་ཆུ་བསྐོལ་བས་གང་བ་ཡོད་དེ། དེར་སེམས་ཅན་གནས་འཚོལ་བ་དེ་དག་ལྷུང་ནས་སྟེང་འོག་ཏུ་འགྲོ་ཞིང་འཚེད་པ་ནི། དཔེར་ན། ཟངས་ཆུས་བཀང་བ་མེ་ཆེན་པོ་སྦར་བའི་ནང་དུ་སྲན་མ་ལ་སོགས་པ་བླུགས་པ་བཞིན་ནོ། །ཆུ་ཀླུང་དེའི་འགྲམ་


JLD013_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ན་སེམས་ཅན་ལག་ན་དབྱུག་པ་དང་མཆིལ་པ་དང་རྒྱ་བཟུང་བ་དག་བསྡད་ནས་ཕྱིར་འབྱུང་དུ༌ཡང་མི་སྟེར་ལ། མཆིལ་པའམ་རྒྱས་ཕྱིར་ཕྱུང་ནས་ས་གཞི་ཆེན་པོ་འབར་བ་ལ་གན་རྐྱལ་དུ་བཞག་སྟེ་ཅི་འདོད་ཅེས་འདྲིའོ། །དེ་དག་གིས་བདག་ཅག་གིས་ཅང་ཡང་མི་ཤེས་ཤིང་མི་མཐོང་སྟེ། འོན་ཀྱང་བཀྲེས་སོ་སྐོམ་མོ་ཟེར་བ་ན་ལྕགས་ཀྱི་ཐུ་ལུམ་མེ་རབ་ཏུ་འབར་བ་ཁར་འཇུག་ཅིང་ཟངས་བསྐོལ་བ་ཁར་ལྡུགས་སོ། །དེ་དག་ཀྱང་སའི་དངོས་གཞི་ལྟར་བཀོད་པ་སྟེ། ཉེ་འཁོར་བ་དང་ཉི་ཚེ་བ་གཉིས་ལ་ཚེ་ཚད་ངེས་པ་མེད་པར་དེ་ལས་བཤད་དོ། །འོན་ཀྱང་ཇི་སྲིད་དུ་སྡུག་བསྔལ་དེ་དག་མྱོང་བའི་ལས་ཀྱི་ནུས་པ་མ་ཟད་པ་དེ་སྲིད་དུ་གཞི་དེ་དག་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །གྲང་བའི་དམྱལ་བ་བརྒྱད་ནི། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཀྱི་ཐད་སོ་དཔག་ཚད་ཁྲི་ཕྲག་རེའི་ཕ་རོལ་ན་ཡོད་ཅིང༌། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཆུ་བུར་ཅན་ཡོད་ལ། དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་ཆོད་པ་ན་གཞན་བདུན་ཡོད་དོ། །དེ་ལ་ཆུ་བུར་ཅན་ནི། ལྷགས་པ་ཆེན་པོས་བཏབ་པས་ལུས་ཐམས་ཅད་ཆུ་བུར་བྱུང་བ་བཞིན་དུ་འཁུམས་པའོ། །ཆུ་བུར་རྡོལ་བའི་ཁྱད་པར་ནི། ཆུ་བུར་རྡོལ་བ་བཞིན་དུ་འཁུམས་པའོ། །སོ་ཐམ་ཐམ་པ་དང༌། ཀྱི་ཧུད་ཟེར་བ་དང༌། ཨ་ཆུ་ཟེར་བ་ནི། ཚིག་འདོན་ལུགས་ལས་བཏགས་པའོ། །ཨུཏྤལ་ལྟར་གས་པ་ནི། ལྷགས་པ་ཆེན་པོས་བཏབ་པས་ཁ་དོག་སྔོ་ཞིང་


JLD013_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ལྔའམ་དྲུག་ཏུ་གས་པའོ། །པདྨ་ལྟར་གས་པའི་ཁྱད་པར་ནི། སྔོན་པོ་ལས་འདས་ནས་དམར་བར་གྱུར་ཏེ་ཁ་བཅུའམ་དེ་ལས་མང་བར་གས་པའོ། །པདྨ་ལྟར་གས་པ་ཆེན་པོའི་ཁྱད་པར་ནི། པགས་པ་ཤིན་ཏུ་དམར་བར་གྱུར་ནས་ཁ་བརྒྱའམ་དེ་ལས་མང་བར་ཡང་གས་པའོ། །དེ་དག་གི་གོ་རིམ་དང་གནས་ཀྱི་ཚད་དང་སྡུག་བསྔལ་རྣམས་ནི་སའི་དངོས་གཞི་ཇི་བཞིན་ནོ། །སྐྱེས་རབས་ལས། མེད་པར་ལྟ་བ་ཚེ་རབས་ཕྱི་མ་ལ། །གནས་པ་དེ་ན་མུན་ནག་རླུང་གྲང་ལྡང༌། །དེས་ནི་རུས་པའང་འཇིག་པའི་ནད་སློང་ན། །བདག་ལ་ཕན་འདོད་སུ་ཞིག་དེ་རུ་འཇུག །ཅེས་མུན་པར་གནས་པར་གསུངས་སོ། །སློབ་སྤྲིངས་ལས་ཀྱང༌། ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིང་བ་ཡིས། །ལུས་སྦྲེབས་འདར་ཞིང་སྒུར་ནས་ཀུམ་ཀུམ་པོར་འདུག་པ། །ཆུ་བུར་བརྒྱ་བྱུང་རྡོལ་པ་ལས་སྐྱེས་སྲོག་ཆགས་ཀྱིས། །ཟོས་ཤིང་དབྲད་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །ཀོས་ཐག་སོ་འཐམས་སྐྲ་དང་སྤུ་རྣམས་གཡེངས་གྱུར་པ། །མིག་དང་རྣ་བ་ལྐོག་མ་གནོད་པས་ཀུན་གཟིར་ཞིང༌། །ལུས་དང་སེམས་ཀྱི་བར་དག་རབ་ཏུ་བློང་གྱུར་ནས། །གྲང་བའི་དམྱལ་བར་གནས་ཤིང་ཤིན་ཏུ་འོ་དོད་འབོད། །ཅེས་གསུངས་སོ། །ཡུན་ཇི་ཙམ་དུ་སྡུག་བསྔལ་དེ་དག་མྱོང་བ་ནི། ཇི་སྲིད་ལས་ངན་པ་དེ་དག་མ་ཟད་ཀྱི་བར་དུ་སྟེ། དེ་ཡང་སའི་དངོས་གཞིར་ནི། གྲང་བའི་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་སེམས་ཅན་རྣམས་ལས་ཕྱི་མ་ཕྱི་མ་ཕྱེད་ཕྱེད་ཞུགས་པར་རིག་པར་བྱའོ། །ཞེས་པ་


JLD013_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། མཛོད་འགྲེལ་དུ་མདོ་དྲངས་པ་ལས། དགེ་སློང་དག །དཔེར་ན་འདི་ན་ཡུལ་མ་ག་དྷའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པ་ཞིག་ཏིལ་དག་གིས་བྱུར་བུར་བཀང་སྟེ། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང་ཏིལ་རེ་རེ་བོར་ན། དགེ་སློང་དག །རིམ་པ་དེས་ན་ཡུལ་མ་ག་དྷའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པ་དེ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་བ་ནི་ཆེས་མྱུར་གྱི། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ཡོངས་སུ་གཏུགས་པར་ནི་ང་མི་སྨྲའོ། །དགེ་སློང་དག །ཆུ་བུར་ཅན་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་ཆུ་བུར་རྡོལ་བ་གཅིག་ཡིན་ནོ། །ཞེས་བྱ་བ་ནས། རྒྱས་པར་ནི་ཡང་དགེ་སློང་དག །པདྨ་ལྟར་གས་པ་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་པདྨ་ལྟར་གས་པ་ཆེན་པོ་གཅིག་ཡིན་ནོ། །ཞེས་གསུངས་པས། ཚེ་དེ་ཙམ་གྱི་བར་དུ་མྱོང་ངོ་། །ཉི་ཚེ་བའི་དམྱལ་བ་ནི། ཚ་དམྱལ་དང་གྲང་དམྱལ་གྱི་ཉེ་འཁོར་ན་ཡོད་ལ། མིའི་ཡུལ་ན༌ཡང་ཡོད་པར་སའི་དངོས་གཞིར་གསུངས་ཤིང༌། ལུང་གཞི་ལས་མཚོ་ཆེན་པོའི་འགྲམ་དང་ཉེ་བ་ན་གནས་པར་ཡང་གསུངས་ཏེ། དགེ་འདུན་སྲུངས་ཀྱི་རྟོགས་པ་བརྗོད་པ་ལས་འབྱུང་བ་བཞིན་ནོ། །མཛོད་འགྲེལ་ལས་ཀྱང༌། སེམས་ཅན་དམྱལ་བ་བཅུ་དྲུག་པོ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་མངོན་པར་གྲུབ་པ་དག་ཡིན་ནོ། །ཉི་ཚེ་བའི་དམྱལ་བ་རྣམས་ནི་མང་པོའམ་གཉིས་སམ་གཅིག་གི་སོ་སོའི་ལས་དག་གིས་མངོན་པར་གྲུབ་པ་ཡིན་ཏེ། དེ་དག་གི་རྣམ་པའི་བྱེ་བྲག་ནི་རྣམ་པ་དུ་མ་ཡོད་དོ། །གནས་


JLD013_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ངེས་པ་མེད་དེ། ཆུ་བོ་དང་རི་དང་མྱ་ངམ་གྱི་ཕྱོགས་དག་དང་འོག་ནའང་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་ན་དེ་དག་ཏུ་སྐྱེ་བའི་རྒྱུ་ནི་འོག་ནས་འཆད་པ་ལྟར་ཤིན་ཏུ་འབྱུང་ཉེ་བས་ཉི་མ་རེ་རེ་བཞིན་ཡང་མང་པོ་གསོག་ལ། སྔར་བསགས་པ་ཡང་ད་དུང་དཔག་ཏུ་མེད་པ་ཡོད་པས། ཡིད་བདེ་བར་སྡོད་པ་མི་རིགས་པས་དེ་དག་བསམས་ནས་འཇིགས་པར་བྱ་སྟེ། དེ་དག་དང་བར་ན་ནི་དབུགས་གྱ་གྱུ་འགྱུ་བ་འཆད་པ་ཙམ་ལས་མེད་པའི་ཕྱིར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདི་ལྟར་བདེ་བར་གནས། །ཞེས་དང༌། བཤེས་སྤྲིངས་ལས་ཀྱང༌། སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གི །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་མང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང༌། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་གསུངས་སོ། །འཁོར་བའི་སྡུག་བསྔལ་གྱི་ནང་ན་ངན་འགྲོའི་སྡུག་བསྔལ་བཟོད་དཀའ་ལ། དེའི་ནང་ནས་ཀྱང་དམྱལ་བའི་སྡུག་བསྔལ་བཟོད་གླགས་མེད་དེ། ཉིན་གཅིག་ལ་མདུང་རྣོན་སུམ་བརྒྱས་བར་མ་ཆད་དུ་བཏབ་པའི་སྡུག་བསྔལ་གྱིས། དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་ཆ་ཙམ་དུ་ཡང་བསྒྲུན་དུ་མེད་པའི་ཕྱིར་རོ། །དམྱལ་བའི་ནང་ནས་


JLD013_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མནར་མེད་ཀྱི་སྡུག་བསྔལ་ཆེས་ཆེ་སྟེ། བཤེས་སྤྲིངས་ལས། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པ། །བདེ་བའི་བདག་པོ་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་དབྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །དེ་ལྟ་བུའི་སྡུག་བསྔལ་བསྐྱེད་པའི་རྒྱུ་ནི། རང་གི་སྒོ་གསུམ་གྱི་ཉེས་སྤྱོད་ཁོ་ན་ཡིན་པར་ཤེས་པར་བྱས་ལ། ཉེས་སྤྱོད་ཆུང་ངུས་ཀྱང་མ་གོས་པར་བྱ་བ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱ་སྟེ། དེ་ཉིད་ལས། མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ཀྱི་ཉེས་སྤྱོད་ཁྱོད་ཀྱིས་ནི། །ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི་རྩལ་གྱིས་འབད་པར་མཛོད། །ཅེས་སོ། །དུད་འགྲོའི་སྡུག་བསྔལ་བསམ་པ་ནི། དུད་འགྲོ་རྣམས་མཐུ་ཆེ་བས་ཆུང་བ་རྣམས་གསོད་པ་དང༌། ལྷ་དང་མིའི་ཡོ་བྱད་དུ་གྱུར་ཏེ་རང་ལ་རང་དབང་མེད་པར་གཞན་གྱི་དབང་དུ་གྱུར་པས་གསོད་པ་དང་བརྡེག་པ་དང་གནོད་པ་བྱེད་ལ། ལྷ་དང་མི་དང་ལྷན་ཅིག་རྒྱུ་བས་གནས་གཞན་མེད་པར་སའི་དངོས་གཞི་ལས་བཤད་དོ། །མཛོད་འགྲེལ་ལས་ནི། དུད་འགྲོ་ནི་ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་བ་དག་ཡིན་ནོ། །དེ་དག་གི་གནས་ཀྱི་རྩ་བ་ནི་རྒྱ་མཚོ་ཆེན་པོ་ཡིན་


JLD013_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གཞན་ནི་དེ་ལས་འཕྲོས་པ་དག་ཡིན་ནོ། །ཞེས་གསུངས་སོ། །བཤེས་སྤྲིངས་ལས་ཀྱང༌། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང༌། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང༌། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང༌། །ལྕག་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ། །ཞེས་སོ། །དེ་ལ་ཚིགས་བཅད་དང་པོས་སྤྱི་དང༌། གཉིས་པས་ཁྱད་པར་གྱི་སྡུག་བསྔལ་བསྟན་ཏོ། །བརྡེག་སོགས་ཞེས་པའི་སོགས་ཀྱི་སྒྲས་ནི་བཀོལ་བ་དང་སྣ་དབུག་པ་སོགས་བསྡུས་ཏེ། དེ་ནི་མི་དང་མི་མ་ཡིན་པ་རྣམས་ཀྱིས་གསོད་པ་སོགས་བྱེད་པའི་དབང་དུ་མཛད་དོ། །གཅིག་ལ་གཅིག་ཟ་ཞེས་པ་ནི་དུད་འགྲོ་རིགས་མཐུན་གྱི་གནོད་པའི་དབང་དུ་མཛད་པ་སྟེ། ཞི་བར་འགྱུར་བའི་དགེ་བ་ནི་མྱང་འདས་འཐོབ་པའི་དགེ་བའོ། །དེ་སྤངས་པས་ནི་ཤིན་ཏུ་བླུན་ཞིང་ལམ་གྱི་སྣོད་དུ་མི་རུང་བར་བསྟན་ཏོ། །རྡོག་པས་བཏབ་སྟེ་བཀོལ་བ་ནས་གདབ་པས་བཏབ་སྟེ་བཀོལ་བ་ལྔ་ནི་རིམ་པ་བཞིན་དུ་རྟ་དང་མ་ཧེ་དང་བོང་བུ་དང་གླང་པོ་ཆེ་དང་གླང་ལ་སོགས་པའོ། །དེ་དག་ནི་བཤེས་སྤྲིངས་འགྲེལ་པ་ལས་འབྱུང་བ་ལྟར་ཡིན་ལ། གཞན་ཡང་མུན་པ་དང་ཆུར་སྐྱེས་ཤིང་དེ་དག་ཏུ་རྒས་ཏེ་འཆི་བ་དང་ཁུར་ལྕི་བས་ངལ་བ་དང་རྨོ་བ་དང་སྤུ་འདྲེག་པ་དང་བདའ་བ་དང་གསོད་ལུགས་ཀྱང་མི་འདྲ་བ་དུ་མས་ཉམ་ཐག་པར་བྱས་ཏེ། གསོད་པ་དང་བཀྲེས་


JLD013_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་དང་ཉི་ལྷགས་ཀྱིས་གཟིར་བ་དང་རྔོན་པས་སྒོ་དུ་མ་ནས་གཙེ་བས་དེ་དག་ལ་དུས་ནམ་ཡང་འཇིགས་ཡེ་རེ་བས་སྡུག་བསྔལ་བའི་ཚུལ་རྣམས་བསམས་ཏེ་སྐྱོ་ཞིང་ཡིད་འབྱུང་བར་བྱའོ། །ཚེའི་ཚད་ནི། མཛོད་ལས། དུད་འགྲོ་རྣམས། །མཆོག་རིང་བསྐལ་པའོ། །ཞེས་ཚེ་རིང་བ་རྣམས་ཀྱིས་བསྐལ་པ་ཙམ་ཐུབ་ཅིང་ཐུང་བ་ལ་ངེས་པ་མེད་པར་བཤད་དོ། །ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། སེར་སྣ་ཤས་ཆེར་བསྟེན་པ་རྣམས་ཡི་དྭགས་སུ་སྐྱེ་ལ། དེ་དག་ཀྱང་བཀྲེས་ཤིང་སྐོམ་པ་དང་ལྡན་པ་པགས་པ་དང་ཤ་ཁྲག་ཀུན་བསྐམས་པ་སྡོང་དུམ་ཚིག་པ་ལྟ་བུ་གདོང་སྐྲས་ཁེབས་པ་ཁ་ཤིན་ཏུ་བསྐམས་ཤིང་ལྕེས་བལྡག་པའོ། །འདི་ལ་གསུམ་ལས། ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པ་ནི། དེ་དག་ཆུ་མིག་དང་མཚོ་དང་མཚེའུ་རྣམས་སུ་རྒྱུ་བ་ན། དེར་སེམས་ཅན་རལ་གྲི་དང་མདུང་དང་མདུང་ཐུང་བཟུང་བ་དག་གིས་ཆུ་མིག་ལ་སོགས་པ་ལས་ཕྱིར་འགོག་པར་བྱེད་པ་དང༌། ཆུ་ཡང་རྣག་ཁྲག་ཏུ་མཐོང་ནས་འཐུང་བར་མི་འདོད་པའོ། །ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་ནི། ཁ་ཁབ་མིག་ཙམ་ཡོད་པ་ལ་ཁ་འབར་བ་དང་ལྦ་བ་ཅན་དང་གསུས་པ་ཆེ་བ་སྟེ། གཞན་གྱིས་གེགས་མ་བྱས་པར་རང་གིས་ཟས་སྐོམ་རྙེད་དུ་ཟིན་ཀྱང་བཟའ་བཏུང་མི་ནུས་པའོ། །ཟས་སྐོམ་ལ་སྒྲིབ་པ་ཡོད་པ་ནི། མེ་ལྕེའི་ཕྲེང་བ་ཅན་ཞེས་བྱ་བས་ནི་ཟོས་པ་དང་འཐུངས་པ་ཐམས་ཅད་མེར་འབར་ནས་འཚིག་པར་འགྱུར་ལ། ལྗན་ལྗིན་ཟ་བ་ཞེས་བྱ་བས་ནི། བཤང་གཅི་ཟ་ཞིང་འཐུང་


JLD013_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་གཙང་ཞིང་མནམ་ལ་དྲི་ང་བ་དང་གནོད་པ་དང་སྨད་པར་བྱ་བ་ཙམ་ལ་བཟའ་བཏུང་བྱ་བར་ནུས་སོ། །ཁ་ཅིག་ནི་རང་གི་ཤ་ལས་བཅད་ཅིང་ཟ་ལ་གཙང་མ་དང་བཟང་པོའི་བཟའ་བཏུང་ལ་སྤྱོད་མི་ནུས་སོ། །དེ་དག་གི་གནས་ནི། མཛོད་འགྲེལ་ལས། ཡི་དྭགས་རྣམས་ཀྱི་རྒྱལ་པོ་ནི་གཤིན་རྗེ་ཞེས་བྱ་བ་ཡིན་ནོ། །དེ་དག་གི་གནས་ཀྱི་རྩ་བ་རྒྱལ་པོའི་ཁབ་ནས། འཛམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་དེ། གཞན་ནི་དེ་ལས་འཕྲོས་པ་དག་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །བཤེས་སྤྲིངས་ལས་ཀྱང༌། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང༌། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལ་ཡ་ཐོག་བསྐམས་པ་ལྟ་བུ་ལགས། །ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་བབས་བྱེད་པ་འཚལ། །དམངས་རིགས་འགས་ནི་རྣག་དང་ཕྱི་ས་དང༌། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་ལ་འཚལ། །ཡི་དྭགས་རྣམས་ལ་སོས་གའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང༌། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་


JLD013_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང་ཡང་སྐེམས་པར་འགྱུར། །ཞེས་སོ། །དེ་ལ་ཚིགས་བཅད་དང་པོས་ནི་སྤྱི་དང་ལྷག་མ་རྣམས་ཀྱིས་ཁྱད་པར་གྱི་སྡུག་བསྔལ་བསྟན་ཏོ། །ངལ་བ་ནི་ཟས་ཀྱི་ཕྱིར་རྒྱུག་པའོ། །འཇིགས་པ་ནི་སྐྱེས་བུ་རལ་གྲི་དང་གཏུན་ཤིང་དང་ཞགས་པ་ཐོགས་པ་རྣམས་མཐོང་ནས་འཇིགས་པའོ། །གྱི་ནར་བོར་བ་ནི་ཅི་བདེར་བོར་བའོ། །མཚན་ཞིང་ནི་མཚན་མོའི་ཚེ་ཁ་ནས་མེ་འབར་བའོ། །འབར་བའི་ཁར་བབས་བྱེད་པ་ནི་ཟས་གང་ཁར་འབར་བར་བྱེད་པ་འཚལ་བ་སྟེ་ཟ་བའོ། །མིག་གདུག་པའི་དུག་གིས་བསྲེགས་པ་བཞིན་དུ་ཆུ་ཞིམ་པོ་བསིལ་བའི་ཀླུང་ཡང་སྐེམས་པར་འགྱུར་རོ། །ཁ་ཅིག་ལ་ནི། མེ་འབར་བ་འཁྲིགས་པའི་མདག་མས་གང་བར་སྣང་ལ། ཁ་ཅིག་ལ་ནི་རྣག་གི་ཀླུང་སྲིན་བུ་སྣ་ཚོགས་ཀྱིས་གང་བ་འབབ་པར་འགྲེལ་པ་ལས་བཤད་དོ། །སློབ་མ་ལ་སྤྲིངས་པ་ལས་ཀྱང༌། མི་བཟད་སྐོམ་པས་རྒྱང་ནས་ཆུ་ཀླུང་དྲི་མེད་པ། །མཐོང་ནས་བཏུང་བར་འདོད་དེ་སོང་ན་དེ་ཉིད་ཀྱང༌། །སྐྲ་ཤད་ཉ་ལྕིབས་ཚོགས་དང་རྣག་བསུངས་འདྲེས་པ་དང༌། །འདམ་རྫབ་ཁྲག་དང་ཕྱི་སས་གང་བའི་ཆུར་འགྱུར་རོ། །དུས་རླབས་རླུང་ལངས་ཆུ་འཐོར་རི་རྩེ་བསིལ་གྱུར་ཅིང༌། །ཙནྡན་ལྗོན་པ་སྔོ་འཁྲུངས་མ་ལ་ཡར་སོང་ན། །དེ་ཡང་འདི་ལ་ནགས་བསྲེགས་མེ་ལྕེ་རྣོས་འཁྲིགས་ཤིང༌། །མགལ་དུམ་འགྱེལ་བ་མང་པོས་རང་རོང་ཅན་དུ་འགྱུར། །ཆུ་གཏེར་རླབས་འཇིགས་འཕང་མཐོ་གྱེས་པ་ལས་བྱུང་བའི། །དབུ་བ་འཚེར་བ་ལྷག་གེར་འདུག་པར་སོང་ན་


JLD013_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། །དེ་ཡང་འདི་ལ་བྱེ་ཚན་ཁུག་རྣ་དམར་རྩུབ་པའི། །རླུང་དམར་འཇེབས་པ་འཚུབ་པའི་མྱ་ངམ་ཉིད་དུ་འགྱུར། །འདི་ནི་དེར་གནས་ཆར་སྤྲིན་ལྡང་བར་འདོད་ན་ཡང༌། །སྤྲིན་ལས་ལྕགས་མདའི་ཆར་པ་དུད་འཐུལ་མདག་མར་བཅས། །ཚྭ་ཚྭ་རྡོ་རྗེའི་ཕ་བོང་རྣམས་འཕྲོ་གསེར་མདོག་ལྟ་བུ་ཡི། །གློག་ཕྲེང་དམར་སེར་འགྱུ་བ་ལུས་ལ་ཆར་དུ་འབབ། །ཚ་བས་ཉེན་ལ་བུ་ཡུག་ཀྱང་ནི་ཚར་འགྱུར་ལ། །ལྷགས་པས་ཉམ་ཐག་པ་ལ་མེ་ཡང་གྲང་བྱེད་དེ། །ཤིན་ཏུ་མི་བཟད་ལས་ཡོངས་སྨིན་པས་རྣམ་རྨོངས་པ། །འདི་ལ་སྣ་ཚོགས་འདི་ཀུན་ཕྱིན་ཅི་ལོག་ཏུ་སྣང༌། །ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་མཆིས་པའི། །ལྟོ་ཅན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང༌། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་པར། །ཁ་ཡི་དུག་གིས་ཆུ་ཡི་ཐིགས་པའང་སྐེམས་པར་འགྱུར། །ཞེས་གསུངས་པ་རྣམས་ཀྱང་བསམ་མོ། །ཚེའི་ཚད་ནི། སའི་དངོས་གཞི་དང་མཛོད་ལས། མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས་ལ། བཤེས་སྤྲིངས་ལས་ནི། བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར། །ཞེས་གསུངས་ཏེ། ཡི་དྭགས་ཁ་ཅིག་གི་ཚེ་ཚད་ལྔ་སྟོང་དང༌། ཁ་ཅིག་གི་ཚེ་ཚད་ཁྲི་ཡིན་པར་འགྲེལ་པར་བཤད་དོ། །ངན་སོང་གསུམ་ག་ལ་ལུས་ཀྱི་ཚད་ངེས་པ་མེད་དེ། མི་དགེ་བའི་དབང་གིས་ཆེ་ཆུང་སྣ་ཚོགས་


JLD013_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྱུར་བར་སའི་དངོས་གཞིར་གསུངས་སོ། །དེ་ལྟར་ངན་འགྲོའི་སྡུག་བསྔལ་དེ་རྣམས་སེམས་པ་ནི། ད་ལྟ་མེ་མ་མུར་དུ་ལག་པ་བཅུག་ནས་ཞག་གཅིག་སྡོད་པ་དང༌། དགུན་གྱི་ལྷགས་སྒང་ལ་འཁྱགས་སྦུབས་སུ་གོས་མེད་པར་དེ་ཙམ་ཞིག་སྡོད་པ་དང༌། ཞག་ཁ་ཡར་བཟའ་བ་དང་བཏུང་བ་མེད་པ་དང་ལུས་ལ་སྦྲང་བུ་སོགས་ཀྱིས་སོ་བཏབ་པ་ཙམ་ཡང་བཟོད་དཀའ་ན། ཚ་དམྱལ་དང་གྲང་དམྱལ་དང་ཡི་དྭགས་དང་དུད་འགྲོ་གཅིག་གིས་གཅིག་གསོན་པོར་མིད་པའི་སྡུག་བསྔལ་སོགས་བདག་གིས་ཇི་ལྟར་བཟོད་སྙམ་དུ་ད་ལྟར་གྱི་ཉམས་ལ་དཔགས་ནས་ཤིན་ཏུ་འཇིགས་ཤིང་སྐྲག་པའི་ཡིད་ཀྱི་འགྱུར་བ་མ་ཐོན་བར་དུ་བསྒོམ་པར་བྱ་སྟེ། ཤེས་ནས་ཡིད་ལ་མ་གོམས་པའམ་དུས་ཅུང་ཟད་རེ་བསྒོམས་པས་ནི་ཅིར་ཡང་མི་འགྱུར་ཏེ། ལུང་གཞི་ལས། ཀུན་དགའ་བོའི་སྲིང་མོའི་བུ་གཉིས་རབ་ཏུ་བྱུང་ནས་ཀློག་ཏུ་བཅུག་པ་དང་དེ་ཞག་ཉུང་ཤས་ཤིག་བཀླགས་ནས་ལེ་ལོས་མི་ཀློག་པ་དང༌། མོའུ་འགལ་གྱི་བུ་ལ་གཏད་པས་སྔར་བཞིན་དུ་བྱེད་པ་ན། ཀུན་དགའ་བོས་འདི་གཉིས་ཡིད་འབྱུང་བར་གྱིས་ཤིག་ཅེས་བྱས་པས། མོའུ་འགལ་གྱི་བུས་ཉིན་མོ་སྤྱོད་དུ་འགྲོ་བའི་སར་ཁྲིད་ནས་སེམས་ཅན་དམྱལ་བ་སྤྲུལ་ཏེ་གཅོད་པ་དང་གཤེག་པ་ལ་སོགས་པའི་སྒྲ་ཐོས་ནས་བལྟར་ཕྱིན་པ་དང༌། གཅོད་པ་སོགས་ཀྱི་སྡུག་བསྔལ་མཐོང་ཞིང་དེ་ན་ལྕགས་ཟངས་ཆེན་པོ་གཉིས་ཁོལ་བ་སྣང་ནས་འདིར་སུ་ཡང་མི་འཇུག་གམ་


JLD013_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲས་པ་དང༌། ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་ལེ་ལོས་དུས་འདའ་བར་བྱེད་པ་ཤི་ནས་འདིར་སྐྱེའོ་ཞེས་སྨྲས་པ་དང༌། དེ་གཉིས་ཤིན་ཏུ་སྐྲག་ནས་གལ་ཏེ་ཤེས་ན་ད་ལྟ་ཉིད་དུ་འཇུག་གོ་སྙམ་ནས་མོའུ་འགལ་གྱི་བུའི་སར་ཕྱིན་པ་དང་ཇི་ལྟར་གྱུར་པ་རྣམས་བསྙད་དོ། །དེ་ནས་མོའུ་འགལ་གྱི་བུས། དགེ་ཚུལ་གཉིས་ཉེས་དམིགས་འདི་དག་དང་གཞན་ཡང་ལེ་ལོ་ལས་འབྱུང་བས་བརྩོན་འགྲུས་རྩོམས་ཤིག །ཅེས་གསུངས་པས། དེ་གཉིས་བརྩོན་འགྲུས་རྩོམ་ཞིང་ཟས་མ་ཟོས་པའི་གོང་དུ་དམྱལ་བ་དྲན་ན་ནི་ཟ་བར་མི་བྱེད་ལ། ཟས་ཟོས་ཟིན་པའི་འོག་ཏུ་དྲན་ན་ནི་སྐྱུག་པར་བྱེད་དོ། །ཡང་ཉིན་མོ་སྤྱོད་པའི་གནས་གཞན་ཞིག་ཏུ་ཁྲིད་ནས་ཕྱོགས་གཅིག་ཏུ་ལྷ་དག་སྤྲུལ་པའི་པི་ཝང་ལ་སོགས་པའི་སྒྲ་ཐོས་ནས་བལྟར་ཕྱིན་པ་དང་ལྷའི་བུ་མེད་པའི་གཞལ་མེད་ཁང་ལྷའི་བུ་མོས་གང་བ་མཐོང་ནས། ལྷའི་བུ་མི་འདུག་པའི་རྒྱུ་མཚན་དྲིས་པ་དང༌། ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་བརྩོན་འགྲུས་རྩོམ་པས་དེ་གཉིས་ཤི་ནས་འདིར་སྐྱེའོ་ཞེས་སྨྲས་པ་དང་། དེ་གཉིས་དགའ་ནས་མོའུ་འགལ་གྱི་བུ་ལ་སྨྲས་པ་དང་དགེ་ཚུལ་གཉིས་ཕན་ཡོན་འདི་དག་དང་གཞན་ཡང་བརྩོན་འགྲུས་བརྩམས་པ་ལས་འབྱུང་བས་བརྩོན་འགྲུས་རྩོམས་ཤིག །ཅེས་གསུངས་པས། བརྩོན་འགྲུས་རྩོམ་པས། ལུང་ནོད་པ་ན་ཡང་དག་པར་ལྡན་པའི་ལུང་ལས་འབྱུང་བ་བདེ་འགྲོ་ནས་ངན་འགྲོར་སྐྱེ་བ་སྔར་དྲངས་པ་ལྟར་གསུངས་པ་ན། འཕགས་པ། བདག་ཅག་གིས་ཡང་ལྷ་མིའི་ནང་ནས་ཤི་འཕོས་ཏེ་ངན་སོང་གསུམ་དུ་སྐྱེ་དགོས་སམ། བཞིན་བཟང་གཉིས། འགྲོ་བ་ལྔའི་འཁོར་བར་ཇི་སྲིད་ཉོན་མོངས་པ་རྣམས་རྒྱུན་མ༌ཆད་པ་དེ་སྲིད་དུ་


JLD013_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཟོ་ཆུན་བརྒྱུད་མོའི་ཚུལ་གྱིས་འཁོར་བར་བྱ་དགོས་སོ། །དེ་གཉིས་ཡིད་བྱུང་ནས་སླན་ཆད་ཉོན་མོངས་སྤྱོད་པར་མི་འགྱུར་བ་དེ་ལྟར་ཆོས་བཤད་དུ་གསོལ་ཞེས་ཞུས་པས། མོའུ་འགལ་གྱི་བུས་ཆོས་བསྟན་ནས་དགྲ་བཅོམ་པ་ཐོབ་པར་གསུངས་སོ། །དེས་ན་ལེ་ལོ་འགོག་ཅིང་ལམ་སྒྲུབ་པའི་བརྩོན་འགྲུས་བསྐྱེད་པ་དང་ཡིད་ཐར་པ་ལ་བསྐུལ་ཞིང༌། དེ་འཐོབ་པའི་རྒྱུའི་རྩ་བ་ནི་སྡུག་བསྔལ་བསྒོམ་པ་བསྔགས་པ་ཡིན་པས་དེའི་མན་ངག་ལ། སྟོན་པ་ཞལ་བཞུགས་པ་ན༌ཡང་དེ་ལས་ལྷག་པ་གསུང་རྒྱུ་མེད་པ་ཡིན་ནོ། །འདི་ལ་སྐྱེས་བུ་ཆུང་འབྲིང་གི་བསམ་པ་རིམ་ལྡན་དུ་སྐྱེ་ཚུལ་ཤིན་ཏུ་གསལ་ལ། བློ་ཚོད་ཀྱང་བསམ་པ་དེ་འདྲ་བ༌ཞིག་མ་སྐྱེས་པའི་བར་དུ་རྒྱུན་ལྡན་དུ་འབད་ནས་བསྒོམ་དགོས་སོ། །སྣེའུ་ཟུར་པའི་ཞལ་ནས་ཀྱང༌། དེ་དག་ཏུ་སྐྱེ་བའི་རྒྱུ་སྔར་བྱས་སམ་མ་བྱས། ད་ལྟ་བྱེད་དམ་མི་བྱེད། ཕྱི་མ་བྱ་སྙམ་འདུག་གམ་མི་འདུག་བརྟགས་ལ། སྔར་བྱས་སམ་ད་ལྟ་བྱེད་དམ་ཕྱི་མ་བྱ་སྙམ་འདུག་ན་དེར་འགྲོ་བ་ཡིན་པས། དེར་སྐྱེས་ན་དེ་ཙ་ན་ང་ཅི་ཙུག་བྱེད་ངས་ནུས་སམ་སྙམ་དུ་ཀླད་པ་ཚ་ཀམ་ཀམ་པའམ། ཐང་ལ་འདུག་པ་ཀོག་ཀོག་ལྡང་ཡིན་པ་ཚུགས་ཐབས་ཡེ་མེད་པ་བསམས་ལ་འཇིགས་ཤིང་སྐྲག་པའི་བློ་ཅི་སྐྱེ་བྱ་གསུང་ངོ་། །དེ་ནི་གནད་དུ་སྣང་སྟེ་ད་ལྟ་རྟེན་བཟང་བས་དེ་ལྟར་བསམས་ན་སྔར་བསགས་སྦྱོང་བ་དང༌། ཕྱི་མ་ལ་འཇུག་པ་ཉུང་དུ་འགྲོ་ཞིང་དགེ་བ་སྔར་བསགས་པ་འདུན་པ་དྲག་པོའི་སྨོན་ལམ་


JLD013_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཁ་བསྒྱུར་བས་མང་པོར་སྤེལ་བ་དང༌། གསར་དུ་འཇུག་པའི་སྒོ་དུ་མ་ཞིག་ལ་ཞུགས་པས་ཆོག་པས་ཉི་མ་རེ་རེ་ལ་ཡང་དལ་བ་དོན་ཅན་དུ་བྱར་ཡོད་ལ། ད་ལྟ་དེ་རྣམས་མ་བསམས་ན་ངན་འགྲོར་ལྷུང་བའི་ཚེ་འཇིགས་པ་དེ་དག་ལས་སྐྱོབ་པའི་སྐྱབས་བཙལ་ཡང་མི་རྙེད་ཅིང༌། དེའི་ཚེ་བྱ་བ་དང་བྱ་བ་མ་ཡིན་པའི་འདོར་ལེན་ལ་བློའི་མཐུ་མེད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང༌། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ཅེས་དང༌། སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །ཞེས་གསུངས་པ་ལྟར་རོ། །འདི་དག་ནི་རགས་པ་ཙམ་སྟེ་རྒྱས་པར་དྲན་པ་ཉེར་གཞག་ན་བཞུགས་པས་ངེས་པར་བལྟ་དགོས་ཤིང་ཡང་དང་ཡང་དུ་བལྟ་དགོས་ལ་བལྟས་པ་རྣམས་ལ་བསམ་དགོས་སོ། །གཉིས་པ་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་ལ་གཉིས། བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་སྦྱང་བ། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །དང་པོ་ལ་བཞི། གང་ལ་བརྟེན་ནས་


JLD013_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་འགྲོ་བའི་རྒྱུ། དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ། ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ། སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པའོ། །དང་པོ་ནི། སྤྱིར་རྒྱུ་མང་ཡང་སྐབས་འདིར་ནི་སྔར་བཤད་པ་ལྟར་ཚེ་འདིར་མི་སྡོད་པར་མྱུར་དུ་འཆི་བ་དང༌། ཤི་བའི་འོག་ཏུ་ཡང་གང་དུ་སྐྱེ་བ་ལ་རང་དབང་མེད་ཀྱི། ལས་ཀྱི་གཞན་དབང་ཅན་ཡིན་ལ། ལས་ཀྱང་སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །ཞེས་གསུངས་པ་ལྟར། དཀར་པོའི་ལས་ཉམ་ཆུང་ཞིང་ནག་པོའི་ལས་ཆེས་ཤིན་ཏུ་སྟོབས་ཆེ་བས་ངན་འགྲོར་ལྷུང་བའི་ཚུལ་བསམས་པས་འཇིགས་ཤིང་སྐྲག་པ་སྐྱེས་ནས་སྐྱབས་འཚོལ་བའི་བློ་སྐྱེ་སྟེ། བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས། །དེ་རིང་གང་ལ་སྐྱབས་སུ་མཆི། །ཞེས་གསུངས་པ་ལྟར་རོ། །མདོར་ན་རང་ངན་འགྲོ་ལ་སོགས་པས་འཇིགས་པ་དང༌། དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པ་གཉིས་ཡིན་ནོ། །དེས་ན་དེ་གཉིས་ཚིག་ཙམ་དུ་སོང་ན་སྐྱབས་འགྲོ་ཡང་དེ་དང་འདྲ་ལ།


JLD013_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཤུགས་དྲག་ལ་བརྟན་པ་ཞིག་ཡོད་ན་སྐྱབས་འགྲོ་ཡང་ཡིད་འཁུལ་བ་ཞིག་འོང་བས་རྒྱུ་གཉིས་ལ་འབད་པར་བྱའོ། །དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ་ལ་གཉིས། ཡུལ་ངོས་བཟུང་བ་དང༌། དེ་སྐྱབས་སུ་འོས་པའི་རྒྱུ་མཚན་ནོ། །དང་པོ་ནི། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང༌། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང༌། །དེ་བསྟོད་དེ་ནི་བཀུར་བ་དང༌། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་གསུངས་པ་ལྟར། སྐྱབས་དང་སྐྱབས་མ་ཡིན་པ་འབྱེད་པའི་བློ་ཞིག་ཡོད་ན་ནི་བསླུ་བ་མེད་པའི་སྐྱབས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བར་རིགས་སོ། །དེས་ནི་ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་མཚོན་པ་ཡིན་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར་རོ། །སྐྱབས་སུ་འོས་པའི་རྒྱུ་མཚན་ནི་བཞི་ལས། དང་པོ་ནི། རང་ཉིད་ཤིན་ཏུ་དུལ་བའི་བདག་ཉིད་འཇིགས་པ་མེད་པའི་གོ་འཕང་ཐོབ་པའི་ཕྱིར་ཏེ། དེ་མ་ཐོབ་ན་འགྱེལ་བ་འགྱེལ་བ་ལ་བརྟེན་པ་ལྟར། གཞན་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། རྣམ་པ་ཐམས་ཅད་དུ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་ཕྱིར་ཏེ། དེ་མེད་ན་སྐྱབས་སུ་སོང་ཡང་དགོས་པ་མི་འགྲུབ་པའི་ཕྱིར་རོ། །གསུམ་པ་ནི། ཐུགས་རྗེ་ཆེན་


JLD013_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ལྡན་པའི་ཕྱིར་ཏེ། དེ་མེད་ན་སྐྱབས་སུ་སོང་ཡང་མི་སྐྱོབ་པའི་ཕྱིར་རོ། །བཞི་པ་ནི། ཟང་ཟིང་གི་མཆོད་པ་ཐམས་ཅད་ཀྱིས་མི་མཉེས་ཀྱི། སྒྲུབ་པའི་མཆོད་པས་མཉེས་པའི་ཕྱིར་ཏེ། དེ་མེད་ན་སྔར་ཕན་བཏགས་པ་ལ་བལྟ་བས། ཐམས་ཅད་ཀྱི་སྐྱབས་མི་བྱེད་པའི་ཕྱིར་རོ། །མདོར་ན་རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ། གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག །ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་ཞིག་སྐྱབས་སུ་འོས་ལ། དེ་ཡང་སངས་རྒྱས་ཁོ༌ན་ལ་ཡོད་ཀྱི། དབང་ཕྱུག་སོགས་ལ་མེད་པས། དེ་ཉིད་སྐྱབས་ཡིན་ལ། དེའི་ཕྱིར་དེས་བསྟན་པའི་ཆོས་དང༌། དེའི་ཉན་ཐོས་ཀྱི་དགེ་འདུན་ཡང་སྐྱབས་སུ་འོས་སོ། །དེས་ན་བསྡུ་བ་ནས་གསུངས་པ་འདི་རྣམས་ལ་ངེས་པ་དྲངས་ནས་རྩེ་གཅིག་པའི་བློ་ལྟོས་འཆའ་ནུས་ན། མི་སྐྱོབ་པ་མི་སྲིད་པས་སྙིང་ཐག་པ་ནས་ངེས་པ་བསྐྱེད་པར་བྱ་སྟེ། རང་སྐྱོབ་པ་ལ་རྒྱུ་གཉིས་ལས་ཕྱིའི་ཡན་ལག་གམ་རྒྱུ་ནི་མ་ཚང་བ་མེད་པར་སྟོན་པས་བསྒྲུབས་ཟིན་ཀྱང༌། ནང་གི་ཡན་ལག་བློ་བཀལ་ནས་སྐྱབས་སུ་འཛིན་པ་མ་བྱུང་བས་སྡུག་བསྔལ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མ་བཅོལ་ཡང་སྙིང་རྗེ་ཆེན་པོས་དྲངས་ནས་གྲོགས་མཛད་པ་དང༌། དེ་ལ་ཡང་ལེ་ལོ་མི་མངའ་བ་ཟླ་མེད་པའི་སྐྱབས་གནས་བཟང་པོ་རང་གི་མགོན་དུ་བཞུགས་ཡོད་པ་འདི་རིག་པར་བྱས་ལ་དེ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། བསྔགས་འོས་བསྔགས་བསྟོད་ལས། ང་ནི་མགོན་མེད་ཁྱེད་རྣམས་ཀྱི། །གྲོགས་སུ་གྱུར་པ་ཞེས་


JLD013_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས་ཤིང་། །ཐུགས་རྗེ་ཆེན་པོས་འགྲོ་བ་ནི། །མཐའ་དག་འཁྱུད་པ་བཞིན་དུ་བཞུགས། །སྟོན་པ་ཐུགས་རྗེ་ཆེ་མངའ་བ། །བརྩེ་བར་ལྡན་ཞིང་ཐུགས་བརྩེར་མཛད། །དེར་བརྩོན་ལེ་ལོ་མི་མངའ་བ། །ཁྱོད་དང་འདྲ་བ་གཞན་སུ་མཆིས། །ཁྱོད་ནི་སེམས་ཅན་ཀུན་གྱི་མགོན། །སྤྱི་ཡི་རྩ་ལག་བཟང་པོ་ལགས། །མགོན་དུ་ཁྱོད་བཞུགས་མ་འཚལ་བས། །དེ་སླད་སྐྱེ་བོ་བྱིང་བར་གྱུར། །གང་ཞིག་ཡང་དག་བླངས་ནས་ནི། །ཐ་ཤལ་བས་ཀྱང་གྲོགས་ནུས་པ། །གྲོགས་བྱེད་པ་ཡི་ཆོས་དག་ནི། །ཁྱོད་ལས་གཞན་པ་འགས་མི་རྟོགས། །ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། །ཁྱོད་ཀྱིས་ཡང་དག་བསྒྲུབས་ལགས་ཏེ། །ནང་གི་སྟོབས་དག་མ་ཚང་བས། །བྱིས་པ་རྣམས་ནི་སྡུག་བསྔལ་སྟེ། །ཞེས་གསུངས་སོ། །ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ་ནི། བསྡུ་བ་ནས་གསུངས་པ་བཞི་སྟེ། ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་དང༌། ཁས་བླངས་པ་དང༌། གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བའོ། །དང་པོ་ཡོན་ཏན་ཤེས་ནས་སྐྱབས་སུ་སོང་བ་ལ། སྐྱབས་ཀྱི་ཡོན་ཏན་དྲན་དགོས་པས་དེ་ལ་གསུམ། སངས་རྒྱས་ཀྱི་ཡོན་ཏན་དང༌། ཆོས་དང༌། དགེ་འདུན་གྱི་ཡོན་ཏན་ནོ། །དང་པོ་ལ་བཞི་ལས། སྐུའི་ཡོན་ཏན་ནི། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་བཟང་པོ་རྣམས་ཡིད་ལ་དྲན་པར་བྱེད་པ་སྟེ། དེ་ཡང་དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཐུབ་པ་གསེར་གྱི་མདོག་ལྡན་པ། །ཆོས་གོས་ཀྱིས་གཡོགས་མཛེས་


JLD013_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །གསེར་གྱི་རི་བོའི་རྩེ་མོ་ནི། །མཚམས་ཀྱི་སྤྲིན་གྱིས་དཀྲིས་པ་འདྲ། །མགོན་ཁྱོད་རྒྱན་གྱིས་མ་བརྒྱན་ཀྱང༌། །ཞལ་གྱི་དཀྱིལ་འཁོར་མདངས་གང་ཡིན། །ཟླ་བའི་དཀྱིལ་འཁོར་རྒྱས་གྱུར་པ། །སྤྲིན་དང་བྲལ་ལའང་དེ་མ་མཆིས། །ཁྱོད་ཀྱི་ཞལ་གྱི་པདྨ་དང༌། །པདྨ་ཉི་མས་ཁ་བྱེ་བ། །བུང་བས་མཐོང་ན་པདྨ་ནི། །ཐེ་ཚོམ་དཔྱང་ཐག་ལ་འཇུག་འགྱུར། །ཁྱོད་ཞལ་གསེར་གྱི་མདོག་ལྡན་པར། །ཚེམས་དཀར་མཛེས་པར་གྱུར་པ་ནི། །གསེར་གྱི་རི་གསེབ་སྟོན་ཀ་ཡི། །ཟླ་ཟེར་དྲི་མེད་ཞུགས་པ་འདྲ། །མཆོད་འོས་ཁྱོད་ཀྱི་ཕྱག་གཡས་ནི། །འཁོར་ལོའི་མཚན་གྱིས་མཛེས་གྱུར་པ། །འཁོར་བས་སྐྲག་པའི་མི་རྣམས་ལ། །ཕྱག་གིས་དབུགས་འབྱིན་མཛད་པ་ལགས། །ཐུབ་ཁྱོད་གཤེགས་པར་གྱུར་པའི་ཚེ། །ཞབས་གཉིས་དཔལ་གྱི་པདྨ་འདྲས། །ས་གཞི་འདི་ནི་བྲིས་གྱུར་པ། །པདྨ་ཅན་གྱིས་ཇི་ལྟར་མཛེས། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །གསུང་གི་ཡོན་ཏན་ནི། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡོད་ཀྱིས་དུས་གཅིག་ཏུ་དྲི་བ་མི་འདྲ་བ་ཁོ་ན་རེ་རེ་ནས་དྲིས་ཀྱང༌། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བཟུང་ནས། གསུང་གཅིག་གིས་དྲི་བ་ཐམས་ཅད་ཀྱི་ལན་མཛད་ཅིང༌། དེ་རྣམས་ཀྱིས་ཀྱང་རང་རང་གི་སྐད་དུ་གོ་བར་འགྱུར་བ་ཤིན་ཏུ་རྨད་དུ་བྱུང་བའི་ཚུལ་སེམས་པ་སྟེ། བདེན་པ་པོའི་ལེའུ་ལས། འདི་ལྟར་སེམས་ཅན་ཀུན་གྱིས་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་


JLD013_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས། །དེ་ལྟ་བས་ན་འདྲེན་པ་འཇིག་རྟེན་ན། །ཚངས་པའི་སྒྲ་དབྱངས་གསུང་སྒྲོགས་མཁྱེན་པར་མཛོད། །དེ་ནི་ལྷ་མིའི་སྡུག་བསྔལ་མཐར་འབྱིན་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད། །ཅེས་གསུངས་སོ། །གཞན་ཡང་། བརྒྱ་ལྔ་བཅུ་པ་ལས། ཁྱོད་ཞལ་བལྟ་ན་རབ་སྡུག་པ། །དེ་ལས་མཉན་ན་སྙན་པ་ཡི། །གསུང་འདི་དག་ནི་ཟླ་བ་ལས། །བདུད་རྩི་འཛག་པ་བཞིན་དུ་འབྱུང༌། །ཁྱོད་ཀྱི་གསུང་ནི་འདོད་ཆགས་ཀྱི། །རྡུལ་རབ་ཞི་མཛད་ཆར་སྤྲིན་འདྲ། །ཞེ་སྡང་སྦྲུལ་ནི་དབྱུང་བ་ལ། །ནམ་མཁའ་ལྡིང་དང་འདྲ་བ་ལགས། །ཡང་དང་ཡང་དུ་མི་ཤེས་པའི། །རབ་རིབ་འཇོམས་པས་གདུགས་དང་འདྲ། །ང་རྒྱལ་རི་བོ་མངོན་འཇོམས་པས། །རྡོ་རྗེ་དང་ཡང་འདྲ་བ་ལགས། །དོན་གཟིགས་པས་ནི་མི་སླུ་བ། །ནོངས་མི་མངའ་ཕྱིར་རྗེས་སུ་མཐུན། །ལེགས་པར་སྦྱར་བས་གོ་སླ་སྟེ། །ཁྱོད་ཀྱི་གསུང་ནི་ལེགས་གསུང་ལྡན། །རེ་ཞིག་དང་པོར་ཁྱོད་ཀྱི་གསུང༌། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་ལ་བསམས་བགྱིས་ན། །འདོད་ཆགས་གཏི་མུག་རྣམས་ཀྱང་སེལ། །ཕོངས་པ་རྣམས་ཀྱི་དབུགས་འབྱིན་ཞིང༌། །བག་མེད་རྣམས་ཀྱི་སྐྱབས་ཀྱང་མཛད། །བདེ་བ་ཅན་དག་སྐྱོ་བགྱིད་པས། །ཁྱོད་གསུང་ཀུན་དང་འཚམ་པར་འཇུག །མཁས་པ་རྣམས་ཀྱི་དགའ་བ་བསྐྱེད། །བར་མ་རྣམས་ཀྱི་བློ་ཡང་སྤེལ། །ཐ་མའི་རབ་རིབ་རྣམ་འཇོམས་པས། །གསུང་འདི་སྐྱེ་བོ་ཀུན་ལ་སྨན། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །ཐུགས་ཀྱི་ཡོན་ཏན་ལ་གཉིས་


JLD013_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མཁྱེན་པའི་ཡོན་ཏན་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་པ་ཐོགས་པ་མི་མངའ་བར་འཇུག་པས་ཤེས་བྱ་མཐའ་དག་ལ་ཐུབ་པའི་མཁྱེན་པས་ཁྱབ་ཀྱི། དེ་ལས་གཞན་པ་རྣམས་ཀྱི་ནི་ཤེས་བྱ་རྒྱ་ཆེ་ལ་ཤེས་པ་རྒྱ་ཆུང་བས་མ་ཁྱབ་པ་ཡིན་ནོ། །དེ་ཡང་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་དང༌། བཅོམ་ལྡན་དུས་ཀུན་གཏོགས་པའི་ཆོས། །རྣམ་ཀུན་འབྱུང་གནས་ཐམས་ཅད་ནི། །ལག་མཐིལ་སྐྱུ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་གྱུར། །ཆོས་རྣམས་གཡོ་དང་མི་གཡོར་བཅས། །གཅིག་དང་སྣ་ཚོགས་སོ་སོ་ལ། །མཁའ་ལ་རླུང་དག་རྒྱུ་བ་བཞིན། །ཁྱོད་ཀྱི་ཐུགས་དག་ཐོགས་མི་མངའ། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །བརྩེ་བའི་ཡོན་ཏན་ནི། སེམས་ཅན་རྣམས་ཉོན་མོངས་ཀྱིས་རང་དབང་མེད་པར་བཅིངས་པ་བཞིན་དུ། ཐུབ་པ་ཡང་སྙིང་རྗེ་ཆེན་པོས་རང་དབང་མེད་པར་བཅིངས་པས། འགྲོ་བ་རྣམས་སྡུག་བསྔལ་བ་གཟིགས་པ་ན་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་སྐྱེ་སྟེ། བརྒྱ་ལྔ་བཅུ་པ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །དང་པོར་ཁྱོད་ལ་ཕྱག་བགྱི་འམ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི། །ཞེས་དང༌། བདེན་པ་པོའི་ལེའུ་ལས་ཀྱང༌། གཏི་མུག་མུན་པ་མུན་ནག་གིས་


JLD013_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ། །སེམས་ནི་བསྒྲིབས་པར་གྱུར་པའི་སྐྱེ་དགུ་དང༌། །འཁོར་བའི་བཙོན་རར་ཆུད་པར་རྣམ་གཟིགས་ན། །དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེ། །ཞེས་དང༌། འདོད་པས་ཟིལ་གྱིས་ནོན་པའི་ཡིད་ལྡན་དང༌། །སྲེད་པ་ཆེ་ཞིང་རྟག་ཏུ་ཡུལ་བརྐམ་དང༌། །སྲེད་པའི་འདོད་ཆགས་རྒྱ་མཚོར་ལྷུང་བ་རྣམས། །གཟིགས་ན་རྒྱལ་བའི་ཐུགས་རྗེ་ཆེན་པོ་སྐྱེ། །ནད་དང་མྱ་ངན་རྣམ་པ་མང་དག་གིས། །ཤིན་ཏུ་གཙེས་པའི་སྐྱེ་དགུ་ཉོན་མོངས་རྣམས། །གཟིགས་ན་སྡུག་བསྔལ་མ་ལུས་བསལ་སླད་དུ། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །ཐུབ་པའི་ཐུགས་རྗེ་ཆེན་པོ་རྟག་འབྱུང་སྟེ། །དེ་མི་འབྱུང་བ་ནམ་ཡང་སྲིད་མི་འགྱུར། །འགྲོ་བ་ཀུན་གྱི་བསམ་པར་གནས་པ་སྟེ། །དེ་བས་སངས་རྒྱས་དེ་ལ་སྐྱོན་མི་མངའ། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །འཕྲིན་ལས་ཀྱི་ཡོན་ཏན་ནི། སྐུ་དང་གསུང་དང་ཐུགས་ཀྱི་འཕྲིན་ལས་ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་འཆད་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་མཛད་པའོ། །དེ་ཡང་གདུལ་བྱའི་ངོས་ནས་བཀྲིར་རུང་ན་ཐུབ་པས་གདུལ་བྱ་དེ་ཕུན་ཚོགས་དང་མ་སྤྲད་པ་དང༌། རྒུད་པ་ལས་མ་དྲངས་པ་མེད་པས་བགྱི་བར་འོས་པ་ཐམས་ཅད་ངེས་པར་མཛད་པ་ཡིན་ཏེ། བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱིས་ཉོན་མོངས་གཞོམ་པ་བཤད། །བདུད་ཀྱི་གཡོ་དག་བསྟན་པ་མཛད། །འཁོར་བའི་རང་བཞིན་མི་བཟད་བརྗོད། །འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན། །ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི། །སེམས་ཅན་རྣམས་ལ་བགྱི་འཚལ་བ། །གང་ཞིག་ཁྱོད་ཀྱིས་མ་མཛད་པ། །གཞན་ཀོ་ཅི་ཞིག་མཆིས་ལགས་ཀྱེ། །ཞེས་དང༌། བསྔགས་འོས་བསྔགས་བསྟོད་


JLD013_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །དེ་དག་ནི་སངས་རྒྱས་རྗེས་སུ་དྲན་ཚུལ་མདོར་བསྡུས་པ་སྟེ། སྒོ་སྣ་ཚོགས་ནས་དྲན་པར་བྱས་ན་དད་པ་ཡང་སྒོ་དུ་མ་ནས་སྐྱེ་ལ། ཡང་དང་ཡང་དུ་དྲན་པར་བྱས་ན་ཤུགས་དྲག་ལ་རྒྱུན་རིང་བར་འགྱུར་ཏེ། དཀོན་མཆོག་གཞན་གཉིས་ཀྱི་ཡོན་ཏན་ལ་ཡང་དེ་དང་འདྲའོ། །དེ་ལྟར་བསྒོམས་པས་འཕྲིག་ཚུད་ན་གསུང་རབ་དང་དགོངས་འགྲེལ་ཕལ་མོ་ཆེས་སྐྱབས་གསུམ་གྱི་ཡོན་ཏན་སྟོན་པས། དེ་དག་གདམས་ངག་ཏུ་འཆར་བར་འགྱུར་ལ། དཔྱད་སྒོམ་ལ་རྟོག་པ་ཡིན་སྙམ་ནས་ཉམས་ལེན་གྱི་ཚེ་འདོར་བ་རྣམས་ནི། འདི་ལྟ་བུའི་ཚོགས་གསོག་པ་དང་སྒྲིབ་པ་སྦྱོང་བའི་སྒོ་དུ་མ་བཀག་ནས་སྡོད་པ་ཡིན་པས། དལ་བའི་རྟེན་ལ་སྙིང་པོ་དཔག་ཏུ་མེད་པ་ལེན་པའི་གེགས་ཆེན་པོར་ཤེས་པར་བྱའོ། །འདི་རྣམས་དུས་རྒྱུན་པའི་ཉམས་ལེན་དུ་བྱས་ན་བློ་གོམས་པའི་རྗེས་སུ་བྱེད་པས་དང་པོར་བློ་སྦྱོང་དཀའ་སེ་བ་ཡང་ཕྱིས་དེ་ལ་ངང་གིས་འཇུག་པ་དང༌། རྗེས་སུ་དྲན་པའི་སངས་རྒྱས་དེ་འདྲ་བ་ཞིག་བདག་གིས་ཀྱང་ཐོབ་ན་སྙམ་དུ་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང༌། ཉིན་མཚན་ཀུན་ཏུ་སངས་རྒྱས་མཐོང་བར་འགྱུར་བ་དང༌། འཆི་བའི་ཚེ་སྡུག་བསྔལ་ཅི་བྱུང་ཡང་སངས་རྒྱས་རྗེས་སུ་དྲན་པ་ལས་མི་ཉམས་པར་འགྱུར་ཏེ། ཏིང་ངེ་འཛིན་གྱི་


JLD013_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལས། ཁྱེད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟར་མི་དག་མང་དུ་རྟོག་བྱེད་པ། །དེ་ལ་གནས་པའི་རྟོག་པ་དེ་དག་གིས། །དེ་བཞིན་དུ་ནི་དེ་ལ་སེམས་གཞོལ་འགྱུར། །དེ་བཞིན་རྒྱལ་བ་ཡི་ནི་སྐུ་བྱད་དང༌། །ཡེ་ཤེས་དཔག་ཏུ་མེད་པར་ཐུབ་དབང་དྲན། །རྟག་པར་རྗེས་སུ་དྲན་པར་བསྒོམ་བྱས་ན། །དེ་ལ་སེམས་གཞོལ་རབ་ཏུ་འབབ་པར་འགྱུར། །དེ་ནི་འཆག་འདུག་འགྲེང་ཞིང་གནས་པའི་ཚེ། །སྐྱེས་བུ་དམ་པའི་ཡེ་ཤེས་རབ་ཏུ་འདོད། །འཇིག་རྟེན་རྒྱལ་བ་བླ་མེད་བདག་འགྱུར་བར། །འདོད་པས་བྱང་ཆུབ་ཏུ་ཡང་སྨོན་ལམ་འདེབས། །ཞེས་དང༌། ལུས་དང་ངག་དང་ཡིད་རབ་དང་བ་ཡིས། །རྟག་ཏུ་སངས་རྒྱས་དག་གི་བསྔགས་པ་བརྗོད། །དེ་ལྟར་དེས་ནི་སེམས་ཀྱི་རྒྱུད་བསྒོམས་པས། །ཉིན་མཚན་དུ་ཡང་འཇིག་རྟེན་མགོན་པོ་མཐོང༌། །ནམ་ཞིག་དེ་ནི་ན་ཞིང་མི་བདེ་ནས། །ཤི་ལ་ཐུག་པའི་སྡུག་བསྔལ་ཚོར་བྱུང་ན། །སངས་རྒྱས་ལ་ནི་དྲན་པ་མི་ཉམས་ཏེ། །སྡུག་བསྔལ་ཚོར་བས་འཕྲོག་པར་ཡོང་མི་འགྱུར། །ཞེས་གསུངས་སོ། །པོ་ཏོ་བའི་ཞལ་ནས། ཡང་ཡང་བསམས་ན་ཡིད་ཇེ་ཆེས་དང་རྒྱུད་ཇེ་དག་ཏུ་སོང་ནས་བྱིན་རླབས་འབྱུང༌། དེ་ལ་ངེས་ཤེས་རྙེད་པས་སྙིང་ཐག་པའི་སྒོ་ནས་སྐྱབས་སུ་སོང་ནས་དེའི་བསླབ་བྱ་ལ་སློབ་ཙམ་ན་ཅི་བྱས་ཐམས་ཅད་སངས་རྒྱས་ཀྱི་ཆོས་བྱ་བ་ཞིག་ཏུ་འགྱུར་བ་ཡིན་ཏེ། འོ་སྐོལ་སངས་རྒྱས་ཀྱི་མཁྱེན་པ་ལ་མོ་མ་རྣོ་ཤོས་ཙམ་དུ་ཡང་མི་བརྩི་གསུངས། དེ་ཡང་མོ་མ་མཁན་རྣོ་ཤོས་སུ་བྱེད་པ་ཞིག་གིས་ད་ལོ་ཁྱོད་ལ་རྩུབ་ཆགས་མེད།


JLD013_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ང་རང་ཤེས་ཟེར་ན། བདེ་འབོལ་གྱིས་འགྲོ། དེ་ན་རེ། ད་ལོ་ཆགས་ཡོད་དོ་འདི་ཙུག་གྱིས་འདི་མ་བྱེད་ཟེར་ན་འབད་ནས་བསྒྲུབ། མ་གྲུབ་ན་འདི་སྐད་ཟེར་བ་ངས་མ་གྲུབ་སྙམ་ནས་བློ་མི་བདེ་བ་བྱེད། སངས་རྒྱས་ཀྱིས་འདི་དང་འདི་སྤང་ངོ་། །ཞེས་པ་དང༌། འདི་དང་འདི་བསྒྲུབ་བོ། །ཞེས་བཅས་པ་ལ་བློ་འགེལ་ལམ། མ་གྲུབ་ན་ཡིད་མི་བདེ་བ་འོང་ངམ། ཆོས་ནས་དང་དེ་སྐད་བཤད་དེ། ད་ལྟ་ཡུལ་དུས་ཀྱིས་དེ་ཙུག་མི་བཏུབ། འདི་ཙུག་བྱེད་དགོས་ཟེར་ནས། སངས་རྒྱས་ཀྱི་གསུང་རས་སུ་ལིང་གིས་བོར་ནས་རང་ཤེས་ཅིག་གི་ཐོག་ཏུ་ཁྱུག་གིས་འགྲོ་བ་ཡིན་གསུང་སྟེ། མ་བརྟགས་ན་ཉམས་དགའ་བ་ཚིག་ཙམ་ལ་འཁྲུལ་བ་མིན་པ། ཡིད་ནང་དུ་ལོག་ནས་ཞིབ་ཏུ་བརྟགས་ན་ཤིན་ཏུ་མད་པར་སྣང་ངོ་། །དེས་ན་སངས་རྒྱས་ཀྱི་ཡོན་ཏན་ཡང་ཡང་བསམས་ལ་སྙིང་ཐག་པ་ནས་ངེས་ཤེས་ཅི་འདྲོངས་ལ་འབད། དེ་བྱུང་ན། དེ་གང་ལས་བྱུང་བའི་ཆོས་དང་ཆོས་དེ་སྒྲུབ་པའི་དགེ་འདུན་ལ་ཡང་ངེས་པ་དེ་དང་འདྲ་བ་རེ་འོང་བས་སྐྱབས་འགྲོ་གནད་དུ་འགྲོ་ལ། དེ་མེད་ན་ནི་ལམ་གཞན་ལྟ་ཞོག །སྐྱབས་སུ་འགྲོ་བ་ཡིད་འཁུལ་བ་ཡང་འོང༌ས་མེད་དོ། །ཆོས་ཀྱི་ཡོན་ཏན་ནི། སངས་རྒྱས་ལ་གུས་པ་རྒྱུ་མཚན་དུ་བྱས་ཏེ་སངས་རྒྱས་ཡོན་ཏན་མཐའ་ཡས་པ་ཅན་འདི་ནི། ལུང་དང་རྟོགས་པའི་ཆོས་འགོག་པ་དང་ལམ་གྱི་བདེན་པ་སྐྱོན་སྤངས་པ་དང་ཡོན་ཏན་བསྒྲུབ་པའི་བདག་ཉིད་ཅན་མངོན་དུ་བྱས་པ་དང་བསྒོམས་པ་ལས་བྱུང་བའོ་སྙམ་དུ་


JLD013_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པར་བྱ་སྟེ། ཆོས་ཡང་དག་པར་སྡུད་པ་ལས། གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཡོན་ཏན་མཐའ་ཡས་མུ་མེད་པ་སྟེ། དེ་དག་ནི་ཆོས་ལས་སྐྱེས་པ་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཆོས་ཀྱིས་སྤྲུལ་པ། ཆོས་བདག་པོར་གྱུར་པ། ཆོས་ལས་བྱུང་བ། ཆོས་ཀྱི་སྤྱོད་ཡུལ། ཆོས་ལ་རྟོན་པ། ཆོས་ཀྱིས་གྲུབ་པ་སྟེ། ཞེས་གསུངས་སོ། །དགེ་འདུན་གྱི་ཡོན་ཏན་ལ། གཙོ་བོ་ནི་འཕགས་པའི་གང་ཟག་རྣམས་ཡིན་ལ། དེ་ཡང་ཆོས་ཀྱི་ཡོན་ཏན་དྲན་ཏེ་དེ་ཚུལ་བཞིན་དུ་བསྒྲུབ་པའི་སྒོ་ནས་དྲན་པར་བྱེད་པ་སྟེ། ཆོས་ཡང་དག་པར་སྡུད་པ་ལས། དགེ་འདུན་ནི་ཆོས་སྨྲ་བ། ཆོས་སྤྱོད་པ། ཆོས་སེམས་པ། ཆོས་ཀྱི་ཞིང༌། ཆོས་འཛིན་པ། ཆོས་ལ་རྟོན་པ། ཆོས་ལ་མཆོད་པ། ཆོས་ཀྱི་བྱ་བ་བྱེད་པ། ཆོས་ཀྱི་སྤྱོད་ཡུལ་བ། ཆོས་སྤྱོད་པ་ཕུན་སུམ་ཚོགས་པ། རང་བཞིན་གྱིས་དྲང་བ། རང་བཞིན་གྱིས་དག་པ། སྙིང་རྗེ་བའི་ཆོས་ཅན། སྙིང་རྗེ་དང་ལྡན་པ། རྟག་ཏུ་དབེན་པའི་སྤྱོད་ཡུལ་བ། རྟག་ཏུ་ཆོས་ལ་གཞོལ་བ། རྟག་ཏུ་དཀར་པོ་སྤྱོད་པའོ་སྙམ་མོ། །ཞེས་བྱ་བ་ལ་སོགས་པའོ། །ཞེས་གསུངས་སོ། །ཁྱད་པར་ཤེས་པས་སྐྱབས་སུ་སོང་བ་ནི། བསྡུ་བ་ནས་འབྱུང་བ་ལྟར་དཀོན་མཆོག་གསུམ་ནང་ཕན་ཚུན་གྱི་ཁྱད་པར་ཤེས་ནས་སྐྱབས་སུ་འགྲོ་བའོ། །འདི་ལ་དྲུག་ལས། མཚན་ཉིད་ལས་གྱུར་པའི་ཁྱད་པར་ནི། སངས་རྒྱས་དཀོན་མཆོག་ནི། མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཡིན་ལ། ཆོས་དཀོན་མཆོག་ནི། དེའི་འབྲས་བུ་དང༌། དགེ་འདུན་དཀོན་མཆོག་ནི། གཞན་གྱི་མན་


JLD013_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གིས་ཡང་དག་པར་བསྒྲུབ་པའི་མཚན་ཉིད་དོ། །འཕྲིན་ལས་ཀྱི་ཁྱད་པར་ནི། རིམ་པ་ལྟར་ལུང་ལེགས་པར་འབོགས་པ་དང༌། ཉོན་མོངས་དང་སྡུག་བསྔལ་སྤོང་བ་ལ་དམིགས་པ་དང༌། མངོན་པར་སྤྲོ་བར་བྱེད་པའི་འཕྲིན་ལས་ཅན་ནོ། །མོས་པའི་ཁྱད་པར་ནི། རིམ་པ་ལྟར་བསྙེན་བཀུར་ལ་གུས་པས་ཞེན་པར་བྱ་བ་དང༌། མངོན་དུ་བྱ་བ་ལ་གུས་པས་ཞེན་པར་བྱ་བ་དང༌། ཆོས་མཐུན་པའི་དངོས་པོས་ལྷན་ཅིག་གིས་འགྲོགས་པ་ལ་གུས་པས་ཞེན་པར་བྱ་བའོ། །སྒྲུབ་པའི་ཁྱད་པར་ནི། རིམ་པ་ལྟར་མཆོད་པ་དང༌། རིམ་གྲོ་དང༌། རྣལ་འབྱོར་གྱི་སྦྱོར་བ་གོམས་པར་བྱ་བ་དང༌། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཐུན་མོང་གིས་བསྒྲུབ་པར་བྱ་བའོ། །རྗེས་སུ་དྲན་པའི་ཁྱད་པར་ནི། འདི་ལྟར་བཅོམ་ལྡན་འདས་དེ་ནི་ཞེས་སོགས་ཀྱིས་གསུམ་པོའི་ཡོན་ཏན་སོ་སོར་དྲན་པའོ། །བསོད་ནམས་འཕེལ་བ་ལས་གྱུར་པའི་ཁྱད་པར་ནི། གང་ཟག་དང་ཆོས་ཀྱི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བ་སྟེ། སངས་རྒྱས་དང་དགེ་འདུན་གཉིས་ནི་དང་པོའི་དོན་དུ་བྱས་པ་ཡིན་ལ། དེ་ཡང་གང་ཟག་གཅིག་དང་མང་པོ་ལ་བརྟེན་པའི་བསོད་ནམས་འཕེལ་བ་སྟེ། དགེ་འདུན་ལ་ངེས་པར་བཞི་ཡོད་པའི་ཕྱིར་རོ། །ཁས་ལེན་པས་སྐྱབས་སུ་སོང་བ་ནི། སངས་རྒྱས་ལ་སྐྱབས་སྟོན་པ་དང༌། ཆོས་མྱང་འདས་ལ་སྐྱབས་དངོས་དང༌། དགེ་འདུན་ལ་སྐྱབས་སྒྲུབ་པའི་གྲོགས་སུ་བཟུང་བའི་སྒོ་ནས་སྐྱབས་སུ་འགྲོ་བ་སྟེ། འདུལ་བ་རྒྱ་ཆེར་འགྲེལ་ལས་འབྱུང་བ་ལྟར་


JLD013_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བ་ནི། ནང་པ་དང་ཕྱི་པའི་སྟོན་པ་དང་བསྟན་པ་དང་དེ་ལ་སློབ་པ་རྣམས་ཀྱི་མཆོག་དམན་ཤེས་ནས། དཀོན་མཆོག་གསུམ་ཁོ་ན་ལ་སྐྱབས་སུ་འཛིན་གྱི། དེ་དག་དང་མི་མཐུན་པའི་སྟོན་པ་སོགས་ལ་སྐྱབས་སུ་མི་འཛིན་པའོ། །དེ་གཉིས་ཀྱི་ཁྱད་པར་ལ། སྟོན་པའི་ཁྱད་པར་ནི། སངས་རྒྱས་ནི་སྐྱོན་མེད་ཅིང་ཡོན་ཏན་རྫོགས་ལ། གཞན་གྱི་སྟོན་པ་ནི་དེ་ལས་ལྡོག་པ་སྟེ། ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་བདག་སྐྱབས་མཆི། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་དང༌། མུ་སྟེགས་གཞན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམས་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་སེམས་འདི་དད་པར་གྱུར། །དེ་ལྟར་ཐམས་ཅད་མཁྱེན་མིན་པའི། །གྲུབ་མཐའི་སྐྱོན་གྱིས་བརླག་སེམས་ལྡན། །བསམ་བརླག་རྣམས་ཀྱིས་སྐྱོན་མེད་པའི། །སྟོན་པ་ཁྱོད་ཀྱང་མི་མཐོང་ངོ་། །ཞེས་སོ། །བསྟན་པའི་ཁྱད་པར་ནི། རྒྱལ་བའི་བསྟན་པ་ནི་ལམ་བདེ་བས་འབྲས་བུ་བདེ་བ་འཐོབ་པ་དང༌། འཁོར་བའི་རྒྱུན་ལས་ལྡོག་པ་དང༌། ཉོན་མོངས་རྣམ་པར་བྱང་བར་བྱེད་པ་དང༌། ཐར་འདོད་མི་སླུ་བ་དང༌། གཅིག་ཏུ་དགེ་བ་དང༌། ཉེས་པ་དག་པར་བྱེད་ལ། ཕྱི་རོལ་པའི་བསྟན་པ་ནི་དེ་དག་ལས་ལྡོག་པ་སྟེ། ཁྱད་པར་འཕགས་བསྟོད་ལས། གང་སླད་ཁྱོད་ཀྱི་བསྟན་པ་ནི། །བདེ་བས་བདེ་བ་འཐོབ་བགྱིད་པ། །དེ་སླད་སྨྲ་བའི་སེང་ཁྱོད་ཀྱི། །གཞུང་ལུགས་ལ་ནི་འགྲོ་འདི་དང༌། །ཞེས་དང༌། བསྔགས་འོས་བསྔགས་བསྟོད་ལས་ཀྱང་། འཇུག་དང་ལྡོག་


JLD013_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ལགས་དང༌། །ཀུན་ནས་ཉོན་མོངས་རྣམ་བྱང་གང༌། །དེ་ཉིད་དཔའ་བོ་ཁྱོད་བཀའ་དང༌། །གཞན་གྱི་ཚིག་གི་ཁྱད་པར་ལགས། །འདི་ནི་གཅིག་པུ་དེ་བཞིན་ཉིད། །དེ་ནི་བསླུ་ཆོས་འབའ་ཞིག་ན། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག །དེ་ལས་ཁྱད་ཞུགས་གཞན་ཅི་འཚལ། །འདི་ནི་གཅིག་ཏུ་དགེ་ལ་དེ། །གཅིག་ཏུ་བར་ཆད་བགྱིད་ལགས་ན། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག །དེ་ལས་མི་འདྲ་ཅི་ཞིག་མཆིས། །དེ་ཡིས་བསྒོས་ཤིང་ཉེར་བསྒོས་པ། །འདི་ཡིས་དག་པར་བགྱིད་འགྱུར་བ། །དེ་ཉིད་མགོན་པོ་ཁྱོད་བཀའ་དང༌། །གཞན་གྱི་ཚིག་གི་ཁྱད་པར་ལགས། །ཞེས་གསུངས་ཏེ། དེས་དགེ་འདུན་གྱི་ཁྱད་པར་ཡང་ཤེས་པར་ནུས་སོ། །སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པ་ལ་གཉིས། བསྡུ་བ་ལས་འབྱུང་བ་དང༌། མན་ངག་ལས་འབྱུང་བའོ། །དང་པོ་ལ་བཞི་ཚན་གཉིས་ལས། བཞི་ཚན་དང་པོའི་སྐྱེས་བུ་དམ་པ་ལ་བརྟེན་པ་ནི། སྔར་བཤད་པ་ལྟར་བཤེས་གཉེན་དམ་པ་ཡོན་ཏན་ཐམས་ཅད་ཀྱི་གནས་སུ་མཐོང་ནས་བསྟེན་པ་སྟེ། སངས་རྒྱས་ལ་སྐྱབས་སུ་སོང་བས་ནི་ལམ་སྟོན་པ་ལ་སྐྱབས་སུ་འཛིན་པ་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་བསྒྲུབ་པར་བྱ་བ་ནི་ལམ་སྟོན་པ་ལ་དངོས་སུ་བརྟེན་པ་ཡིན་པའི་ཕྱིར་རོ། །དམ་པའི་ཆོས་མཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་ནི། དམ་པ་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའི་ཆོས་མདོའི་སྡེ་ལ་སོགས་པ་ཅི་འོས་སུ་ཉན་ཅིང༌། གང་ཡིད་ལ་བྱས་ན་ཉོན་མོངས་པ་ལྡོག་པའི་དམིགས་པ་ཡིད་ལ་བྱེད་པ་སྟེ། ཆོས་ལ་སྐྱབས་


JLD013_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སོང་བས་ནི་ལུང་དང་རྟོགས་པའི་ཆོས་ལ་མངོན་དུ་བྱ་བར་འཛིན་པ་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་བསྒྲུབ་པར་བྱ་བ་ནི་དེ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་ནི། ཆོས་མྱ་ངན་ལས་འདས་པའི་རྗེས་སུ་མཐུན་པར་བསྒྲུབ་པ་སྟེ། དགེ་འདུན་ལ་སྐྱབས་སུ་སོང་བས་ནི་མྱང་འདས་སུ་བགྲོད་པའི་གང་ཟག་ལ་གྲོགས་སུ་འཛིན་པ་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་བསྒྲུབ་པར་བྱ་བ་ནི་ཐར་པའི་ཕྱིར་དུ་ཞུགས་པ་རྣམས་དང་མཐུན་པར་སློབ་པ་ཡིན་པའི་ཕྱིར་རོ། །བཞི་ཚན་གཉིས་པའི་དབང་པོ་མི་རྒོད་པར་བྱ་བ་ནི། དབང་པོ་ཡུལ་ལ་བག་ཡངས་སུ་སོང་བའི་རྗེས་སུ་ཡིད་འབྲངས་ནས། ཡུལ་རྣམས་ལ་རྒོད་པ་ལ་སྐྱོན་དུ་བལྟས་ནས་ཡིད་ཕྱིར་ཕྱོགས་པར་བྱེད་པའོ། །བསླབ་པའི་གཞི་ཡང་དག་པར་བླང་བར་བྱ་བ་ནི། སངས་རྒྱས་ཀྱིས་བཅས་པའི་བསླབ་པའི་གཞི་ཅི་ནུས་སུ་ལེན་པའོ། །སེམས་ཅན་ལ་སྙིང་རྗེ་བར་བྱ་བ་ནི། རྒྱལ་བའི་བསྟན་པ་སྙིང་རྗེས་ཁྱད་པར་དུ་བྱས་པས། དེ་ལ་སྐྱབས་སུ་སོང་བས་ཀྱང་སེམས་ཅན་ལ་སྙིང་བརྩེ་བར་བྱས་ཏེ་འཚེ་བ་སྤོང་བའོ། །དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་བ་ནི། ཉི་མ་རེ་རེ་བཞིན་དཀོན་མཆོག་ལ་མཆོད་པར་བྱ་བའོ། །མན་ངག་ལས་འབྱུང་བ་ལ་གཉིས། སོ་སོ་དང༌། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ་གཉིས། དགག་པའི་བསླབ་བྱ་དང༌། སྒྲུབ་པའི་བསླབ་བྱའོ། །དང་པོ་ནི། མྱ་ངན་ལས་འདས་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་


JLD013_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །ཞེས་གསུངས་པ་ལྟར། ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང༌། སེམས་ཅན་ལ་གནོད་འཚེ་སྤོང་བ་དང༌། མུ་སྟེགས་ཅན་དང་མི་འགྲོགས་པ་གསུམ་མོ། །དེ་ལ་དང་པོ་ནི། འཇིག་རྟེན་པའི་ལྷ་དྲག་པོ་དང་ཁྱབ་འཇུག་སོགས་ལའང་ཕུགས་ཀྱི་སྐྱབས་སུ་མི་འཛིན་ན། ཡི་དྭགས་སུ་གྱུར་པའི་གཞི་བདག་དང་ཀླུ་ལ་ལྟ་ཅི་སྨོས། དེ་ཡང་སྐྱབས་གསུམ་ལ་ཡིད་མ་ཆེས་ནས་དེ་དག་ལ་བློ་འགེལ་ན་མི་རུང་བ་ཡིན་གྱི། དེ་དག་ལ་འཕྲལ་གྱི་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་གྲོགས་འཆོལ་བ་ཙམ་ལ་མི་རུང་བ་མེད་དེ། དཔེར་ན། སྦྱིན་བདག་ལ་འཚོ་བའི་གྲོགས་འཆོལ་བ་དང༌། སྨན་པ་ལ་ནད་གསོ་བའི་རེ་བལྟོས་འཆའ་བ་བཞིན་ནོ། །གཉིས་པ་ནི། མི་དང་དུད་འགྲོ་ལ་སོགས་པ་ལ་བརྡེག་པ་དང་འཆིང་བ་དང་གོ་རར་གཞུག་པ་དང༌། སྣ་འབུགས་པ་དང་མི་ཐེག་བཞིན་དུ་འགེལ་བ་ལ་སོགས་བསམ་པ་དང་སྦྱོར་བས་སེམས་ཅན་ལ་གནོད་པ་དང་འཚེ་བ་སྤོང་བའོ། །གསུམ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་ཡིད་མི་ཆེས་ཤིང༌། སྐུར་བར་བྱེད་པ་རྣམས་དང་མཐུན་པར་མི་བྱེད་པའོ། །བསྒྲུབ་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ལེགས་ཉེས་ཅི་འདྲ་ཞིག་ལ༌ཡང༌། དཔྱས་མི་གདགས་ཤིང་འོ་བརྒྱལ་སར་མི་བཞག་པ་དང༌། གཏའ་མར་འཇོག་པ་སོགས་ཀྱི་མི་གུས་པ་དང་། བརྙས་ཐབས་སྤངས་ནས་སྟོན་པ་ལྟར་བཀུར་བའི་ཞིང་དུ་བཟུང་


JLD013_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲ་ཡང་རུང་མཁས་པས་མཆོད། །ཅེས་གསུངས་སོ། །ལུང་རྣམ་འབྱེད་ལས། ཤེད་བུ་སེར་སྐྱས་སློབ་པ་དང་མི་སློབ་པའི་དགེ་འདུན་རྣམས་ལ། གླང་པོའི་མགོ་ཅན་ཁྱོད་ཀྱིས་ཆོས་སམ་ཆོས་མ་ཡིན་པ་ཅི་ཤེས། ཞེས་པ་ལ་སོགས་པ་ངན་སྨྲས་མི་འདྲ་བ་བཅོ་བརྒྱད་བྱས་པས་མགོ་བརྙན་མི་འདྲ་བ་བཅོ་བརྒྱད་ཡོད་པའི་ཆུ་སྲིན་ཉའི་རིགས་སུ་སྐྱེས་ཏེ། སྟོན་པ་འོད་སྲུངས་ཀྱི་དུས་ནས་ཤཱཀྱའི་རྒྱལ་པོའི་བར་དུ་དུད་འགྲོར་བསྡད་པར་གསུངས་པ་དང༌། ལུང་ཕྲན་ཚེགས་ལས། སྟོན་པ་འཁོར་བ་འཇིག་མྱ་ངན་ལས་འདས་པའི་རྗེས་སུ་རྒྱལ་པོ་མཛེས་ལྡན་གྱིས་མཆོད་རྟེན་ཆེན་པོ་ཞིག་བྱེད་དུ་བཅུག་པ་ན། གླ་མི་ཞིག་གིས་འདི་ལྟ་བུའི་མཆོད་རྟེན་ཆེན་པོ་བྱེད་དུ་གཞུག་པར་བརྩམས་པ། ནམ་ཙམ་ཟིན་པར་འགྱུར་མ་ཤེས་སོ། །ཞེས་ལན་གཉིས་སུ་འཕྱས་པ་ལ། ཕྱིས་ལེགས་པར་ཟིན་པ་ན་འགྱོད་ནས་གླ་རྔན་གྱིས་གསེར་གྱི་དྲིལ་བུ་བྱེད་དུ་བཅུག་ནས་མཆོད་རྟེན་ལ་བཏགས་པས་མདོག་ངན་ཞིང་ལུས་ཆུང་ལ་སྐད་སྙན་པའི་སྙན་པ་བཟང་ལྡན་དུ་སྐྱེས་པར་གསུངས་པས། སྐུ་གཟུགས་ལ་འདི་ནི་འདི་འདྲའོ། །ཞེས་མི་སྨྲ་བ་དང༌། གཞན་གྱིས་སྐུ་གཟུགས་སོགས་རྒྱུ་བཟང་པོ་ལས་བསྒྲུབ་པའམ་ཆེན་པོ་བསྒྲུབ་པ་ལ་འཕྱ་བ་དང༌། དེ་ལས་ལྡོག་པའི་ཁ་གཏོགས་སོགས་བྱར་མི་རུང་ངོ་། །རྣལ་འབྱོར་པ་ཆེན་པོས་ཇོ་བོ་ལ་འཇམ་དབྱངས་ཀྱི་སྐུ་ཞིག་གཟིགས་སུ་ཕུལ་ནས་འདི་ལེགས་ཉེས་ཇི་འདྲ། ལེགས་ན་རོང་པ་མགར་དགེ་བས་བྱིན་པའི་


JLD013_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཞོ་བཞི་བྱིན་ནས་ལེན་པ་ལགས་ཞུས་པས། ཇོ་བོའི་ཞལ་ནས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ལ་མི་ལེགས་པ་མེད། ལྷ་བཟོ་ནི་འབྲིང་གསུངས་ནས་སྤྱི་བོར་བཞག །བཟོ་ཟིན་པ་ཀུན་ལའང་དེ་ལྟར་མཛད་སྐད།ཆོས་ཚིག་བཞི་པ་ཞིག་ཡན་ཆད་ལ་ཡང་མ་གུས་པ་སྤང་ཞིང༌། གླེགས་བམ་གཏར་འཇུག་པ་དང་ཟོང་དུ་བྱེད་པ་དང༌ས་སྒྲེ་བོ་དང་འོ་བརྒྱལ་སར་འཇོག་པ་དང༌། ལྷམ་དང་སྦྲགས་ཏེ་འཁུར་བ་དང་འགོམ་ཡུག་སོགས་མ་གུས་པ་ཐམས་ཅད་སྤངས་ཏེ། ཆོས་དཀོན་མཆོག་ལྟར་གུས་པར་བྱེད་པའོ། །དགེ་བཤེས་སྤྱན་སྔ་བ་གསུང་རབ་གདན་དྲངས་པ་མཐོང་བ་ན་ཐལ་མོ་སྦྱར་ནས་ལྡང༌། ཕྱིས་ལྡང་བར་མི༌ནུས་པ་ན་ཐལ་མོ་སྦྱོར་སྐད། ཇོ་བོ་མངའ་རིས་སུ་བྱོན་པ་ན། སྔགས་པ་ཞིག་ཁོང་ལ་ཆོས་མི་ཉན་པ་ལ། ཡིག་མཁན་ཞིག་སོ་དྲེག་གིས་ཆོས་ལ་བསྐུད་པ་གཟིགས་ནས། ཇོ་བོས་མ་བཟོད་ནས། ཨ་ཙ༌མ་མི་རུང་མི་རུང་གསུངས་པས། སྔགས་པ་དེ་དད་ནས་ཆོས་ཉན་སྐད། ཤ་ར་བའི་ཞལ་ནས་ཀྱང༌། རང་ཅག་ཆོས་ལ་རྩེད་མོ་ཅི་ཡང་བྱེད་པར་འདུག་སྟེ། ཆོས་དང་ཆོས་སྨྲ་བ་ལ་མ་གུས་པ་ཤེས་རབ་འཆལ་བའི་རྒྱུ་ཡིན། རྨོངས་པ་ད་ལྟའི་འདི་གས་ཆོག་གི༌རྨོངས་པའི་རྒྱུ་མ་གསོག༌འདི་ལས་རྨོངས་ན་ཅི་བཏུབ་གསུང་ངོ་། །དགེ་འདུན་ནམ་རབ་ཏུ་བྱུང་བ་དགེ་སྦྱོང་གི་རྟགས་ཙམ་འཛིན་པ་དང༌། དེ་དག་གི་རྟགས་ཙམ་ལ་ཡང་མི་གཤེ་ཞིང་མི་བརྙས་པ་དང༌། ཁྱེད་དང་ངེད་ཀྱི་ཚོ་ཞེས་རིས་སུ་བཅད་ནས་དགྲར་བལྟ་བ་རྣམ་པ་ཐམས་ཅད་དུ་མི་བྱ་བར་དགེ་འདུན་དཀོན་མཆོག་ལྟར་གུས་


JLD013_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་སྟེ། ལྷག་བསམ་བསྐུལ་བ་ལས། ཡོན་ཏན་འདོད་པ་ནགས་ན་གནས་པ་ཡིས། །ཕ་རོལ་དག་གི་སྐྱོན་ལ་བརྟག་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱ་འོ། །རྒྱགས་འདི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སློང་དམན་ལ་བརྙས་པར་ཡོང་མི་བྱ། །བསྐལ་པ་གཅིག་གིས་ཐར་པ་འཐོབ་མི་འགྱུར། །འདི་ནི་བསྟན་པ་འདི་ལ་གོ་རིམ་ཡིན། །ཞེས་གསུངས་སོ། །སྟོན་པ་རིན་པོ་ཆེ་དང་རྣལ་འབྱོར་པ་ཆེན་པོ་ལྷན་པ་སེར་པོ་རེ་འགོམ་པའི་སར་ཡོད་པ་ཡང་མི་འགོམ་པར་སྤྲུགས་ནས་ས་གཙང་སར་སྐྱེལ་བའི་ཕྱག་ལེན་ལྟར་བསླབ་སྟེ། རང་ཉིད་དཀོན་མཆོག་ལ་ཅི་ཙམ་གུས་པ་དེ་ཙམ་དུ་འགྲོ་བ་རྣམས་ཀྱང་རང་ལ་ཆེས་ཆེར་གུས་པར་འགྱུར་བའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་འཐོབ་པར་འགྱུར། །ཞེས་གསུངས་སོ། །ཐུན་མོང་གི་བསླབ་བྱ་ལ་དྲུག་ལས། དཀོན་མཆོག་གསུམ་གྱི་ཁྱད་པར་དང༌ཡོན་ཏན་རྗེས་སུ་དྲན་པས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ནི། སྔར་བཤད་པ་ལྟར་ཕྱི་པ་དང་ནང་པའི་ཁྱད་པར་དང༌། དེ་གསུམ་ནང་ཕན་ཚུན་གྱི་ཁྱད་པར་དང་དེ་དག་གི་ཡོན་ཏན་ལ་ཡང་ཡང་སེམས་པའོ། །བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པས་དུས་རྟག་ཏུ་མཆོད་པ་ལ་བརྩོན་ཞིང་བཟའ་བ་དང་བཅའ་བའི་ཕུད་ཀྱང་དབུལ་བ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། སངས་རྒྱས་བསོད་ནམས་ཀྱིས་ནི་ཟས་རྙེད་ཀྱང༌། །དེ་ལ་བྱིས་པ་བྱས་པ་གཟོ་མི་འགྱུར། །ཞེས་གསུངས་པ་ལྟར། ཁ་ཟས་རྙེད་པས་མཚོན་ནས་རང་ལ་བདེ་ལེགས་གང་བྱུང་ཐམས་ཅད་དཀོན་མཆོག་གི་དྲིན་དུ་


JLD013_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱས་ལ། བྱས་པ་གཟོ་བའི་བསམ་པས་མཆོད་པར་བྱའོ། །དེ་ལ་ཡང་མཆོད་པ་བྱ་བ་དང༌། བྱེད་པའི་བསམ་པ་གཉིས་སོ། །དང་པོ་ལ་བཅུ་ལས། སྐུ་ལ་མཆོད་པ་ནི། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དངོས་ལ་མཆོད་པའོ། །མཆོད་རྟེན་ལ་མཆོད་པ་ནི། སངས་རྒྱས་ཀྱི་ཕྱིར་དུ་མཆོད་རྟེན་སོགས་ལ་མཆོད་པའོ། །མངོན་སུམ་དུ་མཆོད་པ་ནི། དེ་གཉིས་རང་གི་དབང་པོ་ལ་མངོན་དུ་གྱུར་པ་ལ་མཆོད་པའོ། །མངོན་སུམ་མ་ཡིན་པའི་མཆོད་པ་ནི། སངས་རྒྱས་དང་དེའི་མཆོད་རྟེན་མངོན་དུ་མ་གྱུར་པ་ལ་སངས་རྒྱས་དང་མཆོད་རྟེན་ཐམས་ཅད་ཀྱི་ཕྱིར་དུ་མཆོད་པའོ། །སངས་རྒྱས་མྱ་ངན་ལས་འདས་རྗེས་སུ་དེའི་ཕྱིར་དུ་སྐུ་གཟུགས་དང་མཆོད་རྟེན་གཅིག་ལ་སོགས་པ་བྱེད་པ་ཡང་མངོན་སུམ་མ་ཡིན་པའི་མཆོད་པའོ། །དེ་གཉིས་གང་རུང་ལ་མཆོད་པ་ན་དེ་དག་གཅིག་གི་ཆོས་ཉིད་ནི་ཐམས་ཅད་ཀྱི་ཆོས་ཉིད་དོ། །དེའི་ཕྱིར་མངོན་དུ་གྱུར་པ་གཉིས་པོ་འདི་ལའང་མཆོད་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ཕྱོགས་བཅུ་མུ་མེད་པའི་མཆོད་རྟེན་ལ་ཡང་མཆོད་དོ་སྙམ་ནས་མཆོད་པ་ནི་མངོན་དུ་གྱུར་མ་གྱུར་སྤྱིའི་མཆོད་པ་སྟེ། སྔ་མ་ནི་བསོད་ནམས་རྒྱ་ཆེ་ལ། གཉིས་པ་ནི་དེ་བས་ཀྱང་ཆེས་རྒྱ་ཆེ་བ་དང༌། གསུམ་པ་ནི་དེ་བས་ཀྱང་ཤིན་ཏུ་རྒྱ་ཆེ་བར་གསུངས་པས། སངས་རྒྱས་སམ་དེའི་སྐུ་གཟུགས་སོགས་གཅིག་ལ་མཆོད་པ་ན་ཆོས་ཉིད་དབྱེར་མེད་པ་དྲན་པར་བྱས་ནས་ཐམས་ཅད་ལ་མཆོད་པའི་འཕེན་པ་གཏོང་བ་གལ་ཆེའོ། །རང་གིས་བྱ་བའི་མཆོད་པ་ནི། ལེ་ལོ་དང་


JLD013_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམ་ལས་དང་བག་མེད་པའི་དབང་གིས་གཞན་བྱེད་དུ་མི་འཇུག་པར་རང་གིས་ལག་བདར་ནས་བྱེད་པའོ། །གཞན་བྱེད་དུ་བཅུག་པའི་མཆོད་པ་ནི། རང་ལ་དངོས་པོ་ཆུང་ངུ་ཡོད་ལ། སེམས་ཅན་སྡུག་བསྔལ་བ་བསོད་ནམས་ཆུང་ཞིང་མི་ནུས་པ་འདི་དག་གིས་མཆོད་པ་བྱས་ན་བདེ་བར་འགྱུར་རོ་སྙམ་ནས་སྙིང་རྗེ་དང་ལྡན་པས་གཞན་ཁོ་ན་མཆོད་དུ་གཞུག་པའོ། །གཞན་ཡང་བསྐུལ་ནས་གཉིས་ཀས་བྱེད་པ་ནི། རང་གཞན་གཉིས་ཀའི་ཐུན་མོང་བ་སྟེ། དེ་གསུམ་གྱི་བསོད་ནམས་ཀྱི་འབྲས་བུ་ཆེ་ཆུང་ནི་སྔ་མ་དང་འདྲའོ། །རྙེད་པ་དང་བཀུར་སྟིའི་མཆོད་པ་ནི། ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་བསྙུན་གྱི་གསོས་སྨན་དང་ཡོ་བྱད་དང་བདུག་པ། ཕྱེ་མ། བྱུག་པའི་སྤོས་དང་མེ་ཏོག་གི་ཕྲེང་བ་དང་རོལ་མོའི་སྒྲ་དང་མར་མེ་སྣ་ཚོགས་འབུལ་བ་དང༌། གུས་པར་སྨྲ་བ་དང་ཕྱག་འཚལ་བ་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱར་བ་དང་བསྟོད་པ་སྣ་ཚོགས་བརྗོད་པ་དང་ཡན་ལག་ལྔས་ཕྱག་བྱ་བ་དང་གཡས་ཕྱོགས་སུ་བསྐོར་བ་དང༌། ཞིང་ལ་སོགས་པ་ཟད་མི་ཤེས་པའི་སྦྱིན་པ་དང་ནོར་བུ་དང་སྙན་ཆ་དང་དཔུང་རྒྱན་ལ་སོགས་པའི་རྒྱན་དང༌། ཐ་ན་དྲིལ་བུ་དབུལ་བ་དང་ཀརྴ་པ་ཎ་གཏོར་བ་དང་སྲད་བུས་དཀྲི་བས་སངས་རྒྱས་སམ། དེའི་མཆོད་རྟེན་ལ་མཆོད་པའོ། །རྒྱ་ཆེ་བའི་མཆོད་པ་ནི། རྙེད་བཀུར་དེ་དག་གིས་ཡུན་རིང་པོར་མཆོད་པ་སྟེ། དེ་ཡང་དངོས་པོ་མང་བ་དང་བཟང་བ་དང་མངོན་སུམ་ཡིན་མིན་དང༌། རང་དང་གཞན་གྱིས་བྱེད་པ་དང་སྙིང་ཐག་པ་ནས་དགའ་ཞིང་མོས་པ་དྲག་པོས་མཆོད་ལ། དགེ་


JLD013_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ཡང་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ་བདུན་ནོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ་ནི། ཁྱད་གསོད་དམ་བག་མེད་དམ་ལེ་ལོས་གཞན་དག་བྱེད་དུ་མི་འཇུག་གི །རང་གིས་ལག་བདར་ནས་བྱེད་པ་དང༌། གུས་པར་བྱེད་པ་དང༌། སེམས་མ་ཡེངས་པར་བྱེད་པ་དང༌། ཆགས་སོགས་དང་མ་འདྲེས་པར་ཉོན་མོངས་པ་ཅན་མ་ཡིན་པས་བྱེད་པ་དང༌། སངས་རྒྱས་ལ་དད་པའི་རྒྱལ་པོ་སོགས་ལས་རྙེད་བཀུར་ཐོབ་ཏུ་རེ་ནས་མི་བྱེད་པ་དང༌། མཐུན་པའི་དངོས་པོས་མཆོད་པ་སྟེ་དྲུག་གོ །མཐུན་པའི་དངོས་པོ་ནི། མི་མཐུན་པ་བ་བླས་བྱུག་པ་དང་མར་ཁུས་འཁྲུ་བ་དང་གུ་གུལ་གྱིས་བདུག་པ་དང་ཨརྐའི་མེ་ཏོག་ལ་སོགས་པ་དང༌། གཞན་ཡང་ཡོ་བྱད་རུང་བ་མིན་པ་དང་བྲལ་བ་རུང་བའོ། །ཟང་ཟིང་གི་མཆོད་པ་དེ་དག་ཀྱང་རང་གིས་བསྒྲུབས་པ་དང་གཞན་ལས་བསླངས་པ་མེད་ན། དེ་བཞིན་གཤེགས་པའི་མཆོད་པ་གང་ཡང་རུང་བ་འཇིག་རྟེན་གྱི་ཁམས་ན་གང་ཡོད་པ་ལ་དགའ་བ་དང་རྒྱ་ཆེན་པོ་ལ་མོས་པ་དང་ལྡན་པའི་སེམས་ཀྱིས་ཁྱབ་པར་བྱས་ནས་ཡི་རང་བྱས་ན། ཚེགས་ཆུང་ངུས་ཚད་མེད་པའི་མཆོད་པ་ཆེན་པོས་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་སྡུད་དེ། དེ་ལ་ནི་རྟག་ཏུ་སེམས་ཉམས་བདེ་བ་དང་སེམས་དགའ་བས་བརྩོན་པར་བྱའོ། །དཀོན་མཆོག་སྤྲིན་དང་དམ་ཚིག་གསུམ་བཀོད་པ་ལས་གསུངས་པ་ལྟར། བདག་པོས་མ་བཟུང་བའི་མེ་ཏོག་དང་འབྲས་བུ་དང་ཤིང་དང་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱང་དབུལ་བར་བྱའོ། །སྒྲུབ་པའི་མཆོད་


JLD013_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཐ་ན་བ་འཇོས་ཙམ་དུ་ཡང་ཚད་མེད་བཞི་དང་ཆོས་ཀྱི་སྡོམ་བཞི་དང་སྐྱབས་གསུམ་དང་ཕར་ཕྱིན་རྗེས་སུ་དྲན་པ་དང་ཟབ་མོ་སྟོང་པ་ཉིད་ལ་མོས་ཤིང་མི་རྟོག་པར་གནས་པ་དང༌། ཚུལ་ཁྲིམས་ལ་སྡོམ་སེམས་བྱེད་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་ཕར་ཕྱིན་དང་བསྡུ་བ་བཞི་ལ་བསྒོམ་པ་དང་བརྩོན་པའོ། །མཆོད་པ་བཅུ་པོ་དེས་དཀོན་མཆོག་གསུམ་ལ་མཆོད་པ་ནི་ཡོངས་སུ་རྫོགས་པའི་མཆོད་པའོ། །དེ་དག་གིས་མཆོད་པའི་ཚེ་ན་དཀོན་མཆོག་གསུམ་གང་རུང་ལ་ཆུང་ངུ་ཞིག་བྱས་ཀྱང༌། འབྲས་བུ་དཔག་ཏུ་མེད་པ་འབྱུང་བའི་བསམ་པ་ནི་དྲུག་སྟེ། ཡོན་ཏན་གྱི་ཞིང་གོང་ན་མེད་པ་ཡིན་སྙམ་པ་དང༌། ཕན་འདོགས་པ་གོང་ན་མེད་དོ་སྙམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མཆོག་གོ་སྙམ་པ་དང༌། ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་ནོ་སྙམ་པ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ན་གཅིག་ཁོ་ན་འབྱུང་བས་འབའ་ཞིག་པའོ་སྙམ་པ་དང༌། འཇིག་རྟེན་ལས་འདས་མ་འདས་ཀྱི་ཕུན་ཚོགས་ཐམས་ཅད་ཀྱི་གཞི་ཡིན་ནོ་སྙམ་དུ་བསམས་ནས་མཆོད་པའོ། །དེ་དག་ནི་བྱང་ས་ལས་འབྱུང་བ་ལྟར་བྲིས་པའོ། །དུས་རྒྱུན་པར་ནི་དེ་དག་ཅི་རིགས་པར་བྱ་ལ། དུས་བཟང་དང་དུས་ཆེན་གྱི་ཚེ་ན་རང་གི་ནུས་པ་དང་བསྟུན་པའི་མཆོད་པ་བཟང་པོ་རེ་བྱའོ། །གཞན་ཡང་བཟའ་བཏུང་རྒྱུན་དུ་བྱ་དགོས་པས། དེའི་ཚེ་དེ་དག་གི་ཕུད་ཀྱིས་མཆོད་པ་མ་ཆག་ནའང་ཚོགས་མང་པོ་ཚེགས་ཆུང་ངུས་རྫོགས་པས་ཆུ་ཡན་ཆད་གང་ལ་ལོངས་སྤྱོད་པའི་ཕུད་ཀྱིས་ཀྱང་སྙིང་ཐག་པ་ནས་མཆོད་པར་བྱའོ། །དེ་ཡང་


JLD013_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཐུད་ཀྱི་སྔོ་ས་དང་ལོ་མའི་སེར་ས་ལྟ་བུ་ནས་མ་ཡིན་གྱི། གང་བཟང་བ་ནས་བྱ་དགོས་ལ། ཇའི་ཕུད་སུན་རེ་ལ་འབུལ་བ་ཀུན་གྱིས་ཀྱང་རྡུལ་སེལ་བ་འདྲ་བ་རེས་མི་འོང་ཞེས་ཤ་ར་བའི་གསུང་སྒྲོས་ལས་འབྱུང་ངོ་། །དཔེར་ན་ཞིང་ས་ཤིན་ཏུ་གཤིན་པ་ཞིག་ལ་ས་བོན་འདེབས་དུས་སུ་མ་བཏབ་པར་ལྡུས་པ་འདྲ་ན་དེ་ལྟར་འཇོག་མི་ཕོད་པ་ལྟར། འདི་ཕྱིའི་བདེ་ལེགས་ཐམས་ཅད་འབྱུང་བའི་ཞིང་ས་དམ་པ་དུས་བཞི་ཐམས་ཅད་དུ་རྒྱུན་ཆད་མེད་པར་བདེ་ལེགས་ཀྱི་ས་བོན་བཏབ་པས་ཆོག་པ་འདི་ལ་ཡང༌། དད་པའི་གཤོལ་གྱིས་བསོད་ནམས་ཀྱི་ཞིང་རྨེད་པར་གྱུར་ཅིག །ཅེས་མདོ་ལས་གསུངས་པ་ལྟར་བྱ་རྒྱུ་མ་བྱུང་ན་ཆེས་ཤིན་ཏུ་ཕངས་པ་ཡིན་ནོ། །དེས་ན་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་དང་འདྲ་བའི་ཞིང་དག་ནི། །འཇིག་རྟེན་གསུམ་ན་མ་མཆིས་ཏེ། །ཁྱོད་ནི་སྦྱིན་གནས་རྣམས་ཀྱི་མཆོག །གྲལ་གཙང་མཛད་པའི་གཙང་མ་ལགས། །ནམ་མཁའ་མཐའ་ཐུག་མ་མཆིས་པའི། །མཆུ་དང་ཞེང་དག་ཇི་ལྟ་བར། །ཁྱོད་ལ་སྨན་དང་གནོད་བགྱིས་པའི། །རྣམ་པར་སྨིན་པ་ཐུག་མ་མཆིས། །ཞེས་གསུངས་པ་ལྟར་རོ། །ཞིང་གི་མཆོག་ལ་ཐ་མལ་པའི་ཞིང་གི་མཐོང་ཙམ་ཡང་མེད་པ་འདི། འོ་སྐོལ་སྟངས་བཟང་བར་མི་འདུག་པས་དཀོན་མཆོག་མཆོད་པ་ལ་དུས་ཐམས་ཅད་དུ་བརྩོན་པར་བྱའོ། །དེ་ལྟར་བྱས་ན་ཞིང་དམ་པ་ལ་དགེ་རྩ་བསྐྲུན་པའི་མཐུ་ལས་ལམ་གྱི་རིམ་པ་རྣམས་ལ་བློའི་མཐུ་ཇེ་རྒྱས་སུ་འགྲོ་བས། མཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་


JLD013_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ནོ། །དེ་ལྟར་ཡང་དཔལ་ལྡན་མ་ཁོལ་གྱིས། སྙན་དངགས་རྩོམ་ལ་སྐལ་ཆེན་པོ། །ཁྱོད་ལ་བརྟེན་ནས་བདག་གི་བློ། །དབྱར་གྱི་དུས་ཀྱི་ཆུ་བོ་ལྟར། །ཆུང་ངུའང་ཤིན་ཏུ་འཕེལ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །མཆོད་པ་ཡང་དངོས་པོ་ལ་མ་འཐོགས་རང་གི་དད་པ་ལ་འཐོགས་པ་ཡིན་གསུང་བ་ལྟར། དད་པ་ཡོད་ན་མཎྜལ་དང་ཆུ་དང་བློས་མ་བཟུང་བའི་མཆོད་པ་ལ་སོགས་པས་ཀྱང་མཆོད་པས་ཆོག་པས་ཟང་ཟིང་མེད་ན་དེ་ལྟར་བྱ། ཡོད་བཞིན་དུ་གཏོང་མི་ནུས་པར། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །ཞེས་ཟེར་བ་ནི། པོ་ཏོ་བའི་ཞལ་ནས། དུད་ཕོར་དྲི་མ་ཅན་ཞིག་ཏུ་སྤང་སྤོས་རེ་བཏབ་ནས། ཙནྡན་ག་བུར་སྤོས་ཀྱི་ཆུ། །ཞེས་དམུས་ལོང་གིས་མིག་ལྡན་ལ་མགོ་སྐོར་བྱེད་གསུང་བ་དང་འདྲའོ། །ཕུ་ཆུང་བའི་ཞལ་ནས། ངས་དང་པོ་སྤང་སྤོས་སྣ་ཚ་ཏིང་ངེ་བ་ཕུལ། དེ་ནས་རེང་བུ་བཞི་སྦྱོར་མངར་སིང་བ་དབུལ་རྒྱུ་བྱུང༌། ད་ལྟ་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པ་བསུང་ཆིང་ངེ་འབུལ་གསུང་བ་ལྟར། མཆོད་པ་ཆུང་ངུ་ལ་བརྙས་ནས་མ་ཕུལ་ན། ཚེ་རངས་པོ་དེ་འདྲ་ཞིག་ཏུ་འགྲོ་ལ། ཆུང་རིམ་ནས་ནན་ཏན་བསྐྱེད་ན་ཇེ་བཟང་དུ་འགྲོ་བས་ཁོང་གི་ཕྱག་ལེན་ལྟར་བསླབ་སྟེ། ཁོང་གིས་རེས་གཅིག་ལ་གསེར་སྲང་ཉི་ཤུ་རྩ་གཉིས་ཀྱི་སྤོས་སྦྱར་སྐད། ཡོ་བྱད་ལ་དབང་ཐོབ་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ལུས་འབུམ་ཕྲག་དུ་མར་སྤྲུལ་བ་དང༌། ལུས་རེ་རེ་ལ་ཡང་ལག་པ་བརྒྱ་སྟོང་ལ་སོགས་པར་སྤྲུལ་ཏེ།


JLD013_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཐམས་ཅད་དུ་བྱོན་ནས་རྒྱལ་བ་རྣམས་ལ་བསྐལ་པ་དུ་མར་མཆོད་པ་མཛད་ན། ཡོན་ཏན་ལྟར་སྣང་ཅུང་ཟད་རེས་ཆོག་ཤེས་པ་དག །ཁོ་བོ་ནི་དེ་ལྟ་བུ་ལ་བྱང་ཆུབ་མི་རེ་ཞེས་སྨྲ་བ་ནི་ཆོས་རྒྱུས་ཤིན་ཏུ་ཆུང་བའི་ཅལ་ཅོལ་ལོ། །དེས་ན་དཀོན་མཆོག་སྤྲིན་ལས། མདོ་སྡེ་རྣམས་ལས་མཆོད་པ་དང་རིམ་གྲོ་བྱ་བ་རྒྱ་ཆེན་པོ་གང་ཡིན་པ་དེ་ལྟ་བུ་དག་མཉན་ཅིང༌། སྙིང་ཐག་པ་ནས་ལྷག་པའི་བསམ་པ་མཆོག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྔོའོ། །ཞེས་གསུངས་པ་ལྟར་བྱའོ། །སྙིང་རྗེ་རྗེས་སུ་དྲན་པས་འགྲོ་བ་གཞན་ཡང་ཚུལ་འདི་ལྟ་བུ་ལ་དགོད་པ་ནི། སེམས་ཅན་གཞན་ཡང་ཅི་ནུས་ཀྱིས་སྐྱབས་སུ་འགྲོ་བ་ལ་བརྩེ་བས་འགོད་པའོ། །བྱ་བ་གང་བྱེད་པ་དང་དགོས་པ་ཅི་ཡོད་པ་ན་དཀོན་མཆོག་གསུམ་ལ་མཆོད་ནས་གསོལ་བ་འདེབས་ཤིང་འཇིག་རྟེན་པའི་ཐབས་གཞན་སྤོང་བ་ནི། བྱ་བ་ཇི་འདྲ་ཞིག་བྱེད་པ་དང་དགོས་པ་ཅི་འདྲ་བ་ཞིག་མཐོང་ཡང་དཀོན་མཆོག་གསུམ་ལ་བརྟེན་པ་དང༌། དེ་དག་དང་རྗེས་སུ་མཐུན་པའི་དཀོན་མཆོག་མཆོད་པ་སོགས་བྱ་ཡི། དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱའོ། །ཕན་ཡོན་ཤེས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ་བྱ་བ་ལ་གཉིས། བསྡུ་བ་ལས་འབྱུང་བའི་ཕན་ཡོན་དང༌། མན་ངག་ལས་འབྱུང་བའོ། །དང་པོ་ལ་བཞི་ཚན་གཉིས་ལས། བཞི་ཚན་དང་པོའི་བསོད་ནམས་རྒྱ་ཆེན་པོ་འཐོབ་པ་ནི། འཆི་མེད་རྔ་སྒྲའི་


JLD013_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་རྣམས་ཀྱི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་དང༌། ཕར་ཕྱིན་བསྡུས་པ་ལས་ཀྱང༌། སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུངས། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་བཅལ་བར་གཞལ་མི་ནུས། །ཞེས་གསུངས་པ་ལྟར་རོ། །དགའ་བ་དང་མཆོག་ཏུ་དགའ་བ་འཐོབ་པ་ནི། དྲན་པའི་ཚོམས་ལས། གང་ཞིག་ཉིན་དང་མཚན་རྣམས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་ཅིང༌། །ཡང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་མི་ཡི་རྙེད་པ་ཡིན། །ཞེས་གཞན་གཉིས་ལའང་སྦྱར་ནས་གསུངས་པ་ལྟར། འདི་འདྲ་བའི་སྐྱབས་གསུམ་ལ་བརྟེན་དུ་ཡོད་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས་དགའ་བ་ཇེ་འཕེལ་དུ་འགྱུར་བའོ། །ཏིང་ངེ་འཛིན་དང༌རྣམ་པར་དག་པ་འཐོབ་པ་ནི། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པས་གྲོལ་བར་འགྱུར་བའོ། །བཞི་ཚན་གཉིས་པའི་བསྲུང་བ་ཆེན་པོ་དང་ལྡན་པ་ནི་འཆད་པར་འགྱུར་རོ། །ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་བསྲབས་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པ་འཐོབ་པ་ནི། སྟོན་པ་དང་ཆོས་དང་གྲོགས་ངན་པ་ལ་མོས་ནས་སྐྱབས་སུ་བཟུང་བའི་དབང་གིས། ལས་ངན་པ་བསགས་པ་རྣམས་ཆུང་བ་དང་འདག་པར་འགྱུར་བའོ། །དམ་པ་ཡང་དག་པར་སོང་བ་སྐྱེས་བུ་དམ་པ་རྣམས་ཀྱི་ནང་དུ་བགྲང་བར་འགྱུར་བ་དང༌། སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་དང༌། བསྟན་པ་ལ་དགའ་བའི་

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


JLD013_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ཀྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་བ་ནི། སྐྱེས་བུ་དམ་པར་ཆུད་ཅིང་སྟོན་པ་ལ་སོགས་པ་དགྱེས་པའོ། །ལྷ་རྣམས་ཇི་ལྟར་དགའ་བ་ནི། ཆེ་གེ་མོ་ཞིག་བདག་ཅག་སྐྱབས་སུ་འགྲོ་བ་གང་དང་ལྡན་པས་དེ་ནས་ཤི་འཕོས་ནས། འདིར་སྐྱེས་པའི་སྐྱབས་སུ་འགྲོ་བ་དང་ལྡན་ཞིང་ལན་མང་དུ་གནས་པས་ན། དེ་ནི་བདག་ཅག་གི་གྲོགས་སུ་འགྱུར་བར་འོང་ངོ་སྙམ་ནས་ཡིད་དགའ་ཞིང་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པའོ། །མན་ངག་ལས་འབྱུང་བའི་ཕན་ཡོན་ལ་བརྒྱད་ལས། ནང་པ་སངས་རྒྱས་པར་ཆུད་པ་ནི། སྤྱིར་ཕྱི་ནང་ལ་འཇོག་ཚུལ་མང་དུ་སྣང་ནའང༌། ཇོ་བོ་དང་ཤཱནྟི་པ་སྐྱབས་འགྲོས་འབྱེད་པར་གྲགས་པས་སྐྱབས་འགྲོ་ཐོབ་ནས་མ་བཏང་བ་ལ་བྱའོ། །དེས་ན་ཐོག་མར་སངས་རྒྱས་པར་ཆུད་པ་ལ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྟོན་པ་ལ་སོགས་པར་འཛིན་པ་དགོས་ཀྱི། དེ་མེད་ན་དགེ་བ་གང་བྱས་ཀྱང་སངས་རྒྱས་པར་མི་ཆུད་དོ། །སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་ནི། མཛོད་འགྲེལ་ལས། སྐྱབས་སུ་འགྲོ་བ་རྣམས་ནི་སྡོམ་པ་ཡང་དག་པར་བླང་བ་ཐམས་ཅད་ལ་སྒོར་གྱུར་པ་ཡིན་ནོ། །ཞེས་དང༌། སྐྱབས་འགྲོ་བདུན་ཅུ་པ་ལས་ཀྱང༌། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་གསུངས་ཏེ། སྐྱབས་འགྲོས་མྱང་འདས་ཀྱི་བསམ་པ་བརྟན་པར་བྱེད་ཅིང་དེ་ལས་སྡོམ་པ་སྐྱེ་བ་ལ་དགོངས་སོ། །སྔོན་བསགས་པའི་ལས་ཀྱི་སྒྲིབ་པ་རྣམས་བསྲབས་ཤིང་ཟད་པར་འགྱུར་བ་ནི། བསླབ་བཏུས་སུ་སྐྱབས་སུ་འགྲོ་བས་སྡིག་པ་འདག་པར་སྟོན་པའི་སྐབས་སུ།


JLD013_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཕག་གི་རྟོགས་པ་བརྗོད་པ་དཔེར་བྱའོ་ཞེས་གསུངས་པས། ཕག་ཏུ་སྐྱེ་བར་འགྱུར་བའི་ལྷའི་བུས་སྐྱབས་འགྲོ་བྱས་པས་དེར་མ་སྐྱེས་པ་ལྟ་བུ་སྟེ། སྐྱབས་འགྲོ་བྱས་པས་ངན་འགྲོའི་རྒྱུ་དག་པའི་ཕྱིར་རོ། །གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་ནི་སྤངས་ནས་སུ། །དེ་དག་ལྷ་ཡི་ལུས་འཐོབ་བོ། །ཞེས་ཆོས་དང་དགེ་འདུན་ལ་ཡང་དེ་ལྟར་གསུངས་སོ། །དེས་ན་སྔོན་བསགས་པའི་སྡིག་པ་ལ་ལ་ནི་བསྲབས་པར་འགྱུར་ལ། ལ་ལ་ནི་འཛད་པར་འགྱུར་རོ། །བསོད་ནམས་རྒྱ་ཆེན་པོ་གསོག་པ་ནི། སྔར་བཤད་པ་ལྟར་རོ། །ངན་འགྲོར་མི་ལྟུང་བ་ཡང༌། སྔ་མས་ཤེས་པར་བྱའོ། །མི་དང་མི་མ་ཡིན་གྱི་བར་གཅོད་ཀྱིས་མི་ཚུགས་པ་ནི། མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་རྣམས་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང༌། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་ཀུན་ལས་མི་གྲོལ་ཞིང༌། །གང་ཚེ་གང་ཞིག་སངས་རྒྱས་དང༌། །ཆོས་དང་དགེ་འདུན་སྐྱབས་སོང་ལ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང༌། །སྡུག་བསྔལ་ཡང་དག་འདས་པ་དང༌། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་དང༌། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་


JLD013_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །འདིར་མུ་སྟེགས་རླུང་ཞགས་གྲུབ་པ་ལ་སོགས་པའི་གཏམ་རྣམས་དཔེར་བྱའོ། །ཅི་བསམས་པ་ཐམས་ཅད་འགྲུབ་པ་ནི། ཆོས་ལྡན་གྱི་བྱ་བ་གང་བསྒྲུབ་པའི་ཐོག་མར་དཀོན་མཆོག་ལ་མཆོད་ཅིང༌། སྐྱབས་སུ་སོང་ནས་འགྲུབ་པར་གསོལ་བ་བཏབ་ན་བདེ་བླག་ཏུ་འགྲུབ་པའོ། །མྱུར་དུ་འཚང་རྒྱ་བ་ནི། སེང་གེས་ཞུས་པ་ལས། དད་པས་མི་ཁོམ་སྤོང་བར་འགྱུར། །ཞེས་གསུངས་པ་ལྟར། དལ་བ་ཁྱད་པར་ཅན་རྙེད་ཅིང་སྐྱབས་དང་མཇལ་ནས་ལམ་ཁྱད་པར་ཅན་ལ་སློབ་ལ། དེས་ནི་རིང་པོ་མི་ཐོགས་པར་འཚང་རྒྱའོ། །དེ་ལྟར་ཕན་ཡོན་དྲན་པར་བྱས་ནས་ཞག་རེ་ལ་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་སྐྱབས་འགྲོ་བྱའོ། །དཀོན་མཆོག་གསུམ་ཐ་ན་བཞད་གད་ཀྱི་ཕྱིར་རམ། སྲོག་གི་ཕྱིར་ཡང་མི་གཏོང་ཞིང་བསྲུང་བར་བྱ་བ་ནི། ལུས་དང་སྲོག་དང་ལོངས་སྤྱོད་ནི་གདོན་མི་ཟ་བར་འབྲལ་བར་འགྱུར་བས། དེ་དག་གི་ཕྱིར་དུ་དཀོན་མཆོག་བཏང་ན་ནི་ཚེ་རབས་ཀུན་ཏུ་སྡུག་བསྔལ་བརྒྱུད་མར་འབྱུང་བའི་ཕྱིར། ཅི་ལ་བབ་ཀྱང་སྐྱབས་མི་གཏོང་ངོ་སྙམ་དུ་ཡང་ཡང་ཞེ་དམ་བྱ་ཞིང༌། བཞད་གད་ཙམ་གྱི་ཆེད་དུ་ཡང་སྐྱབས་གཏོང་བའི་ཚིག་སྨྲ་བར་མི་བྱའོ། །ཕྱོགས་གར་འགྲོ་ཡང་དེའི་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོ་བ་ལ་བསླབ་ཅེས་པའི་བསླབ་བྱ་ཞིག་གོང་མ་རྣམས་གསུང་སྟེ་ཁུངས་མ་མཐོང་ངོ་། །དེ་ལྟར་ཐུན་མོང་གི་བསླབ་བྱ་དྲུག་ནི། ལམ་སྒྲོན་འགྲེལ་པར་འབྱུང་བ་བཞིན་ཡིན་ལ། སོ་སོའི་བསླབ་བྱ་


JLD013_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གསུམ་ནི་མདོ་སྡེ་ལས་བཤད་ཅིང་ཕྱི་མ་གསུམ་ནི། སྐྱབས་འགྲོ་ཡན་ལག་དྲུག་པ་ལས་འབྱུང་སྟེ། ཇི་སྐད་དུ། སྐུ་གཟུགས་ཚིགས་སུ་བཅད་པ་དང༌། །ལྷན་པ་སེར་པོ་བཏབ་པ་ལ། །དད་མོས་སྒོ་ནས་སྟོན་པར་བརྟག །ཞལ་ནས་གསུངས་པ་མཐའ་དག་ལ། །སྐུར་པ་མི་གདབ་སྤྱི་བོར་བླང༌། །གང་ཟག་དག་དང་མ་དག་ལ། །དམ་པར་བལྟ་བར་བྱ་བ་ཡིན། །ཞེས་སོ། །གཏན་ལ་དབབ་པ་བསྡུ་བ་ལས་འབྱུང་བ་རྣམས་ལ། ཀ་མ་བའི་གསུང་ནས་འདི་རྣམས་སྣེའུ་ཟུར་པ་གསུང་ཐང་བ་ལ་ངེད་མཉམ་པོར་དགོན་པ་བ་ལ་ཐོས་གསུང་ཞིང༌། ཁོང་ནས་ལུམ་པ་བ་ལ་བརྒྱུད་པའི་ལམ་རིམ་ནས་འབྱུང་ངོ་། །བསླབ་བྱ་དེ་དག་དང་འགལ་བ་ལ་ཉམས་པ་དང་གཏོང་བའི་རྒྱུར་འགྱུར་ཚུལ་ནི། ཁ་ཅིག་སོ་སོའི་བསླབ་བྱ་དང་པོ་གསུམ་དང་རྒྱུན་དུ་སྐྱབས་སུ་འགྲོ་བ་དང་སྲོག་གི་ཕྱིར་ཡང་མི་གཏོང་བ་དང་དཀོན་མཆོག་མཆོད་པ་སྟེ་དྲུག་དང་འགལ་ན་གཏོང་བར་འདོད་ལ། ཁ་ཅིག་སོ་སོའི་བསླབ་བྱ་ཕྱི་མ་གསུམ་དང་འགལ་བ་སྟེ་དགུས་གཏོང་བར་འདོད་དེ། ལྷག་མ་ཉམས་པའི་རྒྱུར་བྱེད་དོ། །འོན་ཀྱང་སྲོག་གི་ཕྱིར་ཡང་མི་གཏོང་བ་དང་འགལ་བ་ནི་སྐྱབས་འགྲོ་གཏོང་བ་དངོས་ཡིན་ལ། དེ་བཞིན་དུ་དཀོན་མཆོག་གསུམ་མ་བཏང་ཡང་དེ་དག་དང་མི་མཐུན་པའི་སྟོན་པ་ལ་སོགས་པ་གསུམ་ལ་གཉིས་འཛིན་བྱེད་ནའང་གཞན་དུ་མི་སྨྲ་བ་དང་འགལ་ཞིང༌། སྐྱབས་ལ་བློ་མ་ཁེལ་བས་གཏོང་ལ། དེ་དག་མ་བྱུང་ན་བསླབ་བྱ་དང་འགལ་བ་ཙམ་ཡིན་གྱི༌གཏོང་རྒྱུ་མིན་པར་སེམས་སོ། །དེ་ལྟར་ན་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་


JLD013_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ཆེན་པོ་ཡིན་ཞིང༌། སྐྱབས་འགྲོ་ཚིག་ཙམ་མིན་པ་ཡོད་ན་མཐུ་ཕུལ་དུ་བྱུང་བ་ལ་བརྟེན་པ་ཡིན་པས་ཕྱི་དང་ནང་གི་བར་ཆད་ཀྱིས་མི་བརྫི་བ་དང༌། ཡོན་ཏན་གྱི་ཁྱད་པར་རྣམས་སྐྱེ་སླ་ཞིང་ཉམས་དཀའ་བས་གོང་ནས་གོང་དུ་འཕེལ་བར་འགྱུར་བས་སྔར་བཤད་པ་ལྟར་འཇིགས་པ་དང་ཡོན་ཏན་དྲན་པ་སོགས་ཀྱི་སྒོ་ནས་སྐྱབས་སུ་བཟུང་ཞིང་དེའི་བསླབ་བྱ་ལས་མི་འདའ་བ་ལ་འབད་པ་གནད་དུ་ཆེའོ། །དེ་ལྟར་འཆི་བ་དྲན་ཞིང་ཤི་ནས་ངན་འགྲོར་སྐྱེ་བ་བསམས་པས་འཇིགས་པ་ན། དེ་ལས་སྐྱོབ་པའི་སྐྱབས་ནི་དཀོན་མཆོག་གསུམ་ཡིན་ལ། དེ་ལ་སྐྱབས་སུ་བཟུང་ཞིང་དེའི་བསླབ་བྱ་དང་མ་འགལ་བར་བྱས་པ་ན་སྐྱབས་ཀྱིས་ཇི་ལྟར་སྐྱོབ་སྙམ་ན། ཚོམས་ལས། སྲིད་པའི་ཟུག་རྔུ་གཅོད་བྱེད་ལམ། །ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །དེ་བཞིན་གཤེགས་པ་སྟོན་པ་སྟེ། །ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། །ཞེས་གསུངས་པ་ལྟར། སངས་རྒྱས་ནི་སྐྱབས་སྟོན་པ་དང་དགེ་འདུན་ནི་སྐྱབས་བསྒྲུབ་པའི་གྲོགས་ཡིན་པས། སྐྱབས་དངོས་ནི་ཆོས་དཀོན་མཆོག་སྟེ། དེ་ཐོབ་པ་ན་འཇིགས་པ་ལས་གྲོལ་བའི་ཕྱིར་རོ། །མཐའི་ཆོས་དཀོན་མཆོག་དེ་ཡང་ལས་དང་པོ་པའི་དུས་ཀྱི་སྐྱོན་ཕྱོགས་རེ་ཙམ་སྤོང་བའི་སྤངས་པ་དང༌། ཡོན་ཏན་ཕྱོགས་རེ་ཙམ་བསྒྲུབ་པའི་རྟོགས་པ་གཉིས་གོང་ནས་གོང་དུ་ཁྱད་ཞུགས་པར་སོང་བ་ལ་འཇོག་གི །དེ་ལས་གཞན་གློ་བུར་དུ་འབྱུང་བ་མིན་ནོ། །དེས་ན་སྐབས་འདིར་ནི་དགེ་མི་དགེ་འབྲས་བུ་དང་བཅས་པའི་རྣམ་དབྱེ་ལ་མཁས་པར་བྱས་ནས་འདོར་ལེན་ཚུལ་བཞིན་


JLD013_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒྲུབ་པ་ཞིག་ལ་ཆོས་སུ་བྱ་དགོས་ཏེ། ལས་གཉིས་འབྲས་བུ་དང་བཅས་པ་རིང་དུ་བསམས་ནས་བླང་དོར་ཚུལ་བཞིན་དུ་མ་བྱས་ན་ངན་འགྲོའི་རྒྱུ་མི་ལྡོག་པས། ངན་འགྲོ་ལ་འཇིགས་ཀྱང་འཇིགས་པ་དེ་ལས་མི་གྲོལ་བའི་ཕྱིར་རོ། །དེའི་ཕྱིར་འབྲས་བུའི་དུས་སུ་ངན་འགྲོ་ལས་སྐྱོབ་པ་ལ་རྒྱུའི་དུས་ན་ཡིད་མི་དགེ་བ་ལ་འཇུག་པ་འཆོས་དགོས་ཤིང༌། དེ་ཡང་ལས་འབྲས་ལ་ཡིད་ཆེས་རྙེད་པ་ལ་རག་ལས་པས། གཉིས་པ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པ་ལ་གསུམ། ལས་འབྲས་སྤྱིར་བསམ་པ་དང༌། བྱེ་བྲག་ཏུ་བསམ་པ་དང༌། བསམས་ནས་འཇུག་ལྡོག་བྱ་ཚུལ་ལོ། །དང་པོ་ལ་གཉིས། སྤྱིར་བསམ་ཚུལ་དངོས་དང༌། སོ་སོར་ཕྱེ་སྟེ་བསམ་པའོ། །དང་པོ་ལ་བཞི་ལས། ལས་ངེས་པའི་ཚུལ་ནི། སོ་སོའི་སྐྱེ་བོ་དང་འཕགས་པ་གང་ཡིན་ཀྱང་ཚོར་བ་སིམ་པའི་རྣམ་པ་ཅན་གྱི་བདེ་བ་ཐ་ན་སེམས་ཅན་དམྱལ་བར་སྐྱེས་པ་ན་རླུང་བསིལ་བ་ལངས་པ་ལ་བརྟེན་ནས་སྐྱེས་པ་ཡན་ཆད་ཐམས་ཅད་ནི་སྔོན་དགེ་བའི་ལས་བསགས་པ་ལས་འབྱུང་གི །མི་དགེ་བའི་ལས་ལས་བདེ་བ་འབྱུང་བ་ནི་གནས་མེད་ལ། ཚོར་བ་གདུང་བའི་རྣམ་པ་ཅན་གྱི་སྡུག་བསྔལ་ཐ་ན་དགྲ་བཅོམ་པའི་རྒྱུད་ལ་སྐྱེས་པ་ཡན་ཆད་ཐམས་ཅད་ནི་སྔོན་མི་དགེ་བ་བསགས་པ་ལས་འབྱུང་གི །དགེ་བའི་ལས་ལས་སྡུག་བསྔལ་འབྱུང་བ་ནི་གནས་མེད་དེ། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་


JLD013_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེའི་ཕྱིར་བདེ་བ་དང་སྡུག་བསྔལ་རྣམས་ནི་རྒྱུ་མེད་པ་ལས་བྱུང་བ་དང༌། གཙོ་བོ་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མིན་པར་དགེ་མི་དགེའི་ལས་སྤྱི་ལས་བདེ་སྡུག་སྤྱི་དང༌། བདེ་སྡུག་གི་ཁྱད་པར་སྣ་ཚོགས་པ་རྣམས་ཀྱང་ལས་གཉིས་ཀྱི་ཁྱད་པར་སྣ་ཚོགས་པ་ལས་ཅུང་ཟད་ཀྱང་མ་འཆོལ་བར་སོ་སོར་འབྱུང་བའི་ལས་འབྲས་ངེས་པ་ཅན་ནམ་མི་སླུ་བ་ལ་ངེས་པ་རྙེད་པ་ནི། ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་ཞེས་པ་དཀར་པོའི་ཆོས་ཀུན་གྱི་གཞིར་བསྔགས་པའོ། །ལས་འཕེལ་ཆེ་བ་ནི། ལས་དགེ་བ་ཆུང་ངུ་ལས་ཀྱང་འབྲས་བུ་བདེ་བ་ཤིན་ཏུ་ཆེ་བ་འབྱུང་ལ། ལས་མི་དགེ་བ་ཆུང་ངུ་ལས་ཀྱང་འབྲས་བུ་སྡུག་བསྔལ་ཤིན་ཏུ་ཆེ་བ་འབྱུང་བས་ནང་གི་རྒྱུ་འབྲས་ཀྱི་འཕེལ་འདྲ་བ་ནི་ཕྱི་རོལ་གྱི་རྒྱུ་འབྲས་ལ་མེད་དོ། །དེ་ཡང་ཚོམས་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང༌། །ཕུང་ཀྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་སོ། །ལས་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་དེ་ཡང་སྔོན་གྱི་བྱུང་བའི་མཐའ་བརྗོད་པས་ངེས་པ་བསྐྱེད་པ་ནི། ལུང་གཞི་ལས། གནག་རྫི་དགའ་བོ་དང་དེའི་འཁར་བས་བརྫིས་པའི་སྦལ་པ་དང༌། ངང་པ་དང་ཉ་དང་རུས་སྦལ་ལྔ་བརྒྱ་དང་ཡི་དྭགས་ལྔ་བརྒྱ་དང་ཞིང་པ་དང་གླང་ལྔ་བརྒྱའི་


JLD013_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དང༌། མཛངས་བླུན་ནས་འབྱུང་བའི་གསེར་ལྷ་དང་གསེར་དབྱིག་དང་གླང་པོ་སྐྱོང་གི་བྱུང་བའི་མཐའ་བཞིན་ཏེ། ལུང་དང་མཛངས་བླུན་དང་ལས་བརྒྱ་པ་སོགས་ལས་ངེས་པར་བྱའོ། །གཞན་ཡང་ཚུལ་ཁྲིམས་དང་ཆོ་ག་དང་འཚོ་བ་དང་ལྟ་བ་བཞི་ལས། ཕྱི་མ་མ་ཉམས་ཤིང་སྔ་མ་གསུམ་ཡོངས་སུ་དག་པ་རྫོགས་པར་མ་བྱས་པར་ཆ་འགའ་རེ་ཉམས་པར་བྱས་པ་རྣམས་ཀླུར་སྐྱེ་བར་གསུངས་ཏེ། རྒྱ་མཚོས་ཞུས་པ་ལས། བཅོམ་ལྡན་འདས་གང་གི་ཚེ་བདག་བསྐལ་པའི་དང་པོར་རྒྱ་མཚོ་ཆེན་པོའི་ནང་ན་གནས་པ་དང༌། གང་གི་ཚེ་དེ་བཞིན་གཤེགས་པ་འཁོར་བ་འཇིག་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ནི་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་ཀླུའི་བུ་དང་ཀླུའི་བུ་མོ་དག་ཉུང་བར་གྱུར་ཏེ་བདག་ཀྱང་འཁོར་ཉུང་བར་གྱུར། བཅོམ་ལྡན་འདས་ད་ནི་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་ཀླུའི་བུ་དང་ཀླུའི་བུ་མོ་དག་ཀྱང་འདི་ལྟར་ཚད་མ་མཆིས་ཏེ། གྲངས་ཀྱི་མཐའ་རྟོགས་པར་མི་ནུས་ལགས་ན། བཅོམ་ལྡན་འདས་འདི་ལ་རྒྱུ་ནི་གང་ལགས་རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ། གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་དག་པ་ཡོངས་སུ་རྫོགས་པར་མ་བྱས་ཏེ། ཆོ་ག་ཉམས་པ་དང་འཚོ་བ་ཉམས་པ་དང་ཚུལ་ཁྲིམས་ཉམས་པ་ནི་ཡོངས་སུ་རྫོགས་པར་མ་བྱས་ལ། དེ་དག་གི་ལྟ་བ་ཡང་དྲང་པོར་གྱུར་ཏེ། དེ་སེམས་ཅན་དམྱལ་བ་རྣམས་སུ་ནི་མི་སྐྱེ་ཡི། ཤི་འཕོས་ནས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར་ཏེ། ཞེས་གསུངས་སོ། །དེ་ཡང་སྟོན་པ་འཁོར་བ་འཇིག་གི་བསྟན་པ་


JLD013_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱིམ་པ་དང་རབ་བྱུང་བྱེ་བ་ཕྲག་གོ་བརྒྱད་དང་། སྟོན་པ་གསེར་ཐུབ་ཀྱི་བསྟན་པ་ལ་བྱེ་བ་ཕྲག་རེ་བཞི་དང༌། སྟོན་པ་འོད་སྲུངས་ཀྱི་བསྟན་པ་ལ་བྱེ་བ་ཕྲག་བརྒྱད་ཅུ་དང༌། བདག་ཅག་གི་སྟོན་པའི་བསྟན་པ་ལ་བྱེ་བ་ཕྲག་གོ་དགུ། ཆོ་ག་དང་འཚོ་བ་དང་ཚུལ་ཁྲིམས་ཉམས་པའི་དབང་གིས་ཀླུར་སྐྱེས་པ་དང་སྐྱེ་བར་འགྱུར་ལ། རང་རེའི་སྟོན་པ་མྱ་ངན་ལས་འདས་རྗེས་སུའང་འཁོར་བཞི་སྡིག་སྤྱོད་པ་རྣམས་ཚུལ་ཁྲིམས་ཉམས་ནས་ཀླུར་སྐྱེ་བར་གསུངས་སོ། །འོན་ཀྱང་དེ་དག་གི་སྦྱོར་བ་མ་དག་ཀྱང་བསྟན་པ་ལ་ཡིད་ཆེས་པའི་བསམ་པ་མ་ཉམས་པའི་དབང་གིས་ནི་ཀླུ་ནས་ཤི་འཕོས་ཏེ་ལྷ་དང་མིར་སྐྱེ་ཞིང༌། བསྐལ་པ་བཟང་པོ་འདི་ལ་འཚང་རྒྱ་བ་དེ་དག་གི་བསྟན་པ་ལ་ཐེག་ཆེན་ལ་ཞུགས་པ་རྣམས་མ་གཏོགས་པ་ཐམས་ཅད་ཀྱང་མྱ་ངན་ལས་འདའ་བར་བཤད་དོ། །དེའི་ཕྱིར་དཀར་ནག་གི་ལས་ཕྲ་མོ་ཡང་གྲིབ་མ་བཞིན་རྗེས་སུ་འབྲངས་ནས་བདེ་སྡུག་ཆེན་པོ་བསྐྱེད་པ་ལ་ངེས་པ་བརྟན་པར་བྱས་ནས་དགེ་བའི་ལས་ཕྲ་མོ་ནས་ཀྱང་བསྒྲུབ་པ་དང༌། སྡིག་ལྟུང་ཕྲ་མོ་ནས་ཀྱང་སྤོང་བ་ལ་འབད་པར་བྱ་སྟེ། ཚོམས་ལས། མཁའ་ལ་བྱ་དག་གནས་པ་དེའི། །གྲིབ་མ་ལྷན་ཅིག་འགྲོ་བ་བཞིན། །ལེགས་པར་བྱས་དང་ཉེས་པར་བྱས། །དེ་དག་འགྲོ་བའི་རྗེས་སུ་འབྲང༌། །ཇི་ལྟར་ལམ་བརྒྱགས་ཉུང་བ་དག །ལམ་ཞུགས་སྡུག་བསྔལ་འགྲོ་བ་ལྟར། །དེ་བཞིན་ལས་བཟང་མ་བྱས་པའི། །སེམས་ཅན་དག་ནི་ངན་འགྲོར་འགྲོ། །ཇི་ལྟར་ལམ་བརྒྱགས་མང་བསྡོགས་པ། །


JLD013_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཞུགས་བདེ་བར་འགྲོ་བ་ལྟར། །དེ་བཞིན་ལས་བཟང་བྱས་པ་ཡི། །སེམས་ཅན་དག༌ནི་བདེ་འགྲོར་འགྲོ། །ཞེས་དང༌། སྡིག་པ་ཤིན་ཏུ་ཆུང་ངུ་ལའང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པས་ཀྱང༌། །སྣོད་ཆེན་ཁད་ཀྱིས་གང་བར་འགྱུར། །ཞེས་དང༌། སྡིག་པ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག །ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །སྣོད་ཆེན་གང་བ་དེ་བཞིན་དུ། །ཅུང་ཟད་བསགས་པའི་སྡིག་པས་ཀྱང༌། །བྱིས་པ་རབ་ཏུ་གང་བར་འགྱུར། །དགེ་བ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག །ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །བུམ་ཆེན་གང་བ་ཇི་བཞིན་དུ། །ཅུང་ཟད་བསགས་པའི་དགེ་བ་ཡིས། །བརྟན་པ་རབ་ཏུ་གང་བར་འགྱུར། །ཞེས་དང༌། སྐྱེས་རབས་ལས་ཀྱང༌། དགེ་དང་མི་དགེའི་ལས་རྣམས་གོམས་བྱས་པས། །མི་རྣམས་ལ་ནི་འདྲིས་པ་ཉིད་དུ་འགྱུར། །དེ་ལྟ་བུ་དག་ཆེད་དུ་མ་བསྒྲིམས་ཀྱང༌། ཚེ་རབས་གཞན་ལ་རྨི་ལམ་བཞིན་དུ་སྤྱོད། །རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་མ་སྦྱངས་ན། །རིགས་དང་གཟུགས་དང་ལང་ཚོའི་ཡོན་ཏན་རྣམས་དང་ནི། །སྟོབས་ནི་རབ་ཏུ་ཆེ་ཞིང་ནོར་རྣམས་ཕྱུག་ཀྱང་རུང༌། །ཕྱི་མའི་ཚེ་ལ་སུ་ཡང་བདེ་བ་འཐོབ་མི་འགྱུར། །རིགས་ལ་སོགས་པ་དམའ་ཡང་སྡིག་ལ༌མ་ཆགས་ཤིང༌། །རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཡོན་ཏན་ལྡན། །དབྱར་གྱི་དུས་ན་འབབ་ཆུས་རྒྱ་མཚོ་གང་བ་བཞིན། །ཕྱི་མའི་ཚེ་ལ་ངེས་པར་བདེ་བ་རྒྱས་པར་འགྱུར། །དགེ་དང་མི་དགེའི་ལས་ལས་འཇིག་རྟེན་ཕ་རོལ་ཏུ། །བདེ་དང་སྡུག༌བསྔལ་འབྱུང་བར་རབ་ཏུ་ངེས་བྱས་ནས། །སྡིག་པ་སྤངས་


JLD013_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དགེ་བའི་ལས་ལ་རབ་ཏུ་འབད། །དད་པ་མེད་པ་དག་ནི་ཇི་ལྟར་འདོད་པར་སྤྱོད། །ཅེས་སོ། །ལས་མ་བྱས་པ་དང་མི་ཕྲད་པ་ནི། བདེ་སྡུག་མྱོང་བའི་རྒྱུར་གྱུར་པའི་ལས་མ་བསགས་ན། ལས་དེའི་འབྲས་བུ་བདེ་སྡུག་གཏན་མི་མྱོང་བ་སྟེ། སྟོན་པས་ཚོགས་གྲངས་མེད་པ་བསགས་པའི་འབྲས་བུ་ལ་སྤྱོད་པ་རྣམས་ཀྱིས་ཀྱང༌། དེའི་རྒྱུ་ཐམས་ཅད་བསག་མི་དགོས་ཀྱང་ཆ་གཅིག་བསག་དགོས་པ་ཡིན་ནོ། །ལས་བྱས་པ་ཆུད་མི་ཟ་བ་ནི། ལས་དགེ་བ་དང་མི་དགེ་བ་བྱས་པ་རྣམས་ཀྱིས་ཡིད་དུ་འོང་བ་དང་མི་འོང་བའི་འབྲས་བུ་འབྱིན་པ་སྟེ། ཁྱད་པར་འཕགས་བསྟོད་ལས། བྲམ་ཟེ་རྣམས་ནི་དགེ་སྡིག་དག །བྱིན་པ་ལེན་བཞིན་འཕོ་བར་སྨྲ། །ཁྱོད་ཀྱིས་བྱས་ཆུད་མི་ཟ་དང༌། །མ་བྱས་པ་དང་ཕྲད་མེད་གསུངས། །ཞེས་དང༌། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད། །ཅེས་དང༌། འདུལ་བ་ལུང་ལས་ཀྱང༌། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་གསུངས་སོ། །གཉིས་པ་སོ་སོར་ཕྱེ་སྟེ་བསམ་པ་ལ་གཉིས། ལས་ལམ་བཅུ་གཙོ་བོར་བསྟན་པ་དང༌། ལས་དང་འབྲས་བུ་གཏན་ལ་དབབ་པའོ། །དང་པོ་ནི། དེ་ལྟར་བདེ་སྡུག་གི་རྒྱུ་འབྲས་སོ་སོར་ངེས་པ་དང༌། ལས་འཕེལ་ཆེ་བ་དང་། མ་བྱས་པ་དང་མི་ཕྲད་ཅིང་། བྱས་པ་ཆུད་མི་ཟ་བར་རིག་པ་དེས་ལས་དང་འབྲས་བུའི་ཚུལ་ཇི་འདྲ་བ་


JLD013_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་ཐོག་མར་ངེས་པ་བསྐྱེད་ནས་བླང་དོར་བྱ་ཞེ་ན། སྤྱིར་ལེགས་སྤྱོད་ཉེས་སྤྱོད་འཇུག་པའི་སྒོ་ནི་གསུམ་དུ་ངེས་ལ། སྒོ་གསུམ་གྱི་དགེ་མི་དགེ་ཐམས་ཅད་ལས་ཀྱི་ལམ་བཅུར་མ་འདུས་ཀྱང༌། དགེ་མི་དགེ་རྣམས་ཀྱི་ཆེ་ལོང་ངམ་རགས་པ་ཁ་ན་མ་ཐོ་བའི་གཞི་ཤིན་ཏུ་ཆེ་བ་རྣམས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གནད་བསྡུས་ནས་ནག་པོའི་ལས་ལམ་བཅུར་གསུངས་ཤིང༌། དེ་དག་སྤངས་ན་དོན་ཤིན་ཏུ་ཆེ་བའི་གནད་རྣམས་ཀྱང་བཅུར་འདུ་བར་གཟིགས་ནས་དཀར་པོའི་ལས་ལམ་བཅུ་གསུངས་ཏེ། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་དང༌། ལུང་རྣམ་འབྱེད་ལས་ཀྱང༌། ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་འཐོབ་པར་འགྱུར། །ཞེས་གསུངས་སོ། །ནག༌པོའི་ལས་ལམ་བཅུ་འབྲས་བུ་དང་བཅས་པ་ཤེས་ནས་དེ་དག་གི་ཀུན་སློང་ཙམ་ནས་ཀྱང་བསྡམས་ཏེ་སྒོ་གསུམ་དེ་དག་དང་ཡེ་མ་འདྲེས་པར་བྱེད་པའི་དགེ་བ་བཅུའི་ལས་ཀྱི་ལམ་བསྟེན་པ་འདི་ནི། ཐེག་པ་གསུམ་ཐམས་ཅད་དང་སྐྱེས་བུའི་དོན་གཉིས་འགྲུབ་པའི་གཞིར་མེད་དུ་མི་རུང་བས། རྒྱལ་བས་སྒོ་དུ་མ་ནས་ཡང་དང་ཡང་དུ་བསྔགས་པ་ཡིན་ཏེ། རྒྱ་མཚོས་ཞུས་པ་ལས། དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི། ལྷ་དང་མིའི་སྐྱེ་དགུའི་ཕུན་སུམ་ཚོགས་པའི་རྩ་བའི་རྟེན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྩ་བའི་རྟེན་ནོ། །བླ་ན་མེད་པ་ཡང་དག་


JLD013_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བའི་རྟེན་ནོ། །རྩ་བའི་རྟེན་ཀྱང་གང་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་རྣམས་ཏེ། ཞེས་དང༌། ཀླུའི་བདག་པོ། དཔེར་ན་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་ཐམས་ཅད་དང༌། རྩྭ་དང་ཤིང་གེལ་པ་དང་སྨན་དང་ཤིང་ཐམས་ཅད་དང་ལས་ཀྱི་མཐའ་ཐམས་ཅད་དང་ས་བོན་གྱི་ཚོགས་ཐམས་ཅད་དང་ལོ་ཏོག་ཐམས་ཅད་སྐྱེ་ཞིང་རྨོ་བ་དང་ཤལ་བས་བཤལ་བ་དང་འབྱུང་བ་རྣམས་ནི་ས་ལ་གནས་ཏེ། དེ་དག་གི་གནས་ནི་ས་ཡིན་ནོ། །ཀླུའི་བདག་པོ། དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་ལྷ་དང་མིར་སྐྱེ་བ་དང་སློབ་པ་དང་མི་སློབ་པའི་དགེ་སྦྱོང་གི་འབྲས་བུ་འཐོབ་པ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་ས་བཅུ་པའི་མདོ་ནས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་བསྔགས་པའི་དོན། དབུ་མ་ལ་འཇུག་པ་ལས་ཀྱང༌། སོ་སོའི་སྐྱེ་བོ་རྣམས་དང་གསུང་སྐྱེས་དང༌། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང༌། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང༌། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་བསྡུས་ནས་གསུངས་སོ། །དེ་ལྟར་ཚུལ་ཁྲིམས་སྣ་རེ་ལ་ཡང་སྡོམ་སེམས་ཡང་ཡང་བསྟེན་ནས་བསྲུང་རྒྱུ་མེད་ཀྱང༌། ཁོ་བོ་ནི་ཐེག་ཆེན་པའོ། །ཞེས་སྨྲ་ན་ནི་ཤིན་ཏུ་སྨད་དེ། སའི་སྙིང་པོའི་མདོ་ལས། དགེ་བའི་ལམ་བཅུ་པོ་འདི་དག་གིས་


JLD013_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སུ་འགྱུར་གྱི། གང་ཇི་སྲིད་འཚོའི་བར་དུ་ཐ་ན་དགེ་བའི་ལས་ཀྱི་ལམ་གཅིག་ཙམ་ཡང་མི་བསྲུང་ལ། འོན་ཀྱང་ཚིག་འདི་སྐད་དུ་ང་ནི་ཐེག་པ་ཆེན་པོ་པ་སྟེ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་ལོ་ཞེས་ཟེར་ན། གང་ཟག་དེ་ནི་ཤིན་ཏུ་ཚུལ་འཆོས་པ་བརྫུན་ཆེན་པོ་སྨྲ་བ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་འཇིག་རྟེན་ལ་སླུ་བར་བྱེད་པ་ཆད་པར་སྨྲ་བ་སྟེ། དེ་རྨོངས་བཞིན་དུ་འཆི་བའི་དུས་བྱེད་ཅིང་ལོག་པར་ལྟུང་བར་འགྲོའོ། །ཞེས་གསུངས་སོ། །ལོག་པར་ལྟུང་བ་ནི་ཐམས་ཅད་དུ་ངན་འགྲོའི་མིང་གི་རྣམ་གྲངས་སུ་གོ་བར་བྱའོ། །ལས་དང་འབྲས་བུ་གཏན་ལ་དབབ་པ་ལ་གསུམ། ནག་པོའི་ལས་འབྲས་དང༌། དཀར་པོའི་ལས་འབྲས་དང༌། ལས་ཀྱི་རྣམ་དབྱེ་གཞན་བསྟན་པའོ། །དང་པོ་ལ་གསུམ། ནག་པོའི་ལས་ལམ་དངོས་དང༌། ལྕི་ཡང་གི་ཁྱད་པར་དང༌། དེ་དག་གི་འབྲས་བུ་བསྟན་པའོ། །དང་པོ་ནི། སྲོག་གཅོད་པ་གང་ཞེ་ན། འདི་ལ་བསྡུ་བར་གཞི་དང་འདུ་ཤེས་དང་བསམ་པ་དང་ཉོན་མོངས་དང་མཐའ་སྟེ་ལྔར་གསུངས་ཀྱང༌། བར་པ་གསུམ་བསམ་པར་བསྡུས་ཏེ་སྦྱོར་བ་བསྣན་ནས་གཞི་དང་བསམ་པ་དང་སྦྱོར་བ་དང་མཐར་ཐུག་བཞི་བཞིར་བསྡུས་ཏེ་བཤད་ན་འཇུག༌པ་བདེ་ཞིང་དགོངས་པ་དང་མི་འགལ་ལོ། །དེ་ལ་སྲོག་གཅོད་ཀྱི་གཞི་ནི། སྲོག་དང་ལྡན་པའི་སེམས་ཅན་ཏེ། དེ་ཡང་གསོད་པ་པོ་རང་ཉིད་གསོད་ན་སྦྱོར་བའི་སྡིག་པ་ཡོད་ཀྱི། མཐར་ཐུག་མེད་པ་ལ་དགོངས་ནས་རྣལ་འབྱོར་སྤྱོད་པའི་ས་ལས། སྲོག་ཆགས་ཕ་རོལ་པོ།


JLD013_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །བསམ་པ་ལ་གསུམ་ལས། འདུ་ཤེས་ནི་བཞི་སྟེ། གཞི་སེམས་ཅན་ལྟ་བུ་ལ་སེམས་ཅན་དུ་འདུ་ཤེས་པ་དང་སེམས་ཅན་མིན་པར་འདུ་ཤེས་པ་དང་སེམས་ཅན་མིན་པ་ལ་སེམས་ཅན་མིན་པར་འདུ་ཤེས་པ་དང་སེམས་ཅན་དུ་འདུ་ཤེས་པ་བཞི་སྟེ། འདུ་ཤེས་དང་པོ་དང་གསུམ་པ་ནི་མ་འཁྲུལ་བ་དང༌། གཉིས་པ་དང་བཞི་པ་ནི་འཁྲུལ་པའོ། །འདི་ལ་ཀུན་སློང་བྱེ་བྲག་ཅན་དཔེར་ན། ལྷས་བྱིན་ཁོ་ན་བསད་སྙམ་ནས་སྦྱོར་བ་བརྩམས་པ་ན་མཆོད་སྦྱིན་དུ་ནོར་ནས་བསད་ན། དངོས་གཞིའི་སྡིག་མེད་པས་དེ་ལྟ་བུ་ལ་འདུ་ཤེས་མ་འཁྲུལ་བ་དགོས་ཤིང༌། སྦྱོར་བའི་དུས་སུ་གང་བྱུང་ཡང་གསོད་སྙམ་པ་ཀུན་སློང་སྤྱི་ལ་ཞུགས་པ་ཡོད་ན་འདུ་ཤེས་མ་འཁྲུལ་བ་མི་དགོས་སོ། །ཚུལ་འདི་ནི་ལྷག་མ་དགུ་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །ཉོན་མོངས་པ་ནི། དུག་གསུམ་གང་རུང་ངོ་། །ཀུན་སློང་ནི། བསད་པར་འདོད་པའོ། །སྦྱོར་བ་ལ་སྦྱོར་བ་པོ་ནི། རང་གིས་བྱས་པའམ་གཞན་བྱེད་དུ་འཇུག་པ་གཉིས་གང་བྱས་ཀྱང་འདྲ་སྟེ། སྦྱོར་བའི་ངོ་བོ་ནི། མཚོན་ནམ་དུག་གམ་རིག་སྔགས་ཀྱི་སྒོ་ནས་སྦྱོར་བ་བྱས་པ་ལ་སོགས་པ་གང་ཡང་རུང་བའོ། །མཐར་ཐུག་ནི། སྦྱོར་བ་དེའི་རྐྱེན་གྱིས་ཕ་རོལ་པོ་དེའི་ཚེའམ་དུས་གཞན་གྱི་ཚེ་ཤི་བའོ། །དེ་ཡང་མཛོད་ལས། སྔ་དང་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་གསུངས་པ་ནི་འདིར་ཡང་འདྲའོ། །མ་བྱིན་པར་ལེན་པའི་གཞི་ནི། གཞན་གྱིས་ཡོངས་སུ་བཟུང་བའི་རྫས་གང་


JLD013_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང་བའོ། །བསམ་པ་ལ་གསུམ་ལས། འདུ་ཤེས་དང་ཉོན་མོངས་ནི། སྔར་བཞིན་ནོ། །ཀུན་སློང་ནི་མ་གནང་ཡང་ཕ་རོལ་ལས་དབྲལ་བར་འདོད་པའོ། །སྦྱོར་བ་ལ། སྦྱོར་བ་པོ་ནི་སྔར་དང་འདྲ་ལ། སྦྱོར་བའི་ངོ་བོ་ནི། མཐུས་འཕྲོག་པ་དང་འཇབས་ནས་བརྐུ་བ་གང་བྱེད་ཀྱང་འདྲའོ། །དེ་ཡང་བུ་ལོན་དང་བཅོལ་བ་ལ་གཡོ་བྱས་པ་དང་གཡོ་ཐབས་གཞན་གྱིས་ཀྱང་མ་བྱིན་པར་ལེན་པ་དང༌། རང་ངམ་གཞན་གྱི་དོན་ནམ་ཕ་རོལ་ལ་གནོད་པ་ལ་སོགས་པའི་ཕྱིར་དུ་བྱེད་ནའང་འདྲ་སྟེ་མ་བྱིན་ལེན་ནོ། །མཐར་ཐུག་ནི། བསྡུ་བ་ལས། གནས་གཞན་དུ་སྤོས་པའོ། །ཞེས་གསུངས་སོ། །འདིའི་དོན་ལ་མི་མཐུན་པ་མང་ཡང་རྫས་གནས་ནས་གཞན་དུ་སྤོས་པ་མཚོན་བྱེད་ཙམ་ཡིན་ཏེ། ཞིང་ལ་སོགས་པ་ལ་གནས་ནས་སྤོར་མེད་ཀྱང་མཐར་ཐུག་བཞག་དགོས་པ་བཞིན་ནོ། །དེས་ན་ཐོབ་བློ་སྐྱེས་པའོ། །དེ་ཡང་འཕྲོག་ཏུ་འཇུག་པའམ་བརྐུར་འཇུག་ན་དེ་ལ་སྐྱེས་པས་ཆོག་སྟེ། དཔེར་ན་རང་གིས་མ་ཤེས་ཀྱང་མངགས་པས་ཕ་རོལ་པོ་བསད་ན་དེ་ནམ་ཤི་བ་དང་གསོད་དུ་འཇུག༌མཁན་ལ་དངོས་གཞིའི་སྡིག་པ་འབྱུང་བ་བཞིན་ནོ། །ལོག་པར་གཡེམ་པའི་གཞི་ནི། འཇུག་པར་བྱ་བ་མིན་པ་དང་ཡན་ལག་མིན་པ་དང་གནས་མིན་པ་དང་དུས་མིན་པ་བཞིའོ། །དེ་ལ་དང་པོ་ནི། བགྲོད་པར་བྱ་བ་མིན་པའི་བུད་མེད་དང་སྐྱེས་པ་ཐམས་ཅད་དང་མ་ནིང་ངོ་། །དེའི་དང་པོ་ནི། བསྡུ་བ་ལས། མ་ལ་སོགས་པ་དང་མས་བསྲུངས་པ་ལ་སོགས་པ་མདོ་ལས་ཇི་སྐད་གསུངས་པ་རྣམས་ནི་འཇུག་པར་བྱ་བ་མིན་པ་ཞེས་བྱའོ། །ཞེས་གསུངས་ལ། དེའི་དོན་སློབ་


JLD013_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རྟ་དབྱངས་ཀྱིས། བགྲོད་པར་བྱ་མིན་ཞེས་བྱ་ནི། །གཞན་བཟུང་ཆོས་ཀྱི་རྒྱལ་མཚན་ལྡན། །རིགས་ཀྱིས་བསྲུངས་དང་རྒྱལ་པོས་བསྲུངས། །གཞན་གྱིས་བླངས་པའི་སྨད་འཚོང་དང༌། །ཉེ་དུ་དག་དང་འབྲེལ་བ་དང༌། །དེ་དག་བགྲོད་བྱ་མིན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཞན་གྱིས་བཟུང་བ་ནི་གཞན་གྱི་ཆུང་མའོ། །ཆོས་ཀྱི་རྒྱལ་མཚན་ཅན་ནི་རབ་བྱུང་མའོ། །རིགས་ཀྱིས་བསྲུངས་པ་ནི་བག་མར་མ་སོང་བ་རང་གི་ཕ་ལ་སོགས་པའི་གཉེན་ནམ་གྱོས་སྒྱུག་གམ་སྒོ་བསྲུང་ངམ་དེ་དག་མེད་ན་རང་གིས་ཀྱང་བསྲུངས་པའོ། །རྒྱལ་པོ་དང་བསྐོས་པས་བསྲུངས་པ་ནི་དེ་ལ་ཆད་པའི་ཁྲིམས་བཅས་པའོ། །གཞན་གྱིས་གླ་གཞལ་བའི་སྨད་འཚོང་ལ་ལོག་གཡེམ་དུ་གསུངས་པས། རང་གིས་གླ་བྱིན་པ་ལ་ལོག་གཡེམ་མེད་པར་བསྟན་ཏོ། །ཇོ་བོ་ཆེན་པོས་ཀྱང་དེ་དང་འདྲ་བར་གསུངས་སོ། །སྐྱེས་པ་ནི་རང་གཞན་གཉིས་ཀ་ལ་བྱའོ། །ཡན་ལག་མིན་པ་ནི། མངལ་སྒོ༌མ་གཏོགས་པའི་ཡན་ལག་གོ །སློབ་དཔོན་རྟ་དབྱངས་ཀྱིས། ཡན་ལག་མིན་པ་གང་ཞེ་ན། །ཁ་དང་བཤང་ལམ་བྱིན་པ་དང༌། །བརླ་བསྡམས་ལག་པར་བསྐྱོད་པ་ཡིན། །ཞེས་གསུངས་ཏེ། ཇོ་བོ་ཆེན་པོས་ཡན་ལག་མིན་པ་ཞེས་བྱ་བ་ནི་ཁ་དང་བཤང་བའི་ལམ་དང་ཁྱེའུ་དང་བུ་མོའི་མདུན་དང་རྒྱབ་ཀྱི་བུག་པ་དང་རང་གི་ལག་པའོ་ཞེས་པ་དང་མཐུན་ནོ། །གནས་མིན་པ་ནི། བླ་མ་ལྟ་བུ་རྣམས་ཀྱི་ཉེ་འཁོར་དང་མཆོད་རྟེན་གྱི་གནས་དང་སྐྱེ་བོ་མང་པོའི་མངོན་སུམ་དང་ཡུལ་དེ་ལ་གནོད་པའི་ས་ཕྱོགས་


JLD013_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འབར་འབུར་ཅན་དང་སྲ་བ་ལ་སོགས་པའོ། །སློབ་དཔོན་རྟ་དབྱངས་ཀྱིས། དེ་ལ་ཡུལ་མིན་བྱ་བ་ནི། །དམ་ཆོས་མཆོད་རྟེན་སྐུ་སོགས་དང༌། །བྱང་ཆུབ་སེམས་དཔའི་བཞུགས་གནས་སོགས། །མཁན་པོ་དང་ནི་སློབ་དཔོན་དང༌། །ཕ་མ་དྲུང་ན་གནས་པ་ནི། །ཡུལ་མིན་དེ་རུ་མི་བྱ་འོ། །ཞེས་གསུངས་ཏེ། ཇོ་བོ་ཆེན་པོས་ཀྱང་དེ་ལྟར་གསུངས་སོ། །དུས་མིན་པ་ནི། ཟླ་མཚན་འཛག་པ་དང་ཟླ་བ་ཚང་བའི་སྦྲུམ་མ་དང་ནུ་ཞོ་འཛག་པའི་བུ་ཆུང་དང་བཅས་པ་དང༌། བསྙེན་གནས་ལ་གནས་པ་དང་འཁྲིག་པ་སྤྱད་མི་རུང་བའི་ནད་དང་ལྡན་པ་དང་ཚོད་ལས་ལྷག་པའོ། །ཚོད་ནི་ལན་ལྔའི་བར་དུ་བྱེད་པའོ། །སློབ་དཔོན་རྟ་དབྱངས་ཀྱིས། དེ་ལ་དུས་མིན་བྱ་བ་ནི། །ཟླ་མཚན་འཛག་དང་སྦྲུམ་མ་དང༌། །བུ་ཆུང་དང་བཅས་མི་མོས་དང༌། །སྡུག་བསྔལ་ཡིད་མི་བདེ་སོགས་དང༌། །ཡན་ལག་བརྒྱད་གནས་དུས་མིན་ཡིན། །ཞེས་གསུངས་ཏེ། ཇོ་བོ་ཆེན་པོ་ཡང་དེ་དང་འདྲ་བ་ལ་ཁྱད་པར་ནི་ཉིན་མོའི་དུས་ཀྱང་དུས་མིན་དུ་མཛད་དོ། །ཡན་ལག་མིན་པ་སོགས་གསུམ་ནི། རང་གི་ཆུང་མ་ལ་ཡང་ལོག་གཡེམ་དུ་འགྱུར་ན་གཞན་ལ་ལྟ་ཅི་སྨོས། བསམ་པ་ལ་གསུམ་ལས། འདུ་ཤེས་ནི། བསྡུ་བ་ལས། དེ་ལ་དེར་འདུ་ཤེས་པ་ཞེས་མ་འཁྲུལ་བ་དགོས་པར་གསུངས་ལ། འདུལ་བ་ལས། མི་ཚངས་སྤྱོད་ཀྱི་ཕམ་པ་ལ་འདུ་ཤེས་འཁྲུལ་མ་འཁྲུལ་འདྲ་བར་གསུངས་སོ། །མཛོད་འགྲེལ་ལས་ནི། རང་གི་ཡིན་པའི་འདུ་ཤེས་ཀྱིས་གཞན་གྱི་ཆུང་མའི་གན་དུ་སོང་ན་ལས་ལམ་དུ་མི་འགྱུར་བ་དང༌། གཞན་ཞིག་གི་ཆུང་མ་ལ་དེ་ལས་གཞན་


JLD013_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡིན་པར་འདུ་ཤེས་ནས་ཞུགས་པ་ལ་འགྱུར་བ་དང་མི་འགྱུར་བའི་ལུགས་གཉིས་བཤད་དོ། །ཉོན་མོངས་ནི། དུག་གསུམ་གང་རུང་ངོ་། །ཀུན་སློང་ནི། མི་ཚངས་པར་སྤྱོད་པས་བགྲོད་པར་འདོད་པའོ། །སྦྱོར་བ་ནི། བསྡུ་བ་ལས། གཞན་ལ་ལོག་གཡེམ་བྱེད་དུ་བཅུག་པ་ལ་ཡང་འཇུག་པ་པོ་ལ་ལོག་གཡེམ་གྱི་ཁ་ན་མ་ཐོ་བ་བསྐྱེད་པར་གསུངས་ལ། མཛོད་རྩ་འགྲེལ་ལས། དེ་ལྟ་བུ་ལ་དངོས་གཞིའི་ལས་ལམ་མེད་པར་བཤད་དེ། སྔ་མ་དངོས་གཞི་མ་ཡིན་པའི་ཉེས་པ་ལ་དགོངས་སམ་བརྟག་གོ །མཐར་ཐུག་ནི། གཉིས་ཀྱིས་གཉིས་སྤྲད་པའོ། །བརྫུན་དུ་སྨྲ་བའི་གཞི་ནི། མཐོང་བ་ཐོས་པ་བྱེ་བྲག་ཕྱེད་པ་རྣམ་པར་ཤེས་པ་བཞི་དང་དེ་ལས་ལྡོག་པ་བཞི་སྟེ། གོ་བྱའི་ཡུལ་ནི་ཕ་རོལ་པོས་དོན་གོ་བའོ། །བསམ་པ་ལ་གསུམ་ལས། འདུ་ཤེས་ནི། མཐོང་བ་ལ་མ་མཐོང་བར་བསྒྱུར་བ་དང་མ་མཐོང་བ་ལ་མཐོང་བར་འདུ་ཤེས་བསྒྱུར་བ་སོགས་སོ། །ཉོན་མོངས་ནི། གསུམ་མོ། །ཀུན་སློང་ནི། འདུ་ཤེས་བསྒྱུར་ཏེ་སྨྲ་བར་འདོད་པའོ། །སྦྱོར་བ་ནི། སྨྲ་བའམ་ཅང་མི་སྨྲ་བས་དང་དུ་ལེན་པའམ་ལུས་བསྒྱུར་བའི་མཚན་མས་སྟོན་པའོ། །དེ་ཡང་དགོས་པ་རང་ངམ་གཞན་གྱི་དོན་ཇི་འདྲ་ཞིག་གི་ཕྱིར་དུ་སྨྲས་ཀྱང་འདྲ་བར་གསུངས་སོ། །འདིར་བརྫུན་དང་ཕྲ་མ་དང་ཚིག་རྩུབ་མོ་གསུམ་ལ་བཅོལ་བ་ལའང་དེ་གསུམ་དུ་འགྱུར་བར་གསུངས་ཤིང༌། མཛོད་རྩ་འགྲེལ་དུ་ངག་གི་བཞི་ཀ་ལ་བཅོལ་བས་ལས་ལམ་དུ་འགྱུར་བར་བཤད་དོ། །འདུལ་བ་ལས་ནི། དེ་དག་གི་མཐར་ཐུག་གི་ལྟུང་བ་


JLD013_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ལ་རང་གིས་སྨྲས་པ་དགོས་པར་གསུངས་སོ། །མཐར་ཐུག་ནི། ཕ་རོལ་པོས་གོ་བ་ཡིན་ཏེ། མ་གོ་ན་ཚིག་བཀྱལ་པ་ཙམ་དུ་འགྲོ་བར་མཛོད་འགྲེལ་ལས་བཤད་དོ། །དེ་ནི་ཕྲ་མ་དང་ཚིག་རྩུབ་ལ་ཡང་འདྲའོ། །ཕྲ་མའི་གཞི་ནི། སེམས་ཅན་མཐུན་པ་དང་མི་མཐུན་པ་རྣམས་སོ། །བསམ་པ་ལ་གསུམ་ལས། འདུ་ཤེས་དང་ཉོན་མོངས་ནི་སྔར་བཞིན་ནོ། །ཀུན་སློང་ནི། སེམས་ཅན་མཐུན་པ་ལ་དབྱེ་བར་འདོད་པ་དང་སེམས་ཅན་མི་མཐུན་པ་ལ་མི་འདུམ་པར་འདོད་པའོ། །སྦྱོར་བ་ནི། བདེན་པ་དང་མི་བདེན་པའི་ཚིག་གང་ཡང་རུང་བས་བརྗོད་བྱ་སྙན་མི་སྙན་གང་རུང་བརྗོད་པ་དང་དགོས་པ་རང་གཞན་གང་རུང་གི་ཕྱིར་དུ་སྨྲ་བའོ། །མཐར་ཐུག་ནི། བསྡུ་བ་ལས། མཐའ་ནི་དབྱེ་བར་བྱ་བས་རྣམ་པར་རིག་པར་བྱའོ། །ཞེས་གསུངས་ཏེ། འབྱེད་པའི་ཚིག་སྨྲས་པ་གོ་བའོ། །ཚིག་རྩུབ་པོའི་གཞི་ནི། ཀུན་ནས་མནར་སེམས་སྐྱེ་བའི་གཞིར་གྱུར་པའི་སེམས་ཅན་ནོ། །བསམ་པ་ལ། འདུ་ཤེས་དང་ཉོན་མོངས་ནི་སྔར་བཞིན་ནོ། །ཀུན་སློང་ནི། ངག་རྩུབ་པོས་སྨྲ་བར་འདོད་པའོ། །སྦྱོར་བ་ནི། བདེན་མི་བདེན་གང་ཡང་རུང་བས་རིགས་སམ་ལུས་ཀྱི་སྐྱོན་ལས་སྦྱར་བའམ་ཚུལ་ཁྲིམས་སམ་ཀུན་སྤྱོད་ཀྱི་སྐྱོན་ལས་བརྩམས་ཏེ་མི་སྙན་པ་སྨྲ་བའོ། །མཐར་ཐུག་ནི། བསྡུ་བ་ལས། མཐའ་ནི་དེ་ལ་ངག་རྩུབ་པོ་སྨྲས་པའོ། །ཞེས་གསུངས་པའི་དོན་གང་ལ་སྨྲས་པའི་ཡུལ་དེས་གོ་བ་དགོས་པར་མཛོད་འགྲེལ་ལས་བཤད་དོ། །ངག་བཀྱལ་པའི་གཞི་ནི། དོན་མེད་པ་དང་ལྡན་པའི་དོན་ནོ། །བསམ་པ་


JLD013_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསུམ་ལས། འདུ་ཤེས་ནི། དེ་ལ་དེར་འདུ་ཤེས་པའོ། །ཞེས་པ་ཙམ་ལས་མ་གསུངས་ཀྱང་འདིར་ནི་བརྗོད་འདོད་པའི་དོན་དེ་ཉིད་ལ་དེར་འདུ་ཤེས་ནས་སྨྲ་བ་ཡིན་ཏེ། འདི་ལ་གོ་བྱའི་ཡུལ་མི་དགོས་པའི་ཕྱིར་རོ། །ཉོན་མོངས་ནི། གསུམ་པོ་གང་རུང་ངོ་། །ཀུན་སློང་ནི། མ་འབྲེལ་བའི་བྱུང་རྒྱལ་སྨྲ་བར་འདོད་པའོ། །སྦྱོར་བ་ནི། ངག་བཀྱལ་པ་སྨྲ་བར་རྩོམ་པའོ། །མཐར་ཐུག་ནི། ངག་བཀྱལ་སྨྲས་ཟིན་པའོ། །དེ་ཡང་གཞི་བདུན་དང་ལྡན་པ་སྟེ་འཐབ་མོ་དང་མཚང་འབྲུ་བ་དང་རྩོད་པ་དང་འགྱེད་པ་སྨྲ་བ་དང༌། ཕྱི་རོལ་པའི་བསྟན་བཅོས་སམ་བྲམ་ཟེའི་གསང་སྔགས་ལ་དགའ་བའི་བློས་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་སོགས་དང༌། ཉམ་ཐག་པའི་སྨྲ་བ་སྨྲེ་སྔགས་ལྟ་བུ་དང༌། བགད་པ་དང་བརྩེས་པ་དང་དགའ་བར་བྱས་པ་དང་དགའ་མགུར་སྤྱད་པ་སྨྲ་བ་དང༌། རྒྱལ་པོ་དང་བློན་པོ་དང་ཡུལ་དང་རྐུན་པོའི་གཏམ་ལ་སོགས་པའི་འདུ་འཛིའི་གཏམ་སྨྲ་བ་དང་། ར་རོ་བ་དང་སྨྱོས་པ་ལྟ་བུར་སྨྲ་བ་དང༌། ལོག་པའི་འཚོ་བས་སྨྲ་བའོ། །འབྲེལ་བ་མེད་པ་དང་ཆོས་དང་མི་ལྡན་པ་དང་དོན་དང་མི་ལྡན་པ་སྨྲ་བ་ནི་སྔ་ཕྱི་མ་འབྲེལ་བ་དང་ཀུན་ནས་ཉོན་མོངས་པ་སྟོན་པ་དང་བཞད་གད་དང་གླུ་ལ་སོགས་པ་དང་ཟློས་གར་མཁན་ལ་སོགས་པ་ལ་བལྟ་བའི་དུས་ན་སྨྲ་བའོ། །ངག་གི་ཉེས་པ་དང་པོ་གསུམ་ངག་བཀྱལ་དུ་འདོད་མི་འདོད་ཀྱི་ལུགས་གཉིས་ཡོད་ཀྱང་འདིར་ནི་སྔ་མ་དང་མཐུན་པར་གསུངས་སོ། །བརྣབ་སེམས་ཀྱི་གཞི་ནི། གཞན་གྱི་ནོར་དང་ཡོ་བྱད་དོ། །བསམ་པ་ལ་གསུམ་


JLD013_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འདུ་ཤེས་ནི། གཞི་དེ་ལ་དེར་འདུ་ཤེས་པའོ། །ཉོན་མོངས་ནི། གསུམ་པོ་གང་རུང་ངོ་། །ཀུན་སློང་ནི། བདག་གིར་བྱ་བར་འདོད་པའོ། །སྦྱོར་བ་ནི། བསམས་པའི་དོན་དེ་ལ་རྩོལ་བ་བྱེད་པའོ། །མཐར་ཐུག་ནི། དེ་བདག་གིར་བྱ་བར་ངེས་པའོ། །ཞེས་གསུངས་ཏེ། ནོར་ལ་སོགས་པ་དེ་བདག་གིར་གྱུར་ཅིག་སྙམ་པའོ། །དེ་ལ་བརྣབ་སེམས་ཡོངས་སུ་རྫོགས་པ་ལ་ཆོས་ལྔ་ཚང་དགོས་ཏེ། རང་གི་ལོངས་སྤྱོད་ལ་ལྷག་པར་ཆགས་པའི་སེམས་དང་ལྡན་པ་དང༌། ལོངས་སྤྱོད་གསོག་པར་འདོད་པའི་བརྐམ་ཆགས་ཀྱི་སེམས་དང་ལྡན་པ་དང༌། གཞན་གྱི་ནོར་ལ་སོགས་པ་བཟང་པོ་ལ་ཡོངས་སུ་རྟོག་ཅིང་རོ་མྱང་བར་བྱེད་པས་འཆུམས་པའི་སེམས་དང་ལྡན་པ་དང༌། གཞན་དག་གི་གང་ཡིན་པ་དེ་བདག་གིར་གྱུར་ཅིག་སྙམ་པ་འཁུ་བའི་སེམས་དང་ལྡན་པ་དང༌། བརྣབ་སེམས་དེས་ངོ་ཚ་བ་མེད་ཅིང་ཉེས་དམིགས་ལས་ངེས་པར་འབྱུང་བ་མི་ཤེས་པས་ཟིལ་གྱིས་ནོན་པའི་སེམས་དང་ལྡན་པའོ། །སེམས་དེ་ལྔ་པོ་གང་རུང་ཞིག་མ་ཚང་ན་བརྣབ་སེམས་ཀྱི་མཚན་ཉིད་མི་རྫོགས་སོ། །མི་དགེ་བ་བཅུ་ག་ལ་རྣལ་འབྱོར་སྤྱོད་པའི་ས་ལས་སྦྱོར་བ་གསུངས་སོ། །ཡོངས་སུ་མ་རྫོགས་པའི་བརྣབ་སེམས་སུ་འགྱུར་ཚུལ་ནི། ཀྱེ་མ་ཁྱིམ་གྱི་རྗེ་དཔོན་དེ་བདག་གི་བྲན་དུ་གྱུར་ཅིང་ཅི་འདོད་པ་བཞིན་དུ་གྱུར་ན་ཅི་མ་རུང་སྙམ་པ་དང༌། དེའི་བུ་དང་ཆུང་མ་སོགས་དང་ཟས་ལ་སོགས་པའི་ལུས་ཀྱི་ཡོ་བྱད་ལའང་དེ་ལྟར་སེམས་པ་དང༌། ཀྱེ་མ་བདག་འདོད་པ་ཆུང་བ་དང་རབ་ཏུ་དབེན་པ་དང་བརྩོན་


JLD013_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་བརྩམས་པ་དང་མང་དུ་ཐོས་པ་དང་གཏོང་བའི་ངང་ཚུལ་ཅན་ལ་སོགས་པར་གཞན་གྱིས་ཤེས་ན་ཅི་མ་རུང་སྙམ་པ་དང༌། བདག་ལ་རྒྱལ་པོ་དང་དེད་དཔོན་དང་འཁོར་རྣམ་བཞིས་བཀུར་སྟི་བྱས་པ་དང་ཟས་གོས་སོགས་ཐོབ་ན་ཅི་མ་རུང་སྙམ་པ་དང༌། ཀྱེ་མ་བདག་ཕྱི་མ་ལ་ལྷར་སྐྱེས་ནས་དེའི་འདོད་ཡོན་ལྔ་ལ་རྩེ་བ་དང༌། དྲག་པོ་དང་ཁྱབ་འཇུག་གི་འཇིག་རྟེན་ནས་གཞན་འཕྲུལ་དབང་བྱེད་དུ་སྐྱེ་བར་གྱུར་ཅིག་སྙམ་དུ་འདོད་པ་བསྐྱེད་པ་དང༌། ཕ་མ་དང་བུ་དང་ཆུང་མ་དང་བྲན་ལ་སོགས་པ་དང་ཚངས་པ་མཚུངས་པར་སྤྱོད་པའི་ཡོ་བྱད་ལ་འདོད་པ་བསྐྱེད་ན་ཡང་བརྣབ་སེམས་སོ། །གནོད་སེམས་ཀྱི་གཞི་དང༌། འདུ་ཤེས་དང༌། ཉོན་མོངས་ནི། ཚིག་རྩུབ་པོ་ཇི་ལྟ་བ་བཞིན་ནོ། །ཀུན་སློང་ནི། བརྡེག་པ་ལ་སོགས་པར་འདོད་པ་སྟེ། བསད་པ་དང་བཅིངས་པ་དང་གཞན་ནམ་རང་གི་ངང་གིས་ལོངས་སྤྱོད་རྒུད་ན་ཅི་མ་རུང་སྙམ་པ་སོགས་སོ། །སྦྱོར་བ་ནི། བསམ་པ་དེ་ལ་སྦྱོར་བ་བྱས་པའོ། །མཐར་ཐུག་ནི། བརྡེག་པ་སོགས་བྱ་བར་ངེས་པའམ་ཐག་བཅད་པའོ། །འདི་ཡང་ལྔ་ཚང་ན་རྫོགས་ལ་མ་ཚང་ན་མི་རྫོགས་ཏེ། གནོད་བྱེད་ཀྱི་རྒྱུ་ལ་དེ་དང་མཐུན་པའི་ཆོས་མཚན་མར་འཛིན་པས་ཞེ་སྡང་གི་སེམས་དང༌། གནོད་པ་བྱེད་པ་ལ་མི་བཟོད་པས་མི་བཟོད་པའི་སེམས་དང༌། ཡང་དང་ཡང་དུ་ཚུལ་བཞིན་མིན་པ་ཁོང་ཁྲོའི་རྒྱུ་ཡིད་ལ་བྱེད་པ་དྲན་པས་འཁོན་དུ་འཛིན་པའི་སེམས་དང༌། བརྡེག་པ་དང་བསད་ན་ཅི་མ་རུང་སྙམ་པ་འཁུ་བའི་སེམས་དང༌། གནོད་སེམས་བསྐྱེད་


JLD013_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ངོ་ཚ་མེད་ཅིང་ཉེས་དམིགས་ལས་འབྱུང་བ་མི་ཤེས་པས་ཟིལ་གྱིས་ནོན་པའི་སེམས་ཏེ་སེམས་ལྔ་དང་ལྡན་པའོ། །གནོད་སེམས་ཙམ་དུ་འགྱུར་བ་ནི། འདི་ནི་བདག་ལ་གནོད་པ་བྱས་སམ་བྱེད་པའོ་སྙམ་ནས་དེ་ལ་གནོད་པ་བྱ་བའི་ཕྱིར་ཇི་སྙེད་སེམས་པ་དེ་སྙེད་ཐམས་ཅད་གནོད་སེམས་ཡིན་ལ། དེ་བཞིན་དུ་གཞན་གྱི་གཉེན་དང་ལོངས་སྤྱོད་དང་དགེ་བ་ལ་སོགས་པ་ཚེ་འདི་ལ་ཉམས་པར་སྨོན་པ་དང་ཕྱི་མ་ལ་ངན་འགྲོར་སོང་ན་སྙམ་དུ་སྨོན་པ་ཡང་གནོད་སེམས་སོ། །ལོག་པར་ལྟ་བའི་གཞི་ནི། ཡོད་པའི་དོན་ནོ། །བསམ་པ་ལ་གསུམ་ལས། འདུ་ཤེས་ནི། སྐུར་པ་འདེབས་པའི་དོན་ལ་བདེན་པར་འདུ་ཤེས་པའོ། །ཉོན་མོངས་ནི། གསུམ་པོ་གང་རུང་ངོ་། །ཀུན་སློང་ནི། སྐུར་པ་འདེབས་པར་འདོད་པའོ། །སྦྱོར་བ་ནི། བསམ་པ་དེ་ལ་སྦྱོར་བ་བརྩམས་པའོ། །དེ་ཡང་བཞི་སྟེ། རྒྱུ་དང་འབྲས་བུ་དང་བྱེད་པ་དང་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པའོ། །རྒྱུ་ལ་སྐུར་བ་ནི། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ལ་སོགས་པ་མེད་དོ་ཞེས་པའོ། །འབྲས་བུ་ལ་སྐུར་བ་ནི། དེ་གཉིས་ཀྱི་རྣམ་སྨིན་མེད་དོ་ཞེས་པའོ། །བྱེད་པ་ལ་སྐུར་བ་ལ་གསུམ་ལས། ས་བོན་འདེབས་པ་དང་འཛིན་པའི་བྱེད་པ་ལ་སྐུར་བ་ནི། ཕ་དང་མ་མེད་དོ་ཞེས་པའོ། །འགྲོ་འོང་གི་བྱེད་པ་ལ་སྐུར་བ་ནི། འཇིག་རྟེན་སྔ་ཕྱི་མེད་དོ་ཞེས་པའོ། །སྐྱེ་བར་འགྱུར་བའི་བྱེད་པ་ལ་སྐུར་བ་ནི། སེམས་ཅན་བརྫུས་ཏེ་སྐྱེ་བ་མེད་དོ་ཞེས་པའོ། །ཡོད་པའི་དངོས་པོ་ལ་སྐུར་བ་ནི། དགྲ་བཅོམ་པ་སོགས་མེད་དོ་ཞེས་པའོ། །མཐར་ཐུག་ནི། སྐུར་པ་གདབ་པར་


JLD013_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའོ། །འདི་ཡང་ལྔས་རྫོགས་ཏེ། ཤེས་བྱ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་རྨོངས་པའི་སེམས་དང༌། སྡིག་པ་ལ་དགའ་བས་དྲག་ཤུལ་གྱི་སེམས་དང༌། ཚུལ་བཞིན་མིན་པའི་ཆོས་ལ་ངེས་པར་རྟོག་པས་ལོག་པར་རྒྱུན་དུ་ཞུགས་པའི་སེམས་དང༌། སྦྱིན་པ་དང་མཆོད་སྦྱིན་དང་སྦྱིན་སྲེག་དང་ལེགས་སྤྱད་སོགས་མེད་དོ་ཞེས་སྐུར་པ་འདེབས་པས་རབ་ཏུ་ཉམས་པའི་སེམས་དང༌། ལོག་ལྟ་དེས་ངོ་ཚ་བ་མེད་ཅིང་ཉེས་དམིགས་ལས་ངེས་པར་འབྱུང་བ་མི་ཤེས་པས་ཟིལ་གྱིས་ནོན་པའི་སེམས་ཏེ་ལྔ་པོ་དེ་དག་དང་ལྡན་པའོ། །དེ་ལྔ་མ་ཚང་ན་ནི་མི་རྫོགས་སོ། །ལོག་པར་ལྟ་བ་གཞན་ཡང་ཡོད་མོད་ཀྱི། འདི་ཁོ་ན་ལ་ལོག་ལྟ་ཞེས་གསུངས་པ་ནི། འདིས་དགེ་རྩ་ཐམས་ཅད་གཅོད་ཅིང་སྡིག་པ་ལ་འདོད་དགུར་སྤྱོད་པ་དང་མཐུན་པས་ན་ལོག་ལྟ་ཐམས་ཅད་ཀྱི་ཆེ་ཤོས་ཡིན་པའི་ཕྱིར་རོ། །དེ་ལ་སྲོག་གཅོད་དང་ཚིག་རྩུབ་དང་གནོད་སེམས་ནི་དུག་གསུམ་གྱིས་རྩོམ་པར་བྱེད་ལ་ཞེ་སྡང་གིས་མཐར་འབྱིན་པར་བྱེད་ཅིང་། མ་བྱིན་ལེན་དང་ལོག་གཡེམ་དང་བརྣབ་སེམས་ནི་དུག་གསུམ་གྱིས་རྩོམ་པར་བྱེད་ལ་འདོད་ཆགས་ཁོ་ནས་མཐར་འབྱིན་ནོ། །བརྫུན་དང་ཕྲ་མ་དང་ཚིག་བཀྱལ་བ་ནི་རྩོམ་པ་དང་མཐར་ཕྱིན་པ་གཉིས་ཀ་གསུམ་ཆར་གྱིས་བྱེད་ཅིང་། ལོག་ལྟ་ནི་དུག་གསུམ་གྱིས་རྩོམ་པར་བྱེད་ལ་གཏི་མུག་ཁོ་ནས་མཐར་ཐུག་པར་བྱེད་དོ། །དེ་དག་ལས་སེམས་པ་ནི་ལས་ཡིན་ལ་ལས་ཀྱི་ལམ་ནི་མིན་ནོ། །ལུས་ངག་གི་བདུན་ནི། ལས་ཀྱང་ཡིན་ལ་སེམས་པ་འཇུག་པའི་གཞི་ཡིན་པས་


JLD013_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ལམ་ཡང་ཡིན་ནོ། །བརྣབ་སེམས་སོགས་གསུམ་ནི་ལས་ཀྱི་ལམ་ཡིན་གྱི་ལས་ནི་མིན་ནོ། །གཉིས་པ་ལྕི་ཡང་བསྟན་པ་ལ་གཉིས། ལས་ལམ་བཅུའི་ལྕི་ཡང་དང༌། ཞར་ལ་སྟོབས་ལྡན་གྱི་ལས་ཀྱི་སྒོ་བསྡུས་ཏེ་བསྟན་པའོ། །དང་པོ་ནི་ལྔ་ལས། སྲོག་གཅོད་པ་ལ་མཚོན་ན། བསམ་པས་ལྕི་བ་ནི། དུག་གསུམ་དྲག་པོས་བྱེད་པའོ། །སྦྱོར་བས་ལྕི་བ་ནི། སྲོག་གཅོད་པ་བྱས་སམ་བྱེད་པའམ་བྱེད་པར་འགྱུར་བ་ལ་དགའ་ཞིང་རངས་པའི་སེམས་དང་ལྡན་པ་དང་། རང་ཡང་བྱེད་ལ་གཞན་དེ་འཛིན་དུ་འཇུག་ཅིང་དེའི་བསྔགས་པ་བརྗོད་པ་དང༌། དེ་འདྲ་བ་མཐོང་ན་ཡིད་དགའ་བ་དང་ཡུན་རིང་པོ་ནས་བསམས་ཤིང་བསགས་པའི་སེམས་ཀྱིས་བྱེད་པ་དང༌། རྟག་ཏུ་དང་གུས་པར་བྱེད་ཅིང་ལན་རེ་ལ་ཡང་མང་དུ་གསོད་པ་དང་སྡུག་བསྔལ་དྲག་པོ་བསྐྱེད་པས་གསོད་པ་དང་འཇིགས་པ་བསྐྱེད་ནས་བྱ་བ་མིན་པ་བྱེད་དུ་བཅུག་སྟེ། གསོད་པ་དང་ཞན་པ་དང་སྡུག་བསྔལ་བ་དང་བཀྲེན་པ་དང་ཉམ་ཐག་པར་སྨྲ་བ་དང་སྙིང་རྗེ་བར་སྨྲེ་སྔགས་འདོན་བཞིན་དུ་གསོད་པའོ། །གཉེན་པོ་མེད་པ་ལས་ལྕི་བ་ནི། ཉིན་གཅིག་བཞིན་དུ་བསླབ་པ་འགའ་ཡང་མི་ལེན་ལ་ཟླ་ཕྱེད་དང་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་བསྙེན་གནས་ལ་གནས་པ་དང་དུས་དུས་སུ་སྦྱིན་པ་དང་བསོད་ནམས་དང་མངོན་དུ་སྨྲ་བ་དང་ཕྱག་འཚལ་བ་དང་ལྡང་བ་དང་ཐལ་མོ་སྦྱོར་བ་དང་འདུད་པའི་སེམས་ལ་སོགས་པ་མི་བྱེད་པ་དང༌། དུས་དུས་སུ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་འགྱོད་པ་ཤས་ཆེན་པོ་མི་འཐོབ་པ་དང་འཇིག་རྟེན་པའི་ཆགས་བྲལ་ལམ་ཆོས་མངོན་པར་རྟོགས་པ་ལ་མི་རེག་པའོ། །ལོག་


JLD013_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པར་མངོན་པར་ཞེན་པ་ལས་ལྕི་བ་ནི། མཆོད་སྦྱིན་བྱེད་པ་དག་གི་ལྟ་བ་ལ་བརྟེན་པས་ཆོས་འདོད་ནས་གསོད་པ་དང་། ཕྱུགས་རྣམས་ནི་སྐྱེ་དགུའི་བདག་པོས་ཡོ་བྱད་ཀྱི་རྒྱུར་སྤྲུལ་བས་ན་བསད་ཀྱང་ཉེས་པ་མེད་དོ་སྙམ་པ་སོགས་ལོག་ལྟ་གང་རུང་ལ་བརྟེན་ཏེ་གསོད་པའོ། །གཞི་ལས་ལྕི་བ་ནི། དུད་འགྲོ་བོང་ཆེན་པོ་དང་མིའམ་མིར་ཆགས་པ་དང་ཕ་མ་དང་ཕུ་ནུ་དང་བླ་མ་ལྟ་བུ་དང་ཡིད་གཅུགས་པ་དང་སློབ་པ་དང་བྱང་སེམས་དང་དགྲ་བཅོམ་པ་དང་རང་སངས་རྒྱས་གསོད་པ་དང༌། དེ་བཞིན་གཤེགས་པ་བཀྲོངས་མི་ནུས་པར་ཤེས་བཞིན་དུ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །རྒྱུ་ལྔ་པོ་དེ་ལས་ལྡོག་པ་ནི་སྲོག་གཅོད་པ་ཡང་བའོ། །ལྷག་མ་དགུ་ཡང་གཞི་མ་གཏོགས་པ་སྲོག་གཅོད་པ་ལྟར་ལྕི་ཡང་ཤེས་པར་བྱ་ལ། མ་བྱིན་ལེན་གཞི་ལས་ལྕི་བ་ནི། མང་པོ་དང་བཟང་པོ་དང་ཡིད་བརྟན་པ་ལ་འཁུ་ཞིང་འཕྲོག་པ་དང་དམན་པ་དང་བཀྲེན་པ་དང་རབ་ཏུ་བྱུང་བ་དང་ཆོས་འདི་པ་ལ་འཕྲོག་པ་དང་གོང་དུ་ཆུད་པ་འཕྲོག་པ་དང་སློབ་པ་དང་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དགེ་འདུན་དང་མཆོད་རྟེན་གྱི་རྫས་འཕྲོག་པའོ། །ལོག་གཡེམ་གཞི་ལས་ལྕི་བ་ནི། འཇུག་པར་བྱ་བ་མིན་པ་མའམ་དེ་དང་འབྲེལ་བའམ་སྐྱེས་པ་ཡིད་གཅུགས་པའི་ཆུང་མའམ་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་ལ་ཉལ་པོ་བྱེད་པ་དང༌། ཡན་ལག་མིན་པ་ཁར་འཇུག་པ་དང༌། དུས་མིན་པ་བསྙེན་གནས་ལ་གནས་པའམ་


JLD013_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུམ་མ་ཟླ་བ་ཚང་བའམ་ནད་པ་དང༌། གནས་མིན་པ་མཆོད་རྟེན་གྱི་ཉེ་འཁོར་དང་དགེ་འདུན་གྱི་ཀུན་དགའ་ར་བར་ཉལ་པོ་བྱེད་པའོ། །བརྫུན་གཞི་ལས་ལྕི་བ་ནི། གཞན་འདྲིད་ཅིང་བསླུ་བར་འདོད་པས་དོན་མང་པོས་བརྫུན་སྨྲ་བ་དང་ཕ་མ་ནས་སངས་རྒྱས་ཀྱི་བར་དང་བཟང་པོ་དང་མཛའ་བོ་ལ་སྨྲ་བ་དང་སྲོག་གཅོད་པ་སོགས་གསུམ་ལྕི་བ་བསྐྱེད་པ་སྨྲ་བའོ། །དགེ་འདུན་དབྱེ་བའི་ཕྱིར་བརྫུན་སྨྲ་བ་ནི་ཐམས་ཅད་ཀྱི་ནང་ནས་ལྕི་བའོ། །ཕྲ་མ་གཞི་ལས་ལྕི་བ་ནི། ཡུན་རིང་པོ་ནས་བཤེས་པ་དང་དགེ་བའི་བཤེས་གཉེན་དང་ཕ་མ་དང་བུའམ་དགེ་འདུན་འབྱེད་པ་དང་ལུས་ཀྱི་གསུམ་ལྕི་བ་བསྐྱེད་པའི་ཕྲ་མའོ། །ཚིག་རྩུབ་གཞི་ལས་ལྕི་བ་ནི། ཕ་མ་ལ་སོགས་དང་བླ་མ་ལྟ་བུ་ལ་སྨྲ་བ་དང་ཡང་དག་པ་དང་དེ་ཁོ་ན་མིན་པའི་བརྫུན་གྱིས་ཚིག་རྩུབ་པོ་སྨྲ་བ་དང་མངོན་སུམ་དུ་གཤེ་བ་དང་སྤྱོ་བ་དང་བརྒྱད་བཀག་སྨྲ་བའོ། །ངག་བཀྱལ་པ་གཞི་ལས་ལྕི་བ་ནི། བརྫུན་དུ་སྨྲ་བ་སོགས་གསུམ་གྱི་ངག་བཀྱལ་གྱི་ལྕི་ཡང་ནི་སྔར་བཞིན་ནོ། །འཐབ་མོ་དང་མཚང་འབྲུ་བ་དང་རྩོད་པ་དང་འགྱེད་པ་ལ་བརྟེན་པའི་ཚིག་བཀྱལ་པ་དང་ཆགས་སེམས་ཀྱིས་ཕྱི་རོལ་པའི་བསྟན་བཅས་ཀློག་པ་སོགས་དང་ཕ་མ་དང་ཉེ་དུ་དང་བླ་མ་ལྟ་བུ་ལ་བསྟིང་སླད་དང་ཅོ་འདྲི་བ་དང་ཚིག་གི་ལམ་དང་མི་གཤའ་བ་བརྗོད་པའོ། །བརྣབ་སེམས་གཞི་ལས་ལྕི་བ་ནི། དགེ་འདུན་དང་མཆོད་རྟེན་གྱི་དཀོར་ལ་འདོད་པ་དང་ཡོན་ཏན་གྱི་རློམ་པས་རྒྱལ་པོ་ལ་སོགས་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལས༌ཤེས་ཀྱི་ཁེ་དང་བཀུར་སྟི་འདོད་པའོ། །གནོད་སེམས་གཞི་ལས་ལྕི་བ་ནི། ཕ་མ་དང་


JLD013_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་དུ་དང་བླ་མ་དང་ཉེས་པ་མེད་པ་དང་བཀྲེན་པ་དང་སྡུག་བསྔལ་བ་དང་སྙིང་རྗེ་བ་དག་དང་ཉེས་པ་བྱེད་པ་དག་སྙིང་ཐག་པ་ནས་བཤགས་པ་བྱེད་པ་ལ་མནར་སེམས་བསྐྱེད་པའོ། །ལོག་པར་ལྟ་བ་གཞི་ལས་ལྕི་བ་ནི། གཞི་ཐམས་ཅད་ལ་སྐུར་པ་འདེབས་པར་ཞུགས་པ་སྟེ་དེ་ནི་ལོག་ལྟ་གཞན་པས་ཀྱང་ལྕི་ལ། འཇིག་རྟེན་ན་དགྲ་བཅོམ་པ་དང་ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་དག་མེད་ཅེས་ལྟ་བ་ཡང་ངོ་། །དེ་ལས་ལྡོག་པ་ནི་ཡང་བར་ཤེས་པར་བྱའོ། །སའི་དངོས་གཞི་ལས་ནི་ལྕི་བའི་ཚུལ་དྲུག་གསུངས་ཏེ། མངོན་པར་འདུ་བྱེད་པ་ནི། དུག་གསུམ་མམ་དེ་གསུམ་མེད་པ་དྲག་པོས་ལས་ཀུན་ནས་སློང་བའོ། །གོམས་པ་ནི། དགེ་མི་དགེའི་ལས་གཉིས་ཡུན་རིང་པོ་ནས་ཀུན་ཏུ་བསྟེན་གོམས་ལན་གྲངས་མང་དུ་བྱས་པའོ། །ངོ་བོ་ཉིད་ནི། ལུས་ངག་གི་བདུན་སྔ་མ་སྔ་མ་ཕྱི་མ་ཕྱི་མ་ལས་ལྕི་ཞིང༌། ཡིད་ཀྱི་གསུམ་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྕི་བའོ། །གཞི་ནི། སངས་རྒྱས་ཆོས་དགེ་འདུན་བླ་མ་ལྟ་བུ་རྣམས་ལ་ཕན་གནོད་བྱེད་པའོ། །མི་མཐུན་པའི་ཕྱོགས་གཅིག་ཏུ་ངེས་པ་ནི། ཇི་སྲིད་འཚོའི་བར་དུ་གཅིག་ཏུ་ངེས་པར་མི་དགེ་བའི་ལས་བླངས་ཏེ་འདུག་ལ། དགེ་བ་ནི་ལན་ཅིག་ཀྱང་མི་བྱེད་པའོ། །མི་མཐུན་ཕྱོགས་སེལ་བ་ནི། མི་དགེ་བའི་ཕྱོགས་སྤངས་ཏེ་འདོད་ཆགས་དང་བྲལ་ནས་དགེ་བའི་ལས་སྤྱོད་པའོ། །བཤེས་སྤྲིངས་ལས་ཀྱང༌། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་


JLD013_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྤྱོད་ལ་བརྩོན་པར་གྱིས། །ཞེས་གསུངས་སོ། །དེ་ཡང་དཀོན་མཆོག་ལ་སོགས་པ་ཡོན་ཏན་དང་ལྡན་པའི་གཞི་དང༌། ཕ་མ་ལ་སོགས་པ་ཕན་འདོགས་པའི་གཞི་གཉིས་སུ་ཕྱེ་བས་ལྔའོ། །གཉིས་པ་ཞར་ལ་སྟོབས་དང་ལྡན་པའི་ལས་ཀྱི་སྒོ་བསྡུས་ཏེ་བསྟན་པ་ལ་བཞི་ལས། ཞིང་གི་སྒོ་ནས་སྟོབས་ཆེ་བ་ནི། དཀོན་མཆོག་གསུམ་དང་བླ་མ་དང་བླ་མ་དང་འདྲ་བ་དང་ཕ་མ་ལ་སོགས་པ་སྟེ། འདི་དག་ལ་ནི་བསམ་པ་ཤུགས་དྲག་པོ་མེད་ཅིང་ཕན་གནོད་ཆུང་ངུ་ཞིག་བྱས་ཀྱང་བསོད་ནམས་དང་ཁ་ན་མ་ཐོ་བ་ཆེ་བའི་ཕྱིར་རོ། །དེ་ཡང་དྲན་པ་ཉེར་གཞག་ལས་འབྱུང་བ་ལྟ་བུ་སྟེ། ཇི་སྐད་དུ། སངས་རྒྱས་དང་ཆོས་དང་དགེ་འདུན་དག་ལས་ནི་ཆུང་ངུ་ཞིག་བླངས་ན་ཡང་ཆེན་པོར་འགྱུར་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་མ་བྱིན་པར་བླངས་པ་དེ་དག་ལས་ཀྱང་རིས་སུ་མཐུན་པར་སླར་ཕུལ་ན་སངས་རྒྱས་དང་ཆོས་ཀྱི་ནི་དག་པར་འགྱུར་ལ། དགེ་འདུན་གྱི་བརྐུས་པ་ནི། ཚོར་བ་མ་མྱོང་བར་དག་པར་འགྱུར་བ་མེད་དེ། ཞིང་ལྕི་བའི་ཕྱིར། གལ་ཏེ་ཞལ་དུ་འདུ་བའི་སྒོ་ཞིག་ན་ནི་དེ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ལ། གལ་ཏེ་ཞལ་དུ་འདུ་བའི་སྒོ༌མ་ཡིན་ན་ནི་དེའི་ནང་གི་བར་མནར་མེད་པའི་འཁོར་མུན་ནག་ཆེན་པོ་ལ་སོགས་པར་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །ཁྱད་པར་དུ་དགེ་འདུན་གྱི་རྫས་འདབ་མའམ་མེ་ཏོག་གམ་འབྲས་བུ་ཙམ་ཞིག་


JLD013_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འཆལ་གྱིས་སྤྱད་ན་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བ་དང༌། བརྒྱ༌ལ་ཡུན་རིང་པོ་ན་ཐར་ཡང་འབྲོག་དགོན་པ་རོ་བསྐམ་དུ་དུད་འགྲོ་རྐང་ལག་མེད་པ་དང་ཡི་དྭགས་ལོང་བ་རྐང་ལག་མེད་པར་སྐྱེས་ཏེ། ལོ་མང་པོར་སྡུག་བསྔལ་མྱོང་བ་ལ་སོགས་པའི་ཉེས་དམིགས་ཆེ་བར་ཉི་མའི་སྙིང་པོ་ལས་གསུངས་སོ། །གཞན་ཡང་དགེ་འདུན་དང་དགེ་སློང་ལ་བསྔོས་པ་མེ་ཏོག་ལ་སོགས་པ་ཙམ་ཡང་རང་གིས་སྤྱོད་པ་དང་ཁྱིམ་པ་ལ་སྟེར་བ་དང་ཁྱིམ་པས་ལོངས་སྤྱོད་དུ་མི་རུང་བར་གསུངས་ཤིང་ཁ་ན་མ་ཐོ་བ་ཡང་ཤིན་ཏུ་ཆེ་སྟེ། མདོ་དེ་ཉིད་ལས། སྤུ་གྲི་རྣོན་པོ་དག་གིས་སུ། །རང་གི་ཡན་ལག་གཏུབས་པ་བླའི། །དགེ་འདུན་དག་ལ་བསྔོས་ཟིན་པ། །ཁྱིམ་པ་རྣམས་ལ་སྦྱིན་མི་བྱ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་ལུམ་ཟོས་པ་བླའི། །དགེ་འདུན་དག་ལས་གང་དེ་ནི། །དགེ་འདུན་གྱི་ལས་ལོངས་མི་སྤྱད། །ལྷུན་པོ་དང་ནི་འདྲ་བའི་མེ། །བླང་བ་བྱས་ཏེ་ཟོས་པ་བླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱ་འོ། །ཐམས་ཅད་དབྱུང་བ་བྱས་པ་དང༌། །གསལ་ཤིང་སྟེང་དུ་བཏེག་པ་བླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱ་འོ། །མེ་མདག་དག་གིས་གང་བ་ཡི། །གནས་ཁང་དེར་ནི་ཞུགས་པ་བླའི། །ཁྱིམ་པས་དགེ་འདུན་གནས་ཁང་དུ། །མཚན་མོ་གནས་པར་མི་བྱ་འོ། །ཞེས་སོ། །དགེ་འདུན་གྱི་ནང་ནས་ཀྱང་བྱང་ཆུབ་སེམས་དཔའི་གང་ཟག་ནི་དགེ་མི་དགེའི་ཞིང་ཤིན་ཏུ་སྟོབས་ཆེ་སྟེ། དད་པའི་


JLD013_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འགའ་ཞིག་ཁྲོས་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་བཙོན་ར་མུན་ནག་ཏུ་བཅུག་པ་བས་ཁྲོས་ཏེ་བྱང་སེམས་ལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ནས་མ་རུངས་པ་འདི་མི་བལྟའོ། །ཞེས་ཟེར་ན་སྡིག་ཆེས་གྲངས་མེད་པ་བསྐྱེད་པ་དང༌། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཐམས་ཅད་ཕྲོགས་པ་བས་བྱང་སེམས་གང་ཡང་རུང་བ་ལ་སྨད་ན་སྔར་ལྟར་དང༌། མཆོད་རྟེན་གངྒཱའི་ཀླུང་གི་བྱེ་མ་སྙེད་བཤིག་པ་དང་བསྲེགས་པ་ལས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་སེམས་ལ་གནོད་སེམས་དང་ཁོང་ཁྲོ་བསྐྱེད་ཅིང་མི་སྙན་པ་སྨྲས་ན་སྔར་ལྟར་གསུངས་པ་དང༌། ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། ཕྱོགས་བཅུའི་སེམས་ཅན་གྱི་མིག་ཕྱུང་བ་ལ་བྱམས་པའི་སེམས་ཀྱིས་མིག་སླར་བསྐྱེད་པ་དང་སེམས་ཅན་སྔ་མ་རྣམས་བཙོན་ར་ནས་བཏོན་ཏེ་འཁོར་སྒྱུར་རམ་ཚངས་པའི་བདེ་བ་ལ་བཀོད་པ་བས། རིམ་པ་ལྟར་ཐེག་ཆེན་ལ་མོས་པའི་བྱང་སེམས་ལ་དང་བས་བལྟ་བ་དང་དང་བས་བལྟ་འདོད་ཅིང་དེའི་བསྔགས་པ་བརྗོད་ན་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་པར་གསུངས་པ་དང༌། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང༌། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་དམ་བདོག་པ་ཐམས་ཅད་ཕྲོགས་པ་ལས་བྱང་སེམས་ཀྱིས་ཐ་ན་དུད་འགྲོ་ལ་ཟན་ཆངས་གཅིག་སྦྱིན་པའི་དགེ་བ་ལ་བར་ཆད་བྱས་ན་སྡིག་པ་ཆེས་གྲངས་མེད་པ་བསྐྱེད་པར་གསུངས་པས། གནས་འདི་ལ་ནི་


JLD013_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གཟབ་པར་བྱའོ། །རྟེན་གྱི་སྒོ་ནས་སྟོབས་ཆེ་བ་ནི། ལྕགས་ཀྱི་གོང་བུ་ཆུང་ཡང་ཆུའི་གཏིང་དུ་འབྱིང་ལ། དེ་ཉིད་སྣོད་དུ་བྱས་པ་ནི་ཆེ་ཡང་སྟེང་དུ་འཕྱོ་བ་བཞིན་དུ། མི་མཁས་པ་དང་མཁས་པས་བྱས་པའི་སྡིག་པ་ཡང་ལྕི་བ་དང་ཡང་བར་གསུངས་ཏེ། དེའི་རྒྱུ་མཚན་ནི་འདས་ཆེན་ལས། གཏི་མུག་ཅན་སྦྲང་བུ་ངར་སྣབས་ལ་འབྱར་བ་འབྱུང་མི་ནུས་པ་དང་འདྲ་བར། ཉེས་པ་ཆུང་ངུ་ལས་ཀྱང་འབྱུང་མི་ནུས་ཤིང་འགྱོད་སེམས་མེད་པས་དགེ་བ་སྤྱོད་མི་ནུས་ལ། སྐྱོན་བཅབས་པས་སྔར་གྱི་དགེ་བ་དག་ཡོད་ཀྱང་སྡིག་པས་སྨེ་བར་བྱས་པས་ན། ད་ལྟ་རྣམ་པར་སྨིན་པ་མྱོང་བའི་རྒྱུ་ཡང་བསྒྱུར་ཏེ་དམྱལ་བ་ཤིན་ཏུ་ལྕི་བར་འགྱུར་རོ། །ཆུ་ཉུང་ངུར་ལན་ཚྭ་ཕུལ་གང་བཏབ་ན་བཏུང་བར་དཀའ་བ་བཞིན་ནམ། གཞན་གྱི་དོང་ཚེ་གཅིག་ཆགས་པ་འཇལ་མི་ཕོད་པས་བཅིངས་དྲགས་ཏེ་སྡུག་བསྔལ་མྱོང་བ་དང་འདྲའོ། །ཡང་རྣམ་པ་ལྔས་ད་ལྟར་གྱི་རྣམ་པར་སྨིན་པ་ཡང་བའང་དམྱལ་བར་སྨིན་པར་འགྱུར་ཏེ། གཏི་མུག་ཅན་དང་དགེ་བའི་རྩ་བ་ཆུང་བ་དང་སྡིག་པའི་ལས་ལྕི་བ་དང་འགྱོད་ཚངས་མ་བྱས་པ་དང་ཐོག་མར་དགེ་བ་མི་སྤྱོད་པའོ། །ཞེས་གསུངས་པས། སྔ་མ་ལ་འགྱོད་པ་དང་ཕྱི་མ་སྡོམ་པ་དང་སྡིག་པ་མི་གསང་ཞིང་དེའི་གཉེན་པོ་དགེ་བ་བྱེད་པའི་མཁས་པ་ལ་ཡང་བར་གསུངས་ཀྱི། དེ་དག་མི་བྱེད་པར་ཁྱད་གསོད་ཀྱི་སྒོ་ནས་ཤེས་བཞིན་དུ་འཇུག་པའི་མཁས་པར་རློམ་པ་ལ་ནི་ལྕི་བ་ཡིན་ནོ། །རིན་པོ་ཆེའི་ཕུང་པོ་ལས་ཀྱང༌། སྟོང་གསུམ་གྱི་སེམས་


JLD013_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཐེག་ཆེན་ལ་ཞུགས་ཏེ་འཁོར་བསྒྱུར་གྱི་རྒྱལ་སྲིད་དང་ལྡན་པ་རེ་རེས་ཀྱང་མར་མེའི་སྣོད་རྒྱ་མཚོ་ཙམ་ལ་སྙིང་པོ་རི་རབ་ཙམ་གྱི་མར་མེས་སངས་རྒྱས་ཀྱི་མཆོད་རྟེན་ལ་མཆོད་པ་ལས། བྱང་སེམས་ཁྱིམ་ནས་བྱུང་བས་མར་མེའི་སྙིང་པོ་འབྲུ་མར་གྱིས་བསྐུས་པ་མཆོད་རྟེན་གྱི་དྲུང་དུ་འཛིན་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་ཕོད་པར་གསུངས་ཏེ། འདི་ནི་བསམ་པ་བྱང་ཆུབ་ཀྱི་སེམས་དང་ཞིང་ལ་ཁྱད་མེད་ཅིང་དངོས་པོ་ལ་ཁྱད་པར་ཤིན་ཏུ་ཆེ་ཡང་རྟེན་གྱི་སྟོབས་སུ་གསལ་ལོ། །འདིའི་རིགས་པས་སྡོམ་པ་མེད་པ་དང་ཡོད་པ་དང་ཡོད་པ་ལ་ཡང་གཅིག་ལྡན་དང་གཉིས་ལྡན་དང་གསུམ་ལྡན་གྱི་རྟེན་གྱིས་ལམ་བསྒོམ་པ་ཡང་སྔ་མ་སྔ་མ་རྣམས་ལས་ཕྱི་མ་ཕྱི་མ༌ས་ཆོད་ཆེ་བར་གསལ་ཞིང༌། ཁྱིམ་པ་ལྟ་བུས་སྦྱིན་གཏོང་ལ་སོགས་པ་བྱེད་པའི་ཚེ་ཡང་བསྙེན་གནས་འདྲ་བའི་སྡོམ་པ་དང་ལྡན་པའི་ངང་ནས་བྱེད་པ་དང༌། སྡོམ་པ་མེད་པར་བྱེད་པ་གཉིས་དགེ་རྩ་སྟོབས་ཆེ་ཆུང་ཤིན་ཏུ་ཆེ་བར་གསལ་ལོ། །ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ་ལས། མི་དགེ་བཅུ་དང་ལྡན་པའི་མི་ཞིག་རྒྱུན་དུ་བར་ཆད་མེད་པར་ལོ་བརྒྱའི་བར་དུ་སྡིག་བསགས་པ་ལས། དགེ་སློང་ཚུལ་ཁྲིམས་རལ་བས་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་ནས་དད་པས་བྱིན་པ་ལ་ཞག་གཅིག་ལོངས་སྤྱད་ན་མི་དགེ་བ་ཆེས་མང་བར་གསུངས་པ་ཡང་རྟེན་གྱི་སྒོ་ནས་སྡིག་པ་སྟོབས་ཆེ་བའོ། །ལུང་རྣམ་འབྱེད་ལས་ཀྱང༌། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་


JLD013_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་ཚུལ་འཆལ་དང་བསླབ་པ་ལས་ལྷོད་པ་གཉིས་ཀ་ལ་གསུངས་སོ། །སྟོན་པ་རིན་པོ་ཆེའི་གསུང་ནས། ཆོས་ལ་བརྟེན་པའི་སྡིག་པའི་གམ་ན་མི་དགེ་བ་བཅུ་སྡིག་པ་བྲུད་བྲུད་ཡིན་གསུང་སྟེ་མད་པར་སྣང་ངོ་། །དངོས་པོའི་སྒོ་ནས་སྟོབས་ཆེ་བ་ནི། སེམས་ཅན་ལ་སྦྱིན་པ་གཏོང་བ་ལ་ཆོས་ཀྱི་སྦྱིན་པ་དང༌། སངས་རྒྱས་མཆོད་པ་ལ་སྒྲུབ་པའི་མཆོད་པ་ནི། ཟང་ཟིང་གི་སྦྱིན་པ་དང་མཆོད་པ་ལས་ཆེས་ཕུལ་དུ་བྱུང་བ་སྟེ། དེས་མཚོན་ནས་གཞན་ཡང་ཤེས་པར་བྱའོ། །བསམ་པའི་སྒོ་ནས་སྟོབས་ཆེ་བ་ནི། རིན་པོ་ཆེའི་ཕུང་པོ་ལས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་སོ་སོ་ནས་སངས་རྒྱས་ཀྱི་མཆོད་རྟེན་རི་རབ་ཙམ་བྱེད་ལ་དེ་དག་ལ་ཡང་བསྐལ་པ་བྱེ་བ་སྙེད་དུ་བསྟི་སྟང་དུ་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་བྱེད་པ་ལས། བྱང་སེམས་ཀྱིས་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་ཙམ་དོར་བ་བསོད་ནམས་མང་བར་གསུངས་ཏེ། དེ་བཞིན་དུ་ཐོབ་བྱ་མཆོག་དམན་ལ་དམིགས་པ་དང་རང་གཞན་གྱི་དོན་ལ་དམིགས་པ་ལ་སོགས་པའི་བསམ་པའི་ཁྱད་པར་དང་དེ་ཡང་ཤུགས་དྲག་ཞན་དང་རྒྱུན་རིང་ཐུང་སོགས་ཀྱི་སྒོ་ནས་ཤེས་པར་བྱའོ། །ཉེས་སྤྱོད་ལ་ཡང་ཉོན་མོངས་པའི་བསམ་པ་ཤུགས་དྲག་པ་དང་རྒྱུན་རིང་བ་སྟོབས་ཆེ་ལ་དེ་དག་གི་ནང་ནས་ཀྱང་ཁོང་ཁྲོ་ཤིན་ཏུ་སྟོབས་ཆེ་སྟེ། སྤྱོད་འཇུག་


JLD013_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོ། །དེ་ཡང་ཚངས་པ་མཚུངས་པར་སྤྱོད་པ་དང་དེ་ལས་ཀྱང་རྒྱལ་སྲས་ལ་ཁྲོ་བ་ནི་ཤིན་ཏུ་ལྕི་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གཅིག་ལ་གཅིག་ཀྱང་གནོད་སེམས་བྱས་ན་ནི། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་ནུས། །བསམ་གཏན་མི་སྐྱོབ་དགོན་གནས་སྐྱོབ་མི་ནུས། །སྦྱིན་པས་མི་སྐྱོབ་སངས་རྒྱས་མཆོད་པས་མིན། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་སོ། །གསུམ་པ་དེ་དག་གི་འབྲས་བུ་ལ་གསུམ་ལས། རྣམ་སྨིན་གྱི་འབྲས་བུ་ནི། ལས་ལམ་བཅུ་པོ་རེ་རེ་ཡང་གཞི་དུག་གསུམ་ཆུང་འབྲིང་ཆེ་གསུམ་ལ་བརྟེན་པས་གསུམ་གསུམ་མོ། །དེ་ལ་སྲོག་གཅོད་སོགས་ཆེན་པོ་བཅུ་པོ་རེ་རེས་དམྱལ་བ། འབྲིང་བཅུ་པོ་རེ་རེས་ཡི་དྭགས་དང༌། ཆུང་ངུ་བཅུ་པོ་རེ་རེས་དུད་འགྲོར་སྐྱེ་བར་སའི་དངོས་གཞིར་གསུངས་ལ། ས་བཅུ་པའི་མདོ་ལས་ནི་ཆུང་འབྲིང་གཉིས་ཀྱི་འབྲས་བུ་ལྡོག་སྟེ་གསུངས་སོ། །རྒྱུ་མཐུན་པའི་འབྲས་བུ་ནི། ངན་འགྲོ་ནས་མིར་སྐྱེས་ཀྱང་རིམ་པ་ལྟར་ཚེ་ཐུང་བ་དང་ལོངས་སྤྱོད་ཀྱིས་ཕོངས་པ་དང་ཆུང་མ་མ་བསྲུངས་པར་འགྱུར་བ་དང༌། སྐུར་


JLD013_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་བ་དང་མཛའ་བོ་དང་འབྱེ་བ་དང་ཡིད་དུ་མི་འོང་བའི་སྒྲ་ཐོས་པ་དང་གཞན་གྱིས་ཚིག་མི་ཉན་པ་དང༌། ཆགས་སྡང་རྨོངས་གསུམ་ཤས་ཆེ་བའོ། །བདེན་པ་པོའི་ལེའུ་དང་ས་བཅུ་པའི་མདོ་ལས་ནི་དེ་རེ་རེ་ལ་འབྲས་བུ་གཉིས་གཉིས་གསུངས་ཏེ། གལ་ཏེ་མིར་སྐྱེས་ན་ཡང་ཚེ་ཐུང་ལ་ནད་མང་བ་དང་ལོངས་སྤྱོད་ཆུང་ལ་ལོངས་སྤྱོད་གཞན་དང་ཐུན་མོང་བ་དང་གཡོག་འཁོར་མི་བསྲུན་པའམ་ཡིད་བརྟན་དུ་མི་རུང་ལ་ཆུང་མ་འགྲན་ཟླ་དང་བཅས་པ་དང༌། སྐུར་པ་མང་ཞིང་གཞན་གྱིས་བསླུ་བ་དང་འཁོར་མི་འདུམ་ཞིང་ངན་པ་དང་ཡིད་དུ་མི་འོང་བ་ཐོས་ཤིང་འཐབ་མོའི་ཚིག་ཏུ་འགྱུར་བ་དང་ཚིག་མི་བཙུན་པའམ་ཚིག་བཟུང་མི་འོས་ཤིང་མ་ངེས་པའི་སྤོབས་པར་འགྱུར་བ་དང༌། འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་དང་མི་ཕན་པ་ཚོལ་བའམ་ཕན་པ་མི་ཚོལ་བ་དང་གཞན་ལ་གནོད་པ་བྱེད་པའམ་གཞན་གྱིས་གནོད་པ་བྱེད་པར་འགྱུར་བ་དང་ལྟ་བ་ངན་ཞིང་གཡོ་སྒྱུ་ཅན་དུ་འགྱུར་བར་གསུངས་སོ། །བླ་མ་གོང་མ་རྣམས་མིར་སྐྱེས་ན་ཡང་སྲོག་གཅོད་སོགས་དེ་དག་ལ་དགའ་བར་འགྱུར་བ་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་དང་སྔ་མ་རྣམས་མྱོང་བ་རྒྱུ་མཐུན་གྱི་འབྲས་བུར་བཞེད་དོ། །བདག་པོའི་འབྲས་བུའམ་དབང་གི་འབྲས་བུ་ནི། སྲོག་བཅད་པ་ལས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བཟའ་བཏུང་དང་སྨན་དང་འབྲས་བུ་ལ་སོགས་པ་མཐུ་ཆུང་བ་དང་བསྙེམས་པ་དང་ནུས་པ་དང་སྟོབས་ཆུང་བ་དང་འཇུ་དཀའ་ཞིང་ནད་བསྐྱེད་པས་སེམས་ཅན་ཕལ་


JLD013_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་ཚེ་མ་ཟད་པར་ཡང་འཆི་བར་འགྱུར་བ་དང་། མ་བྱིན་པར་ལེན་པའི་ནི། འབྲས་བུ་ཉུང་བ་དང་འབྲས་བུ་མི་གྲུང་པ་དང་འབྲས་བུ་འགྱུར་བ་དང་འབྲས་བུ་ལོང་བ་དང་ཐན་པ་ཆེས་པ་དང་ཆར་ཆེས་པ་དང་འབྲས་བུ་བསྐམས་པ་དང་མེད་པར་འགྱུར་བ་དང༌། ལོག་གཡེམ་གྱི་ནི། བཤང་གཅི་དང་འདམ་རྫབ་དང་ལྗན་ལྗིན་དང་མི་གཙང་བ་དང་དྲི་ང་བ་མང་བ་དང་ཉམ་ང་བ་དང་ཉམས་མི་དགའ་བའོ། །བརྫུན་དུ་སྨྲ་བའི་ནི། ཞིང་ལས་དང་གྲུ་སྤྱོད་པའི་ལས་ཀྱི་མཐའ་རྒྱས་པར་མི་འགྱུར་བ་དང་མཐུན་པར་མི་འགྱུར་ཞིང་ཕལ་ཆེར་བསླུ་བ་དང་འཇིགས་པ་དང་འཇིགས་སུ་རུང་བའི་རྒྱུ་མང་པོ་དང་ལྡན་པ་དང༌། ཕྲ་མའི་ནི། ས་ཕྱོགས་འབར་འབུར་དང་ལྕང་ལྕོང་དང་མཐོ་དམའ་དང་བགྲོད་དཀའ་བ་དང་འཇིགས་པ་དང་འཇིགས་སུ་རུང་བའི་རྒྱུ་མང་པོ་དང་ལྡན་པ་དང༌། ངག་རྩུབ་པོའི་ནི། ས་ཕྱོགས་སྡོང་དུམ་དང་ཚེར་མ་དང་རྡོ་དང་གསེག་མ་དང་གྱོ་མོ་མང་བ་དང་རྩུབ་པ་དང་མདངས་མི་སྣུམ་པ་དང་འབབ་ཆུ་དང་མཚོ་དང་ལྟེང་ཀ་མེད་པ་དང་སྐམ༌ས་དང་ཚྭ་རྒོ་དང་དགོན་དུང་དང་ཐ་ཆད་དང་སྡིག་པ་ཅན་གྱི༌ས་གཞི་དང་འཇིགས་པའི་རྒྱུ་མང་པོ་དང་ལྡན་པ་དང༌། ཚིག་བཀྱལ་པའི་ནི། འབྲས་བུའི་ལྗོན་ཤིང་ལ་འབྲས་བུ་མི་འཆགས་པ་དང་དུས་མིན་པར་ཡང་འབྲས་བུ་འཆགས་པ་དང་དུས་སུ་མི་འཆགས་པ་དང་མ་སྨིན་པ་སྨིན་པར་སྣང་བ་དང་རྩ་བ་མི་བརྟན་པ་དང་རིང་དུ་མི་གནས་པ་དང་ཀུན་དགའ་ར་བའམ་ནགས་ཚལ་ལམ་རྫིང་བུ་ཉམས་དགའ་བ་མི་མང་བ་དང་འཇིགས་པའི་རྒྱུ་མང་པོ་དང་ལྡན་པ་དང༌། བརྣབ་སེམས་ཀྱི་ནི། ཕུན་སུམ་


JLD013_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ཐམས་ཅད་ལོ་རེ་རེ་དང་དུས་ཚིགས་དང་ཟླ་བ་དང་ཞག་རེ་རེར་ཡང་ཉམས་ཤིང་འབྲི་ལ་འཕེལ་བ་ནི་མིན་པ་དང༌། གནོད་སེམས་ཀྱི་ནི། ཡམས་དང་གནོད་པ་དང་ནད་འགོ་བ་དང་འཁྲུག་པ་དང་ཕ་རོལ་གྱི་དམག་ཚོགས་ལས་འཁྲུག་ལོང་མང་བ་དང་སེང་གེ་དང་སྟག་ལ་སོགས་པ་དང་སྦྲུལ་གདུག་དང་སྡིག་པ་དང་སྲིན་གྱི་མེ་མང་བ་དང་གནོད་སྦྱིན་གདུག་པ་དང་ཆོམ་རྐུན་ལ་སོགས་པ་མང་བ་དང༌། ལོག་ལྟའི་ནི། སྣོད་ཀྱི་འཇིག་རྟེན་ན་འབྱུང་ཁུངས་མཆོག་དང་གཙོ་བོ་དག་ནུབ་པར་འགྱུར་བ་དང་དངོས་པོ་མི་གཙང་བ་དང་སྡུག་བསྔལ་བ་དག་མཆོག་ཏུ་གཙང་བ་དང་བདེ་བར་སྣང་བ་དང་གནས་དང་སྐྱོབ་པ་དང་སྐྱབས་མེད་པར་འགྱུར་བའོ། །དཀར་པོའི་ལས་འབྲས་བསམ་པ་ལ་གཉིས། དཀར་པོའི་ལས་དང༌། འབྲས་བུའོ། །དང་པོ་ནི། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་ལོག་པར་གཡེམ་པ་ལ་ཉེས་དམིགས་ཀྱི་བསམ་པ་ཅན་དགེ་བའི་སེམས་དང་ལྡན་པས་དེ་དག་ཡང་དག་པར་སྡོམ་པའི་སྦྱོར་བ་བྱས་པ་དང་བསྡམས་པ་མཐར་ཐུག་པར་བྱས་པའི་ལུས་ཀྱི་ལས་སོ། །དེ་བཞིན་དུ་ངག་གི་བཞི་དང་ཡིད་ཀྱི་གསུམ་ལ་ཡང་སྦྱར་ཏེ་ཁྱད་པར་ནི་ངག་གི་ལས་དང་ཡིད་ཀྱི་ལས་ཞེས་བྱའོ། །ཞེས་སའི་དངོས་གཞིར་གསུངས་པས། གཞི་དང་བསམ་པ་དང་སྦྱོར་བ་དང་མཐར་ཐུག་རྣམས་ཅི་རིགས་པར་སྦྱར་ཏེ། སྲོག་གཅོད་སྤོང་བའི་ལས་ལམ་ལ་མཚོན་ན། གཞི་ནི་སེམས་ཅན་གཞན་ནོ། །བསམ་པ་ནི་ཉེས་དམིགས་མཐོང་ནས་སྤོང་བར་


JLD013_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའོ། །སྦྱོར་བ་ནི་གསོད་པ་ཡང་དག་པར་བསྡམས་པའི་འདུ་བྱེད་དོ། །མཐར་ཐུག་ནི་ཡང་དག་པར་བསྡམས་པ་རྫོགས་པའི་ལུས་ཀྱི་ལས་སོ། །ཚུལ་དེས་གཞན་ཡང་ཤེས་པར་བྱའོ། །འབྲས་བུ་ལ་གསུམ་ལས། རྣམ་སྨིན་ནི་དགེ་བའི་ལས་ཆུང་ངུ་དང་འབྲིང་དང་ཆེན་པོས་མི་དང་འདོད་པའི་ལྷ་དང་ཁམས་གོང་མ་གཉིས་ཀྱི་ལྷར་སྐྱེའོ། །རྒྱུ་མཐུན་དང་བདག་པོའི་འབྲས་བུ་ནི་མི་དགེ་བ་ལས་ལྡོག་སྟེ་སྦྱར་རོ། །ས་བཅུ་པ་ལས་ནི། བཅུ་པོ་འདི་དག་འཁོར་བས་སྐྲག་ནས་སྙིང་རྗེ་དང་བྲལ་བར་གཞན་གྱི་སྒྲའི་རྗེས་སུ་འབྲངས་ནས་བསྒོམས་པས་ནི་ཉན་ཐོས་ཀྱི་འབྲས་བུ་འགྲུབ་བོ། །ཡང་སྙིང་རྗེ་མེད་པར་གཞན་གྱི་དྲིང་མི་འཇོག་ཅིང་རང་ཉིད་འཚང་རྒྱ་བར་འདོད་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པས་སྦྱངས་ན་ནི་རང་རྒྱལ་བ་འགྲུབ་བོ། །སེམས་རྒྱ་ཆེ་བས་སྙིང་རྗེ་དང་ཐབས་མཁས་པ་དང་སྨོན་ལམ་ཆེན་པོ་དང་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང་སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པ་ལ་དམིགས་པས་སྦྱངས་ན་བྱང་ཆུབ་སེམས་དཔའི་ས་དང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འགྲུབ་བོ། །དེ་རྣམ་པ་ཐམས་ཅད་དུ་ཆེས་སྦྱངས་པ་ལས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་པར་གསུངས་སོ། །དེ་ལྟར་ལས་ལམ་བཅུ་ཚན་གཉིས་འབྲས་བུ་དང་བཅས་པའི་བཤད་པ་གཞུང་གཞན་ནས་འབྱུང་བའི་གསལ་ཁ་མེད་པ་ཐམས་ཅད་ནི་སའི་དངོས་གཞི་དང་གཏན་ལ་དབབ་པ་བསྡུ་བའི་དགོངས་པ་བཞིན་བཤད་པའོ། །གསུམ་པ་ལས་ཀྱི་རབ་ཏུ་དབྱེ་བ་གཞན་བསྟན་པ་ལ། འཕེན་རྫོགས་ཀྱི་དབྱེ་བ་


JLD013_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བདེ་འགྲོ་འཕེན་པའི་ལས་ནི་དགེ་བ་དང༌། ངན་འགྲོ་འཕེན་པའི་ལས་ནི་མི་དགེ་བ་ཡིན་ལ། རྫོགས་བྱེད་ལ་ངེས་པ་མེད་དེ། བདེ་འགྲོར་ཡང་ཡན་ལག་དང་ཉིང་ལག་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང་ཚེ་ཐུང་བ་དང་ནད་མང་བ་དང་དབུལ་བ་སོགས་ནི་མི་དགེ་བས་བྱེད་ལ། དུད་འགྲོ་དང་ཡི་དྭགས་ལའང་དཔལ་འབྱོར་ཕུན་སུམ་ཚོགས་པ་ཡོད་པ་ནི་དགེ་བས་བྱེད་དོ། །དེ་ལྟར་ན་འཕེན་བྱེད་དགེ་བས་འཕངས་པ་ལ་རྫོགས་བྱེད་ཀྱང་དགེ་བས་རྫོགས་པ་དང་མི་དགེ་བས་རྫོགས་པ་གཉིས་དང༌། འཕེན་བྱེད་མི་དགེ་བས་འཕངས་པ་ལ་རྫོགས་བྱེད་མི་དགེ་བས་རྫོགས་པ་དང་དགེ་བས་རྫོགས་པ་གཉིས་ཏེ་མུ་བཞིའོ། །ཀུན་ལས་བཏུས་ལས། དགེ་བ་དང་མི་དགེ་བའི་ལས་ཀྱིས་ནི་བདེ་འགྲོ་དང་ངན་འགྲོར་སྐྱེ་བ་འཕེན་པ་དང་ཡོངས་སུ་རྫོགས་པར་བྱེད་པའི་ལས་སུ་རིག་པར་བྱའོ། །འཕེན་པ་ནི་གང་གིས་རྣམ་པར་སྨིན་པ་འཕེན་པའོ། །ཡོངས་སུ་རྫོགས་པར་བྱེད་པ་ནི་གང་གིས་སྐྱེས་པ་ན་འདོད་པ་དང་མི་འདོད་པ་མྱོང་བའོ། །ཞེས་སོ། །མཛོད་ལས། གཅིག་གིས་སྐྱེ་བ་གཅིག་འཕེན་ནོ། །ཡོངས་རྫོགས་བྱེད་པ་དུ་མ་ཡིན། །ཞེས་ལས་གཅིག་གིས་སྐྱེ་བ་གཅིག་འཕེན་གྱི་དུ་མ་མི་འཕེན་ལ། རྫོགས་བྱེད་ལ་དུ་མ་ཡོད་པ་དང་དུ་མས་ཀྱང་གཅིག་མི་འཕེན་པར་བཤད་དོ། །ཀུན་ལས་བཏུས་ལས་ནི། ལས་གཅིག་གིས་ལུས་གཅིག་འཕེན་པའི་ལས་ཀྱང་ཡོད། ལས་གཅིག་གིས་ལུས་དུ་མ་འཕེན་པའི་ལས་ཀྱང་ཡོད། ལས་དུ་མས་ལུས་གཅིག་


JLD013_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་པའི་ལས་ཀྱང་ཡོད། ལས་དུ་མས་ལུས་དུ་མ་འཕེན་པའི་ལས་ཀྱང་ཡོད་དོ། །ཞེས་གསུངས་ཏེ། འགྲེལ་པ་ལས། ལས་ཀྱི་སྐད་ཅིག་གཅིག་གིས་ཚེ་གཅིག་ཁོ་ནའི་རྣམ་སྨིན་གྱི་ས་བོན་གསོ་བ་དང༌། ལས་དེས་ཚེ་རབས་དུ་མའི་རྣམ་སྨིན་གྱི་ས་བོན་གསོ་བ་དང༌། ལས་ཀྱི་སྐད་ཅིག་མང་པོས་གཅིག་པུ་དེ་ཉིད་ཀྱི་ས་བོན་ཡང་ཡང་གསོ་བ་དང༌། མང་པོ་ཕན་ཚུན་བལྟོས་ནས་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ས་བོན་ཡང་ཡང་གསོ་བ་ལ་བཤད་དོ། །མྱོང་བར་ངེས་པ་དང་མ་ངེས་པའི་ལས་ནི། སའི་དངོས་གཞི་ལས། མྱོང་བར་འགྱུར་བར་ངེས་པའི་ལས་ནི། བསམས་བཞིན་དུ་བྱས་པ་དང་བསགས་པ་གང་ཡིན་པའོ། །མྱོང་བར་འགྱུར་བར་མ་ངེས་པའི་ལས་ནི། བསམས་བཞིན་དུ་བྱས་ལ་མ་བསགས་པ་གང་ཡིན་པའོ། །ཞེས་གསུངས་པ་ལྟར་རོ། །བྱས་པ་དང་བསགས་པའི་ཁྱད་པར་ནི། དེ་ཉིད་ལས། བྱས་པའི་ལས་གང་ཞེ་ན། བསམས་པའམ་བསམས་ནས་ཀྱང་ལུས་དང་ངག་གིས་ཀུན་ནས་བསླངས་པ་གང་ཡིན་པའོ། །ཞེས་དང༌། བསགས་པའི་ལས་ནི། ལས་རྣམ་པ་བཅུ་མ་གཏོགས་པ་སྟེ། འདི་ལྟ་སྟེ། རྨི་ལམ་དུ་བྱས་པ་དང་། མ་ཤེས་པར་བྱས་པ་དང་། བསམས་བཞིན་མིན་པར་བྱས་པ་དང་། དྲག་པོ་མིན་ལ་རྒྱུན་ཆགས་མིན་པར་བྱས་པ་དང་། ནོར་བར་བྱས་པ་དང་། བརྗེད་པས་བྱས་པ་དང་། མི་འདོད་བཞིན་དུ་བྱས་པ་དང་། རང་བཞིན་གྱིས་ལུང་དུ་མ་བསྟན་པ་དང་། འགྱོད་པས་བསལ་བ་དང་། གཉེན་པོས་བསལ་བ་སྟེ། ལས་རྣམ་པ་བཅུ་པོ་འདི་དག་


JLD013_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་གཏོགས་པའི་ལས་གཞན་གང་ཡིན་པའོ། །མ་བསགས་པའི་ལས་ནི་རྣམ་པ་བཅུ་པོ་ཇི་སྐད་བསྟན་པ་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །གཏན་ལ་དབབ་པ་བསྡུ་བར་ཡང་མུ་བཞི་བཤད་དེ། སྲོག་གཅོད་བྱས་ལ་མ་བསགས་པ་ནི། མི་མཁས་པས་བྱས་པ་དང་། རྨི་ལམ་ན་བྱས་པ་དང་། ཆེད་དུ་མ་བྱས་པ་དང་། མི་འདོད་བཞིན་དུ་གཞན་གྱིས་ནན་གྱིས་བྱེད་དུ་བཅུག་པ་དང༌། ལན་ཅིག་ཁོ་ན་བྱས་ཤིང་དེ་ནས་ཀྱང་འགྱོད་པ་དང་། ཉེས་དམིགས་ཀྱི་སེམས་དྲག་པོས་བཅོམ་ནས་སྤོང་བའི་སྡོམ་པ་བླངས་ནས་ཤིན་ཏུ་སྲབ་མོར་བྱས་པ་དང༌། རྣམ་སྨིན་མ་བསྐྱེད་པར་འཇིག་རྟེན་པའི་ཆགས་བྲལ་གྱིས་ས་བོན་ཉམས་སྨད་པ་དང༌། འཇིག་རྟེན་ལས་འདས་པའི་སྤོང་ལམ་གྱིས་ས་བོན་ཡང་དག་པར་བཅོམ་པའོ། །བསགས་ལ་མ་བྱས་པ་ནི། སྲོག་ཆགས་བསད་པའི་ཕྱིར་ཡུན་རིང་པོ་ནས་རྗེས་སུ་རྟོག་ཅིང་དཔྱོད་པར་བྱེད་ལ་སྲོག་ནི་མ་བཅད་པའོ། །བྱས་ལ་བསགས་པ་ནི། མུ་སྔ་མ་གཉིས་ལས་མ་གཏོགས་པའི་སྲོག་བཅད་པ་ཐམས་ཅད་དོ། །མ་བྱས་ཤིང་མ་བསགས་པ་ནི་གསུམ་པོ་དེ་མ་གཏོགས་པའོ། །མ་བྱིན་ལེན་ནས་ངག་བཀྱལ་པའི་བར་ཡང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱ་ལ། ཡིད་ཀྱི་གསུམ་ལ་མུ་གཉིས་པ་མེད་ཅིང་མུ་དང་པོ་ལ་ཡང་ཆེད་དུ་མ་བྱས་པ་དང་གཞན་གྱིས་བྱེད་དུ་བཅུག་པ་ཡང་མེད་དོ། །མྱོང་བར་ངེས་པ་ལ་འབྲས་བུ་མྱོང་བའི་དུས་ཀྱི་སྒོ་ནས་གསུམ་མོ། །དེ་ལ་མཐོང་ཆོས་ལ་མྱོང་བ་ནི། ལས་


JLD013_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འབྲས་བུ་ཚེ་དེ་ཉིད་ལ་སྨིན་པར་འགྱུར་བའོ། །དེ་ཡང་བརྒྱད་དེ། ལུས་དང་ལོངས་སྤྱོད་དང་སྲིད་པ་ལ་ལྟ་བ་ཤས་ཆེ་བའི་བསམ་པས་ནི་མི་དགེ་བ་ཚེ་འདིར་མྱོང་བར་འགྱུར་བའོ། །དེ་དག་ལ་མི་ལྟ་བ་ཤས་ཆེ་བའི་བསམ་པས་ནི་དགེ་བའོ། །དེ་བཞིན་དུ་སེམས་ཅན་ལ་གནོད་སེམས་ཤས་ཆེ་བ་དང༌། སྙིང་རྗེ་ཞིང་ཕན་སེམས་ཤས་ཆེ་བ་དང༌། ཡང་དཀོན་མཆོག་དང་བླ་མ་ལ་སོགས་པ་ལ་མནར་སེམས་ཤས་ཆེ་བ་དང༌། དེ་དག་ལ་དད་པ་དང་མོས་པའི་བསམ་པ་ཤས་ཆེ་བ་དག་དང༌། ཡང་ཕ༌མ་དང་བླ་མ་ལ་སོགས་པ་ཕན་འདོགས་པ་ལ་འཁུ་ཞིང་བྱས་པ་མི་གཟོ་བའི་བསམ་པས་ནི་མི་དགེ་བ་ཚེ་འདིར་མྱོང་ལ། སླར་ཕན་འདོགས་པས་བྱས་པ་གཟོ་བའི་བསམ་པ་ཤས་ཆེ་བས་ནི་དགེ་བ་ཚེ་འདི་ལ་མྱོང་བར་འགྱུར་བར་སའི་དངོས་གཞི་ལས་གསུངས་སོ། །སྐྱེས་ནས་མྱོང་བར་འགྱུར་བ་ནི། ཚེ་གཉིས་པ་ལ་འབྲས་བུ་མྱོང་བའོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ནི། ཚེ་གསུམ་པ་ཕན་ཆད་དུ་སྨིན་པར་འགྱུར་བའོ། །དགེ་མི་དགེའི་ལས་མང་པོ་རྒྱུད་ལ་ཡོད་པ་རྣམས་ཀྱི་སྨིན་ཚུལ་ནི། ལས་གང་ལྕི་བ་དེ་ཐོག་མར་སྨིན་ནོ། །ལྕི་ཡང་མཉམ་ན་འཆི་བའི་དུས་ན་གང་མངོན་དུ་གྱུར་པ་དེ་ཐོག་མར་སྨིན་ནོ། །དེ་ཡང་འདྲ་ན་གང་གོམས་པ་ཤས་ཆེ་བ་དེའོ། །དེ་ཡང་འདྲ་ན་ཐོག་མར་བྱས་པ་དེ་སྔོན་ལ་སྨིན་ཏེ། མཛོད་འགྲེལ་དུ། ལས་ཀྱིས་འཁོར་བར་ལྕི་གང་དང༌། །ཉེ་བ་གང་དང་གོམས་པ་གང༌། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །


JLD013_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དྲངས་པ་ལྟར་རོ། །གཉིས་པ་བྱེ་བྲག་ཏུ་བསམ་པ་ནི། མི་དགེ་བཅུ་སྤོང་གིས་ཀྱང་རྟེན་བཟང་པོ་ཞིག་རྙེད་མོད་ཀྱང་རྣམ་མཁྱེན་བསྒྲུབ་པའི་རྟེན་མཚན་ཉིད་ཚང་བ་ཞིག་གྲུབ་ན་ལམ་བསྒོམ་པའི་ས་ཆོད་གཞན་དང་མི་འདྲ་བས་རྟེན་དེ་བསྒྲུབ་པར་བྱའོ། །འདི་ལ་གསུམ། རྣམ་སྨིན་གྱི་ཡོན་ཏན། རྣམ་སྨིན་གྱི་འབྲས་བུ། རྣམ་སྨིན་གྱི་རྒྱུའོ། །དང་པོ་ལ་བརྒྱད་ལས། ཚེ་ཕུན་སུམ་ཚོགས་པ་ནི། སྔོན་གྱི་འཕེན་པས་ཚེ་རིང་དུ་འཕེན་ཞིང་འཕངས་པ་ལྟར་ཚེ་ཡུན་རིང་དུ་གནས་པའོ། །ཁ་དོག་ཕུན་སུམ་ཚོགས་པ་ནི། ཁ་དོག་དང་དབྱིབས་ལེགས་པས་གཟུགས་བཟང་ཞིང་དབང་པོ་མ་ཚང་བ་མེད་པས་བལྟ་ན་སྡུག་ལ་ཆུ་ཞེང་གབ་པས་མཛེས་པའོ། །རིགས་ཕུན་སུམ་ཚོགས་པ་ནི། འཇིག་རྟེན་པས་བཀུར་ཞིང་གྲགས་པའི་རིགས་མཐོན་པོ་རྣམས་སུ་སྐྱེས་པའོ། །དབང་ཕྱུག་ཕུན་སུམ་ཚོགས་པ་ནི། ལོངས་སྤྱོད་ཆེ་བ་དང་གཉེན་ལ་སོགས་པའི་རྩ་འཇིང་ཆེ་བ་དང་འཁོར་ཕལ་ཆེ་བའོ། །ཚིག་བཙུན་པ་ནི། ལུས་ངག་གིས་གཞན་མི་སླུ་བའི་ཡིད་བརྟན་དུ་རུང་ལ་རྩོད་པ་ཐམས་ཅད་ཀྱི་དཔང་པོ་ལ་ཚད་མར་འོས་པས་སེམས་ཅན་རྣམས་ཀྱིས་ཚིག་འཛིན་པར་འགྱུར་བའོ། །དབང་ཆེ་བར་གྲགས་པ་ནི། སྦྱིན་པ་ལ་དཔའ་བའམ་བརྩོན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལས་གྲགས་པ་དང་སྙན་པ་ཆེ་ཞིང་དེ་ལས་སྐྱེ་བོའི་ཚོགས་ཆེན་པོའི་མཆོད་གནས་སུ་གྱུར་པའོ། །སྐྱེས་པ་ཉིད་ནི། ཕོའི་དབང་པོ་དང་ལྡན་པའོ། །སྟོབས་དང་ལྡན་པ་ནི།


JLD013_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་ལས་ཀྱི་མཐུས་རང་བཞིན་གྱིས་གནོད་པ་ཆུང་ཞིང་ནད་མེད་པ་དང་ཚེ་འདིའི་རྐྱེན་ལས་བྱུང་བའི་སྤྲོ་བ་ཆེ་བའོ། །དེ་ཡང་བདེ་འགྲོར་གནས་པ་ནི་དང་པོའོ། །ལུས་ནི་གཉིས་པའོ། །སྐྱེ་བ་ནི་གསུམ་པའོ། །ལོངས་སྤྱོད་དང་འཁོར་ནི་བཞི་པའོ། །ལྔ་པ་ནི་འཇིག་རྟེན་པའི་ཚད་མའོ། །དྲུག་པ་ནི་དེའི་གྲགས་པའོ། །བདུན་པ་ནི་ཡོན་ཏན་ཐམས་ཅད་ཀྱི་སྣོད་དང༌། བརྒྱད་པ་ནི་བྱ་བ་རྣམས་ལ་མཐུ་དང་ལྡན་པའོ། །རྣམ་སྨིན་གྱི་འབྲས་བུ་ལ་བརྒྱད་ལས། དང་པོ་ནི། རང་དང་གཞན་གྱི་དོན་ལས་བརྩམས་ནས་ཡུན་རིང་པོར་དགེ་བ་མང་པོ་གསོག་པར་བྱེད་པའོ། །གཉིས་པ་ནི། མཐོང་བ་ཙམ་གྱིས་གདུལ་བྱ་དགའ་ནས་འདུ༌ལ། དེའི་ཚིག་མཉན་པ་དང་བྱ་བར་སེམས་པའོ། །གསུམ་པ་ནི། བསྒོ་བ་ལས་མི་འདའ་བར་བསྒྲུབ་པའོ། །བཞི་པ་ནི། སྦྱིན་པས་སེམས་ཅན་རྣམས་བསྡུས་ཏེ་སྨིན་པར་བྱེད་པའོ། །ལྔ་པ་ནི། སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པས་སེམས་ཅན་རྣམས་སྡུད་ཅིང་སྨིན་པར་བྱེད་པའོ། །དྲུག་པ་ནི། བྱ་བ་ཐམས་ཅད་ཀྱི་གྲོགས་བྱས་ཏེ་ཕན་བཏགས་པས་བྱས་པ་གཟོ་ཞིང་མྱུར་དུ་བསྒོ་བ་ཉན་པའོ། །བདུན་པ་ནི། ཡོན་ཏན་ཐམས་ཅད་ཀྱི་སྣོད་དང་འདུན་པ་དང་རྩོལ་བས་བྱ་བརྩལ་ཐམས་ཅད་ཀྱི་སྣོད་དང་ཤེས་རབ་ཡངས་པ་ཤེས་བྱ་རབ་ཏུ་འབྱེད་པའི་སྣོད་དུ་འགྱུར་ལ། གཞན་ཡང་འཁོར་དུ་མི་འཇིགས་པ་དང་སེམས་ཅན་ཐམས་ཅད་དང་ལྷན་ཅིག་འགྲོ་བའམ་སྨྲ་བའམ་ལོངས་སྤྱོད་པའམ་དབེན་པར་གནས་པ་ལ་བཟློག་པ་དང་གེགས་བྱེད་པ་མེད་པའོ། །བརྒྱད་


JLD013_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། རང་དང་གཞན་གྱི་དོན་གང་ལ་ཡང་མི་སྐྱོ་ཞིང་སྤྲོ་ཤུགས་ཆེ་ལ་བརྟན་པས་སོ་སོར་རྟོག་པའི་སྟོབས་ཐོབ་ནས་མངོན་པར་ཤེས་པ་མྱུར་བའོ། །རྣམ་སྨིན་གྱི་རྒྱུ་བརྒྱད་ལས། དང་པོ་ནི། སེམས་ཅན་ལ་མི་འཚེ་བ་དང་མི་འཚེ་བའི་བསམ་པ་བསྟེན་པའོ། །གཞན་ཡང༌། གསོད་སར་ཆུད་པ་ལེགས་བཏང་དང༌། །དེ་བཞིན་སྲོག་གིས་ཕན་བཏགས་ཤིང༌། །སྲོག་ཆགས་འཚེ་བ་ལས་ལྡོག་པས། །ཚེ་རིང་བ་ནི་འཐོབ་པར་འགྱུར། །ནད་པའི་བསྙེན་བཀུར་བྱས་སྨན་པ། །སྨན་ནི་རབ་ཏུ་བྱིན་པ་དང༌། །སྲོག་ཆགས་བོང་བ་དབྱིག་སོགས་ཀྱིས། །འཚེ་བ་མེད་ལས་ནད་མེད་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། མར་མེ་ལ་སོགས་པའི་སྣང་བ་དང་གོས་སར་བ་སྦྱིན་པའོ། །གཞན་ཡང༌། ཁྲོ་བ་མེད་ལ་བརྟེན་པ་དང༌། །རྒྱན་བྱིན་པ་ཡིས་གཟུགས་བཟང་ཉིད། །ཕྲག་དོག་མེད་པའི་འབྲས་བུ་ནི། །སྐལ་བ་བཟང་པོར་རབ་ཏུ་བཤད། །ཅེས་སོ། །གསུམ་པ་ནི། ང་རྒྱལ་བཅོམ་ནས་བླ་མ་ལ་སོགས་པ་ལ་ཕྱག་ལ་སོགས་པ་དང་གཞན་ལ་བྲན་ལྟར་གུས་པར་བྱས་པའོ། །བཞི་པ་ནི། ཟས་གོས་ལ་སོགས་པ་སློང་བ་ལ་དེ་དག་སྦྱིན་པ་དང་མི་སློང་ཡང་ཕན་འདོགས་པ་དང༌། སྡུག་བསྔལ་བ་དང་ཡོན་ཏན་གྱི་ཞིང་ཡོ་བྱད་མེད་པ་ལ་ཕར་སྦྱིན་པའོ། །ལྔ་པ་ནི། ངག་གི་མི་དགེ་བ་བཞི་སྤོང་བ་ལ་གོམས་པའོ། །དྲུག་པ་ནི། ཕྱི་མ་ལ་རང་ལ་ཡོན་ཏན་སྣ་ཚོགས་བསྒྲུབ་པར་སྨོན་ལམ་འདེབས་ཤིང་དཀོན་མཆོག་གསུམ་ལ་མཆོད་


JLD013_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཕ་མ་དང་ཉན་རང་དང་མཁན་སློབ་དང་བླ་མ་ལ་མཆོད་པར་བྱེད་པའོ། །བདུན་པ་ནི། སྐྱེས་པའི་ཡོན་ཏན་ལ་དགའ་བ་དང་བུད་མེད་ཀྱི་དངོས་པོ་ལ་མི་དགའ་ཞིང་ཉེས་དམིགས་སུ་ལྟ་བ་དང་བུད་མེད་ཀྱི་ལུས་འདོད་པ་རྣམས་འདུན་པ་བཟློག་པ་དང་ཕོའི་དབང་པོ་གཅོད་པ་རྣམས་ཐར་བར་བྱེད་པའོ། །བརྒྱད་པ་ནི། གཞན་གྱིས་གཏན་མི་ནུས་པ་རང་གིས་བྱེད་པ་དང་རང་དང་བསྡོམས་པས་ནུས་པ་ལ་གྲོགས་བྱེད་པ་དང་བཟའ་བ་དང་བཏུང་བ་སྟེར་བའོ། །རྒྱུ་བརྒྱད་པོ་དེ་རྒྱུ་གསུམ་དང་ལྡན་ན་རྣམ་པར་སྨིན་པ་རྣམས་ཕུལ་དུ་བྱུང་བར་འགྱུར་རོ། །རྒྱུ་གསུམ་ལ་སེམས་རྣམ་པར་དག་པ་ལ། རང་ལ་ལྟོས་པ་གཉིས་ནི། རྒྱུ་བསྒྲུབས་པའི་དགེ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ནི་རྣམ་སྨིན་ལ་མི་རེ་བའོ། །སྙིང་ཐག་པ་ནས་རྒྱུ་རྣམས་བསྒྲུབ་པ་ནི། ཤུགས་དྲག་པའོ། །གཞན་ལ་ལྟོས་པ་གཉིས་ནི། ཆོས་མཐུན་པ་རབ་འབྲིང་ཐ་གསུམ་མཐོང་ན་ཕྲག་དོག་དང་འགྲན་པ་དང་བརྙས་པ་སྤངས་ནས། རྗེས་སུ་ཡི་རང་བ་དང་དེ་དག་ལྟར་མ་ནུས་ན་ཡང་ཉིན་རེ་བཞིན་དུ་སྤྱད་བྱར་ལན་མང་དུ་རྟོག་པའོ། །སྦྱོར་བ་དག་པ་ལ། རང་ལ་ལྟོས་ནས་ནི། དུས་རིང་བ་དང་བར་མ་ཆད་པ་དང་ཤུགས་དྲག་པའོ། །གཞན་ལ་ལྟོས་པ་ནི། ཡང་དག་པར་མ་བླངས་པ་ལེན་དུ་གཞུག་པ་དང༌། བླངས་པ་རྣམས་དགའ་བ་བསྐྱེད་པའི་ཕྱིར་བསྔགས་པ་བརྗོད་པ་དང་རྒྱུན་མི་འཆད་པར་བྱེད་པ་དང་མི་འདོར་བར་བྱེད་པའོ། །ཞིང་དག་པ་ནི། བསམ་སྦྱོར་དེ་གཉིས་ཉིད་འབྲས་བུ་མང་


JLD013_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཟང་བ་སྟེར་བས་ན་ཞིང་དུ་འདྲ་བས་སོ། །དེ་དག་ནི་བྱང་ས་ནས་གསུངས་པ་ལ་འགྲེལ་པས་ཁ་བསྐང་ནས་བཤད་པའོ། །གསུམ་པ་བསམས་ནས་འཇུག་ལྡོག་བྱ་བའི་ཚུལ་ལ། སྤྱིར་བསྟན་པ་དང༌། ཁྱད་པར་དུ་སྟོབས་བཞིས་སྦྱང་བའི་ཚུལ་ལོ། །དང་པོ་ནི། སྤྱོད་འཇུག་ལས། མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་དང༌། དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །དེའི་ཡང་རྩ་བ་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་བསྒོམས་པས་སོ། །ཞེས་གསུངས་པ་ལྟར། དཀར་ནག་གི་ལས་དང་འབྲས་བུ་ཤེས་པར་བྱས་ནས་ཤེས་པ་ཙམ་ལ་མི་འཇོག་པར་ཡང་དང་ཡང་དུ་བསྒོམ་པར་བྱ་སྟེ། འདི་ཤིན་ཏུ་ལྐོག་ཏུ་གྱུར་པས་ངེས་པ་ཆེས་རྙེད་དཀའ་བའི་ཕྱིར་རོ། །དེ་ཡང་ཏིང་ངེ་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པ་གནས་ལྟུང་ཞིང༌། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང༌། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང༌། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་གསུང་ལ་ཡིད་ཆེས་པར་བྱས་ལ་བསྐྱང་སྟེ། འདི་ལ་བཅོས་མིན་གྱི་ངེས་པ་མ་རྙེད་ན་ཆོས་གང་ལ་ཡང་རྒྱལ་བ་དགྱེས་པའི་ངེས་པ་མི་རྙེད་དོ། །ཁ་ཅིག་སྟོང་པ་ཉིད་ལ་ངེས་པ་རྙེད་པ་སྐད་ཟེར་ནས་ལས་དང་འབྲས་བུ་ལ་ངེས་པ་མེད་ཅིང་དེ་ལ་མི་བརྩི་


JLD013_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་སྟོང་ཉིད་ཀྱི་གོ་བ་ཕྱིན་ཅི་ལོག་ཏུ་སོང་བ་སྟེ། སྟོང་ཉིད་གོ་ན་ནི་དེ་ཉིད་རྟེན་འབྲེལ་གྱི་དོན་དུ་མཐོང་ནས་ལས་འབྲས་ལ་ངེས་པ་སྐྱེ་བའི་གྲོགས་སུ་འགྱུར་བའི་ཕྱིར་ཏེ། མདོ་དེ་ཉིད་ལས། སྒྱུ་མ་ཆུ་བུར་སྨིག་རྒྱུ་གློག་འདྲ་ཞིང་། །ཆོས་རྣམས་ཐམས་ཅད་ཆུ་ཡི་ཟླ་བ་བཞིན། །ཤི་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེས་པ་མི་དམིགས་ཀྱང༌། །ལས་རྣམས་བྱས་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །རིགས་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་གསུངས་སོ། །དེས་ན་རྟེན་འབྲེལ་ལས་གཉིས་རྒྱུ་དང་འབྲས་བུར་བཅས་པ་ལ་ངེས་པ་བསྐྱེད་ཅིང་། ཉིན་མཚན་ཀུན་ཏུ་སྒོ་གསུམ་ལ་རྟོག་པ་ཞིག་གིས་ངན་འགྲོ་གཅོད་ཀྱི། ཐོག་མར་རྒྱུ་འབྲས་ཀྱི་རྣམ་དབྱེ་ལ་མི་མཁས་ཤིང་ཅུང་ཟད་ཤེས་ཀྱང་སྒོ་གསུམ་བག་ཡངས་སུ་འཇུག་པ་ནི་ངན་འགྲོའི་སྒོ་འབྱེད་པ་ཁོ་ན་སྟེ། རྒྱ་མཚོས་ཞུས་པ་ལས། ཀླུའི་བདག་པོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་གཅིག་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བ་ཡང་དག་པར་གཅོད་དོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་མཚན་རྣམས་འདའ་ཞིང་འདུག་སྙམ་དུ་དགེ་བའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རྒྱུད་ལ་བརྟགས་པ་ན་གོང་མ་རྣམས་ཀྱི་ཞལ་ནས། ལས་རྒྱུ་འབྲས་ཀྱི་སྐབས་འདིར་ཆོས་དང་བསྟུན་པ་ན་ཡེ་མ་


JLD013_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན། འདིར་འོ་སྐོལ་འཕྱུགས། དེས་ན་ཡེ་མི་ཐར། ལས་འབྲས་དང་བསྟུན་ནས་མཐུན་ནམ་མི་མཐུན་བལྟ་བ་ཡིན། ཆོས་ཀྱིས་རང་རྒྱུད་ཞུས་དག་བྱས་ཙ་ན་མཐུན་པ་ཡེ་མེད་མ་མཐུན་པ་ལ་ཞེ་ཐག་པ་ནས་དེ་ལྟར་རིག་རྒྱུ་ཞིག་བྱུང་ན་མཁས་པ་ཡིན་ཏེ། ཚོམས་ལས། བྱིས་པ་གང་ཞིག་བྱིས་པའོ་ཞེས། །ཤེས་པ་དེ་འདིར་མཁས་པ་ཡིན། །ཞེས་གསུངས་སོ། །ཆོས་དང་བསྟུན་ཙ་ན་རོ་ཁུར་བ་ལྟར་རྒྱབ་བསྣོལ་དུ་སོང་བ་ལ་ཆོས་པ་དང་མཁས་བཙུན་གྱི་ཡང་རྩེར་རེ་ན་བྱིས་པའི་ཐ་ཆད་ཡིན་ཏེ། ཚོམས་ལས། བྱིས་པ་གང་ཞིག་མཁས་སེམས་པ། །དེ་ནི་བྱིས་པ་ཞེས་བརྗོད་དོ། །ཞེས་གསུངས་པས། མཐའ་ནའང་ཆོས་ལ་ཤེད་དབྱེ་སོམ་གཞིག་གསུང་ངོ་། །པོ་ཏོ་བ་ཡང་སྐྱེས་རབས་ཀྱི་འདི་དྲངས་ནས་རྒྱུད་ལ་བརྟག་དགོས་པར་བཞེད་དེ། ཇི་སྐད་དུ། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང༌། །རྒྱ་མཚོའི་ཕ་རོལ་ཚུ་རོལ་འགྲམ་ཡང་རིང༌། །ཤར་ནུབ་གཉིས་ཀྱི་རི་བར་དེ་བས་རིང༌། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང༌། །ཞེས་གསུངས་ཏེ། ཕལ་པ་རང་ཅག་དང་ཆོས་གཉིས་དཔེ་དེ་དག་དང་འདྲ་བར། བར་ན་འགྱངས་ཆེན་པོ་ཡོད་པར་གསུངས་སོ། །ཚིགས་བཅད་འདི་ནི་བྱང་སེམས་ཟླ་བས་བྲམ་ཟེ་ལེགས་བཤད་ཀྱི་སྐྱེས་ཁྱེར་འོངས་པ་ཞིག་ལ་སྲང་སྟོང་ཕུལ་ནས་བླངས་པའི་ཆོས་སོ། །སྟོད་ལུང་པའི་ཞལ་ནས་ཀྱང་རྟོག་ཤེས་པ་ཞིག་གིས་བརྟགས་ན་རེ་ཞིག་ལ་དྲུ་གུ་རྦབ་ལ་བཏང་


JLD013_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་ཆོས་དང་ཇེ་རིང་སོང་བ་ཞིག་འོང་གསུང་ངོ་། །དེ་ལྟར་བསམས་ནས་ཀྱང་ཉེས་སྤྱོད་ལས་ལྡོག་པའི་ཚུལ་ནི། བདེན་པ་པོའི་ལེའུ་ལས། རྒྱལ་པོ་ཁྱོད་ནི་སྲོག་གཅོད་མ་མཛད་ཅིག །སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་ཕངས། །དེ་བས་ཡུན་རིང་ཚེ་བསྲུང་སུ་འདོད་པས། །ཡིད་ཀྱི་དགུ་ལའང་སྲོག་གཅོད་མི་བསམ་མོ། །ཞེས་གསུངས་པ་ལྟར། མི་དགེ་བ་བཅུ་དང་གཞན་ཡང་སྔར་བཤད་པའི་ཁ་ན་མ་ཐོ་བ་རྣམས་ལ་ཀུན་སློང་གི་བསམ་པ་ཙམ་ཡང་མི་རྒྱུ་བར་སྡོམ་སེམས་ཀུན་ཏུ་བསྟེན། གོམས་པར་བྱ། ལན་མང་དུ་བྱའོ། །དེ་ལྟར་ཉེས་སྤྱོད་ལས་མ་ལོག་ན་སྡུག་བསྔལ་མི་འདོད་བཞིན་དུ་མྱོང་དགོས་ཏེ་གང་དུ་ཕྱིན་ཀྱང་མི་ཐར་བའི་ཕྱིར་རོ། །དེའི་ཕྱིར་འཕྲལ་དུ་ཅུང་ཟད་བདེ་བར་སྣང་ཡང་འབྲས་བུ་སྨིན་པའི་ཚེ་ན་མཆི་མས་གདོང་གཡོགས་ཏེ་མི་འདོད་བཞིན་དུ་བསྟེན་དགོས་པའི་ལས་རྣམས་ནི་བྱ་བར་མི་རིགས་ལ། རྣམ་སྨིན་མྱོང་བའི་ཚེ་ཁ་ན་མ་ཐོ་བ་མེད་པའི་དགའ་བདེ་ལ་ལོངས་སྤྱོད་པའི་ལས་རྣམས་ནི་བྱ་བར་རིགས་ཏེ། ཚོམས་ལས། ཁྱོད་ནི་སྡུག་བསྔལ་གྱིས་འཇིགས་ཤིང༌། །ཁྱོད་ལ་སྡུག་བསྔལ་མི་སྡུག་ན། །མངོན་སུམ་དག་གམ་ལྐོག་ཏུའང་རུང༌། །སྡིག་པ་ཅན་གྱི་ལས་མི་བྱ། །གལ་ཏེ་སྡིག་པའི་ལས་བྱས་སམ། །བྱེད་ཀྱང་རུང་སྟེ་ཁྱོད་ཀྱིས་ནི། །ཀོག་ཅེས་ལངས་ཏེ་བྲོས་བྱས་ཀྱང༌། །སྡུག་བསྔལ་ལས་ནི་ཐར་མི་འགྱུར། །གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་


JLD013_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །ཞེས་དང༌། བྱིས་པ་ཤེས་རབ་ཆུང་ངུ་དག །བདག་ལ་དགྲ་བཞིན་བྱེད་པ་ཡིས། །གང་ཞིག་འབྲས་བུ་ཚར་འགྱུར་བའི། །སྡིག་ཅན་ལས་ནི་སྤྱོད་པར་བྱེད། །གང་དག་བྱས་པས་གདུང་འགྱུར་ཞིང༌། །མཆི་མས་གདོང་གཡོགས་ངུ་བཞིན་དུ། །རྣམ་སྨིན་སོ་སོར་བསྟེན་པ་ཡི། །ལས་དེ་དག་ནི་མ་བྱས་ལེགས། །གང་ཞིག་བྱས་ན་མི་གདུང་ཞིང༌། །དགའ་ཞིང་ཡིད་ནི་བདེ་བ་ཡིས། །རྣམ་སྨིན་སོ་སོར་བསྟེན་པ་ཡི། །ལས་དེ་དག་ནི་བྱས་ན་ལེགས། །བདག་ཉིད་བདེ་བ་འདོད་པའི་ཕྱིར། །རྒོད་ཅིང་སྡིག་པའི་ལས་བྱས་པའི། །སྡིག་ལས་དེ་ཡི་རྣམ་སྨིན་དག །ངུ་བཞིན་ཉམས་སུ་མྱོང་བར་འགྱུར། །ཞེས་དང༌། སྡིག་ལས་འཕྲལ་དུ་ངེས་པར་ནི། །མཚོན་བཞིན་གཅོད་པར་མི་བྱེད་ཀྱང༌། །སྡིག་པའི་ལས་ཀྱིས་འགྲོ་བ་དག །ཕ་རོལ་ཏུ་ནི་མངོན་པར་འགྱུར། །གང་དུ་དེ་དག་རྣམ་སྨིན་ནི། །ཚ་བ་སོ་སོར་བསྟེན་པ་ཡི། །སྡིག་པའི་ལས་ཀྱིས་འགྲོ་བ་དག །ཕ་རོལ་ཏུ་ནི་ཤེས་པར་འགྱུར། །ལྕགས་ལས་གཡའ་ནི་ལངས་གྱུར་པ། །ལངས་པ་དེས་ནི་དེ་ཉིད་ཟ། །དེ་བཞིན་མ་བརྟགས་བྱས་པ་ཡིས། །རང་གི་ལས་ཀྱིས་ངན་འགྲོར་འགྲོ། །ཞེས་སོ། །ཕུ་ཆུང་བ་ལ་ཁམ་ལུང་པས། དགེ་བཤེས་པ་ནི་ལས་འབྲས་ཁོ་ན་གལ་ཆེ་བར་གསུང་བ་ལ་ད་ལྟ་བཤད་པ་དང་ཉན་པ་དང་སྒོམ་རིན་མེད་པར་བྱེད་དེ། འདི་ཁོ་ན་ཉམས་སུ་བླང་དཀའ་འམ་


JLD013_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་གསུངས་པས་ཕུ་ཆུང་བ་ཡང་དེ་ཙུག་ལགས་གསུང་བ་དང༌། སྟོན་པའི་ཞལ་ནས། ཇོ་བོ་པ་སྙིང་ཁམ་ཆེར་མི་རུང་རྟེན་འབྲེལ་འདི་ཕྲ་གསུང་བ་དང༌། ཕུ་ཆུང་བའི་ཞལ་ནས། ང་ནི་རྒས་ཁར་མཛངས་བླུན་ལ་ཁ་ལྷན་སོང་གསུང་བ་དང༌། ཤ༌ར་བའི་ཞལ་ནས་སངས་རྒྱས་ཀྱིས་ཉེས་སྐྱོན་ཅི་བྱུང་ཡང་ཕྱོགས་ངན་དང་མཁར་ལན་ལ་ལེ་ལན་མ་བདས་པར་ལས་འདི་བྱས་པས་འདིར་སྐྱེས་བྱ་བ་ཤ་སྟག་གསུངས་གསུང་ངོ་། །གཉིས་པ་སྟོབས་བཞིས་སྦྱང་བའི་ཚུལ་ནི། དེ་ལྟར་ཉེས་སྤྱོད་ཀྱིས་མ་གོས་པ་ལ་འབད་ཀྱང་བག་མེད་པ་དང་ཉོན་མོངས་མང་བ་ལ་སོགས་པའི་དབང་གིས་ཉེས་པ་བྱུང་ན་ཇི་མི་སྙམ་པར་བཞག་ཏུ་མི་རུང་བས། སྟོན་པ་ཐུགས་རྗེ་ཅན་གྱིས་ཕྱིར་བཅོས་པའི་ཐབས་གསུངས་པ་རྣམས་ལ་འབད་དགོས་སོ། །དེ་ཡང་ལྟུང་བ་ཕྱིར་བཅོས་ཚུལ་ནི། སྡོམ་པ་གསུམ་སོ་སོ་ནས་གསུངས་པ་ལྟར་བྱ་ལ། སྡིག་པ་ཕྱིར་བཅོས་པ་ནི་སྟོབས་བཞིས་བྱ་སྟེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་ལྡོག་པ་དང༌། རྟེན་གྱི་སྟོབས་སོ། །ཞེས་གསུངས་ཏེ། བྱས་ཤིང་བསགས་པའི་ལས་ནི་མྱོང་ངེས་ཡིན་པས་དེ་ཟིལ་གྱིས་གནོན་ནུས་ན་མ་ངེས་པ་ལྟ་ཅི་སྨོས། དེ་


JLD013_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྟོབས་དང་པོ་ནི། ཐོག་མ་མེད་པ་ནས་མི་དགེ་བའི་ལས་བྱས་པ་ལ་འགྱོད་པ་མང་བ་ཡིན་ཏེ། འདི་སྐྱེ་བ་ལ་རྣམ་སྨིན་སོགས་ཀྱི་འབྲས་བུ་གསུམ་བསྐྱེད་ཚུལ་བསྒོམ་དགོས་སོ། །ལག་ཏུ་ལེན་པའི་ཚེ་ནི་གསེར་འོད་དམ་པའི་བཤགས་པ་དང་སངས་རྒྱས་སོ་ལྔའི་སྒོ་ནས་ཀྱི་བཤགས་པ་གཉིས་ཀྱིས་བྱའོ། །སྟོབས་གཉིས་པ་ལ་དྲུག་ལས། མདོ་སྡེ་ཟབ་མོ་ལ་བརྟེན་པ་ནི། ཤེར་ཕྱིན་ལ་སོགས་པའི་མདོ་སྡེའི་ཚིག་ལེན་པ་དང་འཛིན་པ་དང་ཀློག་པ་སོགས་སོ། །སྟོང་པ་ཉིད་ལ་མོས་པ་ནི། བདག་མེད་ཅིང་འོད་གསལ་བའི་ཆོས་ཉིད་ལ་འཇུག་ཅིང་གདོད་མ་ནས་དག་པར་ཡིད་ཆེས་པའོ། །བཟླས་པ་ལ་བརྟེན་པ་ནི། ཡི་གེ་བརྒྱ་པ་སོགས་ཀྱི་གཟུངས་ཁྱད་པར་ཅན་རྣམས་ཆོ་ག་བཞིན་དུ་ཟློས་པའོ། །དཔུང་བཟང་གིས་ཞུས་པ་ལས། སོ་ག་ནགས་མེས་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེག་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེག །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་ཕྱུང་བ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་བཞིན། །ཚེ་རབས་སྟོང་ནས་བསགས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་


JLD013_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད། །ཅེས་གསུངས་སོ། །དེ་ཡང་སྡིག་པ་བྱང་བའི་མཚན་མ་མཐོང་བ་དེ་སྲིད་དུ་བཟླས་བརྗོད་བྱའོ། །མཚན་མ་ནི་རྨི་ལམ་ན་ཟས་ངན་པ་སྐྱུག་པ་དང་ཞོ་དང་འོ་མ་ལ་སོགས་འཐུང་བ་དང་སྐྱུགས་པ་དང་ཉི་མ་དང་ཟླ་བ་མཐོང་བ་དང་ནམ་མཁའ་ལ་འགྲོ་བ་དང་མེ་འབར་བ་དང་མ་ཧེ་དང་མི་ནག་པོ་ཐུབ་པ་དང༌། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་འོ་མ་འབྱུང་བའི་ཤིང་དང་གླང་པོ་དང་ཁྱུ་མཆོག་དང་རི་དང་སེངྒེའི་ཁྲི་དང་ཁང་བཟང་གི་སྟེང་དུ་འཛེག་པ་དང་ཆོས་ཉན་པ་རྨིས་པ་ཡིན་པར་སྐུལ་བྱེད་ཀྱི་གཟུངས་ལས་གསུངས་སོ། །སྐུ་གཟུགས་ལ་བརྟེན་པ་ནི། སངས་རྒྱས་ལ་དད་པ་རྙེད་ནས་སྐུ་གཟུགས་བྱེད་པའོ། །མཆོད་པ་ལ་བརྟེན་པ་ནི། སངས་རྒྱས་དང་དེའི་མཆོད་རྟེན་ལ་མཆོད་པ་རྣམ་པ་སྣ་ཚོགས་བྱེད་པའོ། །མཚན་ལ་བརྟེན་པ་ནི། སངས་རྒྱས་དང་རྒྱལ་སྲས་ཆེན་པོ་རྣམས་ཀྱི་མཚན་ཐོས་ཤིང་བཟུང་བའོ། །འདི་དག་ནི་བསླབ་བཏུས་སུ་དངོས་སུ་བྱུང་བ་ཙམ་སྟེ་གཞན་ཡང་མང་ངོ་། །སྟོབས་གསུམ་པ་ནི། མི་དགེ་བ་བཅུ་ཡང་དག་པར་སྡོམ་པ་སྟེ། འདིས་ནི་སྲོག་གཅོད་སོགས་ཀྱི་སྒོ་ནས་སྒོ་གསུམ་གྱི་ལས་དང་ཉོན་མོངས་དང་ཆོས་ཀྱི་སྒྲིབ་པ་བྱས་པ། བྱེད་དུ་བཅུག་པ་རྗེས་སུ་ཡི་རང་བ་སྔོན་ཅི་བྱས་པ་ཐམས་ཅད་འཇོམས་པར་ཉི་མའི་སྙིང་པོ་ལས་གསུངས་སོ། །ཞེ་ཐག་པ་ནས་ཀྱི་སྡོམ་སེམས་མེད་པའི་བཤགས་པ་ཚིག་ཙམ་དུ་འགྲོ་བ་ལ་དགོངས་ནས། ཕྱིན་ཆད་སྡོམ་མམ། ཞེས་ལུང་ལས་གསུངས་པར་


JLD013_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་རྒྱ་ཆེར་འགྲེལ་ནས་བཤད་དོ། །དེའི་ཕྱིར་ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་གལ་ཆེ་ལ། དེ་སྐྱེ་བ་ཡང་སྟོབས་དང་པོ་ལ་རག་ལས་སོ། །སྟོབས་བཞི་པ་ནི། སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དེ་ལ་སྤྱིར་རྒྱལ་བས་ལས་དང་པོ་པས་སྡིག་པ་སྦྱོང་བའི་སྒོ་སྣ་ཚོགས་ཤིག་གསུངས་ཀྱང༌། གཉེན་པོ་ཡོངས་སུ་རྫོགས་པ་ནི་སྟོབས་བཞི་ཚང་བའོ། །སྡིག་པ་འདག་ལུགས་ནི། ངན་འགྲོ་སྡུག་བསྔལ་ཆེན་པོར་སྐྱེ་བའི་རྒྱུ་རྣམས་སྡུག་བསྔལ་ཆུང་བར་སྐྱེ་བའི་རྒྱུར་འགྱུར་བའམ། ངན་འགྲོར་སྐྱེས་ཀྱང་དེའི་སྡུག་བསྔལ་མི་མྱོང་བའམ་ད་ལྟའི་རྟེན་ལ་མགོ་བོ་ན་བ་ཙམ་གྱིས་དག་ནས་འགྲོ་བ་དང༌། དེ་བཞིན་དུ་རྒྱུན་རིང་པོར་མྱོང་དགོས་པ་རྣམས་ཡུན་ཐུང་ངུའམ་གཏན་མྱོང་མི་དགོས་པར་འགྱུར་ཏེ། དེ་ཡང་སྦྱོང་མཁན་སྟོབས་ཆེ་ཆུང་དང་གཉེན་པོ་སྟོབས་བཞི་རྫོགས་མ་རྫོགས་དང་ཤུགས་དྲག་མི་དྲག་དང་རྒྱུན་རིང་ཐུང་ལ་སོགས་པའི་སྒོ་ནས་ཡིན་པས་མཐའ་གཅིག་ཏུ་ངེས་པ་མེད་དོ། །མདོ་སྡེ་དང་འདུལ་བ་ནས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བ། ཞེས་གསུངས་པ་ནི། སྟོབས་བཞིའི་གཉེན་པོ་བསྒོམ་པ་མེད་པ་ལ་དགོངས་ཀྱི། སྟོབས་བཞིའི་གཉེན་པོས་བཤད་པ་ལྟར་སྦྱངས་ན་ནི་མྱོང་ངེས་ཀྱང་འདག་པར་གསུངས་ཏེ། བརྒྱད་སྟོང་འགྲེལ་ཆེན་ལས། འདི་ལྟར་གང་དག་གཉེན་པོའི་ཕྱོགས་ཉེ་བ་ན་འགྲིབ་པའི་ཆོས་ཅན་ཡིན་པ་དེ་དག་ནི་སྟོབས་དང་ལྡན་པའི་གཉེན་


JLD013_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པོས་གཏན་ཟད་པར་སྲིད་པ་ཡིན་ཏེ། དཔེར་ན་གསེར་གྱི་གཡའ་ལ་སོགས་པ་བཞིན་ནོ། །དམ་པའི་ཆོས་ཀྱི་སྒྲིབ་པ་ལ་སོགས་པ་ཐམས་ཅད་ཀྱང་ཇི་སྐད་དུ་བཤད་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བའི་རིགས་པས་རློམ་སེམས་ཀྱི་ལྟུང་བའི་གནས་ནི་མ་ལུས་པར་ཟད་པར་འགྱུར་བ་ཡིན་ནོ། །གང་ཡང༌། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ནི་གཉེན་པོའི་ཕྱོགས་བསྒོམ་པ་མེད་ན་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་ལྟ་མ་ཡིན་ན་རིགས་པ་དང་འགལ་བ་དང་མདོ་སྡེ་མང་པོ་དང་འགལ་བར་འགྱུར་རོ། །ངེས་པར་མྱོང་བར་གསུངས་པ་ཡང་འདི་ཉིད་ཀྱིས་བཤད་པ་ཡིན་ནོ། །མ་ངེས་པར་གསུངས་པ་ནི་གཉེན་པོའི་ཕྱོགས་མ་བསྒོམས་སུ་ཟིན་ཀྱང་འབྲས་བུ་རེས་འགའ་བ་ཉིད་ལས་ཡིན་པར་ངེས་པར་བྱའོ། །ཞེས་སོ། །དེ་ལྟར་བཤགས་པ་དང་བསྡམས་པ་ལ་སོགས་པས་རྣམ་སྨིན་འབྱིན་པའི་ནུས་པ་ཉམས་པར་བྱས་པ་རྣམས་ནི་རྐྱེན་གཞན་དང་ཕྲད་ཀྱང་རྣམ་སྨིན་འབྱིན་པར་མི་འགྱུར་ལ། དེ་བཞིན་དུ་ལོག་ལྟ་སྐྱེས་པ་དང་ཁོང་ཁྲོས་དགེ་རྩ་བཅོམ་པ་ལ༌ཡང་འདྲ་བར་གསུངས་ཏེ། རྟོག་གེ་འབར་བ་ལས། གང་གི་ཚེ་དགེ་བ་ཡང་ལྟ་བ་ལོག་པ་དང་གནོད་སེམས་ཀྱིས་ཉམས་པར་གྱུར་པའམ། མི་དགེ་བ་ཡང་སྨོད་པ་དང་སྡོམ་པ་དང་འཆགས་པ་ལ་སོགས་པའི་གཉེན་པོས་སྟོབས་ཉམས་པར་གྱུར་པ་དེ་དག་ནི་རྐྱེན་ཚོགས་པ་ཡོད་དུ་ཟིན་ཀྱང༌། དགེ་བ་དང་མི་དགེ་བའི་ས་བོན་གྱི་ནུས་པ་ཉམས་


JLD013_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པས་གང་ལས་འབྲས་བུ་གང་ཞིག་འབྱུང་བར་འགྱུར། རྐྱེན་ཚོགས་པ་མེད་པས་དུས་ཀྱང་གཞན་དུ་གྱུར་ན་ཇི་ལྟར་ན་རྩ་བ་ནས་ཤིན་ཏུ་འབྱིན་པ་མ་ཡིན་ཏེ། ཇི་སྐད་དུ། དམ་པའི་ཆོས་འཛིན་པར་བྱེད་པ་དེའི་མྱོང་བར་ངེས་པའི་སྡིག་པ་ཡང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་རོ། །ཞེས་བྱ་བ་དང༌། གཞན་ཡང་ངན་འགྲོར་འགྲོ་བའི་ལས་རྣམས་དེ། །འདིས་ནི་མགོ་བོ་ཚ་བ་ཙམ་དུ་འགྱུར། །ཞེས་ཀྱང་འབྱུང་ངོ་། །གལ་ཏེ་མགོ་བོ་ཚ་བ་ཙམ་དུ་འགྱུར་བའི་འབྲས་བུ་ཡོད་ན་རྩ་བ་ནས་ཕྱུང་བ་ཇི་ལྟ་བུ་ཡིན་ཞེ་ན། སྡིག་པའི་ལས་རྣམས་ཀྱི་འབྲས་བུ་མ་ལུས་པར་རྫོགས་པ་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་ལས། གང་དག་གིས་དམྱལ་བའི་སྡུག་བསྔལ་ཕྲ་མོ་ཙམ་ཡང་ཉམས་སུ་མྱོང་བར་མ་གྱུར་པ་དེ་ཉིད་ཤིན་ཏུ་རྩ་བ་ནས་ཕྱུང་བ་ཇི་ལྟར་མ་ཡིན། མགོ་བོ་ཚ་བ་ལ་སོགས་པ་འདི་ལ་འབྱུང་བས་འབྲས་བུ་ཡེ་མེད་པར་འགྱུར་བ་ཡང་ཇི་ལྟར་ཡིན། ཞེས་སོ། །ཉོན་མོངས་ཀྱི་ས་བོན་འཇོམས་པའི་གཉེན་པོ་མ་རྙེད་ཀྱང་འགལ་རྐྱེན་གྱིས་ཉམས་སྨད་པས་རྐྱེན་གཞན་ཚོགས་ཀྱང་འབྲས་བུ་མི་འབྱིན་པ་ནི་ཕྱི་དང་ནང་གི་རྒྱུ་འབྲས་ལ་མང་པོ་སྣང་ངོ་། །དེས་ན་དགེ་བ་མང་པོ་གསོག་པ་ལ་བརྩོན་ཡང་དགེ་བ་འཇོམས་པའི་རྒྱུ་ཁོང་ཁྲོ་སོགས་མ་བསྲུངས་ན་སྔར་ལྟར་གསུངས་པས། བསྲུང་བ་ལ་འབད་ཅིང་མི་དགེ་བ་ཕྱིར་བཅོས་ལ་བརྩོན་དགོས་སོ། །ཤིན་ཏུ་སྟོབས་དང་ལྡན་པའི་ལས་


JLD013_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གཏན་སྦྱོང་བར་ནུས་ན་སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་སོ། །ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། དམུས་ལོང་སོགས་རྣམ་སྨིན་གྲུབ་པའི་ཚེ་ན་ད་ལྟར་གྱི་གཉེན་པོས་སྦྱང་དཀའ་ལ། འབྲས་བུ་མ་གྲུབ་པའི་རྒྱུའི་སྐབས་ན་བཟློག་པར་སླ་བ་ལ་དགོངས་ནས་དེ་ལྟར་གསུངས་པས་སྐྱོན་མེད་དེ། རྟོག་གེ་འབར་བ་ལས། གལ་ཏེ་སྡིག་པ་ཤིན་ཏུ་ཟད་པར་འགྱུར་བ་ཡིན་ན། ཅིའི་ཕྱིར་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཞེས་བསྟན་ཞེ་ན། དམུས་ལོང་དང་མིག་གཅིག་པ་དང་ཞ་བོ་དང་འཐེང་པོ་དང་ལྐུགས་པ་དང་འོན་པ་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པའི་རྒྱུ་དང་འབྲས་བུ་ཉེ་བར་ལོངས་སྤྱོད་པ་ལ་དགོངས་ནས་བསྟན་པ་ཡིན་ཏེ། གང་གི་ཕྱིར་རྣམ་པར་སྨིན་པའི་གནས་སྐབས་ཀྱི་ངོ་བོར་གྱུར་པའི་ལས་རྣམས་ཀྱི་འབྲས་བུ་ནི་ཡོངས་སུ་ཟད་པར་ནུས་པ་ཡོད་པ་མ་ཡིན་ནོ། །རྒྱུར་གྱུར་པའི་སེམས་པས་མངོན་པར་འདུ་བྱས་པ་ནི་སེམས་པའི་ཁྱད་པར་གཞན་ཐོབ་པ་ན་ཡོངས་སུ་ཟད་པར་འགྱུར་བ་ཡིན་ཏེ། ཇི་ལྟར་ན་སོར་མོའི་ཕྲེང་བ་དང་མ་སྐྱེས་དགྲ་དང་སྭ་ཀ་དང་ཕ་གསོད་པ་དང་མྱ་ངན་མེད་ལ་སོགས་པ་ལ་བསྟན་པ་བཞིན་ནོ། །གལ་ཏེ་མ་སྐྱེས་དགྲ་དང་མ་གསོད་པ་དག་ལ་དགེ་བའི་སེམས་པ་གཞན་སྐྱེས་པ་ཡོད་བཞིན་དུ། ཅིའི་ཕྱིར་ལས་ཟད་པར་མ་གྱུར་ནས་མནར་མེད་པ་དག་ཏུ་སྐྱེས་ཤེ་ན། དེའི་ལས་དང་འབྲས་བུ་ལ་ཡིད་ཆེས་པ་བསྐྱེད་པའི་ཕྱིར་མནར་མེད་པ་ལ་སོགས་པར་སྐྱེ་བ་བསྟན་པ་ཡིན་གྱི།


JLD013_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམས་ལྷག་མ་མ་ལུས་པར་མ་ཟད་པ་ནི་མ་ཡིན་ཏེ། དར་གྱི་ཕོ་ལོང་བརྡབས་པ་ལས་འཕར་བ་བཞིན་དུ་དེར་སྐྱེས་ཤིང་ཐར་བ་ཡིན་ལ། དམྱལ་བའི་མེའི་ཕྲེང་བ་ལ་སོགས་པས་ཀྱང་རེག་པ་མ་ཡིན་ཏེ། དེ་ལྟར་ན་སྡིག་པ་ཤིན་ཏུ་རྩ་བ་ནས་འབྱིན་པར་ཡང་གྲུབ་ལ། ལས་ལ་འབྲས་བུ་མེད་པ་ཡང་མ་ཡིན་ནོ། །ཞེས་སོ། །གང་ཟག་གི་ཁྱད་པར་འགའ་ཞིག་ལ་མ་ངེས་པ་ནི། རྒྱལ་པོ་དཔའ་བས་བྱིན་གྱིས་མེ་ཏོག་ཟླ་མཛེས་བཀྲོངས་པ་ལ་འགྱོད་དེ། མཆོད་རྟེན་བྱས་ནས་མཆོད་པ་ཤིན་ཏུ་རྒྱ་ཆེ་བ་བྱས་ཤིང་ཉིན་རེ་ལ་དུས་གསུམ་དུ་སྡིག་པ་བཤགས་པ་ལོ་སྟོང་ཕྲག་བྱེ་བ་ཕྲག་གོ་ལྔར་བྱས་ཏེ་ཚུལ་ཁྲིམས་ཡང་དག་པར་བསྲུངས་ཀྱང༌། ཚེ་འཕོས་ནས་མནར་མེད་དུ་སྐྱེས་པ་དང༌། བསྐལ་པ་བྱེ་བ་ཁྲག་ཁྲིག་རེ་གཉིས་སུ་མིག་བཅར་བ་སོགས་སྡུག་བསྔལ་མཐའ་ཡས་པ་མྱོང་བར་ཏིང་ངེ་འཛིན་རྒྱལ་པོ་ལས་གསུངས་སོ། །དེ་ལྟར་ཡིན་ཀྱང་བཤགས་པ་དོན་མེད་དུ་མི་འགྱུར་ཏེ། མ་བཤགས་ན་དེ་བས་ཀྱང་ཆེ་བ་དང་རྒྱུན་རིང་བའི་སྡུག་བསྔལ་མྱོང་དགོས་པའི་ཕྱིར་རོ། །བཤགས་བསྡོམ་གྱིས་ལྷག་མ་མེད་པར་འདག་པ་ཡིན་དུ་ཆུག་ཀྱང༌། དང་པོ་ནས་ཉེས་པས་མ་གོས་པའི་དག་པ་དང་བཤགས་ནས་དག་པ་གཉིས་ཁྱད་པར་ཆེ་སྟེ། དཔེར་ན་བྱང་ས་ལས། རྩ་ལྟུང་བྱུང་བ་ལ་བྱང་སེམས་ཀྱི་སྡོམ་པ་བླངས་པས་ཕྱིར་འཆོས་ནུས་ཀྱང༌། ཚེ་དེ་ལ༌ས་དང་པོ་ཐོབ་མི་སྲིད་པར་གསུངས་པ་


JLD013_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའོ། །རྣམ་པར་འཐག་པ་བསྡུས་པའི་མདོ་ལས་ཀྱང༌། བཅོམ་ལྡན་འདས། གལ་ཏེ་ལ་ལ་ཞིག་སྡིག་པའི་གྲོགས་པོའི་དབང་གིས་ཆོས་སྤོང་བ་འདི་ལྟ་བུ་འདི་བགྱིས་པར་གྱུར་ན། བཅོམ་ལྡན་འདས། དེའི་ཚེ་འདི་ཉིད་ལ་ཇི་ལྟར་ཐར་བར་འགྱུར། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། གལ་ཏེ་ལོ་བདུན་གྱི་བར་དུ་ཉིན་གཅིག་ཅིང་དུས་གསུམ་དུ་ཉེས་པ་ལ་ཉེས་པར་བཤགས་ན་དེའི་འོག་ཏུ་བྱང་བར་འགྱུར་ཏེ། དེ་ཕྱིན་ཆད་ཉུང་ན་བསྐལ་པ་བཅུས་བཟོད་པ་འཐོབ་པར་འགྱུར་རོ། །ཞེས་སྡིག་པ་དག་ཀྱང་ཇི་ལྟར་མྱུར་ན་ཡང་བཟོད་པ་ཐོབ་པ་ལ་བསྐལ་པ་བཅུ་དགོས་པར་གསུངས་སོ། །དེས་ན་མ་ལུས་པར་དག་པའི་དོན་ནི། འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པ་མ་ལུས་པར་དག་པ་ཡིན་གྱི། ལམ་གྱི་རྟོགས་པ་སྐྱེ་བ་སོགས་ནི་ཆེས་རིང་དུ་འགྲོ་བ་ཡིན་པས་དང་པོ་ནས་མ་གོས་པ་ལ་འབད་པར་བྱའོ། །དེའི་ཕྱིར་འཕགས་པ་རྣམས་སྲོག་གི་ཕྱིར་ཡང་སྡིག་ལྟུང་ཕྲ་མོ་ལའང་ཤེས་བཞིན་དུ་མི་འཇུག་པར་གསུངས་ཏེ། བཤགས་པས་དག་པ་དང་དང་པོ་ནས་མ་བྱུང་བ་གཉིས་ཁྱད་མེད་ན། དེ་ལྟར་བྱ་མི་དགོས་པའི་ཕྱིར་རོ། །འཇིག་རྟེན་ན་ཡང་སྣང་སྟེ། རྐང་ལག་སོགས་བསྣད་པ་ཕྱིར་བཅོས་སུ་ཡོད་ཀྱང༌། དང་པོ་ནས་མ་བསྣད་པ་དང་མི་འདྲ་བ་བཞིན་ནོ། །དེ་ལྟར་འབད་པས་ཚོམས་ལས། སྡིག་པ་བྱས་ཤིང་བསོད་ནམས་མ་བྱས་ལ། །ཆོས་


JLD013_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དང་གོལ་ཞིང་ཆོས་མིན་ཐོབ་པའི་མི། །སྡིག་པའི་ལས་ཅན་འཆི་བས་འཇིགས་འགྱུར་ཏེ། །ཆུ་ཆེན་ནང་དུ་གྲུ་ངན་ཞིག་པ་བཞིན། །བསོད་ནམས་བྱས་ཤིང་སྡིག་པ་མ་བྱས་ལ། །དམ་པ་རྣམས་ཀྱི་ལུགས་ཀྱི་ཆོས་སྤྱད་པས། །དེ་ནི་ནམ་ཡང་འཆི་བས་འཇིགས་མེད་དེ། །བརྟན་པའི་གྲུ་ཡིས་ཕ་རོལ་འགྲོ་བ་བཞིན། །ཞེས་གསུངས་པའི་སྔ་མ་ལྟར་མི་བྱ་བར་ཕྱི་མ་ལྟར་ཅི་འགྱུར་བྱའོ། །དེ་ཡང་རིགས་པའི་ཚིག་མང་དུ་སྨྲས་ཀྱང་བག་མེད་པར་འཇུག་ན་དོན་ཆུང་ལ། ཆོས་ཉུང་ངུ་ལས་མི་ཤེས་ཀྱང་གང་ཤེས་པ་ལ་འདོར་ལེན་གྱིས་བསྒྲུབ་ན་དོན་ཆེ་སྟེ། ཚོམས་ལས། གལ་ཏེ་རིགས་བཅས་མང་དུ་སྨྲས་ཀྱང་ནི། །བག་མེད་མི་དག་དེ་ལྟར་བྱེད་མི་འགྱུར། །དཔེར་ན་ཕྱུགས་རྫིས་གཞན་གྱི་ཕྱུགས་བགྲང་ལྟར། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་མ་ཡིན། །གལ་ཏེ་རིགས་བཅས་ཉུང་ངུ་སྨྲ་བྱེད་ཀྱང༌། །ཆོས་ཀྱི་རྗེས་སུ་ཆོས་ལ་སྤྱོད་པ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་སྤོང་བྱེད་པ། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་པ་ཡིན། །དགེ་སློང་བག་ཡོད་ལ་དགའ་ཞིང༌། །བག་མེད་པ་ལ་འཇིགས་ལྟ་བས། །བདག་ཉིད་ངན་འགྲོ་ལས་འདྲེན་ཏེ། །འདམ་རྫབ་ལས་ནི་གླང་ཆེན་བཞིན། །དགེ་སློང་བག་ཡོད་ལ་དགའ་ཞིང༌། །བག་མེད་པ་ལ་འཇིགས་ལྟ་བས། །སྡིག་པ་ཐམས་ཅད་སྤྲུག་པར་བྱེད། །རླུང་གིས་ལྗོན་ཤིང་ལོ་མ་བཞིན། །ཞེས་སོ། །དེ་ལྟར་ན་བཤེས་སྤྲིངས་ལས། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་དག་ཏུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང༌། །ཐམས་


JLD013_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་གསུངས་པ་ལྟར། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་གཉིས་རྒྱུ་དང་འབྲས་བུར་བཅས་པ་ལ་ཚུལ་བཞིན་དུ་ལྟ་བ་འདི་ནི་ཐེག་པ་ཐམས་ཅད་དང་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་གཞིར་མེད་དུ་མི་རུང་བ་ཡིན་པས། སྔར་བཤད་པས་མཚོན་ནས་དྲན་པ་ཉེར་གཞག་དང༌། མཛངས་བླུན་དང༌། ལས་བརྒྱ་པ་དང༌། རྟོགས་བརྗོད་བརྒྱ་པ་དང༌། འདུལ་བ་ལུང་གི་རྒྱུད་གླེང་རྣམས་དང༌། གསུང་རབ་གཞན་རྣམས་ཀྱང་བལྟས་ནས་ངེས་པ་ཤུགས་དྲག་ལ་རྒྱུན་རིང་བ་བསྐྱེད་པར་བྱ་བ་ནི་གནད་ཀྱི་དོན་དུ་གཟུང་བར་བྱའོ། །གཉིས་པ་བསམ་པ་དེ་སྐྱེས་པའི་ཚད་ནི། སྔར་འཇིག་རྟེན་འདི་དོན་གཉེར་བཅོས་མ་མིན་པ་ཡོད་ལ། འཇིག་རྟེན་ཕྱི་མའི་དོན་གཉེར་ཚིག་རྗེས་འབྲངས་པའི་གོ་བ་ཙམ་དུ་འགྱུར་བ་དེ། གོ་ས་འཕོས་ནས་ཕྱི་མའི་དོན་གཉེར་གཙོ་བོར་སོང་ཞིང༌། འཇིག་རྟེན་འདི་ཞར་བྱུང་ཙམ་དུ་སོང་ན་སྐྱེས་པ་ཡིན་ལ། འོན་ཀྱང་བརྟན་པར་བྱེད་དགོས་པས་དེ་བྱུང་ནས་ཀྱང་འབད་དེ་སྦྱང་བར་བྱའོ། །གསུམ་པ་དེ་ལ་ལོག་རྟོག་བསལ་བ་ནི། གསུང་རབ་ནས་འཁོར་བའི་ཕུན་ཚོགས་ཐམས་ཅད་ལ་ཡིད་ཕྱིར་ཕྱོགས་དགོས་པར་གསུངས་པས་འཁྲུལ་གཞི་བྱས་པ་ཁ་ཅིག །ལུས་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པའི་མངོན་མཐོ་ནི་འཁོར་བ་ཡིན་པས། དེ་ལ་དོན་གཉེར་བསྐྱེད་པར་མི་རིགས་སོ་སྙམ་ན། དོན་དུ་གཉེར་བྱ་ལ་གནས་སྐབས་སུ་དོན་དུ་གཉེར་དགོས་པ་དང་མཐར་ཐུག་གི་དོན་དུ་གཉེར་བྱ་གཉིས་ལས། འཁོར་བའི་ལུས་ལ་སོགས་པ་ཕུན་སུམ་ཚོགས་


JLD013_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གྲོལ་བ་དོན་གཉེར་གྱིས་ཀྱང་གནས་སྐབས་སུ་དོན་དུ་གཉེར་དགོས་ཏེ། རྟེན་དེ་རིམ་པར་བརྒྱུད་པ་ལས་མཐར་ངེས་ལེགས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ལུས་དང་ལོངས་སྤྱོད་དང་འཁོར་ཕུན་སུམ་ཚོགས་པའི་མངོན་མཐོ་གང་ཡིན་ཐམས་ཅད་འཁོར་བས་བསྡུས་པ་མ་ཡིན་ཏེ། ལུས་ལ་སོགས་པ་ཕུན་སུམ་ཚོགས་པ་མཐར་ཕྱིན་པ་ནི་གཟུགས་ཀྱི་སྐུ་དང་དེའི་ཞིང་གི་འབྱོར་པ་དང་དེའི་འཁོར་རྣམས་ཡིན་པའི་ཕྱིར་རོ། །དེ་ལ་དགོངས་ནས་མདོ་སྡེའི་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང༌། །ཞེས་ཕར་ཕྱིན་དང་པོ་བཞིས་མངོན་མཐོ་བསྒྲུབ་པར་གསུངས་ཤིང༌། གཞུང་མང་པོ་ནས་དེ་དག་གིས་གཟུགས་སྐུ་བསྒྲུབ་པར་གསུངས་པའི་ཕྱིར་རོ། །དེས་ན་རྣམ་མཁྱེན་བསྒྲུབ་པ་རྣམས་ཀྱིས་ནི་ཚུལ་ཁྲིམས་དང་སྦྱིན་པ་དང་བཟོད་པ་སོགས་ཆེས་མང་ཞིང་ཕུལ་དུ་བྱུང་བ་རྣམས་དུས་རིང་པོར་བསྒྲུབ་པས་ན། དེ་དག་གི་འབྲས་བུ་ལུས་ལ་སོགས་པའི་མངོན་མཐོ་ཡང་ཆེས་ཕུལ་དུ་བྱུང་བ་དོན་དུ་གཉེར་བ་ཡིན་ནོ། །མཐར་ཐུག་ངེས་ལེགས་འགྲུབ་པ་ནི། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །ཞེས་གསུངས་པ་ལྟར། མིས་མཚོན་པའི་བདེ་འགྲོའི་རྟེན་ལ་བརྟེན་ནས་སྲིད་མཚོ་བརྒལ་བ་དང་རྣམ་མཁྱེན་དུ་འགྲོ་དགོས་ལ། དེ་ཡང་ཚེ་དུ་མར་བརྒྱུད་དགོས་པའི་ཕྱིར། ལུས་དེ་སྒྲུབ་བྱེད་ཀྱི་རྒྱུ་དམ་པ་ཚུལ་ཁྲིམས་ནི་ལམ་གྱི་རྩ་བ་ཡིན་


JLD013_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །བདེ་འགྲོའི་ལུས་ཀྱང་མཚན་ཉིད་ཡོངས་སུ་མ་རྫོགས་པའི་ཡོན་ཏན་ཕྱོགས་རེ་བ་དང་ལྡན་པས་ལམ་བསྒྲུབས་ཀྱང་ས་ཆོད་ཆུང་བས་ན་ཡོངས་རྫོགས་ཤིག་དགོས་ལ། དེ་ལ་ནི་དགེ་ཚུལ་ལ་སོགས་པའི་བསླབ་པའི་གཞི་ཡོངས་སུ་མ་རྫོགས་པར་བསྲུང་བས་མི་ཆོག་པས་དགེ་སློང་ལ་སོགས་པའི་བསླབ་གཞི་ཡོངས་སུ་རྫོགས་པར་སྲུང་བ་ལ་འབད་དགོས་སོ། །ཁ་ཅིག །ཚུལ་ཁྲིམས་སྲུང་བ་ནི་བདེ་འགྲོ་བསྒྲུབ་པའི་ཕྱིར་ཡིན་ན་དེ་ནི་བསྙེན་གནས་ཀྱིས་ཀྱང་འཐོབ་པས་དཀའ་ལ་དོན་ཆུང་བའི་དགེ་སློང་སོགས་ཀྱིས་ཅི་བྱ་ཞེས་ཟེར་བ་དང༌། གཞན་དག །སོ་ཐར་གྱི་དགོས་པ་དགྲ་བཅོམ་པའི་ཕྱིར་ཡིན་ན་དགེ་སློང་ནི་ལོ་ཉི་ཤུ་མ་ལོན་བར་དུ་མི་རུང་ཞིང་དགེ་བསྙེན་གྱི་རྟེན་ལ་ཡང་དགྲ་བཅོམ་པ་འཐོབ་ཏུ་ཡོད་པས་རྟེན་དེ་བསྔགས་ཀྱི། དཀའ་ལ་དོན་ཆུང་བའི་དགེ་སློང་གིས་ཅི་བྱ་ཞེས་སྨྲ་བ་ནི། བསྟན་པའི་གནད་མ་ཤེས་པའི་ཅལ་ཅོལ་ཆེན་པོར་ཤེས་པར་བྱས་ལ་སྡོམ་པ་འོག་མ་འོག་མ་རྟེན་དུ་བྱས་ཏེ་གོང་མ་གོང་མ་བླངས་ནས་བསླབ་པའི་གཞི་ཡོངས་སུ་རྫོགས་པར་བསྲུང་བ་ལ་འགྲུས་པར་བྱའོ། །སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་བཤད་ཟིན་ཏོ།། །།༈ རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །དེ་ལྟར་འཆི་བ་རྗེས་སུ་དྲན་པ་དང་ཤི་ནས་ངན་འགྲོར་ལྟུང་བའི་ཚུལ་བསམས་ཏེ་འཇིག་རྟེན་འདི་ལས་བློ་ལོག་ནས་ཕྱི་མའི་བདེ་


JLD013_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དོན་གཉེར་སྐྱེས་ཏེ། སྐྱབས་འགྲོ་ཐུན་མོང་བ་དང་དཀར་ནག་གི་ལས་འབྲས་ངེས་པའི་སྒོ་ནས་སྡིག་པ་སྤོང་དགེ་བ་བསྒྲུབ་པ་ལ་འབད་པས་བདེ་འགྲོའི་གོ་འཕང་འཐོབ་མོད་ཀྱང༌། འདིར་ནི་དེ་ཙམ་གྱིས་ཆོག་པར་མི་འཛིན་གྱི། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་བསམ་པ་དེ་སྐྱེས་པ་དང༌། འབྲིང་དང་ཐུན་མོང་བ་འཁོར་བ་མཐའ་དག་ལ་ཞེན་པ་ལོག་པའི་བསམ་པ་བསྐྱེད་ནས། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ་སྐྱེས་བུ་ཆེན་པོར་འཁྲིད་པས། སྐྱེས་བུ་འབྲིང་གི་བསམ་པ་སྦྱང་དགོས་ཏེ། འདི་ལྟར་ལྷ་མིའི་གོ་འཕང་ཐོབ་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པས་དེ་ལ་རང་བཞིན་གྱིས་བདེ་བར་འཛིན་པ་ཕྱིན་ཅི་ལོག་ཡིན་པས་ཡང་དག༌པར་ན་བདེ་བ་མེད་ལ་སླར་ཡང་ངན་འགྲོར་ངེས་པར་ལྟུང་བས་མཐའ་ངན་པའི་ཕྱིར་རོ། །དཔེར་ན་དེ་མ་ཐག་གཡང་སར་ལྟུང་བ་འགའ་གཡང་ཁ་ན་ངལ་བསོ་བ་བཞིན་ཏེ། སྤྱོད་པ་ལ་འཇུག་པ་ལས། བདེ་འགྲོར་ཡང་དང་ཡང་འོངས་ཏེ། །བདེ་བ་མང་པོ་སྤྱད་སྤྱད་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྟུང༌། །ཞེས་དང༌། སློབ་མ་ལ་སྤྲིངས་པ་ལས་ཀྱང༌། གང་ཞིག་འཁོར་བའི་འཁོར་ལོ་རྟག་ཏུ་འགྱུར་བ་ཡི། །ནང་དུ་ཞུགས་ནས་བསྟི་བ་ཙམ་ལ་བདེར་སེམས་པ། །དེ་ནི་ངེས་པར་དབང་མེད་རིམ་གྱིས་བརྒྱ་ཕྲག་ཏུ། །འགྲོ་བ་མཉམ་དང་མི་མཉམ་ཀུན་ཏུ་འཁྱམ་པར་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་བདེ་འགྲོ་ལ་ཡང་ངན་འགྲོ་དང་འདྲ་བར་ཤིན་ཏུ་སྐྱོ་བར་བྱ་དགོས་ཏེ།


JLD013_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བརྒྱ་པ་ལས། མཁས་པ་རྣམས་ལ་མཐོ་རིས་ཀྱང༌། །དམྱལ་བ་དང་མཚུངས་འཇིགས་བསྐྱེད་འགྱུར། །རྣམ་པ་ཀུན་ཏུ་དེ་རྣམས་ལ། །སྲིད་གང་འཇིགས་པ་མི་བསྐྱེད་དཀོན། །ཞེས་དང༌། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས་ཀྱང༌། འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །ཞེས་དང༌། སློབ་མ་ལ་སྤྲིངས་པ་ལས་ཀྱང༌། ཇི་ལྟ་ཇི་ལྟར་འགྲོ་བ་ཀུན་ལ་བདེ་བའི་འདུ་ཤེས་སྐྱེས། །དེ་ལྟ་དེ་ལྟར་གཏི་མུག་མུན་པ་ཤིན་ཏུ་འཐུག་པོར་འགྱུར། །ཇི་ལྟ་ཇི་ལྟར་འགྲོ་བ་ཀུན་ལ་སྡུག་བསྔལ་འདུ་ཤེས་སྐྱེས། །དེ་ལྟ་དེ་ལྟར་གཏི་མུག་མུན་པ་ཤིན་ཏུ་སྲབ་མོར་འགྱུར། །ཇི་ལྟ་ཇི་ལྟར་སྡུག་པ་བསྒོམ་པ་ཤིན་ཏུ་རྣམ་འཕེལ་བ། །དེ་ལྟ་དེ་ལྟར་འདོད་ཆགས་མེ་ལྕེ་ཤིན་ཏུ་འཕྲོ་བར་འགྱུར། །ཇི་ལྟ་ཇི་ལྟར་མི་སྡུག་བསྒོམ་པ་ཤིན་ཏུ་འཕེལ་གྱུར་པ། །དེ་ལྟ་དེ་ལྟར་འདོད་ཆགས་མེ་ལྕེ་ཤིན་ཏུ་རྩེ་གཞིལ་འགྱུར། །ཞེས་ཐོག་མ་མེད་པ་ནས་སྲིད་པའི་ཕུན་ཚོགས་ལ་བདེ་བར་འཛིན་པ་དང༌། སྡུག་པའི་རྣམ་པར་སྒྲོ་འདོགས་པ་གོམས་པའི་གཉེན་པོར་སྡུག༌བསྔལ་དང༌། མི་སྡུག་པ་བསྒོམ་པ་གོམས་པར་བྱས་ན་དེ་དག་ལྡོག་ལ། མ་བསྒོམས་ན་གཏི་མུག་དང་འདོད་ཆགས་འཕེལ་ནས་སྲིད་པའི་འཁོར་ལོ་བསྐོར་བར་གསུངས་པས་སྲིད་པའི་ཉེས་དམིགས་སྒོམ་པ་གནད་དུ་ཆེའོ། །དེའི་ཕྱིར་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་བཞི། བསམ་པ་སྦྱང་བ་དངོས། དེ་སྐྱེས་པའི་ཚད། དེ་ལ་ལོག་རྟོག་བསལ་བ། ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས།


JLD013_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་དོན་གཉེར་གྱི་བློ་ངོས་བཟུང་བ་དང༌། དེ་བསྐྱེད་པའི་ཐབས་སོ། །དང་པོ་ནི། ཐར་པ་ཞེས་པ་ནི་བཅིངས་པ་ལས་གྲོལ་བ་སྟེ། དེ་ཡང་ལས་དང་ཉོན་མོངས་གཉིས་ནི་འཁོར་བར་འཆིང་བྱེད་ཡིན་ལ། དེ་གཉིས་ཀྱི་དབང་གིས་ཁམས་ཀྱི་དབང་གིས་འདོད་ཁམས་ལ་སོགས་པ་གསུམ་དང་། འགྲོ་བས་ཕྱེ་ན་ལྷ་ལ་སོགས་པ་ལྔའམ་དྲུག་དང་། སྐྱེ་གནས་ཀྱི་སྒོ་ནས་མངལ་ལ་སོགས་པ་བཞིར་ཕུང་པོ་ཉིང་མཚམས་སྦྱར་བ་ནི་བཅིངས་པའི་ངོ་བོ་ཡིན་པས་དེ་ལས་གྲོལ་བ་ནི་ཐར་པའོ། །དེ་ཐོབ་པར་འདོད་པ་ནི་ཐར་པ་དོན་དུ་གཉེར་བའི་བློའོ། །ཐར་པ་དེ་ཡང་ལས་ཉོན་གྱི་འདུ་བྱེད་བྱུང་ནས་ཞིག་པ་ལ་མི་བྱ་སྟེ། སྐྱེས་པ་རྣམས་དུས་གཉིས་པར་མི་སྡོད་པ་ནི་གཉེན་པོ་བསྒོམ་པ་སོགས་ཀྱི་རྐྱེན་ལ་མི་ལྟོས་པས་ཐམས་ཅད་ཀྱང་འབད་པ་མེད་པར་གྲོལ་བའི་སྐྱོན་དུ་འགྱུར་རོ། །དེས་ན་གཉེན་པོ་མ་སྐྱེས་ན་མ་འོངས་པར་ཉིང་མཚམས་སྦྱོར་བར་འགྱུར་བ་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་ཉིང་མཚམས་སྦྱོར་བ་ལོག་པའོ། །གཉིས་པ་དེ་བསྐྱེད་པའི་ཐབས་ནི། དཔེར་ན་སྐོམ་པའི་སྡུག་བསྔལ་ཞི་བ་ལ་ཐོབ་འདོད་བྱུང་བ་དེ་སྐོམ་པས་གདུངས་པ་ལ་མི་འདོད་པའི་རྣམ་པར་མཐོང་བ་ལ་རག་ལས་པ་བཞིན་དུ། ཉེར་ལེན་གྱི་ཕུང་པོའི་སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་ལ་ཐོབ་འདོད་འབྱུང་བ་ཡང་ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་ཉེས་དམིགས་མཐོང་བ་ལ་རག་ལས་པས། སྲིད་པའི་ཉེས་དམིགས་བསྒོམས་ནས་དེ་ལ་འདོར་འདོད་ཀྱི་བློ་མ་སྐྱེས་ན་སྡུག་བསྔལ་དེ་ཞི་བ་ལ་ཐོབ་


JLD013_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་མི་འབྱུང་སྟེ། བཞི་བརྒྱ་པ་ལས། གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །རང་ཁྱིམ་ལ་བཞིན་སྲིད་པ་ནི། །འདི་ནས་འབྱུང་བའང་བྱ་བ་དཀའ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཐར་པ་དོན་གཉེར་བསྐྱེད་པའི་ཐབས་ལ་གཉིས། སྡུག་བསྔལ་དང་ཀུན་འབྱུང་གི་སྒོ་ནས་བསམ་པ་དང༌། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པའོ། །དང་པོ་ལ་གཉིས། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་དང༌། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པའོ། །དང་པོ་ལ་གཉིས། སྡུག་བདེན་བདེན་བཞིའི་ཐོག་མར་གསུངས་པའི་དགོངས་པ་བསྟན་པ་དང༌། སྡུག་བསྔལ་བསྒོམ་པ་དངོས་སོ། །དང་པོ་ནི། ཀུན་འབྱུང་ནི་རྒྱུ་དང་སྡུག་བདེན་ནི་དེའི་འབྲས་བུ་ཡིན་པས་ཀུན་འབྱུང་སྔ་ལ། སྡུག་བདེན་འཕྱི་བ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དོན་གྱི་རིམ་པ་དེ་དང་མི་མཐུན་པར། དགེ་སློང་དག །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །ཞེས་གསུངས་ཤེ་ན། དེ་ལ་སྟོན་པས་རྒྱུ་འབྲས་ཀྱི་རིམ་པ་ལས་ལྡོག་སྟེ་གསུངས་པ་ལ་ནི་ཉམས་ལེན་གྱི་གནད་ཆེན་པོ་ཡོད་པས་སྐྱོན་མེད་དོ། །དེ་ཡང་གང་ཞེ་ན་འདི་ལྟར། གདུལ་བྱ་རང་ཉིད་ལ་ཐོག་མར་འཁོར་བ་ལས་ཐར་འདོད་ཕྱིན་ཅི་མ་ལོག་པ་ཞིག་མ་སྐྱེས་ན་རྩ་བ་ཆད་པས་དེ་ཐར་པར་ཇི་ལྟར་འཁྲིད། དེས་ན་ཐོག་མར་གདུལ་བྱ་མ་རིག་པའི་མུན་པས་བསྒྲིབས་ནས་འཁོར་བའི་ཕུན་ཚོགས་སྡུག་བསྔལ་བ་ལ་བདེ་བར་འཛིན་པའི་ཕྱིན་ཅི་ལོག་གིས་བསླུས་པ་ལ། བཞི་བརྒྱ་པ་


JLD013_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིས་ན་སྐྱེ་མི་འགྱུར། །ཞེས་གསུངས་པ་ལྟར། འདི་ནི་ཡང་དག་པར་ན་བདེ་བ་མ་ཡིན་གྱི་སྡུག་བསྔལ་ལོ། །ཞེས་སྡུག་བསྔལ་གྱི་རྣམ་པ་དུ་མ་གསུངས་ནས་སྐྱོ་བ་བསྐྱེད་དགོས་པས་སྡུག་བསྔལ་གྱི་བདེན་པ་ཐོག་མར་གསུངས་སོ། །དེ་ནས་རང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བ་མཐོང་ནས་དེ་ལས་ཐར་བར་འདོད་པ་ན་སྡུག༌བསྔལ་དེ་བཟློག་དགོས་པར་མཐོང་ལ་དེ་ཡང་རྒྱུ་མ་བཟློག་ན་མི་ལྡོག་པར་ཤེས་ནས། དེའི་རྒྱུ་ཇི་ལྟ་བུ་ཞིག་ཡིན་སྙམ་དུ་ཀུན་འབྱུང་གི་བདེན་པ་ཤེས་པར་བྱེད་པས་དེའི་འོག་ཏུ་ཀུན་འབྱུང་གི་བདེན་པ་གསུངས་སོ། །དེ་ནས་འཁོར་བའི་སྡུག་བསྔལ་ཟག་བཅས་ཀྱི་ལས་ཀྱིས་བསྐྱེད་པ་དང་ལས་ཀྱང་ཉོན་མོངས་ཀྱིས་བསྐྱེད་པ་དང་ཉོན་མོངས་ཀྱི་རྩ་བ་བདག་འཛིན་དུ་ཤེས་པའི་ཀུན་འབྱུང་གི་བདེན་པ་ཤེས་པ་སྐྱེས་ཤིང་བདག་འཛིན་ཡང་བཟློག་ནུས་པར་མཐོང་བ་ན་སྡུག་བསྔལ་འགགས་པའི་འགོག་པ་མངོན་དུ་བྱ་བར་ཡི་དམ་འཆའ་བས་དེའི་འོག་ཏུ་འགོག་པའི་བདེན་པ་གསུངས་སོ། །འོ་ན་སྡུག་བདེན་བསྟན་པ་ན་ཐར་པ་ལ་འདོད་པ་སྐྱེ་བས་སྡུག་བདེན་གྱི་འོག་ཏུ་འགོག༌བདེན་སྟོན་པར་རིགས་སོ་ཞེ་ན། སྐྱོན་མེད་དེ། དེའི་ཚེ་སྡུག་བསྔལ་ཞི་བའི་འགོག་པ་ལ་ཐོབ་ན་སྙམ་པའི་ཐར་འདོད་ཡོད་ཀྱང་སྡུག་བསྔལ་གྱི་རྒྱུ་ངོས་མ་ཟིན་ཅིང༌། རྒྱུ་དེ་བཟློག་ནུས་སུ་མ་མཐོང་བས་འགོག་པ་མངོན་དུ་བྱའོ་སྙམ་དུ་


JLD013_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་ལ་ཐོབ་བྱར་མི་འཛིན་པའི་ཕྱིར་རོ། །དེ་ལྟར་ཐར་པ་འགོག་པ་མངོན་དུ་བྱའོ་སྙམ་དུ་འཛིན་པ་ན་དེར་འགྲོ་བའི་ལམ་གང་ཡིན་སྙམ་དུ་ལམ་གྱི་བདེན་པ་ལ་འཇུག་པས་ལམ་བདེན་ཐ་མར་གསུངས་སོ། །དེ་ལྟར་ཡང༌རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་སོ། །དེ་ལྟར་ན་བདེན་བཞི་ནི་ཐེག་པ་ཆེ་ཆུང་ཀུན་ཏུ་ལན་དུ་མར་གསུངས་ཤིང༌། འཁོར་བར་འཇུག་པ་དང་དེ་ལས་ལྡོག་པའི་གནད་རྣམས་བདེ་བར་གཤེགས་པས་བསྡུས་པ་ཡིན་པས་རྣམ་གྲོལ་བསྒྲུབ་པ་ལ་ཤིན་ཏུ་གལ་ཆེ་ཞིང༌། ཉམས་ལེན་གྱི་འགག༌སྡོམ་ཡང་ཆེ་བས་རིམ་པ་དེ་ལྟར་དུ་སློབ་མ་འཁྲིད་དགོས་ཏེ། སྡུག་བདེན་བསམས་པའི་སྒོ་ནས་འཁོར་བ་ལ་ཞེན་ལོག་རྣལ་མ་ཞིག་མེད་ན། ཐར་པ་ཐོབ་འདོད་ཚིག་ཙམ་དུ་འགྲོ་བས་ཅི་བྱས་ཀུན་འབྱུང་དུ་འགྲོ་ལ། ཀུན་འབྱུང་བསམས་པའི་སྒོ་ནས་འཁོར་བའི་རྩ་བ་ལས་དང་ཉོན་མོངས་པ་རྣམས་ལེགས་པར་མི་ཤེས་ན། འབེན་མ་མཐོང་བའི་མདའ་བརྡེག་པ་ལྟར་ལམ་གྱི་གནད་རྣམས་ཆད་ཅིང་སྲིད་པ་ལས་གྲོལ་བའི་ལམ་མ་ཡིན་པ་ལ་ཡིན་པར་བཟུང་ནས་ངལ་བ་འབྲས་བུ་མེད་པར་འགྱུར་བའི་ཕྱིར་དང༌། སྤང་བྱ་སྡུག་ཀུན་མ་ཤེས་ན། དེ་ཉེ་བར་ཞི་བའི་ཐར་པའང་ངོས་མི་ཟིན་པས་ཐར་པ་དོན་གཉེར་ཡང་རློམ་པ་ཙམ་དུ་ཟད་པའི་ཕྱིར་རོ། །གཉིས་པ་སྡུག་བསྔལ་བསྒོམ་པ་དངོས་ལ་གཉིས།


JLD013_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་དང༌། སོ་སོའི་སྡུག་བསྔལ་བསམ་པའོ། །དང་པོ་ལ་གསུམ། སྡུག་བསྔལ་བརྒྱད་བསམ་པ། སྡུག་བསྔལ་དྲུག་བསམ་པ། སྡུག་བསྔལ་གསུམ་བསམ་པའོ། །དང་པོ་ནི། བཤེས་སྤྲིངས་ལས། དེས་པ་འདོད་པས་ཕོངས་དང་འཆི་བ་དང༌། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང༌། །ཞེས་གསུངས་པ་ལྟར་བསྒོམ་པའོ། །དེ་ལ་འཁོར་བ་ལ་སྐྱོ་བ་བསྒོམ་པ་ནི། དེ་ལ་སྡུག་བསྔལ་དུ་མའི་འབྱུང་གནས་སུ་སེམས་པའོ། །སྡུག་བསྔལ་ནི། འདོད་པས་ཕོངས་པ་ལ་སོགས་དངོས་སུ་བསྟན་པ་བཞི་དང་སོགས་ཀྱི་སྒྲས་བསྡུས་པ་བཞི་སྟེ་བརྒྱད་དོ། །བརྒྱད་པོ་འདི་ནི་བཅོམ་ལྡན་འདས་ཀྱིས་སྡུག་བདེན་ངོས་འཛིན་པའི་སྐབས་སུ་མདོ་སྡེ་དུ་མར་གསུངས་སོ། །འབྲིང་དང་ཐུན་མོང་བའི་དམིགས་སྐོར་སྐྱོང་བ་ཐམས་ཅད་ལ་ཡང་ཐུན་མོང་བ་རྣམས་ནི་ཆུང་ངུའི་སྐབས་སུ་བཤད་པ་རྣམས་འདིར་ཡང་བླང་བར་བྱ་ཞིང༌། ཐུན་མོང་མ་ཡིན་པའི་སྐྱོང་རྒྱུ་རྣམས་ལ་ནི་བློའི་མཐུ་ཡོད་ན་ཇི་ལྟར་བྲིས་པ་ལྟར་བསྐྱང་ལ་བློའི་མཐུ་ཆུང་ན་ལུང་འདྲེན་དོར་ནས་སྐབས་སུ་གང་བབ་པའི་དོན་གྱི་ངོ་བོ་ཙམ་བསྐྱང་བར་བྱའོ། །འདི་རྣམས་དཔྱད་སྒོམ་ཡིན་ཀྱང་བསྒོམ་རྒྱུའི་དམིགས་པ་དེ་དག་ལས་གཞན་པའི་དགེ་མི་དགེ་ལུང་མ་བསྟན་གང་ལའང་མི་བཏང་བར་སེམས་དམིགས་པ་ལ་རྒོད་པ་སོགས་དགག །གཉིད་རྨུགས་དང་བྱིང་བའི་དབང་དུ་ཡང་མི་བཏང་བར་ཤེས་པ་ཆེར་གསལ་ཞིང་དྭངས་


JLD013_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ནས་བྲེང་ཆགས་སུ་བསྒོམ་སྟེ། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་ཡིད་གཞན་དུ་གཡེངས་པའི་དགེ་སྦྱོར་ཐམས་ཅད་འབྲས་བུ་ཆུང་བར་གསུངས་པའི་ཕྱིར་དང༌། ཐེག་པ་ཆེན་པོ་ལ་དད་པ་བསྒོམ་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལས་འབྱུང་བ་གང་ཅི་ཡང་རུང༌། དེ་ཐམས་ཅད་ནི་རྣམ་པར་མ་གཡེངས་པའི་སེམས་ཀྱིས་དོན་དང་ཆོས་ཡང་དག་པར་བསམས་པ་ལས་བྱུང་བར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་རྣམ་པར་མ་གཡེངས་པའི་སེམས་ནི་དགེ་བའི་དམིགས་པ་ལས་གཞན་དུ་མི་གཡེང་བ་ཡིན་ལ། དོན་དང་ཆོས་ནི་དོན་དང་ཚིག་སྟེ་ཡང་དག་པར་བསམས་པ་ནི་སོ་སོར་རྟོག་པའི་བློས་དཔྱད་ཅིང་སེམས་པའོ། །དེས་ནི་ཡོན་ཏན་གྱི་ཆོས་བསྒྲུབ་པ་ཐམས་ཅད་ལ་དེ་གཉིས་དགོས་པར་བསྟན་ཏོ། །དེས་ན་ཐེག་པ་གསུམ་གྱི་ཡོན་ཏན་བསྒྲུབ་པ་ཐམས་ཅད་ལ་སེམས་དགེ་བའི་དམིགས་པ་དེ་ལས་གཞན་དུ་མི་གཡེང་བར་གནས་པའི་རྩེ་གཅིག་པ་ཞི་གནས་དངོས་སམ་དེ་དང་རྗེས་སུ་མཐུན་པ་ཞིག་དང༌། དགེ་བའི་དམིགས་པ་ལ་སོ་སོར་དཔྱོད་པའི་ཇི་ལྟ་བ་དང་ཇི་སྙེད་པ་འབྱེད་པའི་ལྷག་མཐོང་དངོས་སམ་དེ་དང་རྗེས་སུ་མཐུན་པ་ཞིག་སྟེ་གཉིས་དགོས་པར་གསུངས་སོ། །དེ་ལྟར་ཡང༌


JLD013_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་དགོངས་འགྲེལ་ལས། བྱམས་པ། ཡང་ཉན་ཐོས་རྣམས་ཀྱིའམ་བྱང་ཆུབ་སེམས་དཔའ་རྣམས་ཀྱིའམ་དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུར་རིག་པར་བྱའོ། །ཞེས་གསུངས་སོ། །འདི་ལ་ཞི་ལྷག་དངོས་དང་རྗེས་སུ་མཐུན་པ་གཉིས་མ་བྱས་ན་ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཞི་ལྷག་དངོས་ཀྱི་འབྲས་བུར་འོང་བའི་ངེས་པ་མེད་དོ། །དེ་ལྟར་སྡུག་བསྔལ་བརྒྱད་ལས་དང་པོ་སྐྱེ་བའི་སྡུག་བསྔལ་བསམ་པ་ནི་ལྔ་ལས། སྐྱེ་བ་སྡུག་བསྔལ་དང་ལྡན་པས་སྡུག་བསྔལ་བ་ནི། སེམས་ཅན་དམྱལ་བ་པ་རྣམས་དང༌། མཐའ་གཅིག་ཏུ་སྡུག་བསྔལ་བའི་ཡི་དྭགས་རྣམས་དང་། མངལ་ནས་སྐྱེ་བ་རྣམས་དང་། སྒོ་ང་ལས་སྐྱེ་བ་སྟེ་བཞི་པོ་དེ་དག་ནི་སྐྱེ་བ་ན། སྡུག་བསྔལ་གྱི་ཚོར་བ་དྲག་པོ་མང་པོ་དང་བཅས་པར་སྐྱེ་བའོ། །སྐྱེ་བ་གནས་ངན་ལེན་དང་ལྡན་པས་སྡུག་བསྔལ་བ་ནི། ཁམས་གསུམ་གྱི་འདུ་བྱེད་ཐམས་ཅད་ནི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་ལྡན་པས་ལས་སུ་མི་རུང་བ་དང་དབང་བསྒྱུར་བ་མ་ཡིན་ལ། ཁམས་གསུམ་གྱི་སེམས་ཅན་གྱི་འདུ་བྱེད་མངོན་པར་འགྲུབ་པ་ནའང་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་རྗེས་སུ་འབྲེལ་བ་སྟེ། མདོར་ན་ཉོན་མོངས་སྐྱེ་བ་དང་གནས་པ་དང་འཕེལ་བའི་ས་བོན་རྗེས་སུ་འབྲེལ་བས་དགེ་བ་ལ་བཀོལ་བཟོད་པའི་ལས་སུ་རུང་བ་ཡང་མེད། ཅི་འདོད་འདོད་དུ་དབང་བསྒྱུར་དུ་ཡང་མི་རུང་བའོ། །སྐྱེ་བ༌སྡུག་བསྔལ་


JLD013_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་སུ་གྱུར་པས་སྡུག་བསྔལ་བ་ནི། ཁམས་གསུམ་དུ་སྐྱེ་བ་བླངས་པས་དེ་ལ་བརྟེན་ནས་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་རྒྱས་པར་འགྱུར་བའོ། །སྐྱེ་བ་ཉོན་མོངས་ཀྱི་གནས་སུ་གྱུར་པས་སྡུག་བསྔལ་བ་ནི། འཁོར་བར་སྐྱེས་པ་ན་ཆགས་པའི་ཡུལ་དང་སྡང་བའི་ཡུལ་དང་རྨོངས་པར་འགྱུར་བའི་ཡུལ་རྣམས་ལ་དུག་གསུམ་སྐྱེ་ཞིང༌། དེས་ཀྱང་ལུས་དང་སེམས་རབ་ཏུ་མ་ཞི་ཞིང་སྡུག་བསྔལ་ནས་བདེ་བ་ལ་མི་གནས་པ་སྟེ། ཉོན་མོངས་པས་སྒོ་སྣ་ཚོགས་ནས་ལུས་དང་སེམས་གདུང་བའོ། །སྐྱེ་བ་མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པས་སྡུག་བསྔལ་བ་ནི། སྐྱེས་པ་ཐམས་ཅད་ཀྱི་མཐའ་འཆི་བ་ལས་མ་འདས་ཤིང༌། དེ་ཡང་མི་འདོད་ལ། དེས་ཀྱང་སྡུག་བསྔལ་ཁོ་ན་མྱོང་བར་བྱེད་པའོ། །དེ་ལྟར་ན་སྐྱེ་བའི་ཚེ་སྡུག་བསྔལ་དང་བཅས་པ་དང་གནས་ངན་ལེན་དང་ལྡན་པར་སྐྱེ་ཞིང༌། སྐྱེས་པ་དེས་ཀྱང་ན་རྒ་ལ་སོགས་པ་དང་ཉོན་མོངས་པ་རྣམས་དང་འཆི་བ་འདྲེན་ལ། དེ་དག་གིས་ཀྱང་སྡུག་བསྔལ་བར་བྱེད་པའི་ཚུལ་སེམས་པར་བྱེད་པའོ། །ཁྱད་པར་དུ་མངལ་ན་གནས་པའི་ཚེ། སྡུག་བསྔལ་ཇི་འདྲ་བ་མྱོང་བ་ནི། སློབ་མ་ལ་སྤྲིངས་པ་ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་བཅེར་བས་འགགས། །རབ་ཏུ་དོག་པ་མུན་ནག་ཐིབས་པོར་འདུག༌པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམས་ལ་སྡུག་བསྔལ་ཆེན་པོ་མནག་དགོས་སོ། །ཞེས་གསུངས་པ་ལྟར་རོ། །ཚིག་དེ་དག་གི་དོན་ཡང༌། མངལ་དུ་འཇུག་


JLD013_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། མི་གཙང་བ་རྣམ་པ་མང་པོས་ཡོངས་སུ་གང་བ། སྲིན་བུའི་རིགས་སྟོང་ཕྲག་མང་པོའི་གནས། ཤིན་ཏུ་དྲི་ང་བའི་སྒོ་གཉིས་དང་ལྡན་པ། རུས་པའི་བུ་ག་དང་ཁུང་བུ་ཕུག་དུ་མ་དང་ལྡན་པ། གཅིན་དང་ཀླད་པ་དང་ཀླད་རྒྱས་དང་རྐང་གི་ཚོགས་ཀྱི་ལྗན་ལྗིན་ཅན་དུ་ཕོ་བའི་འོག །ལོང་ཀའི་སྟེང་ན་ཁ་ནི་སྒལ་ཚིགས་ལ་བལྟས། རྒྱབ་ནི་ལྟོ་བའི་པགས་པ་ལ་བསྟན་ཏེ། ཟླ་བ་རེ་རེ་བཞིན་ཟླ་མཚན་འབྱུང་བས་ནི་བརྟ། མ་ཡིས་ཟས་ཀྱི་རྣམ་པ་སོའི་ཕྲེང་བ་གཉིས་ཀྱིས་ཞིབ་མོར་བྱས་ཤིང་མིད་པར་མིད་པ་ནས། འོག་ནས་ཁའི་རྨའི་དྲི་མ་དང་ཁ་ཆུས་བརླན་པ། སྟེང་ནས་ཀླད་རྒྱས་སྦགས་པ་སྐྱུགས་པ་དང་འདྲ་བའི་ཟས་ཀྱི་རོ་ཁོང་ནས་ལྟེ་བའི་བུ་ག་ནས་འཇུག་པས་ནི་བསྐྱེད་ཅིང༌། ནུར་ནུར་པོ་དང་མེར་མེར་པོ་དང་ནར་ནར་པོ་དང་གོར་གོར་པོ་རྐང་ལག་འགྱུས་པའི་ངོ་བོར་ཡོངས་སུ་འགྱུར་བར་འགྱུར་ཞིང༌། ལག་པ་དང་རྐང་པ་དང་འགྲམ་པ་ནི་ཤ་མའི་སྣོད་ཀྱིས་དཀྲིས། སྣབས་ཕྱི་ས་བཞིན་དུ་དྲི་ང་བ་མནམ་པ་མི་བཟད་པ་མུན་གནག་འགྲེང་བར་ནི་ཡན་མན་རྒྱུ། ཟས་ཀྱི་རོ་ཁ་བ་དང་སྐྱུར་བ་དང་རྩུབ་པ་དང་ལན་ཚྭ་དང་ཚ་བ་དང་བསྐ་བ་མེ་སྟག་ལྟ་བུ་དག་གིས་ནི་རེག །སྲིན་གྲོལ་མ་བཞིན་མི་གཙང་བའི་ཁུ་བས་ནི་གསོ། མི་གཙང་བ་མྱགས་པ་རབ་ཏུ་འབར་བའི་འདམ་གྱི་ནང་དུ་ནི་སོང༌། སྲོག་གི་དབང་པོ་ནི་མི་བརྟན། མའི་ལུས་ཀྱི་ནང་གི་མེས་ནི་ཀུན་ནས་གདུང་ཀུན་ཏུ་གདུང་ཡོངས་སུ་གདུང༌། ཚ་ཀུན་ཏུ་ཚ་ཡོངས་སུ་ཚ། བསྲེག་ཀུན་ཏུ་བསྲེག་ཡོངས་


JLD013_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྲེག་ཅིང་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ་རྩུབ་པ་མི་བཟད་པ་ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་དེའི་མ་གཡོ་བ་དང་ཀུན་ཏུ་གཡོ་བ་དང་ཡོངས་སུ་གཡོ་བ་དེ་ལྟ་དེ་ལྟར་ཡང་དེ་བཅིང་བ་ལྔས་བཅིངས་པ་དང་མེ་མ་མུར་གྱི་དོང་དུ་བཅུག་པ་ལྟ་བུར་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ་རྩུབ་པ་མི་བཟད་པ་ཡིད་དུ་མི་འོང་བ་དཔེ་བྱ་བར་དཀའ་བ་མྱོང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་མས་ཟས་ཧ་ཅང་མང་ཉུང་དུ་ཟོས་པ་དང་ཧ་ཅང་སྣུམ་པ་རྩུབ་པ་གྲང་བ་ཚ་བ་ལན་ཚྭ་ཆེ་བ་སྐྱུར་བ་མངར་བ་ཁ་བ་ཚ་བ་ཧ་ཅང་བསྐ་བའི་ཟས་ཟོས་པ་དང་འདོད་པ་ལ་སྤྱོད་པ་དང༌། ཧ་ཅང་བརྒྱུག་པ་དང་མགྱོགས་པ་དང་མཆོང་བ་དང་རྐྱལ་བ་དང་མེའི་དྲུང་ན་འདུག་གམ་ཙོག་ཙོག་པོར་འདུག༌ན་ཡང་མངལ་ན་གནས་པ་ལ་གནོད་པར་གསུངས་ཤིང༌། ཕོ་བས་བཀབ་ལོང་ཀས་བརྟེན་ནས་བཅིང་བ་ལྔས་བཅིངས་པའམ་གསལ་ཤིང་གིས་བཙུགས་པ་བཞིན་དུ་གནས་པར་གསུངས་སོ། །མངལ་ནས་བཙའ་བའི་ཚེ་དང་ཕྱི་རོལ་ཏུ་སྐྱེས་པའི་ཚེའི་སྡུག་བསྔལ་ཡང༌། སློབ་སྤྲིངས་ལས། དེ་ནི་རིམ་གྱིས་ཏིལ་མར་བཙིར་སྤྱད་སྲ་བ་ཡིས། །བཙིར་བ་ལྟར་བྱས་དེ་ནས་ཅི་ཞིག་ལྟར་ཏེ་བཙས། །འོན་ཀྱང་མོད་ལ་དེ་སྲོག་མི་འདོར་གང་ཡིན་པ། །སྡུག་བསྔལ་ཉེ་བར་སྤྱད་པའི་རྣམ་པར་མཐོ་བཙམས་མོད། །མི་གཙང་དེ་ནང་གནས་བཅས་འགྲེ་བའི་ལུས་དེ་ནི། །མངལ་གནས་རློན་པས་དཀྲིས་ཤིང་དྲི་ང་མི་བཟད་ལྡན། །གཟིར་བས་གནོད་པ་བདོ་དེ་རྨ་སྨིན་ཞིག་པ་ལྟར། །སྐྱུག་ལ་


JLD013_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པ་བཞིན་དུ་སྔོན་གྱི་དྲན་པས་སྤོང༌། །ཞེས་གསུངས་པའོ། །ཚིག་དེ་དག་གི་དོན་ནི། མངལ་དུ་འཇུག་པ་ལས། དེ་ནས་དེ་ཡན་ལག་དང་ཉིང་ལག་ཐམས་ཅད་སྐྱེས་ནས་གཅིན་གྱི་གནས་རུལ་བ་ལྟུང་བ་འགྲེང་བ་མི་བཟད་པ་དྲི་ང་བ་མནམ་པ་མུན་གནག་མཐོང་ན་ཤིན་ཏུ་འཇིགས་སུ་རུང་བ་ཕྱི༌ས་དང་གཅིན་གྱིས་བསྒོས་པ་དྲི་མི་ཞིམ་པའི་དྲི་མ་དང་ཁྲག་དང་ཆུ་སེར་ཅན་རྟག་ཏུ་འཛག་པའི་རྨའི་སྒོར། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་གིས་རྐང་པ་ནི་གྱེན་དུ་བསྟན། མགོ་བོ་ནི་ཐུར་དུ་བསྟན། ལག་པ་གཉིས་བསྐུམས་པ་ན་རུས་པའི་འཁྲུལ་འཁོར་གཉིས་ཀྱིས་གཟིར། ཀུན་ཏུ་གཟིར་ཡོངས་སུ་གཟིར་ཞིང༌། སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག༌པ་རྩུབ་པ་མི་བཟད་པ་ཡིད་དུ་མི་འོང་བ་དག་གིས་ལུས་ཀྱི་ཡན་ལག་རྨ་གསར་པ་ལྟ་བུ་བཟེ་རེ་ཅན་ཐམས་ཅད་སྔོན་པོར་གྱུར་ལ་ལུས་ཀྱི་དབང་པོ་ཐམས་ཅད་ནི་ཚ། མངལ་གྱི་དྲི་མ་ཤིན་ཏུ་བཙོག་པས་ནི་ལུས་གཡོགས། སྐོམ་པས་མཆུ་དང་མགྲིན་པ་དང་སྙིང་ནི་བསྐམས་ཏེ། དོག་པ་དང་ཉམ་ང་བ་མི་བཟད་པར་གནས་པ་དེ་རྒྱུ་དང་རྐྱེན་གྱི་དབང་གིས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་གིས་ཕུལ་བ་ན་དཀའ་དཀའ་ལྟར་ཇི་ཞིག་ལྟར་ཏེ་འབྱུང་ངོ་། །དེ་བྱུང་མ་ཐག་ཏུ་ཕྱི་རོལ་གྱི་རླུང་རྨ་ལ་རྩི་དྲག་པོའི་རེག་པ་ཅན་ལྟ་བུའམ་ལག་པའམ་གོས་ཀྱིས་རེག་ན་རལ་གྲིས་བཅད་པ་བཞིན་དུ། སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ་རྩུབ་པ་མི་བཟད་པ་ཡིད་


JLD013_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་འོང་བ་མྱོང་བར་འགྱུར་རོ། །ཞེས་གསུངས་ཤིང༌། བ་ལང་པགས་པ་བཤུས་པ་ལ་སྲོག་ཆགས་གཞན་གྱིས་ཟོས་པ་དང༌། མཛེ་ཅན་ལུས་ཚོས་པ་ལྕག་གིས་བྲབས་པ་ན་སྡུག་བསྔལ་དྲག་པོ་མྱོང་བ་བཞིན་དུ། བཙས་མ་ཐག་པ་དེ་པང་དུ་བླངས་པ་སོགས་དང་ཚ་བ་དང་གྲང་བས་རེག་པ་ན་ཡང་སྡུག་བསྔལ་དྲག་པ་རྩུབ་པ་མི་བཟད་པ་ཡིད་དུ་མི་འོང་བ་མྱོང་བར་གསུངས་སོ། །སྡུག་བསྔལ་བརྒྱད་ཀྱི་ནང་ནས་ཀྱང་དང་པོ་འདི་དང་ཐ་མ་ལ༌ནན་ཆེར་བྱས་ཏེ་བསྒོམ་དགོས་པས། སྔར་བཤད་པ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་དཔྱད་དེ་བསྒོམ་པར་བྱའོ། །རྒ་བའི་སྡུག་བསྔལ་བསམ་པ་ལ་ལྔ་ལས། གཟུགས་བཟང་པོ་ཡོངས་སུ་ཉམས་པ་ནི། རྐེད་པ་གཞུ་ལྟར་དུ་དགུ་བ་དང་མགོ་སྤྲ་བའི་མེ་ཏོག་ལྟར་དཀར་བ་དང་དཔྲལ་བ་དྲས་གདན་ལྟར་གཉེར་མས་ཁེབས་པ་སོགས་ཀྱིས་ལང་ཚོ་ཉམས་ནས་མི་སྡུག་པར་འགྱུར་བའོ། །མཐུ་སྟོབས་ཡོངས་སུ་ཉམས་པ་ནི། འདུག་ན་ས་སྒྱེ་ཐག་པ་ཆད་པ་འདྲ་བ་དང་ལངས་ན་ཤིང་རྩ་གནམ་དུ་འདོན་པ་འདྲ་བ་དང་སྨྲ་ན་ལྡིབ་ཅིང་འགྲོ་ན་འབུབ་པ་སོགས་བྱེད་པའོ། །དབང་པོ་ཡོངས་སུ་ཉམས་པ་ནི། མིག་ལ་སོགས་པས་གཟུགས་ལ་སོགས་པ་གསལ་བར་མི་མཐོང་བ་དང་བརྗེད་ངས་ཆེ་བ་ལ་སོགས་པས་དྲན་པ་ལ་སོགས་པའི་མཐུ་བྲི་བའོ། །ཡུལ་ལ་ལོངས་སྤྱོད་པ་ཡོངས་སུ་ཉམས་པ་ནི། བཟའ་བཏུང་ལ་སོགས་པ་འཇུ་དཀའ་ཞིང་གཞན་ཡང་འདོད་པའི་ཡོན་ཏན་རྣམས་ལ་ལོངས་སྤྱད་པར་མི་ནུས་པའོ། །


JLD013_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡོངས་སུ་ཉམས་པའི་སྡུག་བསྔལ་ནི། ཚེ་ཕལ་ཆེར་ཟད་པས་མྱུར་དུ་འཆི་བ་ལ་ཕྱོགས་པ་སྟེ། དེ་རྣམས་ཡང་དང་ཡང་དུ་སེམས་པའོ། །རྒྱ་ཆེར་རོལ་པ་ལས་ཀྱང༌། རྒ་བས་རྒ་བྱས་ན་ཚོད་ཡོལ་གྱུར་ན། །སྡོང་པོ་གནམ་ལྕགས་ཀྱིས་ནི་བཅོམ་པ་བཞིན། །རྒ་བས་འཁོགས་ན་འཇིགས་བཅས་ཁང་ཧྲུལ་འདྲ། །རྒ་ལས་འབྱུང་བ་ཐུབ་པ་མྱུར་དུ་སྨྲོས། །བུད་མེད་སྐྱེས་པའི་ཚོགས་རྣམས་རྒ་བས་སྐེམས། །འཁྲི་ཤིང་སཱ་ལའི་ནགས་ལ་རླུང་དམར་བཞིན། །རྒ་བས་བརྩོན་འགྲུས་རྩལ་དང་ཤུགས་འཕྲོག་སྟེ། །དཔེར་ན་སྐྱེས་བུ་འདམ་དུ་བྱིང་བ་བཞིན། །རྒ་བས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། །རྒ་བས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོག །རྒ་བས་བདེ་བ་འཕྲོག་ཅིང་བརྙས་པར་བྱེད། །རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག །ཅེས་གསུངས་སོ། །སྤྱན་སྔའི་ཞལ་ནས་འཆི་བའི་སྡུག་བསྔལ་ཐུ་སྟེ་ཡུན་ཐུང༌། རྒས་པ་འདི་ག་ཐུ་གསུང་ངོ་། །ཀ་མ་བའི་ཞལ་ནས། རྒས་པ་ཁད་ཀྱིས་ཁད་ཀྱིས་འོང་བས་དྲག །དུས་གཅིག་ལ་འོང་ན་བསྲན་ཐབས་མེད་གསུང་ངོ་། །ན་བའི་སྡུག་བསྔལ་བསམ་པ་ལ་ཡང་ལྔ་ལས། ལུས་ཀྱི་རང་བཞིན་འགྱུར་བ་ནི། ལུས་ཀྱི་ཤ་ཞུ་པགས་པ་བསྐམས་པ་སོགས་སོ། །སྡུག་བསྔལ་དང་ཡིད་མི་བདེ་བ་འཕེལ་ཞིང༌དེ་ལ་ཤས་ཆེར་གནས་པ་ནི། ལུས་ཀྱི་ཆུ་ལ་སོགས་པའི་ཁམས་རྣམས་ཆ་མི་མཉམ་པར་ཤས་ཆེ་ཆུང་དུ་འཁྲུགས་པས་ལུས་ལ་གདུང་བ་


JLD013_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅིང་དེས་སེམས་ལ་མི་བདེ་བ་བསྐྱེད་པས་ཉིན་མཚན་འདའ་དགོས་པའོ། །ཡུལ་གྱི་ལོངས་སྤྱོད་ཡིད་དུ་འོང་བ་མི་འདོད་པ་ནི། ཡིད་དུ་འོང་བའི་ཡུལ་རྣམས་ལ་ནད་ལ་གནོད་ཟེར་ནས་འདོད་བཞིན་དུ་སྤྱད་དབང་མེད་པ་སྟེ། དེ་བཞིན་དུ་སྤྱོད་ལམ་ཡང་གང་འདོད་པ་རྣམས་བྱར་མེད་པའོ། །ཡུལ་གྱི་ལོངས་སྤྱོད་ཡིད་དུ་མི་འོང་བ་ལ་མི་འདོད་བཞིན་དུ་སྤྱད་དགོས་པ་ནི། སྨན་དང་བཟའ་བཏུང་སོགས་ཡི་གར་མི་འོང་བ་ནན་གྱིས་སྤྱད་དགོས་ཤིང༌། དེ་བཞིན་དུ་མེས་བསྲེག་པ་དང་མཚོན་གྱིས་འབུགས་པ་སོགས་ཀྱི་དཔྱད་རྩུབ་པོ་རྣམས་བསྟེན་དགོས་པའོ། །སྲོག་གི་དབང་པོ་དང་འབྲལ་བར་འགྱུར་བ་ནི། ནད་མི་འཚོ་བར་མཐོང་ནས་སྡུག་བསྔལ་བསྐྱེད་པ་སྟེ། དེ་རྣམས་ལ་ཞིབ་ཏུ་སེམས་པའོ། །རྒྱ་ཆེར་རོལ་པ་ལས་ཀྱང༌། ནད་བརྒྱ་མང་དང་ནད་ཐིབས་སྡུག་བསྔལ་གྱིས། །འགྲོ་བ་གཙེས་ཏེ་མི་ཡིས་རི་དྭགས་བཞིན། །རྒ་དང་ན་བས་བཅོམ་པའི་འགྲོ་ལྟོས་ལ། །སྡུག་བསྔལ་ལས་ནི་འབྱུང་བ་མྱུར་ཤོད་ཅིག །དཔེར་ན་དགུན་སྨད་རླུང་དང་ཁ་བ་ཆེ། །རྩྭ་ཤིང་གེལ་པ་ནགས་སྨན་མདངས་ཀྱང་འཕྲོག །དེ་ལྟར་ནད་འདིས་འགྲོ་བའི་མདངས་འཕྲོག་ཅིང༌། །དབང་པོ་གཟུགས་དང་སྟོབས་ནི་ཉམས་པར་བྱེད། །ནོར་འབྲུ་ནོར་ཆེན་ཐ་མར་ཟད་པར་བྱེད། །ནད་ནི་རྟག་ཏུ་འགྲོ་བ་བརྙས་པར་བྱེད། །གནོད་པ་བྱེད་ཅིང་སྡུག་ལ་སྡང་བར་བྱེད། །ཡོངས་སུ་གདུང་བྱེད་མཁའ་ལས་ཉི་མ་བཞིན། །ཞེས་གསུངས་སོ། །འཆི་བའི་སྡུག་བསྔལ་བསམ་པ་ལ་ཡང་ལྔ་སྟེ།


JLD013_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་དང༌། རྩ་འཇིང་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་དང༌། འཁོར་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་དང༌། ལུས་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་དང༌། འཆི་བའི་ཚེ་སྡུག་བསྔལ་དང་ཡིད་མི་བདེ་དྲག་པོ་མྱོང་བ་སྟེ། དེ་རྣམས་ལ་ཡིད་སྐྱོ་བར་མ་གྱུར་གྱི་བར་དུ་ཡང་དང་ཡང་སེམས་པའོ། །སྔ་མ་བཞི་སྡུག་བསྔལ་དུ་འགྲོ་ཚུལ་ནི། ཕུན་ཚོགས་བཞི་པོ་དེ་དག་དང་འབྲལ་བར་མཐོང་ནས་སྡུག་བསྔལ་བའོ། །རྒྱ་ཆེར་རོལ་པ་ལས་ཀྱང༌། འཆི་དང་འཕོ་དང་འཆི་འཕོ་དུས་བྱེད་པ། །ཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་འབྲལ། །ཕྱིར་མི་འོང་ཞིང་ཕྲད་པར་འགྱུར་མ་ཡིན། །ཤིང་ལས་ལོ་འབྲུལ་འདྲ་ཞིང་ཀླུང་རྒྱུན་མཚུངས། །འཆི་བ་དབང་ཡོད་པ་དག་དབང་མེད་བྱེད། །འཆི་བས་འཕྲོག་བྱེད་ཆུ་བོས་ཤིང་དེད་བཞིན། །མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་འགྲོ། །རང་ལས་འབྲས་བུ་ལྡན་པས་དབང་ཡང་མེད། །འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ཏེ། །འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། །ཀླུ་ལ་མཁའ་ལྡིང་གླང་ཆེན་སེང་གེ་འདྲ། །རྩྭ་ཤིང་འབྱུང་པོའི་ཚོགས་ལ་མེ་དང་མཚུངས། །ཞེས་གསུངས་སོ། །མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་བསམ་པ་ལ་ཡང་ལྔ་སྟེ། དགྲ་ལྟ་བུ་དང་ཕྲད་པ་ཙམ་གྱིས་སྡུག་བསྔལ་དང་ཡིད་མི་བདེ་བ་སྐྱེ་བ་དང༌། དེས་ཆད་པས་གཅོད་པའི་འཇིགས་པའི་གནས་སུ་གྱུར་པ་དང༌། ཚིགས་


JLD013_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པ་མེད་པ་སྟེ་གཏམ་ངན་པས་འཇིགས་པ་དང༌། ཉམ་ང་བཞིན་དུ་འཆི་བས་འཇིགས་པ་དང༌། ཆོས་ལས་འགལ་བས་ཤི་བའི་འོག་ཏུ་ངན་འགྲོར་སོང་གིས་དོགས་ནས་འཇིགས་པ་སྟེ། དེ་དག་ལ་སེམས་པའོ། །སྡུག་པ་དང་བྲལ་བའི་སྡུག་བསྔལ་བསམ་པ་ཡང་ལྔ་སྟེ། ཆེས་ཕངས་པའི་གཉེན་ལ་སོགས་པ་དང་བྲལ་བ་ན་དེས་སེམས་ལ་མྱ་ངན་སྐྱེ་བ་དང༌། ངག་ཏུ་སྨྲེ་སྔགས་འདོན་པ་དང༌། ལུས་ལ་གནོད་པ་བསྐྱེད་པ་དང༌། ཡུལ་དེའི་ཡོན་ཏན་དྲན་ཞིང་འདོད་པས་ཡིད་གདུང་བ་དང༌། དེའི་ལོངས་སྤྱོད་མ༌ཚང་བ་སྟེ་དེ་རྣམས་ལ་སེམས་པའོ། །འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་བསམ་པ་ཡང་ལྔ་སྟེ། སྡུག་པ་དང་བྲལ་བ་དང་འདྲའོ། །འདོད་པ་བཙལ་ཏེ་མ་རྙེད་པ་ནི་སོ་ནམ་བྱས་ཀྱང་སྟོན་ཐོག་མ་གྲུབ་པ་དང༌། ཚོང་བྱས་ཀྱང་ཁེ་སྤོགས་མ་ཐོན་པ་སོགས་ཏེ། གང་ལ་རེ་བ་དེ་འབད་ནས་བཙལ་ཡང་མ་རྙེད་པས་ཡི་ཆད་པའི་སྡུག་བསྔལ་ལོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་གསུངས་པའི་དོན་བསམ་པ་ཡང་ལྔ་སྟེ། མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད་དང༌། མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད་དང༌། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་དང༌། འགྱུར་བའི་སྡུག་བསྔལ་གྱི་སྣོད་དང༌། འདུ་བྱེད་ཀྱི་སྡུག༌བསྔལ་གྱི་རང་བཞིན་དུ་གྱུར་པ་སྟེ། དེ་དག་ལ་ཡང་ཡང་སེམས་པའོ། །དེ་ལ་དང་པོ་ནི། ཉེར་ལེན་གྱི་ཕུང་པོ་འདི་བླངས་པ་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་རྣམས་


JLD013_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པའོ། །གཉིས་པ་ནི། ཕུང་པོ་གྲུབ་ཟིན་པ་ལ་བརྟེན་པའི་ན་རྒ་ལ་སོགས་པའི་རྟེན་དུ་གྱུར་པའོ། །གསུམ་པ་དང་བཞི་པ་ནི། སྡུག་བསྔལ་གཉིས་པོ་དེའི་གནས་ངན་ལེན་རྗེས་སུ་འབྲེལ་བས་དེ་གཉིས་བསྐྱེད་པའོ། །ལྔ་པ་ནི། ཉེར་ལེན་གྱི་ཕུང་པོ་གྲུབ་ཙམ་གྱིས་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་སྐྱེ་སྟེ། ལས་དང་ཉོན་མོངས་པ་སྔ་མའི་གཞན་གྱི་དབང་དུ་གྱུར་པའི་འདུ་བྱེད་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །འདི་ཞིབ་ཏུ་སྡུག་བསྔལ་གསུམ་གྱི་སྐབས་སུ་བཤད་པར་བྱའོ། །ཉེར་ལེན་གྱི་ཕུང་པོའི་རང་བཞིན་གྱི་འཁོར་བ་ལ་སྐྱོ་བ་རྣལ་མ་ཞིག་མ་སྐྱེས་ན་ཐར་པ་དོན་གཉེར་གྱི་བློ་སྣ་རྣལ་མ་སྐྱེ་ས་མེད་ཅིང༌། སེམས་ཅན་འཁོར་བར་འཁྱམས་པ་ལ་སྙིང་རྗེ་ཆེན་པོ་ཡང་སྐྱེ་ཐབས་མེད་པས་ཐེག་པ་ཆེ་ཆུང་གང་དུ་འཇུག་ཀྱང་བསམ་པ་འདི་ཤིན་ཏུ་གལ་ཆེའོ། །དེ་སྐྱེ་བ་ཡང་དྲི་མ་མེད་པའི་གསུང་རབ་དང་དགོངས་འགྲེལ་ཚད་ལྡན་གྱི་རྗེས་སུ་འབྲངས་ནས་གོ་བ་རྣམ་དག་བཙལ་ཏེ། དེ་ནས་རིང་དུ་སོ་སོར་རྟོག༌པའི་དཔྱད་སྒོམ་གྱིས་བློའི་འགྱུར་བ་དྲག་པོ་འདོན་དགོས་པས། བཅོམ་ལྡན་འདས་ཀྱིས་སྡུག་བདེན་འཁོར་བའི་ཉེས་དམིགས་ཤེས་པ་ལ་སྡུག་བསྔལ་བརྒྱད་གསུངས་པའི་དགོངས་པ་འཕགས་པ་ཐོགས་མེད་ཀྱིས་ལེགས་པར་གཏན་ལ་ཕབ་པ་ལྟར་བཤད་པ་ཡིན་ནོ། །པོ་ཏོ་བའི་ཞལ་ནས་རིགས་དྲུག་གང་དུ་སྐྱེས་ཕན་ཆད་ན་ཚ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བ་ནི་ན་རྒྱུ་ཞིག་ན་བ་


JLD013_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། འཆི་རྒྱུ་ཞིག་འཆི་བ་ཡིན་གྱི། དེ་ལ་མི་འོས་པ་ཞིག་གློ་བུར་དུ་བྱུང་བ་མིན་འཁོར་བའི་མཚན་ཉིད་དམ་རང་བཞིན་ཡིན། འཁོར་བར་གནས་རིང་ལ་དེ་ལས་མ་འདས། རང་ཅག་དེ་ལ་ཡིད་འབྱུང་ན་སྐྱེ་བ་སྤོང་དགོས། དེ་ལ་རྒྱུ་སྤོང་དགོས་གསུང་བ་ལྟར་སྔར་བཤད་པའི་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་འབྱུང་བ་རྣམས་ལ་དེ་ལྟར་དུ་བསམ་མོ། །གཉིས་པ་སྡུག་བསྔལ་དྲུག་བསམ་པ་ནི། བཤེས་སྤྲིངས་ཀྱི་འགྲེལ་པར་བདུན་གསུངས་པའི་ཐ་མ་ནི་སོ་སོའི་ཉེས་དམིགས་ཡིན་པས་འདིར་དྲུག་བསམ་པར་བྱའོ། །དེ་ལ་ངེས་པ་མེད་པའི་ཉེས་པ་ནི། འཁོར་བ་ན་འཁོར་བ་ན་ཕ་མ་ལ་སོགས་པ་གཉེན་རྣམས་ཚེ་རབས་གཞན་དུ་དགྲར་འགྱུར་ཞིང་དགྲ་རྣམས་གཉེན་དུ་འགྱུར་བ་དང༌། དེ་བཞིན་དུ་ཕ་བུར་འགྱུར་ཞིང་བུ་ཕར་འགྱུར་བ་དང་མ་ཆུང་མར་འགྱུར་ཞིང་ཆུང་མ་མར་འགྱུར་བ་སོགས་སུ་རིམ་པ་བཞིན་འཕོས་ནས་འགྲོ་བ་ཁོ་ན་ཡིན་པས་ཡིད་བརྟན་རུང་བ་ཡེ་མེད་པ་སྟེ། བཤེས་སྤྲིངས་ལས། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་ཡང་བཤེས་ཉིད་དང༌། །ལྡོག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཞེས་གསུངས་སོ། །ཚེ་འདི་ཉིད་ལ་ཡང་དགྲ་གཉེན་ཕན་ཚུན་དུ་འགྱུར་ནས་འགྲོ་སྟེ། དཔུང་བཟང་གིས་ཞུས་པ་ལས། རེ་ཞིག་ཅིག་ན་དགྲ་ཡང་མཛའ་བོར་འགྱུར། །མཛའ་བོ་ཡང་ནི་དེ་བཞིན་དགྲར་ཡང་འགྱུར། །དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་བཞིན་


JLD013_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་བཤེས་འགྱུར་བར་རིག་ནས་ནི། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །གཉེན་ལ་དགའ་བའི་སེམས་ཀྱི་རྣམ་རྟོག་དག །བཟློག་ནས་དགེ་ལ་ཅི་བདེར་གཞག་པར་བྱ། །ཞེས་གསུངས་པ་ལྟར་བསྒོམས་ནས། དགྲ་གཉེན་ལ་རིས་སུ་བཅད་ནས་ཆགས་པ་དང་སྡང་བ་སྐྱེ་བ་བཀག་སྟེ་འཁོར་བའི་ཆོས་ལ་བློ་གཏད་ས་གང་ཡང་མེད་པར་བལྟས་ལ་སྐྱོ་བར་བྱའོ། །ངོམས་མི་ཤེས་པའི་ཉེས་པ་ནི། རེ་རེས་རྒྱ་མཚོ་བཞི་ལས་ལྷག་པ་ཡི། །འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་པས། །དེ་བས་ཆེས་མང་ཉིད་ཅིག་བཏུང་འཚལ་ལོ། །ཞེས་སེམས་ཅན་རེ་རེས་ཀྱང་སྔར་མའི་ནུ་ཞོ་ཇི་ཙམ་འཐུངས་པ་དང༌། ད་དུང་ཡང་ཐར་པའི་ལམ་ལ་མ་བསླབས་ན་ཇི་ཙམ་འཐུང་བར་འགྱུར་བ་སེམས་པའོ། །འདི་ནི་མཚོན་པ་ཙམ་སྟེ་འཁོར་བའི་ཕུན་ཚོགས་དང་སྡུག་བསྔལ་ལ་འདི་མ་མྱོང་བྱ་བ་མེད་པའི་ཚུལ་བསམས་ནས་ཡིད་སྐྱོ་བར་བྱ་དགོས་ཏེ། བདེ་བ་ལ་ལོངས་སྤྱོད་པ་ནི་ཡིད་ཚིམ་པའི་ཕྱིར་ཡིན་ན། སྲིད་པའི་བདེ་བ་ནི་ཇི་ཙམ་ལོངས་སྤྱད་ཀྱང་ཚིམ་པ་མེད་པས་ཕྱི་ཕྱིར་སྲེད་པ་འཕེལ་བར་འགྱུར་ཞིང༌། དེས་ཀྱང་འཁོར་བར་རིང་དུ་འཁྱམས་ཏེ། བདེ་བ་དེ་དག་གིས་ཆ་ཙམ་དུ་ཡང་མི་ཕོད་པའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བ་རྣམས་དུས་དཔག་ཏུ་མེད་པར་མྱོང་བར་འགྱུར་རོ། །བཤེས་སྤྲིངས་ལས། ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ནི། །བདེ་བའི་དོན་དུ་མེ་ལ་ཀུན་བསྟེན་ཀྱང༌། །ཞི་བར་མི་


JLD013_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་དེ་ཉིད་འདྲ་བར་ནི། །འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད། །ཅེས་དང༌། ཕར་ཕྱིན་བསྡུས་པ་ལས་ཀྱང༌། འདོད་པ་དེ་དག་ཐོབ་པ་དང༌། །ཉིན་གཅིག་བཞིན་དུ་བསྟེན་པ་དང༌། །མང་དུ་བསགས་པས་མི་ངོམས་ན། །དེ་ལས་ནད་ཆེ་གང་ཞིག་ཡོད། །ཅེས་དང༌། སློབ་སྤྲིངས་ལས་ཀྱང༌། འགྲོ་བར་ལན་བརྒྱར་མ་སོན་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །རྔ་ཡབ་དཀར་མཛེས་ལྟ་བུའི་དཔལ་གང་མ་ཐོབ་པ། །དེ་ཡང་གང་ཞིག་ཡོད་ན་འོན་ཀྱང་འདོད་ཆགས་འཕེལ། །སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །འགྲོ་བར་གང་གིས་ཚིམ་འགྱུར་འདོད་པ་དེ་དག་མེད། །གང་གི་ལྟོར་མ་ཉལ་བའི་སེམས་ཅན་དེ་མེད་ན། །འོན་ཀྱང་ཇི་ལྟར་འཁོར་བ་པ་ལ་ཆགས་བྲལ་མེད། །ཅེས་གསུངས་པ་ལྟར་བསམ་མོ། །གཞན་ཡང་མྱ་ངན་བསལ་བ་ལས་གསུངས་པ་ལྟར་བསམས་ན་ནི་ཤིན་ཏུ་སྐྱོ་བར་འགྱུར་ཏེ། ཡང་དང་ཡང་དུ་དམྱལ་བ་ན། །ཟངས་ཞུན་བསྐོལ་བ་གང་འཐུངས་པ། །རྒྱ་མཚོའི་ནང་གི་ཆུ་ལ་ཡང༌། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཁྱི་དང་ཕག་ཏུ་གྱུར་པ་ན། །མི་གཙང་བ་ནི་གང་ཟོས་པ། །རི་ཡི་རྒྱལ་པོ་ལྷུན་པོ་ཡི། །ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །མཛའ་བཤེས་རབ་ཏུ་བྲལ་བ་ཡིས། །འཁོར་བའི་གནས་སུ་གང་ངུས་པ། །མིག་གི་མཆི་མའི་ཐིགས་པ་ཡི། །སྣོད་དུ་རྒྱ་མཚོ་རུང་མ་ཡིན། །ཕན་ཚུན་དག་ཏུ་རྩོད་པའི་ཕྱིར། །མགོ་བོ་བཅད་པ་གང་ཡིན་པ། །སྤུངས་ན་དེ་ལྟར་མཐོ་བ་ནི། །ཚངས་པའི་འཇིགརྟེན་


JLD013_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་ཐལ། །སྲིན་བུར་གྱུར་ཅིང་རབ་བཀྲེས་པས། །ས་ལུད་ཟོས་པ་གང་ཡིན་པ། །འོ་མའི་རྒྱ་མཚོ་ཆེ་ནང་དུ། །དེ་ཡིས་བཀང་ན་ཤིན་ཏུ་འགེང༌། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་སྡོང་པོ་བཀོད་པ་ལས། ཁྱོད་ཀྱིས་འདོད་རྒྱུས་དོན་མེད་ཆུད་གཟན་པའི། །ལུས་ཀྱི་སྔོན་གྱི་མཐའ་གང་དྲན་བྱས་ཏེ། །དེ་རིང་བྱང་ཆུབ་ཡོངས་ཚོལ་བརྟུལ་ཞུགས་དང༌། །བཅས་འདིར་བརྟུལ་ཞུགས་ཀྱིས་ནི་འདོད་པ་ཆོམ། །ཁྱོད་ཀྱིས་འདོད་རྒྱུས་དོན་མེད་ཆུད་གཟན་པའི། །ལུས་ཀྱི་སྔོན་གྱི་མཐའ་གང་དྲན་བྱས་ཏེ། །གངྒཱའི་བྱེ་སྙེད་མཉེས་པར་མ་བྱས་ཤིང༌། །འདི་འདྲའི་གསུང༌གང་སངས་རྒྱས་ལས་མ་ཐོས། །ཞེས་གསུངས་པ་ལྟར། སྲིད་པའི་ཕུན་ཚོགས་ཇི་སྙེད་ཅིག་ཐོབ་ཀྱང་བསླུས་པ་དང་དོན་མེད་པའི་སྡུག་བསྔལ་དཔག་ཏུ་མེད་པ། མྱོང་ནས་སྔར་ལྟར་ལུས་དཔག་ཏུ་མེད་པ་ཆུད་ཟོས་པ་དྲན་པར་བྱ། ད་དུང་ཡང་མ་འབད་ན་དེ་ལྟར་འགྱུར་བའི་ཚུལ་བསམས་ལ་སྐྱོ་བ་བསྐྱེད་པར་བྱའོ། །སྤྱན་སྔའི་ཞལ་ནས། ཇོ་བོ་སྟོན་པ་ཐོག་མ་མེད་པ་ནས་ཅི་འདྲའི་ལུས་ཤིག་བླངས་པ་ལ། ད་རེས་བཞིན་དུ་ཐེག་ཆེན་གྱི་ཆོས་བྱེད་མ་མྱོང་བས་འབུང་དགོས་གསུང་བ་དང༌། གསང་ཕུ་བའི་ཞལ་ནས། འཁོར་བ་འདིར་གན་བུབ་མང་པོ་ཞིག་བྱེད་དགོས་པ་འདི་ཉམས་ལ་རེ་མ་བབ་གསུང་བ་ལྟ་བུའི་བློ་སྣ་མ་སྐྱེས་ཀྱི་བར་དུ་བསམ་དགོས་ཤིང༌། སྐྱེས་ནས་ཀྱང་རྒྱུན་ལྡན་དུ་བསྐྱང་དགོས་སོ། །ལུས་ཡང་དང་ཡང་དུ་འདོར་བའི་ཉེས་པ་ནི། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །


JLD013_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །ཞེས་གསུངས་ཏེ། སེམས་ཅན་རེ་རེའི་ལུས་བླངས་ནས་དོར་བའི་རུས་པ་མ་གོད་ན་ལྷུན་པོ་ལས་ཀྱང་མང་བའོ། །ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བའི་ཉེས་པ་ནི། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རི་ལུས་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་པའོ། །འདི་སྔ་མ་རྣམས་སེམས་ཅན་གཅིག་གིས་མ་བྱས་པའི་གྲངས་ལ་སྦྱོར་བ་ནི་དོན་མིན་ཏེ། འདིའི་འགྲེལ་པར་མདོ་དྲངས་པ་ལས། དགེ་སློང་དག །དཔེར་ན་སྐྱེས་བུ་འགའ་ཞིག་གིས་ས་ཆེན་པོ་འདི་ལས་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རི་ལུ་ཐོགས་ཏེ། འདི་ནི་བདག་གི་མའོ། །འདི་ནི་བདག་གི་མ་དེའི་ཡང་མའོ་ཞེས་འདོར་བར་བྱེད་ན། དགེ་སློང་དག །ས་ཆེན་པོ་འདིའི་འཇིམ་པ་ནི་ཆེས་སྔར་འཛད་པར་འགྱུར་གྱི། མི་རྣམས་ཀྱི་མ་བརྒྱུད་པ་ནི་དེ་ལྟ་མ་ཡིན་ནོ། །ཞེས་རང་གི་མ་ནས་དེའི་མ་ལ་སོགས་པའི་མ་རིམ་པ་བཞིན་དུ་བརྒྱུད་པ་སྟོན་པར་སྣང་བའི་ཕྱིར་དང༌། གཞུང་ལས་ཀྱང་མའི་ཐུག་མཐའ་ཞེས་གསུངས་པའི་ཕྱིར་རོ། །འདི་སྐྱོ་བའི་རྒྱུར་འགྱུར་ལུགས་ནི། བཞི་བརྒྱ་པ་ལས། གང་ཚེ་འབྲས་བུ་གཅིག་གི་ཡང༌། །ཐོག་མའི་རྒྱུ་ནི་སྣང་མིན་པ། །དེ་ཚེ་གཅིག་ལ་ཡང་རྒྱས་པར། །མཐོང་ནས་གང་ལ་འཇིགས་མི་འབྱུང༌། །ཞེས་གསུངས་པ་དང༌། དེའི་འགྲེལ་པར་ཡང༌། འདིས་ནི་རྒྱུན་དཔག་གིས་མི་ལང་བའི་ཚང་ཚིང་གིས་ཆེས་རྒྱུ་བར་དཀའ་བའི་འཁོར་བའི་འབྲོག་དགོན་པ་ཆེན་པོ་ལ་རྟག་ཏུ་སྐྱོ་བ་དང་དེ་དང་རྗེས་སུ་མཐུན་པའི་ཚུལ་བཞིན་གྱི་རྣམ་པ་


JLD013_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་རིགས་སོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །ཡང་དང་ཡང་དུ་མཐོ་དམན་དུ་འགྱུར་བའི་ཉེས་པ་ནི། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྟུང༌། །འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ། །རེག་པས་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབད་པའི་འཁྲུལ་འཁོར་གྱི། །རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །རྐང་པའི་རེག་པས་ནེམས་པར་བདེ་བཟོད་པ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡིས། །སྡུག་བསྔལ་མི་བཟོད་ཕོག་སྙམ་བགྱིད་འཚལ་ལོ། །མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང༌། །རྣམ་པར་མཛེས་ཚལ་སོན་པར་བརྩེས་ནས་སླར། །འདབ་མ་རལ་གྲི་འདྲ་ཚལ་གནས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར། །དལ་གྱིས་འབབ་པར་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས། །སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པ། །ཚ་རྒོས་བཟོད་གླགས་ཆུ་ཚན་འཇུག་འཚལ་ལོ། །ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡིས། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་


JLD013_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མུན་གནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱངས་པའང་མི་མཐོང་འགྱུར། །ཞེས་གསུངས་སོ། །འཐག་པ་ལ་སོགས་པའི་འཁྲུལ་འཁོར་གསུམ་ནི་རིམ་པ་ལྟར་བསྡུས་འཇོམས་དང་ཐིག་ནག་དང་ཚ་བ་གསུམ་ན་ཡོད་དོ། །མཐོ་རིས་བུ་མོས་འབྲོངས་པ་ནི་ལྷའི་བུ་མོས་བསྟེན་པའོ། །ལྷ་ཡུལ་འདོད་བདེ་ཞེས་པ་ནི་སུམ་ཅུ་རྩ་གསུམ་ཡན་ཆད་ཀྱི་འདོད་ལྷའི་འོ། །ཉི་མ་དང་ཟླ་བའི་འོད་ནི་རྟེན་དང་བརྟེན་པ་མ་ཕྱེ་བར་འཇིག་རྟེན་ན་གྲགས་པ་ལྟར་བཤད་པ་སྟེ། ཕྱེ་ན་དེ་གཉིས་ཀྱི་གཞལ་མེད་ཁང་གི་འོད་དོ། །འདི་དག་གིས་མཚོན་ནས་མཐོ་ས་ནས་དམའ་སར་འགྲོ་བའི་ཚུལ་ཐམས་ཅད་བསམས་ནས་སྲིད་པ་ལ་སྐྱོ་བར་བྱ་སྟེ། སྲིད་པའི་ཕུན་ཚོགས་ཐམས་ཅད་ཀྱི་མཐའ་རྒུད་པས་སྡུད་པའི་ཕྱིར་རོ། །དེ་ཡང་འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང༌། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་གསུངས་པ་ལྟར་རོ། །གྲོགས་མེད་པའི་ཉེས་པ་ནི། དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག །གཅིག་པུ་ཉི་མ་ཟླ་བས་མི་བརྫི་བའི། །མུན་གནག༌མཐའ་ཡས་ནང་དུ་འཇུག་འཚལ་ལོ། །ཞེས་གསུངས་པའོ། །ནོངས་པར་འགྱུར་བ་འཚལ་བ་ནི་གོང་དུ་བསྟན་པ་དེ་ལྟར་འཆི་དགོས་པ་མཁྱེན་པར་མཛོད་ལ། བསོད་ནམས་ཀྱི་སྣང་བ་བཞེས་ཤིག་ཅེས་པའོ། །བསོད་


JLD013_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་གསུམ་ནི་སྒོ་གསུམ་གྱི་དགེ་བའམ་སྦྱིན་པ་ལས་བྱུང་བ་སོགས་གཞི་གསུམ་མོ། །མུན་གནག་མཐའ་ཡས་པ་ནི་མ་རིག་པའི་མུན་པའོ། །གྲོགས་མེད་པར་འཇུག་པ་ནི། སྤྱོད་འཇུག་ལས། ལུས་འདི་གཅིག་པུ་བྱུང་བ་ཡང༌། །ལྷན་ཅིག་སྐྱེས་པའི་ཤ་རུས་དག །ཞིག་སྟེ་སོ་སོར་འགྱེས་འགྱུར་ན། །མཛའ་བ་གཞན་ལྟ་ཅི་ཞིག་སྨོས། །སྐྱེ་ན་གཅིག་པུ་སྐྱེ་འགྱུར་ཞིང༌། །འཆི་ནའང་དེ་ཉིད་གཅིག་འཆི་སྟེ། །སྡུག༌བསྔལ་སྐལ་གཞན་མི་ལེན་ན། །གེགས་བྱེད་མཛའ་བས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དྲུག་ནི་གསུམ་དུ་འདུ་སྟེ། འཁོར་བ་ལ་ཡིད་བརྟན་བྱ་ས་མེད་པ་དང༌། དེའི་བདེ་བ་ལ་ཇི་ཙམ་སྤྱད་ཀྱང་ངོམས་པའི་མཐའ་མེད་པ་དང༌། ཐོག་མ་མེད་པ་ནས་ཞུགས་པའོ། །དང་པོ་ལ་བཞི་ལས། ལུས་ཐོབ་པ་ལ་ཡིད་བརྟན་མི་རུང་བ་ནི། ཡང་དང་ཡང་དུ་ལུས་འདོར་བའོ། །ཕན་གནོད་བྱེད་པ་ལ་ཡིད་བརྟན་མི་རུང་བ་ནི། ངེས་པ་མེད་པའོ། །ཕུན་ཚོགས་ཐོབ་པ་ལ་ཡིད་བརྟན་མི་རུང་བ་ནི། མཐོ་དམན་དུ་འགྱུར་བའོ། །འགྲོགས་པ་ལ་ཡིད་བརྟན་མི་རུང་བ་ནི། གྲོགས་མེད་པར་འགྲོ་བའོ། །གསུམ་པ་ནི། ཡང་ཡང་ཉིང་མཚམས་སྦྱོར་བ་སྟེ། སྐྱེ་བ་བརྒྱུད་པའི་མཐའ་མི་མངོན་པའོ། །དེ་ལྟར་བསྡུས་ནས་ཀྱང་བསམ་པར་བྱའོ། །གསུམ་པ་སྡུག་བསྔལ་གསུམ་བསྒོམ་པ་ནི། དཔེར་ན། ཕོལ་མིག་གམ་འབྲས་ཤིན་ཏུ་ཚ་བ་དེ་ལ་ཆུ་བསིལ་བ་བཏབ་ན་བདེ་བར་སྣང་བ་ལྟ་བུ་ནི། འཁོར་བ་པ་རྣམས་


JLD013_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོར་བ་བདེ་བ་སྟེ། འདི་ནི་ནམ་ཞིག་པ་ན་ཡང་སྡུག་བསྔལ་བསྐྱེད་པས་འགྱུར་བའི་སྡུག་བསྔལ་ལོ། །དེ་ཡང་ཚོར་བ་དེ་ཁོ་ན་མ་ཡིན་གྱི། དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་གཞན་རྣམས་དང༌། གང་ལ་དམིགས་ནས་སྐྱེ་བའི་ཡུལ་ཟག་བཅས་རྣམས་ཀྱང་འགྱུར་བའི་སྡུག་བསྔལ་ལོ། །འབྲས་ཚ་བས་གདུངས་པ་དེ་ཚྭ་ཆུ་ལ་སོགས་པའི་འགྱུར་བྱེད་ཀྱི་རེག་པ་དང་ཕྲད་པ་ན་ཆེས་སྡུག་བསྔལ་བ་བཞིན་དུ། ཚོར་བ་སྡུག་བསྔལ་ཤེས་པར་བྱ་སྟེ། ནམ་སྐྱེས་པ་ཙམ་ནས་ལུས་སམ་སེམས་གདུང་བར་བྱེད་པའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། མཁལ་མའི་ཟུག་གཟེར་བཞིན་ནོ། །དེ་ཡང་ཚོར་བ་གཅིག་པུ་མིན་པ༌ནི་སྔར་ལྟར་རོ། །རེག་པ་དེ་གཉིས་ཀ་དང་མ་ཕྲད་པའི་དུས་ཀྱི་འབྲས་ཚ་བ་ལྟ་བུ་ནི། ཟག་པ་དང་བཅས་པའི་ཚོར་བ་བཏང་སྙོམས་ཏེ། གནས་ངན་ལེན་རྗེས་སུ་འབྲེལ་བས་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །འདི་ཡང་ཚོར་བ་གཅིག་པུ་ལ་མི་བྱ་བ་ནི་སྔར་ལྟར་རོ། །འདི་ནི་ལས་དང་ཉོན་མོངས་པ་སྔ་མའི་གཞན་དབང་དུ་གྱུར་ཅིང༌། སྡུག་བསྔལ་དང་ཉོན་མོངས་པ་ཕྱི་མ་རྣམས་སྐྱེ་བའི་ས་བོན་རྗེས་སུ་འབྲེལ་བས་ན་ཀུན་ཏུ་འགྲོ་བའི་གནས་ངན་ལེན་དང་ལྡན་པའོ། །དེ་ལྟར་ཚོར་བ་བདེ་བ་སྐྱེས་པ་ན་ཆགས་པ་རྒྱས་པ་དང༌། སྡུག་བསྔལ་སྐྱེས་པ་ན་ཁོང་ཁྲོ་འཕེལ་བ་དང༌། བདེ་སྡུག་གང་ཡང་མིན་པའི་གནས་ངན་ལེན་དུ་གཏོགས་པའི་ལུས་ལ་མི་རྟག་པ་ལ་རྟག་པ་སོགས་སུ་འཛིན་པས་གཏི་མུག་རྒྱས་པར་འགྱུར་རོ། །དེ་ལ་འདོད་ཆགས་ཀྱིས་ནི་ཕྱི་མར་འགྲོ་བ་


JLD013_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བསྐྱེད་ལ། ཞེ་སྡང་གིས་ནི་འདིར་མྱ་ངན་སོགས་དང་ཕྱི་མར་ངན་འགྲོའི་སྡུག་བསྔལ་བསྐྱེད་ཅིང༌། གཏི་མུག་གིས་ནི་དེ་གཉིས་ཀྱིས་བསྐྱེད་པའི་སྡུག་བསྔལ་གཉིས་ཀ་མི་གཏོང་བའི་ཕྱིར་ཞུགས་པའོ། །དེས་ན་ཚོར་བ་བདེ་བ་ལ་སྡུག་བསྔལ་དུ་བལྟས་ལ་འདོད་ཆགས་དགག །ཚོར་བ་སྡུག་བསྔལ་ལ་ཕུང་པོ་འདི་སྡུག་བསྔལ་གྱི་རྒྱུའི་ཚོགས་པ་ཡིན་པས་དེ་ལས་ཟུག་རྔུ་ལྟར་བྱུང་བར་བསམས་ལ་ཞེ་སྡང་དགག །ཚོར་བ་བཏང་སྙོམས་ལ་ནི་མི་རྟག་པ་དང་ཟད་ཅིང་འགོག་པའི་རང་བཞིན་ཅན་དུ་བལྟས་ལ་གཏི་མུག་དགག་སྟེ། ཚོར་བ་གསུམ་དུག་གསུམ་གྱི་རྒྱུར་མི་གཏོང་བའོ། །དེ་དག་ནི་རྣལ་འབྱོར་སྤྱོད་པའི་ས་དང་རྣམ་པར་གཏན་ལ་དབབ་པ་བསྡུ་བའི་དགོངས་པ་བཞིན་དུ་བཤད་པའོ། །དཔེར་ན་ཁུར་ཆེན་པོ་ཁྱེར་བ་ནི་ཁུར་དེ་ཇི་ཙམ་འཁུར་དགོས་པ་དེ་ཙམ་དུ་བདེ་བ་མེད་པ་བཞིན་དུ། ཉེ་བར་ལེན་པའི་ཕུང་པོའི་ཁུར་ཡང་ཇི་སྲིད་བཟུང་དགོས་པ་དེ་སྲིད་དུ་སྡུག་བསྔལ་བར་འགྱུར་ཏེ། ཕུང་པོ་འདི་ལ་སྡུག་བསྔལ་དང་ཉོན་མོངས་ཀྱི་གནས་ངན་ལེན་བརྟན་ཆགས་པར་ཡོད་པས་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡོད་ན། ཚོར་བའི་སྡུག་བསྔལ་ད་ལྟ་མེད་པའི་སྐབས་རེ་བྱུང་ཡང་དེ་མ་ཐག་ཡང་སྒོ་སྣ་ཚོགས་ནས་སྡུག་བསྔལ་དུ་མ་བསྐྱེད་པས་ན། འདུ་བྱེད་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་ཐམས་ཅད་ལ་ཁྱབ་པ་དང་སྡུག་བསྔལ་གཞན་གཉིས་ཀྱི་རྩ་བ་ཡིན་པས་འདི་ལ་


JLD013_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོ་བ་མང་དུ་བསྒོམ་མོ། །གཞན་ཡང་ཆགས་པ་རྒྱས་པར་འགྱུར་བའི་ད་ལྟའི་ཚོར་བ་བདེ་བ་ནི་ཕལ་མོ་ཆེ་སྡུག་བསྔལ་ཕྱིར་བཅོས་པ་ལ་བདེ་བའི་བློ་སྐྱེས་པ་ཡིན་གྱི། སྡུག་བསྔལ་བསལ་བ་ལ་མ་བལྟོས་པའི་ངོ་བོ་ཉིད་ཀྱིས་བདེ་བ་ནི་མེད་དེ། དཔེར་ན་འགྲོ་དྲགས་པས་སྡུག་བསྔལ་བ་ན་བསྡད་པས་བདེ་བའི་བློ་འབྱུང་བ་དེ་སྔ་མའི་སྡུག་བསྔལ་ཆེ་རིམ་ནས་འགགས་པའི་ཚེ། བདེ་བ་རིམ་གྱིས་སྐྱེས་པར་སྣང་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་བདེ་བ་ནི་མིན་ཏེ། སླར་ཡང་བསྡད་དྲགས་ན་སྔ་མ་ལྟར་སྡུག་བསྔལ་བསྐྱེད་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་བདེ་བའི་རྒྱུ་ཡིན་ན་སྡུག་བསྔལ་གྱི་རྒྱུ་ཇི་ལྟར་བསྟེན་པ་ཙམ་གྱིས་སྡུག་བསྔལ་ཇེ་འཕེལ་དུ་འགྲོ་བ་བཞིན་དུ། འགྲོ་འདུག༌དང་ཉལ་བ་དང་བཟའ་བཏུང་དང་ཉི་མ་དང་གྲིབ་མ་བསྟེན་པ་སོགས་ཀྱང་ཇི་ཙམ་རིང་དུ་བསྟེན་པ་དེ་ཙམ་དུ་བདེ་བ་ཇེ་འཕེལ་དུ་འགྲོ་དགོས་པ་ལ། རིང་དྲགས་ན་སྡུག་བསྔལ་འབའ་ཞིག་བསྐྱེད་པར་སྣང་བའི་ཕྱིར་རོ། །དེ་ལྟར་ཡང་མངལ་དུ་འཇུག་པ་ལས། དགའ་བོ་འཆག་པ་དང་འདུག་པ་དང་འགྲེང་བ་དང་ཉལ་བའི་སྤྱོད་ལམ་དག་ཀྱང་སོ་སོ་སོ་སོར་སྡུག་བསྔལ་བར་རིག་པར་བྱ་སྟེ། བསམ་གཏན་པས་སྤྱོད་ལམ་དེ་དང་དེ་དག་གི་རང་བཞིན་བརྟགས་ན། གལ་ཏེ་འཆག་པས་ཉི་མ་འདའ་བར་བྱེད་ཅིང་འགྲེང་བར་མི་བྱེད་འདུག་པར་མི་བྱེད་ཉལ་བར་མི་བྱེད་ན། དེས་འཆག་པ་དེ་ལ་སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་ཞིང་དྲག་པ་ཉིད་དང་རྩུབ་པ་ཉིད་དང་མི་


JLD013_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་པ་ཉིད་དང་ཡིད་དུ་མི་འོང་བ་ཉིད་སོ་སོར་མྱོང་བར་འགྱུར་གྱི། འཆག་པ་དེ་ལ་བདེ་བའི་འདུ་ཤེས་འབྱུང་བར་ནི་མི་འགྱུར་རོ། །ཞེས་གསུངས་ཤིང༌། སྤྱོད་ལམ་གཞན་གསུམ་ལ་ཡང་དེ་ལྟར་གསུངས་ནས། དགའ་བོ། འོན་ཀྱང་སྤྱོད་ལམ་གྱི་སྡུག་བསྔལ་དེ་དང་དེ་རྒྱུན་བཅད་པའི་ཕྱིར་སྡུག་བསྔལ་གསར་པ་གཞན་དང་གཞན་འབྱུང་བ་ལ་བདེ་བའི་འདུ་ཤེས་འབྱུང་སྟེ། དགའ་བོ། འབྱུང་བ་ན་ཡང་སྡུག་བསྔལ་འདི་ཁོ་ན་འབྱུང་ལ། འགག་པ་ན་ཡང་སྡུག་བསྔལ་ཁོ་ན་འགག །འབྱུང་བ་ན་ཡང་འདུ་བྱེད་དག་ཉིད་འབྱུང་ལ། འགག་པ་ན་ཡང་འདུ་བྱེད་དག་ཉིད་འགག་གོ །ཞེས་གསུངས་ཤིང༌། བཞི་བརྒྱ་པ་ལས་ཀྱང༌། འཕེལ་བཞིན་པ་ཡི་བདེ་བ་ལ། །ཇི་ལྟར་བཟློག་པ་མཐོང་གྱུར་པ། །དེ་ལྟར་སྡུག་བསྔལ་འཕེལ་བཞིན་ལ། །བཟློག་པ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སོ་སོའི་སྡུག་བསྔལ་བསམ་པ་ལ་དྲུག་ཡོད་པ་ལས། ངན་སོང་གསུམ་གྱི་སྡུག་བསྔལ་ནི་བཤད་ཟིན་ཏོ། །མི་ཡི་སྡུག་བསྔལ་ནི། བཀྲེས་ཤིང་སྐོམ་པ་དང་ཚ་གྲང་གི་རེག་པ་ཡིད་དུ་མི་འོང་བ་དང་ཚོལ་འགྲོ་དང་ངལ་བའི་སྡུག་བསྔལ་དང་གཞན་ཡང་སྐྱེ་རྒ་ན་འཆི་སོགས་བདུན་ནི་སྔར་བཤད་པས་ཤེས་པར་བྱའོ། །གཞན་ཡང་ཚོགས་ཀྱི་གཏམ་ལས། ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང༌། །སྡུག་བསྔལ་གཟིར་བས་དམྱལ་བ་མཚུངས། །དབུལ་བས་གཤིན་རྗེའི་


JLD013_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག༌རྟེན་པ། །འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང༌། །མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པ། །རྣམ་པར་གནོན་ཞིང་འཚེ་བ་དག །ཆུ་བོ་ལྟ་བུ་ཉིད་ཡིན་ནོ། །ཁ་ཅིག་དབུལ་བ་ལས་གྱུར་དང༌། །གཞན་དག་ཆོག་མི་ཤེས་ལས་བྱུང༌། །ཡོངས་ཚོལ་སྡུག་བསྔལ་མི་བཟད་དང༌། །ཐམས་ཅད་འཁུ་ཞིང་གསོད་པ་ཡིན། །ཞེས་དང༌། བཞི་བརྒྱ་པ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་ཤེས་པར་བྱའོ། །ལྷ་མ་ཡིན་གྱི་སྡུག་བསྔལ་ནི། བཤེས་སྤྲིངས་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་གསུངས་པ་ལྟར་ཡིན་ཏེ། དེ་ཡང་ལྷ་རྣམས་ཀྱི་དཔལ་འབྱོར་མི་བཟོད་པའི་ཕྲག་དོག་གིས་ཡིད་གདུང་ལ། དེ་ལ་བརྟེན་ནས་ལྷ་དང་འཐབ་པ་ན་ལུས་བཅད་པ་དང་དྲལ་བ་ལ་སོགས་པའི་སྡུག་བསྔལ་དུ་མ་མྱོང་བ་དང༌། དེ་རྣམས་ཤེས་རབ་དང་ལྡན་ཡང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་རྟེན་དེ་ལ་བདེན་པ་མཐོང་དུ་མི་རུང་ངོ་། །འདི་དྲན་པ་ཉེར་གཞག༌ལས་དུད་འགྲོར་གསུངས་ལ། རྣལ་འབྱོར་སྤྱོད་པའི་ས་ལས་ལྷའི་འགྲོ་བར་བཤད་དོ། །ལྷའི་སྡུག་བསྔལ་བསམ་པ་ལ་གཉིས་ལས། འདོད་ལྷ་ལ་སྡུག་བསྔལ་གསུམ་སྟེ། འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ་དང༌།


JLD013_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྤ་གོང་བའི་སྡུག་བསྔལ་དང༌། བཅད་པ་དང་དྲལ་བ་དང་གསོད་པ་དང་སྤྱུག་པའི་སྡུག་བསྔལ་ལོ། །དང་པོ་ལ་གཉིས་ལས། འཆི་འཕོ་བའི་སྡུག་བསྔལ་ནི། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམས་ནས་མཁས་པ་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ཞེས་གསུངས་པ་ལྟར། སྔར་ལྷའི་འདོད་པ་ལ་ལོངས་སྤྱད་པ་ལས་བྱུང་བའི་བདེ་བ་ལས་འཆི་འཕོ་བའི་ཚེ། འཆི་ལྟས་ལྔ་མཐོང་བ་ན་དེ་ལས་བྱུང་བའི་སྡུག་བསྔལ་ཆེས་ཆེ་བ་འབྱུང་ངོ་། །འཆི་ལྟས་ལྔ་ནི། དེ་ཉིད་ལས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང༌། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིངས་དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་འཆི་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག །སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །ཞེས་གསུངས་སོ། །གནས་འོག་མར་ལྟུང་བའི་སྡུག་བསྔལ་ནི། ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང༌། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །སྤ་གོང་བ་ནི། བསོད་ནམས་ཀྱི་ཕུང་པོ་ཆེས་རྒྱ་ཆེན་པོ་དང་ལྡན་པའི་ལྷ་རྣམས་ལ་འདོད་པའི་ཡོན་ཏན་ཆེས་ཕུལ་དུ་བྱུང་བ་འབྱུང་ལ།


JLD013_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྷའི་བུ་བསོད་ནམས་ཆུང་བ་རྣམས་ཀྱིས་མཐོང་བ་ན་སྤ་གོང་བར་འགྱུར་ཞིང༌། གཞི་དེ་ལས་སྡུག་བསྔལ་དང་ཡིད་མི་བདེ་ཆེན་པོ་མྱོང་བའོ། །བཅད་ཅིང་དྲལ་ལ་གསོད་པའི་སྡུག་བསྔལ་ནི། ལྷ་རྣམས་ལྷ་མ་ཡིན་དང་འཐབ་པ་ན་ཡན་ལག་དང་ཉིང་ལག་འཆད་པ་དང་ལུས་དྲལ་བ་དང་གསོད་པའི་སྡུག་བསྔལ་མྱོང་སྟེ། མགོ་བཅད་ན་ནི་འཆི་ལ་ཡན་ལག་ལྷག་མ་བཅད་ཅིང་དྲལ་བ་རྣམས་ཕྱིར་སྐྱེ་ཞིང་འཚོའོ། །སྤྱུགས་པ་ནི། ལྷ་ཆེས་སྟོབས་དང་ལྡན་པ་རྣམས་འཁྲུགས་ན་ལྷའི་བུ་ཆེས་མཐུ་ཆུང་བ་རྣམས་རང་གི་གནས་ནས་སྐྲོད་པར་བྱེད་པའོ། །གཞན་ཡང༌ཚོགས་ཀྱི་གཏམ་ལས། འདོད་སྤྱོད་ལྷ་ནི་གང་ཡིན་པ། །དེ་ལའང་བདེ་བའི་སེམས་མེད་དེ། །འདོད་པའི་འདོད་ཆགས་རིམ་བཏབ་པའི། །ནང་གི་མེ་ཡིས་བསྲེགས་གྱུར་པ། །གང་ཞིག་སེམས་གཡེངས་གྱུར་པ་དག །དེ་ལ་བདེ་བ་ག་ལ་ཡོད། །གཡེང་མེད་སེམས་ལ་སྐད་ཅིག་ཀྱང༌། །དབང་བྱེད་པ་ནི་མ་ཡིན་པས། །རྣམ་གཡེང་དཀྲུགས་པའི་བདག་ཉིད་ཅན། །ནམ་ཡང་ཞི་བར་མི་འགྱུར་ཏེ། །རླུང་བཅས་འབར་བས་ཁྱབ་པ་ཡི། །མེ་ནི་ཤིང་དང་བཅས་དང་མཚུངས། །ཞེས་དང༌། ནད་གསོས་ཡུན་རིང་མ་ལོན་པའི། །ནད་པས་མི་འཕྲོད་ཟོས་དང་མཚུངས། །ཞེས་གསུངས་སོ། །ཁམས་གོང་མ་གཟུགས་དང་གཟུགས་མེད་ཀྱི་ལྷ་རྣམས་ལ་སྡུག་བསྔལ་དེ་དག་མེད་ལ། འོན་ཀྱང་ཉོན་མོངས་པ་དང་ལྡན་ཞིང་སྒྲིབ་པ་དང་བཅས་ལ། འཆི་འཕོ་བ་དང༌གནས་པ་ལ་རང་དབང་མེད་པས། དེ་

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


JLD013_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་གནས་ངན་ལེན་གྱིས་ནི་སྡུག་བསྔལ་བའོ། །གཞན་ཡང༌ཚོགས་ཀྱི་གཏམ་ལས། གང་ཞིག་གཟུགས་ཅན་གཟུགས་མེད་པའི། །སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང༌། །ཏིང་འཛིན་བདེ་བའི་བདག༌ཉིད་ཅན། །བསྐལ་པར་གཡོ་བ་མེད་པར་གནས། །དེ་ཡང་ཤིན་ཏུ་ངེས་གྲོལ་མིན། །དེ་ལས་སླར་ཡང་ལྟུང་བར་འགྱུར། །ངན་འགྲོའི་སྡུག་བསྔལ་རྦ་ཀློང་ལས། །འདས་པ་ལྟ་བུར་བྱུང་གྱུར་ལ། །འབད་ཀྱང་ཇི་ལྟར་རིང་མི་གནས། །མཁའ་ལ་ལྡིང་བའི་བྱ་དང་མཚུངས། །བྱིས་པའི་སྟོབས་ཀྱིས་མདའ་འཕངས་ལྟར། །དེ་ནི་ལྟུང་བའི་མཐའ་ཅན་ཡིན། །མར་མེ་རིང་དུ་འབར་བ་དག །སྐད་ཅིག་རེ་རེར་འཇིག་པ་ལྟར། །འདུ་བྱེད་ཡོངས་འགྱུར་ཞེས་པ་ཡི། །སྡུག་བསྔལ་དག་གིས་ཉེ་བར་གཙེས། །ཞེས་གསུངས་སོ། །དེ་ལྟར་རིགས་ལྔའམ་དྲུག་གི་འགྲོ་བ་རྣམས་ཀྱི་སྤྱི་དང་སོ་སོའི་སྡུག་བསྔལ་བསམས་ནས། འཁོར་བ་ལས་ཡིད་འབྱུང་བར་བྱས་ན་དེ་ལྟར་འཁོར་བའི་རྒྱུ་གང་གིས་བྱས་སྙམ་དུ་རྒྱུ་ལ་རྟོག་པ་འབྱུང་བས། གཉིས་པ་ཀུན་འབྱུང་གི་སྒོ་ནས་འཁོར་བའི་འཇུག་རིམ་བསམ་པ་ལ་གསུམ། ཉོན་མོངས་པའི་སྐྱེ་ཚུལ། དེས་ལས་གསོག་ཚུལ། འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་ལོ། །དང་པོ་ནི། འཁོར་བ་འགྲུབ་པའི་རྒྱུ་ལ་ལས་དང་ཉོན་མོངས་པ་གཉིས་དགོས་ཀྱང༌། ཉོན་མོངས་པ་གཙོ་བོ་ཡིན་ཏེ། ཉོན་མོངས་མེད་ན་སྔར་བསགས་ཀྱི་ལས་བགྲང་ལས་འདས་


JLD013_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་ཀྱང་རླན་དང་ས་ལ་སོགས་པ་མེད་པའི་ས་བོན་གྱིས་མྱུ་གུ་མི་འགྲུབ་པ་བཞིན་དུ། ལས་ལ་ལྷན་ཅིག་བྱེད་རྐྱེན་མེད་པས་སྡུག་བསྔལ་གྱི་མྱུ་གུ་མི་འགྲུབ་པའི་ཕྱིར་དང༌། ཉོན་མོངས་ཡོད་ན་ལས་སྔར་བསགས་མེད་ཀྱང་དེ་མ་ཐག་གསར་དུ་བསགས་ནས་ཕུང་པོ་ཕྱི་མ་ལེན་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་དང༌། སྲེད་པ་ནི། །ཡོད་ན་སླར་ཡང་འབྱུང་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཉོན་མོངས་པའི་གཉེན་པོ་བསྟེན་པ་གལ་ཆེ་ལ། དེ་ཡང་ཉོན་མོངས་ཤེས་པ་ལ་རག་ལས་པས་ཉོན་མོངས་པ་རྣམས་ལ་མཁས་པར་བྱའོ། །འདི་ལ་བཞི། ཉོན་མོངས་ངོས་བཟུང་བ་དང༌། ཇི་ལྟར་སྐྱེ་བའི་རིམ་པ་དང༌། ཉོན་མོངས་པའི་རྒྱུ་དང༌། ཉོན་མོངས་པའི་ཉེས་དམིགས་སོ། །དང་པོ་ལ་ཉོན་མོངས་སྤྱིའི་མཚན་ཉིད་ནི། ཀུན་ལས་བཏུས་ལས། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། གང་སྐྱེས་པ་ན་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའོ། །སོ་སོའི་མཚན་ཉིད་ལ་ཉོན་མོངས་བཅུ་ལས། འདོད་ཆགས་ནི། ཕྱིའམ་ནང་གི་ཡུལ་སྡུག་པ་ཡིད་དུ་འོང་བ་ལ་དམིགས་ནས་རྗེས་སུ་ཆགས་པ་སྟེ། དཔེར་ན་རས་ལ་སྣུམ་ཞུགས་པ་དབྱུང་དཀའ་བ་བཞིན་དུ། འདི་ཡང་རང་གི་


JLD013_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ལ་ཞེན་ཅིང་མཆེད་པ་ནི་དམིགས་པ་དེ་དང་དབྲལ་དཀའ་བའོ། །ཁོང་ཁྲོ་བ་ནི། སེམས་ཅན་རྣམས་དང་སྡུག་བསྔལ་དང་མཚོན་དང་ཚེར་མ་སོགས་སྡུག་བསྔལ་གྱི་གནས་རྣམས་ལ་དམིགས་ནས་ཀུན་ནས་མནར་སེམས་པ་སེམས་རྩུབ་མོ་ཡུལ་དེ་རྣམས་ལ་གནོད་པ་བྱ་བར་སེམས་པའོ། །ང་རྒྱལ་ནི། འཇིག་ལྟ་ལ་བརྟེན་ཏེ་ཕྱིའམ་ནང་གི་མཐོ་དམན་དང་བཟང་ངན་ལ་དམིགས་ནས་སེམས་ཁེངས་པ་སྟེ། མཐོ་བའི་རྣམ་པ་ཅན་དུ་འཇུག་པའོ། །མ་རིག༌པ་ནི། བདེན་བཞི་དང་ལས་འབྲས་དང་དཀོན་མཆོག་གི་རང་བཞིན་ལ་བློ་མི་གསལ་བས་མི་ཤེས་པའི་ཉོན་མོངས་ཅན་ནོ། །ཐེ་ཚོམ་ནི། བདེན་པ་སོགས་གསུམ་ལ་དམིགས་ནས་ཡོད་དམ་མེད་ཡིན་ནམ་མིན་སྙམ་པའོ། །འཇིག་ཚོགས་ལ་ལྟ་བ་ནི། ཉེ་བར་ལེན་པའི་ཕུང་པོ་ལ་དམིགས་ནས་ང་དང་ངའི་ཞེས་བདག་དང་བདག་གིར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །དེ་ལ་འཇིག་པ་ནི་མི་རྟག་པ་དང་ཚོགས་པ་ནི་དུ་མ་ཡིན་པས་འདིས་གང་ལ་ལྟ་བའི་གཞི་ནི་མི་རྟག་པ་དང་དུ་མའི་ཆོས་ཙམ་ཡིན་གྱི། རྟག་པ་དང་གཅིག་པུའི་གང་ཟག་ནི་མེད་དོ། །ཞེས་བསྟན་པའི་ཕྱིར་དུ་འཇིག་ཚོགས་ལ་ལྟ་བ་ཞེས་མིང་བཏགས་སོ། །མཐར་འཛིན་པའི་ལྟ་བ་ནི། འཇིག༌ལྟས་གང་བཟུང་བའི་བདག་དེ་ལ་དམིགས་ནས་རྟག་པ་ཐེར་ཟུག་པའམ་འདི་ནས་ཕྱི་མར་ཉིང་མཚམས་སྦྱོར་བ་མེད་པའི་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་ནི། འཇིག་


JLD013_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་དང་མཐར་ལྟ་དང་ལོག་ལྟ་གསུམ་གང་རུང་དང་དེ་དག་གང་ལ་བརྟེན་ནས་འབྱུང་བའི་ལྟ་བ་པོའི་ཕུང་པོ་ལ་དམིགས་ནས་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི། འཆལ་ཚུལ་སྤོང་བའི་ཚུལ་ཁྲིམས་དང༌། ཆ་བྱད་དང་ཚུལ་དང་ལུས་དང་ངག་གི་འཇུག་པ་ངེས་པར་བྱེད་པའི་བརྟུལ་ཞུགས་དང༌། གང་ལ་བརྟེན་ནས་དེ་དག་འབྱུང་བའི་ཕུང་པོ་ལ་དམིགས་ནས་སྡིག་པ་འདག་པ་དང་ཉོན་མོངས་ལས་གྲོལ་བ་དང་འཁོར་བ་ལས་ངེས་པར་འབྱིན་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །ལོག་པར་ལྟ་བ་ནི། ཚེ་སྔ་ཕྱི་དང་ལས་འབྲས་སོགས་མེད་ཅེས་སྐུར་པ་འདེབས་པ་དང༌། དབང་ཕྱུག་དང་གཙོ་བོ་ལ་སོགས་པ་འགྲོ་བའི་རྒྱུར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །ཉོན་མོངས་བཅུ་པོ་དེ་དག་ནི་ཀུན་ལས་བཏུས་དང་རྣལ་འབྱོར་སྤྱོད་པའི་ས་དང་ཕུང་པོ་ལྔའི་རབ་བྱེད་ཀྱི་བཤད་པ་ལས་འབྱུང་བ་ལྟར་བཤད་པའོ། །གཉིས་པ་ཇི་ལྟར་སྐྱེ་བའི་རིམ་པ་ནི། འཇིག་ལྟ་དང་མ་རིག་པ་སོ་སོར་འདོད་པ་ལྟར་ན། དཔེར་ན་ཐག་པ་བསྡོགས་པ་ལ་མུན་པ་ཅུང་ཟད་བབ་སྟེ་ཐག་པའི་གནས་ལུགས་མི་གསལ་བ་ན་དེ་ལ་སྦྲུལ་དུ་འཛིན་པའི་བློ་སྐྱེ་བ་ལྟར། ཕུང་པོའི་གནས་ལུགས་གསལ་བ་ལ་སྒྲིབ་པའི་མ་རིག་པའི་མུན་པ་ལས་ཕུང་པོ་ལ་བདག་ཏུ་འཁྲུལ་བ་སྐྱེ་ལ། དེ་ལས་ཉོན་མོངས་གཞན་རྣམས་སྐྱེའོ། །དེ་གཉིས་གཅིག་ཏུ་འདོད་པ་ལྟར་ན། འཇིག་ལྟ་ཉིད་ཉོན་མོངས་ཀྱི་རྩ་བའོ། །དེ་ཡང་འཇིག་ལྟས་བདག་


JLD013_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟུང་བ་ན་རང་གཞན་སོ་སོ་བར་རིས་སུ་གཅོད་པར་བྱེད་ལ། དེ་ལྟར་བཅད་ནས་རང་གི་ཕྱོགས་ལ་ཆགས་པ་དང་གཞན་གྱི་ཕྱོགས་ལ་ཞེ་སྡང་འབྱུང་ཞིང་བདག་ལ་དམིགས་ནས་ཁེངས་པ་ཡང་སྐྱེ་ལ། བདག་དེ་ཉིད་ལ་རྟག་ཆད་དུ་འཛིན་ཅིང་བདག་ཏུ་ལྟ་བ་སོགས་དང་དེ་དང་འབྲེལ་བའི་སྤྱོད་པ་ངན་པ་ལ་མཆོག་ཏུ་འཛིན་པ་སྐྱེའོ། །དེ་བཞིན་དུ་བདག་མེད་པ་སྟོན་པའི་སྟོན་པ་དང་དེས་བསྟན་པའི་ལས་འབྲས་དང་བདེན་བཞི་དང་དཀོན་མཆོག་སོགས་ལ་དེ་དག་མེད་དོ་ཞེས་པའི་ལོག་ལྟའམ། ཡང་ན་དེ་ལྟ་བུ་ཡོད་དམ་མེད་ཡིན་ནམ་མིན་སྙམ་དུ་ཐེ་ཚོམ་བསྐྱེད་དེ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ཉོན་མོངས་པ་སྐྱེ་བའི་རྒྱུ་ནི་དྲུག་ལས། རྟེན་ནི། ཉོན་མོངས་པའི་བག་ལ་ཉལ་ལོ། །དམིགས་པ་ནི། ཉོན་མོངས་པ་སྐྱེ་བ་དང་མཐུན་པའི་ཡུལ་རྣམས་སྣང་བའོ། །འདུ་འཛི་ནི། སྐྱེས་བུ་དམ་པ་མ་ཡིན་པ་གྲོགས་ངན་པའི་རྗེས་སུ་སློབ་པའོ། །བཤད་པ་ནི། ཆོས་ལོག་པ་མཉན་པའོ། །གོམས་པ་ནི། སྔོན་ཉོན་མོངས་པ་འདྲིས་པའི་སྟོབས་བསྐྱེད་པའོ། །ཡིད་ལ་བྱེད་པ་ནི། སྡུག་མི་སྡུག་གི་མཚན་མ་སྒྲོ་འདོགས་པ་དང་། མི་རྟག་པ་ལ་རྟག་པར་འཛིན་པ་སོགས་ཚུལ་མིན་ཡིད་བྱེད་དོ། །བཞི་པ་ཉེས་དམིགས་ནི། ཉོན་མོངས་སྐྱེས་པ་ན། དང་པོར་


JLD013_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། དམིགས་པ་ལ་ཕྱིན་ཅི་ལོག་ཏུ་བྱེད་པ་དང༌། བག་ལ་ཉལ་བརྟན་པར་བྱེད་པ་དང༌། རིགས་མཐུན་གྱི་ཉོན་མོངས་མི་འཆད་པར་བྱེད་པ་དང༌། རང་དང་གཞན་དང་གཉིས་ཀ་ལ་གནོད་པ་དང༌། ཚེ་འདི་དང་ཕྱི་མ་དང་གཉིས་ཀ་ལ་ཁ་ན་མ་ཐོ་བ་སྐྱེད་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་བ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འགྲུབ་པར་བྱེད་པ་དང༌། མྱང་འདས་ལས་རིང་དུ་དང༌། དགེ་བ་ལས་ཉམས་པར་བྱེད་པ་དང་། ལོངས་སྤྱོད་ལས་ཉམས་པ་དང་། འཁོར་གྱི་ནང་དུ་སོང་བ་ན་ཡིད་ཞུམ་པ་དང་། དགའ་བ་དང་མི་འཇིགས་པ་མེད་པ་དང༌། ཕྱོགས་མཚམས་ཀུན་ཏུ་མི་སྙན་པ་འཕེལ་བ་དང༌། སྟོན་པ་དང་སྲུང་མ་སོགས་དམ་པས་སྨོད་པ་དང༌། འགྱོད་བཞིན་དུ་འཆི་ལ་ཤི་ནས་ཀྱང་ངན་འགྲོར་སྐྱེ་ཞིང་རང་གི་དོན་མི་འཐོབ་པའོ། །མདོ་སྡེའི་རྒྱན་ལས་ཀྱང༌། ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་པ་མི་སྙན་དེ་ནི་གཞན་དུ་མི་ཁོམ་གནས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། །ཅེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང༌། ཞེ་སྡང་སྲེད་སོགས་དགྲ་རྣམས་ནི། །རྐང་ལག་ལ་སོགས་ཡོད་མིན་ལ། །དཔའ་མཛངས་མིན་ཡང་ཅི་ཞིག་ལྟར། །དེ་དག་གིས་བདག་བྲན་བཞིན་བྱས། །བདག་གི་སེམས་ལ་གནས་བཞིན་དུ། །དགའ་མགུར་


JLD013_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་གནོད་བྱེད་པ། །དེ་ལ་མི་ཁྲོ་བཟོད་པ་ནི། །གནས་མིན་བཟོད་པ་སྨད་པའི་གནས། །གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང༌། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང༌། །ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །བདག་གི་ཉོན་མོངས་དགྲ་བོ་གང༌། །དུས་རིང་ཐོག་མཐའ་མེད་པ་ལྟར། །དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ། །མཐུན་པར་རིམ་གྲོ་བསྟེན་བྱས་ན། །ཐམས་ཅད་ཕན་དང་བདེ་བྱེད་ན། །ཉོན་མོངས་རྣམས་ནི་བསྟེན་བྱས་ན། །ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད། །ཅེས་གསུངས་པའི་ཉེས་དམིགས་རྣམས་ཤེས་པར་བྱའོ། །དགོན་པ་བའི་ཞལ་ནས། ཉོན་མོངས་སྤོང་བ་ལ་ཉོན་མོངས་པའི་ཉེས་དམིགས་དང་མཚན་ཉིད་དང་གཉེན་པོ་དང་སྐྱེ་བའི་རྒྱུ་རྣམས་ཤེས་དགོས། ཉེས་དམིགས་ཤེས་པར་བྱས་ནས་སྐྱོན་དུ་བལྟ། དགྲར་བཟུང༌། ཉེས་དམིགས་མ་ཤེས་ན་དགྲར་མི་གོ་བས། མདོ་སྡེའི་རྒྱན་དང༌། སྤྱོད་འཇུག་ནས་གསུངས་པ་ལྟར་སེམས་པ་ཡིན་གསུང་བ་དང༌། ཉོན་མོངས་ཀྱི་མཚན་ཉིད་ཤེས་པ་ལ་ཡང་ཆོས་མངོན་པ་མཉན། མ་མཐའ་ནའང་ཕུང་པོ་ལྔའི་རབ་བྱེད་མཉན་ལ། རྩ་བ་དང་ཉེ་བའི་ཉོན་མོངས་རྣམས་ངོ་ཤེས་པར་བྱས་ནས་ཆགས་སྡང་ལ་སོགས་པ་གང་རུང་རྒྱུད་ལ་སྐྱེས་ཙ་ན། འདི་དེ་ཡིན་ཨང་ཁོ་བྱུང་ངོ་སྙམ་དུ་


JLD013_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་བཟུང་གིན་ཉོན་མོངས་དང་འཐབ་པ་ཡིན་ནོ་གསུང་བ་ལྟར་གོ་དགོས་པ་ཡིན་ནོ། །གཉིས་པ་དེས་ལས་གསོག་པའི་ཚུལ་ལ་གཉིས། བསག་པར་བྱ་བའི་ལས་ངོས་བཟུང་བ་དང༌། དེ་ཇི་ལྟར་གསོག་པའི་ཚུལ་ལོ། །དང་པོ་ནི་གཉིས་ཏེ། སེམས་པའི་ལས་དང༌། བསམས་པའི་ལས་སོ། །དང་པོ་ནི། ཀུན་ལས་བཏུས་ལས། སེམས་པ་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ། །ཞེས་གསུངས་པ་ལྟར། རང་དང་མཚུངས་པར་ལྡན་པའི་སེམས་ཡུལ་རྣམས་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་བྱུང་ཡིད་ཀྱི་ལས་སོ། །གཉིས་པ་ནི། སེམས་པ་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཏེ། མཛོད་ལས། ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་པའི་ཕྱིར་རོ། །ལུས་ངག་གི་ལས་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སུ་བྱས་ནས་གཟུགས་ཅན་ཁོ་ནར་བྱེ་བྲག་ཏུ་སྨྲ་བ་འདོད་པ་ལ། སློབ་དཔོན་དབྱིག་གཉེན་གྱིས་བཀག་ནས། ལུས་ངག་གི་རིག་བྱེད་དང་མཉམ་དུ་འཇུག་པའི་སེམས་པ་ལ་བཞེད་པས་ལས་གཉིས་ཀ་སེམས་པར་བཤད་དོ། །སྤྱིར་ལས་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་ཀྱང༌། འདིར་ནི་དང་པོ་གཉིས་སོ། །དགེ་བའི་ལས་ལ་ཡང་ཟག་བཅས་ཟག་མེད་གཉིས་ལས། འདིར་ཟག་བཅས་དང་དེ་ལ་ཡང་


JLD013_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་རྒྱུད་ལ་ཡོད་པ་དང་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པ་གཉིས་ལས་འདིར་ཕྱི་མའོ། །དེ་ལ་མི་དགེ་བའི་ལས་ནི་བསོད་ནམས་མ་ཡིན་པའི་ལས་ཡིན་ལ། བསོད་ནམས་ཀྱི་ལས་ནི་འདོད་པ་ཁམས་ཀྱིས་བསྡུས་པའི་དགེ་བའི་ལས་སོ། །མི་གཡོ་བའི་ལས་ནི་གཟུགས་དང་གཟུགས་མེད་ཀྱི་སས་བསྡུས་པའི་དགེ་བ་ཟག་པ་དང་བཅས་པའི་ལས་སོ། །དེ་ལྟར་ཡང་མཛོད་ལས། བསོད་ནམས་འདོད་ཁམས་དགེ་བའི་ལས། །མི་གཡོ་གོང་མ་ལས་སྐྱེས་པའི། །ཞེས་གསུངས་སོ། །ཅིའི་ཕྱིར་མི་གཡོ་བའི་ལས་ཞེས་བྱ་ཞེ་ན། ཇི་ལྟར་འདོད་པ་ཁམས་ན་ལྷའི་རྟེན་ལ་སྨིན་རྒྱུའི་ལས་ཁ་ཅིག་མི་དང་དུད་འགྲོ་དང་ཡི་དྭགས་ཀྱི་རྟེན་ལ་སྨིན་པ་ནི་འབྲས་བུ་གཡོ་བ་ཡིན་པ་དེ་བཞིན་དུ་ཁམས་གོང་མར་ས་གཞན་དུ་སྨིན་རྒྱུའི་ལས། ས་དེ་ལས་གཞན་དུ་མི་སྨིན་པས་མི་གཡོ་བ་ཞེས་བྱ་སྟེ། མཛོད་ལས། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམས་སྨིན་ཕྱིར་མི་གཡོའི་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་གསོག་པའི་ཚུལ་ནི། སྤྱིར་འཕགས་པ་རྣམས་ལ་དགེ་བའི་ལས་བསྐྱེད་ཅིང་གསོག་པ་ཡོད་ལ། མི་དགེ་བའི་ལས་ཀྱང་རྒྱུན་ཞུགས་དང་ཕྱིར་འོང་གིས་གསོག་པ་ཡོད་ཀྱང༌། ངན་འགྲོ་དང་བདེ་འགྲོའི་འཁོར་བར་འཕེན་པའི་ལས་ནི་འཕགས་པས་གསོག་པ་མི་སྲིད་དེ། དབུ་མ་རྩ་བ་ལས། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །དེ་ཕྱིར་མི་མཁས་བྱེད་པོ་ཡིན། །མཁས་


JLD013_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དེ་ཉིད་མཐོང་ཕྱིར་རོ། །ཞེས་གསུངས་པ་དང༌། སློབ་དཔོན་དབྱིག་གཉེན་གྱིས་ཀྱང༌། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཇི་སྲིད་དུ་རང་ཉིད་གང་ཟག་གི་བདག་ཏུ་འཛིན་པའི་དབང་དུ་འགྲོ་བ་དེ་སྲིད་དུ་འཕེན་བྱེད་ཀྱི་ལས་གསོག་ལ། བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་ནི་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ཡོད་ཀྱང་འཕེན་བྱེད་ཀྱི་ལས་གསར་དུ་མི་གསོག་སྟེ། མི་སྟོབས་ལྡན་གྱིས་སྟོབས་ཆུང་ངུ་བརྡུང་བ་ལྟར། རྒྱུན་ཞུགས་དང་ཕྱིར་འོང་གིས་ཀྱང་བདག་འཛིན་དང་དུ་མི་ལེན་ཅིང༌། སྤོང་བར་རྣལ་འབྱོར་སྤྱོད་པའི་ས་ལས་གསུངས་པའི་ཕྱིར་རོ། །དེས་ན་འཁོར་བར་འཕེན་པར་བྱེད་པའི་ལས་གསོག་པ་པོ་ནི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ལ་གནས་པ་མན་ཆོད་ཀྱི་སོ་སོ་སྐྱེ་བོ་ཐམས་ཅད་དོ། །དེ་ལྟར་ཉོན་མོངས་ཅན་གྱི་མ་རིག་པ་དང་འཇིག་ལྟའི་གཞན་དབང་དུ་གྱུར་པ་དེས་སྒོ་གསུམ་པོས་སྲོག་གཅོད་སོགས་མི་དགེ་བ་མངོན་པར་འདུ་བྱེད་ན་བསོད་ནམས་མ་ཡིན་པའི་ལས་གསོག་ལ། འདོད་ཁམས་ཀྱི་དགེ་བ་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་སོགས་འདུ་བྱེད་ན་བསོད་ནམས་ཀྱི་ལས་དང་། བསམ་གཏན་དང་གཟུགས་མེད་པའི་སས་བསྡུས་པའི་ཞི་གནས་སོགས་བསྒོམ་ན་མི་གཡོ་བའི་ལས་གསོག་པ་ཡིན་ནོ། །འོ་ན་སྲིད་པའི་ཕུན་ཚོགས་ཐམས་ཅད་ལ་ཉེས་དམིགས་སུ་བལྟས་ནས་ཐར་པ་འདོད་པའི་འདུན་པས་ཀུན་ནས་བསླངས་ཏེ་དགེ་བའི་


JLD013_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དུ་མ་བསྒྲུབ་པ་དང༌། གཞན་ཡང་བདག་མེད་པའི་དོན་ལ་ཚུལ་བཞིན་དུ་དཔྱོད་པའི་ཤེས་རབ་དང་མཚུངས་པར་ལྡན་པའི་སེམས་པ་དགེ་བའི་ལས་རྣམས་འཁོར་བའི་རྒྱུ་ཀུན་འབྱུང་ཡིན་ནམ་མིན་ཞེ་ན། སྤྱིར་ཚོགས་ལམ་པ་དང་སྦྱོར་ལམ་པས་འཕེན་བྱེད་ཀྱི་ལས་རང་དགའ་བ་གསོག་པ་ཡོད་ཀྱང༌། བསམ་པ་དེ་ལྟ་བུས་ཀུན་ནས་བསླངས་པ་དང་བདག་མེད་པ་ལ་དཔྱོད་པའི་ཤེས་རབ་དང་མཚུངས་ལྡན་གྱི་དགེ་བའི་ལས་རྣམས་ནི་སྲིད་པ་ཕྱི་མ་ལ་སྲེད་པའི་གཉེན་པོའི་ཕྱོགས་ཡིན་ཅིང༌། འཁོར་བའི་རྩ་བ་བདག་འཛིན་དང་དམིགས་རྣམ་འགལ་བར་འཇུག་པས་འཕེན་བྱེད་ཀུན་འབྱུང་གི་བདེན་པ་རང་དགའ་བ་དངོས་མ་ཡིན་ཀྱང༌། ཡང་སྲིད་ཕྱི་མ་བསྐྱེད་པའི་ཀུན་འབྱུང་དངོས་དང་རྗེས་སུ་མཐུན་པས་ཀུན་འབྱུང་གིས་བསྡུས་པར་བཞག་གོ །དེ་ལྟར་ཡང༌གཏན་ལ་དབབ་པ་བསྡུ་བ་ལས། འཇིག་རྟེན་པའི་ཆོས་གང་དག་ཡང་འབྱུང་བའི་སྲེད་པ་སུན་འབྱིན་ཞིང་དེ་ལ་མི་ཕྱོགས་བར་འཇིག་རྟེན་ལས་འདས་པའི་ལམ་སྐྱེད་པར་བྱེད་པ་དེ་དག་ཅིའི་ཕྱིར་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་ཞེ་ན། དེ་དག་ནི་ངོ་བོ་ཉིད་ཀྱིས་ཡང་འབྱུང་བའི་སྲིད་པ་ལ་མི་ཕྱོགས་པ་ཡིན་མོད་ཀྱི། འོན་ཀྱང་ཡང་འབྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་དང་རྗེས་སུ་མཐུན་པ་ཡིན་པས་དེའི་ཕྱིར་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །འཁོར་བའི་ཉེས་དམིགས་ལེགས་པར་


JLD013_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ནས། དེ་ལས་ཡིད་འབྱུང་བའི་བསམ་པས་ཀུན་ནས་བསླངས་པའི་དགེ་བའི་ལས་འཇིག་རྟེན་ལས་འདས་པའི་ལམ་སྐྱེད་པར་བྱེད་པ་རྣམས་ཀུན་འབྱུང་རྗེས་མཐུན་པར་གསུངས་པས། བསམ་པ་འདི་དང་བདག་མེད་པའི་ཤེས་རབ་བསྐྱེད་པ་ལ་འབད་དགོས་སོ། །དེ་ལྟར་ན་འཁོར་བ་ལ་རྣམ་གྲངས་དུ་མར་ཉེས་དམིགས་སུ་བརྟགས་ཏེ་བསྒོམས་པས་འཁོར་བའི་ཕུན་ཚོགས་ལ་སྲེད་པ་སུན་འབྱིན་པའི་གཉེན་པོ་ཡང་མ་རྙེད། བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཚུལ་བཞིན་དུ་ཡང་མ་དཔྱད། བྱང་ཆུབ་ཀྱི་སེམས་གཉིས་ལ་གོམས་པར་བྱེད་པ་དང་བྲལ་བའི་དགེ་སྦྱོར་རྣམས་ནི། ཞིང་གི་མཐུ་ལ་བརྟེན་པ་འགའ་རེ་མ་གཏོགས་པ་ཀུན་འབྱུང་རང་དགའ་བར་འགྲོ་བས་འཁོར་བའི་འཁོར་ལོ་བསྐོར་བ་ཡིན་ནོ། །ལས་གསོག་པ་དེ་ཡང་གཉིས་ཏེ། ཚོར་བ་བདེ་བའི་དོན་དུ་གསོག་པ་དང༌། ཚོར་བ་བཏང་སྙོམས་ཀྱི་ཕྱིར་གསོག་པའོ། །དང་པོ་ལ་གཉིས་ཏེ། གཟུགས་སྒྲ་ལ་སོགས་པའི་འདོད་པའི་ཡོན་ཏན་སྤྱད་པ་ལས་བྱུང་བའི་བདེ་བ་དང་། ཁ་ཕྱིར་བལྟའི་བདེ་བ་དེ་ལ་ཆགས་པ་ལོག་ནས་ཏིང་ངེ་འཛིན་ལས་སྐྱེས་པའི་ཚོར་བའི་བདེ་བའི་དོན་དུ་ལས་གསོག་པའོ། །དེ་ལ་དང་པོ་ལ་གཉིས་ལས། གཙོ་བོར་མ་ཤི་ཙམ་ཚུན་ཆོད་ཀྱི་ཚེ་འདིའི་བདེ་བའི་ཕྱིར་དུ་དམིགས་ན་ནི་བསོད་ནམས་མ་ཡིན་པའི་ལས་གསོག་ལ། འཇིག་རྟེན་ཕྱི་མའི་འདོད་པའི་བདེ་བ་ལ་གཙོ་བོར་དམིགས་ན་ནི་བསོད་ནམས་ཀྱི་ལས་


JLD013_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་གོ །ཏིང་ངེ་འཛིན་ལས་སྐྱེས་པའི་ཚོར་བའི་བདེ་བ་ལ་གཙོ་བོར་དམིགས་ན་ནི། བསམ་གཏན་གསུམ་པ་མན་ཆད་ནས་དང་པོའི་བར་དུ་སྐྱེ་བའི་མི་གཡོ་བའི་ལས་གསོག་ལ། འདོད་པ་ལ་ཡང་ཆགས་པ་ལོག་ཅིང་ཚོར་བ་བདེ་བས་ཀྱང་ཡིད་སུན་ནས་ཚོར་བ་བཏང་སྙོམས་པའི་དོན་དུ་ལས་འདུ་བྱེད་ན་ནི་བསམ་གཏན་བཞི་པ་ནས་སྲིད་རྩེའི་བར་དུ་སྐྱེ་བའི་མི་གཡོ་བའི་ལས་གསོག་སྟེ། སློབ་དཔོན་དབྱིག་གཉེན་གྱི་དགོངས་པ་ཡིན་ནོ། །དེའི་རིགས་པས་སྲིད་པ་མཐའ་དག་ལ་ཞེན་པ་ལོག་ནས་ཐར་པའི་ཕྱིར་དུ་སྒོ་གསུམ་དགེ་བ་ལ་མངོན་པར་འདུ་བྱེད་ན་འཁོར་བ་ལ་ཇེ་རིང་དང་ཐར་པ་ལ་ཇེ་ཉེར་འགྱུར་བ་ཡིན་ནོ། །གསུམ་པ་འཆི་འཕོ་བ་དང༌ཉིང་མཚམས་སྦྱོར་ཚུལ་ལ་ལྔ། འཆི་བའི་རྐྱེན། འཆི་བའི་སེམས། དྲོད་གང་ནས་སྡུད་པ། ཤི་ནས་བར་དོ་འགྲུབ་ལུགས། དེ་ནས་སྐྱེ་སྲིད་དུ་སྐྱེ་བ་ལེན་ཚུལ་ལོ། །དང་པོ་ནི། ཚེ་ཟད་པས་འཆི་བ་ནི། སྔོན་གྱི་ལས་ཀྱིས་ཇི་ལྟར་འཕངས་པའི་ཚེ་ཐམས་ཅད་ཟད་ནས་འཆི་བ་སྟེ་དུས་ལ་བབ་ནས་འཆི་བའོ། །བསོད་ནམས་ཟད་ནས་འཆི་བ་ནི། ཡོ་བྱད་མེད་ནས་འཆི་བ་ལྟ་བུའོ། །ཡ༌ང་བ་མ་སྤངས་པས་འཆི་བ་ནི། ཚེ་མ་ཟད་པར་འཆི་བའི་རྒྱུ་རྐྱེན་དགུ་མདོ་ནས་གསུངས་པ་ཡིན་ཏེ། ཁ་ཟས་ཚོད་མི་ཟིན་པར་ཟ་བ་དང༌། མི་འཕྲོད་པ་ཟ་བ་དང༌། སྔ་མ་མ་ཞུ་བར་ཟ་བ་དང༌། མ་ཞུ་བ་ལྟོར་བསགས་པ་འབྱིན་པར་མི་བྱེད་པ་དང༌། སྨིན་པ་བསྒགས་པ་དང༌། སྨན་སོ་སོར་མི་བསྟེན་པ་དང༌།


JLD013_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པ་དང་མ་གོམས་པ་མི་ཤེས་པ་དང༌། དུས་མ་ཡིན་པར་འགྲོ་བ་དང༌། མི་ཚངས་པར་སྤྱོད་པའོ། །གཉིས་པ་འཆི་བའི་སེམས་ནི་གསུམ་ལས། དགེ་བའི་སེམས་དང་ལྡན་པར་འཆི་བ་ནི། རང་གིས་དྲན་པའམ་གཞན་གྱིས་དྲན་དུ་བཅུག་པ་ཡང་རུང་སྟེ། དད་པ་ལ་སོགས་པའི་དགེ་བའི་ཆོས་འདུ་ཤེས་རགས་པ་འབྱུང་བའི་བར་དུ་སེམས་ལ་ཀུན་ཏུ་སྤྱོད་པའོ། །དགེ་བ་དང་མི་དགེ་བ་བྱེད་པའི་གང་ཟག་འཆི་བ་ནི། རང་གིས་དྲན་པའམ་གཞན་གྱིས་དྲན་པར་བྱེད་ཀྱང་རུང་སྟེ། སྔོན་གང་ལན་མང་དུ་གོམས་པར་བྱས་པ་དེ་ཆེས་སྟོབས་དང་ལྡན་པར་འགྱུར་ཏེ། དེས་སེམས་དེ་ལ་གཞོལ་བར་འགྱུར་ལ་གཞན་ནི་བརྗེད་པར་འགྱུར་རོ། །གཉིས་ཀ་ལ་མཚུངས་པར་གོམས་ན་ནི་དང་པོར་གང་དྲན་པ་དེ་ལས་ལྡོག་པར་མི་འགྱུར་ཏེ་སེམས་གཞན་དུ་མི་འཇུག་གོ །དགེ་བ་བྱེད་པ་ནི། མུན་ཁྲོད་ནས་སྣང་བར་འགྲོ་བ་དང་འདྲ་ལ། འཆི་བའི་དུས་ན་དེ་ལ་རྨི་ལམ་ལྟ་བུའི་གཟུགས་མི་སྡུག་པ་མ་ཡིན་པ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་བ་དང༌། བདེ་བར་འཆི་བར་འགྱུར་ཏེ། འཆི་ཁར་དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མི་འབྱུང་ངོ་། །ལས་ལེགས་པར་བྱེད་བྱེད་པ་རྣམས་ཀྱི་ནི་གནད་གཅོད་ཤིན་ཏུ་ཚབས་ཆུང་བ་ཡིན་ནོ། །མི་དགེ་བའི་སེམས་དང་ལྡན་པར་འཆི་བ་ནི། རང་གིས་དྲན་པའམ་གཞན་གྱིས་དྲན་དུ་བཅུག་ཀྱང་རུང་སྟེ། ཆགས་སོགས་ཀྱི་མི་དགེ་བ་དྲན་པ་རྣམས་འདུ་ཤེས་རགས་པ་རྒྱུ་བའི་བར་དུ་འབྱུང་ཞིང༌། འཆི་ཁར་


JLD013_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་བ་དང་མི་དགེ་བའི་ལས་བྱེད་བྱེད་པ་འཆི་བའི་ཚེ་ནི། མི་དགེ་བ་སྔར་བྱས་པའི་ལས་ཀྱི་འབྲས་བུའི་སྔ་ལྟས་རྣམས་འདིར་མྱོང་སྟེ། རྨི་ལམ་བཞིན་དུ་གཟུགས་མི་སྡུག་པ་དུ་མ་དེ་ལ་སྣང་བར་འགྱུར་ཏེ། སྣང་བ་ནས་མུན་ཁྲོད་དུ་འགྲོ་བ་དང་འདྲའོ། །མི་དགེ་བ་ཆེན་པོ་བྱེད་པ་རྣམས་ནི། མཚན་མ་མི་སྡུག་པ་དེ་དག་མཐོང་བས་ལུས་ལ་སྡུག་བསྔལ་འབྱུང་ཞིང་སྤུ་ཟིང་ཞེས་བྱེད་པ་དང༌། རྐང་ལག་གཡོབ་པ་དང་བཤང་གཅི་འབྱུང་བ་དང་ནམ་མཁའ་ལ་རྙོབ་པ་དང་མིག་ལྡོག་པ་དང་ཁ་ནས་དབུ་བ་འབྱུང་བ་དང་དེ་འདྲ་བ་རྣམས་འབྱུང་ངོ་། །གལ་ཏེ་མི་དགེ་བ་འབྲིང་བྱེད་པ་ཡིན་ན་དེ་དག་ལས་ཁ་ཅིག་འབྱུང་ལ། ཁ་ཅིག་མི་འབྱུང་བས་རྫོགས་པར་མི་འབྱུང་ངོ་། །ལས་ཉེས་པ་བྱེད་པ་རྣམས་ལ་གནད་གཅོད་ཤིན་ཏུ་ཚབས་ཆེའོ། །གནད་གཅོད་ནི་ལྷ་དང་དམྱལ་བ་མ་གཏོགས་པའི་སྐྱེ་གནས་ཐམས་ཅད་ལ་ཡོད་དོ། །ཐམས་ཅད་ཀྱང་འཆི་བའི་ཚེ་ན་འདུ་ཤེས་མི་གསལ་བ་ལ་མ་སླེབ་པའི་བར་དུ་ཡུན་རིང་མོ་ནས་གོམས་པའི་བདག་ལ་ཆགས་པ་འབྱུང་ངོ་། །དེའི་འོག་ཏུ་བདག་ལ་ཆགས་པའི་དབང་གིས་བདག་ནི་མེད་པར་འགྱུར་རོ་སྙམ་ནས་ལུས་ལ་དགའ་བར་འགྱུར་ཏེ། དེ་ནི་བར་དོ་འགྲུབ་པའི་རྒྱུའོ། །དེ་ལ་རྒྱུན་ཞུགས་དང་ཕྱིར་འོང་ལ་ཡང་བདག་ལ་ཆགས་པ་འབྱུང་མོད་ཀྱི། ཤེས་རབ་ཀྱིས་བརྟགས་ནས་སྤོང་གི་དང་དུ་མི་ལེན་ཏེ། དཔེར་ན་མི་སྟོབས་


JLD013_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱིས་སྟོབས་ཆུང་ངུ་བརྡུང་བ་དང་འདྲའོ། །ཕྱིར་མི་འོང་རྣམས་ལ་ནི་བདག་ལ་ཆགས་པ་དེ་མི་འབྱུང་ངོ་། །ལུང་མ་བསྟན་གྱི་སེམས་དང་ལྡན་པར་འཆི་བ་ནི། དགེ་བ་དང་མི་དགེ་བ་བྱེད་བྱེད་པའམ་དེ་མ་བྱས་ཀྱང་རུང་སྟེ། རང་གིས་དེ་གཉིས་མ་དྲན་ལ་གཞན་གྱིས་ཀྱང་དྲན་པར་མ་བྱས་པའོ། །དེ་ནི་འཆི་བའི་ཚེ་བདེ་སྡུག་གཉིས་ཀ་དང་མི་ལྡན་ནོ། །དགེ་བའི་སེམས་ཀྱིས་འཆི་བ་ནི་འདུ་ཤེས་རགས་པ་ཡོད་པའི་བར་ལ་ཡིན་གྱི། འདུ་ཤེས་ཆ་ཕྲ་མོ་རྒྱུ་བའི་ཚེ་ནི་དགེ་བའི་སེམས་ལྡོག་ཅིང་ལུང་མ་བསྟན་གྱི་སེམས་སུ་འགྱུར་ཏེ། དེས་དེའི་ཚེ་སྔོན་གོམས་པར་བྱས་པའི་དགེ་བ་ལ་ཡང་བརྩལ་བར་མི་ནུས་ལ། གཞན་གྱིས་ཀྱང་དྲན་པར་བྱེད་མི་ནུས་སོ། །མི་དགེ་བ་ལ་ཡང་དེ་དང་འདྲ་བས་འདུ་ཤེས་ཕྲ་མོ་རྒྱུ་བ་ན་འཆི་སེམས་ཐམས་ཅད་ལུང་མ་བསྟན་ནོ། །མཛོད་འགྲེལ་ལས། དགེ་མི་དགེའི་སེམས་ནི་རྣམ་པ་གསལ་བས་འཆི་སེམས་འཆད་པར་འགྱུར་བ་དང་མི་མཐུན་པར་གསུངས་སོ། །གསུམ་པ་དྲོད་གང་ནས་སྡུད་པ་ནི། མི་དགེ་བ་བྱེད་བྱེད་པ་ནི་རྣམ་ཤེས་ཀྱིས་རོ་སྟོད་ནས་ལུས་འདོར་བར་བྱེད་དེ། དང་པོར་རོ་སྟོད་གྲང་མོར་འགྱུར་ཏེ་སྙིང་ག་ལ་ཐུག་པའི་བར་དུ་འདོར་ལ། དགེ་བ་བྱེད་བྱེད་པ་ནི་སྨད་ནས་འདོར་ཞིང་གྲང་བར་འགྱུར་ཏེ། གཉིས་ཀ་ཡང་སྙིང་ག་ནས་རྣམ་ཤེས་འཕོའོ། །དང་པོ་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་གང་ཞུགས་པ་དེ་ལུས་ཀྱི་སྙིང་གར་འགྱུར་ཞིང༌། ཐ་མར་ཕྱོགས་གང་ནས་འཕོ་བ་དེ་ཉིད་དུ་ཐོག་


JLD013_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མར་འཇུག་པ་ཡིན་ནོ། །དེ་ལྟར་ན་ལུས་ཀྱི་དྲོད་ཐོག་མར་སྟོད་ནས་སྙིང་གའམ་སྨད་ནས་སྙིང་གར་བསྡུས་ནས། དེ་ནས་སྨད་དམ་སྟོད་ནས་དེ་བར་དུ་སྡུད་པ་ནི་མ་གསུངས་ཀྱང་ཤེས་པར་བྱའོ། །བཞི་པ་ཤི་ནས་བར་དོ་འགྲུབ་ལུགས་ནི། སྔར་བཤད་པ་ལྟར་རྣམ་ཤེས་གང་ནས་འཕོས་པའི་ཕྱོགས་དེ་ནས་བར་མ་ཆད་པར་སྲང་མདའི་མཐོ་དམན་བཞིན་དུ་ཤི་བ་དང་བར་དོ་འགྲུབ་སྟེ། རྒྱུ་ནི་ལུས་ལ་ཆགས་པ་སྐྱེས་པ་དང་སྔོན་སྤྲོས་པ་ལ་དགའ་བས་ཡོངས་སུ་བསྒོས་པ་དང༌། དགེ་མི་དགེ་གང་རུང་གི་ལས་ཏེ་གཉིས་པོ་དེ་ལ་བརྟེན་ནས་སོ། །བར་དོ་དེ་ཡང་མིག་ལ་སོགས་པའི་དབང་པོ་རྣམས་ཚང་བ། འགྲོ་བ་གང་དུ་སྐྱེ་བར་འགྱུར་བ་དེའི་ལུས་ཀྱི་རྣམ་པ་ཅན། སྐྱེ་བ་མ་བླངས་ཀྱི་བར་དུ་མིག་ནི་ལྷའི་མིག་ལྟར་ཐོགས་པ་མེད་ཅིང་། ལུས་ཀྱང་རྫུ་འཕྲུལ་དང་ལྡན་པ་བཞིན་དུ་ཐོགས་པ་མེད་དོ། །མཛོད་ལས་ཀྱང༌། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །རིས་མཐུན་ལྷ་མིག་དག་པས་མཐོང༌། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །མི་ལྡོག་དེ་ནི་དྲི་ཟ་འོ། །ཞེས་བར་དོ་རིས་མཐུན་དང་བསྒོམས་པ་ལས་བྱུང་བའི་ལྷའི་མིག་སྐྱོན་དང་བྲལ་བས་མཐོང་ལ། འགྲོ་བ་གང་ཡིན་པའི་བར་དོ་གྲུབ་ན། དེ་ནས་སྐྱེ་བ་གཞན་དུ་བཟློག་ཏུ་མེད་པར་གསུངས་མོད། ཀུན་ལས་བཏུས་སུ་ལྡོག་པ་ཡང་བཤད་དོ། །སྔོན་དུས་ཀྱི་སྲིད་པ་ནི། སྲིད་པ་བཞི་


JLD013_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཤི་ནས་སྐྱེ་བ་མ་བླངས་བར་ནི་བར་སྲིད་དང༌། སྐྱེ་བ་བླངས་པའི་སྐད་ཅིག་དང་པོ་ནི་སྐྱེ་སྲིད་དང༌། དེའི་སྐད་ཅིག་མ་གཉིས་པ་ནས་འཆི་སྲིད་སྐད་ཅིག་མ་ཐ་མའི་སྔོན་རོལ་ནི་སྔོན་དུས་ཀྱི་སྲིད་པ་དང༌། འཆི་བའི་སྐད་ཅིག་ཐ་མ་ནི་འཆི་སྲིད་དུ་མཛོད་ལས་གསུངས་པས། ད་གཟོད་སྐྱེ་བ་བླངས་པའི་དུས་ཀྱི་འཆི་སྲིད་ལ་བལྟོས་པའི་སྔོན་རོལ་ཡིན་པ་ལ། དེ་ལ་འཁྲུལ་ནས་སྐྱེ་བ་སྔ་མའི་ལུས་དབྱིབས་ཅན་དུ་འདོད་པ་དང༌། ཡང་ཕྱི་མའི་ལུས་དབྱིབས་སུ་བཤད་པ་ཡང་མཐོང་ནས་ཞག་ཕྱེད་དང་བཞི་སྐྱེ་བ་སྔ་མ་དང་ཕྱེད་དང་བཞི་ཕྱི་མའི་ལུས་ཀྱི་རྣམ་པ་ཅན་དུ་འདོད་པ་ནི་ཁུངས་རྣམ་དག་གང་ཡང་མེད་པས་སྒྲོ་བཏགས་ཁོ་ནའོ། །རྣམ་ཤེས་མི་གནས་པས་སྔོན་གྱི་ལུས་ལ་འདོད་པ་མི་འབྱུང་བར་རྣལ་འབྱོར་སྤྱོད་པའི་སར་གསུངས་པས། སྔོན་གྱི་ལུས་མཐོང་ནས་ཡིད་མི་བདེ་སྐྱེ་བར་འདོད་པ་ཡང་སྒྲོ་བཏགས་སོ། །མི་དགེ་བ་བྱེད་པའི་བར་སྲིད་ནི། ཕྱར་བ་ནག་པོའམ་མཚན་མོ་མུན་ནག་ཏུ་སྣང་བ་ལྟ་བུའོ། །དགེ་བ་བྱེད་པའི་བར་སྲིད་ནི། སྣམ་བུ་དཀར་པོའམ་ཟླ་བའི་འོད་དང་བཅས་པའི་མཚན་མོའི་སྣང་བ་ལྟ་བུའོ། །རང་དང་རིགས་མཐུན་གྱི་བར་དོ་དང་དེ་དག་དང་རང་གི་སྐྱེ་གནས་ཀྱང་མཐོང་ངོ་། །མངལ་དུ་འཇུག་པ་ལས། དམྱལ་བའི་བར་དོ་ནི་སྡོང་དུམ་ཚིག་པ་ལྟ་བུ་དང༌། དུད་འགྲོའི་བར་དོ་ནི་དུ་བ་ལྟ་བུ་དང༌། ཡི་དྭགས་ཀྱི་བར་དོ་ནི་ཆུ་ལྟ་བུ་དང༌། འདོད་པའི་ལྷ་དང་མིའི་བར་དོ་ནི་གསེར་ལྟ་བུ་དང༌། གཟུགས་ཁམས་པའི་བར་དོ་ནི་དཀར་པོར་གསུངས་ཏེ་ཁ་དོག་


JLD013_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁྱད་པར་རོ། །གཟུགས་མེད་ནས་ཁམས་འོག་མ་གཉིས་སུ་སྐྱེ་ན་བར་དོ་ཡོད་ལ། དེ་གཉིས་ནས་གཟུགས་མེད་དུ་སྐྱེ་ན་གང་དུ་ཤི་བ་དེར་གཟུགས་མེད་ཀྱི་ཕུང་པོ་འགྲུབ་ཀྱི་བར་དོ་མེད་དོ། །གཞུང་ཁུངས་མ་རྣམས་ནས་བར་དོ་མེད་པའི་དམིགས་བསལ་འདི་ལས་མ་བཤད་པས། ཡར་དང་མར་གྱི་མཚམས་མེད་ལ་བར་དོ་མེད་པར་འདོད་པ་ཡང་མི་རིགས་སོ། །ལྷའི་བར་དོ་ནི་གྱེན་དུའོ། །མིའི་བར་དོ་ནི་ཐད་ཀར་འགྲོའོ། །ཉེས་པའི་ལས་བྱེད་པ་རྣམས་ཀྱི་བར་དོ་ནི་མིག་ཐུར་དུ་བྱས་ཏེ་སྤྱིའུ་ཚུགས་སུ་འགྲོ་བར་གསུངས་ཏེ། ངན་སོང་གསུམ་ག་ལ་དགོངས་པ་འདྲའོ། །མཛོད་འགྲེལ་ལས། མི་དང་ཡི་དྭགས་དང་དུད་འགྲོ་གསུམ་རང་རང་ཇི་འདྲ་བ་དེ་བཞིན་དུ་འགྲོ་བར་བཤད་དོ། །ཚེ་ཚད་ནི་སྐྱེ་བའི་རྐྱེན་མ་རྙེད་ན། རེ་ལྟར་ཐོགས་ནའང་ཞག་བདུན་དུ་གནས་སོ། །རྐྱེན་རྙེད་ན་ནི་ངེས་པ་མེད་དོ། །མ་རྙེད་ན་ཡང་ལུས་བརྗེས་ནས་ཞག་བདུན་ཕྲག་བདུན་ཚུན་ཆད་དུ་གནས་ཀྱི། དེ་ཚུན་ཆད་དུ་ངེས་པར་སྐྱེ་བའི་རྐྱེན་རྙེད་པས་དེ་ཕན་ཆད་མི་གནས་སོ། །གཞུང་ཁུངས་མ་གང་ནས་ཀྱང་དེ་ལས་རིང་བ་མ་བཤད་པས། དེ་ལས་རིང་བ་གནས་པར་འདོད་པ་ནི་མི་རིགས་སོ། །ལྷའི་བར་དོ་ལྟ་བུ་དེ་ཞག་བདུན་གྱིས་ཤི་འཕོས་ནས་ལྷའི་བར་དོ་དེའམ། ཡང་ན་མི་ལ་སོགས་པའི་བར་དོ་འགྲུབ་སྟེ། ལས་གཞན་གྱི་བྱ་བ་འགྱུར་བས་བར་དོའི་ས་བོན་འགྱུར་བར་བྱེད་པའི་ཕྱིར་རོ། །གཞན་ལ་ཡང་དེ་ལྟར་


JLD013_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ལྔ་པ་དེ་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་ཚུལ་ནི། མངལ་དུ་སྐྱེ་བ་ཡིན་ན་ནི་བར་སྲིད་དེས་སྐྱེ་བའི་གནས་སུ་རང་དང་རིགས་མཐུན་པའི་སེམས་ཅན་མཐོང་ནས་དེ་དག་ལ་ལྟ་བ་དང་རྩེ་བ་སོགས་བྱ་བར་འདོད་ནས་སྐྱེ་བའི་གནས་སུ་འགྲོ་འདོད་པར་འགྱུར་ལ། ཕ་མའི་ཁུ་ཁྲག་ལ་ཕྱིན་ཅི་ལོག་ཏུ་མཐོང་བ་སྐྱེ་སྟེ། དེའི་ཚེ་ཕ་མ་གཉིས་ཉལ་པོ་བྱེད་པ་མེད་བཞིན་དུ་ཉལ་པོ་བྱེད་པ་སྒྱུ་མ་བཞིན་དུ་མཐོང་སྟེ། དེ་ལ་ཆགས་པར་འགྱུར་རོ། །དེ་ཡང་མོར་སྐྱེ་ན་བུད་མེད་དང་འབྲལ་བར་འདོད་ཅིང་སྐྱེས་པ་ལ་ཆགས་ཏེ་ཉལ་བར་འདོད་དོ། །ཕོར་སྐྱེ་ན་ནི་སྐྱེས་པ་དང་འབྲལ་འདོད་ཅིང་བུད་མེད་ལ་ཆགས་ནས་ཉལ་བར་འདོད་དོ། །དེ་ལྟར་རྣལ་འབྱོར་སྤྱོད་པའི་སར་ནི་ཕ༌མ༌དངོས་མཐོང་བ་མིན་པར་ཁུ་ཁྲག་ལ་འཁྲུལ་ནས་ཉལ་པོ་བྱེད་པར་མཐོང་བར་བཤད་དོ། །དེ་ལྟ་བུའི་འདོད་པ་སྐྱེས་ནས་ཇི་ལྟ་ཇི་ལྟར་ཉེ་བར་ཕྱོགས་པ་དེ་ལྟ་དེ་ལྟར་སྐྱེས་པ་དང་བུད་མེད་དེའི་ཡན་ལག་གཞན་གང་ཡང་མི་སྣང་བར་ཕོ་མོའི་མཚན་མ་གཉིས་ཙམ་ཞིག་མཐོང་ངོ་། །དེ་ལ་ཁྲོས་ནས་བར་སྲིད་དེ་འཆི་འཕོ་ཞིང་སྐྱེའོ། །དེ་ཡང་ཕ་མ་གཉིས་ཆགས་པར་གྱུར་ཏེ་འདོད་ཆགས་དྲག་པོའི་སྐབས་སུ་བབ་པ་ན་མཇུག་ཁོ་ནར་ཁུ་བ་བསྐ་བ་འབྱུང་ལ། དེའི་རྗེས་ལ་གཉིས་ཀ་ལས་ཁུ་ཁྲག་གི་ཐིགས་པ་གཉིས་གདོན་མི་ཟ་བར་འབྱུང་སྟེ། དེ་གཉིས་མའི་སྐྱེ་གནས་སུ་འདྲེས་ནས། དཔེར་ན་འོ་མ་བསྐོལ་བ་གྲངས་པའི་སྤྲིས་མ་བཞིན་དུ། ཆགས་པར་གྱུར་པ་དེ་དང་ལྷན་ཅིག་ཏུ་བར་སྲིད་དེ་


JLD013_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པར་འགྱུར་ལ། དེ་འགགས་པ་དང་དུས་གཅིག་ཏུ་ཀུན་གཞིའི་རྣམ་པར་ཤེས་པའི་མཐུས་དེ་ལས་གཞན་པའི་དབང་པོའི་འབྱུང་བ་ཆེན་པོ་ཆ་ཕྲ་བ་དང་འདྲེས་པ་དེ་དང་མཐུན་པའི་ཁུ་ཁྲག་འདུས་པ་དབང་པོ་དང་བཅས་པ་གཞན་འབྱུང་སྟེ། དེའི་དུས་སུ་རྣམ་ཤེས་ཞུགས་པ་ནི་ཉིང་མཚམས་སྦྱོར་བ་ཞེས་བྱའོ། །ཀུན་གཞི་ཁས་མི་ལེན་པ་རྣམས་ཡིད་ཀྱི་རྣམ་ཤེས་ཀྱིས་ཉིང་མཚམས་སྦྱོར་བར་འདོད་དོ། །དེ་ལ་བསོད་ནམས་ཆུང་ངུ་ཞིག་ཡིན་ན་ནི་རིགས་དམའ་བར་སྐྱེ་སྟེ། འཕོ་བ་དང་འཇུག་པའི་ཚེ་ཀུ་ཅོའི་སྒྲ་དང་འདམ་བུ་དང་ནགས་ཐིབས་པོ་ལ་སོགས་པའི་ནང་དུ་འགྲོ་བའི་སྣང་བ་འབྱུང་ལ། ལེགས་པའི་ལས་བྱེད་བྱེད་པ་ཞིག་ན་རིགས་མཐོན་པོར་སྐྱེ་སྟེ། ཞི་བ་དང་སྙན་པའི་སྒྲ་འབྱུང་ཞིང་ཁང་བཟང་དང་གཞལ་མེད་ཁང་ལ་སོགས་པའི་གནས་སུ་འགྲོ་བའི་སྣང་བ་འབྱུང་ངོ་། །མངལ་ན་གནས་པ་དེ་ཡང་ཞག་བདུན་ཕྲག་སོ་བརྒྱད་ཀྱིས་མངལ་དུ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་འགྱུར་རོ། །དེ་ནས་ཞག་བཞི་ལོན་ནས་བཙའ་སྟེ། མངལ་དུ་འཇུག་པ་ལས། དེ་ན་ཟླ་བ་དགུའམ་དེ་ལས་འདས་ན་ཤིན་ཏུ་རྫོགས་པར་འགྱུར་རོ། །ཟླ་བ་བརྒྱད་ཀྱིས་ནི་རྫོགས་མོད་ཀྱི་ཤིན་ཏུ་རྫོགས་པ་མིན་ནོ། །ཟླ་བ་དྲུག་གམ་བདུན་གྱིས་ནི་མི་རྫོགས་ཏེ་ཡན་ལག་མ༌ཚང་བར་ཡང་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །འདི་དག་རྒྱས་པར་མངལ་འཇུག་ལས་ཤེས་པར་བྱའོ། །སྐྱེ་གནས་སུ་འགྲོ་འདོད་མེད་ན་མི་འགྲོ་


JLD013_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་སོང་ན་དེར་མི་སྐྱེ་བས་དམྱལ་བར་སྐྱེ་བའི་ལས་བྱས་ཤིང་བསགས་པ། ལུག་གསོད་པའམ་བྱ་པའམ་ཕག་འཚོང་ལ་སོགས་པའི་སྡོམ་མིན་ཅན་རྣམས་ཀྱི་བར་སྲིད་ན་སྐྱེ་གནས་སུ་ལུག་ལ་སོགས་པ་དེ་དག་རྨི་ལམ་བཞིན་དུ་མཐོང་ནས་སྔོན་གོམས་པའི་དགའ་བས་དེར་རྒྱུག་གོ །དེ་ནས་སྐྱེ་གནས་ཀྱི་གཟུགས་དེ་ལ་ཁྲོས་ནས་བར་སྲིད་འགག་ཅིང་སྐྱེ་སྲིད་དུ་སྐྱེ་སྟེ། དེ་བཞིན་དུ་དམྱལ་བ་དང་འདྲ་བའི་ཡི་དྭགས་ལྦ་བ་ཅན་ལ་སོགས་པར་སྐྱེ་བ་ཡང་དེ་དང་འདྲའོ། །དུད་འགྲོ་དང་ཡི་དྭགས་དང་མི་དང་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་རིས་རྣམས་སུ་སྐྱེ༌ན་ནི། སྐྱེ་བའི་གནས་སུ་རང་དང་རིགས་མཐུན་པ་དགའ་བར་འགྱུར་བའི་སེམས་ཅན་མཐོང་ཞིང༌། དེ་ནས་དེར་དགའ་བ་དང་འདོད་པ་བསྐྱེད་དེ་སོང་བ་དང་སྐྱེ་བའི་གནས་ལ་ཁྲོས་ནས་བར་སྲིད་འགག་ཅིང༌། སྐྱེ་སྲིད་དུ་སྐྱེ་བར་རྣལ་འབྱོར་སྤྱོད་པའི་སར་གསུངས་ཏེ། སྡོམ་མིན་ཅན་བྱ་པ་དང་ཕག་འཚོང་སོགས་མིན་པའི་དམྱལ་བར་སྐྱེ་ཚུལ་ཡང་འདི་དག་དང་འདྲ་བར་བྱའོ། །མཛོད་དུ། དྲི་དང་གནས་ལ་མངོན་འདོད་གཞན། །ཞེས་དྲོད་གཤེར་ལས་སྐྱེ་ན་དྲི་འདོད་པ་དང༌། བརྫུས་ཏེ་སྐྱེ་ན་གནས་འདོད་ནས་སྐྱེ་བར་གསུངས་ལ། དེ་ཡང་ཚ་དམྱལ་དུ་སྐྱེ༌ན་དྲོ་བ་འདོད་པ་དང༌། གྲང་དམྱལ་དུ་སྐྱེ་ན་བསིལ་བ་འདོད་ནས་བར་སྲིད་འགྲོ་བར་འགྲེལ་པ་ལས་བཤད་དོ། །སྒོང་སྐྱེས་ཀྱང་མངལ་སྐྱེས་དང་འདྲ་བར་མཛོད་འགྲེལ་ལས་བཤད་དོ། །འཆི་འཕོ་བ་དང་ཉིང་མཚམས་སྦྱོར་ཚུལ་རྣམས་ནི་དམིགས་


JLD013_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་མེད་པ་རྣམས་སའི་དངོས་གཞི་ལྟར་བཤད་པའོ། །གཉིས་པ་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པ་ལ་བཞི། ཡན་ལག་གི་དབྱེ་བ་དང༌། ཡན་ལག་གི་བསྡུ་བ་དང་། ཚེ་དུ་ལ་རྫོགས་པ་དང༌། དེ་དག་གི་དོན་བསྡུ་བའི་ཚུལ་ལོ། །དང་པོ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལས། མ་རིག་པ་ནི། མཛོད་ལས། མ་རིག་མི་མཛའ་བརྫུན་སོགས་བཞིན། །ཞེས་གསུངས་པ་ལྟར་ཏེ། དེ་ཡང་མི་མཛའ་བ་དང་བརྫུན་ནི་མཛའ་བའམ་བདེན་པ་བཀག་ཙམ་མམ་དེ་གཉིས་ལས་གཞན་པ་ཙམ་ལ་མི་བྱེད་ཀྱི། མཛའ་བ་དང་བདེན་ཚིག་གི་འགལ་ཟླར་གྱུར་པའི་མི་མཐུན་ཕྱོགས་ལ་བྱེད་པ་ལྟར། མ་རིག་པ་ཡང་གཉེན་པོར་གྱུར་པའི་རིག་པ་བཀག་ཙམ་དང་དེ་ལས་གཞན་པ་ཙམ་ལ་མི་བྱེད་ཀྱི། རིག་པའི་འགལ་ཟླར་གྱུར་པའི་མི་མཐུན་ཕྱོགས་སོ། །དེ་ལ་འདིར་གཉེན་པོ་རིག་པ་ནི་ཡང་དག་པ་གང་ཟག་གི་བདག་མེད་པའི་དོན་རིག་པ་ཡིན་པས་དེའི་འགལ་ཟླ་ནི་གང་ཟག་གི་བདག་ཏུ་འཛིན་པའི་འཇིག་ལྟའོ། །ཞེས་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པ་བཞེད་ལ། སློབ་དཔོན་ཐོགས་མེད་སྐུ་མཆེད་ནི། ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་དང་ཡང་དག་པའི་དོན་ལ་རྨོངས་པ་ཙམ་གཉིས་ལས་ཕྱི་མར་བཞེད་དེ། མདོར་ན་ལོག་པར་རྟོག་པ་དང་མ་རྟོགས་པའི་བློ་གཉིས་ལས་མ་རྟོགས་པའི་བློའོ། །འོན་ཀྱང་དེའི་ལྡོག་ཕྱོགས་ཀྱི་གཉེན་པོའི་གཙོ་བོ་ནི་བདག་མེད་པ་


JLD013_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཤེས་རབ་ལ་བཞེད་པར་འདྲའོ། །རྨོངས་པ་དེ་ལ་ཕྱེ་ན། ལས་འབྲས་ལ་རྨོངས་པ་དང༌། དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པ་གཉིས་ཡོད་དེ། དང་པོས་ནི་ངན་འགྲོར་འགྲོ་བའི་འདུ་བྱེད་གསོག་ལ། གཉིས་པས་ནི་བདེ་འགྲོར་འགྲོ་བའི་འདུ་བྱེད་གསོག་པར་ཀུན་ལས་བཏུས་སུ་གསུངས་སོ། །འདུ་བྱེད་ནི་ལས་ཡིན་ལ། དེ་ཡང་ངན་འགྲོ་འཕེན་པའི་བསོད་ནམས་མ་ཡིན་པའི་ལས་དང༌། བདེ་འགྲོ་འཕེན་པའི་ལས་སོ། །ཕྱི་མ་ལའང་གཉིས་ཏེ། འདོད་ཁམས་ཀྱི་བདེ་འགྲོ་འཕེན་པའི་བསོད་ནམས་ཀྱི་ལས་དང༌། ཁམས་གོང་མའི་བདེ་འགྲོ་འཕེན་པའི་མི་གཡོ་བའི་ལས་སོ། །རྣམ་པར་ཤེས་པ་ནི། མདོ་ལས། རྣམ་ཤེས་ཚོགས་དྲུག་ལ་གསུངས་ཀྱང༌། འདིར་གཙོ་བོ་ནི་ཀུན་གཞི་ཁས་ལེན་པ་རྣམས་ལྟར་ན་ཀུན་གཞི་ཡིན་ལ། ཁས་མི་ལེན་པ་རྣམས་ལྟར་ན་ཡིད་ཀྱི་རྣམ་ཤེས་སོ། །དེ་ཡང་ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་གྱི་སྡུག་བསྔལ་འབྱུང་བ་ལ་རྨོངས་པས་ནི། མི་དགེ་བའི་ལས་མངོན་པར་འདུ་བྱེད་ཅིང་གསོག་ལ། ལས་དེའི་བག་ཆགས་བསྒོས་པའི་ཚེ་འདིའི་རྣམ་པར་ཤེས་པ་ནི་རྒྱུའི་དུས་ཀྱི་རྣམ་ཤེས་ཡིན་ཞིང༌། དེ་ལ་བརྟེན་ནས་མ་འོངས་པ་ན་ངན་འགྲོའི་སྐྱེ་གནས་སུ་ཉིང་མཚམས་སྦྱར་བའི་རྣམ་ཤེས་ནི་འབྲས་བུའི་དུས་ཀྱི་རྣམ་པར་ཤེས་པའོ། །དེ་བཞིན་དུ་བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་དབང་གིས། བདེ་འགྲོ་རྣམས་ཀྱང་ཡང་དག་པར་སྡུག་བསྔལ་བ་ལ་དེ་ལྟར་མ་ཤེས་པར་བདེ་


JLD013_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཟུང་བས་བསོད་ནམས་དང་མི་གཡོ་བའི་ལས་གསོག་པའི་དུས་ཀྱི་རྣམ་ཤེས་ནི་རྒྱུ་དུས་དང༌། དེ་ལ་བརྟེན་ནས་འདོད་པ་དང་ཁམས་གོང་མའི་བདེ་འགྲོར་ཉིང་མཚམས་སྦྱར་བའི་རྣམ་ཤེས་ནི་འབྲས་དུས་ཀྱིའོ། །མིང་དང་གཟུགས་ལ། མིང་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྟེ། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །གཟུགས་ནི་གཟུགས་མེད་དུ་སྐྱེ་ན། གཟུགས་ཀྱི་ས་བོན་ཙམ་ཡོད་ཀྱི་གཟུགས་མེད་ལ། དེ་ལས་གཞན་པའི་སྐབས་སུ་ནི་མེར་མེར་པོ་ལ་སོགས་པའི་གཟུགས་ཇི་ལྟར་རིགས་པར་སྦྱར་རོ། །སྐྱེ་མཆེད་དྲུག་ནི། མངལ་ལས་སྐྱེ་ན། དང་པོར་རྣམ་ཤེས་ཞུགས་པའི་ཁུ་ཁྲག་གི་མེར་མེར་པོ་དང་མིང་རྣམས་འཕེལ་བས་མིག་ལ་སོགས་པའི་སྐྱེ་མཆེད་བཞི་གྲུབ་པ་སྟེ། ལུས་དང་ཡིད་ཀྱི་སྐྱེ་མཆེད་ནི་མེར་མེར་པོའི་དུས་ནས་ཡོད་དོ། །བརྫུས་ཏེ་སྐྱེ༌ན་ནི་ཉིང་མཚམས་སྦྱར་བའི་ཚེ་དབང་པོ་རྣམས་ཅིག་ཅར་དུ་འགྲུབ་པས་རིམ་པ་དེ་ལྟ་བུ་མེད་ལ། སྒོང་སྐྱེས་དང་དྲོད་གཤེར་སྐྱེས་ལ་ནི་མངལ་མ་གཏོགས་པ་གཞན་དེ་དང་འདྲ་བར་སའི་དངོས་གཞི་ལས་བཤད་དོ། །དེ་ལྟར་ན་མིང་གཟུགས་གྲུབ་པ་ན་ལུས་ཀྱི་ངོ་བོ་འཐོབ་ལ། སྐྱེ་མཆེད་དྲུག་གྲུབ་པ་ན་ལུས་ཀྱི་ཁྱད་པར་གྲུབ་པས་ལོངས་སྤྱོད་པ་པོར་གྲུབ་པའོ། །སྐྱེ་མཆེད་གཟུགས་ཅན་ལྔ་ནི་གཟུགས་མེད་ན་མེད་དོ། །རེག་པ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་ཡིད་དུ་འོང་


JLD013_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མི་འོང་བར་མ་གསུམ་ཡོངས་སུ་གཅོད་པ་སྟེ། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་ཞེས་གསུངས་པས་ནི་ཡུལ་དང་རྣམ་ཤེས་ཀྱང་མཚོན་པ་ཡིན་ནོ། །ཚོར་བ་ནི། རེག་པས་ཡུལ་གསུམ་བཅད་པ་དང་རྗེས་སུ་མཐུན་པར་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་སྐྱེས་པའོ། །སྲེད་པ་ནི། ཚོར་བ་བདེ་བ་ལ་མི་འབྲལ་བ་དང་སྡུག་བསྔལ་ལ་འབྲལ་བར་སྲེད་པའོ། །ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེ་བར་གསུངས་པ་ནི། མ་རིག་པའི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་ལས་སྲེད་པ་སྐྱེད་ཀྱི། མ་རིག་པ་མེད་ན་ནི་ཚོར་བ་ཡོད་ཀྱང་སྲེད་པ་མི་སྐྱེའོ། །དེ་ལྟར་ན་རེག་པ་ནི་ཡུལ་གྱི་ལོངས་སྤྱོད་དང༌། ཚོར་བ་ནི་སྐྱེ་བའམ་རྣམ་སྨིན་གྱི་ལོངས་སྤྱོད་ཡིན་པས་དེ་གཉིས་རྫོགས་པ་ན་ལོངས་སྤྱོད་རྫོགས་པ་ཡིན་ནོ། །དེ་ལ་ཁམས་གསུམ་གྱི་སྲེད་པ་གསུམ་ཡོད་དོ། །ལེན་པ་ནི། ཡུལ་རྣམ་པ་བཞི་ལ་འདུན་ཞིང་ཆགས་པ་བཞི་སྟེ། འདི་ལྟར་གཟུགས་སྒྲ་ལ་སོགས་པའི་འདོད་ཡོན་དང༌། འཇིག་ལྟ་མ་གཏོགས་པའི་ལྟ་བ་ངན་པ་རྣམས་དང༌། ལྟ་ངན་དང་འབྲེལ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ངན་པ་དང༌། འཇིག་ཚོགས་ལ་ལྟ་བ་ལ་འདུན་ཞིང་ཆགས་པའི་འདོད་པ་ཉེ་བར་ལེན་པ་དང༌། ལྟ་བ་ཉེ་བར་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །སྲིད་པ་ནི། སྔར་གྱི་འདུ་བྱེད་ཀྱིས་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པ་སྲེད་ལེན་གྱིས་གསོས་བཏབ་པས་ཡང་སྲིད་ཕྱི་མ་འདྲེན་པ་ལ་མཐུ་ཅན་དུ་གྱུར་པ་སྟེ། རྒྱུ་ལ་འབྲས་བུའི་མིང་


JLD013_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཏགས་པའོ། །སྐྱེ་བ་ནི། སྐྱེ་གནས་བཞི་པོར་དང་པོར་རྣམ་ཤེས་ཉིང་མཚམས་སྦྱར་བའོ། །རྒ་ཤི་ལ། རྒ་བ་ནི། ཕུང་པོ་སྨིན་ཞིང་གཞན་དུ་འགྱུར་བ་ཡིན་ལ། ཤི་བ་ནི། ཕུང་པོའི་རིས་མཐུན་དོར་བའོ། །གཉིས་པ་ཡན་ལག་མདོར་བསྡུ་བ་ནི། ཀུན་ལས་བཏུས་ལས། ཡན་ལག་མདོར་བསྡུ་བས་ཇི་ལྟ་བུ་ཞེ་ན། འཕེན་པའི་ཡན་ལག་དང་འཕངས་པའི་ཡན་ལག་དང་མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང་མངོན་པར་གྲུབ་པའི་ཡན་ལག་གོ །འཕེན་པའི་ཡན་ལག་གང་ཞེ་ན། མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པའོ། །འཕངས་པའི་ཡན་ལག་གང་ཞེ་ན། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བའོ། །མངོན་པར་འགྲུབ་པའི་ཡན་ལག་གང་ཞེ་ན། སྲེད་པ་དང་ལེན་པ་དང་སྲིད་པའོ། །མངོན་པར་གྲུབ་པའི་ཡན་ལག་གང་ཞེ་ན། སྐྱེ་བ་དང་རྒ་ཤིའོ། །ཞེས་གསུངས་པ་ལྟར་རོ། །འོ་ན་འཕེན་པ་དང་འགྲུབ་པའི་རྒྱུ་འབྲས་ཚན་པ་གཉིས་ཀྱིས་སེམས་ཅན་གཅིག་གིས་སྐྱེ་བ་ལེན་པའི་རྒྱུ་འབྲས་ཚར་གཅིག་སྟོན་ནམ་ཚར་གཉིས་སྟོན། དང་པོ་ལྟར་ན། འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་གྲུབ་པའི་རྗེས་སུ་སྲེད་པ་སོགས་སྐྱེ་བར་བཤད་པ་མི་རིགས་ལ། གཉིས་པ་ལྟར་ན། རྒྱུ་འབྲས་སྐོར་ཕྱི་མ་ལ་མ་རིག་པ་དང་འདུ་བྱེད་དང་རྒྱུ་དུས་ཀྱི་རྣམ་ཤེས་མེད་པར་འགྱུར་ལ། རྒྱུ་འབྲས་སྐོར་སྔ་མ་ལ་སྲེད་ལེན་དང་སྲེད་པ་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། འཕེན་


JLD013_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་རྒྱུས་གང་འཕངས་པ་དེ་ཉིད་འགྲུབ་བྱེད་ཀྱི་རྒྱུས་བསྒྲུབ་ཅིང་འཕངས་པ་དེ་གྲུབ་པ་ན་དེ་ཉིད་ལ་སྐྱེ་བ་དང་རྒ་ཤི་འཇོག་པའི་ཕྱིར་རོ། །འོ་ན་རྒྱུ་འབྲས་སྐོར་གཉིས་སུ་བཤད་པས་ཅི་བྱ་ཞེ་ན། འཕེན་བྱེད་ཀྱི་འབྲས་བུའི་སྡུག་བདེན་དང་འགྲུབ་བྱེད་ཀྱི་འབྲས་བུའི་སྡུག་བདེན་གྱི་མཚན་ཉིད་ཐ་དད་པར་བསྟན་པའི་ཕྱིར་ཏེ། སྔ་མ་ནི་འཕངས་པའི་དུས་ན་ས་བོན་དུ་གནས་ཀྱི། རང་གི་ངོ་བོ་མ་གྲུབ་པས་མ་འོངས་པ་ན་སྡུག་བསྔལ་བར་འགྱུར་ལ། ཕྱི་མ་ནི་སྡུག་བསྔལ་དེ་གྲུབ་པའི་སྐབས་ཡིན་པས་ཚེ་འདི་ལ་སྡུག་བསྔལ་བའོ། །གཞན་ཡང་འབྲས་བུ་སྐྱེ་བ་ལེན་པ་ལ་འཕེན་པའི་རྒྱུ་དང༌། དེས་འཕངས་པ་གྲུབ་པའི་རྒྱུ་གཉིས་ཡོད་པ་ངོས་བཟུང་བའི་ཕྱིར་དུ་རྒྱུ་འབྲས་སྐོར་གཉིས་སུ་བཤད་པ་ཡིན་ཏེ། སའི་དངོས་གཞིར། རྣམ་པར་ཤེས་པ་ལ་སོགས་པ་ནས་ཚོར་བ་ལ་ཐུག་པ་དག་དང༌། སྐྱེ་བ་དང་རྒ་ཤི་རྣམས་འདྲེས་པའི་མཚན་ཉིད་ཡིན་ན་ཅིའི་ཕྱིར་རྣམ་པ་གཉིས་སུ་བསྟན་ཅེ་ན། སྡུག་བསྔལ་བའི་དངོས་པོའི་མཚན་ཉིད་ཐ་དད་པ་བསྟན་པའི་ཕྱིར་དང༌། འཕེན་པ་དང་མངོན་པར་འགྲུབ་པའི་རབ་ཏུ་དབྱེ་བ་ཡོངས་སུ་བསྟན་པའི་ཕྱིར་རོ། །ཞེས་དང༌། ཡན་ལག་རྣམས་ལས་དུ་ཞིག་སྡུག་བསྔལ་གྱི་བདེན་པས་བསྡུས་ལ་ཚེ་འདིའི་སྡུག་བསྔལ་དུ་འགྱུར་ཞེ་ན། གཉིས་ཏེ། སྐྱེ་བ་དང་རྒ་ཤིའོ། །དུ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཉིད་ཡིན་ལ། ཕྱི་མ་ལ་སྡུག་བསྔལ་ཁོ་ནར་འགྱུར་ཞེ་ན། རྣམ་པར་ཤེས་པ་ནས་ཚོར་བ་ལ་ཐུག་པ་ས་བོན་དུ་


JLD013_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འགྲུབ་བྱེད་ཀྱི་སྲེད་པ་དང་དེ་བསྐྱེད་པའི་ཚོར་བ་གཉིས་ནི་རྟེན་འབྲེལ་ཚར་མི་གཅིག་པས། སྲེད་པ་བསྐྱེད་པའི་ཚོར་བ་ནི་རྟེན་འབྲེལ་ཚར་གཞན་ཞིག་གི་འབྲས་བུའི་སྐབས་ཡིན་ནོ། །འཕེན་བྱེད་དང་འཕངས་པ་ནི་བཞིས་ཤེས་པར་བྱ་སྟེ། གང་འཕངས་ན། འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་ཡན་ལག་ཕྱེད་དང་ལྔའོ། །གང་གིས་འཕངས་ན། མ་རིག་པ་ལ་བརྟེན་པའི་འདུ་བྱེད་ཀྱིས་སོ། །ཇི་ལྟར་འཕངས་ན། རྒྱུ་དུས་ཀྱི་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པའི་ཚུལ་གྱིས་སོ། །འཕངས་པའི་དོན་ནི། སྲེད་པ་སོགས་ཀྱི་འགྲུབ་བྱེད་ཡོད་ན་འབྲས་བུ་དེ་དག་འགྲུབ་རུང་དུ་བྱས་པའོ། །འགྲུབ་བྱེད་དང་གྲུབ་པ་ནི་གསུམ་གྱིས་ཤེས་པར་བྱ་སྟེ། གང་གིས་འགྲུབ་པར་བྱེད་ན་སྲེད་པའི་རྐྱེན་ཅན་གྱི་ལེན་པས་སོ། །གང་འགྲུབ་པར་བྱེད་ན་སྐྱེ་བ་དང་རྒ་ཤིའོ། །ཇི་ལྟར་འགྲུབ་པར་བྱེད་ན་འདུ་བྱེད་ཀྱིས་རྣམ་ཤེས་ལ་བསྒོས་པའི་ལས་ཀྱི་བག་ཆགས་དེ་ནུས་པ་མཐུ་ཅན་དུ་བྱས་པའི་ཚུལ་གྱིས་སོ། །རྟེན་འབྲེལ་མདོ་འགྲེལ་དུ་སྐྱེ་བ་གཅིག་པུ་གྲུབ་པའི་ཡན་ལག་ཏུ་བྱས་ནས་རྒ་ཤི་དེ་དག་གི་ཉེས་དམིགས་སུ་གསུངས་སོ། །དེ་ལྟར་ན་ལས་འབྲས་ལ་རྨོངས་པའི་མ་རིག་པས་ཀུན་ནས་བསླངས་པའི་མི་དགེ་བའི་འདུ་བྱེད་ཀྱིས་རྣམ་ཤེས་ལ་ལས་ངན་པའི་བག་ཆགས་བཞག་ནས། ངན་སོང་གསུམ་གྱི་འབྲས་དུས་ཀྱི་རྣམ་


JLD013_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས་ཚོར་བའི་བར་འགྲུབ་རུང་དུ་བྱས་པ་དེ། སྲེད་ལེན་གཉིས་ཀྱིས་ཡང་ཡང་གསོས་བཏབ་པས་ལས་ཀྱི་བག་ཆགས་མཐུ་ཅན་དུ་གྱུར་ནས་ཕྱི་མ་ངན་འགྲོར་སྐྱེ་རྒ་སོགས་འགྲུབ་ལ། ཡང་བདག་མེད་པའི་དོན་ལ་རྨོངས་པའི་མ་རིག་པས་ཀུན་ནས་བསླངས་པའི་འདོད་ཁམས་ཀྱིས་བསྡུས་པའི་ཚུལ་ཁྲིམས་སོགས་བསོད་ནམས་ཀྱི་འདུ་བྱེད་དང༌། ཁམས་གོང་མས་བསྡུས་པའི་ཞི་གནས་བསྒོམ་པ་སོགས་མི་གཡོ་བའི་འདུ་བྱེད་ཀྱིས་རྣམ་ཤེས་ལ་ལས་བཟང་པོའི་བག་ཆགས་བཞག་ནས། འདོད་པའི་བདེ་འགྲོ་དང་ཁམས་གོང་མའི་ལྷའི་འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་འགྲུབ་རུང་དུ་བྱས་པ་དེ། སྲེད་ལེན་གྱིས་ཡང་ཡང་གསོས་པས་ལས་ཀྱི་བག་ཆགས་མཐུ་ཅན་དུ་སོང་ནས་ཕྱི་མར་བདེ་འགྲོ་དེ་དག་ཏུ་སྐྱེ་བ་སོགས་འགྲུབ་བོ། །དེ་ལྟ་བུའི་ཡན་ལག་བཅུ་གཉིས་པོ་དེ་ཡང་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གྱི་ལམ་གསུམ་དུ་འདུ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་གསུངས་པ་བཞིན་ནོ། །སཱ་ལུ་ལྗང་པའི་མདོ་ལས་ནི། ཡན་ལག་བཅུ་གཉིས་སྡུད་པའི་རྒྱུ་བཞི་གསུངས་ཏེ། མ་རིག་པའི་འདེབས་པ་པོས་ལས་ཀྱི་ཞིང་ལ་རྣམ་ཤེས་ཀྱི་ས་བོན་བཏབ་པ་དེ་སྲེད་པའི་ཆུས་བརླན་པར་བྱས་ན་མའི་མངལ་དུ་མིང་གཟུགས་ཀྱི་མྱུ་གུ་འགྲུབ་པར་བཤད་དོ། །གསུམ་པ་ཚེ་དུ་ལ་རྫོགས་པ་ནི།


JLD013_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་བྱེད་དང་འཕངས་པའི་ཡན་ལག་གི་བར་དུ་བསྐལ་པ་བགྲང་ལས་འདས་པས་ཆོད་པ་ཡོད་པའང་སྲིད་ལ། ཚེ་གཞན་གྱིས་བར་མ༌ཆོད་བར་སྐྱེ་བ་གཉིས་པ་ལ་འགྲུབ་པའང་སྲིད་དོ། །འགྲུབ་བྱེད་ཀྱི་ཡན་ལག་དང་གྲུབ་པའི་ཡན་ལག་གཉིས་ནི་བར་མ་ཆད་དུ་འོང་བས་མྱུར་ན་ཚེ་གཉིས་ལ་རྫོགས་པ་ཞིག་འོང་སྟེ། དཔེར་ན་ཚེ་འདི་འདྲ་བ་ཞིག་ལ་ལྷར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་གསར་དུ་བསགས་ན། དེའི་ཚེ་མ་རིག་པ་དང་འདུ་བྱེད་དང་རྒྱུ་དུས་ཀྱི་རྣམ་ཤེས་ཏེ། ཡན་ལག་ཕྱེད་དང་གསུམ་དང་འཆི་ཁ་ཚུན་ཆད་དུ་སྲེད་ལེན་སྲིད་པ་གསུམ་རྫོགས་ལ། སྐྱེ་བ་ཕྱི་མ་ལ་འཕངས་པའི་ཡན་ལག་ཕྱེད་དང་ལྔ་དང་གྲུབ་པའི་ཡན་ལག་གཉིས་རྫོགས་པའི་ཕྱིར་རོ། །ཡུན་རིང་ན་ཡང་ཚེ་གསུམ་ལས་མི་འགྱང་སྟེ། འགྲུབ་བྱེད་དང་གྲུབ་པ་གཉིས་དང་འཕེན་བྱེད་གསུམ་ལ་ཚེ་རེ་རེ་དགོས་ལ། འཕངས་པའི་ཡན་ལག་རྣམས་གྲུབ་པའི་ཡན་ལག་ཏུ་འདུས་པའི་ཕྱིར་དང༌། འཕེན་བྱེད་དང་འགྲུབ་བྱེད་ཀྱི་བར་དུ་ཚེ་དུ་མས་ཆོད་ཀྱང་རྟེན་འབྲེལ་གཞན་གྱི་ཚེ་ཡིན་གྱི། རྟེན་འབྲེལ་དེའི་ཚེ་མིན་པའི་ཕྱིར་རོ། །འདི་དག་ལ་བར་དོའི་ཚེ་ཟུར་དུ་མ་བརྩིས་སོ། །དེ་ལྟར་འབྲས་བུའི་ཡན་ལག་དེ་རྣམས་གྲུབ་པའི་ཚེ་ན་ཡང་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོའི་གང་ཟག་གི་བདག་མེད་ཀྱི། སྔར་བཤད་པ་ལྟར་ཆོས་ཙམ་གྱི་རྒྱུའི་ཡན་ལག་ལས། ཆོས་ཙམ་གྱི་འབྲས་བུའི་ཡན་ལག་དེ་རྣམས་འབྱུང་ཞིང་འཁོར་བའི་ཚུལ་


JLD013_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤེས་པར་དེ་ལ་རྨོངས་ནས་བདག་ཏུ་བཟུང་ཞིང༌། བདག་བདེ་བར་འདོད་ནས་དེའི་ཕྱིར་དུ་སྒོ་གསུམ་དགེ་བ་དང་མི་དགེ་བ་ལ་མངོན་པར་འདུ་བྱས་པས་སླར་ཡང་འཁོར་བས་ན། ཉོན་མོངས་པ་གསུམ་ལས་ལས་གཉིས་དང་དེ་ལས་སྡུག་བསྔལ་བདུན་འབྱུང་ཞིང༌། བདུན་པོ་ལས་ཀྱང་ཉོན་མོངས་དང་དེ་ལས་ཀྱང་སྔར་ལྟར་འཁོར་བས་སྲིད་པའི་འཁོར་ལོ་རྒྱུན་ཆད་མེད་པར་འཁོར་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་སོ། །དེ་ལྟ་བུའི་ཚུལ་གྱིས་འཁོར་བར་འཁྱམས་པ་བསམས་ན་ནི་སྐྱོ་བའི་ཐབས་མཆོག་ཏུ་འགྱུར་ལ། བསྐལ་པ་དཔག་ཏུ་མེད་པ་ནས་དགེ་མི་དགེའི་ལས་བསགས་པའི་འཕེན་བྱེད་ཀྱི་ལས་རྣམ་སྨིན་མ་ཕྱུང་ཞིང་གཉེན་པོས་མ་བཅོམ་པ་རྣམས་ཀྱང༌། ད་ལྟའི་སྲེད་ལེན་གྱིས་གསོས་བཏབ་ན་དེའི་དབང་གིས་བདེ་འགྲོ་དང་ངན་འགྲོར་འཁྱམ་པ་དང༌། དགྲ་བཅོམ་པ་ལ་སྔོན་སོ་སྐྱེའི་དུས་སུ་བསགས་པའི་འཕེན་བྱེད་ཀྱི་ལས་བགྲང་ལས་འདས་པ་ཡོད་ཀྱང༌། ཉོན་མོངས་མེད་པས་འཁོར་བ་ལས་གྲོལ་བའི་ཚུལ་ལ་ངེས་པ་བརྟན་པོ་རྙེད་ན་ཉོན་མོངས་ལ་དགྲར་བཟུང་ནས་འགོག་པ་ལ་བརྩོན་པ་སྐྱེ་བར་འགྱུར་རོ། །འདི་ལ་བཤེས་གཉེན་ཆེན་པོ་ཕུ་ཆུང་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ཉིད་ལ་བློ་སྦྱོང་མཛད་ཅིང༌། ལམ་རིམ་ཡང་དེའི་


JLD013_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་འཇུག་སེམས་པ་རང་ལ་མཛད་དོ། །དེ་ཡང་ངན་འགྲོའི་ཡན་ལག་བཅུ་གཉིས་ཀྱི་ལྡོག་འཇུག་སེམས་པ་ནི་སྐྱེས་བུ་ཆུང་ངུའི་སྐོར་ཡིན་ལ། དེ་ནས་བདེ་འགྲོ་གཉིས་ཀྱི་ཡན་ལག་བཅུ་གཉིས་ཀྱི་ལྡོག་འཇུག་སེམས་པ་ནི་སྐྱེས་བུ་འབྲིང་གི་སྐོར་རོ། །དེ་ལྟར་རང་གི་ཉམས་ལ་དཔགས་ནས་མར་གྱུར་པའི་སེམས་ཅན་རྣམས་ཀྱང་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁྱམས་པ་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་དེ། དེ་རྣམས་ཀྱི་དོན་དུ་སངས་རྒྱས་ལ་ཐོབ་འདོད་སྦྱོང་བ་དང་དེའི་ལམ་ལ་སློབ་པ་ནི་སྐྱེས་བུ་ཆེན་པོའི་སྐོར་དུ་འཆད་དོ། །བཞི་པ་དེ་དག་གི་དོན་བསྡུ་བ་ནི། སྔར་བཤད་པ་ལྟར་ཀུན་འབྱུང་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བ་སྡུག་བསྔལ་གྱི་ཕུང་པོ་འགྲུབ་ཚུལ་དང༌། ཁྱད་པར་དུ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་སྲིད་པའི་འཁོར་ལོ་འཁོར་ཚུལ་རྣམས་ལེགས་པར་ཤེས་པར་བྱས་ནས་དེ་ལ་གོམས་པར་བྱེད་པ་ནི། རྒུད་པ་ཐམས་ཅད་ཀྱི་རྩ་བ་རྨོངས་པའི་མུན་པ་མི་བཟད་པ་འཇོམས་པར་བྱེད་པ། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་ཕྱི་ནང་གི་འདུ་བྱེད་རྣམས་འབྱུང་བར་འཛིན་པའི་ལོག་པར་ལྟ་བ་ཐམས་ཅད་སེལ་བ། རྒྱལ་བའི་གསུང་གི་མཛོད་ཀྱི་གཅེས་པའི་ནོར་སྤེལ་བ། འཁོར་བའི་མཚན་ཉིད་ཇི་ལྟ་བ་བཞིན་རིག་ནས་སྐྱོ་ཤས་དྲག་པོས་ཐར་པའི་ལམ་ལ་ཡིད་བསྐུལ་བ། སྔར་དེ་ལྟར་གོམས་པ་རྣམས་ལ་འཕགས་པའི་གོ་འཕང་འཐོབ་པའི་བག་


JLD013_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སད་པར་བྱེད་པའི་ཐབས་དམ་པ་ཡིན་ནོ། །དེ་ལྟར་ཡང་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ཞེས་དང༌། ས་ལུ་ལྗང་པ་ལས། རྟེན་འབྲེལ་ལེགས་པར་མཐོང་ན་སྔོན་དང་ཕྱི་མའི་མཐའ་དང་ད་ལྟར་བ་ལ་དམིགས་པའི་ལྟ་བ་ངན་པ་ཐམས་ཅད་བཟློག་པར་གསུངས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་པ་དང་། འདུལ་བ་ལུང་ལས། མཆོག་ཟུང་གཅིག་གི་ཀུན་སྤྱོད་ནི་དུས་དུས་སུ་འགྲོ་བ་ལྔར་རྒྱུ་བ་ཡིན་པས། དེ་དག་བརྒྱུས་ནས་འཛམ་བུའི་གླིང་དུ་གཤེགས་ཏེ། འཁོར་བཞི་པོ་ལ་དེ་དག་གི་སྡུག་བསྔལ་རྣམས་བརྗོད་པར་མཛད་དོ། །གང་ལ་ལའི་ལྷན་ཅིག་གནས་པ་དང་ཉེ་གནས་ཚངས་སྤྱོད་ལ་མི་དགའ་བ་དེ་དག་དེས་ཁྲིད་དེ་མཆོག་ཟུང་གཅིག་འདོམས་སུ་འཆོལ་བར་བྱེད་ཅིང༌། དེ་གཉིས་ཀྱང་དེ་དག་ལ་འདོམས་སོ། །གདམས་པ་ན་ཚངས་སྤྱོད་ལ་དགའ་ཞིང་གོང་དུ་ཁྱད་པར་ཡང་རྟོགས་པར་བྱེད་དོ། །དེ་སྟོན་པས་གཟིགས་ནས། ཀུན་དགའ་བོ་ལ་དྲིས་པས་རྒྱུ་མཚན་རྣམས་གསོལ་པ་དང༌། ཐམས་ཅད་དུ་མཆོག་ཟུང་གཅིག་ལྟ་བུ་དག་མི་འབྱུང་བས་སྒོ་ཁང་དུ་འཁོར་བའི་འཁོར་ལོ་ཆ་ལྔ་པ་ཁོར་ཡུག་ཏུ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དང་ལུགས་ལྡོག་ཀྱང་བྲིས་ཤིག་གསུངས་ནས། དེ་ནས་སྲིད་པའི་འཁོར་ལོ་བྲིས་པ་དང༌། རྒྱལ་པོ་ཨུ་ཏྲ་ཡ་ན་ལ་བྲིས་སྐུ་བསྐུར་བ་ན། འོག་ཏུ་རྟེན་འབྲེལ་བཅུ་གཉིས་


JLD013_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འབྱུང་དང་ལུགས་ལྡོག་བྲིས་ནས་བསྐུར་བ་རྒྱལ་པོས་བཟུང་ནས་ནམ་ལངས་པའི་ཚེ་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་དྲན་པ་ཕྱོགས་པར་བཞག་སྟེ། རྟེན་འབྲེལ་གྱི་ཚུལ་གཉིས་ལ་རྣམ་པར་བལྟས་པས་འཕགས་པའི་གོ་འཕང་ཐོབ་པར་གསུངས་སོ། །གཉིས་པ་བསམ་པ་དེ་སྐྱེས་པའི་ཚད་ནི། དེ་ལྟར་སྡུག་བསྔལ་དང་ཀུན་འབྱུང་གཉིས་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བའི་མཚན་ཉིད༌ཞིབ་ཏུ་ཤེས་པར་བྱས་པ་ན། དེ་དག་འདོར་བར་འདོད་པ་དང་དེ་རྣམས་ཉེ་བར་ཞི་བ་ལ་ཐོབ་འདོད་བྱུང་བ་ཙམ་ནས་ངེས་འབྱུང་གི་བསམ་པ་ཙམ་ཡིན་མོད་ཀྱང་དེ་ཙམ་གྱིས་མི་ཆོག་པས། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། ས་གསུམ་མི་རྟག་པ་ཉིད་ཀྱི་མེ་རབ་ཏུ་འབར་བ་ན་འདུག་པ་ནི། ཁྱིམ་རབ་ཏུ་འབར་བའི་ནང་དུ་ཆུད་པ་བཞིན་དུ་ངེས་པར་དེ་ལས་འདའ་བར་འདོད་ཅིང༌། ཞེས་གསུངས་པ་དང༌། ཇི་ལྟར་བཙོན་ནི་བཙོན་ར་ལས། །ཞེས་སོགས་སྔར་དྲངས་པ་ལྟར་མེ་འབར་བའི་ཁྱིམ་དུ་ཆུད་པ་དང༌། བཙོན་རར་ཆུད་པའི་བཙོན་གནས་དེ་དག་ལ་མི་འདོད་ཅིང༌། དེ་དག་ནས་ཐར་བར་འདོད་པའི་བློ་ཇི་ཙམ་སྐྱེ་བ་དེ་ལྟ་བུའི་བློའི་ཚོད་ཙམ་དུ་བསྐྱེད་པར་བྱ་ཞིང༌། དེ་ནས་ཀྱང་ཇེ་འཕེལ་དུ་བཏང་དགོས་སོ། །བསམ་པ་འདི་ཤ་ར་བ་གསུང་བ་ལྟར། སིང་སྐྱུར་ལ་བཏབ་པའི་ཕྱེ་བཞིན་ཁ་ན་ཕར་ཡམ་མེ་བ་ཞིག་ལས་མི་འདུག་ན། འཁོར་བའི་རྒྱུ་ཀུན་འབྱུང་ལ་མི་འདོད་པར་ལྟ་བ་ཡང་དེ་འདྲ་ཞིག་ལས་


JLD013_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མི་འོང༌། དེ་ལྟར་ན་སྡུག་ཀུན་འགགས་པའི་འགོག་པ་ཐར་པ་དོན་དུ་གཉེར་བ་ཡང་དེ་དང་འདྲ། དེའི་ཕྱིར་ཐར་པའི་ལམ་ལ་སྒྲུབ་པ་བྱེད་པར་འདོད་པ་ཡང་ཚིག་ཙམ་དུ་འགྲོ་ཞིང༌། སེམས་ཅན་གཞན་འཁོར་བར་འཁྱམས་པའི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེ་ཡང་འོང་ས་མེད་ལ། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མ་བཅོས་པ་ཡིད་སྐུལ་བར་བྱེད་ནུས་པའི་ཤུགས་ཅན་ཡང་མི་སྐྱེ་བས། ཐེག་པ་ཆེན་པོ་ཡང་ཚིག་རྗེས་འབྲངས་པའི་གོ་བ་ཙམ་དུ་འགྱུར་བ་ཡིན་ནོ། །དེས་ན་འབྲིང་གི་ཆོས་སྐོར་འདི་དག་གདམས་པའི་མཐིལ་དུ་བཟུང་ནས་སྦྱོང་དགོས་སོ། །གསུམ་པ་དེ་ལ་ལོག་རྟོག་བསལ་བ་ནི། གལ་ཏེ་འཁོར་བས་ཡིད་ཤིན་ཏུ་འབྱུང་ཞིང་སྐྱོ་བ་བསྒོམས་ན། ཉན་ཐོས་ལྟར་འཁོར་བར་ཞུགས་པ་ལ་མི་དགའ་བའི་ཕྱིར་ཞི་བའི་མཐར་ལྟུང་བས། སྐྱོ་བ་བསྒོམ་པ་ནི་ཐེག་དམན་ལ་མཛེས་ཀྱི། བྱང་ཆུབ་དཔའ་ལ་ནི་དེ་བསྒོམ་པ་མི་རིགས་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པ་ཉིད་ཉེ་བར་བཟུང་ནས། འཁོར་བ་ལ་ཕན་ཡོན་དུ་ལྟ་བ་དེ་ལྟར་ནི་ཡོངས་སུ་འདས་པ་ཆེན་པོ་ལ་མ་ལགས་སོ། །ཞེས་དང༌། གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བའི་སྤྱོད་ཡུལ་ལ་སྐྲག་ན་ནི་སྤྱོད་ཡུལ་མ་ལགས་པར་ལྟུང་ངོ་། །ཞེས་དང༌། བཅོམ་ལྡན་འདས། ཉན་ཐོས་རྣམས་ནི་འཁོར་བའི་སྤྱོད་ཡུལ་ལ་སྐྲག་པར་འགྱུར་ལགས་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་སླར་འཁོར་བ་དཔག་ཏུ་མེད་པ་ཡོངས་


JLD013_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཛིན་པར་བྱེད་པར་འགྱུར་ལགས་སོ། །ཞེས་གསུངས་པའི་ཕྱིར་རོ་ཞེ་ན།འདི་ནི་མདོའི་དོན་ཕྱིན་ཅི་ལོག་ཏུ་བཟུང་བའི་ནོར་བ་ཆེན་པོ་སྟེ། འདི་ལྟར་འཁོར་བ་ལ་སྐྱོ་བར་མི་བྱ། ཞེས་གསུངས་པའི་དོན་ནི། ལས་དང་ཉོན་མོངས་པའི་དབང་གིས་སྲིད་པར་འཁྱམས་པའི་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་ལ་ཡིད་འབྱུང་མི་བྱ་བར་སྟོན་པ་མིན་གྱི། བྱང་ཆུབ་སེམས་དཔས་འགྲོ་བའི་དོན་དུ་འཁོར་བའི་མཐའི་བར་དུ་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་པར་གོ་ཆ་བགོས་པ་ན། འགྲོ་བའི་སྡུག་བསྔལ་ཐམས་ཅད་བསྡོམས་པ་སྐད་ཅིག་རེ་རེ་ལ་ལུས་དང་སེམས་ལ་བབ་ཀྱང༌། དེ་དག་གིས་ཡིད་སྐྱོ་ཞིང་བྲེད་པ་མེད་པར་སྤྱོད་པ་རླབས་ཆེན་པོ་རྣམས་ལ་སྤྲོ་བའི་བརྩོན་འགྲུས་རྩོམ་པ་ལ་འཁོར་བ་ལ་མི་སྐྱོ་བར་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་ཟླ་བ་གྲགས་པས། འགྲོ་བའི་སྡུག་བསྔལ་མ་ལུས་པ་ལྷགས་པ་འཁོར་བའི་བར་དུ་སྐད་ཅིག་དང་སྐད་ཅིག་ལ་རྣམ་པ་གཞན་དུ་ལུས་དང་སེམས་ལ་གནོད་པ་དག་གིས་ཀྱང་བྲེད་པར་མི་འགྱུར་ལ། འགྲོ་བའི་སྡུག་བསྔལ་ཅིག་ཅར་ལྷགས་པ་དག་གིས་འཁོར་བའི་བར་དུ་སྤྲོ་བར་བྱས་པའི་བརྩོན་འགྲུས་ཀྱི་སྐད་ཅིག་རེ་རེ་ནི་འགྲོ་བ་མཐའ་དག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ནོར་གྱི་ཚོགས་མཐའ་ཡས་པ་སྐྱེ་བའི་རྒྱུར་རིག་པར་བྱས་ནས། སླར་ཡང་སྲིད་པ་བརྒྱ་ཕྲག་བླང་བར་རིགས་ཏེ། ཞེས་དེའི་ཤེས་བྱེད་དུ་མདོ་དེ་རྣམས་དྲངས་པའི་ཕྱིར་རོ། །སྲིད་པ་ལ་ཕན་ཡོན་དུ་ལྟ་བའི་རྒྱུ་མཚན་དུ་


JLD013_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། མདོ་དེ་ཉིད་ལས། བྱང་སེམས་སེམས་ཅན་གྱི་དོན་ལ་བརྩོན་པ་ཡིན་ལ། དེ་ལ་ཇི་ལྟར་བརྩོན་པ་དེ་ལྟར་ཐུགས་བདེ་བར་འགྱུར་བར་གསུངས་པས། སྲིད་པ་ལ་མི་སྐྱོ་བའི་དོན་འཁོར་བར་སེམས་ཅན་གྱི་དོན་བྱེད་པ་ལ་མི་སྐྱོ་ཞིང༌། དེ་དག་ལ་དགའ་བར་གསུངས་པའི་ཕྱིར་རོ། །དེས་ན་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་འཁྱམས་ན་སྡུག་བསྔལ་དུ་མས་མནར་ནས། རང་གི་དོན་ཡང་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས། དེ་ནི་རྒུད་པ་ཀུན་གྱི་སྒོ་ཡིན་པས་ཐེག་དམན་ལས་ཆེས་ཤིན་ཏུ་སྐྱོ་བར་བྱས་ལ་དགག་དགོས་ཤིང༌། སྨོན་ལམ་དང་སྙིང་རྗེ་ལ་སོགས་པའི་དབང་གིས་སྲིད་པར་སྐྱེ་བ་འཛིན་པ་ལ་ནི་དགའ་བར་བྱ་དགོས་པས་དེ་གཉིས་མི་གཅིག་གོ །དེ་ལྟར་མ་ཕྱེད་པར་སྔར་ལྟར་སྨྲ་ན་ནི་སྨྲ་བ་པོ་དེ་ལ་བྱང་སེམས་ཀྱི་སྡོམ་པ་ཡོད་ན་ཉེས་བྱས་ཉོན་མོངས་ཅན་ཞིག་སྐྱེད་པར་བྱང་ས་ལས་གསུངས་ཏེ། ཚིག་མངས་སུ་དོགས་པས་མ་བྲིས་སོ། །དེའི་ཕྱིར་སྲིད་པའི་སྐྱོན་མཐའ་དག་པར་མཐོང་ནས་ཤིན་ཏུ་ཡིད་འབྱུང་ཡང་། སྙིང་རྗེ་ཆེན་པོས་ཡིད་དྲངས་པས་སྲིད་པ་མི་སྤོང་བ་ནི་ངོ་མཚར་བ་ཡིན་གྱི། སྲིད་པའི་ཕུན་ཚོགས་ལ་གཞལ་མེད་ཁང་ལྟར་མཐོང་བའི་སྲེད་པ་ཅུང་ཟད་ཀྱང་ཁ་མ་བྲི་བར་གཞན་དོན་ལ་སྙད་བཏགས་ནས། ཁོ་བོ་ཅག་འཁོར་བ་མི་སྤོང་བྱས་ཀྱང་མཁས་པ་མགུ་བར་ག་ལ་འགྱུར། དབུ་མའི་སྙིང་པོ་ལས་ཀྱང༌། སྐྱོན་མཐོང་ཕྱིར་ནི་སྲིད་པར་མིན། །བརྩེ་ཕྱིར་མྱ་ངན་འདས་མི་གནས། །གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཅན། །སྲིད་པ་ན་ཡང་གནས་


JLD013_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །ཅེས་གསུངས་སོ། །གཞན་ཡང་སེམས་ཅན་མཐའ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའི་རྒྱུར་བྱང་ས་ནས་བཤད་པ་ལྟར་སྡུག་བསྔལ་བརྒྱ་རྩ་བཅུ་ལྟ་བུའི་སྡུག་བསྔལ་མཐའ་ཡས་པ་མཐོང་ནས། ཐུགས་ལ་མི་བཟོད་པ་ཤུགས་དྲག་ལ་རྒྱུན་རིང་བ་བསྐྱེད་དགོས་པ་དང༌། འཁོར་བ་ལ་ཅུང་ཟད་ཀྱང་མི་སྐྱོ་ཞེས་པ་ནི་ཆེས་འགལ་བ་ཡིན་ནོ། །འཁོར་བ་ལ་ཡིད་ལེགས་པར་འབྱུང་བར་བྱས་ཏེ། དེ་ནས་སེམས་ཅན་དེ་རྣམས་རང་གི་གཉེན་དུ་མཐོང་ནས་དེ་དག་གི་དོན་དུ་སྲིད་མཚོར་འཇུག་པའི་ལམ་གྱི་རིམ་པ་ནི། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་ཡང་དགོངས་པ་ཡིན་ཞིང༌། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་ཀྱང་དེའི་འགྲེལ་པར་གསལ་བར་མཛད་དེ། ཇི་སྐད་དུ། འཁོར་བའི་ཉེས་དམིགས་བཤད་པས་ཡིད་སྐྲག་ཅིང་གྲོལ་བར་འདོད་པ་རྣམས་ཐེག་པ་ཆེན་པོ་ལ་ངེས་པར་སྦྱར་བར་བྱ་བའི་དོན་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཡུན་རིང་པོར་འཁོར་བར་འཁོར་བ་རྣམས་ལ། གང་ལ་ཕའམ་མའམ་བུའམ་བུ་མོའམ་ཉེ་དུའམ་སྣག་གི་གཉེན་མཚམས་གང་ཡང་རུང་བའི་གནས་དང་འདྲ་བར་མི་སྨྲ་བ་ནི། སེམས་ཅན་གྱི་རིས་ན་སེམས་ཅན་འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་གསུང་རིག་པར་བྱས་ནས་འཁོར་བ་བརྒྱུད་པ་ཐོག་མ་མེད་པ་ནས་ཕ་དང་མ་ལ་སོགས་པའི་རྩ་ལག་ཏུ་གྱུར་པའི་འགྲོ་བ་གྱ་ཞིང་མགོན་མེད་པ་མཐའ་དག་ཐེག་པ་ཆེན་


JLD013_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཚུལ་གྱི་གཟིངས་ཀྱིས་བསྒྲལ་བར་བྱ་བའི་ཕྱིར་མཆོད་པར་བཟོད་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །ཚུལ་དེ་ནི་གསང་སྔགས་བླ་ན་མེད་པ་ལ་ཡང་དགོས་ཏེ། སྤྱོད་པ་བསྡུས་པའི་སྒྲོན་མེ་ལས། རིམ་པ་འདིས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་འཇུག་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། དེ་ལ་དང་པོ་ཁོ་ནར་སྒྲུབ་པ་པོས་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་དྲན་པར་བྱས་ལ་མྱ་ངན་ལས་འདས་པའི་བདེ་བ་འདོད་པས་འདུ་འཛི་ཐམས་ཅད་ཡོངས་སུ་སྤང་བར་བྱ་ཞིང༌། ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཡང་སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་འཕགས་པ་ལྷས་གསུངས་པའི་ཕྱིར་རོ། །བཞི་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་ནི། ཤྲཱི་ཛ་ག་ཏ་མི་ཏྲས། སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད། །སྲིད་པའི་ཀློང་དུ་བྱིང་གྱུར་ཀྱང༌། །སྐྱོ་མེད་འཇིགས་མེད་དགའ་དང་རྒོད། །བདག་ཅག་སྙིང་ལ་ཅི་ཞིག་མཆིས། །ཕོངས་དང་བཙལ་དཀའ་བསྲུང་དང་བརླག །འབྲལ་དང་ན་རྒ་རྒུད་པ་ཡིས། །རྟག་ཏུ་འབར་བའི་མེར་ཞུགས་ཀྱང༌། །བདེར་རློམ་སྨྱོན་པ་ལགས་པར་སྙམ། །ཞེས་དང༌། ཀྱི་ཧུད་འཇིག་རྟེན་མིག་བཅས་ལོང༌། །མངོན་སུམ་རྟག་ཏུ་ངེས་མཐོང་ཡང༌། །ད་དུང་ཅུང་ཟད་མི་སེམས་པ། །ཁྱོད་སྙིང་རྡོ་རྗེར་གྱུར་ཏམ་ཅི། །ཞེས་གསུངས་པ་ལྟར། རང་ལ་རང་གིས་བསྐུལ་ཞིང་འཁོར་བའི་ཉེས་དམིགས་བསྒོམས་པས། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་ལས། འཇིག་རྟེན་གནས་པ་ཆུ་ནང་སོང་བའི་ཟླ་བའི་གཟུགས་བཞིན་གཡོ་བར་


JLD013_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང༌། །འདོད་པ་ཁྲོས་པའི་སྦྲུལ་གྱི་ལུས་བསྐྱིལ་གདེངས་ཀའི་གྲིབ་མ་ལྟ་བུར་མཐོང༌། །འགྲོ་བ་འདི་དག་སྡུག་བསྔལ་མེ་ཡིས་ཀུན་ཏུ་འབར་བར་མཐོང་བས་ན། །རྒྱལ་པོ་བདག་ཅག་ངེས་པར་འབྱུང་ལ་མངོན་དགའ་དུར་ཁྲོད་དག་ཏུ་མཆི། །ཞེས་གསུངས་པ་ལྟར། སྣོད་བཅུད་ཀྱི་འཁོར་བ་རླུང་གིས་བསྐྱོད་པའི་ཆུ་ཟླ་ལྟར་སྐད་ཅིག་ཀྱང་མི་སྡོད་པར་འཇིག་པའི་མི་རྟག་པ་དང༌། འདོད་པའི་ཡོན་ཏན་ནི་མནོག་ཆུང་ལ་ཉེན་ཆེ་བ་སྦྲུལ་གདུག་པའི་ལུས་ཀྱི་གྲིབ་མ་དང་འདྲ་བ་དང༌། འགྲོ་བ་ལྔ་པོ་རྣམས་སྡུག་བསྔལ་གསུམ་གྱི་མེ་རབ་ཏུ་འབར་བས་ཀུན་ཏུ་གདུངས་པར་མཐོང་ནས། སྲིད་པ་ལ་ཞེན་པ་གཏིང་ནས་ལོག་པ་བྱང་པའི་བྱིས་པའི་བློ་སྣ་ལྟ་བུ་ཞིག་སྐྱེས་ན། ངེས་པར་འབྱུང་བ་ཐར་པ་ལ་མངོན་པར་དགའ་བའི་ཐོབ་འདོད་འབྱུང་ངོ་། །བྱང་པའི་བྱིས་པ་ནི་བྱང་ན་རྩམ་པ་དཀོན་པས་ཉུང་མ་ཉི་ཚེ་ཟ་བས་བྱིས་པ་ཞིག་བཀྲེས་ཏེ་རྩམ་པ་ཟ་འདོད་ནས། མ་ལ་ཟས་བསླངས་པ་ལ་མ་ལ་རྩམ་པ་མེད་པས་ཉུང་གཤེར་ཞིག་བྱིན་པས་དེ་མི་འདོད་ཟེར། དེ་ནས་ཉུང་མ་སྐམ་པོ་ཞིག་བྱིན་པས་མི་འདོད་ཟེར། དེ་ནས་ཉུང་མ་ཕོ་ཤ་ཞིག་བྱིན་པ་ལ་ཡང་ང་མི་འདོད་ཟེར། དེ་ནས་ཉུང་མ་བཙོས་འཁེངས་ཅིག་བྱིན་པས་དེ་ཡང་ང་མི་འདོད་ཟེར་ཞིང་ཁོ་མ་མགུ་ནས་དེ་ཡོ་ཉུང་མ་ཡིན་ཟེར་ལོ། །དེ་བཞིན་དུ་རང་ཅག་ཀྱང་འཇིག་རྟེན་གྱི་བདེ་བ་གང་མཐོང་བ་དང་ཐོས་པ་དང་དྲན་པ་ཐམས་ཅད་ལ་དེ་ཡང་འཇིག་རྟེན་ཡིན། དེ་ཡང་འཇིག་རྟེན་ཡིན། དེ་ཡོ་སྡུག་བསྔལ་ཡིན།


JLD013_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཅིས་ཀྱང་བྱར་མེད་སྙམ་ནས་སྐྱུག་ཏིང་ཏིང་བ་དགོས་གསུང་བ་ལྟར་རོ། །དེ་ལྟར་སྔར་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་པ་བསམས་པས་ནི་སྐྱོ་ཞིང་ཡིད་འབྱུང་བ་དང༌། ད་གདོད་འཁྱམ་དགོས་པ་བསམས་པས་ནི་འཇིགས་ཤིང་སྐྲག་པའི་བློ་ཚིག་ཙམ་དུ་མ་སོང་བ་སྐྱེས་པ་དེས། བཤེས་སྤྲིངས་ལས། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང༌། །དམྱལ་བ་ཡི་དྭགས་དུད་འགྲོའི་གནས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་འགྱུར་ལགས་མཁྱེན་མཛོད། །ཅེས་གསུངས་པ་ལྟར། གནོད་པ་ཐམས་ཅད་ཀྱི་རྩ་བ་འཁོར་བར་སྐྱེ་བ་བཟློག་དགོས་སོ། །དེ་ཡང་རྒྱུ་ལས་དང་ཉོན་མོངས་གཉིས་བཟློག་པ་ལ་ལྟོས་ལ། དེ་གཉིས་ཀྱང་ཉོན་མོངས་མེད་ན་ལས་ཅི་ཙམ་ཡོད་ཀྱང་སྐྱེ་བར་མི་འགྱུར་ལ། ཉོན་མོངས་ཡོད་ན་ལས་སྔར་བསགས་མེད་དུ་ཆུག་ཀྱང་འཕྲལ་འཕྲལ་དུ་གསོག་པར་འགྱུར་བས་ཉོན་མོངས་གཞོམ་པར་བྱའོ། །དེ་འཇོམས་པ་ཡང་ལམ་མ་ནོར་ཞིང་ཚང་བ་བསྒོམ་པ་ལ་རག་ལས་སོ། །འདི་ལ་གཉིས། རྟེན་ཇི་ལྟ་བུས་འཁོར་བ་བཟློག་པ་དང༌། ལམ་ཇི་འདྲ་བ་ཞིག་བསྒོམས་པས་བཟློག་པའོ། །དང་པོ་ནི། བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང༌། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་


JLD013_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་གསུངས་པ་ལྟར། དལ་འབྱོར་ཐོབ་པའི་དུས་འདིར་བཟློག་དགོས་ཏེ། མི་ཁོམ་པར་ནི་བཟློག་པའི་སྐབས་མེད་པའི་ཕྱིར་ཏེ། སྔར་བཤད་ཟིན་ཏོ། །རྣལ་འབྱོར་པ་ཆེན་པོའི་ཞལ་ནས། ད་རེས་ཕྱུགས་ལས་བྱེ་བྲག་འབྱེད་པའི་དུས་ཡིན་ནོ་གསུང༌། པོ་ཏོ་བའི་ཞལ་ནས་ཀྱང་། སྔར་དེ་ཙམ་ཞིག་འཁྱམས་པ་ལ་རང་ལོག་མ་བྱུང་ཙ་ན། ད་ཡང་རང་ལོག་མི་འོང་བས་བཟློག་དགོས། བཟློག་པའི་དུས་ཀྱང་ད་རེས་དལ་འབྱོར་ཐོབ་པའི་དུས་འདིར་ཡིན་གསུང་ངོ་། །དེ་ལས་ཀྱང་ཁྱིམ་ན་གནས་པ་ནི་ཆོས་བསྒྲུབ་པའི་བར་ཆད་མང་ཞིང་ཉེས་པ་དུ་མའི་སྐྱོན་ཆགས་ལ། རབ་ཏུ་བྱུང་བ་ནི་དེ་ལས་ལྡོག་པས་ན་འཁོར་བ་བཟློག་པའི་རྟེན་ནི་རབ་བྱུང་མཆོག་ཏུ་གྱུར་པས་མཁས་པས་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བར་བྱའོ། །ཁྱིམ་པའི་སྐྱོན་དང་རབ་ཏུ་བྱུང་བའི་ཡོན་ཏན་ཡང་ཡང་སེམས་པ་ནི། སྔར་རབ་ཏུ་བྱུང་བ་རྣམས་ཀྱི་ནི་བསམ་པ་བརྟན་པར་འགྱུར་ལ། རབ་ཏུ་མ་བྱུང་བ་རྣམས་ཀྱི་ནི་བཟང་པོའི་བག་ཆགས་འཇོག་ཅིང་སད་པར་འགྱུར་བས་དེའི་ཚུལ་ཅུང་ཟད་བརྗོད་པར་བྱའོ། །དེ་ལ་ཁྱིམ་པ་ནི། འབྱོར་ན་དེ་བསྲུང་བའི་འབད་པས་སྡུག་བསྔལ་ལ། དབུལ་ན་ནི་འཚོལ་བའི་སྡུག་བསྔལ་གྱིས་ཤ་ཐང་བས་བདེ་བ་མེད་པ་ལ། རྨོངས་ནས་བདེ་བར་འཛིན་པ་ནི་ལས་ངན་པའི་འབྲས་བུར་ཤེས་པར་བྱ་སྟེ། སྐྱེས་རབས་ལས། བཙོན་ར་འདྲ་བའི་ཁྱིམ་ལ་ནི། །ནམ་ཡང་བདེ་བར་མ་སེམས་ཤིག །ཕྱུག་གམ་ཡང་ན་དབུལ་ཡང་རུང༌། །ཁྱིམ་ན་གནས་


JLD013_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནད་དུ་ཆེ། །གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་འཚོལ་བས་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་དབུལ་བ་ཡང༌། །གང་ན་བདེ་བ་མེད་གྱུར་པ། །དེ་ལ་དགའ་བ་རྨོངས་པ་ནི། །སྡིག་པའི་འབྲས་བུ་སྨིན་པ་ཉིད། །ཅེས་གསུངས་སོ། །དེའི་ཕྱིར་ཡོ་བྱད་མང་པོ་འཛིན་པ་དང་ཆོག་མི་ཤེས་པར་ཚོལ་བ་ནི་རབ་ཏུ་བྱུང་བའི་བྱ་བ་མ་ཡིན་ཏེ། གཞན་དུ་ན་ཁྱིམ་པ་དང་ཁྱད་མེད་པར་འགྱུར་བས་སོ། །གཞན་ཡང་ཁྱིམ་ན་གནས་པ་ནི་ཆོས་དང་འགལ་བས་དེར་ཆོས་བསྒྲུབ་པར་དཀའ་སྟེ། དེ་ཉིད་ལས། ཁྱིམ་གྱི་སོ་ནམ་བྱས་ན་ནི། །བརྫུན་དུ་མི་སྨྲར་མི་རུང་ཞིང༌། །ཕ་རོལ་ཉེས་པ་བྱེད་པ་ལ། །ནན་ཏུར་མི་བྱར་མི་རུང་ངོ་། །གལ་ཏེ་ཆོས་སྤྱོད་ཁྱིམ་གྱི་སོ་ནམ་འཆོར། །ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ། །ཆོས་ཀྱི་ལས་ནི་རབ་ཏུ་ཞི་བ་ཡིན། །ཁྱིམ་གྱི་དོན་ནི་དྲག་ཤུལ་ཅན་གྱིས་འགྲུབ། །དེ་བས་ཆོས་དང་འགལ་བའི་སྐྱོན་ཡོད་ཕྱིར། །བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ན་གནས། །ཞེས་དང༌། དྲེགས་དང་ང་རྒྱལ་གཏི་མུག་སྦྲུལ་གྱི་ཚང༌། །རབ་ཏུ་ཞི་བ་དགའ་བའི་བདེ་འཇིག་པ། །སྡུག་བསྔལ་མི་བཟད་མང་པོའི་གནས་གྱུར་ཁྱིམ། །ཁུང་དང་འདྲ་བར་སུ་ཞིག་གནས་པར་བྱེད། །ཅེས་གསུངས་སོ། །དེ་ལྟ་བུ་ལ་སོགས་པ་ཁྱིམ་ན་གནས་པའི་སྐྱོན་ཡང་ཡང་བསམས་ལ། རབ་ཏུ་བྱུང་བ་ལ་སྨོན་པར་བྱའོ། །དེ་ཡང་ཆོས་གོས་དང་ལྷུང་བཟེད་ངན་ངོན་དང་བསོད་སྙོམས་ཀྱིས་ཆོག་ཤེས་ཤིང་དབེན་པར་རང་གི་ཉོན་མོངས་པ་སྦྱངས་ནས། གཞན་གྱི་ཡོན་གནས་བྱེད་པ་


JLD013_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྨོན་པ་ནི། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས། སྐྲ་རྣམས་བྲེགས་པར་གྱུར་ནས་ནི། །ཕྱག་དར་ཁྲོད་ཀྱི་གོས་འཆང་ཞིང༌། །དགོན་པ་ཡུལ་དུ་འདོད་པར་ནི། །ནམ་ཞིག་དེ་ལྟར་འགྱུར་ཞིག་གུ །གཉའ་ཤིང་གང་ཙམ་རྣམ་བལྟ་ཞིང༌། །ས་ཡི་ལྷུང་བཟེད་ལག་ཐོགས་ནས། །དཔྱས་མེད་ཁྱིམ་ནས་ཁྱིམ་དུ་ནི། །ནམ་ཞིག་སློངས་མོ་སྤྱོད་པར་འགྱུར། །རྙེད་དང་བཀུར་སྟི་ཆགས་མེད་ཅིང༌། །ཉོན་མོངས་ཚེར་མའི་འདམ་རྫབ་དག །སྦྱོང་བར་བྱེད་ཅིང་གྲོང་ཁྱེར་གྱི། །སྦྱིན་པའི་གནས་སུ་ནམ་ཞིག་འགྱུར། །ཞེས་གསུངས་པ་ལྟར་རོ། །མལ་སྟན་རྩྭ་ལས་བྱས་པ་ལ་བླ་གབ་མེད་པར་ཉལ་བས། གོས་བ་མོས་ལྕི་བ་དང་བཟའ་བཏུང་ངན་ངོན་གྱིས་ཆོག་ཤེས་པ་དང༌། གནས་མལ་ཤིང་དྲུང་དུ་རྩྭ་འཇམ་པོ་ལ་ཆོས་ཀྱི་དགའ་བདེས་འཚོ་ཞིང་ཉལ་བ་ལ་སྨོན་པ་ནི། རྩྭ་ཡི་ཚོགས་ལས་ལངས་ནས་ནི། །བ་མོས་ལྕི་བའི་གོས་དག་དང༌། །ཟས་སྐོམ་ངན་ངོན་ཙམ་གྱིས་ནི། །ནམ་ཞིག་ལུས་ལ་ཆགས་མེད་འགྱུར། །ཤིང་དྲུང་ནེ་ཙོ་ལྟར་ལྗང་བའི། །དུར་བ་འཇམ་པོའི་གོས་ཅན་དུ། །མཐོང་ཆོས་བདེ་བའི་དགའ་སྟོན་དང༌། །ནམ་ཞིག་བདག་ནི་ཉལ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །པོ་ཏོ་བ་མཁར་ཐོག་ཏུ་ཁ་བ་འཆགས་ནས་དོ་ནུབ་ནི་གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ནས་བཤད་པ་དང་འདྲ་བ་ཞིག་བྱུང་བས་དགའ་བ་ཞིག་བྱུང༌། དེ་ལྟ་བུ་ཞིག་ཉམས་སུ་བླང་འདོད་པ་མིན་པ་གཞན་མེད་གསུང་ངོ་། །སྨན་ལྗོངས་དང་ཆུ་བོའི་ངོགས་སུ་གནས་ནས་ཆུ་རླབས་


JLD013_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འཇིག་བྱེད་པ་དང་རང་གི་ལུས་སྲོག་གཉིས་འདྲ་བར་སེམས་པ་དང༌། སྲིད་པའི་རྩ་བ་ལྟ་ངན་ཐམས་ཅད་ཀྱི་སྐྱེད་བྱེད་བདག་ཏུ་འཛིན་པ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་འགོག་ཅིང༌། སྲིད་པའི་དགའ་བདེ་ལ་ཞེན་པ་ལོག་པ་དང་སྣོད་བཅུད་ཀྱི་འཇིག་རྟེན་རྣམས་སྒྱུ་མ་སོགས་དང་འདྲ་བར་ཡང་དང་ཡང་དུ་སེམས་པ་ལ་སྨོན་པ་ནི། ནམ་ཞིག་ཆུ་ངོགས་སྨན་ལྗོངས་སུ། །གནས་ནས་ཆུ་རླབས་འབྱུང་འཇིག་དང༌། །འཚོ་བའི་འཇིག་རྟེན་གནས་འདྲ་བར། །ཡང་དང་ཡང་དུ་བལྟ་བར་འགྱུར། །ལྟ་བ་ཀུན་གྱི་མར་གྱུར་པའི། །འཇིག་ཚོགས་ལྟ་བ་འབྱིན་པ་དང༌། །སྲིད་པའི་ལོངས་སྤྱོད་མི་འདོད་པར། །བདག་ནི་ནམ་ཞིག་འགྱུར་ཞིག་གུ །རྨི་ལམ་སྨིག་རྒྱུ་སྒྱུ་མ་སྤྲིན། །དྲི་ཟའི་གྲོང་ཁྱེར་མཚུངས་པར་ནི། །རྒྱུ་དང་མི་རྒྱུའི་འཇིག་རྟེན་དག །ནམ་ཞིག་རྟོགས་པར་བྱེད་པར་འགྱུར། །ཞེས་གསུངས་ཏེ། དེ་ཐམས་ཅད་ཀྱང་རྟེན་རབ་ཏུ་བྱུང་བ་བྱས་ནས་བྱ་བ་དེ་དག་བྱེད་པ་ལ་སྨོན་པ་བྱེད་པའོ། །མཆད་ཀ་བའི་ཞལ་ནས། དཀའ་ཐུབ་ཀྱི་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་པ་ཞིག་བྱུང་ན། ད་གཟོད་ཕས་བུ་གསོས་བྱ་བ་ཡིན་གསུང་བ་དང༌། ཤ༌ར་བའི་ཞལ་ནས་ཀྱང༌། ཁྱིམ་པ་ལས་ཀས་བྲེལ་བའི་དུས་སུ་གོས་བཟང་བཟང་གྱོན་ལ་དེ་ན་ཕར་སོང་དང་རབ་ཏུ་བྱུང་བ་ཨ་རེ་སྐྱིད་སྙམ་ནས། མ་འོངས་པ་ན་རབ་བྱུང་གི་བག་ཆགས་འཇོག་གསུང་ངོ་། །དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང༌། བདག་ཀྱང་སྡུག་བསྔལ་གྱི་གནས་ཁྱིམ་གྱི་གནས་ནས་མངོན་པར་བྱུང་སྟེ། ནམ་ཞིག་ན་འདི་ལྟ་བུ་སྤྱོད་པར་འགྱུར། བདག་ཀྱང་


JLD013_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཞིག་ན་དགེ་འདུན་གྱི་ལས་དང་གསོ་སྦྱོང་གི་ལས་དང་དགག་དབྱེའི་ལས་དང་འདུད་པའི་ལས་དེ་ལ་གནས་པར་འགྱུར་སྙམ་ནས། དེས་འདི་ལྟར་རབ་ཏུ་བྱུང་བའི་སེམས་ལ་དགའ་བར་བྱའོ། །ཞེས་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པས་དེ་ལྟར་སྨོན་པ་བྱ་བར་གསུངས་ཏེ། འདིས་ནི་གཙོ་བོར་བསྙེན་པར་རྫོགས་པ་ལ་སྨོན་པར་གསུངས་སོ། །མདོ་སྡེའི་རྒྱན་ལས་ཀྱང༌། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །ཞེས་གསུངས་སོ། །དེ་ལྟར་ན་འཁོར་བ་ལས་ཐར་བའི་རྣམ་གྲོལ་བསྒྲུབ་པ་ལ་རྟེན་རབ་ཏུ་བྱུང་བ་བསྔགས་པར་མ་ཟད། ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཐེག་པའི་སྒོ་ནས་རྣམ་མཁྱེན་བསྒྲུབ་པ་ལ་ཡང་རབ་ཏུ་བྱུང་བ༌རྟེན་མཆོག་ཏུ་གསུངས་ལ། རབ་ཏུ་བྱུང་བའི་སྡོམ་པ་ནི་སྡོམ་པ་གསུམ་གྱི་ནང་ནས་སོ་སོར་ཐར་པ་ཉིད་ཡིན་པས་བསྟན་པའི་རྩ་བ་སོ་སོར་ཐར་པ་ལ་གུས་པར་བྱའོ། །གཉིས་པ་ལམ་ཇི་ལྟ་བུ་ཞིག་བསྒོམས་པས་བཟློག་པ་ནི། བཤེས་སྤྲིངས་ལས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཚུལ་ཁྲིམས་དག་དང་ཤེས་རབ་བསམ་གཏན་གྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་གསུངས་པ་ལྟར། ལམ་


JLD013_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་སློབ་དགོས་སོ། །དེ་ལ་བསླབ་པ་གསུམ་གྱི་གྲངས་ངེས་པ་ནི་གསུམ་ལས།དང་པོ་སེམས་འདུལ་བའི་རིམ་པ་ལ་ལྟོས་པའི་གྲངས་ངེས་ནི། སེམས་རྣམ་པར་གཡེངས་པ་གཡེང་བ་མེད་པར་བྱེད་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པ་ལ་ཏིང་ངེ་འཛིན་ནམ་སེམས་ཀྱི་བསླབ་པ་དང༌། སེམས་མ་གྲོལ་བ་གྲོལ་བར་བྱེད་པ་ལ་ཤེས་རབ་ཀྱི་བསླབ་པ་སྟེ། དེ་གསུམ་གྱིས་རྣལ་འབྱོར་པ་རྣམས་ཀྱི་བྱ་བ་ཐམས་ཅད་རྫོགས་པར་འགྱུར་བའི་ཕྱིར་རོ། །འབྲས་བུ་ལ་ལྟོས་པའི་གྲངས་ངེས་ནི། ཚུལ་ཁྲིམས་མ་ཉམས་པའི་འབྲས་བུ་ནི་འདོད་པའི་བདེ་འགྲོ་གཉིས་ཡིན་ལ། ཉམས་པའི་འབྲས་བུ་ནི་ངན་འགྲོའོ། །སེམས་ཀྱི་བསླབ་པའི་འབྲས་བུ་ནི་ཁམས་གོང་མའི་བདེ་འགྲོ་གཉིས་སོ། །ཤེས་རབ་ཀྱི་བསླབ་པའི་འབྲས་བུ་ནི་ཐར་པ་སྟེ། མདོར་ན་བསྒྲུབ་བྱ་མངོན་མཐོ་དང་ངེས་ལེགས་གཉིས་དང༌། སྔ་མ་ལ་ཁམས་གོང་འོག་གི་བདེ་འགྲོ་གཉིས་ཡོད་པས་དེའི་སྒྲུབ་བྱེད་ཀྱང་གསུམ་མོ། །དེ་གཉིས་ནི་སའི་དངོས་གཞིར་གསུངས་སོ། །གོང་མ་རྣམས་ནི་སྤང་བྱ་ཉོན་མོངས་ལ་ལྟོས་ནས་ཀྱང་གསུམ་དུ་བཞེད་དེ། ཉོན་མོངས་སུན་འབྱིན་པ་དང་མངོན་གྱུར་འགོ་གནོན་པ་དང་ས་བོན་རྩད་ནས་སྤོང་བ་ལ་བསླབ་པ་གསུམ་མོ། །གོ་རིམ་ངེས་པ་ནི། ཚངས་པས་ཞུས་པ་སའི་དངོས་གཞིར་དྲངས་པ་ལས། རྩ་བ་ཤིན་ཏུ་བརྟན་པ་དང༌། །ཞི་བའི་སེམས་ལ་དགའ་བ་དང༌། །འཕགས་པའི་ལྟ་དང་སྡིག་པའི་ལྟ། །ལྡན་པར་བྱ་ཞིང་བྲལ་བར་བྱ། །


JLD013_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས་བསྟན་ཏོ། །དེ་ལ་ཚུལ་ཁྲིམས་ནི་རྩ་བ་སྟེ། གཞན་གཉིས་དེ་ལས་འབྱུང་བའི་ཕྱིར་རོ། །ཚུལ་ཁྲིམས་ལ་བརྟེན་ནས་སེམས་མཉམ་པར་བཞག་པ་ལ་མངོན་པར་དགའ་བ་ནི་གཉིས་པའོ། །སེམས་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་ཕྱིར་འཕགས་པའི་ལྟ་བ་དང་ལྡན་ཞིང་སྡིག་པའི་ལྟ་བ་དང་བྲལ་བ་ནི་གསུམ་པའོ། །བསླབ་པ་གསུམ་གྱི་རང་བཞིན་ནི། ཚངས་པས་ཞུས་པ་ལས། ཡན་ལག་དྲུག་དང་ལྡན་པ་དང༌། །གནས་བཞི་བདེ་དང་ལྡན་པ་དང༌། །བཞི་པོ་ཡི་ནི་རྣམ་པ་བཞི། །རྟག་ཏུ་ཡེ་ཤེས་དག་པ་ཡིན། །ཅེས་གསུངས་པ་ལྟར་རོ། །དེ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཡན་ལག་དྲུག་དང་ལྡན་པ་སྟེ། ཚུལ་ཁྲིམས་དང་ལྡན་པ་དང་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་གཉིས་ཀྱིས་ནི་ཐར་པར་ངེས་པར་འབྱིན་པའི་ཚུལ་ཁྲིམས་དག་པ་བསྟན་ཏོ། །ཆོ་ག་དང་སྤྱོད་ཡུལ་དང་ལྡན་པ་གཉིས་ཀྱིས་ནི་མ་སྨད་པའི་ཚུལ་ཁྲིམས་དག་པ་བསྟན་ཏོ། །ཁ་ན་མ་ཐོ་བ་ཕྲ་རབ་ལ་ཡང་འཇིགས་པར་ལྟ་བས་ནི་མ་ཉམས་པའི་ཚུལ་ཁྲིམས་དག་པ་བསྟན་ཏོ། །བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པས་ནི་ཕྱིན་ཅི་མ་ལོག་པའི་ཚུལ་ཁྲིམས་དག་པ་བསྟན་ཏོ། །སེམས་ཀྱི་གནས་བཞི་ནི་བསམ་གཏན་བཞི་ཡིན་ལ། དེ་ཉིད་ཚེ་འདི་ལ་བདེ་བར་གནས་པས་ན་བདེ་བ་དང་ལྡན་པ་སྟེ་སེམས་ཀྱི་བསླབ་པའོ། །བཞི་པོ་ནི་བདེན་པ་བཞི་ཡིན་ལ། དེའི་རྣམ་པ་བཞི་ནི་སྡུག་བསྔལ་ལ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་


JLD013_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདག་མེད་དོ། །ཀུན་འབྱུང་ལ་རྒྱུ་དང་ཀུན་འབྱུང་དང་རབ་སྐྱེ་དང་རྐྱེན་ནོ། །འགོག་བདེན་ལ་འགོག་པ་དང་ཞི་བ་དང་གྱ་ནོམ་དང་ངེས་འབྱུང་ངོ་། །ལམ་བདེན་ལ་ལམ་དང་རིགས་པ་དང་སྒྲུབ་པ་དང་ངེས་འབྱིན་ཏེ། བཅུ་དྲུག་པོ་དེ་རྟོགས་པའི་རྣམ་པ་བཅུ་དྲུག་ནི་ཤེས་རབ་ཀྱི་བསླབ་པའོ། །འདིར་སྐྱེས་བུ་འབྲིང་གི་ལམ་རང་དགའ་བ་ལ་འཁྲིད་ན། བསླབ་པ་གསུམ་ལ་འཁྲིད་ལུགས་རྒྱས་པར་དགོས་ནའང༌། དེ་མིན་པས་ཤེས་རབ་ལྷག་མཐོང་དང་སེམས་ཀྱི་བསླབ་པ་ཞི་གནས་བསྐྱེད་ལུགས་ནི། སྐྱེས་བུ་ཆེན་པོའི་སྐབས་སུ་རྒྱས་པར་འཆད་པར་འགྱུར་བས་འདིར་དེ་ཙམ་ལས་མི་སྤྲོའོ། །དེས་ན་ཚུལ་ཁྲིམས་ལ་བསླབ་ཚུལ་མདོར་བསྡུས་ཤིག་བརྗོད་པར་བྱའོ། །དེ་ལ་ཐོག་མར་ནི། ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དང་ཡང་དུ་བསམས་ནས་སྙིང་ཐག་པ་ནས་སྤྲོ་ཤུགས་འཕེལ་བར་བྱ་སྟེ། མྱ་ངན་ལས་འདས་པ་ཆེན་པོ་ལས། ཚུལ་ཁྲིམས་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་ཐེམ་སྐས་སོ། །ཤིང་ལ་སོགས་པའི་རྩ་བ༌ས་ཡིན་པ་ལྟར་རྩ་བའོ། །ཚོང་དཔོན་ཚོང་པ་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ལྟར་དགེ་བའི་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་བའོ། །བརྒྱ་བྱིན་གྱི་རྒྱལ་མཚན་བསྒྲེང་བ་ལྟར་ཆོས་ཐམས་ཅད་ཀྱི་རྒྱལ་མཚན་ནོ། །སྡིག་པ་ཐམས་ཅད་དང་ངན་སོང་གི་ལམ་གཏན་གཅོད་པའོ། །སྡིག་པའི་ནད་ཐམས་ཅད་གསོ་བས་སྨན་གྱི་སྡོང་པོ་ལྟ་བུའོ། །སྲིད་པའི་ལམ་ཉམ་ང་བའི་བརྒྱགས་ཚོགས་སོ། །ཉོན་མོངས་པའི་དགྲ་འཇོམས་པའི་གོ་མཚོན་ནོ། །ཉོན་མོངས་པའི་སྦྲུལ་གདུག་པ་སེལ་བའི་རིག་སྔགས་སོ། །སྡིག་པའི་ཆུ་ལས་སྒྲོལ་བའི་ཟམ་པའོ། །


JLD013_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་༣༥༠ནས་༣༥༨བར་མ་ནོག་འདུག་༽ཞེས་པ་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་པ་དང༌། དཔུང་བཟང་གིས་ཞུས་པའི་རྒྱུད་ལས་ཀྱང༌། ཇི་ལྟར་ལོ་ཏོག་ཐམས་ཅད་ས་ལ་ནི། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། །ཞེས་གསུངས་པ་ལྟར་བསམ་མོ། །ཁས་བླངས་ནས་མ་བསྲུངས་ན་ཉེས་དམིགས་ཤིན་ཏུ་ཆེ་སྟེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ལོ། །ཞེས་བསླབ་པ་ཁས་བླངས་པ་དེ་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་ཕྱོགས་སུ་འགྲོ་བར་གསུངས་སོ། །དེའི་ཕྱིར་ཉེས་དམིགས་རྣམས་ཀྱང་ལེགས་པར་བསམས་ལ་བསླབ་པ་ལ་རབ་ཏུ་གུས་པར་བྱའོ། །ཇི་ལྟར་བསླབ་པའི་ཚུལ་ནི། ལྟུང་བ་འབྱུང་བའི་རྒྱུ་བཞི་ལས། མི་ཤེས་པའི་གཉེན་པོར་ནི། བསླབ་བྱ་རྣམས་མཉན་ནས་ཤེས་པར་བྱའོ། །བག་མེད་པའི་གཉེན་པོར་ནི། བླང་དོར་གྱི་དམིགས་རྣམ་མ་བརྗེད་པའི་དྲན་པ་དང་། འཕྲལ་འཕྲལ་དུ་སྒོ་གསུམ་ལ་སོ་སོར་རྟོག་ཅིང་ལེགས་ཉེས་གང་ལ་འཇུག་ཤེས་པར་བྱེད་པའི་ཤེས་བཞིན་དང༌། བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་ཉེས་པ་ལ་འཛེམ་པའི་ངོ་ཚ་ཤེས་པ་དང༌། གཞན་གྱིས་སྨད་དུ་འོང་སྙམ་ནས་འཛེམ་པའི་ཁྲེལ་ཡོད་དང༌། ཉེས་སྤྱོད་ཀྱི་རྣམ་


JLD013_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་ལ་འཇིགས་ནས་བག་འཁུམས་པ་སོགས་ལ་བསླབ་བོ། །མ་གུས་པའི་གཉེན་པོར་ནི། སྟོན་པ་དང་དེའི་བཅས་པ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པར་བྱའོ། །ཉོན་མོངས་མང་བའི་གཉེན་པོར་ནི། རྒྱུད་ལ་བརྟགས་ཏེ་ཉོན་མོངས་གང་ཤས་ཆེ་བ་ལ་གཉེན་པོ་འབད་ནས་བསྟེན་ནོ། །དེ་ལྟར་མི་འབད་པར་འདི་ཙམ་ལས་འགལ་ཡང་སྐྱོན་ཆུང་ངོ་སྙམ་དུ་བསམས་ནས། བཅས་པ་རྣམས་ལ་བག་ཡངས་སུ་འཇུག་པ་ནི་སྡུག་བསྔལ་འབའ་ཞིག་འཐོབ་སྟེ། ལུང་རྣམ་འབྱེད་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལས་རྒྱལ་པོའི་ཚིག་ཆེན་ཡང༌། །འདས་ན་ལན་འགའ་ཆད་པ་འཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདས་བྱས་ན། །དུད་འགྲོར་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཉེས་ལྟུང་གིས་མ་གོས་པ་ལ་འབད་ཅིང༌། བརྒྱ་ལ་གོས་ན་ཡང་ཇི་མི་སྙམ་པར་མི་འཇོག་པར་ལྟུང་བ་དང་སྡིག་པའི་ཕྱིར་བཅོས་ལ་ཇི་ལྟར་གསུངས་པ་ལྟར་འབད་པར་བྱའོ། །ཚངས་པས་ཞུས་པ་ལས། བསླབ་པ་ལ་ནི་བརྟེན་པར་བྱ། །དེ་ལ་སྙིང་ནས་ནན་ཏན་བྱ། །ཕྱིར་ནི་སྤང་བར་མི་བྱ་ཞིང༌། །སྲོག་གི་ཕྱིར་ཡང་བཤིག་མི་བྱ། །རྟག་ཏུ་ནན་ཏན་གནས་པར་བྱ། །འདུལ་བ་ལ་ནི་འཇུག་པར་བྱ། །ཞེས་དང༌། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་བླ་ཡི།


JLD013_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་སྐྱེ་བ་འདི་ཉིད་ཀྱི་ཚེ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ། རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་གཏན་ཚིགས་དང་བཅས་ཏེ་བཀའ་སྩལ་པ་ལྟར། སྲོག་དང་བསྡོས་ཏེ་བསྲུང་བར་བྱའོ། །དེ་ལྟ་མ་ཡིན་ན་བདག་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་པ་ནི་དོན་མེད་དོ་སྙམ་དུ་བསམ་པར་བྱ་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སངས་རྒྱས་བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པའི་ལས་རྣམས་ཤིན་ཏུ་སྤྱོད་པར་བྱེད། །ནོར་དང་འབྲུ་ལ་སྙིང་པོར་འདུ་ཤེས་ཤིང་། །བཞོན་དང་བ་གླང་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅི་ཕྱིར་མགོ་བོ་བྲེགས། །ཞེས་གསུངས་པའི་ཕྱིར་རོ། །འདུས་བྱས་འཁོར་བ་ལས་འབྲོས་པར་འདོད་ནས་ཐར་པའི་གྲོང་ཁྱེར་དུ་འགྲོ་བ་ལ་ཚུལ་ཁྲིམས་ཀྱི་རྐང་པ་ཉམས་ན་ནི་འགྲོ་མི་ནུས་པར་མ་ཟད། འཁོར་བར་སླར་འཁོར་ཞིང་སྡུག་བསྔལ་རྣམས་ཀྱིས་འཇོམས་པ་དཔེ་དང་བཅས་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མི་ཞིག་ཆོམ་རྐུན་མང་པོས་རབ་གཙེས་ནས། །འཚོ་བར་འདོད་པས་བྲོས་ཤིང་འགྲོར་བརྩལ་ན། །དེ་ནི་རྐང་པ་འགྲོ་ཞིང་རྒྱུག་མི་ནུས། །ཆོམ་རྐུན་དག་གིས་དེ་བཟུང་བཅོམ་པ་ལྟར། །དེ་བཞིན་ཚུལ་ཁྲིམས་ཉམས་པ་རྨོངས་པའི་མི། །འདུས་བྱས་དག་ལས་འབྲོས་


JLD013_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་མོད་ཀྱི། །ཚུལ་ཁྲིམས་ཉམས་པས་དེ་ཡང་འབྲོས་མི་ནུས། །ན་རྒ་འཆི་བ་དག་གིས་ཤིན་ཏུ་འཇོམས། །ཞེས་གསུངས་སོ། །དེས་ན་མདོ་དེ་ལས། ཁྱིམ་པ་སྐྱ་བོའི་གོས་གྱོན་ལ། །ངས་ནི་བསླབ་པ་གང་བཤད་པ། །དེ་ཚེ་དགེ་སློང་དེ་དག་ལ། །བསླབ་པ་དེ་ཡང་མེད་པར་འགྱུར། །ཞེས་གསུངས་པ་ལྟར། དགེ་བསྙེན་ལ་གསུངས་པའི་བསླབ་པའི་གཞི་ལྔ་ཡོངས་སུ་རྫོགས་པར་བསྲུང་བ་དགེ་སློང་ལ་ཡང་མེད་པར་གསུངས་པའི་དུས་འདིར་བསླབ་པ་ལ་བརྩོན་པ་ནི། ལྷག་པར་ཡང་འབྲས་བུ་ཆེ་བས་འབད་པར་བྱ་སྟེ། མདོ་དེ་ཉིད་ལས། བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང༌། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེར་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་བྱེ་བྲག་འཕགས། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ལྟུང་བ་བྱུང་ཡང་བཤགས་པས་ཆོག་སྙམ་ནས་ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་མེད་པར་འཇུག་པ་ནི། ཕྱིས་བཅོས་པས་ཆོག་ཟེར་ནས་དུག་ཟ་བ་དང་འདྲ་སྟེ། བྱམས་པ་སེང་གེ་སྒྲའི་མདོ་ལས། བྱམས་པ། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་དང༌། རབ་ཏུ་བྱུང་བ་ཁ་ཅིག་དེ་དག་འདི་སྐད་ཅེས། སྡིག་པའི་ལས་ནི་ཉེས་པ་བཤགས་པས་མ་ལུས་པར་འཛད་པར་


JLD013_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་ཟེར་ཞིང༌། དེ་དག་སྡིག་པ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་ནས་ཡང་བཤགས་པར་བྱའོ། །ཞེས་ལྟུང་བ་ལྷག་པར་འབྱིན་པར་བྱེད་ཅིང༌། ཕྱིས་སྡོམ་པ་འཛིན་པར་ནི་མི་བྱེད་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་འཆི་བའི་ལས་ཅན་ཡིན་ནོ་ཞེས་ང་སྨྲ་སྟེ། འཆི་བ་ཡང་གང་ཞེ་ན། འདི་ལྟ་སྟེ། དཔེར་ན་དུག་ཟ་བའི་མི་དེ་དང་འདྲ་བར་འཆི་བའི་དུས་བྱས་ནས་ལོག་པར་ལྟུང་བ་རྣམས་སུ་འགྲོ་བར་འགྱུར་བ་ཡིན་ནོ། །ཞེས་དང༌། བྱམས་པ། འཕགས་པའི་ཆོས་འདུལ་བ་འདི་ལ་དུག་ཅེས་བྱ་བ་དེ་ནི། འདི་ལྟ་སྟེ། བསླབ་པའི་གཞི་ཇི་ལྟར་བཅས་པ་དག་ལས་འདའ་བར་བྱེད་པ་ཡིན་པས་ཁྱེད་ཅག་གིས་ནི་དུག་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཚུལ་གྱིས་བསྲུང་བ་ནི་སོ་ཐར་གྱི་སྡོམ་ལྡན་ཡིན་ན་གསང་སྔགས་ལ་ཡང་འདྲ་བ་ཡིན་ཏེ། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང༌། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་སྔགས་པ་ཁྱིམ་པས་ཀྱང་རབ་བྱུང་གི་རྟགས་ཀྱི་སྐོར་དང་ལས་ཀྱི་ཆོ་ག་དང་བཅས་པ་རྐྱང་པའི་ཆ་འགའ་ཞིག་མ་གཏོགས་པ་འདུལ་བ་ནས་འབྱུང་བ་བཞིན་བྱ་དགོས་པར་གསུངས་ན། སྔགས་པ་རབ་བྱུང་ལ་སྨོས་ཅི་དགོས་པའི་ཕྱིར་རོ། །སྔགས་འགྲུབ་པའི་རྩ་བ་ཡང་ཚུལ་ཁྲིམས་ཡིན་ཏེ། དཔུང་བཟང་གིས་


JLD013_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་ལས། སྔགས་ཀྱི་རྩ་བ་དང་པོར་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང༌། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པ་འོ། །ཇི་ལྟར་མི་དབང་རིན་ཆེན་བདུན་ལྡན་པ། །སྐྱོ་བ་མེད་པར་སྐྱེ་དགུ་འདུལ་བར་བྱེད། །དེ་བཞིན་སྔགས་པ་ཡན་ལག་འདི་བདུན་དང༌། །ལྡན་པར་གྱུར་ན་སྡིག་པ་འདུལ་བར་བྱེད། །ཅེས་དང༌། འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས། །དེ་ལ་གྲུབ་པ་མཆོག་མེད་ཅིང་། །གྲུབ་པ་འབྲིང་ཡང་ཡོད་མེད་དེ། །གྲུབ་པ་ཐ་མའང་ཡོད་མ་ཡིན། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ཡི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །བྱིས་པ་ངན་པ་འདི་ལ་ནི། །སྔགས་འགྲུབ་པ་ནི་ག་ལ་ཡོད། །སྐྱེ་བོ་ཚུལ་ཁྲིམས་འཆལ་འདི་ལ། །དེ་ལ་བདེ་འགྲོ་ག་ལ་ཡོད། །མཐོ་རིས་སུ་ཡང་མི་འགྱུར་ཞིང༌། །བདེ་བ་མཆོག་ཏུའང་མི་འགྱུར་ན། །རྒྱལ་བས་གསུངས་པའི་སྔགས་རྣམས་ནི། །འགྲུབ་པར་འགྱུར་བ་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར་རོ། །ཁམ་ལུང་པའི་ཞལ་ནས་ཀྱང༌། མུ་གེ་བྱུང་ཙ་ན་ཐམས་ཅད་ནས་ཀྱི་སྟེང་དུ་འོང༌། དེ་བཞིན་དུ་ཐམས་ཅད་ཚུལ་ཁྲིམས་ཀྱི་སྟེང་དུ་ཀོར་ཀོར་འོང་བས་འདི་ལ་འབུངས་ཤིག །ཚུལ་ཁྲིམས་དག་པའང་ལས་འབྲས་མ་བསམས་པ་ལ་མི་འོང་བས་དེས་ན་འདི་སེམས་པ་མན་ངག་ཡིན་གསུང་བ་དང༌། ཤ་ར་བའི་ཞལ་ནས་ཀྱང༌། སྤྱིར་ལེགས་ཉེས་ཅི་བྱུང་


JLD013_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆོས་ལ་བརྟེན་པ་དེའི་ནང་ནས་ཀྱང་འདུལ་བ་ནས་ཇི་ལྟར་འབྱུང་བ་ལ་བརྟེན་ན་བལྡབ་ཀྱང་མི་དགོས་པ་ཞེ་གཙང་བ་བརྟག་ཐུབ་པ་ཉམས་དགའ་བ་མཐའ་བཟང་བ་ཡིན་གསུང་བ་དང༌། དགེ་བཤེས་སྟོན་པའི་ཞལ་ནས་ཀྱང༌། ཚན་ཞིག་གིས་འདུལ་བ་ལ་བརྟེན་ནས་སྔགས་ཅ་འབྱིད། སྔགས་ལ་བརྟེན་ནས་འདུལ་བ་ཅ་འབྱིད་དེ། འདུལ་བ་སྔགས་ཀྱི་གྲོགས། སྔགས་འདུལ་བའི་གྲོགས་སུ་སོང་བ་ངའི་བླ་མའི་བཀའ་བརྒྱུད་མིན་པ་མེད་གསུང་བ་དང༌། ཇོ་བོའི་ཞལ་ནས་ཀྱང༌། ངེད་རྒྱ་གར་ན་དོ་གལ་ཆེན་པོའམ་བྱ་བ་གློ་བུར་བ་བྱུང་ན། སྡེ་སྣོད་འཛིན་པ་རྣམས་འཚོགས་ནས། སྡེ་སྣོད་གསུམ་ནས་མ་བཀག་གམ། སྡེ་སྣོད་གསུམ་དང་མི་འགལ་ལམ། ཞེས་གཏན་ལ་ཕབ་ནས་དེའི་སྟེང་དུ་འཇོག་པ་ཡིན། ངེད་བྲི་ཀཱ་མ་ལ་ཤཱི་ལ་བ་ལ་དེའི་སྟེང་དུ་བྱང་སེམས་ཀྱི་སྤྱོད་པ་ནས་མ་བཀག་གམ། དེ་དང་མི་འགལ་ལམ་བྱ་བ༌ཞིག་ཡོད་ལ། འདུན་མའི་ཞབས་འདུལ་བ་འཛིན་པས་འཇུག་པ་ཡིན་གསུང་ངོ་། །དེ་ལྟར་ཚུལ་ཁྲིམས་དག་པར་བྱེད་པ་ལ་ཡང༌། སྣེའུ་ཟུར་པའི་ཞལ་ནས། ད་ལྟ་ནང་ན་ཉོན་མོངས་པ་དང་འཐབ་པ་འདི་ཁོ་ན་གལ་ཆེ་སྟེ། ཉོན་མོངས་དང་མ་འཐབས་ན་ཚུལ་ཁྲིམས་དག་པ་མི་འོང༌། དེ་ཙ་ན་ཉོན་མོངས་མགོ་གནོན་པ་དང་རྩད་ནས་སྤོང་བའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་མི་འོང་བས་འཁོར་བར་གཏན་དུ་འཁྱམ་དགོས་གསུང་བ་ལྟར་ཡིན་པས། སྔར་བཤད་པ་ལྟར་ཉོན་མོངས་ངོས་ཟིན་པར་བྱས་ལ་དེ་དག་གི་ཉེས་དམིགས་དང་དེ་དག་


JLD013_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བའི་ཕན་ཡོན་བསམས་ནས་དྲན་པ་དང་ཤེས་བཞིན་གྱི་སོ་བཙུགས་ཏེ། ཉོན་མོངས་པ་གང་མགོ་འབུར་འབུར་ལ་ཡང་དང་ཡང་དུ་མདུང་བུ་འདེབས་དགོས། དེ་ཡང་ཉོན་མོངས་པ་གང་ཡང་རུང་བ་རང་གི་རྒྱུད་ལ་ཉུག་གིས་བྱུང་མ་ཐག་ཉིད་དུ་དེ་ལ་དགྲར་བལྟས་ནས་འཐབ་དགོས། དེ་ལྟར་མིན་པར་དང་པོར་བྱུང་ཙ་ན་དང་དུ་ལེན། ཚུལ་མིན་ཡིད་བྱེད་ཀྱིས་གསོས་འདེབས་པར་སོང་ན་འཐབ་ཟླ་མེད་པར་ཁོ་འབའ་ཞིག་ཏུ་འགྲོ་གསུང་ངོ་། །དེ་ལྟར་འབད་པས་མ་ལྡོག་ན་ཡང་རྒྱུན་མི་འཐུད་པར་མོད་ལ་ལྡོག་པ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་ཞིག་དགོས་ཀྱི། རྡོ་ལ་རི་མོ་བྲིས་པ་ལྟར་མི་བྱ་སྟེ། བཤེས་སྤྲིངས་ལས། སེམས་ནི་ཆུ་དང་ས་དང་རྡོ་བ་ལ། །རི་མོ་བྲིས་པ་དེ་འདྲར་རིག་པར་བགྱི། །དེ་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །ཞེས་གསུངས་པ་ལྟར་ཏེ། ཆོས་ཀྱི་ཕྱོགས་ལ་ནི་དེ་ལས་ལྡོག་པར་བྱའོ། །སྤྱོད་འཇུག་ལས་ཀྱང༌། འདི་ལ་བདག་གིས་ཞེན་བྱ་ཞིང༌། །ཁོན་དུ་བཟུང་ནས་གཡུལ་སྤྲད་དེ། །རྣམ་པ་དེ་འདྲའི་ཉོན་མོངས་པ། །ཉོན་མོངས་འཇོམས་བྱེད་མ་གཏོགས་སོ། །བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་བླ། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱ་འོ། །ཞེས་གསུངས་སོ། །དགེ་བཤེས་ཕུ་ཆུང་བའི་ཞལ་ནས་ཀྱང༌། ང་ནི་ཉོན་མོངས་ཀྱིས་ལྗིར་གྱིས་མནན་ཡང་མ་ཐའང་འོག་ནས་སོ་ཚིགས་བྱེད་གསུང་བ༌པོ་ཏོ་བས་གསན་པས། དེ་ཙུག་སོང་ན་མོད་ལ་ལྡོག་གསུང་ངོ་། །ཐ་


JLD013_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མལ་པའི་དགྲ་ནི་ལན་ཅིག་བཏོན་ཡང་ཡུལ་གཞན་བཟུང་ནས་སྟོབས་རྙེད་པ་ན་སླར་རྒོལ་དུ་འོང་བ་དང་ཉོན་མོངས་གཉིས་མི་འདྲ་སྟེ། ཉོན་མོངས་རྒྱུད་ལ་ལན་ཅིག་རྩ་བ་ནས་འདོན་ཐུབ་ན་ཡུལ་གཞན་དུ་འགྲོ་བ་ཡང་མེད་ལ་སླར་ལོག་ནས་ཀྱང་མི་འོང་ངོ་། །འོན་ཀྱང་བདག་ཅག་ཉོན་མོངས་གཞོམ་པ་ལ་བརྩོན་པ་མེད་པས་ལན་ཏེ། སྤྱོད་འཇུག་ལས། ཐ་མལ་དགྲ་བོ་ཡུལ་ནས་ཕྱུང་ཡང་ནི། །ཡུལ་གཞན་དག་ཏུ་གནས་ཤིང་ཡོངས་བཟུང་ནས། །ནུས་པ་བརྟས་ནས་དེ་ནས་ཕྱིར་ལྡོག་གི །ཉོན་མོངས་དགྲ་ཚུལ་དེ་དང་འདྲ་མ་ཡིན། །ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང༌། །བདག་ཡིད་ལས་བསལ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་ནས་བདག་གནོད་བྱ་ཕྱིར་འོང༌། །བློ་ཞན་བདག་ལ་བརྩོན་པ་མེད་པར་ཟད། །ཅེས་གསུངས་སོ། །བསྙུག་རུམ་པའི་ཞལ་ནས། ཉོན་མོངས་པ་ཉུག་གིས་བྱུང་ཙ་ན་ལེ་ལོ་མི་བྱ་བར་མོད་ལ་གཉེན་པོས་བཟློག །བཟློག་མ་ནུས་ན་ལངས་ལ་མཎྜལ་དང་མཆོད་པ་བཤམ། བླ་མ་དང་ཡི་དམ་ལ་ཕུལ་ལ་གསོལ་བ་གདབ། དེ་ལ་དམིགས་ནས་ཁྲོ་བོའི་བཟླས་པ་བྱས་པས་ཉལ་གྱིས་འགྲོ་གསུང་བ་དང༌། གླང་རི་ཐང་པའི་ཞལ་ནས་ཀྱང༌། འདུག་ས་སྤོས་པ་དང་སྐེ་ཅུ་ཅུ་བྱས་པ་ཙམ་གྱིས་ཀྱང་ཉལ་གྱིས་འགྲོ་གསུང་སྟེ། ཁོང་རང་ཉོན་མོངས་དང་འཐབས་པར་སྣང་གསུང་ངོ་། །དེ་ཡང་དགོན་པ་བའི་ཞལ་ནས། ཉིན་མཚན་དུ་རང་གི་སེམས་ལ་བྱ་ར་བྱ་བ་ལས་གཞན་ཅི་ཡོད་གསུང་བ་ལྟར་བྱེད་པ་ཞིག་ལ་འོང་ཚོད་དུ་གདའ། ཇོ་བོ་ཆེན་


JLD013_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཡང་ཉི་མ་གཅིག་ལ་ལན་དུ་ཕྲད་ཀྱང༌། དེའི་རིང་ལ་སེམས་བཟང་པོ་བྱུང་ངམ་གསུངས་ནས་འདྲི་སྐད།ཉོན་མོངས་དེ་དག་ཇི་ལྟར་སྤོང་བ་ནི། ཁ་ན་མ་ཐོ་བ་ཆེ་ལ་དབྲལ་བར་དཀའ་ཞིང༌། ཉོན་མོངས་གཞན་ཐམས་ཅད་ཀྱི་རྟེན་བྱེད་པ་ནི་གཏི་མུག་ཡིན་པས། དེའི་གཉེན་པོར་རྟེན་འབྲེལ་མང་དུ་བསྒོམས་ལ། འཁོར་བའི་འཇུག་ལྡོག་ལ་མཁས་པར་བྱ་སྟེ། འདི་ལ་གོམས་ན་ནི་ལྟ་བ་ལྔ་ལ་སོགས་པའི་ལྟ་ངན་ཐམས་ཅད་ཀྱང་མི་འབྱུང་ངོ་། །འདི་ཕྱི་གཉིས་ཀར་སྡུག་བསྔལ་སྟེར་ཞིང་དགེ་རྩ་བསགས་པ་རྣམས་འཇོམས་པའི་དགྲ་ནི་ཞེ་སྡང་ཡིན་ཏེ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །ཅེས་གསུངས་པ་ལྟར་རོ། །དེའི་ཕྱིར་དེ་ལ་རྣམ་པ་ཐམས་ཅད་དུ་སྐབས་མི་དབྱེ་བར་བཟོད་པ་ལ་འབད་དོ། །འདི་མ་བྱུང་ན་ཚེ་འདི་ཉིད་ལ་ཡང་ཆེས་ཤིན་ཏུ་བདེ་སྟེ། གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་སྤྱོད་འཇུག་ལས་གསུངས་པ་ལྟར་རོ། །དགེ་མི་དགེའི་ལས་སྔར་བསགས་ཐམས་ཅད་འཁོར་བ་འགྲུབ་པ་ལ་མཐུ་ཅན་དུ་བྱེད་ཅིང་ནུས་པ་ཇེ་རྒྱས་སུ་གཏོང་བ་ནི་འདོད་ཆགས་སྲེད་པ་ཡིན་ལ། དེ་ཡང་འདོད་ཁམས་པ་རྣམས་ལ་ནི། ཡུལ་ལ་ལོངས་སྤྱོད་པའི་རེག་པའི་རྐྱེན་ཅན་གྱི་ཚོར་བའི་རོ་མྱངས་པ་ལས་འབྱུང་བས། ཕྱི་དང་ནང་གི་མི་སྡུག་པ་དང་འདོད་ཡོན་ལ་ཆགས་པའི་ཉེས་དམིགས་མང་དུ་བསྒོམས་ལ་བཟློག་པར་བྱ་སྟེ། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། རི་དྭགས་གླང་པོ་ཕྱེ་མ་ལེབ་དང་ཉ། །སྦྲང་མ་ལྔ་པོ་ལྔ་ཡིས་བཅོམ་གྱུར་ཏེ། །གཅིག་གིས་འཇོམས་ན་གང་ཞིག་


JLD013_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རྣམས་ནི། །རྟག་ཏུ་བསྟེན་པ་ཅི་ཕྱིར་འཇོམས་མི་འགྱུར། །ཞེས་གསུངས་སོ། །གཞན་ཡང་འབྱུང་ཉེ་ལ་དབྲལ་བར་དཀའ་བ་རྙེད་པ་དང་གྲགས་པ་དང་བསྟོད་པ་དང་བདེ་བ་བཞི་ལ་སྲེད་ཅིང༌། དེ་དག་གི་ལྡོག་ཕྱོགས་བཞི་ལ་ཡིད་མི་དགའ་བའི་གཉེན་པོ་ལ་འབད་དེ། དེ་ཡང་སྤྱིར་འཁོར་བའི་ཉེས་དམིགས་བསྒོམ་པ་དང༌། ཁྱད་པར་དུ་འཆི་བ་དྲན་པ་གནད་དུ་སོང་ན་ལྡོག་པར་འགྱུར་རོ། །ང་རྒྱལ་ནི་འདིར་ལམ་སྐྱེ་བའི་གེགས་ཀྱི་མཆོག་ཕྱི་མར་བྲན་ལ་སོགས་པའི་རྒྱུ་ཡིན་པས་སྤང་སྟེ། སྤོང་ཚུལ་ནི། བཤེས་སྤྲིངས་ལས། ན་རྒ་འཆི་སྡུག་བྲལ་དང་དེ་བཞིན་དུ། །ལས་རྣམས་བདག་གིར་བྱ་ལས་མ་འདས་ཞེས། །དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི། །དེ་ཡི་གཉེན་པོའི་སྒོ་ནས་རྒྱགས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །བདེན་པ་དང་དཀོན་མཆོག་དང་ལས་འབྲས་ལ་ངེས་པ་རྙེད་ན་ནི་ཐེ་ཚོམ་གྱི་ཕྲ་རྒྱས་མི་འབྱུང་ངོ་། །གཞན་ཡང་གཉིད་དང་རྨུགས་པ་དང་རྒོད་པ་དང་ལེ་ལོ་དང་བག་མེད་པ་དང་ངོ་ཚ་མེད་ཅིང་ཁྲེལ་མེད་པ་དང་བརྗེད་ངས་དང་ཤེས་བཞིན་མ་ཡིན་པ་ཞེས་བྱ་བའི་ཉེ་བའི་ཉོན་མོངས་པ་རྣམས་ནི་དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པ་འབྱུང་ཉེ་བ་རྣམས་ཡིན་པས། ཉེས་དམིགས་རིག་པར་བྱས་ལ་གཉེན་པོ་བསྟེན་ནས་འཕྲལ་འཕྲལ་དུ་མཐུ་ཇེ་ཆུང་དུ་གཏོང་བ་ལ་གོམས་པར་བྱའོ། །ཉེས་དམིགས་ནི། བཤེས་སྤྲིངས་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང༌། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་


JLD013_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་རིག་པར་མཛོད། །ཅེས་དང༌། ལྷག་པའི་བསམ་པ་བསྐུལ་བ་ལས་ཀྱང༌། གང་ཞིག་གཉིད་དང་རྨུགས་ལ་དགའ་འགྱུར་བ། །བད་ཀན་རླུང་དང་དེ་བཞིན་མཁྲིས་པ་རྣམས། །དེ་དག་དེ་ཡི་ལུས་ལ་ཤས་ཆེར་འབྱུང༌། །དེ་ཡི་ཁམས་རྣམས་རབ་ཏུ་འཁྲུག་པར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །ཁ་ཟས་ཉེས་པས་ལྟོ་ནི་མ་དག་ཅིང༌། །ལུས་ཀྱང་ལྕི་ལ་ཟོ་མདོག་བདེ་མ་ཡིན། །དེ་ཡི་ཚིག་ཀྱང་གསལ་བར་མི་འགྱུར་རོ། །ཞེས་དང༌། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་རྨོངས་ཤིང་ཆོས་ལ་འདུན་པ་ཉམས། །བྱིས་པ་ཡོན་ཏན་ཀུན་ལས་ཡོངས་སུ་ཉམས། །དཀར་པོ་ཉམས་ཤིང་མུན་པར་འགྲོ་བར་འགྱུར། །ཞེས་ཉེས་དམིགས་མང་དུ་གསུངས་པ་དང༌། དྲན་པ་ཉེར་གཞག་ལས། ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་དང༌། ཚོམས་ལས། བག་མེད་པ་ལ་སྦྱོར་བྱེད་པ། །སྐྱེ་བོ་བྱིས་པ་བསམ་བརླག་ཡིན། །ཚོང་དཔོན་ནོར་རྣམས་བསྲུང་བ་ལྟར། །མཁས་པས་བག་དང་ལྡན་པར་བྱ། །ཞེས་དང༌། སྐྱེས་རབས་ལས། ལྷ་དབང་ཕྱིར་ཡང་ངོ་ཚ་བོར་ནས་ནི། །ཡིད་ལ་ཆོས་དང་འགལ་བ་བྱེད་པ་བས། །གྱོ་མོའི་སྣོད་ཐོགས་གོས་ངན་གྱོན་ནས་ནི། །དགྲ་བོའི་ཁྱིམ་དུ་འབྱོར་པ་མཐོང་ཡང་བླ། །ཞེས་དང༌། བཤེས་སྤྲིངས་ལས། དབང་ཕྱུག་ལུས་གཏོགས་དྲན་པ་བདེར་གཤེགས་ཀྱི། །བགྲོད་པ་གཅིག་པའི་


JLD013_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་ཉེ་བར་བསྟན། །དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཞེས་དང༌། སྤྱོད་འཇུག་ལས། ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང་། །ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དགག་པར་མ་ནུས་ཀྱང༌། ཉོན་མོངས་ཀྱི་ཁ་མི་སྐྱོར་ཕྱོགས་མི་འཛིན་པར་དགྲར་ལྟ་བ་ཞིག་ད་ལྟ་མེད་དུ་མི་རུང་བས་གཉེན་པོའི་ཕྱོགས་བཟུང་ལ་ཉོན་མོངས་སུན་འབྱིན་པ་ལ་འབད་ནས། རང་གིས་གང་ཁས་བླངས་པའི་ཚུལ་ཁྲིམས་ཡོངས་སུ་དག་པར་བྱའོ། །ཇོ་བོ་ཆེན་པོའི་སློབ་མ་དཔལ་ལྡན་དགོན་པ་བའི་ཞལ་ནས་ཀྱང༌། སྣེའུ་ཟུར་པ་ལ། ཡེ་འབར། སང་གནངས་ཙ་ན་ཁྱེད་ཀྱི་དགེ་བཤེས་པ་དེ་ཀུན་མན་ངག་གི་མཐིལ་གང་ལ་བྱེད་ཟེར་ནས་འདྲི་ན། མངོན་པར་ཤེས་པའམ་ཡི་དམ་གྱི་ལྷ་ཞལ་མཐོང་བ་ལ་བྱེད་བྱས་པར་འོང་ངོ་། །ལས་རྒྱུ་འབྲས་ལ་ཇེ་ངེས་ཇེ་ངེས་སོང་ནས་ཇི་ལྟར་ཁས་བླངས་པའི་སྡོམ་པ་དག་པར་བསྲུང་བ་ཞིག་ལ་བྱེད་ཟེར་བ་ཡིན་ནོ་གསུང༌། དེས་ན་བསྒོམས་པའི་དངོས་གྲུབ་ཀྱང་མ་རིག་པ་ལ་སོགས་པའི་ཉོན་མོངས་ཇེ་ཆུང་དུ་སོང་བ་ལ་བྱ་གསུང་བ་ལྟར་གོ་དགོས་སོ། །ཚེ་འདི་ཕྱི་གཉིས་ཀར་སྡིག་དང་སྡུག་བསྔལ་འབའ་ཞིག་བསྐྱེད་པའི་གཞན་དང་འཁྲུག་པ་ལ་ཡང༌། དེའི་རིང་གི་སྡུག་བསྔལ་ཐམས་ཅད་སྲོག་དང་བསྡོས་ནས་བཟོད་པར་བྱེད་ཅིང༌། རྨས་


JLD013_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྨ་ལ་སོགས་པ་ཡང་འདི་དེའི་ཚེ་བྱུང་བ་ཡིན་ཟེར་ནས་ངོམ་པར་བྱེད་ན། ཉོན་མོངས་གཞོམ་པ་ལ་བརྩོན་པའི་དུས་སུ་དཀའ་སྤྱད་བཟོད་པ་ནི་ཤིན་ཏུ་ཡང་རིགས་ཏེ། སྤྱོད་འཇུག་ལས། དོན་མེད་དགྲ་ཡིས་རྨ་སྲོལ་བཏོད་པ་ཡང༌། །ལུས་ལ་རྒྱན་དང་འདྲ་བར་སྲེལ་བྱེད་ན། །དོན་ཆེན་བསྒྲུབ་ཕྱིར་ཡང་དག་བརྩོན་གྱུར་པ། །བདག་ལ་སྡུག་བསྔལ་ཅི་ཕྱིར་གནོད་བྱེད་ཡིན། །ཞེས་གསུངས་སོ། །དེ་ལྟར་ཉོན་མོངས་པའི་དགྲ་ལ་འཐབས་ནས་རྒྱལ་བ་ལ་དཔའ་བོ་ཞེས་བྱ་ཡི། དགྲ་གཞན་ལ་འཐབ་པ་ནི་མ་བསད་ཀྱང་ངང་གིས་འཆི་བ་ལ་རྒོལ་བས་རོ་ལ་གསོད་པ་དང་འདྲ་སྟེ། སྤྱོད་འཇུག་ལས། སྡུག་བསྔལ་ཐམས་ཅད་ཁྱད་བསད་ནས། །ཞེ་སྡང་ལ་སོགས་དགྲ་འཇོམས་པ། །དེ་དག་རྒྱལ་བྱེད་དཔའ་བོ་སྟེ། །ལྷག་མ་རོ་ལ་གསོད་པ་འོ། །ཞེས་གསུངས་སོ། །དེའི་ཕྱིར་དེ་ཉིད་ལས། ཉོན་མོངས་ཕྱོགས་ཀྱི་ཁྲོད་གནས་ན། །རྣམ་པ་སྟོང་དུ་བསྲན་གཟུག་སྟེ། །ཝ་ལ་སོགས་པས་སེང་གེ་བཞིན། །ཉོན་མོངས་ཚོགས་ཀྱིས་མི་ཚུགས་བྱ། །ཞེས་གསུངས་པ་ལྟར། ལམ་གྱི་མི་མཐུན་པའི་ཕྱོགས་ཀུན་གྱིས་ཚུར་ལ་མི་ཚུགས་ཤིང་དེ་དག་ལས་རྒྱལ་བར་བྱའོ། །སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་བཤད་ཟིན་ཏོ།། །།༈ རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དེ་ལྟར་འཁོར་བའི་ཉེས་དམིགས་སྒོ་སྣ་ཚོགས་ནས་རྒྱུན་རིང་དུ་བསྒོམས་པ་ལས་སྲིད་པ་ཐམས་ཅད་མེ་འབར་བའི་རླུབས་ལྟར་མཐོང་སྟེ། ཉོན་མོངས་པ་དང་སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་ལ་ཐོབ་འདོད་


JLD013_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཡིད་ཀུན་ཏུ་གདུངས་པ་དེས། ལམ་བསླབ་པ་རིན་པོ་ཆེ་གསུམ་ལ་བསླབས་ན་འཁོར་བ་ལས་གྲོལ་བའི་ཐར་པ་འཐོབ་ཅིང༌། དེ་ཡང་མཐོ་རིས་ཀྱི་དཔལ་ལྟར་སླར་ལྡོག་པ་ཡང་མ་ཡིན་མོད། འོན་ཀྱང་སྐྱོན་ཟད་པ་དང་ཡོན་ཏན་ཐོབ་པ་ཕྱོགས་རེ་བ་ཡིན་པས་རང་གི་དོན་མ་རྫོགས་ལ་དེ་ཉིད་ཀྱིས་ན་གཞན་གྱི་དོན་ཡང་ཉི་ཚེ་བར་ཟད་ཅིང༌། མཐར་སངས་རྒྱས་ཀྱིས་བསྐུལ་ནས་ཐེག་ཆེན་དུ་འཇུག་དགོས་པས་ན། བློ་དང་ལྡན་པ་རྣམས་ཀྱིས་ནི་ཐོག་མ་ནས་ཐེག་པ་ཆེན་པོར་འཇུག་པར་རིགས་ཏེ། ཕར་ཕྱིན་བསྡུས་པ་ལས། འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱས་ཤིང༌། །ཐུབ་རྒྱལ་ཐེག་པ་སྙིང་རྗེས་བསྟན་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག །ཅེས་དང༌། བདེ་དང་མི་བདེ་རྨི་ལམ་འདྲར་བགྲངས་ཤིང༌། །གཏི་མུག་སྐྱོན་གྱིས་དམའ་བའི་འགྲོ་མཐོང་ན། །ལས་ཀྱི་དམ་པ་གཞན་དོན་དགའ་བོར་ཞིང༌། །རང་གི་དོན་ལ་དེ་ཀོ་ཅི་སྟེ་བརྩོན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རང་ཉིད་སྲིད་པའི་མཚོར་ལྷུང་བ་དང་འདྲ་བར་འགྲོ་བ་རྣམས་ཀྱང་བླང་དོར་འབྱེད་པའི་ཤེས་རབ་ཀྱི་མིག་ཟུམ་པས་ཉམ་ང་བ་དང་བྲལ་བའི་ཕྱོགས་སུ་བགྲོད་མི་ནུས་པར་གོམ་འགྲོས་འཁྱོར་བ་མཐོང་ན། རྒྱལ་བའི་རིགས་དང་ལྡན་པ་རྣམས་གཞན་ལ་བརྩེ་བ་མེད་པ་དང་དེ་དག་གི་དོན་དུ་མི་བརྩོན་པ་ནི་མི་རིགས་ཏེ། དེ་ཉིད་ལས། ཤེས་རབ་མིག་ཟུམ་འགྲོས་འཁྱོར་གྱུར་པ་ལ། །འཇིག་རྟེན་དོན་སྒྲུབ་རྒྱལ་བའི་རྒྱལ་རིགས་ན། །སྙིང་རྗེ་མི་བསྐྱེད་


JLD013_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་གང་ཞིག་ཡོད། །དེ་དག་རྨོངས་བསལ་བརྩོན་འགྲུས་སུ་མི་རྩོམ། །ཞེས་སོ། །འདི་ན་སྐྱེས་བུ་རྣམས་ཀྱི་བདེ་བ་དང་བརྗིད་བག་དང་སྐྱེས་བུའི་རྩལ་ནི་གཞན་གྱི་དོན་ཁུར་དུ་འཁྱེར་བ་ལ་བྱ་བར་རིགས་ཏེ། རང་གི་དོན་ཙམ་ལ་དམིགས་པ་ནི་དུད་འགྲོ་རྣམས་དང་ཡང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཆེན་པོ་རྣམས་ཀྱི་ངང་ཚུལ་ནི་གཞན་གྱི་ཕན་བདེ་ལ་མཐའ་གཅིག་ཏུ་གཞོལ་བ་ཡིན་ཏེ། སློབ་མ་ལ་སྤྲིངས་པ་ལས། ཤིན་ཏུ་རྙེད་སླའི་རྩྭ་ཁམ་འགའ་ལྟ་ཕྱུགས་ཀྱང་རང་ཉིད་ཟ། །ཤིན་ཏུ་སྐོམ་པས་གདུངས་པའང་ཆུ་ཞིག་རྙེད་ན་དགའ་མགུར་འཐུང༌། །འདི་ན་སྐྱེས་བུ་གཞན་དོན་བྱེད་པར་བརྩོན་པ་གང་ཡིན་པ། །དེ་འདིའི་བརྗིད་བག་ཡིན་ཏེ་དེ་བདེ་སྐྱེས་བུའི་རྩལ་དེ་འཕགས། །ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང༌། །ཁུར་ལ་མི་རྩེག༌ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་དེ། །རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། །ཞེས་སོ། །དེ་ལྟར་འགྲོ་བ་སྡུག་བསྔལ་གྱིས་ཀུན་ཏུ་གདུངས་པར་མཐོང་ནས་དེ་དག་གི་དོན་དུ་བྲེལ་བ་ལ་སྐྱེས་བུ་ཞེས་བྱ་ལ་མཁས་པ་ཞེས་ཀྱང་དེ་ལ་བྱ་སྟེ། དེ་ཉིད་ལས། འཇིག་རྟེན་མ་རིག་དུད་སྤྲིན་འཁྲིགས་པས་འགྲོ་བ་འཁྲུགས་གྱུར་པ། །སྡུག་བསྔལ་མེ་རབ་འབར་བའི་ནང་དུ་དབང་མེད་ལྷུང་མཐོང་ནས། །ཐོད་ལ་མེ་མཆེད་འབར་བ་ལྟ་བུར་ཡིད་བྲེལ་བརྩོན་པ་གང༌། །འདི་ན་དེ་དག་སྐྱེས་བུ་ཡིན་ཏེ་མཁས་པའང་དེ་དག་ཡིན། །ཞེས་སོ། །དེའི་ཕྱིར་རང་གཞན་གྱི་ལེགས་


JLD013_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་འབྱུང་གནས། རྒུད་པ་ཐམས་ཅད་སེལ་བའི་སྨན། མཁས་པའི་སྐྱེ་བོ་ཀུན་གྱིས་བགྲོད་པའི་ལམ་ཆེན་པོ། མཐོང་བ་དང་ཐོས་པ་དང་དྲན་པ་དང་རེག་པས་ཀྱང་འགྲོ་བ་ཀུན་གྱི་གསོས་སུ་འགྱུར་བ། གཞན་གྱི་དོན་དུ་ཞུགས་པས་རང་གི་དོན་མ༌ཚང་བ་མེད་པར་ཞར་ལ་འགྲུབ་པའི་ཐབས་མཁས་པ་ཆེན་པོ་དང་ལྡན་པའི་ཐེག་པ་ཆེན་པོ་ལ་འཇུག་ཏུ་ཡོད་པ་ནི། ཀྱེ་མའོ་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་བསམས་ལ། སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་ཐེག་པའི་མཆོག་འདིར་འཇུག་པར་བྱའོ། །དེ་ཡང་ཕར་ཕྱིན་བསྡུས་པ་ལས། ཤེས་རབ་རྣམ་དག་མངོན་སྒྲུབ་ཐེག་པའི་མཆོག །ཐུབ་ཆེན་ཐམས་ཅད་མཁྱེན་པ་དེ་ལས་འབྱུང༌། །དེ་ནི་འཇིག་རྟེན་རྣམས་ཀྱི་མིག་བཞིན་ཏེ། །འོད་ལྡན་ཉི་མ་ཤར་བའི་འོད་དང་འདྲ། །ཞེས་གསུངས་པ་ལྟར། སྒོ་སྣ་ཚོགས་ནས་ཐེག་པ་ཆེན་པོའི་ཡོན་ཏན་མཐོང་བས་ཡིད་དྲངས་པའི་གུས་པ་ཆེན་པོ་བསྐྱེད་ནས་འཇུག་པར་བྱའོ། །དེ་ལྟར་ན་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་གསུམ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ་དང༌། སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ་དང༌། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་ཐེག་པ་ཆེན་པོ་ལ་འཇུག་དགོས་ན་འཇུག་པའི་སྒོ་གང་ནས་ཡིན་སྙམ་ན། དེ་ལ་རྒྱལ་བས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་གསུངས་ཀྱི། དེ་ལས་གཞན་པའི་ཐེག་པ་ཆེན་པོ་ནི་མེད་


JLD013_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་གཉིས་གང་གི་སྒོར་འཇུག་ཀྱང་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། དེ་རྒྱུད་ལ་ནམ་སྐྱེས་པ་ན་གཞན་གང་ཡང་མ་སྐྱེས་ཀྱང་ཐེག་ཆེན་པར་འཇོག་པ་ཡིན་ལ། དེ་དང་ནམ་བྲལ་བ་ན་སྟོང་པ་ཉིད་ཀྱི་རྟོགས་པ་ལ་སོགས་པའི་ཡོན་ཏན་ཅི་ཡོད་ཀྱང་ཉན་ཐོས་ལ་སོགས་པའི་སར་ལྟུང་ཞིང༌། ཐེག་ཆེན་ལས་ཉམས་པ་ཡིན་པར་ཐེག་པ་ཆེན་པོ་པའི་གཞུང་དུ་མ་ལས་གསུངས་ཤིང་རིགས་པས་ཀྱང་འགྲུབ་པ་ཡིན་ནོ། །དེས་ན་དང་པོར་ཐེག་ཆེན་པར་ཆུད་པ་ཡང༌། སེམས་དེ་བསྐྱེད་པ་ཙམ་གྱིས་འཇོག་ལ། ཕྱིས་ཐེག་ཆེན་པའི་ནང་ནས་འཐོན་པའང་དེ་དང་བྲལ་བ་ཙམ་གྱིས་འཇོག་པས་ན་ཐེག་ཆེན་པ་ནི་སེམས་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་དོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག༌གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེར་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །ཞེས་དང༌། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད༌གྱུར་ཏོ། །ཞེས་སེམས་བསྐྱེད་མ་ཐག་ཏུ་རྒྱལ་སྲས་སུ་འགྲོ་བར་གསུངས་ལ། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་ཀྱང༌། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཞིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །རིགས་ཀྱི་བུ། དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་


JLD013_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཞིང༌། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །ཞེས་སྤྱོད་པ་ལ་མ་བསླབས་ཀྱང་སེམས་དེ་ཡོད་ན་བྱང་ཆུབ་སེམས་དཔར་གསུངས་པ་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཞེས་དང༌། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཆེན་པོ་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་བ་འདི་དང་ཤིན་ཏུ་ཟབ་པ་འདི་དང་གཏིང་དཔག་དཀའ་བ་དང་གསང་བ་བས་ཀྱང་ཆེས་གསང་བ་སེམས་ཅན་སྡིག་ཅན་རྣམས་ལ་བསྟན་དུ་མི་རུང་བ་འདི་ནི་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཤིན་ཏུ་དཀོན་པ་ཞིག་སྨྲས་ཏེ། འདི་ནི་སྔོན་མ་ཐོས་ན་འདི་སེམས་ཅན་ཇི་ལྟ་བུ་དག་ལ་བཤད་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ། གང་དག་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཞུགས་པ་དང་གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱ་ཡི། གང་དག་གི་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་


JLD013_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བལྟར་མི་གཞུག་གོ །དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ཀྱང་བསྟན་པར་མི་བྱའོ། །ཞེས་གསུངས་སོ། །དེས་ན་ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག་གི །གང་ཟག་དེ་ཐེག་པ་ཆེན་པོ་པར་ཆུད་པ་ཞིག་གལ་ཆེའོ། །ཐེག་ཆེན་པར་བྱེད་པའང་བྱང་ཆུབ་ཀྱི་སེམས་ཉིད་ལ་རག་ལས་པས་ན། སེམས་དེ་གོ་བ་ཙམ་ལས་མེད་ན་ཐེག་ཆེན་པའང་དེ་དང་འདྲ་ལ། སེམས་དེ་མཚན་ཉིད་ཚང་བ་ཞིག་ཡོད་ན་ཐེག་ཆེན་པའང་རྣམ་པར་དག་པ་ཞིག་འོང་བས་འདི་ལ་འབད་པར་བྱའོ། །འདི་ལ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་གསུངས་པ་ལ་ངེས་པ་རྙེད་དགོས་པས་དེ་བཤད་པར་བྱའོ། །དེ་ལ་ཆུ་དང་ལུད་དང་དྲོད་དང་ས་ལ་སོགས་པ་ནི་འབྲས་ཀྱི་ས་བོན་དང་ཚོགས་ན་འབྲས་ཀྱི་མྱུ་གུའི་རྒྱུ་བྱེད་ལ། གྲོ་དང་སྲན་མ་ལ་སོགས་པའི་ས་བོན་དང་ཚོགས་ནའང་དེ་དག་གི་མྱུ་གུའི་རྒྱུ་བྱེད་པས་དེ་དག་ནི་རྒྱུ་ཐུན་མོང་བ་ཡིན་ནོ། །ནས་ཀྱི་ས་བོན་ནི་རྐྱེན་སུ་དང་ཚོགས་ཀྱང་འབྲས་ལ་སོགས་པའི་མྱུ་གུའི་རྒྱུར་མི་རུང་བས། ནས་ཀྱི་མྱུ་གུའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་ལ། དེས་ཟིན་པའི་ཆུ་ལུད་ལ་སོགས་པའང་ནས་ཀྱི་མྱུ་གུའི་རྒྱུར་འགྱུར་བ་དེ་བཞིན་དུ། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་མྱུ་གུའི་རྒྱུའི་ནང་ནས་ས་བོན་ལྟ་བུ་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ཆུ་ལུད་ལ་སོགས་པ་དང་འདྲ་བར་བྱང་ཆུབ་གསུམ་གའི་རྒྱུ་ཐུན་མོང་བ་ཡིན་ནོ། །དེའི་ཕྱིར་རྒྱུད་བླ་མ་ལས་ཀྱང༌། ཐེག་མཆོག་ལ་མོས་ས་བོན་ཤེས་


JLD013_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང༌། ཞེས་བྱང་ཆུབ་ཀྱི་སེམས་ནི་ཕའི་ས་བོན་དང་བདག་མེད་རྟོགས་པའི་ཤེས་རབ་ནི་མ་ལྟ་བུར་གསུངས་ཏེ། དཔེར་ན། ཕ་བོད་ལ་ནི་བུ་རྒྱ་དང་ཧོར་ལ་སོགས་པ་སྐྱེ་མི་སྲིད་པས་ཕ་ནི་བུའི་རིགས་ངེས་པའི་རྒྱུ་ཡིན་ལ། མ་བོད་ལས་ནི་བུ་སྣ་ཚོགས་པ་སྐྱེ་བས་ཐུན་མོང་གི་རྒྱུར་འགྱུར་བ་བཞིན་ནོ། །མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། སངས་རྒྱས་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་ངེས། །ཞེས་ཤེར་ཕྱིན་ལ་བསྟོད་པས་ཉན་རང་རྣམས་ཀྱང་དེ་ལ་བརྟེན་ལ། དེས་ན་ཤེར་ཕྱིན་ལ་ཡུམ་ཞེས་ཀྱང་གསུངས་པས་ཐེག་པ་ཆེ་ཆུང་གཉིས་ཀའི་སྲས་ཀྱི་ཡུམ་ཡིན་པས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཐེག་པ་ཆེ་ཆུང་འབྱེད་པ་མིན་གྱི། བྱང་ཆུབ་ཀྱི་སེམས་དང་སྤྱོད་པ་རླབས་ཆེ་བ་རྣམས་ཀྱིས་འབྱེད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་ལྟ་བས་མ་ཕྱེ་ཞིང་སྤྱོད་པས་ཕྱེ་བར་གསུངས་སོ། །དེ་ལྟར་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱང་ཐེག་པ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པར་མི་འགྱུར་ན། དེ་ལས་གཞན་པའི་ལམ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་གདམས་པའི་མཐིལ་དུ་བཟུང་ནས་སྦྱོང་བ་མེད་ཅིང་ཐུན་


JLD013_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

འགོ་ལ་ཚིག་ཙམ་ཞིག་དྲན་པར་བྱས་ནས་ལམ་གྱི་ཆ་ཤས་ཕྲ་མོ་རེ་ལ་ནན་ཏན་དུ་མས་འབད་པ་ནི་ཆོས་རྒྱུས་ཤིན་ཏུ་ཆུང་བར་གསལ་ལོ། །སྤྱིར་བུ་སྐྱེད་པ་ལ་ཕ་མ་གཉིས་ཆར་དགོས་པ་ལྟར། ལམ་ཆ་ཚང་བ་ལ་ཐབས་དང་ཤེས་རབ་ཀྱི་ཕྱོགས་ཚང་བ་དགོས་ཤིང་ཁྱད་པར་དུ་ཐབས་ཀྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་དང༌། ཤེས་རབ་ཀྱི་གཙོ་བོ་སྟོང་པ་ཉིད་ཀྱི་རྟོགས་པ་དགོས་ལ། གལ་ཏེ་རེ་རེ་བ་ལས་མི་བསྒོམ་ན་འཁོར་བ་ལས་གྲོལ་བ་ཙམ་དོན་དུ་གཉེར་ན་ནི་ཞི་གནས་ལ་ལྷག་མཐོང་དུ་མ་འཁྲུལ་བར་བྱས་ནས་བདག་མེད་པ་སྟོང་པ་ཉིད་ཀྱི་དོན་བསྒོམ་དགོས་ནའང༌། ཐེག་པ་ཆེན་པོ་པར་ཁས་འཆེ་ན་ནི་བྱང་ཆུབ་ཀྱི་སེམས་ལ་སྦྱང་དགོས་པ་ཡིན་ཏེ། རྗེ་བཙུན་བྱམས་པས། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཞེས་གསུངས་པ་ལྟར། ཤེས་རབ་ཀྱིས་འཁོར་བའི་མཐར་ལྟུང་བ་འགོག་ལ། སྙིང་རྗེས་ཞི་བའི་མཐར་ལྟུང་བ་འགོག་དགོས་པས། ཤེས་རབ་ཀྱིས་ཞི་བར་ལྟུང་བ་མི་ཁེགས་པའི་ཕྱིར་དང༌། སྲིད་པའི་མཐར་མ་ལྷུང་བ་ཐེག་དམན་ལ་ཡང་ཡོད་པའི་ཕྱིར་དང༌། བྱང་སེམས་ཀྱི་ལམ་གྱི་དགག་བྱའི་གཙོ་བོ་ཞི་བའི་མཐར་ལྟུང་བ་ཡིན་པའི་ཕྱིར་རོ། །དེས་ན་རྒྱལ་བའི་དགོངས་པ་འགྲེལ་བ་ལ་ཚད་མར་གྱུར་པའི་རྒྱལ་སྲས་རྣམས་ནི། རིན་པོ་ཆེའི་སེམས་འདི་ཉིད་རྒྱུད་ལ་སྐྱེས་ན་འདི་འདྲ་བའི་རྨད་དུ་བྱུང་བའི་ལམ་སྐྱེས་སོ་ཞེས་ཡ་མཚན་པར་འཛིན་གྱི། བྱིས་པ་མགུ་བའི་ཡོན་ཏན་ཕྲ་མོ་རེ་རྒྱུད་ལ་སྐྱེས་པ་ལ་དེ་


JLD013_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་མི་འཛིན་ཏེ། སྤྱོད་འཇུག་ལས། གཞན་དག་རང་གི་དོན་དུ་ཡང༌། །མི་འབྱུང་སེམས་ཅན་དོན་སེམས་གང༌། །སེམས་ཀྱི་རིན་ཆེན་ཁྱད་པར་འདི། །སྔ་ན་མེད་པའི་རྨད་ཅིག༌འཁྲུངས། །ཞེས་དང༌། དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲ་ག་ལ་ཡོད། །ཅེས་དང༌། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །ཞེས་གསུངས་པ་དང༌། དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ཕྱུང་བ་ཡིན། །ཞེས་གསུང་རབ་ཀྱི་སྙིང་པོ་ཕྱུང་བའི་གདམས་པའི་མཆོག་ཏུ་གསུངས་པའི་ཕྱིར་རོ། །དེས་ན་དཔལ་ལྡན་ཨ་ཏི་ཤ་དབུ་མའི་ལྟ་བ་འཛིན་ཅིང་གསེར་གླིང་པ་སེམས་ཙམ་རྣམ་བདེན་གྱི་ལྟ་བ་འཛིན་པ་ཡིན་ཀྱང་བྱང་ཆུབ་ཀྱི་སེམས་ཁོང་ལ་བརྟེན་ནས་རྙེད་པས། བླ་མ་རྣམས་ཀྱི་སྐུ་དྲིན་ཆེ་ཤོས་སུ་འཛིན་པའི་རྣམ་པར་ཐར་པ་ལ་གསུང་རབ་ཀྱི་གནད་ཤེས་པ་ཞིག་གིས་བལྟས་ན་ལམ་གྱི་གནད་ལ་གོ་རྒྱུ་ཆེན་པོ་ཡོད་དོ། །འདི་ལ་འབད་ནས་བཅོས་མ་མིན་པ་ཞིག་སྐྱེ་རྒྱུ་བྱུང་ན་དེས་ཟིན་པའི་བྱ་རོག་ལ་ཟན་ཉུང་ཟད་ཅིག་བྱིན་པའང་བྱང་སེམས་ཀྱི་སྤྱོད་པ་ཞེས་བྱ་བའི་གྲངས་སུ་འགྲོ་ཡི། དེ་མེད་ན་སྟོང་གསུམ་རིན་པོ་ཆེས་བཀང་སྟེ་བྱིན་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པར་མི་ཆུད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དང་ལྷ་བསྒོམ་པ་དང་རྩ་རླུང་ཐིག་ལེ་སོགས་བསྒོམ་པའང་བྱང་ཆུབ་སེམས་དཔའི་སྤྱོད་པར་མི་ཆུད་


JLD013_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །འཇིག་རྟེན་ན་རྩྭ་རྔ་བ་དང་ཟོར་བ་བརྡར་བའི་དཔེ་བརྗོད་པ་ལྟར། རིན་པོ་ཆེའི་སེམས་འདི་གནད་དུ་མ་སོང་བར་ཡུན་ཇི་ཙམ་དགེ་སྦྱོར་ལ་འབད་ལོ་བྱས་ཀྱང་ཟོར་བ་ཤིན་ཏུ་རྟུལ་བས་རྩྭ་རྔ་བ་དང་འདྲ་སྟེ། ས་བཅད་པ་ཅི་ཡང་མེད་ལ། སེམས་འདི་གནད་དུ་ཞིག་སོང་ན་རེ་ཞིག་ལ་མི་རྔ་བར་ཟོར་བ་བརྡར་ནས་རྣོན་པོར་བྱས་ཏེ་དེ་ནས་བརྔས་པས་ཅུང་ཟད་ཙམ་ལའང་མང་དུ་བརྔས་ཟིན་པ་དང་འདྲ་སྟེ། སྐད་ཅིག་རེ་རེ་ལ་སྒྲིབ་པ་སྦྱོང་བ་དང་ཚོགས་སྡུད་པ་བདེ་བླག་ཏུ་ནུས་ཤིང་། དགེ་བ་ཆུང་བ་དང་བར་སྐབས་སུ་འཛད་པ་རྣམས་ཀྱང་རྒྱ་ཆེ་བ་དང་མི་ཟད་པར་བྱེད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་དང༌། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་དང༌། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམས་ན་ཡང༌། །ཕན་འདོགས་བསམ་པ་དང་ལྡན་ཏེ། །བསོད་ནམས་དཔག་མེད་ལྡན་གྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང༌། །རེ་རེའང་ཡོན་ཏན་དཔག་མེད་དུ། །བསྒྲུབ་པར་འདོད་པ་སྨོས་ཅི་དགོས། །ཞེས་དང༌། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་སོ། །


JLD013_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ་ལ་བཞི། རྒྱུ་གང་ལ་བརྟེན་ནས་ཇི་ལྟར་སྐྱེ་བ་དང༌། བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ་དང༌། སྐྱེས་པའི་ཚད་དང༌། ཆོ་གས་བཟུང་བའི་ཚུལ་ལོ། །དང་པོ་ལ་གསུམ་ལས་རྐྱེན་བཞི་ལས་སྐྱེ་ཚུལ་ནི། སངས་རྒྱས་སམ་བྱང་སེམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་རང་གིས་མཐོང་བའམ་ཡིད་ཆེས་པ་ལས་ཐོས་པ་ལ་བརྟེན་ནས། གང་ལ་གནས་པ་དང་ཞུགས་པའི་བྱང་ཆུབ་དེ་ནི་མཐུ་ཆེའོ་སྙམ་ནས་སེམས་བསྐྱེད་པ་དང༌། དེ་ལྟ་བུའི་མཐོང་ཐོས་མེད་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་བརྩམས་པའི་སྡེ་སྣོད་མཉན་པ་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་ནས་སེམས་བསྐྱེད་པ་དང༌། ཆོས་མ་ཐོས་ཀྱང་བྱང་སེམས་ཀྱི་དམ་ཆོས་ནུབ་ཏུ་ཉེ་བ་མཐོང་བ་ན། ཆོས་དེ་ལྟ་བུ་གནས་པ་ནི་སེམས་ཅན་དཔག་ཏུ་མེད་པའི་སྡུག་བསྔལ་སེལ་བར་བྱེད་པས་བདག་གིས་བྱང་སེམས་ཀྱི་ཆོས་རིང་དུ་གནས་པར་བྱ་བའི་ཕྱིར་དུ་ངེས་པར་སེམས་བསྐྱེད་དོ་སྙམ་ནས་སེམས་བསྐྱེད་པ་དང༌། ཆོས་ནུབ་པར་མ་མཐོང་ཡང་དུས་ངན་པ་གཏི་མུག་དང་ངོ་ཚ་དང་ཁྲེལ་མེད་དང་ཕྲག་དོག་དང་སེར་སྣ་སོགས་ཤས་ཆེ་བའི་དུས་འདིར་ནི་ཉན་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པའང་རྙེད་པར་དཀའ་ན། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་ཅི་སྨོས། རེ་ཞིག་བདག་གིས་སེམས་བསྐྱེད་ན་གཞན་ཡང་དེ་ལྟར་འགྱུར་རོ་སྙམ་ནས་སེམས་བསྐྱེད་པ་དཀའ་བར་མཐོང་ནས་སེམས་བསྐྱེད་པ་སྟེ་བཞིའོ། །སེམས་སྐྱེ་བའི་ཚུལ་ནི། བྱང་ཆུབ་


JLD013_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་སེམས་སྐྱེད་པར་བྱེད་ཅེས་གསུངས་པས་བྱང་ཆུབ་ལ་ཐོབ་འདོད་སྐྱེས་པའོ། །རྐྱེན་གང་གིས་བྱས་པ་ལ། དང་པོ་ནི། ཆོ་འཕྲུལ་ངོ་མཚར་བ་རྣམས་མཐོང་ངམ་ཐོས་ནས་ཡ་མཚན་སྐྱེས་ཏེ། དེ་ལྟ་བུའི་བྱང་ཆུབ་དེ་བདག་གིས་ཐོབ་པར་བྱའོ་སྙམ་ནས་ཡིན་ལ། གཉིས་པ་ནི། ཆོས་སྨྲ་བ་ལས་སངས་རྒྱས་ཀྱི་ཡོན་ཏན་ཉན་པས་དང་པོར་དད་པ་སྐྱེས། དེ་ནས་དེ་དག་ལ་ཐོབ་འདོད་སྐྱེས་པའོ། །གསུམ་པ་ནི། ཐེག་ཆེན་གྱི་བསྟན་པ་ནུབ་པར་འགྱུར་བ་མ་བཟོད་ནས་སངས་རྒྱས་ཀྱི་ཡེ་ཤེས་ལ་ཐོབ་འདོད་སྐྱེས་པ་སྟེ། འདི་ལ་བསྟན་པ་མ་ནུབ་ན་སེམས་ཅན་གྱི་སྡུག་བསྔལ་བཟློག་པར་མཐོང་བ་ཡོད་པས་སྡུག་བསྔལ་བསལ་བའི་ཕྱིར་དུ་དམིགས་པའང་ཡོད་མོད་ཀྱང༌། སེམས་བསྐྱེད་པའི་རྐྱེན་གྱི་གཙོ་བོ་བསྟན་པ་ནུབ་པ་ལ་མ་བཟོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འོག་ཏུ་སྙིང་རྗེ་ལ་བརྟེན་ནས་སྐྱེ་བར་བཤད་པ་དང་ཟློས་སོ། །བཞི་པ་ནི། དོན་ཆེ་བའི་སེམས་དེ་དཀོན་པར་མཐོང་ནས་གཙོ་བོར་དེས་བསྐུལ་ནས་སངས་རྒྱས་ལ་ཐོབ་འདོད་སྐྱེས་པ་སྟེ། སེམས་བསྐྱེད་པ་འདི་བྱང་ཆུབ་ལ་ཐོབ་འདོད་སྐྱེས་པའི་སྒོ་ནས་བཞག་གི་ཆེད་དུ་བྱ་བའི་སྒོ་ནས་མ་བཞག་པར་སྣང་ངོ་། །སངས་རྒྱས་ཀྱི་ཡོན་ཏན་ལ་དད་པ་སྦྱངས་པའི་སྒོ་ནས་སངས་རྒྱས་ལ་ཐོབ་འདོད་མེད་ན། རང་གི་དོན་འགྲུབ་པ་ལ་ཞི་བ་རྐྱང་པས་ཆོག་པར་འཛིན་པའི་བློ་མི་ལྡོག་སྟེ། བྱམས་པ་དང་སྙིང་རྗེ་སྦྱངས་པའི་སྒོ་ནས་གཞན་དོན་ལ་དགོས་པར་མཐོང་ནས་སངས་རྒྱས་ཐོབ་པར་འདོད་པས་ནི། གཞན་དོན་འགྲུབ་པ་ལ་ཞི་བ་རྐྱང་པས་ཆོག་པར་འཛིན་པ་


JLD013_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་ནུས་ཀྱི། ཆོག་འཛིན་སྔ་མ་བཟློག་མི་ནུས་པའི་ཕྱིར་དང་། དེ་འགོག་བྱེད་གཞན་ཡང་མེད་པའི་ཕྱིར་རོ། །རང་དོན་འགྲུབ་པ་ལ་ཞི་བ་རྐྱང་པས་ཆོག་པར་འཛིན་པའི་བློ་བཟློག་མི་དགོས་པའང་མིན་ཏེ། འཁོར་བ་ལས་གྲོལ་བ་ཙམ་གྱི་ཐེག་དམན་ལ་སྤངས་པ་དང་རྟོགས་པ་ཕྱོགས་རེ་བ་ལས་མེད་པས་རང་དོན་ཕུན་སུམ་ཚོགས་པ་མེད་པའི་ཕྱིར་དང༌། དེ་དག་སྲིད་པའི་རྒུད་པ་ལས་ཐར་ཡང་ཞི་བའི་རྒུད་པ་ལས་མ་གྲོལ་བའི་ཕྱིར་དང༌། རང་དོན་ཕུན་སུམ་ཚོགས་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུར་གསུངས་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ཡོན་ཏན་ལ་དད་པ་སྦྱངས་ནས་གཞན་དོན་ལྟ་ཞོག །རང་གི་དོན་འགྲུབ་པ་ལའང་སངས་རྒྱས་ཐོབ་པ་མེད་མི་རུང་དུ་མཐོང་ན་ནི་ཐེག་དམན་དུ་མི་ལྡོག་པའི་རྐྱེན་ཆེན་པོར་འགྱུར་རོ། །སྔར་བཤད་པའི་སེམས་བསྐྱེད་པ་དང་པོ་གཉིས་ལ་ནི་བྱམས་པ་དང་སྙིང་རྗེས་དྲངས་པ་མི་སྣང་ལ། གསུང་རབ་དང་བསྟན་བཅོས་གཞན་ལས་ཀྱང་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུའི་ཡོན་ཏན་མཐོང་བ་ཙམ་གྱིས་དྲངས་པའི་སངས་རྒྱས་ཐོབ་འདོད་ལ་སེམས་བསྐྱེད་དུ་བཤད་པ་མང་པོ་སྣང་བ་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པར་ཡི་དམ་བཅས་པའང་སེམས་བསྐྱེད་དུ་གསུངས་པ་སྣང་བས། དེ་གཉིས་རེ་རེ་ཡང་སེམས་བསྐྱེད་པ་ཙམ་གྱི་གྲངས་སུ་བགྲང་དགོས་ལ། མཚན་ཉིད་ཡོངས་སུ་རྫོགས་པའི་སེམས་བསྐྱེད་ལ་ནི་གཞན་དོན་ལ་དགོས་པར་མཐོང་བ་ཙམ་གྱིས་དྲངས་པའི་སངས་རྒྱས་ཐོབ་འདོད་ཙམ་


JLD013_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཆོག་པས། རང་དོན་ལའང་སངས་རྒྱས་མེད་དུ་མི་རུང་བར་མཐོང་བའི་ཐོབ་འདོད་དང་། དེ་ཡང་གཞན་གྱི་དོན་ཡལ་བར་བཞག་པ་མིན་པར་གཞན་གྱི་ཕྱིར་དུའང་དོན་དུ་གཉེར་བ་ཞིག་དགོས་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་བྱང་ཆུབ་དང་གཞན་དོན་དོན་གཉེར་གཉིས་ཀ་གསུངས་པའི་ཕྱིར་རོ། །རྒྱུ་བཞི་ལས་སྐྱེ་བ་ནི། རིགས་ཕུན་སུམ་ཚོགས་པ། དགེ་བཤེས་ཀྱིས་ཟིན་པ། སེམས་ཅན་ལ་སྙིང་བརྩེ་བ། འཁོར་བའི་དཀའ་སྤྱད་ལ་མི་སྐྱོ་བ་བཞི་ལ་བརྟེན་ནས་སེམས་བསྐྱེད་པའོ། །སྟོབས་བཞི་ལས་སྐྱེ་བ་ནི། རང་གི་མཐུས་རྫོགས་བྱང་འདོད་པ་རང་གི་སྟོབས་དང༌། གཞན་གྱི་མཐུས་རྫོགས་བྱང་འདོད་པ་གཞན་གྱི་སྟོབས་དང༌། སྔོན་ཐེག་ཆེན་ལ་གོམས་པ་དེ་ལྟར་སངས་རྒྱས་དང་བྱང་སེམས་ཀྱི་བསྔགས་པ་ཐོས་པ་ཙམ་གྱིས་སྐྱེ་བ་རྒྱུའི་སྟོབས་དང༌། འདིར་དམ་པ་བསྟེན་ཅིང་ཆོས་ཉན་ལ་སེམས་པ་སོགས་ཀྱི་དགེ་བ་ལ་རིང་དུ་གོམས་པ་སྦྱོར་བའི་སྟོབས་བཞི་ལ་བརྟེན་ནས་སྐྱེའོ། །དེ་ཡང་རྒྱུ་རྐྱེན་བརྒྱད་པོ་སོ་སོ་བའམ་ཚོགས་པ་ལ་བརྟེན་ནས་རང་དང་རྒྱུའི་སྟོབས་ལས་སྐྱེས་ན་བརྟན་ལ། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་གཞན་དང་སྦྱོར་བའི་སྟོབས་ལས་སྐྱེས་ན་མི་བརྟན་པར་བྱང་ས་ལས་གསུངས་སོ། །དེ་ལྟར་བསྟན་པ་སྤྱི་དང་ཐེག་པ་ཆེན་པོའི་བསྟན་པ་ནུབ་ཏུ་ཉེ་ཞིང༌། སྙིགས་མ་ལས་ཀྱང་ཆེས་སྙིགས་མར་གྱུར་པའི་དུས་འདིར་ལེགས་པར་གོ་ནས་སྙིང་ཐག་པ་ནས་སེམས་བསྐྱེད་པ་ཤིན་


JLD013_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དཀོན་པར་རིག་པར་བྱས་ལ་དམ་པའི་བཤེས་ལ་བརྟེན་ཏེ། ཐེག་པ་ཆེན་པོའི་སྡེ་སྣོད་ཉན་པ་དང་སེམས་པ་ལ་སོགས་པའི་སྦྱོར་བ་ལ་འབད་ཅིང་། གཞན་གྱིས་དབང་མེད་དུ་བསྐུལ་བ་དང་གཡམ་ལ་རྒྱུགས་དང་སྲོལ་ཀ་སོགས་ཀྱིས་མི་བྱ་བར། རང་གི་སྟོབས་ཀྱིས་བསམ་པ་ཐག་པ་ནས་སེམས་བསྐྱེད་པའི་རྩ་བ་ཚུགས་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་འདི་ལ་བརྟེན་དགོས་པའི་ཕྱིར་རོ། །གཉིས་པ་བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ་ནི། ཇོ་བོ་ཆེན་པོ་ནས་བརྒྱུད་པ་ལ་མན་ངག་རྒྱུ་འབྲས་བདུན་མ་དང༌། རྒྱལ་སྲས་ཞི་བ་ལྷའི་གཞུང་ནས་འབྱུང་བ་ལ་བརྟེན་ནས་སྦྱོང་བ་གཉིས་སྣང་ངོ་། །རྒྱུ་འབྲས་བདུན་ནི་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་སེམས་ལས་འབྱུང་ལ། སེམས་དེ་ལྷག་བསམ་ལས་དང༌། བསམ་པ་དེ་སྙིང་རྗེ་ལས་དང༌། སྙིང་རྗེ་བྱམས་པ་ལས་དང༌། བྱམས་པ་དྲིན་དུ་གཟོ་བ་ལས་དང༌། དྲིན་དུ་གཟོ་བ་དྲིན་དྲན་པ་ལས་དང༌། དྲིན་དྲན་པ་ནི་མར་མཐོང་བ་ལས་འབྱུང་བ་སྟེ་བདུན་ནོ། །འདི་ལ་གཉིས། རིམ་པ་ལ་ངེས་པ་བསྐྱེད་པ་དང༌། རིམ་ཅན་དུ་སྦྱང་བ་དངོས་སོ། །དང་པོ་ལ་གཉིས། ཐེག་ཆེན་གྱི་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ་དང༌། རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་དང་འབྲས་བུར་འགྱུར་ཚུལ་ལོ། །དང་པོ་ལ་གསུམ་ལས། ཐོག་མར་གལ་ཆེ་བ་ནི། སྙིང་རྗེ་ཆེན་པོས་ཡིད་བསྐྱོད་ན། སེམས་ཅན་ཐམས་ཅད་འཁོར་བ་ལས་གདོན་པའི་ཕྱིར་ངེས་པར་དམ་འཆའ་བར་འགྱུར་ལ། སྙིང་རྗེ་དམན་ན་དེ་ལྟར་བྱེད་པ་མི་འོང་


JLD013_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བས་འགྲོ་བ་མ་ལུས་པ་སྒྲོལ་བའི་ཁུར་འཁྱེར་བ་ནི་དེ་ལ་རག་ལས་པའི་ཕྱིར་དང༌། ཁུར་དེ་མི་འཛིན་ན་ཐེག་ཆེན་པར་མི་ཆུད་པའི་ཕྱིར་སྙིང་རྗེ་ནི་ཐོག་མར་གལ་ཆེ་བ་ཡིན་ནོ། །དེ་ལྟར་ཡང་བློ་གྲོས་མི་ཟད་པས་བསྟན་པ་ལས། བཙུན་པ་ཤཱ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་མི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། དབུགས་ཕྱི་ནང་དུ་རྒྱུ་བ་ནི་མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཞེས་དང༌། གཱ་ཡ་གཽ་རི་ལས་ཀྱང༌། འཇམ་དཔལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་ཅི། གནས་ནི་གང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ། །ཞེས་སོ། །དེ་ལྟར་དམ་བཅས་པ་དེ་ཡང་ཚོགས་གཉིས་རྒྱ་ཆེན་པོ་ལ་མ༌བསླབས་ན་མི་འགྲུབ་པར་མཐོང་ནས་བྱ་དཀའ་བའི་ཚོགས་རྒྱ་ཆེན་པོ་ལ་འཇུག་པས་ན་སྤྱོད་པ་ལ་འཇུག་པའི་རྟེན་ནོ། །བར་དུ་གལ་ཆེ་བ་ནི། དེ་ལྟར་ལན་ཅིག་སེམས་དེ་ལྟ་བུ་སྐྱེས་ནས་ཞུགས་ཀྱང་སེམས་ཅན་གྲངས་མང་ཞིང་བྱེད་ངན་པ་དང་བསླབ་པར་བྱ་བའང་ཤིན་ཏུ་བྱ་དཀའ་ཞིང་མཐའ་ཡས་པ་དང་དུས་ཀྱང་དཔག་ཏུ་མེད་པ་དགོས་པར་མཐོང་བ་ན་ཞུམ་ནས་ཐེག་པ་དམན་པར་ལྟུང་བ་ལ། སྙིང་རྗེ་ཆེན་པོ་ལན་ཅིག་བསྐྱེད་པ་ཙམ་མིན་པར་ཇེ་འཕེལ་དུ་གོམས་པར་བྱས་


JLD013_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་གི་བདེ་སྡུག་ལ་མི་ལྟ་ཞིང་གཞན་གྱི་དོན་ལ་མི་སྐྱོ་བས་ཚོགས་ཐམས་ཅད་བདེ་བླག་ཏུ་རྫོགས་པར་བྱེད་དེ། སྒོམ་རིམ་དང་པོ་ལས། དེ་ལྟར་སྙིང་རྗེ་ཆེན་པོས་བསྐྱོད་པས་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ལ་མི་ལྟ་བར་གཞན་ལ་ཤིན་ཏུ་ཕན་པ་དོན་དུ་གཉེར་བའི་ཕྱིར་ཚོགས་བསགས་པ་ཤིན་ཏུ་བྱ་དཀའ་ཞིང་ཡུན་རིང་ལ་དུབ་པར་འགྱུར་བ་ལ་འཇུག་གོ །འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས་གསུངས་པ་ལྟ་བུ་སྟེ། དེ་ལ་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྡུག་བསྔལ་གྱི་སྐྱེ་བ་མི་ལེན་པ་ཅི་ཡང་མེད་དོ། །དེས་བདེ་བའི་སྐྱེ་བ་མི་འདོར་བ་ཅི་ཡང་མེད་དོ་ཞེའོ། །དེ་ལྟར་ཤིན་ཏུ་བྱ་དཀའ་བ་ལ་ཞུགས་ན་རིང་པོར་མི་ཐོགས་པར་ཚོགས་ཡོངས་སུ་རྫོགས་སོ། །གདོན་མི་ཟ་བར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་ནོ། །ཞེས་སོ། །ཐ་མར་གལ་ཆེ་བ་ནི། སངས་རྒྱས་རྣམས་འབྲས་བུ་བརྙེས་པའི་ཚེ་ཡང་ཐེག་དམན་བཞིན་ཞི་བར་མི་གནས་པར། ནམ་མཁའ་ཇི་སྲིད་དུ་འགྲོ་བའི་དོན་མཛད་པའང་སྙིང་རྗེ་ཆེན་པོའི་མཐུ་སྟེ། དེ་མེད་ན་ཉན་ཐོས་ལྟར་འགྱུར་བའི་ཕྱིར་ཏེ། སྒོམ་རིམ་བར་པ་ལས། སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་གི་དོན་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་ཀྱང་སེམས་ཅན་གྱི་ཁམས་མཐར་ཐུག་གི་བར་དུ་བཞུགས་པར་མཛད་དོ། །ཞེས་དང༌། བཅོམ་ལྡན་


JLD013_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་སྙིང་རྗེ་ཆེན་པོ་དེ་ཉིད་ཡིན་ནོ། །ཞེས་སོ། །དཔེར་ན་ལོ་ཏོག་ལ་ཐོག་མར་ས་བོན་དང་བར་དུ་ཆུ་དང་ཐ་མར་སྨིན་པ་གལ་ཆེ་བ་ལྟར། སངས་རྒྱས་ཀྱི་ལོ་ཏོག་ལའང་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་སྙིང་རྗེ་ཡིན་པར་དཔལ་ལྡན་ཟླ་བ་གྲགས་པས་གསུངས་ཏེ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་སོ། །དོན་གྱི་དབང་འདི་གཟིགས་ནས། ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་ན་མཆིས་པ་ལགས་སོ། །ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས། སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས། དཔེར་བགྱི་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས། དཔེར་བགྱི་ན་སྲོག་གི་


JLD013_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་མཆིས་ན་དབང་པོ་གཞན་རྣམས་ཀྱང་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །ལམ་གྱི་གནད་དམ་པ་ལུང་མཐའ་ཡས་པ་དང་རིགས་པས་གྲུབ་པ་འདི་ལྟ་བུ་ལ་ངེས་པ་རྙེད་ན་ནི། བྱང་ཆུབ་ཀྱི་སེམས་རྩ་བ་སྙིང་རྗེ་དང་བཅས་པའི་ཆོས་སྐོར་ལ་གདམས་པའི་མཆོག་ཏུ་ཅིའི་ཕྱིར་མི་འཛིན། དེས་ན་ཞང་སྣ་ཆུང་སྟོན་པས། ཇོ་བོ་ལ་གདམས་ངག་ཞུས་ཀྱང་འཇིག་རྟེན་བློས་ཐོངས་བྱང་ཆུབ་ཀྱི་སེམས་སྒོམས་བྱ་བ་ཞིག་ལས་མི་འོང་བྱས་པ་ལ། དགེ་བཤེས་སྟོན་པས་ཁྲེལ་ནས། དེ་ཇོ་བོའི་གདམས་ངག་གི་མཐིལ་ཕྱུང་བ་ལ་གསུང་སྟེ། ཆོས་ཀྱི་གནད་མཁྱེན་པ་ཡིན་ནོ། །ངེས་པ་རྙེད་པའང་འདི་ཁོ་ན་དཀའ་བས་ཡང་དང་ཡང་དུ་བསག་སྦྱང་དང་སྡོང་པོ་བཀོད་པ་སོགས་ཀྱི་གསུང་རབ་དང་དགོངས་འགྲེལ་རྣམས་བལྟས་ནས་ངེས་པ་བརྟན་པོ་བཙལ་དགོས་ཏེ། དཔལ་ལྡན་མ་ཁོལ་གྱིས། ཁྱོད་ཀྱི་ཐུགས་ནི་རིན་པོ་ཆེ། །རྫོགས་པའི་བྱང་ཆུབ་ས་བོན་དེ། །དཔའ་ཁྱོད་ཁོ་ནས་སྙིང་པོར་མཁྱེན། །དེ་གཞན་སྐྱེ་བོས་འོལ་མི་དབྱི། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་འབྲས་སུ་འགྱུར་ཚུལ་ལ། མར་ཤེས་ནས་བྱམས་པའི་བར་རྒྱུར་འགྱུར་ཚུལ་ནི། སྤྱིར་སྡུག་བསྔལ་དང་བྲལ་འདོད་ཙམ་ཞིག་ནི་སེམས་ཅན་དེའི་སྡུག་བསྔལ་ཡང་ཡང་བསམས་ན་སྐྱེ་མོད་ཀྱང༌། བློ་དེ་སྐྱེ་སླ་བ་དང་ཤུགས་དྲག་པ་དང་བརྟན་པོར་སྐྱེ་བ་ལ་ནི་


JLD013_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་སེམས་ཅན་དེ་ཡིད་དུ་འོང་ཞིང་གཅེས་ལ་ཕངས་པའི་རྣམ་པ་ཅན་ཞིག་དགོས་ཏེ། གཉེན་ལ་སྡུག་བསྔལ་བྱུང་ན་མི་བཟོད་ལ། དགྲ་ལ་སྡུག་བསྔལ་བྱུང་ན་དགའ་ཞིང་། དགྲ་གཉེན་བར་མ་ལ་སྡུག་བསྔལ་བྱུང་ན་ཕལ་ཆེར་ཡལ་བར་འདོར་བའི་བཏང་སྙོམས་སྐྱེ་བ་བཞིན་ནོ། །དེ་ལ་དང་པོ་ནི་ཡིད་དུ་སྡུག་པ་ཡོད་པས་ཡིན་ལ། དེ་ཡང་ཇི་ཙམ་གཅེས་པ་དེ་ཙམ་དུ་སྡུག་བསྔལ་ལ་མི་བཟོད་པའང་དེ་ཙམ་སྐྱེ་སྟེ། གཅེས་པ་ཆུང་བ་དང་འབྲིང་ལ་མི་བཟོད་པ་ཤས་ཆུང་ལ་ཤིན་ཏུ་གཅེས་ན་སྡུག་བསྔལ་ཕྲ་མོ་ལའང་མི་བཟོད་པ་ཆེན་པོ་སྐྱེ་བར་སྣང་བས་སོ། །དགྲ་ལ་སྡུག་བསྔལ་མཐོང་ན་འབྲལ་འདོད་མི་སྐྱེ་བར་མ་ཟད་ད་དུང་དེ་ལས་ཆེ་བ་དང་དེ་དང་མ་བྲལ་ན་སྙམ་པ་སྐྱེ་བ་ནི་ཡིད་དུ་མི་འོང་བས་ལན་ལ། དེ་ཡང་ཡིད་དུ་མི་འོང་བ་ཤས་ཆེ་ཆུང་གིས་སྡུག་བསྔལ་བྱུང་བ་ལ་དགའ་བ་ཤས་ཆེ་ཆུང་དུ་འགྱུར་རོ། །དགྲ་གཉེན་བར་མའི་སྡུག་བསྔལ་ལ་མི་བཟོད་པའང་མེད་ལ་དགའ་བའང་མེད་པ་ནི་ཡིད་དུ་འོང་མི་འོང་གང་ཡང་མེད་པས་ལན་ནོ། །དེ་ལྟར་བྱས་ན་སེམས་ཅན་གཉེན་དུ་བསྒོམ་པ་ནི་ཡིད་འོང་བསྐྱེད་པའི་ཆེད་ཡིན་ལ། གཉེན་གྱི་མཐར་ཐུག་ནི་མ་ཡིན་པས་མར་བསྒོམ་པ་དང་དེའི་དྲིན་དྲན་པ་དང་དྲིན་ལན་གཟོ་བ་གསུམ་ནི་ཡིད་དུ་འོང་ཞིང་གཅེས་པ་སྒྲུབ་བྱེད་ཡིན་ལ། སེམས་ཅན་ལ་བུ་གཅིག་པུ་ལྟར་སྙིང་དུ་སྡུག༌པར་འཛིན་པའི་བྱམས་པ་ནི་དེ་གསུམ་གྱི་འབྲས་བུ་ཡིན་ཏེ། དེས་སྙིང་རྗེ་སྐྱེད་པར་བྱེད་དོ། །བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་དང་སྙིང་རྗེ་ལ་རྒྱུ་འབྲས་ཀྱི་ངེས་པ་མི་སྣང་ངོ་། །དེས་ན་མར་ཤེས་པ་སོགས་ཀྱི་དམིགས་


JLD013_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་ནི་བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་དང་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་གཉིས་ཀའི་གཞིར་སྣང་བས་འདི་ལ་འབད་དགོས་སོ། །སེམས་བསྐྱེད་སྐྱེ་བའི་རྒྱུར་སེམས་ཅན་རྣམས་གཉེན་དུ་བསྒོམ་པ་འདི་ནི། སློབ་དཔོན་ཟླ་བ་གྲགས་པ་དང་བཙུན་པ་ཟླ་བ་དང་སློབ་དཔོན་ཀ་མ་ལ་ཤཱི་ལ་རྣམས་ཀྱིས་བཤད་དོ། །ལྷག་བསམ་དང་སེམས་བསྐྱེད་འབྲས་བུར་འགྱུར་ཚུལ་ནི། དེ་ལྟར་བློ་རིམ་གྱིས་སྦྱངས་པས་སྙིང་རྗེ་སྐྱེས་པ་ན། སེམས་ཅན་གྱི་དོན་དུ་སངས་རྒྱས་ལ་ཐོབ་འདོད་སྐྱེ་བས་དེ་ཙམ་གྱིས་ཆོག་མོད། བར་དེར་ལྷག་བསམ་བཅུག་པས་ཅི་བྱ་སྙམ་ན། སེམས་ཅན་བདེ་བ་དང་ཕྲད་པ་དང་སྡུག་བསྔལ་དང་བྲལ་ན་སྙམ་པའི་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལའང་ཡོད་ཀྱང༌། སེམས་ཅན་ཐམས་ཅད་ལ་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བ་རང་གི་ཁུར་དུ་བཞེས་པ་ནི་ཐེག་ཆེན་པ་མིན་པ་ལ་མེད་པས། སྙིང་སྟོབས་ཀྱི་བསམ་པ་ལྷག་པའི་ལྷག༌བསམ་བསྐྱེད་དགོས་སོ། །དེས་ན་སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་སྙམ་པ་དང་སྡུག་བསྔལ་དང་བྲལ་ན་སྙམ་པས་མི་ཆོག་གི །རང་གིས་དེ་དག་བསྒྲུབ་པའི་ཁུར་སྙིང་ཐག་པ་ནས་འཁྱེར་དགོས་པས་ཁྱད་པར་རྣམས་ཕྱེད་པར་བྱ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། བློ་གྲོས་རྒྱ་མཚོ། དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་ཅིག་ལ་བུ་གཅིག་པུ་འདོད་པ་སྡུག་པ་ཕངས་པ་ཡིད་དུ་འོང་བ་མཐོང་ན་མི་མཐུན་པ་མེད་པ་ཞིག་ཡོད་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་པས་


JLD013_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཙང་བའི་དོང་དུ་ལྷུང་བར་གྱུར་ཏོ། །དེ་ནས་ཁྱེའུ་དེའི་མ་དང་གཉེན་གྱིས་ཁྱེའུ་དེ་མི་གཙང་བའི་དོང་དུ་ལྷུང་བ་དེ་མཐོང་ལ། མཐོང་ནས་ཀྱང་ཆོ་ངེ་ཆེན་པོས་འདེབས་ཤིང་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཏེ། མི་གཙང་བའི་དོང་དེར་ཞུགས་ནས་ཁྱེའུ་དེ་འདོན་པར་ནི་མི་བྱེད་དོ། །དེ་ནས་ཁྱེའུ་དེའི་ཕ་ཕྱོགས་དེར་སོང་སྟེ། དེས་བུ་གཅིག་པུ་དེ་མི་གཙང་བའི་དོང་དེར་ལྷུང་བར་མཐོང་ངོ་། །མཐོང་ནས་ཀྱང་རིངས་པར་རིངས་པར་བརྟབས་པའི་ཚུལ་གྱིས་བུ་གཅིག་པུ་དེ་འདོན་པའི་བློས་སྲེད་པར་བྱས་ཏེ་སྐྱུག་བྲོ་བ་མེད་པར་མི་གཙང་བའི་དོང་དེར་བབས་ཏེ་བུ་གཅིག་པུ་ཕྱུང་བར་གྱུར་ཏོ། །ཞེས་ཁམས་གསུམ་པོ་ནི་མི་གཙང་བའི་དོང་དང༌། བུ་གཅིག་པུ་ནི་སེམས་ཅན་རྣམས་དང༌། མ་དང་གཉེན་ནི་སེམས་ཅན་འཁོར་བར་ལྷུང་བ་མཐོང་ནས་མྱ་ངན་དང་སྨྲེ་སྔགས་འདོན་གྱི། གདོན་པར་ནུས་པ་མེད་པ་ཉན་རང་དང༌། ཚོང་དཔོན་དང་ཁྱིམ་བདག་ནི་བྱང་ཆུབ་སེམས་དཔའ་དང་དཔེ་དོན་དུ་སྦྱར་ནས་གསུངས་ཏེ། བུ་གཅིག་པུ་གཅེས་པ་མི་གཙང་བའི་དོང་དུ་ལྷུང་བ་ལ་དེའི་མ་སྙིང་རྗེ་སྐྱེ་བ་འདྲ་བ་ཞིག་ཉན་རང་ལ་ཡོད་པར་གསུངས་སོ། །དེས་ན་སྙིང་རྗེ་ལ་བརྟེན་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི་ལྷག་བསམ་བསྐྱེད་པར་བྱའོ། །དེ་ལྟར་སེམས་ཅན་སྒྲོལ་བའི་བློ་སྐྱེས་པ་ན་རང་གི་གནས་སྐབས་འདི་ལྟ་བུས་ནི་སེམས་ཅན་གཅིག་གི་དོན་རྫོགས་པའང་བྱ་བར་མི་ནུས་ལ། དེར་མ་ཟད་དགྲ་བཅོམ་པ་གཉིས་ཀྱི་གོ་འཕང་ཐོབ་ཀྱང་སེམས་ཅན་ཉུང་ཟད་རེ་དང་དེའི་དོན་ཡང་ཐར་པ་ཙམ་བསྒྲུབ་པར་ནུས་ཀྱི། ཐམས་ཅད་མཁྱེན་པ་ལ་དགོད་མི་ནུས་པས། སེམས་ཅན་མཐའ་ཡས་པ་དང་དེ་


JLD013_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་རྫོགས་པར་སུ་ཞིག་གིས་ནུས་སྙམ་དུ་བསམས་པ་ན། སངས་རྒྱས་ཉག་གཅིག་ལ་ནུས་པ་དེ་ཡོད་པར་ཤེས་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་བསྐྱེད་དོ། །གཉིས་པ་རིམ་ཅན་དུ་སྦྱང་བ་དངོས་ལ་གསུམ། གཞན་དོན་དོན་དུ་གཉེར་བའི་བློ་སྦྱང་བ་དང༌། བྱང་ཆུབ་དོན་དུ་གཉེར་བའི་བློ་སྦྱང་བ་དང༌། སྦྱངས་པའི་འབྲས་བུ་སེམས་བསྐྱེད་པ་ངོས་གཟུང་བའོ། །དང་པོ་ལ་གཉིས། བློ་དེ་སྐྱེ་བའི་གཞི་བསྒྲུབ་པ་དང༌། བློ་དེ་བསྐྱེད་པ་དངོས་སོ། །དང་པོ་ལ་གཉིས། སེམས་ཅན་ལ་སེམས་སྙོམས་པ་བསྒྲུབ་པ་དང༌། ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པའོ། །དང་པོ་ནི། སྔར་སྐྱེས་བུ་ཆུང་འབྲིང་གི་སྐབས་སུ་བཤད་པ་ལྟར། སྔོན་འགྲོ་ལ་སོགས་པའི་རིམ་པ་རྣམས་འདིར་ཡང་བླངས་ལ་བསྐྱང་བར་བྱའོ། །དེ་ལ་ཐོག་མར་སེམས་ཅན་ཁ་ཅིག་ལ་ཆགས་ཤིང་ཁ་ཅིག་ལ་སྡང་བའི་ཕྱོགས་རིས་སུ་གཅོད་པ་བཀག་ནས་སེམས་སྙོམས་པ་མ་བསྒྲུབས་ན། བྱམས་པ་དང་སྙིང་རྗེ་གང་སྐྱེ་བ་དེ་ཕྱོགས་རིས་ཅན་དུ་སྐྱེ་ཡི། ཕྱོགས་རིས་མེད་པ་ལ་དམིགས་ནས་མི་སྐྱེ་བས་བཏང་སྙོམས་བསྒོམ་པར་བྱའོ། །བཏང་སྙོམས་ལ་འདུ་བྱེད་བཏང་སྙོམས་དང་ཚོར་བ་བཏང་སྙོམས་དང་ཚད་མེད་བཏང་སྙོམས་གསུམ་ལས་འདིར་ནི་ཐ་མ་ཡིན་ལ། དེ་ལའང་སེམས་ཅན་རྣམས་ལ་ཆགས་སྡང་ལ་སོགས་པའི་ཉོན་མོངས་མེད་པ་བསྒྲུབ་པའི་རྣམ་པ་ཅན་ཞིག་དང༌། རང་ཉིད་སེམས་ཅན་ལ་ཆགས་སྡང་དང་བྲལ་ནས་སེམས་སྙོམས་པ་གཉིས་གསུངས་པ་


JLD013_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདིར་ཕྱི་མའོ། །འདི་བསྒོམ་པའི་གོ་རིམ་ནི། སྐྱེ་སླ་བས་ཐོག་མར་ཕན་ཡང་མ་བཏགས་གནོད་པའང་མ་བྱས་པའི་བར་མ་ཞིག་ལ་དམིགས་རྟེན་བྱས་ནས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བསལ་ཏེ་སེམས་སྙོམས་པ་བསྒྲུབ་པར་བྱའོ། །དེ་ལ་སེམས་སྙོམས་པ་གྲུབ་ན་དེ་ནས་མཛའ་བཤེས་ལ་སེམས་སྙོམས་པ་བསྒྲུབ་སྟེ། དེ་ལ་སེམས་མ་སྙོམས་པ་ནི་ཆགས་སྡང་གིས་རིས་སུ་གཅོད་པའམ་ཆགས་པ་ཆེ་ཆུང་གིས་མ་སྙོམས་པའོ། །དེ་ལ་སྙོམས་ནས་དགྲ་ལ་སེམས་སྙོམས་པ་བསྒོམ་སྟེ། དེ་ལ་མ་སྙོམས་པ་ནི་མཐའ་གཅིག་ཏུ་མི་མཐུན་པར་བལྟས་ནས་ཞེ་སྡང་བའོ། །དེ་ལ་སྙོམས་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་བསྒོམ་མོ། །འོ་ན་དེ་དག་ལ་ཅི་ཞིག་བསྒོམས་པས་ཆགས་སྡང་སྤོང་ཞེ་ན་གཉིས་ཏེ། སེམས་ཅན་གྱི་ངོས་ནས་ནི་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པར་མཚུངས་པས་ན། ཁ་ཅིག་ལ་ཉེ་བར་བཟུང་ནས་ཕན་འདོགས་ཤིང་། ཁ་ཅིག་ལ་རིང་བར་བཟུང་ནས་གནོད་པ་བྱེད་པའམ་ཕན་པ་མི་བྱེད་པ་མི་རིགས་སོ་སྙམ་པ་དང༌། རང་གི་ངོས་ནས་ནི་ཐོག་མ་མེད་པ་ནས་འཁོར་བ་ན་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་ནི་གང་ཡང་མེད་པས། གང་ལ་ནི་ཆགས་པར་བྱ་ལ་གང་ལ་ནི་སྡང་བར་བྱ་སྙམ་དུ་སེམས་པའོ། །ཞེས་སྒོམ་རིམ་བར་པ་ལས་གསུངས་སོ། །ཡང་གཉེན་ལ་ཆགས་པ་ལ་ནི། བུ་མོ་ཟླ་བ་མཆོག་གིས་ཞུས་པ་ལས། བདག་གིས་སྔོན་ཆད་ཁྱེད་རྣམས་ཐམས་ཅད་བསད། །བདག་ཀྱང་ཁྱེད་ཀྱིས་སྔོན་ཆད་གཤགས་ཤིང་གཏུབས། །ཀུན་ཀྱང་ཕན་ཚུན་དགྲ་དང་གསོད་པ་


JLD013_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཁྱེད་ཅག་ཇི་ལྟར་འདོད་ཆགས་སེམས་ཀྱང་སྐྱེ། །ཞེས་གསུངས་པ་དང༌། སྔར་ངེས་མེད་ཀྱི་ཉེས་པའི་སྐབས་སུ་བཤད་པ་ལྟར་དགྲ་གཉེན་ཐམས་ཅད་མྱུར་དུ་འགྱུར་ནས་འགྲོ་བའི་ཚུལ་བསམ་པར་བྱ་སྟེ། དེས་ནི་ཁྲོ་ཆགས་གཉིས་ཀ་བཟློག་གོ །འདི་དགྲའམ་གཉེན་ཁྱད་པར་གྱི་གཞིར་བཟུང་ནས་བྱེད་དགོས་པས་དགྲ་གཉེན་གྱི་བློ་ལྡོག་མི་དགོས་ཀྱི། དགྲ་གཉེན་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཆགས་སྡང་གིས་རིས་སུ་གཅོད་བའི་བློ་འགོག་པ་ཡིན་ནོ། །ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པ་ནི། སྒོམ་རིམ་བར་པ་ལས། བྱམས་པའི་ཆུས་སེམས་ཀྱི་རྒྱུད་བརླན་ཏེ་སེར་ཡོད་པའི་ས་བཞིན་དུ་བྱས་ལ་སྙིང་རྗེའི་ས་བོན་བཏབ་ན་བདེ་བླག་ཏུ་ཤིན་ཏུ་ཡོངས་སུ་རྒྱས་པར་འགྱུར་རོ། །དེ་ནས་སེམས་ཀྱི་རྒྱུད་བྱམས་པས་བསྒོས་ནས་སྙིང་རྗེ་བསྒོམ་པར་བྱའོ། །ཞེས་གསུངས་པའི་བྱམས་པ་ནི་སེམས་ཅན་རྣམས་ལ་བུ་སྡུག་པ་ལྟར་མཐོང་བའི་ཡིད་འོང་གི་རྣམ་པ་ཅན་ཏེ། བཏང་སྙོམས་བསྒོམས་པས་ཆགས་སྡང་གིས་མ་སྙོམས་པའི་རང་རོང་རྣམས་ཞི་སྟེ། ཞིང་ས་ལེགས་པར་དུལ་བ་ལྟར་གྱུར་པ་ལ་ཡིད་འོང་དུ་མཐོང་བའི་བྱམས་པའི་ཆུ་ཡིས་བརླན་པར་བྱས་ནས་སྙིང་རྗེའི་ས་བོན་གྲུང་པོ་བཏབ་ན་སྙིང་རྗེ་ཆེན་པོ་བདེ་བླག་ཏུ་སྐྱེ་བར་གསུངས་པ་འདི་གནད་ཤིན་ཏུ་ཆེ་བར་རྟོགས་སོ། །འདི་ལ་གསུམ་ལས། མར་བསྒོམ་པ་ནི། འཁོར་བ་ལ་ཐོག་མ་མེད་པས་རང་གི་སྐྱེ་བ་ལའང་ཐོག་མ་མེད་པས་ན་སྐྱེ་བ་དང་ཤི་བ་བརྒྱུད་མར་བྱས་ཏེ། འཁོར་བ་ན་ལུས་འདི་མ་བླངས་བྱ་བ་དང་ཕྱོགས་འདིར་མ་


JLD013_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བྱ་བ་ནི་ཡེ་མེད་ལ། མ་ལ་སོགས་པའི་གཉེན་དུའང་མ་གྱུར་པ་མེད་དེ། སའི་དངོས་གཞིར་དྲངས་པ་ལས། སྔོན་ཡུན་རིང་པོ་འདས་པ་ནས་གང་དུ་ཁྱེད། མ་སྐྱེས་པ་དང་མ་སོང་བ་དང་མ་ཤི་བའི་ས་ཕྱོགས་དེ་ནི་ངས་མཐོང་བར་དཀའོ། །ཡུན་རིང་པོ་འདས་པ་ནས་སེམས་ཅན་གང་ཁྱེད་ཀྱི་ཕའམ་མའམ་ཕུ་ནུའམ་སྲིང་མོའམ་སློབ་དཔོན་ནམ་མཁན་པོའམ་བླ་མའམ་བླ་མའི་གནས་ལྟ་བུར་མ་གྱུར་པ་དེ་ནི་ངས་མཐོང་བར་དཀའོ། །ཞེས་གསུངས་སོ། །དེ་ཡང་སྔར༌མ་བྱས་པར་མ་ཟད་མ་འོངས་པ་ནའང་མ་བྱེད་པར་འགྱུར་བའང་མཐའ་ཡས་པས་དེ་ལྟར་བསམས་ལ་རང་གི་མ་བྱས་པ་ལ་ངེས་པ་བརྟན་པོ་བཙལ་བར་བྱ་སྟེ། འདི་སྐྱེས་ན་དེ་ནས་དེའི་དྲིན་དྲན་པ་སོགས་སྐྱེ་བར་སླ་ལ། མ་སྐྱེས་ན་དྲིན་དྲན་པ་སོགས་ཀྱི་གཞི་མེད་པའི་ཕྱིར་རོ། །དྲིན་དྲན་པ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་མར་བསྒོམས་པའི་འོག་ཏུ་ཐོག་མར་ཚེ་འདིའི་མ་ལ་བསྒོམས་ན་སྐྱེ་མྱུར་བར་པོ་ཏོ༌བ་བཞེད་པ་ལྟར་བསྒོམ་པར་བྱ་སྟེ། མདུན་དུ་མ་རྣམ་པ་གསལ་པོ་ཞིག་བསམས་ལ། ད་ལྟར་དུ་མ་ཟད་འཁོར་བ་ཐོག་མ་མེད་པ་ནས་འདིས་བདག་གི་མ་བགྲང་ལས་འདས་པ་བྱེད་བྱེད་པ་ཡིན་སྙམ་དུ་ལན་འགའ་ཞིག་བསམ་མོ། །དེ་ལྟར་དེས་མ་བྱས་པའི་དུས་སུ་གནོད་པ་ཐམས་ཅད་ལས་བསྐྱབས། ཕན་བདེ་ཐམས་ཅད་བསྒྲུབས། ཁྱད་པར་དུ་ཚེ་འདིར་ཡང་དང་པོ་མངལ་དུ་ཡུན་རིང་པོར་བཟུང༌། དེ་ནས་བཙས་པའི་དུས་སུ་སྤུ་སེར་ཟེང་ངེ་བ༌ཞིག་ཤའི་དྲོད་ལ་བཅར། སོར་མོ་བཅུའི་ཁ་ལ་གཡེངས། ནུ་ཞོ་བསྣུན། ནོམ་བུ་ཁས་བསྙོད། སྣབས་


JLD013_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལུད་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས་ཀྱིན་ཐབས་སྣ་ཚོགས་ཀྱིས་སྐྱོ་ངལ་མེད་པར་གསོས། དེ་ཡང་བཀྲེས་སྐོམ་གྱི་དུས་སུ་བཟའ་བཏུང་དང་། འཁྱགས་པའི་དུས་སུ་གོས་དང་། ཕོངས་པའི་དུས་སུ་ནོར་རང་གིས་སྤྱད་མི་བྲ་བ་རྣམས་བྱིན། ཡོ་བྱད་དེ་རྣམས་ཀྱང་བདེ་བླག་ཏུ་རྙེད་ནས་མིན་གྱི། སྡིག་དང་སྡུག་དང་གཏམ་ངན་དང་བསྲེས་ཀྱིན་ཤ་ཐང་ཐང་དུ་བཙལ་ནས་བྱིན་པ་ཡིན། བུ་ལ་ན་ཚ་ལ་སོགས་པའི་སྡུག་བསྔལ་བྱུང་ན། བུ་འཆི་བ་བས་རང་འཆི་བ་དང་། བུ་ན་བ་བས་རང་ན་བ་དང་། བུ་སྡུག་པ་བས་རང་སྡུག་པ་ལ་བསམ་པ་ཐག་པ་ནས་འདམ་ཞིང་། སྦྱོར་བས་དེ་བསལ་བའི་ཐབས་བྱེད་པ་ཡིན། མདོར་ན་རང་གིས་ཤེས་ཚད་དང་ནུས་ཚད་ཀྱིས་ཕན་བདེ་གང་ཡིན་བསྒྲུབ། གནོད་པ་དང་སྡུག་བསྔལ་སེལ་བར་བྱེད་པའི་ཚུལ་རྣམས་ལ་རྩེ་གཅིག་ཏུ་སེམས་པའོ། །དེ་ལྟར་བསྒོམས་པས་དྲིན་དྲན་པའི་བློ་ཚིག་ཙམ་མིན་པ་ཞིག་སྐྱེས་པ་ན། དེ་ནས་ཕ་ལ་སོགས་པའི་མཛའ་བཤེས་གཞན་ལའང་མར་ཤེས་པར་བྱས་ལ་དེ་ལྟར་བསྒོམ། དེ་ནས་བར་མ་རྣམས་ཀྱང་མར་ཤེས་པར་བྱས་ལ་བསྒོམ། དེ་ལ་མཛའ་བཤེས་འདྲ་བའི་བློ་སྐྱེས་པ་ན་དགྲ་རྣམས་ཀྱང་མར་ཤེས་པར་བྱས་ལ་བསྒོམ། དེ་ལ་མ་དང་འདྲ་བའི་བློ་སྐྱེས་པའི་ཚེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་མར་ཤེས་པ་སྔོན་དུ་བཏང་ལ་རིམ་གྱིས་རྒྱ་ཇེ་ཆེར་བཏང་ལ་བསྒོམ་མོ། །དྲིན་དུ་གཟོ་བ་བསྒོམ་པ་ནི། དེ་ལྟར་སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་ཙམ་མ་གཏོགས་པ་བདག་གི་མ་དྲིན་ཅན་སྡུག་བསྔལ་ཞིང་སྐྱབས་མེད་པ་དེ་རྣམས་རྩིས་མེད་དུ་དོར་ནས་རང་ཉིད་འཁོར་བ་ལས་ཅི་ཐར་བྱེད་ན་


JLD013_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཁྲེལ་ཆུང་བ་མེད་དེ། སློབ་མ་ལ་སྤྲིངས་པ་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་སོ། །དེས་ན་དེ་ལྟ་བུའི་དྲིན་ཅན་འདོར་བ་ནི་མ་རབས་རྣམས་ལའང་མི་རིགས་ན་བདག་གི་ཚུལ་དང་ག་ལ་མཐུན་སྙམ་དུ་བསམས་ནས་དྲིན་ལན་བསྐོར་བའི་ཁུར་བཟུང་སྟེ། དེ་ཉིད་ལས། བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟགས་འཐུངས་པ། །ངལ་བ་མང་བསྟེན་བྱམས་ལ་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤོང་བར་སུ་ཞིག་སྤྲོ། །གང་གི་ཁོང་ན་འདི་སྐབས་རྙེད་ནས་གནས་བྱས་ཤིང༌། །གང་གིས་བརྩེ་བའི་སེམས་ཀྱིས་ཟོན་བཅས་འདི་བླངས་པ། །ཉོན་མོངས་དེ་དག་སྡུག་བསྔལ་སྐྱབས་མེད་འདིར་བོར་ནས། །འགྲོ་བ་མ་རབས་ཐ་ཤལ་ཞིག་ནའང་སུ་ཞིག་སྤྲོ། །ཞེས་དང༌། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས་ཀྱང༌། སེམས་ཅན་གང་དག་མ་རིག་ལྡོངས་པས་བསམ་པ་རྒུད་པའི་བློ་གྲོས་ཅན། །ཕ་དང་བུར་གྱུར་རྣམས་ཀྱིས་བདག་ལ་བསྙེན་བཀུར་བྱམས་པས་ཕན་བཏགས་པ། །དེ་དག་བཏང་ནས་གཅིག་པུ་ཐར་བར་བྱེད་པ་བདག་གི་ཚུལ་མིན་ཞེས། །དེ་སླད་ཁྱོད་ཀྱིས་འགྲོ་བ་མགོན་མེད་ངེས་ཐར་བགྱིད་སླད་སྨོན་ལམ་བཏབ། །ཅེས་གསུངས་སོ། །འོ་ན་ཕན་ལན་བྱེད་པ་དེ་ཇི་ལྟ་བུ་ཞིག་བྱ་སྙམ་ན། མ་རང་གིས་ཀྱང་འཁོར་བའི་བདེ་འབྱོར་ཅི་ཙམ་ཞིག་ཐོབ་སྟེ་དེ་དག་ཐམས་ཅད་ཀྱིས་མ་


JLD013_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བསླུས་པ་མེད། དེས་ན་བདག་གིས་སྔོན་ཆད་ཉོན་མོངས་པའི་གདོན་གྱིས་བརླམས་པའི་དབང་གིས་རྨས་ནས་རྨ་དྲག་པོ་བྱུང་ཟིན་པ་ལ། བ་ཚྭ་ལ་སོགས་པའི་འགྱུར་བྱེད་འདེབས་པ་དང་འདྲ་བར། རང་བཞིན་གྱིས་སྡུག་བསྔལ་བར་གྱུར་པ་རྣམས་ལ་སླར་ཡང་སྡུག་བསྔལ་སྣ་ཚོགས་བསྐྱེད་པ་དང༌། བྱམས་པས་ཕན་བཏགས་པ་དེ་རྣམས་ནི་ཐར་པ་མྱ་ངན་ལས་འདས་པའི་བདེ་བ་ལ་དགོད་བར་བྱའོ་སྙམ་དུ་ཕན་ལན་བྱ་དགོས་ཏེ། དབུ་མའི་སྙིང་པོ་ལས། གཞན་ཡང་སྔོན་ཆད་ཉོན་མོངས་པའི། །གདོན་གྱིས་བརླམས་པ་བདག་གིས་ནི། །རྨས་ལ་འགྱུར་བྱེད་འདེབས་པ་བཞིན། །སྡུག་བསྔལ་ནད་པ་གང་སྡུག་བྱས། །སྐྱེ་བ་གཞན་དུ་གང་དག་གིས། །བྱམས་དང་བསྙེན་བཀུར་ཕན་པ་བྱས། །དེ་ལ་ལན་དུ་ཕན་གདགས་པ། །མྱ་ངན་འདས་ལས་གཞན་ཅི་ཡོད། །ཅེས་སོ། །རྒྱ་མཚོ་རི་རབ་དང་བཅས་པའི་ཁུར་ལས་བྱས་པ་མི་གཟོ་བ་ཁུར་ཆེ་བ་དང༌། བྱས་པ་གཟོ་བ་ནི་མཁས་པས་བསྔགས་པའི་གནས་སུ་གསུངས་ཏེ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་ལས། རྒྱ་མཚོ་དང་ནི་རི་རབ་དང༌། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །མི་གང་སེམས་ནི་མི་རྒོད་ཅིང༌། །བྱས་པ་གཟོ་དང་བྱས་པ་ཚོར། །བྱས་པ་ཆུད་གཟོན་མི་བྱེད་པ། །དེ་དག་མཁས་པས་རབ་ཏུ་བསྔགས། །ཞེས་སོ། །མདོར་བསྡུ་ན་རང་གི་མ༌དྲན་པ་རྣལ་དུ་མི་གནས་པར་སྨྱོ་ཞིང་མིག་ལོང་བ་ལོང་ཁྲིད་མེད་པ་ཞིག་གོམ་པ་རེ་རེ་ནས་བརྡེག་འཆའ་


JLD013_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཡང་ཁ་འཇིགས་སུ་རུང་བ་ལ་མངོན་པར་ཕྱོགས་ནས་འགྲོ་ན། མ་དེས་ཀྱང་བུ་ལ་མི་རེ་ན་སུ་ལ་རེ། བུ་དེ་ལའང་མ་དེ་འཇིགས་པ་དེ་ལས་སྒྲོལ་བ་མི་འབབ་ན་སུ་ལ་འབབ་པས་དེ་ལས་སྒྲོལ་དགོས། དེ་བཞིན་དུ་མར་གྱུར་པའི་སེམས་ཅན་རྣམས་ཀྱང་ཉོན་མོངས་པའི་གདོན་གྱིས་སེམས་རྣལ་དུ་གནས་པ་དཀྲུགས་པས་ནི་ཤེས་པ་ལ་རང་དབང་མ་ཐོབ་པས་སྨྱོ། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལྟ་བའི་མིག་དང་ནི་བྲལ། ཡང་དག་པའི་བཤེས་ཀྱི་ལོང་འཁྲིད་ནི་མེད། སྐད་ཅིག་རེ་རེ་བཞིན་ཉེས་སྤྱོད་ཀྱིས་དབྱེན་བཅོས་པས་ནི་བརྡེག་འཆའ། སྤྱིར་འཁོར་བ་དང་ཁྱད་པར་དུ་ངན་འགྲོའི་གཡང་ཁ་འགྲིམ་པ་མཐོང་ན། མ་དེ་ཡང་བུ་ལ་རེ་དགོས་ལ། བུ་ལའང་མ་དེ་འདོན་པ་འབབ་པས་དེ་ལྟར་བསམས་ནས་འཁོར་བ་ལས་ངེས་པར་གདོན་པའི་དྲིན་གཟོ་བྱ་སྟེ། བསླབ་བཏུས་ལས། ཉོན་མོངས་ཀྱིས་སྨྱོ་གཏི་མུག་ལྡོངས། །གཡང་ས་མང་པོའི་ལམ་དུ་ནི། །གོམ་པ་རེ་རེ་བརྡེག་འཆའ་བ། །བདག་དང་གཞན་རྟག་མྱ་ངན་གཞི། །འགྲོ་བ་རྣམས་ནི་སྡུག་བསྔལ་མཚུངས། །ཞེས་དེ་ལྟར་བལྟས་ནས་གཞན་ལ་སྐྱོན་བཙལ་བར་མི་རིགས་ཤིང་ཡོན་ཏན་སྣ་རེ་མཐོང་ན་ངོ་མཚར་བར་བཟུང་ཞེས་གསུངས་མོད་ཀྱང་འདིར་ཡང་ཉམ་ཐག་པའི་ཚུལ་སྦྱར་དུ་རུང་བ་ཡིན་ནོ། །གཉིས་པ་བློ་དེ་བསྐྱེད་པ་དངོས་ལ་གསུམ་ལས། བྱམས་པ་བསྒོམ་པ་ལ། བྱམས་བའི་དམིགས་པ་ནི། བདེ་བ་དང་མི་ལྡན་པའི་སེམས་ཅན་ནོ། །རྣམ་པ་ནི། བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པ་དང་བདེ་བ་དང་ཕྲད་པར་གྱུར་ཅིག་སྙམ་པ་དང་བདེ་བ་དང་ཕྲད་པར་བྱའོ་


JLD013_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའོ། །ཕན་ཡོན་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དངོས་པོ་ཤིན་ཏུ་རྒྱ་ཆེ་བས་ཡུལ་མཐར་ཐུག་པའི་ཞིང་ལ་དུས་རྟག་ཏུ་མཆོད་པ་བྱེད་པ་ལས་བསོད་ནམས་ཆེས་ཆེ་བར་གསུངས་པ་དང༌། འཇམ་དཔལ་གྱི་ཞིང་བཀོད་ལས་ཀྱང༌། བྱང་ཤར་གྱི་མཚམས་ནས་སངས་རྒྱས་དབང་ཕྱུག་ཆེན་པོའི་རྒྱལ་པོའི་འཇིག་རྟེན་གྱི་ཁམས་སྟོང་གིས་བརྒྱན་པ་ཞེས་བྱ་བ་དེ་ན་དགེ་སློང་འགོག་པ་ལ་ཞུགས་པའི་བདེ་བ་བཞིན་དུ་སེམས་ཅན་རྣམས་ཀྱང་བདེ་བ་དང་ལྡན་ནོ། །དེར་ལོ་བྱེ་བ་བརྒྱ་སྟོང་དུ་ཚངས་སྤྱོད་སྤྱད་པས་ནི་ཞིང་འདིར་ཐ་ན་སེ་གོལ་གཏོགས་པའི་ཡུན་ཙམ་དུ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་ན་སྔ་མ་ལས་བསོད་ནམས་ཆེས་མང་དུ་བསྐྱེད་ན་ཉིན་མཚན་དུ་གནས་པ་ལྟ་ཅི་སྨོས། ཞེས་བཤད་པ་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་པས་ཀྱང༌། །བྱམས་པ་ཡུད་ཙམ་ཐང་གཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང༌། །དེ་དག་ཀྱང་ནི་བསྲུང་བ་དང༌། །ཡིད་བདེ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱིས་གནོད་མེད་དང༌། །འབད་པ་མེད་པར་དོན་འཐོབ་དང༌། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང༌། །བྱམས་


JLD013_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་གསུངས་ཏེ། བྱམས་པ་ཡོད་ན་ལྷ་མི་བྱམས་ཤིང་ངང་གིས་འདུ་བ་དང༌། རྒྱལ་བས་ཀྱང་བདུད་སྡེ་བྱམས་པའི་སྟོབས་ཀྱིས་ཕམ་པར་མཛད་པས་བསྲུང་བའི་མཆོག་ཏུ་འགྱུར་བ་སོགས་སོ། །དེས་ན་སྐྱེ་བར་དཀའ་ཡང་འབད་དགོས་ཏེ། བསླབ་བཏུས་ལས། གསེར་འོད་དམ་པ་ལས་འབྱུང་བའི་བྱམས་པ་དང་སྙིང་རྗེ་བསྒོམ་པ་སྟོན་པའི་ཚིགས་བཅད་རྣམས་ལ་སེམས་ཐམས་ཅད་ཀྱིས་བསམས་ཏེ་ཐ་ན་ཚིག་ཏུ་ཡང་བཏོན་ནས་བསྒོམ་པར་གསུངས་སོ། །ཚིག་དེ་ནི། གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན། །ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང༌། །དབུལ་བའི་སྡུག་བསྔལ་སྡུག༌བསྔལ་ཞི་བར་ཤོག །ཅེས་སོགས་སོ། །བྱམས་པ་བསྒོམ་པའི་རིམ་པ་ནི། ཐོག་མར་མཛའ་བཤེས་ལ་བསྒོམ། དེ་ནས་བར་མ་དང་དེ་ནས་དགྲ་ལ་བསྒོམ་པར་བྱ་ཞིང་དེ་ནས་སེམས་ཅན་ཐམས་ཅད་ལ་རིམ་པ་བཞིན་དུ་བསྒོམ་མོ། །བསྒོམ་བའི་ཚུལ་ནི། ཇི་ལྟར་སེམས་ཅན་སྡུག་བསྔལ་བས་སྡུག་བསྔལ་བའི་ཚུལ་ཡང་ཡང་བསམས་ན་སྙིང་རྗེ་སྐྱེ་བ་ལྟར། སེམས་ཅན་ལ་ཟག་བཅས་དང་ཟག་པ་མེད་པའི་བདེ་བ་མེད་ཅིང་བདེ་བས་ཕོངས་ལུགས་རྣམས་ཡང་ཡང་བསམ་པར་བྱ་སྟེ། དེ་གོམས་པ་ན་བདེ་བ་དང་ཕྲད་འདོད་ངང་གིས་འབྱུང་ལ། དེ་ཡང་བདེ་བ་སྣ་ཚོགས་པ་རྣམས་ཡིད་ལ་བྱས་ནས་དེ་དག་སེམས་ཅན་རྣམས་ལ་བསྟབ་པར་བྱའོ། །སྙིང་རྗེ་བསྒོམ་པ་ལ། སྙིང་རྗེའི་དམིགས་པ་ནི། སྡུག་


JLD013_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བའི་སེམས་ཅན་ནོ། །རྣམ་པ་ནི། སྡུག་བསྔལ་དེ་དག་དང་བྲལ་ན་སྙམ་པ་དང་བྲལ་བར་གྱུར་ཅིག་སྙམ་པ་དང་བྲལ་བར་བྱའོ་སྙམ་པའོ། །བསྒོམ་པའི་གོ་རིམ་ནི། ཐོག་མར་མཛའ་བཤེས་དང་དེ་ནས་བར་མ་དང་དེ་ནས་དགྲ་ལ་བསྒོམ་སྟེ། མཛའ་བཤེས་དང་འདྲ་བར་དགྲ་ལའང་སེམས་སྙོམས་པར་འཇུག་པའི་ཚེ། རིམ་གྱིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལའང་བསྒོམ་མོ། །དེ་ལྟར་བཏང་སྙོམས་དང་བྱམས་པ་དང་སྙིང་རྗེ་ལ་ཡུལ་སོ་སོར་ཕྱེ་ནས་རིམ་ཅན་དུ་བསྒོམ་པ་དེ་ནི། ཆོས་མངོན་པའི་མདོའི་རྗེས་སུ་འབྲངས་ནས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཡིན་ལ། དེ་ནི་གནད་ཤིན་ཏུ་ཆེ་སྟེ། སོ་སོར་མ་ཕྱེ་བར་དང་པོ་ནས་སྤྱི་ལ་དམིགས་ནས་སྦྱངས་པ་ལ་སྐྱེ་བ་ལྟར་སྣང་ཡང་། རེ་རེ་ནས་བསམས་ན་གང་ལའང་མི་སྐྱེ་བར་སྣང་ལ། རེ་རེ་ནས་ཡིད་འགྱུར་བའི་མྱོང་བ་སྔར་བཤད་པ་ལྟར་བཏོན་ནས་ཇེ་མང་དུ་བཏང་སྟེ་མཐར་སྤྱི་ལ་དམིགས་ནས་བསྐྱངས་ན་ཚོགས་པ་དང་སོ་སོ་བ་གང་ལ་དམིགས་ཀྱང་རྣམ་དག་སྐྱེ་བའི་ཕྱིར་རོ། །བསྒོམ་པའི་ཚུལ་ནི། མར་གྱུར་པའི༌སེམས་ཅན་དེ་རྣམས་འཁོར་བར་ལྷུང་ནས་སྤྱི་དང་སོ་སོའི་སྡུག་བསྔལ་ཇི་ལྟར་ཉམས་སུ་མྱོང་བ་རྣམས་སེམས་པ་སྟེ། སྡུག༌བསྔལ་རྣམས་ནི་སྔར་བཤད་ཟིན་ཏོ། །དེ་ཡང་སྔར་སྐྱེས་བུ་འབྲིང་གི་ལམ་སྦྱངས་པས་སྐྱེས་པ་ཡིན་ན། རང་གི་ཉམས་ལ་དཔགས་ཏེ་བསྒོམས་པས་སྐྱེ་སླ་བར་འགྱུར་རོ། །རང་གི་སྟེང་དུ་དེ་དག་བསམས་ན་ངེས་འབྱུང་གི་


JLD013_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་སྐྱེ་བའི་རྒྱུར་འགྱུར་ལ། གཞན་སྟེང་དུ་བསམས་པས་སྙིང་རྗེ་སྐྱེ་བའི་རྒྱུར་འགྱུར་རོ། །འོན་ཀྱང་རང་སྟེང་དུ་སེམས་པ་སྔོན་དུ་མ་སོང་ན་གནད་དུ་འགྲོ་བ་མི་སྐྱེའོ། །དེ་དག་ནི་མཚོན་པ་ཙམ་སྟེ། རྒྱས་པར་སྙིང་རྗེའི་དམིགས་པའི་སྡུག༌བསྔལ་བརྒྱ་རྩ་བཅུ་བྱང་སར་གསུངས་པ་ལ་བློའི་མཐུ་ཡོད་པ་རྣམས་ཀྱིས་བསྒོམ་པར་བྱའོ། །དེ་ཡང་ཉན་ཐོས་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་དང་མཐར་ཐུག་པ་སྐྱོ་བའི་སེམས་ཀྱིས་སྡུག་བསྔལ་མཐོང་བ་ལས། བྱང་ཆུབ་སེམས་དཔའ་སྙིང་རྗེ་བསྒོམ་པས་སྡུག་བསྔལ་སེམས་པ་མང་བར་གསུངས་སོ། །བདེ་བ་མེད་པ་དང་སྡུག་བསྔལ་བའི་ཚུལ་སྒོ་མཐའ་ཡས་པ་ནས་བསམས་ན་བྱམས་པ་དང་སྙིང་རྗེ་ཡང་ཤིན་ཏུ་མང་པོ་སྐྱེ་ལ། རྒྱུན་རིང་བར་བསམས་ན་ཤུགས་དྲག་ལ་བརྟན་པ་སྐྱེ་བས། གདམས་ངག་ཅུང་ཟད་རེས་ཚིམ་ནས་གཞུང་ཆེ་བ་ནས་བཤད་པ་རྣམས་ལ་བསྒོམ་པ་དོར་ན་སྟོབས་ཤིན་ཏུ་ཆུང་ངོ་། །དེ་ཡང་སྔར་བཤད་པ་ལྟར་ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཡིན་ལུགས་དང་སྙིང་རྗེ་རྩ་བར་འགྲོ་ལུགས་ལ་སོགས་པ་རྣམས་ཀྱི་དམིགས་ལེགས་པར་ཕྱེད་ནས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཅིང་བསྐྱངས་པའི་མཐར་སྐྱེས་པའི་མྱོང་བ་དགོས་ཀྱི། གོ་བས་ལེགས་པར་དམིགས་མ་ཕྱེད་པར་ཕུར་ཚུགས་རེ་ལ་འབད་པའི་མྱོང་བ་ཐམ་ཐོམ་གྱིས་གར་ཡང་མི་ཕྱིན་ཏེ། ཉམས་ལེན་གྱི་སྐབས་གཞན་དུའང་དེ་ལྟར་ཤེས་པར་བྱའོ། །དེ་ལ་སྙིང་རྗེ་སྐྱེས་པའི་ཚད་ནི། སྒོམ་རིམ་དང་པོ་ལས། གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ་སེམས་ཅན་


JLD013_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལའང་སྡུག་བསྔལ་གཏན་ནས་བྱང་བར་འདོད་པའི་རྣམ་པའི་སྙིང་རྗེ་རང་གི་ངང་གིས་འཇུག་པ་བདག་ཉིད་ཀྱིས་མཚུངས་པར་འཇུག་པར་འགྱུར་བ་དེའི་ཚེ་དེ་རྫོགས་པ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་འཐོབ་སྟེ། ཞེས་བུ་ཆུང་ངུ་སྙིང་དུ་ཆེས་སྡུག་པ་སྡུག་བསྔལ་བར་གྱུར་པ་ལ༌མ༌དེ་སྙིང་རྗེ་ཇི་ཙམ་སྐྱེ་བ་དེ་ཙམ་པའི་བློའི་ཚོད་ཅིག་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རང་གི་ངང་གིས་སྐྱེ་བ་ན་སྙིང་རྗེ་ཆེན་པོའི་མཚན་ཉིད་ཚང་བར་གསུངས་སོ། །འདིས་བྱམས་པ་ཆེན་པོ་སྐྱེས་པའི་ཚད་ཀྱང་རིག་པར་བྱའོ། །ཡང་ལུང་དེའི་འཕྲོས་ཉིད་ནས། དེ་ལྟར་སྙིང་རྗེ་ཆེན་པོ་གོམས་པའི་སྟོབས་ཀྱིས་སེམས་ཅན་མ་ལུས་པ་དྲང་བར་དམ་བཅས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་བསྒྲིམ་མི་དགོས་པར་སྐྱེ་སྟེ། ཞེས་སྨོན་སེམས་སྐྱེ་བའི་རྒྱུར་སྔར་བཤད་པའི་སྙིང་རྗེ་ཆེན་པོ་དེ་དགོས་པར་གསུངས་ཏེ། འདིས་ནི་བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཚད་ཀྱང་ཤེས་པར་བྱའོ། །འདི་ཡང་ལམ་མཐོན་པོར་སོང་བའི་སེམས་བསྐྱེད་མིན་གྱི། ལས་དང་པོ་པའི་སེམས་བསྐྱེད་པ་ལ་དེ་ལྟར་གསུངས་ལ། ཐེག་བསྡུས་ལས་ཀྱང༌། བཟང་དང་སྨོན་པའི་སྟོབས་ཅན་དང༌། །འདུན་བརྟན་ཁྱད་པར་འགྲོ་བ་ནི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་པ་ཡིན། །ཞེས་གསུངས་པས། གྲངས་མེད་གསུམ་གྱི་འགོ་རྩོམ་པའི་བྱང་ཆུབ་སེམས་དཔའ་ལའང་སེམས་དེ་ལྟ་བུ་ཞིག་སྐྱེ་དགོས་པ་ཡིན་


JLD013_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེས་ན་འདི་དག་གི་ཕྱོགས་དང་ཡུལ་ཙམ་ནའང་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་བདག་གིས་དགེ་བ་འདི་བྱའོ་སྙམ་དུ་བསམ་པ་བསྐྱེད་པ་ཙམ་ལ་ཆེས་ཆེར་འཁྲུལ་ནས་མ་ཐོབ་པར་ཐོབ་བོ་སྙམ་པའི་མངོན་པའི་ང་རྒྱལ་བརྟན་པར་བྱས་ཏེ། བྱང་ཆུབ་ཀྱི་སེམས་གདམས་ངག་གི་མཐིལ་དུ་བཟུང་ནས་མི་སྦྱོང་བར་གཞན་ཞིག་ནས་འཚོལ་ཞིང་འབད་པས་ས་མང་པོ་ཞིག་བཅད་པར་འདོད་པ་ཁོ་ན་སྣང་བ་ལ། ཐེག་པ་ཆེན་པོའི་གནད་ཤེས་པས་བལྟས་ན་བཞད་གད་ཀྱི་གནས་སུ་སྣང་སྟེ། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྐལ་པ་དུ་མར་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་སྦྱོང་བར་གཞུང་དུ་མ་ལས་འབྱུང་ན་གོ་བ་ཙམ་ལས་མེད་པ་རྣམས་ཀྱིས་ལྟ་ཅི་སྨོས་པའི་ཕྱིར་རོ། །དེ་ཡང་ལམ་གཞན་བསྒོམ་དུ་མི་རུང་ཟེར་བ་མིན་གྱི། བྱང་ཆུབ་ཀྱི་སེམས་སྦྱོང་བའི་སྐོར་ལའང་གདམས་པའི་མཐིལ་དུ་བཟུང་ནས་བསྐྱང་དགོས་སོ་ཞེས་ཟེར་བ་ཡིན་ནོ། །སྤྱིར་སྔར་བཤད་པ་ལྟ་བུའི་མྱོང་བ་མ་སྐྱེས་ཀྱང་ཐེག་པ་ཆེན་པོའི་བསླབ་པར་བྱ་བ་རྣམས་ཤེས་ཤིང་ཐེག་ཆེན་ལ་མོས་པ་བརྟན་ན་སྔོན་ལ་སེམས་བསྐྱེད་པ་དང་སྡོམ་པ་ཆོ་གས་བཟུང་ནས་དེ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བའང་ཡོད་དེ། སྤྱོད་འཇུག་ཏུ་སྔོན་ལ་སྡོམ་པ་དང་སེམས་བཟུང་ནས་དེའི་བསླབ་བྱ་ཕྱིན་དྲུག་གི་བསམ་གཏན་གྱི་སྐབས་སུ་བྱང་ཆུབ་ཀྱི་སེམས་སྦྱོང་ལུགས་རྣམས་རྒྱས་པར་གསུངས་པ་ལྟ་བུའོ། །འོན་ཀྱང་དེ་དག་གི་སྣོད་རུང་དུ་བསྒྲུབ་པ་ལའང་སྔོན་དུ་བློ་མང་པོ་ཞིག་སྦྱང་དགོས་པ་སྣང་སྟེ། ཕན་ཡོན་སེམས་པ་དང་ཡན་

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JLD013_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བདུན་པ་དང་སྐྱབས་འགྲོས་རྒྱུད་སྦྱོང་བ་དང་བསླབ་བྱ་རྣམས་ཤེས་པར་བྱས་ནས་བསྲུང་འདོད་བསྐྱེད་པའོ། །དེས་ན་ལམ་བགྲོད་པ་ལ་སྟོང་པ་ཉིད་ཀྱི་རྟོགས་པ་སྦྱངས་ནས་ཇེ་རྒྱས་སུ་འགྲོ་དགོས་པ་ལ་མིང་ཙམ་ཞིག་སྣང་ཡང༌། དེ་དང་འདྲ་བར་བྱང་ཆུབ་ཀྱི་སེམས་ཀྱང་ལེགས་པར་བསྐྱངས་ནས་གོང་ནས་གོང་དུ་ཁྱད་ཞུགས་པར་སོང་ནས་ལམ་བགྲོད་དགོས་པ་ལ་མིང་ཙམ་ཡང་མི་སྣང་ངོ་། །འདི་ནི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ནས་སེམས་བསྐྱེད་པ་ཉེར་གཉིས་གསུངས་པ་ལ་ཤིང་རྟ་ཆེན་པོ་རྣམས་ཀྱིས་དེ་དག་གིས་ལམ་བགྲོད་ཚུལ་བཤད་པ་ལས་ཤེས་པར་བྱའོ། །གསུམ་པ་ལྷག་བསམ་བསྒོམ་པ་ནི། དེ་ལྟར་བྱམས་པ་དང་སྙིང་རྗེ་བསྒོམས་པའི་མཐར་ཀྱེ་མ་བདག་ལ་སྡུག་ཅིང་ཡིད་དུ་འོང་བའི་སེམས་ཅན་འདི་དག་འདི་ལྟར་བདེ་བས་ཕོངས་པ་དང་སྡུག་བསྔལ་གྱིས་མནར་ན། འདི་དག་ཇི་ལྟར་བདེ་བ་དང་ཕྲད་པ་དང་སྡུག་བསྔལ་ལས་ཐར་བར་བྱ་སྙམ་དུ་སེམས་ཤིང་། དེ་དག་སྒྲོལ་བའི་ཁུར་འཁྱེར་བ་ལ་ཐ་ན་ཚིག་ཙམ་གྱིས་ཀྱང་བློ་སྦྱོང་བའོ། །འདི་དྲིན་ལན་གཟོ་བའི་སྐབས་སུ་ཡང་ཅུང་ཟད་བྱུང་མོད་ཀྱང་། འདིར་བསྟན་པ་ནི་བདེ་བ་དང་ཕྲད་ན་དང་སྡུག་བསྔལ་དང་བྲལ་ན་སྙམ་པའི་བྱམས་སྙིང་རྗེས་མི་ཆོག་གི །སེམས་ཅན་ལ་བདག་གིས་ཕན་བདེ་བསྒྲུབ་བོ་སྙམ་པའི་བསམ་པ་འདྲེན་ནུས་པའི་བྱམས་པ་དང་སྙིང་རྗེ་བསྐྱེད་དགོས་


JLD013_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པའི་ཕྱིར་རོ། །དེ་དག་ཀྱང་ཐུན་གྱི་ངོ་བོ་ཙམ་ལ་མིན་གྱི། ཐུན་རྗེས་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ་དྲན་པར་བྱས་ནས་རྒྱུན་ལྡན་དུ་བསྐྱངས་ན་བོགས་ཆེ་བ་ཡིན་ཏེ། སྒོམ་རིམ་བར་པ་ལས། སྙིང་རྗེ་དེ་ཏིང་ངེ་འཛིན་ལ་འདུག་ཀྱང་རུང་སྤྱོད་ལམ་ཐམས་ཅད་དུའང་རུང་སྟེ་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱ་སྟེ། ཞེས་གསུངས་ལ། སྙིང་རྗེ་ནི་མཚོན་པ་ཙམ་སྟེ་དམིགས་རྣམ་གང་སྐྱོང་ཐམས་ཅད་ལ་འདྲའོ། །སློབ་དཔོན་ཆེན་པོ་ཙནྡྲ་གཽ་མིས་ཀྱང༌། སེམས་ཀྱི་ཤིང་ནི་ཐོག་མ་མེད་དུས་ཅན། །ཉོན་མོངས་ཁ་བའི་ཁུ་བས་རླན་བསྒོས་པ། །རོ་ཞིམ་དངོས་པོར་བགྱི་བར་མི་ནུས་ལ། །ཡོན་ཏན་ཆུ་ཡི་ཐིགས་པས་ཅི་རུ་འགྱུར། །ཞེས་རོ་ཤིན་ཏུ་ཁ་བའི་ཏིག་ཏའི་སྡོང་པོ་ཆེན་པོ་ལྟ་བུ་ཞིག་ལ་བུར་ཁུ་ལྟ་བུའི་ཐིགས་པ་རེ་རེ་ཙམ་བླུགས་པས་མངར་པོར་བྱ་མི་ནུས་པ་ལྟར། ཉོན་མོངས་པའི་རོ་ཁ་བས་ཐོག་མ་མེད་པ་ནས་བསྒོས་པའི་སེམས་རྒྱུད་ལ་བྱམས་པའམ་སྙིང་རྗེ་ལ་སོགས་པའི་ཡོན་ཏན་བསྒོམ་པ་ཡུན་ཐུང་ཐུང་རེས་ཅིར་ཡང་མི་འགྱུར་བར་གསུངས་པ་ལྟར་ཡིན་པས་རྒྱུན་ལྡན་དུ་སྐྱོང་དགོས་སོ། །གཉིས་པ་བྱང་ཆུབ་དོན་དུ་གཉེར་བའི་བློ་སྦྱང་བ་ནི། སྔར་བཤད་པའི་རིམ་པས་བདས་ནས་གཞན་དོན་ལ་བྱང་ཆུབ་དགོས་པར་མཐོང་ནས་དེ་ཐོབ་པར་འདོད་པ་བསྐྱེད་པའང་ཡིན་མོད། འོན་ཀྱང་དེ་ཙམ་གྱིས་མི་ཆོག་པས་སྔར་སྐྱབས་འགྲོའི་སྐབས་སུ་བཤད་པ་ལྟར་སྐུ་གསུང་ཐུགས་དང་འཕྲིན་ལས་ཀྱི་ཡོན་ཏན་བསམས་པའི་སྒོ་ནས་ཐོག་མར་དད་པ་ཅི་


JLD013_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བྱ། དེ་ནས་དད་པས་འདུན་པའི་རྟེན་བྱེད་པར་གསུངས་པས། ཡོན་ཏན་དེ་དག་ལ་སྙིང་ཐག་པ་ནས་ཐོབ་འདོད་བསྐྱེད་དེ་རང་གི་དོན་ལའང་རྣམ་མཁྱེན་ཐོབ་པ་མེད་དུ་མི་རུང་བ་ལ་ངེས་པ་དྲང་ངོ་། །སེམས་བསྐྱེད་སྐྱེ་བའི་རྒྱུ་མང་ཡང་སྙིང་རྗེས་ནོན་ཏེ་རང་ཉིད་ཀྱིས་བསྐྱེད་པ་ནི་ཁྱད་པར་ཆེ་བར་ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་ལས་བཀའ་སྩལ་པར་སྒོམ་རིམ་དང་པོ་ལས་གསུངས་སོ། །གསུམ་པ་སྦྱངས་པའི་འབྲས་བུ་སེམས་བསྐྱེད་པ་ངོས་བཟུང་བ་ནི། སྤྱིའི་མཚན་ཉིད་ནི་སྔར་དྲངས་པའི་མངོན་རྟོགས་རྒྱན་གྱི་ལུང་དོན་བཞིན་ཡིན་ལ། དབྱེ་བ་ནི་སྡོང་པོ་བཀོད་པའི་མདོའི་རྗེས་སུ་འབྲངས་ནས། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སྨོན་འཇུག་གཉིས་སུ་གསུངས་སོ། །འདི་ལ་མི་མཐུན་པ་མང་དུ་སྣང་ཡང་སེམས་ཅན་གྱི་དོན་དུ་སངས་རྒྱས་སུ་གྱུར་ཅིག་སྙམ་པའམ་སངས་རྒྱས་སུ་འགྱུར་བར་བྱའོ་སྙམ་དུ་སྨོན་ལ། སྦྱིན་པ་ལ་སོགས་པའི་སྤྱོད་པ་ལ་སློབ་ཀྱང་རུང་མི་སློབ་ཀྱང་རུང་ཇི་སྲིད་དུ་སྡོམ་པ་མ་བཟུང་བ་དེ་སྲིད་དུ་སྨོན་པའི་སེམས་ཡིན་ལ། སྡོམ་པ་བཟུང་བ་ནས་སེམས་དེ་འཇུག་པའི་སེམས་སུ་ཤེས་པར་བྱ་སྟེ། སྒོམ་རིམ་དང་པོ་ལས། དེ་ལ་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་


JLD013_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་ཞུགས་པའི་སེམས་སོ། །ཞེས་གསུངས་པའི་ཕྱིར་རོ། །འདི་ལ་བརྒལ་ལན་མང་དུ་སྣང་ཡང་མ་སྤྲོས་སོ། །གཉིས་པ་ཞི་བ་ལྷའི་གཞུང་ལ་བརྟེན་ནས་སྦྱང་བ་ལ་གསུམ་ལས། བདག་གཞན་བརྗེ་བའི་ཕན་ཡོན་དང་མ་བརྗེས་པའི་ཉེས་དམིགས་བསམ་པ་ནི། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང༌། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་བདག་བདེ་འདོད་ལས་བྱུང༌། །མང་དུ་བཤད་ལྟ་ཅི་དགོས་ཏེ། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་པ་ལྟར། བདག་གཅེས་པར་འཛིན་པ་རྒུད་པ་ཀུན་གྱི་སྒོ་དང༌། གཞན་གཅེས་པར་འཛིན་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གནས་སུ་བསམ་མོ། །བདག་གཞན་བརྗེ་བའི་བསམ་པ་གོམས་ན་བསྐྱེད་པར་ནུས་པ་ནི། སྔར་རང་གི་དགྲ་བྱེད་པ་མིང་ཐོས་ནའང་འཇིགས་པ་སྐྱེ་བ་ཞིག་ཕྱིས་མཐུན་པར་བྱས་ནས་མཛའ་བ་ན་དེ་མེད་ན་མི་དགའ་བ་ཆེན་པོ་སྐྱེ་བ་ལྟར། བློ་གོམས་པའི་རྗེས་སུ་བྱེད་པས་ན་བདག་ལ་གཞན་བཞིན་དང་གཞན་ལ་བདག་བཞིན་དུ་བལྟ་བའང་གོམས་ན་སྐྱེ་སྟེ། དེ་ཉིད་ལས། དཀའ་ལས་ཕྱིར་ལྡོག་མི་བྱ་


JLD013_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །འདི་ལྟར་གོམས་པའི་མཐུ་ཡིས་ནི། །གང་གི་མིང་ཐོས་འཇིགས་པ་ཡང༌། །དེ་ཉིད་མེད་ན་མི་དགར་འགྱུར། །ཞེས་དང༌། བདག་གི་ལུས་ནི་གཞན་དག་ཏུ། །བཞག་པ་དེ་ལྟར་དཀའ་བ་མེད། །ཅེས་སོ། །གལ་ཏེ་གཞན་གྱི་ལུས་བདག་གི་ལུས་མིན་པས་དེ་ལ་རང་གི་བློ་འདྲ་བ་ཇི་ལྟར་བསྐྱེད་དུ་རུང་སྙམ་ན། ལུས་འདི་ཡང་ཕ་མའི་ཁུ་ཁྲག་ལས་གྲུབ་པ་ཡིན་ཞིང་། གཞན་གྱི་ལུས་ཀྱི་ཆ་ཤས་ལས་གྲུབ་པ་ཡིན་ཀྱང་། སྔོན་གོམས་པའི་དབང་གིས་ངར་འཛིན་པ་སྐྱེ་བ་ལྟར། གཞན་ལུས་ལའང་རང་གི་བཞིན་གཅེས་པར་འཛིན་པ་གོམས་པར་བྱས་ན་སྐྱེ་སྟེ། དེ་ཉིད་ལས། དེ་བས་ཇི་ལྟར་གཞན་དག་གི །ཁུ་བ་ཁྲག་གི་ཐིགས་པ་ལ། །ཁྱོད་ཀྱིས་ངར་འཛིན་བྱས་པ་ལྟར། །དེ་བཞིན་གཞན་ལ་གོམས་པར་གྱིས། །ཞེས་སོ། །དེ་ལྟར་ཕན་ཡོན་དང་ཉེས་དམིགས་ལེགས་པར་བསམས་པས་ནི་སྙིང་ཐག་པ་ནས་དེ་བསྒོམ་པ་ལ་སྤྲོ་ཤུགས་སྐྱེ་ལ་གོམས་པར་བྱས་ན་བསྐྱེད་ནུས་པར་ཡང་མཐོང་བ་དེས། བདག༌གཞན་བརྗེ་བའི་ཚུལ་བསྒོམ་པའི་རིམ་པ་ནི། བདག་གཞན་བརྗེ་ཞེས་པ་དང་། བདག་གཞན་དུ་བྱ་ཞིང་གཞན་བདག་ཏུ་བྱ། ཞེས་གསུངས་པ་ནི་གཞན་ལ་ངའོ་སྙམ་དུ་དང་དེའི་མིག་ལ་སོགས་པ་ལ་ངའི་འོ་སྙམ་པའི་བློ་སྦྱོང་བ་མིན་གྱི། རང་ལ་གཅེས་པར་འཛིན་པ་དང་གཞན་ཡལ་བར་འདོར་བའི་བློ་གཉིས་གོ༌ས་བརྗེས་ཏེ་གཞན་ལ་རང་ལྟར་གཅེས་པར་འཛིན་ཅིང་རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་བསྐྱེད་པའོ། །དེའི་ཕྱིར་བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་


JLD013_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེ་བར་གསུངས་པའང་བདག་གཅེས་འཛིན་ལ་དགྲར་བལྟས་ནས་བདག་གི་བདེ་བ་ལ་ཆེས་ཆེར་བྱེད་པ་འགོག་ཅིང༌། གཞན་གཅེས་འཛིན་ལ་ཡོན་ཏན་དུ་བལྟས་ནས་གཞན་གྱི་སྡུག་བསྔལ་ཡལ་བར་འདོར་བ་བཀག་ནས་དེ་སེལ་བ་ལ་ཆེས་ཆེར་བྱེད་པ་སྟེ། མདོར་ན་རང་གི་བདེ་བ་ལ་མི་བལྟ་བར་གཞན་གྱི་སྡུག་བསྔལ་བསལ་བའི་དོན་དུ་འཇུག་པའོ། །བློ་དེ་སྦྱོང་བ་ན་གེགས་ནི་གཉིས་ཏེ། རང་དང་གཞན་གྱི་བདེ་སྡུག་གི་རྟེན་བདག་དང་གཞན་གཉིས་སྔོ་སེར་ལྟར་སོ་སོ་བར་རིས་སུ་བཅད་ནས་གྲུབ་པར་འཛིན་ཅིང༌། དེ་ནས་དེ་ལ་བརྟེན་པའི་བདེ་སྡུག་ལའང་འདི་ནི་ངའི་ཡིན་པས་བསྒྲུབ་པའམ་བསལ་བར་བྱའོ། །འདི་ནི་གཞན་གྱི་ཡིན་པས་སྙམ་ནས་ཡལ་བར་འདོར་བས། དེའི་གཉེན་པོར་ནི་བདག་དང་གཞན་ངོ་བོ་ཉིད་ཀྱིས་སོ་སོར་རིས་སུ་ཆད་པ་མེད་དེ། ཕན་ཚུན་ལྟོས་ནས་བདག་ལའང་གཞན་གྱི་བློ་སྐྱེ་ལ་གཞན་ལའང་བདག་གི་བློ་སྐྱེ་བའི་ཕྱིར་ཏེ། ཕ་རི་ཚུ་རི་བཞིན་ནོ། །དཔེར་ན་ཕ་རི་ལ་འདི་ངོས་ནས་ཕ་རིའི་བློ་སྐྱེ་ཡང་ཕ་རིར་ཕྱིན་ན་ཚུ་རིའི་བློ་སྐྱེ་བ་བཞིན་ནོ། །དེས་ན་སྔོན་པོ་ཁ་དོག་སུ་ལ་ལྟོས་ཀྱང་སྔོན་པོ་ཉིད་ཀྱི་བློ་སྐྱེ་ཡི། ཁ་དོག་གཞན་གྱི་བློ་མི་སྐྱེ་བ་དང་མི་འདྲའོ། །དེ་ལྟར་ཡང་བསླབ་བཏུས་ལས། བདག་གཞན་མཉམ་ཉིད་གོམས་བྱས་པས། །བྱང་ཆུབ་སེམས་ནི་བརྟན་པར་འགྱུར། །བདག་དང་གཞན་ཉིད་ལྟོས་པ་སྟེ། །ཕ་རོལ་ཚུ་རོལ་ཇི་བཞིན་བརྫུན། །ངོགས་ཏེ་རང་གིས་ཕ་རོལ་མིན། །གང་ལ་ལྟོས་ན་ཚུ་རོལ་འགྱུར། །བདག་ཉིད་རང་གིས་མ་གྲུབ་ན། །གང་ལ་ལྟོས་ཏེ་གཞན་དུ་འགྱུར། །ཞེས་བལྟོས་ས་ལ་ལྟོས་


JLD013_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཞག་པ་ཙམ་ཡིན་གྱི། རང་གི་ངོ་བོས་གྲུབ་པ་མེད་པར་གསུངས་སོ། །ཡང་གཞན་གྱི་སྡུག་བསྔལ་གྱིས་བདག་ལ་མི་གནོད་པས་དེ་སེལ་བའི་དོན་དུ་མི་འབད་དོ་སྙམ་པའི་གེགས་བསལ་བ་ནི། དེ་ལྟ་ན་རྒས་པའི་ཚེ་སྡུག་བསྔལ་བར་དོགས་ནས་གཞོན་པའི་ཚེ་ནོར་གསོག་པ་མེད་པར་འགྱུར་ཏེ། རྒས་པའི་སྡུག་བསྔལ་གྱིས་གཞོན་པ་ལ་མི་གནོད་པའི་ཕྱིར་རོ། །དེ་བཞིན་དུ་རྐང་པའི་སྡུག་བསྔལ་ཡང་ལག་པས་མི་སེལ་བར་འགྱུར་ཏེ། གཞན་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །རྒན་གཞོན་དང་སྐྱེ་བ་སྔ་ཕྱི་མཚོན་པ་ཙམ་ཡིན་གྱི། ཉི་མ་སྔ་རྟིང་ངམ་སྔ་དྲོ་དང་ཕྱི་དྲོ་སོགས་ལའང་སྦྱར་རོ། །གལ་ཏེ་རྒན་གཞོན་རྒྱུད་གཅིག་ཡིན་ལ་རྐང་ལག་ཚོགས་པ་གཅིག་ཡིན་པས་རང་གཞན་གཉིས་དང་མི་འདྲའོ་སྙམ་ན། རྒྱུན་དང་ཚོགས་པ་ནི་སྐད་ཅིག་མང་པོ་དང་ཚོགས་པ་ཅན་མང་པོ་ལ་བཏགས་པ་ཡིན་གྱི་རང་རྐྱ་བའི་ངོ་བོ་མེད་ལ། རང་གི་བདག་དང་གཞན་གྱི་བདག་ཀྱང་ཚོགས་རྒྱུན་དེ་ལ་འཇོག་དགོས་པས་བདག༌དང་གཞན་ལྟོས་ནས་བཞག་པ་ཙམ་མིན་པའི་རང་གི་ངོ་བོས་གྲུབ་པ་མེད་དོ། །འོན་ཀྱང་ཐོག་མ་མེད་པ་ནས་གཅེས་འཛིན་གོམས་པའི་དབང་གིས་རང་གི་སྡུག་བསྔལ་བྱུང་བ་ལ་མི་བཟོད་པ་ཡིན་པས་གཞན་ལའང་གཅེས་འཛིན་གོམས་ན་དེའི་སྡུག་བསྔལ་ལའང་མི་བཟོད་པ་སྐྱེ་བ་ཡིན་ནོ། །དེ་ལྟར་བདག་གཞན་བརྗེ་བའི་གེགས་བསལ་ནས་བསྒོམ་པའི་ཚུལ་དངོས་ནི། བདག་ལ་ཆགས་པའི་དབང་གིས་རང་གཅེས་པར་བཟུང་བ་འདིས་འཁོར་བ་ཐོག་


JLD013_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ནས་ད་བར་དུ་མི་འདོད་པ་སྣ་ཚོགས་བསྐྱེད་ལ། རང་ཕུན་སུམ་ཚོགས་པ་ཞིག་བྱེད་པར་འདོད་ཀྱང་རང་གི་དོན་གཙོ་བོར་བཟུང་སྟེ་ཐབས་མ་ཡིན་པ་ལ་ཞུགས་པས། བསྐལ་པ་བགྲང་ལས་འདས་པ་སོང་ཡང་རང་དང་གཞན་གྱི་དོན་གང་ཡང་མ་གྲུབ། མ་གྲུབ་པ་ཙམ་དུ་མ་ཟད་སྡུག་བསྔལ་འབའ་ཞིག་གིས་མནར་བར་གྱུར། རང་དོན་གྱི་བསམ་པ་དེ་གཞན་ལ་སྤོས་ནས་ཞུགས་ན་ཆེས་ཤིན་ཏུ་སྔ་བར་སངས་རྒྱས་ནས་རང་གཞན་གྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་གདོན་མི་ཟ་བ་ལ། དེ་ལྟར་མ་བྱས་པས་དཀའ་ལ་དོན་མེད་པས་དུས་འདས་སོ། །ད་ནི་དེ་ལྟར་ཤེས་པར་བྱས་ལ་དགྲའི་མཆོག་བདག་གཅེས་པར་འཛིན་པ་འདི་དྲན་པ་དང་ཤེས་བཞིན་བསྟེན་ནས་འབད་པ་དུ་མས་མ་སྐྱེས་པ་མི་སྐྱེ་བ་དང་སྐྱེས་པ་རྒྱུན་འཐུད་དུ་མི་གཞུག་གོ་སྙམ་པའི་ངེས་པ་བརྟན་པར་བྱས་ནས་ལན་དུ་མར་འགོག་པར་བྱེད་པ་སྟེ། སྤྱོད་འཇུག་ལས། འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་བདག་ལ་གནོད་པ་བྱས། །ཡིད་ཁྱོད་རང་དོན་བྱེད་འདོད་པས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང༌། །ངལ་བ་ཆེན་པོ་དེ་ལྟ་བུས། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས། །ཞེས་དང༌། གལ་ཏེ་ཁྱོད་ཀྱིས་སྔ་དུས་སུ། །ལས་འདི་བྱས་པར་གྱུར་ན་ནི། །སངས་རྒྱས་ཕུན་སུམ་བདེ་མིན་པ། །གནས་སྐབས་འདི་འདྲར་འགྱུར་མི་སྲིད། །ཅེས་སོ། །དེ་ལྟར་རང་གི་ཁ་མི་འཛིན་ཕྱོགས་མི་སྐྱོར་བར་རང་གི་ལུས་དང་ལོངས་


JLD013_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དགེ་རྩ་རྣམས་ལྟོས་པ་མེད་པར་སེམས་ཅན་ལ་གཏོང་བའི་བློ་ཡང་ཡང་སྦྱང་བ་དང་གང་ལ་བཏང་བ་དེའི་དོན་བྱ་དགོས་ཤིང༌། དེ་ལ་ལོག་པར་བསྒྲུབ་པ་མི་རིགས་པས། ལུས་ལ་སོགས་པ་དེ་དག་ལ་རང་གི་དོན་དུ་དམིགས་པའི་བློ་དགག་པར་བྱ་སྟེ། བདག་ནི་གཞན་གྱི་དབང་གྱུར་ཅེས། །ཡིད་ཁྱོད་ངེས་པར་ཤེས་གྱིས་ལ། །སེམས་ཅན་ཀུན་དོན་མ་གཏོགས་པར། །ད་ནི་ཁྱོད་ཀྱིས་གཞན་མི་བསམ། །གཞན་དབང་མིག་ལ་སོགས་པ་ཡིས། །རང་དོན་བསྒྲུབ་པར་རིགས་མ་ཡིན། །དེ་དོན་མིག་ལ་སོགས་པ་ཡིས། །དེ་ལ་ལོག་པར་བྱ་མི་རིགས། །ཞེས་སོ། །ལུས་ལ་སོགས་པ་ལ་གཞན་དོན་དུ་དམིགས་པ་ཤོར་ཏེ་རང་གི་དོན་ལ་དམིགས་པའམ་ལུས་ངག་དང་ཡིད་ཀྱིས་གཞན་ལ་གནོད་པའི་རྐྱེན་བྱེད་པར་སྣང་ན། འདིས་སྔར་ཡང་མཐའ་མེད་པའི་གནོད་པ་ལ་སྦྱར། ད་དུང་ཡང་ཕན་པ་ལྟར་བཅོས་པ་ལ་འཁྲུལ་ནས་དེའི་དབང་དུ་སོང་ན་སྡུག་བསྔལ་ཤིན་ཏུ་མི་བཟད་པ་བསྐྱེད་དོ་སྙམ་ནས་དགག་པར་བྱ་སྟེ། ཁྱོད་ཀྱིས་ཁོ་བོ་གར་བརླག་པའི། །སྔོན་གྱི་དུས་དེ་གཞན་ཡིན་ཏེ། །ངས་མཐོང་ཁྱོད་ད་གང་དུ་འགྲོ། །ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ། །ད་དུང་བདག་ལ་རང་གི་དོན། །ཡོད་སྙམ་སེམས་པ་དེ་དོར་ཞིག །བདག་གིས་གཞན་ལ་ཁྱོད་བཙོངས་ཀྱིས། །སྐྱོ་བར་མ་སེམས་ཞོ་ཤ་ཕུལ། །གལ་ཏེ་བག་མེད་གྱུར་ནས་ཁྱོད། །སེམས་ཅན་རྣམས་ལ་མ་བྱིན་ན། །ཁྱོད་ཀྱིས་ཁོ་བོ་དམྱལ་བ་ཡི། །སྲུང་མ་རྣམས་ལ་བྱིན་དུ་ངེས། །དེ་


JLD013_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཁྱོད་ཀྱིས་རེ་ལྟ་ཞིག །ཁོ་བོ་བྱིན་པས་ཡུན་རིང་སྡུག །ད་ནི་ཁོན་རྣམས་དྲན་བྱས་ཏེ། །ཁྱོད་ཀྱིས་རང་དོན་སེམས་པ་གཞོམ། །ཞེས་སོ། །དེ་བཞིན་དུ་གཞན་ལ་གཅེས་པར་འཛིན་པའི་ཕན་ཡོན་ཡང་ཡང་བསམས་ནས་སྙིང་ཐག་པའི་སྤྲོ་ཤུགས་བསྐྱེད་དེ་གཞན་ཡལ་བར་འདོར་བའི་བློ་མ་སྐྱེས་པ་མི་བསྐྱེད་པ་དང་སྐྱེས་པ་རྒྱུན་འཐུད་དུ་མི་གཞུག་ཅིང༌། གཞན་ལ་ཕངས་པ་དང་སྡུག་པ་དང་ཡིད་དུ་འོང་བ་ཅི་སྐྱེའི་སྒོ་ནས་སྔར་རང་ལ་གཅེས་པར་འཛིན་པ་བཞིན་གཞན་ལ་གཅེས་པར་འཛིན་པའི་བློ་བསྐྱེད་པར་བྱ་སྟེ། གཞན་རྣམས་བདག་བཞིན་གཟུང་བར་བྱ། །ཞེས་སོ། །དེ་ལྟར་སེམས་ཅན་གཅེས་པར་འཛིན་པ་སྐྱེ་བའི་རྒྱུར་ནི་དེའི་དྲིན་དྲན་པའམ་དེས་རང་ལ་ཕན་འདོགས་པར་མཐོང་བ་དགོས་ལ། དེ་ཡང་ས་བོན་གྲུང་པོ་བཏབ་པ་ལས་སྟོན་ཐོག་མང་ཞིང་བཟང་བ་འབྱུང་བར་མཐོང་ན། ཞིང་ས་གཤིན་པོ་ལ་གཅེས་སྤྲས་སུ་འཛིན་པ་སྐྱེ་བ་ལྟར། སེམས་ཅན་གྱི་ཞིང་ལས་ཀྱང་སྦྱིན་པ་ལ་སོགས་པའི་ས་བོན་བཏབ་པ་ལས་གནས་སྐབས་དང་མཐར་ཐུག་གི་བདེ་ལེགས་ཐམས་ཅད་འགྲུབ་པ་ལ་ངེས་པ་རྙེད་ན་གཅེས་པར་འཛིན་པ་སྐྱེ་བས་དེ་དག་བསམ་པར་བྱ་སྟེ། སྤྱོད་འཇུག་ལས། སེམས་ཅན་རྣམས་དང་རྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་སོ། །དེ་ཡང་སེམས་ཅན་གྱི་སྲོག་བཅད་ན་ངན་འགྲོ་གསུམ་དུ་འཁྲིད་ཅིང༌། སྲོག་གཅོད་པ་ཐར་བར་བྱས་ན་བདེ་འགྲོ་དང་དེར་ཡང་ཚེ་རིང་བ་དང༌། དེ་ལ་མ་བྱིན་པར་བླངས་པ་དང་ལོངས་སྤྱོད་བྱིན་པ་དང་


JLD013_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་བསྐྱེད་པ་དང་བྱམས་པ་དང་སྙིང་རྗེ་བསྒོམས་པ་ལས་ཀྱང་ངན་འགྲོ་དང་བདེ་འགྲོར་འཁྲིད་པ་སོགས་དང༌། ཁྱད་པར་དུ་དེ་དག་ལ་དམིགས་ནས་སེམས་བསྐྱེད་པ་དང་དེ་དག་གི་དོན་དུ་སྤྱོད་པ་རྣམས་བསྒྲུབ་པས་སངས་རྒྱས་ཀྱང་དེ་ལ་རག་ལས་ཤིང༌། སེམས་ཅན་ལ་བརྟེན་ནས་སྦྱིན་པ་སོགས་ཡོངས་སུ་རྫོགས་པར་སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ་ལས་གསུངས་པ་ལྟར་བསམ་པར་བྱའོ། །བྱང་ཆུབ་སེམས་འགྲེལ་ལས་ཀྱང༌། འཇིག་རྟེན་བདེ་འགྲོ་ངན་འགྲོ་ཡི། །འདོད་དང་མི་འདོད་འབྲས་བུ་དེ། །སེམས་ཅན་རྣམས་ལ་ཕན་པ་དང༌། །གནོད་པ་ལས་ནི་འབྱུང་བར་འགྱུར། །སེམས་ཅན་བརྟེན་ནས་སངས་རྒྱས་ཀྱི། །གོ་འཕང་བླ་མེད་རྙེད་འགྱུར་ན། །ལྷ་དང་མི་ཡི་ལོངས་སྤྱོད་གང༌། །ཚངས་དང་དབང་པོ་དྲག་པོ་དང༌། །འཇིག་རྟེན་སྐྱོང་བས་བསྟེན་དེ་དག །སེམས་ཅན་ཕན་པ་ཙམ་ཞིག་གིས། །མ་དྲངས་པ་ནི་འགྲོ་གསུམ་འདིར། །འགའ་ཡང་མེད་ལ་མཚར་ཅི་ཡོད། །སེམས་དམྱལ་དུད་འགྲོ་ཡི་དྭགས་སུ། །སྡུག་བསྔལ་རྣམ་པ་དུ་མའི་དངོས། །སེམས་ཅན་རྣམས་ཀྱིས་མྱོང་བ་གང༌། །དེ་ནི་སེམས་ཅན་གནོད་ལས་བྱུང༌། །བཀྲེས་སྐོམ་ཕན་ཚུན་བརྡེག་པ་དང༌། །གཟིར་བ་ཡི་ནི་སྡུག་བསྔལ་ཉིད། །བཟློག་པར་དཀའ་ཞིང་ཟད་མེད་དེ། །སེམས་ཅན་གནོད་པའི་འབྲས་བུ་འོ། །ཞེས་གསུངས་སོ། །ཉན་ཐོས་རྣམས་འབྲས་བུ་དམན་པ་ནི་སེམས་ཅན་གྱི་དོན་ཆེད་ཆེར་མ་བྱས་པ་ལས་ཡིན་ལ། སངས་རྒྱས་རྣམས་འབྲས་བུ་མཐར་ཐུག་པ་བརྙེས་པ་ནི་སེམས་ཅན་གྱི་དོན་ལ་ཆེད་ཆེར་


JLD013_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ལས་བྱུང་བས་ཚུལ་དེ་བསམས་ནས་རང་གི་དོན་ལ་སྐད་ཅིག་ཀྱང་ཆགས་པར་མི་བྱ་བར་གསུངས་ཏེ། དེ་ཉིད་ལས། སེམས་ཅན་རྣམས་ལ་ཆགས་བྲལ་བ། །དུག་བཞིན་འབད་པས་སྤང་བར་བྱ། །ཉན་ཐོས་རྣམས་ནི་ཆགས་བྲལ་བས། །བྱང་ཆུབ་དམན་པ་ཐོབ་མིན་ནམ། །སེམས་ཅན་ཡོངས་སུ་མ་དོར་བས། །རྫོགས་སངས་རྒྱས་ཀྱིས་བྱང་ཆུབ་ཐོབ། །དེ་ལྟར་ཕན་དང་མི་ཕན་པའི། །འབྲས་བུ་འབྱུང་བར་བཅད་པ་ན། །དེ་དག་སྐད་ཅིག་གཅིག་ཀྱང་ནི། །རང་དོན་ཆགས་ཤིང་ཇི་ལྟར་གནས། །ཞེས་སོ། །དེས་ན་གཞན་གྱི་དོན་ལ་གཅིག་ཏུ་གཞོལ་བ་དང་འབྲས་བུ་བྱང་ཆུབ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་ལས་འབྱུང་བར་ཤེས་ཤིང་། དེའི་རྩ་བ་ནི་སྙིང་རྗེར་གཟིགས་ནས་རྒྱལ་སྲས་རྣམས་དེ་བསྒོམ་པ་ལྷུར་ལེན་ལ། ཆེས་གོམས་པས་དེ་དག་བརྟན་པར་གྱུར་པ་ན་ཤིན་ཏུ་བྱ་དཀའ་བའི་རླབས་ཆེན་པོའི་སྤྱོད་པ་ལ་རང་དབང་མེད་པར་འཇུག་པ་ཡིན་ཏེ། དེ་ཉིད་ལས། སྙིང་རྗེ་བརྟན་པའི་རྩ་བ་ཅན། །བྱང་སེམས་མྱུ་གུ་ལས་བྱུང་བ། །གཞན་དོན་གཅིག་འབྲས་བྱང་ཆུབ་ནི། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །གང་ཞིག་གོམས་པས་བརྟན་པ་ནི། །གཞན་གྱི་སྡུག་བསྔལ་གྱིས་བྲེད་རྣམས། །བསམ་གཏན་བདེ་བ་དོར་ནས་ཀྱང༌། །མནར་མེད་པར་ཡང་འཇུག་པར་བྱེད། །འདི་ནི་ངོ་མཚར་འདི་བསྔགས་འོས། །འདི་ནི་དམ་པའི་ཚུལ་ལུགས་མཆོག །ཅེས་སོ། །ད་ནི་ཚུལ་དེ་དག་ལ་དམ་པ་རྣམས་ཀྱི་གསུང་སྒྲོས་ཀྱིས་ཀྱང་ངེས་པ་བསྐྱེད་པར་བྱ་སྟེ། ཇོ་བོའི་ཞལ་ནས། བྱམས་པ་དང་སྙིང་རྗེ་སྦྱོང་མི་ཤེས་པའི་བྱང་ཆུབ་


JLD013_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་བོད་ཀྱིས་ཤེས་པ་གསུང༌། འོ་ན་ཅི་ཙུག་བྱེད་ན། དང་པོ་ནས་གོ་རིམ་དུ་བསླབས་ནས་བྱེད་པ་ཞིག་དགོས་གསུང༌། གླང་རི་ཐང་པའི་ཞལ་ནས། ཤྭ་བོ་པ་དང་ངེད་གཉིས་ལ་མི་ཐབས་བཅོ་བརྒྱད་རྟ་ཐབས་གཅིག་དང་བཅུ་དགུ་ཡོད། མི་ཐབས་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཅི་བྱེད་སེམས་ཅན་གྱི་དོན་དུ་སློབ་པ་དེ་ཡིན། རྟ་ཐབས་ནི་བྱང་སེམས་མ་སྐྱེས་པ་མི་སྐྱེ་སྐྱེས་པ་མི་གནས་ཤིང་འཕེལ་དུ་མི་སྟེར་བ་བདག་གཅེས་འཛིན་ཡིན་པས་འདི་ལ་ཟུར་བསྟན་ནས་ཅི་གནོད་དུ་སྦྱོང༌། སེམས་ཅན་ལ་མཐིལ་བསྟན་ནས་ཅི་ཕན་དུ་སྦྱོང་བ་ཡིན་གསུང༌། དགེ་བཤེས་སྟོན་པ་ལ་རྣལ་འབྱོར་པ་ཆེན་པོས་ཁོ་བོ་ལ་རླུང་མཉམ་འཇུག་ལ་སོགས་པའི་ཏིང་ངེ་འཛིན་འདི་དང་འདི་ཡོད་བྱས་པས། ཁྱོད་ལ་རྣ་རྩར་རྔ་བོ་ཆེ་བརྡུངས་ཀྱང་མི་ཤིགས་པའི་སྒོམ་ཡོད་ཀྱང་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན་ཉིན་མཚན་དུ་བཤགས་པ་བྱ་དགོས་པའི་སར་སྐྱེ་བ་ཡིན་ནོ་གསུང་སྟེ། གཟུགས་མེད་ཀྱི་སོ་སོ་སྐྱེ་བོ་ལ་སོགས་པ་མི་ཁོམ་པའི་གནས་སུ་སྐྱེ་བའི་རྒྱུར་འགྲོ་ས་ཡོད་པ་ལ་དགོངས་པར་སྣང་ངོ་། །ཁམ་ལུང་པའི་ཞལ་ནས། རང་ཅག་གིས་ཇོ་བོ་སེམས་ཅན་ལ་ཡོ་ལེ་ཕྱོད་དེ་བྱས་པས་སེམས་ཅན་གྱིས་ཀྱང་འོ་ཅག་ལ་དེ་ལྟར་འོང་གསུང་ངོ་། །ཐེག་པ་ཆེན་པོའི་རྩ་བ་ཚུགས་མི་ཚུགས་དང་ཐེག་ཆེན་པའི་གསེབ་ཏུ་བཅོས་མ་མིན་པར་ཚུད་མི་ཚུད་ཐམས་ཅད་འདི་ལ་ཐུག་འདུག་པས། དུས་ཐམས་ཅད་དུ་འདི་ལ་བློ་སྐྱེད་ཅི་བྱུང་བལྟས་


JLD013_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེས་ན་ནི་ལེགས། མ་སྐྱེས་ནའང་དེ་ལྟར་མི་བསྡད་པར་དེ་ལྟ་བུ་སྟོན་པའི་དགེ་བཤེས་ལ་རྟག་ཏུ་བརྟེན། དེ་ལྟར་བློ་སྦྱོང་བའི་གྲོགས་དང་རྟག་ཏུ་འགྲོགས། དེ་ལྟ་བུ་སྟོན་པའི་གསུང་རབ་དང་དགོངས་འགྲེལ་ལ་བལྟ། དེའི་རྒྱུར་ཚོགས་གསོག །དེའི་གེགས་ཀྱི་སྒྲིབ་པ་སྦྱོང༌། རང་ཡང་དེ་ལྟར་དུ་བློ་སྦྱངས་ན་ས་བོན་ཚང་བར་ཐེབས་ངེས་པས་ལས་དོན་མི་ཆུང་ཞིང་དགའ་བར་རིགས་ཏེ། ཇོ་བོ་ཆེན་པོས། ཐེག་ཆེན་ཆོས་སྒོར་འཇུག་འདོད་པས། །མུན་སེལ་གདུང་བ་ཞི་བྱེད་པ། །ཉི་ཟླ་ལྟ་བུའི་བྱང་ཆུབ་སེམས། །བསྐལ་པར་འབད་པས་སྐྱེ་ཡང་རུང༌། །ཞེས་གསུངས་པ་ལྟར་རོ། །སེམས་དེ་སྐྱེས་པའི་ཚད་ནི་སྔར་བཤད་ཟིན་པ་ལས་ཤེས་པར་བྱའོ། །བཞི་པ་ཆོ་གས་བཟུང་བ་ནི། ཇོ་བོ་ཆེན་པོས། དེ་བསྐྱེད་སྦྱོང་བར་འདོད་པ་ཡིས། །བྱམས་སོགས་ཚངས་པའི་གནས་བཞི་པོ། །འབད་པས་རིང་དུ་བསྒོམས་བྱས་པས། །ཆགས་དང་ཕྲག་དོག་བསལ་བྱ་ཞིང༌། །ཡང་དག་ཆོ་ག་བྱས་པས་སྐྱེ། །ཞེས་གསུངས་པ་ལྟར། བློ་སྦྱངས་ནས་སེམས་བསྐྱེད་པ་ལ་ངེས་པ་བརྟན་པ་ན་དེ་བཟུང་བའི་ཆོ་ག་བྱའོ། །འདི་ལ་གསུམ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པའི་ཐབས་སོ། །དང་པོ་ལ་གསུམ། གང་ལ་བླང་བའི་ཡུལ། གང་གིས་ལེན་པའི་རྟེན། ཇི་ལྟར་བླང་བའི་ཆོ་གའོ། །དང་པོ་ནི། བླ་མའི་བྱ་བའི་རིམ་པ་ལས། མཚན་ཉིད་དང་ལྡན་པའི་སློབ་དཔོན། ཞེས་པ་ལས་ཇོ་བོས་གསལ་ཁ་མ་མཛད་ལ། གོང་མ་རྣམས་སྨོན་སེམས་དང་ལྡན་ཞིང་དེའི་བསླབ་བྱ་ལ་གནས་པས་མི་ཆོག་གི་


JLD013_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་སྡོམ་དང་ལྡན་པ་དགོས་པར་བཞེད་དེ། དགྲ་ལས་རྣམ་རྒྱལ་གྱིས། དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ཐད་དུ་སོང་ནས། ཞེས་གསུངས་པ་དང་མཐུན་པར་སྣང་ངོ་། །ཆོས་བཅུ་པར་གཞན་གྱིས་འཛིན་དུ་བཅུག་ནས་སེམས་བསྐྱེད་པ་ལ་ཉན་ཐོས་བཤད་པ་ནི། དེས་བསྐུལ་ཞིང་སྐྱོ་བར་བྱས་ནས་འཛིན་དུ་བཅུག་པ་ལ་གསུངས་པས་དེས་ཆོ་ག་བྱས་པར་མི་སྣང་ངོ་། །ལེན་པའི་རྟེན་ནི། སྤྱིར་ཛེ་ཏ་རིས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྟེན་དང་བསམ་པ་ཕུན་སུམ་ཚོགས་པ་དང་ལྡན་པས། ཞེས་གསུངས་པ་ལྟར། ལྷ་དང་ཀླུ་ལ་སོགས་པ་ལུས་དང་བསམ་པའི་སྒོ་ནས་སྨོན་སེམས་སྐྱེར་རུང་བ་ཐམས་ཅད་འདིའི་རྟེན་དུ་རུང་ཡང༌། འདིར་ནི་ལམ་སྒྲོན་འགྲེལ་པ་ལས། འཁོར་བས་ཡིད་འབྱུང་ལ་འཆི་བ་དྲན་པ་ཤེས་རབ་དང་སྙིང་རྗེ་ཆེ་བ། ཞེས་འབྱུང་བ་ལྟར། སྔར་བཤད་པ་ལྟར་གྱི་ལམ་གྱི་རིམ་པ་ལ་བློ་སྦྱངས་པས་བྱང་ཆུབ་ཀྱི་སེམས་ལ་ཡིད་འགྱུར་བའི་ཉམས་མྱོང་ཅུང་ཟད་རྙེད་པ་ཞིག་ལ་བྱེད་པ་ཡིན་ནོ། །ཇི་ལྟར་ལེན་པའི་ཆོ་ག་ལ་གསུམ་ལས། སྦྱོར་བའི་ཆོ་ག་ལ་གསུམ། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ་དང༌། ཚོགས་བསག་པ་དང༌། བསམ་པ་སྦྱང་བའོ། །དང་པོ་ལ་གསུམ། གནས་བརྒྱན་ཞིང་རྟེན་བཀྲམ་ནས་མཆོད་རྫས་བཤམ་པ་དང༌། གསོལ་བ་གདབ་ཅིང་སྐྱབས་སུ་འགྲོ་བ་དང༌། སྐྱབས་སུ་སོང་བའི་བསླབ་བྱ་བརྗོད་པའོ། །དང་པོ་ནི། སྡིག་པ་ཅན་གྱི་སྐྱེ་བོས་དབེན་པའི་ས་ཕྱོགས་སུ་


JLD013_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་ལེགས་པར་བྱས་ཤིང་གཙང་བ་དེར། བ་བྱུང་ལྔས་བསྐྱང་ནུལ་དང་བྱུག་པ་བྱས་ལ་ཙན༌དན་ལ་སོགས་པའི་དྲིའི་ཆུ་ཕུལ་དུ་བྱུང་བས་ཀྱང་བྱུག་ཅིང་དྲི་ཞིམ་པོའི་མེ་ཏོག་སིལ་མ་གཏོར་ལ། དཀོན་མཆོག་གསུམ་གྱི་གཟུགས་བརྙན་ལུགས་མ་ལ་སོགས་པ་དང་པོ་ཏི་ལ་སོགས་པ་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རྣམས་ཁྲིའམ་ཁྲིའུའམ་སྟེགས་བུ་བཟང་པོ་ལ་བཞུགས་སུ་གཞུག །བླ་རེ་ལ་སོགས་པ་དང་མེ་ཏོག་ལ་སོགས་པའི་མཆོད་པའི་ཡོ་བྱད་ཇི་ལྟར་འབྱོར་པ་དང་རོལ་མོ་དང་ཞལ་ཟས་དང་རྒྱན་ལ་སོགས་པ་རྣམས་སྟ་གོན་བྱ། དགེ་བའི་བཤེས་གཉེན་བཞུགས་པའི་གདན་ཁྲི་མེ་ཏོག་གིས་བརྒྱན་པའང་བཤམ་མོ། །གོང་མ་རྣམས་ནི་སྔོན་དུ་དགེ་འདུན་གྱི་བསྙེན་བཀུར་དང་འབྱུང་པོའི་གཏོར་མ་བཏང་བའི་སྒོ་ནས་ཚོགས་གསོག་པ་དང༌། མཆོད་པའང་མེད་ན་བསྐལ་བཟང་ལས་གསུངས་པ་ལྟར་རས་ཀྱི་ཁ་ཚར་ཕུལ་བ་སོགས་ཀྱིས་ཀྱང་འགྲུབ་ལ། ཡོད་ན་གཡོ་མེད་པར་ནན་ཏན་ཆེན་པོས་བཙལ་ནས་གྲོགས་པོའི་བློར་མི་ཤོང་བ་ཙམ་བཤམ་དགོས་ཏེ། ཇོ་བོ་ལ་བོད་སྟོན་རྣམས་ཀྱིས་མང་ཡུལ་དང་བསམ་ཡས་སུ་སེམས་བསྐྱེད་ཞུས་དུས་སུ་མཆོད་པ་ངན་པས་མི་སྐྱེ་གསུང་སྐད། རྟེན་ཡང་བསྟན་པའི་གཙོ་བོའི་སྐུ་རབ་གནས་ཅན་ཞིག་མེད། ཐབས་མེད་གླེགས་བམ་ཡང་སྡུད་པ་ཡན་ཆད་ཤེར་ཕྱིན་ལ་བྱ་གསུང་ངོ་། །དེ་ནས་བླ་མའི་བྱ་བའི་རིམ་པ་ལས་བཤད་པ་ལྟར་འཕགས་པའི་ཚོགས་སྤྱན་དྲངས་ཤིང་མཆོད་པའི་སྤྲིན་གྱི་གཟུངས་ཚར་གསུམ་གདོན་ཞིང་བསྟོད་པ་བྱའོ། །


JLD013_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་མས་ཁྲུས་བྱས་གོས་བཟང་པོ་བགོས་ཐལ་མོ་སྦྱར་བ་ལ། བླ་མས་ཚོགས་ཀྱི་ཞིང་རྣམས་ཀྱི་ཡོན་ཏན་ལ་སྙིང་ཐག་པ་ནས་དང་བ་བསྐྱེད་དུ་བཅུག་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རེ་རེའི་མདུན་ན་རང་ཉིད་འདུག་པར་བསམས་ནས་དལ་བུས་ཡན་ལག་བདུན་པ་བྱེད་དུ་གཞུག་གོ །དེ་ལ་སྔ་མ་ཕལ་མོ་ཆེ་ཀླུ་སྒྲུབ་དང་ཞི་བ་ལྷ་ནས་བརྒྱུད་པ་ལ་ཡན་ལག་བདུན་པ་དང་བྱམས་པ་དང་ཐོགས་མེད་ནས་བརྒྱུད་པ་ལ་ཕྱག་དང་མཆོད་པ་གཉིས་ཙམ་བྱའོ། །དེ་ཡང་སྡིག་པ་བཤགས་པ་བྱེད་ན་འགྱོད་དགོས་པས་ཡིད་མི་དགའ་ལ་བྱང་ཆུབ་ཀྱི་སེམས་ཡིད་དགའ་སྤྲོ་དང་ལྡན་པ་ལ་སྐྱེ་དགོས་པས་ཞེས་སྨྲ་བ་ནི་མ་ཡིན་ཏེ། ཇོ་བོ་ཆེན་པོས་སེམས་བསྐྱེད་དང་སྡོམ་པའི་ཆོ་གར་ཕྱག་འཚལ་བ་དང་མཆོད་པའི་ཆོ༌ག་ལ་སོགས་པ་ཞེས་སོགས་ཀྱིས་བསྡུས་ལ། བླ་མའི་བྱ་བའི་རིམ་པ་ལས་ཡན་ལག་བདུན་ཀ་སེམས་བསྐྱེད་པའི་སྔོན་དུ་བྱ་བར་གསལ་པོར་གསུངས་པའི་ཕྱིར་དང་། རྒྱུ་མཚན་དེ་ལྟར་ཡིན་ན་ནི་ཀླུ་སྒྲུབ་དང་ཞི་བ་ལྷའི་ལུགས་ལའང་མི་སྐྱེ་བར་ཁས་བླང་དགོས་སོ། །གཉིས་པ་ནི། དེ་ནས་བླ་མ་ལ་སྟོན་པའི་འདུ་ཤེས་བཞག་དགོས་པར་གསུངས་པས་སངས་རྒྱས་སུ་མོས་པ་བྱས་ལ་ཕྱག་འཚལ་ཏེ་ཡོན་དང་མཎྜལ་ཕུལ་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་དོན་དུ་གསོལ་བ་གདབ་བོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་


JLD013_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཞེས་ལན་གསུམ་གྱི་བར་དུ་བརྗོད་དོ། །དེ་ནས་སྐྱབས་འགྲོ་ཁྱད་པར་ཅན་བྱ་སྟེ། འདི་ལྟར་ཡུལ་སངས་རྒྱས་བཅོམ་ལྡན་འདས་དང་ཆོས་ཐེག་ཆེན་གྱི་འགོག་པ་གཙོ་བོར་བྱས་པའི་ལམ་གྱི་བདེན་པ་དང་དགེ་འདུན་ཕྱིར་མི་ལྡོག་པའི་བྱང་སེམས་འཕགས་པ་ལ། དུས་ད་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་སངས་རྒྱས་ལ་སྐྱབས་སྟོན་པ་དང་ཆོས་ལ་སྐྱབས་དངོས་དང་དགེ་འདུན་ལ་སྐྱབས་སྒྲུབ་པའི་གྲོགས་ཞུ་སྙམ་པའི་བསམ་པ་སྤྱི་དང༌། ཁྱད་པར་དུ་ལམ་སྒྲོན་ལས། མི་ལྡོག་པ་ཡི་སེམས་དག་གིས། །ཞེས་གསུངས་པས། དེ་ལྟ་བུའི་བསམ་པ་ལས་དུས་ཐམས་ཅད་དུ་མི་ལྡོག་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བྱས་ལ་སྤྱོད་ལམ་སྔར་བཤད་པ་དང་འདྲ་བས་སྐྱབས་སུ་འགྲོ་བ་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་


JLD013_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དོ། །དཀོན་མཆོག་རེ་རེའི་སྐྱབས་འགྲོ་ལ་དགོངས་གསོལ་རེ་དང་ཆོས་ཀྱི་སྐྱབས་འགྲོའི་ཚིག་གཞན་དང་མི་འདྲ་ཡང་ཇོ་བོས་མཛད་པའི་ཆོ་ག་ཇི་ལྟ་བ་བཞིན་ཡིན་ནོ། །སྐྱབས་སུ་སོང་བའི་བསླབ་བྱ་ནི། སྔར་སྐྱེས་བུ་ཆུང་ངུའི་སྐབས་སུ་བཤད་པའི་བསླབ་བྱ་རྣམས་འདིར་ཡང་སློབ་དཔོན་གྱིས་བརྗོད་པར་བྱའོ། །ཚོགས་བསག་པ་ནི། སེམས་བསྐྱེད་པའི་ཆོ་གར་སྐབས་འདིར་ཡང་ཕྱག་དང་མཆོད་པ་སོགས་བྱེད་པར་བཤད་ཅིང༌། འགྲེལ་པ་ལས། ཡན་ལག་བདུན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སྔོན་དང་ད་ལྟར་གྱི་བཤེས་གཉེན་རྣམས་ཡིད་ལ་དྲན་པར་བྱས་ནས་བྱེད་པར་བཤད་པ་ལྟར་བྱ་སྟེ། བླ་མ་རྣམས་ལ་མཆོད་པ་ནི་མཆོད་པ་སྔ་མའི་དུས་སུའང་ཤེས་པར་བྱའོ། །ཡན་ལག་བདུན་པ་ནི། བཟང་སྤྱོད་དང་སྤྱོད་འཇུག་གི་གཞུང་གང་རུང་གིས་བྱའོ། །སེམས་སྦྱང་བ་ནི། ལམ་སྒྲོན་ནས་བྱམས་པའི་སེམས་སྔོན་དུ་བཏང་ནས་སེམས་ཅན་སྡུག་བསྔལ་བ་ལ་བལྟས་ཏེ་སེམས་བསྐྱེད་པར་གསུངས་པས་སྔར་བཤད་པ་ལྟར་བྱམས་པ་དང་སྙིང་རྗེའི་དམིགས་


JLD013_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསལ་གདབ་བོ། །དངོས་གཞིའི་ཆོ་ག་ནི། སློབ་དཔོན་གྱི་མདུན་དུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའམ་ཙོག་པུའང་རུང་བས་འདུག་ལ་ཐལ་མོ་སྦྱར་ནས་སེམས་བསྐྱེད་པར་བྱའོ། །དེ་ཡང་ལམ་སྒྲོན་ལས། ལྡོག་པ་མེད་པར་དམ་འཆའ་བའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །ཞེས་པ་དང༌། ཆོ་ག་ལས་ཀྱང་། བྱང་ཆུབ་སྙིང་པོའི་བར་དུ། ཞེས་གསུངས་པས། གཞན་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་ཙམ་མིན་གྱི། སེམས་དེ་བསྐྱེད་པ་ལ་དམིགས་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་གཏང་ངོ་སྙམ་དུ་དམ་འཆའ་བ་ཡིན་པས་དེའི་བསམ་པ་ཆོ་ག་ལ་བརྟེན་ནས་བསྐྱེད་པར་བྱའོ། །དེ་ལྟ་བུ་ནི་སྨོན་སེམས་ཀྱི་བསླབ་བྱ་ལ་སློབ་པར་མི་ནུས་ན་མི་བྱ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་སུ་འགྱུར་བར་བྱའོ་སྙམ་པ་ཙམ་ཆོ་གས་བསྐྱེད་ན་ནི་སེམས་བསྐྱེད་ཀྱི་བསླབ་བྱ་ལ་སློབ་པར་ནུས་མི་ནུས་ཐམས་ཅད་ལ་བྱས་པས་ཆོག་གོ །སྨོན་སེམས་ལ་དེ་ལྟར་གཉིས་རུང་གི་འཇུག་སེམས་ཆོ་གས་ལེན་པ་ལ་བསླབ་བྱ་ལ་ཡེ་མི་སློབ་པ་ལ་རྣམ་པ་ཐམས་ཅད་དུ་བྱར་མི་རུང་བས། ཀླུ་སྒྲུབ་དང་ཐོགས་མེད་ནས་བརྒྱུད་པ་ལ་སྡོམ་པའི་ཆོ་ག་མང་པོ་ལ་བྱར་རུང་བ་དང་མི་རུང་བའི་ཁྱད་པར་འདོད་པ་ནི་མ་གོ་བ་ཆེན་པོའོ། །གཞན་ཡང་ཁ་ཅིག་གིས་ལས་དང་པོ་པའི་ཆོས་སྤྱོད་དུ་འཇུག་སྡོམ་འཛིན་པའི་ཆོ་གས་ཡང་ཡང་འཛིན་པར་བཤད་ནས་བསླབ་བྱ་སྤྱི་དང་ཁྱད་པར་དུ་རྩ་ལྟུང་ཡེ་མི་ཤེས་པས་ཇི་ལྟར་


JLD013_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཁྱད་པར་མ་བསྟན་པ་ནི་དོན་མ་ཡིན་པ་ཆེན་པོ་ལ་སྦྱོར་བ་ཡིན་ནོ། །གསལ་རྒྱལ་ལ་གདམས་པ་ལས་ཀྱང༌། སྦྱིན་པ་ལ་སོགས་པའི་བསླབ་བྱ་ལ་བསླབ་པར་མི་ནུས་ན། བྱང་ཆུབ་ཀྱི་སེམས་ཙམ་བསྐྱེད་པ་ལའང་བསོད་ནམས་མང་པོ་འགྲུབ་པར་གསུངས་པ་ཁུངས་སུ་མཛད་ནས། གང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སློབ་མི་ནུས་པ་དེས་ཀྱང་འབྲས་བུ་ཆེ་བའི་ཕྱིར་ཐབས་ཀྱིས་ཡོངས་སུ་ཟིན་པར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། ཞེས་སྒོམ་རིམ་དང་པོ་ལས་གསུངས་པས། སྦྱིན་སོགས་ཀྱི་བསླབ་བྱ་ལ་མི་སློབ་པ་ལ་སེམས་བསྐྱེད་བྱར་རུང་བ་དང་སྡོམ་པ་བཟུང་དུ་མི་རུང་བར་ཆེས་གསལ་བ་ཡིན་ནོ། །སེམས་བཟུང་བའི་ཆོ༌ག་ནི། ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་ཚུལ་ཁྲིམས་ཀྱི་རང་བཞིན་དང་བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང་བགྱིད་དུ་བསྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་


JLD013_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་པ་སྟེ་ལན་གསུམ་བརྗོད་པར་བྱའོ། །སྐྱབས་འགྲོའི་ཆོ་ག་དང་འདི་གཉིས་ལ་སློབ་དཔོན་གྱི་རྗེས་སུ་བཟླས་དགོས་པའི་གསལ་ཁ་མ་བྱུང་ཡང་དགོས་པ་ཡིན་ནོ། །དེ་དག་ནི་སློབ་དཔོན་ཡོད་པའི་ལུགས་ཡིན་ལ། སློབ་དཔོན་མ་རྙེད་ན་ཇི་ལྟར་བྱ་བ་ནི། སེམས་བསྐྱེད་པའི་ཆོ་ག་ཇོ་བོས་མཛད་པ་ལས། དེ་ལྟར་སློབ་དཔོན་མེད་ཀྱང་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་ནི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བསམས་ཏེ་ཕྱག་འཚལ་བ་དང་མཆོད་པའི་ཆོ་ག་ལ་སོགས་པ་བྱས་ནས། གསོལ་བ་གདབ་པ་དང་སློབ་དཔོན་ཞེས་བྱ་བའི་ཚིག་སྤངས་པའི་སྐྱབས་སུ་འགྲོ་བ་ལ་སོགས་པའི་གོ་རིམ་གོང་མ་བཞིན་དུ་བྱའོ། །ཞེས་གསུངས་པ་ལྟར་བྱའོ། །མཇུག་གི་ཆོ་ག་ནི། སློབ་དཔོན་གྱིས་སྨོན་སེམས་ཀྱི་བསླབ་བྱ་རྣམས་སློབ་མ་ལ་བརྗོད་པར་བྱ་བའོ། །གཉིས་པ་ཐོབ་པ་མི་ཉམས་


JLD013_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྲུང་བ་ལ་བསླབ་བྱ་ཤེས་པར་བྱ་དགོས་པས་དེ་བཤད་པར་བྱའོ། །འདི་ལ་གཉིས། ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་བསླབ་པ་དང༌། སྐྱེ་བ་གཞན་དུའང་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པའོ། །དང་པོ་ལ་བཞི། སེམས་བསྐྱེད་ལ་སྤྲོ་ཤུགས་འཕེལ་བའི་ཕྱིར་དུ་ཕན་ཡོན་དྲན་པ་ལ་བསླབ་པ་དང༌། སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་བསྐྱེད་པ་ལ་བསླབ་པ་དང༌། གང་གི་དོན་དུ་སེམས་བསྐྱེད་པའི་སེམས་ཅན་བློས་མི་སྤང་བ་ལ་བསླབ་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པ་ལ་བསླབ་པའོ། །དང་པོ་ནི། མདོ་སྡེ་བལྟ་བའམ་བླ་མ་ལས་མཉན་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རྣམས་སེམས་པ་སྟེ། སྡོང་པོ་བཀོད་པ་ལས་རྒྱས་པར་གསུངས་པས་དེར་བལྟ་དགོས་ཤིང༌། དེ་ལས་ཀྱང་སྔར་དྲངས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུར་གསུངས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ། །ཞེས་ཡན་ལག་རྒྱས་པར་བཤད་པ་ལ་མཐའ་ཡས་པ་ཞིག་ཡོད་ཀྱང་མདོར་བསྟན་དུ་ཐམས་ཅད་འདུས་པས་མདོར་བསྟན་དེ་དེའི་སྡོམ་ཡིན་པ་ལྟར་བྱང་སེམས་ཀྱི་ལམ་ཐམས་ཅད་ཀྱི་གནད་བསྡུས་པའི་སྡོམ་དུ་གསུངས་སོ། །བྱང་ས༌ལས་ཕན་ཡོན་གསུངས་པ་ནི་སྨོན་སེམས་ཀྱི་ཡིན་པས་དེ་ལས་དང་པོ་སེམས་བསྐྱེད་པ་བརྟན་པོ་བསྐྱེད་པ་ལ་ཕན་ཡོན་གཉིས་གསུངས་ཏེ། ཞིང་དམ་པར་འགྱུར་བ་དང་གནོད་པ་མེད་པའི་


JLD013_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཡོངས་སུ་འཛིན་པའོ། །དང་པོ་ནི། འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར། སེམས་བསྐྱེད་མ་ཐག་ནས་སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་བ་དང༌། སེམས་བསྐྱེད་མ་ཐག་ནས་དགྲ་བཅོམ་པ་བདག་ཉིད་ཆེན་པོ་རྣམས་ཀྱང་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པར་གསུངས་པ་ལྟར་བླ་མའམ་གོང་མར་འགྱུར་བ་དང༌། བསོད་ནམས་བྱ་བ་ཆུང་ངུ་ཞིག་བྱས་ཀྱང་འབྲས་བུ་མཐའ་ཡས་པ་འབྱིན་པས་བསོད་ནམས་ཀྱི་ཞིང་དང་འཇིག་རྟེན་ཐམས་ཅད་བརྟེན་པས་ས་ལྟ་བུའོ། །ཞེས་གསུངས་པ་ལྟར། སྐྱེ་དགུ་རྣམས་ཀྱི་ཕ་དང་འདྲ་བར་འགྱུར་བའོ། །གཉིས་པ་ནི། འཁོར་ལོས་བསྒྱུར་རྒྱལ་བསྲུང་བའི་སྲུང་མ་ཉིས་འགྱུར་གྱིས་རྟག་ཏུ་བསྲུང་བས། གཉིད་ལོག་གམ་མྱོས་སམ་བག་མེད་པར་གྱུར་པ་ནའང་གནོད་སྦྱིན་ནམ་མི་མ་ཡིན་གཉུག་མར་གནས་པ་རྣམས་ཀྱིས་གཙེ་མི་ནུས་པའོ། །གསང་སྔགས་དང་རིག་སྔགས་ཀྱི་ཚིག །ཡམས་དང་གནོད་པ་དང་ནད་འགོ་བ་ཞི་བར་བྱེད་པ་སེམས་ཅན་གྱི་ལག་ན་འདུག་པ་མ་གྲུབ་པ་རྣམས་ཀྱང་འདིའི་ལག་ཏུ་འོངས་ནས་འགྲུབ་པར་འགྱུར་ན་གྲུབ་པ་དག་ལྟ་ཅི་སྨོས། འདིས་ནི་ཞི་བ་ལ་སོགས་པའི་ལས་ཚོགས་ཀྱང་སེམས་བསྐྱེད་བརྟན་ན་འགྲུབ་སླ་བར་བསྟན་པས་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་ལའང་འདི་ཡོད་ན་མྱུར་བའོ། །གནས་གང་ན་གནས་པ་དེར་ཡང་འཇིགས་པ་དང་འཇིགས་པར་འགྱུར་བ་དང་མུ་གེ་དང་མི་མ་ཡིན་གྱི་གནོད་པ་མ་བྱུང་བ་རྣམས་མི་འབྱུང་ཞིང་བྱུང་བ་རྣམས་ཞི་བར་འགྱུར་རོ། །


JLD013_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འཕོས་པའི་འོག་ཏུ་ཡང་གནོད་པ་ཉུང་ཞིང་རང་བཞིན་གྱིས་ནད་མེད་པ་དང་གནོད་པ་བྱུང་ནའང་ཡུན་རིང་པོ་དང་དྲག་པོས་མི་འདེབས་པ་དང༌། ཆོས་སྟོན་པ་སོགས་སེམས་ཅན་གྱི་དོན་ལ་འཇུག་པ་ན་ལུས་མི་ངལ་ཞིང་བརྗེད་ངས་པ་དང་སེམས་ཉམས་པར་མི་འགྱུར་རོ། །བྱང་སེམས་རིགས་ལ་གནས་པ་ནི་རང་བཞིན་གྱིས་ཀྱང་གནས་ངན་ལེན་ཉུང་བ་ཡིན་ལ། སེམས་བསྐྱེད་ན་ནི་ལུས་དང་སེམས་ཀྱི་གནས་ངན་ལེན་ཤིན་ཏུ་ཆུང་བར་འགྱུར་རོ། །བཟོད་པ་དང་དེས་པ་དང་ལྡན་པས་ཚུར་གནོད་པ་བྱས་པ་བཟོད་ཅིང་ཕར་གནོད་པ་མི་བྱེད་ལ་གཞན་གྱིས་གཞན་ལ་གནོད་པ་བྱེད་པ་མཐོང་ནའང་ཤིན་ཏུ་མི་དགའ་བ་དང༌། ཁོང་ཁྲོ་བ་དང་ཕྲག་དོག་དང་གཡོ་དང་འཆབ་པ་ལ་སོགས་པ་རྣམས་ཀྱང་རེས་འགའ་ཙམ་ལས་མི་སྐྱེ་ཞིང་སྐྱེས་ནའང་ཤུགས་མི་དྲག་ལ་རིང་དུ་མི་གནས་པར་མྱུར་དུ་འབྲལ་བར་འགྱུར་རོ། །ངན་སོང་དུའང་སྐྱེ་དཀའ་ཞིང་སྐྱེས་ནའང་མྱུར་དུ་ཐར་བ་དང་དེར་ཡང་སྡུག་བསྔལ་ཆུང་བ་དང་དེས་རྐྱེན་བྱས་ནས་འཁོར་བ་ལ་ཤིན་ཏུ་སྐྱོ་བ་དང་སེམས་ཅན་དེ་དག་ལའང་སྙིང་རྗེ་སྐྱེའོ། །བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས་གཟུགས་ཅན་དུ་གྲུབ་ན་ནམ་མཁར་ཡང་མི་ཤོང་བ་དང་། སངས་རྒྱས་ཟང་ཟིང་གིས་མཆོད་པས་ཆ་ཙམ་དུའང་མི་ཆོག་པ་ནི། དཔའ་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །


JLD013_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་སོ། །ཇོ་བོ་ཆེན་པོ་རྡོ་རྗེ་གདན་ལ་སྐོར་བ་མཛད་ནས་ཇི་ལྟར་བྱས་ན་མྱུར་དུ་རྫོགས་པའི་བྱང་ཆུབ་འཐོབ་སྙམ་དུ་དགོངས་པ་ན། སྐུ་གཟུགས་ཆུང་བ་རྣམས་བཞེངས་ནས་ཆེ་བ་རྣམས་ལ་མྱུར་དུ་འཚང་རྒྱ་བར་འདོད་པས་གང་ལ་བསླབ་པར་བྱ་ཞེས་དྲིས་པ་ན་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །ཞེས་པ་དང༌། གན་དྷོ་ལའི་སྟེང་གི་ནམ་མཁའ་ལ་བུད་མེད་རྒན་པ་ཞིག་ལ་གཞོན་པ་ཞིག་གིས་དྲིས་པ་ལའང་ལན་སྔར་ལྟར་མཛད་པ་གསན་པས་བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་ཆེ་བར་སོང་སྐད། དེ་ལྟར་ན་ཐེག་པ་ཆེན་པོའི་མན་ངག་ཐམས་ཅད་ཀྱི་གནད་བསྡུས་པ་དངོས་གྲུབ་ཐམས་ཅད་ཀྱི་གཏེར་ཆེན་པོ་ཐེག་དམན་ལས་འབྱེད་པའི་ཐེག་ཆེན་གྱི་ཁྱད་ཆོས་རྒྱལ་སྲས་རྣམས་སྤྱོད་པ་རླབས་པོ་ཆེ་ལ་བསྐུལ་བའི་རྟེན་དམ་པ་ནི། བྱང་ཆུབ་ཀྱི་སེམས་སུ་ཤེས་པར་བྱས་ལ་དེ་བསྒོམ་པ་ལ་སྤྲོ་ཤུགས་ཇེ་འཕེལ་དུ་བཏང་ནས་སྐོམ་པས་ཆུའི་གཏམ་ཐོས་པ་ལྟར་བྱ་སྟེ། བསྐལ་པ་དུ་མའི་བར་དུ་རྨད་དུ་བྱུང་བའི་མཁྱེན་རབ་ཀྱིས་ཆེས་ཕྲ་བར་བྱས་ཏེ་ལམ་རྣམས་ལ་དཔྱད་པ་ན་འདི་ཉིད་འཚང་རྒྱ་བའི་ཐབས་དམ་པར་རྒྱལ་བ་སྲས་བཅས་ཀྱིས་གཟིགས་པའི་ཕྱིར་རོ། །དེ་ལྟར་ཡང་


JLD013_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་འཇུག་ལས། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་སོ། །སེམས་བསྐྱེད་པ་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་སེམས་བསྐྱེད་པ་ལ་བསླབ་པ་ལ་གཉིས། སྨོན་སེམས་བསྐྱེད་པ་མི་གཏོང་བ་དང༌། སྤེལ་བ་ལ་བསླབ་པའོ། །དང་པོ་ནི། དེ་ལྟར་སངས་རྒྱས་དང་བྱང་སེམས་དང་བཤེས་གཉེན་དཔང་དུ་བྱས་ཏེ་དེའི་སྤྱན་སྔར་སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་སོགས་ཀྱི་དམ་བཅའ་བྱས་ནས། སེམས་ཅན་གྲངས་མང་ཞིང་བྱེད་ངན་པའམ་བསྐལ་པ་དུ་མར་འབད་དགོས་པའི་དུས་རིང་བའམ་ཚོགས་གཉིས་མཐའ་ཡས་ཤིང་བྱ་དཀའ་བ་རྣམས་ལ་སློབ་དགོས་པར་མཐོང་བས་ཞུམ་པའི་རྐྱེན་བྱས་ནས་སེམས་བསྐྱེད་པའི་ཁུར་བཞག༌ན། སོ་ཐར་གྱི་ཕམ་པ་ལས་ཀྱང་སྡིག་ཆེ་སྟེ། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་བྱང་སེམས་དེའི་ཚུལ་ཁྲིམས་འཆལ་བར་གསུངས་ཏེ། ཉན་རང་གི་ཡིད་བྱེད་སྡོམ་པ་ནི་བྱང་སེམས་ཀྱི་ཚུལ་ཁྲིམས་མཆོག་ཡིན་པས་དེ་ཉམས་ན་ཚུལ་ཁྲིམས་རལ་བ་ཡིན་ལ། དེ་མ་དོར་ན་འདོད་ཡོན་ལ་འཛེམ་མེད་དུ་སྤྱོད་ཀྱང་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་སྡོམ་སེམས་མ་རལ་བ་ཡིན་པའི་ཕྱིར་རོ། །


JLD013_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང༌། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པས་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་སོ། །དེ་ལྟར་ཁས་བླངས་པའི་སེམས་དོར་ན་ངན་འགྲོར་རིང་དུ་འཁྱམ་དགོས་ཏེ། སྤྱོད་འཇུག་ལས། དངོས་པོ་ཕལ་པ་ཅུང་ཟད་ལ། །ཡིད་ཀྱིས་སྦྱིན་པར་བསམས་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །དེ་ཡང་ཡི་དྭགས་རྒྱུར་གསུངས་ན། །བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཅི་ག༌འགྲོ་འགྱུར་རམ། །ཞེས་གསུངས་སོ། །དེས་ན་དེ་ཉིད་ལས། ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ན། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །ཞེས་གསུངས་པ་ལྟར། འདི་འདྲ་བ་བདག་གིས་རྙེད་པ་ནི་ཤིན་ཏུ་ཡ་མཚན་ནོ་སྙམ་དུ་བསམས་ལ་རྣམ་པ་ཐམས་ཅད་དུ་མི་བཏང་བར་བྱ་སྟེ། དེ་ཡང་དེ་ཉིད་ལ་བྱེ་བྲག་ཏུ་དམིགས་ནས་སྐད་ཅིག་ཀྱང་མི་འདོར་བའི་ཞེ་དམ་མང་དུ་བྱ་བའོ། །གཉིས་པ་ནི། དེ་ལྟར་མ་བཏང་བ་ཙམ་གྱིས་མི་ཆོག་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་འབད་པ་ཆེན་པོས་སྤེལ་བར་བྱའོ། །དེ་ཡང་སྔར་བཤད་པའི་ཆོ་ག་རྒྱས་པ་གྲུབ་ན་དེ་ལྟར་བྱ། མ་གྲུབ་ན་ཚོགས་ཀྱི་ཞིང་གསལ་གདབ་ལ་མཆོད་པ་ཕུལ་ནས་བྱམས་པ་དང་སྙིང་རྗེ་སོགས་སྦྱངས་ཏེ་ལན་དྲུག་གཟུང་བར་


JLD013_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེའི་ཆོ་ག་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་སྟེ་ལན་གསུམ་གསུམ་མོ། །སེམས་ཅན་བློས་མི་སྤང་བ་ལ་བསླབ་པ་ནི། ལམ་སྒྲོན་དང་སེམས་བསྐྱེད་པའི་ཆོ་གའི་བསླབ་བྱའི་སྐབས་སུ་མ་བྱུང་ཡང༌། ལམ་སྒྲོན་འགྲེལ་པ་ལས། དེ་ལྟར་སེམས་ཅན་རྗེས་སུ་གཟུང་བར་བྱ་ཞིང་མི་བཏང་བས་བྱང་ཆུབ་ཀྱི་སེམས་ཀྱི་དམིགས་པ་དང་དེའི་ཕན་ཡོན་དང་དེ་བསྐྱེད་པའི་ཆོ་ག་དང་ཐུན་མོང་གི་སྤེལ་བ་དང་མི་བརྗེད་པར་བྱ་བའི་ཕྱིར་བསྲུང་བ། ཞེས་པའི་སྐབས་སུ་བགྲངས་བྱུང་ལ། རྩ་བའི་དགོངས་པ་དང་ཡང་མི་འགལ་བར་སྣང་བས་དེ་ལའང་བསླབ་བོ། །བློས་སྤངས་པའི་ཚད་ནི། མི་འཐད་པ་བྱས་པ་ལ་སོགས་པའི་རྐྱེན་འགའ་ཞིག་ལ་བརྟེན་ནས་ད་ནི་དུས་ནམ་དུའང་འདིའི་དོན་མི་བྱའོ་སྙམ་པ་སྐྱེས་པའོ། །ཚོགས་གཉིས་བསག་པ་ལ་བསླབ་པ་ནི། སྨོན་སེམས་ཆོ་གས་བཟུང་བ་ནས་ཞག་རེ་རེ་བཞིན་བྱང་ཆུབ་ཀྱི་སེམས་འཕེལ་བའི་རྒྱུར་དཀོན་མཆོག་མཆོད་པ་ལ་སོགས་པའི་ཚོགས་གསོག་པ་ལ་འབད་པའོ། །འདི་གོང་མ་རྣམས་གསུང་བ་མ་གཏོགས་པ་ཁུངས་དག་པོ་ནི་མ་མཐོང་མོད། འོན་ཀྱང་ཕན་ཆེ་བར་སྣང་ངོ་། །གཉིས་པ་སྐྱེ་བ་གཞན་དུའང་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པ་ལ་གཉིས། ཉམས་པར་བྱེད་པ་ནག་པོའི་ཆོས་བཞི་སྤང་བ་དང༌། མི་ཉམས་པར་


JLD013_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དཀར་པོའི་ཆོས་བཞི་བླང་བ་ལ་བསླབ་པའོ། །དང་པོ་ནི། དཀོན་མཆོག་བརྩེགས་པའི་འོད་སྲུངས་ཀྱི་ལེའུ་ལས། སྐྱེ་བ་གཞན་དུ་སེམས་བསྐྱེད་བརྗེད་པའམ་མངོན་དུ་མི་འགྱུར་བ་ལ་ཆོས་བཞི་དང༌། བྱང་ཆུབ་མ་ཐོབ་ཀྱི་བར་དུ་བར་མ་དོར་བྱང་ཆུབ་ཀྱི་སེམས་མི་བརྗེད་པའམ་མངོན་དུ་གྱུར་པ་ལ་ཆོས་བཞི་དང་ལྡན་པ་གསུངས་པ་དེ་སྨོན་སེམས་ཀྱི་བསླབ་བྱར་མཛད་པའོ། །དེ་ལ་ནག་པོའི་ཆོས་བཞི་ལས། མཁན་པོ་དང་སློབ་དཔོན་དང་བླ་མ་དང་སྦྱིན་གནས་ལ་བསླུ་བ་ནི་གཉིས་ཀྱིས་ཤེས་པར་བྱ་སྟེ། ཡུལ་ནི། མཁན་སློབ་གོ་སླ་ལ་བླ་མ་ནི་ཕན་པར་འདོད་པ་དང་སྦྱིན་གནས་ནི་གྲངས་སུ་མ་གཏོགས་ཀྱང་ཡོན་ཏན་དང་ལྡན་པའོ། །ཞེས་འོད་སྲུངས་ལེའུའི་འགྲེལ་པ་ལས་བཤད་དོ། །ཡུལ་དེ་ལ་བྱ་བ་ཅི་ཞིག་བྱས་ན་ནག་པོའི་ཆོས་སུ་འགྲོ་སྙམ་ན། ཡུལ་དེ་དག་གང་རུང་ལ་རང་གིས་ཤེས་བཞིན་དུ་བསླུས་ན་ནག་པོའི་ཆོས་སོ། །བསླུ་ལུགས་ནི་ཡུལ་དེ་དག་གིས་སྙིང་བརྩེ་བས་ལྟུང་བ་གླེངས་པ་ན་བརྫུན་གྱི་ཚིག་གིས་མགོ་རྨོངས་པར་བྱེད་པ་ལ་འགྲེལ་པས་བཤད་ལ། བླ་མ་རྣམས་ནི་བསླུ་བའི་སེམས་ཀྱིས་དབུ་བསྐོར་ཐབས་བྱས་པ་ཐམས་ཅད་ལ་མཛད་དོ། །འོན་ཀྱང་བརྫུན་མིན་པའི་གཡོ་སྒྱུ་ནི་འོག་ཏུ་སྟོན་པས་བརྫུན་བྱས་ནས་དབུ་བསྐོར་བ་ཞིག་དགོས་ཏེ། བསླབ་བཏུས་སུ་ནག་པོའི་ཆོས་རྣམས་སྤོང་བ་དཀར་པོའི་ཆོས་ཡིན་པར་གསུངས་ལ། འདིའི་གཉེན་པོ་ནི་དཀར་ཆོས་བཞིའི་དང་པོ་ཡིན་པའི་ཕྱིར་རོ། །དེ་ཡང་བླ་མ་ལ་གྲོས་གཞན་ཞིག་


JLD013_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ། ལྐོག༌ཏུ་གྲོས་གཞན་ཞིག་བྱས་ནས་དགེ་བཤེས་ཀྱིས་གསན་དུ་འོང་ངོ་ཟེར་ཏེ། སློབ་མ་སྙིང་རག་མས་བླ་མའི་དབུ་གཡོག་གསུང༌། གཞན་འགྱོད་པ་མེད་པ་ལ་འགྱོད་པ་ཉེ་བར་བསྒྲུབ་པ་ལའང་གཉིས་ལས། ཡུལ་ནི། གང་ཟག་གཞན་དགེ་བ་བྱེད་པ་འགྱོད་པ་དང་མི་ལྡན་པའོ། །དེ་ལ་ཅི་ཞིག་བྱས་པ་ནི། འགྱོད་དུ་གཞུག་པའི་བསམ་པས་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པའོ། །འགྲེལ་པས་ཚངས་པ་མཚུངས་པར་སྤྱོད་པ་ཡང་དག་པའི་བསླབ་པ་ལ་གནས་པ་རྣམས་གཡོ་སྒྱུས་བསླབ་ཚིག་ལ་མགོ་རྨོངས་པར་བྱེད་པ་ལ་བཤད་དོ། །དེ་གཉིས་ལ་བསླུ་ཐུབ་མ་ཐུབ་དང་འགྱོད་པ་སྐྱེས་མ་སྐྱེས་འདྲ་བར་བཞེད་དེ་འགྲེལ་པ་དང་ཡང་མཐུན་པར་སྣང་ངོ་། །འོན་ཀྱང་འགྲེལ་པས་ཕྱི་མ་ཡང་མགོ་རྨོངས་པར་བྱེད་པ་ལ་བྱས་སོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་མི་བསྔགས་པ་སོགས་སྨྲ་བ་ལ། ཡུལ་ནི། ཆོ་གས་སེམས་བསྐྱེད་བཟུང་ནས་ལྡན་པ་ལ་ཁ་ཅིག་བཞེད། ཁ་ཅིག་སྔར་སེམས་བསྐྱེད་ན་ད་ལྟ་མི་ལྡན་ཡང་འདྲ་བར་འདོད་དེ། དེ་ནི་མདོ་དང་འགལ་བས་མི་འཐད་དོ། །འགྲེལ་པ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ཙམ་ལས་གསལ་ཁ་མ་བྱུང་ངོ་། །སྐབས་གཞན་དུ་བྱང་ཆུབ་སེམས་དཔའི་སྡོམ་ལྡན་བསླབ་པ་ལ་སློབ་པ་ལ་ཐེག་ཆེན་ལ་ཡང་དག་པར་ཞུགས་པར་བཤད་པ་མང་པོ་སྣང་ནའང་སེམས་བསྐྱེད་པ་དང་ལྡན་པ་ནས་བཟུང་དགོས་སམ་སྙམ་མོ། །དེ་ལ་


JLD013_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་བྱས་པ་ནི། མི་བསྔགས་པ་སོགས་སྨྲས་པའོ། །ཞེ་སྡང་གིས་ཀུན་ནས་བསླངས་ནས་བརྗོད་པ་དགོས་པར་བཞེད་པ་ནི་འགྲེལ་པ་དང་མཐུན་ནོ། །ཡུལ་གང་ལ་སྨྲས་པ་ལ་བྱང་སེམས་ལ་ཆོས་དོན་དུ་གཉེར་བ་རྣམས་ཐེག་ཆེན་ལ་མོས་པའམ་བསྒྲུབ་པར་འདོད་པ་བཟློག་པའི་ཕྱིར་དུ་དེ་དག་ལ་སྨྲས་པ་ལ་འགྲེལ་པས་བཤད་ཀྱང་དོན་གོ་བ་ཞིག་གིས་ཆོག་པ་འདྲའོ། །དེ་ལ་བསྔགས་པ་མ་ཡིན་པའི་སྒྲ་ནི། ངང་ཚུལ་ངན་པ་ཅན་ཞེས་བྱ་བ་ལྟ་བུ་ཉེས་པའི་དམིགས་མ་ཕྱེ་བར་བརྗོད་པའོ། །མི་སྙན་པའི་སྒྲ་ནི། མི་ཚངས་པར་སྤྱད་དོ་ཞེས་པ་ལྟ་བུ་དམིགས་ཀྱིས་ཕྱེ་ནས་བརྗོད་པའོ། །བརྗོད་པ་མ་ཡིན་པ་ནི། རྣམ་པ་འདི་དང་འདིས་མི་ཚངས་པར་སྤྱད་ཅེས་པ་ལྟ་བུ་རྣམ་པར་ཕྱེ་ནས་བརྗོད་པ་དང་ཚིགས་བཅད་མ་ཡིན་པ་སྔ་མ་གསུམ་གྱི་མཐར་སྦྱར་ཏེ་འགྲེལ་པ་ལས་བཤད་དོ། །འདི་རང་ཅག་ལ་འབྱུང་ཡང་ཉེ། ཉེས་དམིགས་ཀྱང་ཤིན་ཏུ་ཆེ་སྟེ། སྔར་མདོར་བསྡུས་བརྗོད་ཟིན་ལ། གཞན་ཡང་བྱང་སེམས་ལ་བརྙས་པའི་སེམས་བསྐྱེད་ནའང་དེ་སྙེད་ཀྱི་བསྐལ་པར་བྱང་སེམས་དེ་དམྱལ་བར་གནས་དགོས་པ་དང༌། བྱང་ཆུབ་སེམས་དཔའ་ལ་སྐུར་པ་བཏབ་པ་མ་གཏོགས་པར་ལས་གཞན་གང་གིས་ཀྱང་བྱང་ཆུབ་སེམས་དཔའ་ངན་འགྲོར་ལྟུང་མི་ནུས་པར་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་གསུངས་ལ། སྡུད་པ་ལས་ཀྱང༌། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་


JLD013_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་པར་གཞི་ནས་གོ་ཆ་བགོ་དགོས་སོ། །ཞེས་དེ་ལྟ་བུའི་ཁོང་ཁྲོའི་བསམ་པ་ཅི་ཙམ་སྐྱེས་པ་དེ་ཙམ་གྱི་བསྐལ་པར་གཞི་ནས་ལམ་བགྲོད་དགོས་པར་གསུངས་ཏེ་བྱང་ཆུབ་ལས་ཤིན་ཏུ་རིང་བར་འགྱུར་བའོ། །དེའི་ཕྱིར་ཁོང་ཁྲོ་རྣམ་པ་ཐམས་ཅད་དུ་དགག་པ་དང་བྱུང་ནའང་དེ་མ་ཐག་བཤགས་པ་དང་སྡོམ་པ་ལ་འབད་དགོས་ཏེ། དེ་ཉིད་ལས། སེམས་འདི་བཟང་བ་མིན་སྙམ་དྲན་པ་སྐྱེད་བྱེད་ཅིང༌། །སོ་སོར་འཆགས་པར་བྱེད་ཅིང་ཕྱིས་ཀྱང་སྡོམ་བྱེད་ལ། །དགའ་བར་མི་བྱེད་དེ་ནི་སངས་རྒྱས་ཆོས་འདིར་སློབ། །ཅེས་སོ། །ཞེ་སྡང་ལ་སྐབས་ཕྱེ་ན་བྱམས་པ་དང་སྙིང་རྗེ་སྔར་ཡོད་མཐུ་ཆུང་དུ་འགྲོ་ཞིང་རིང་དུ་སྦྱངས་ཀྱང་སྔར་མེད་གསར་དུ་བསྐྱེད་དཀའ་བར་འགྲོ་བས་བྱང་ཆུབ་སེམས་ཀྱི་རྩ་བ་འཆད་ལ། འགལ་རྐྱེན་ཞེ་སྡང་བཀག་ནས་སྔར་བཤད་པ་ལྟར་སྦྱངས་ན་ཇེ་བས་ཇེ་ཆེར་འཕེལ་ནས་ཚད་མེད་པར་འགྲོ་སྟེ། རྣམ་འགྲེལ་ལས། མི་མཐུན་ཕྱོགས་ཀྱི་གནོད་མེད་ན། །སེམས་ལ་དེ་བདག་ཉིད་དུ་འགྱུར། །ཞེས་དང༌། གང་ཕྱིར་རིགས་མཐུན་སྔ་མ་ཡི། །ས་བོན་ལས་ནི་འཕེལ་བ་ཅན། །བརྩེ་བ་ལ་སོགས་བློ་དེ་དག །གོམས་པར་གྱུར་ན་གང་ན་གནས། །ཞེས་གསུངས་སོ། །སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་ལ། ཡུལ་ནི། སེམས་ཅན་གཞན་གང་ཡང་རུང་བའོ། །དེ་ལ་ཅི་ཞིག་བྱས་པ་ནི་གཡོ་སྒྱུས་སྤྱོད་པའོ། །ལྷག་བསམ་ནི་བསམ་པ་རང་བཞིན་པ་


JLD013_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲེལ་པས་བཤད་དོ། །གཡོ་སྒྱུ་ནི་བྲེ་སྲང་ལ་སྒྱུ་བྱེད་པ་སོགས་དང༌། རྒྱལ་བ་ཡེ་འབྱུང་གིས་རག་མར་གཏོང་བ་ལ་སྔོན་ལ་སྟོད་ལུངས་སུ་གཏོང་བྱས་ནས་ཕྱིས་རག་མ་ཅི་བདེར་ཁས་བླངས་པ་ལྟ་བུ་ཡིན་གསུང་ངོ་། །ཀུན་ལས་བཏུས་ལས་ནི། གཉིས་ཀ་རྙེད་བཀུར་ལ་ཆགས་པའི་དབང་གིས་བྱུང་བ་དང་འདོད་ཆགས་དང་གཏི་མུག་གང་རུང་གི་ཆར་གཏོགས་པར་འདྲ་བ་ལ། སྒྱུ་ནི། ཡོན་ཏན་མེད་བཞིན་དུ་ཡོད་པ་ལྟར་སྟོན་པ་དང་། གཡོ་ནི། རང་གི་ཉེས་པ་སྒྱོང་བ་ལ་གསུངས་ཏེ། སྒྱོང་བ་ནི་རང་གི་ཉེས་པ་ཐབས་ཀྱིས་མི་མངོན་པར་བྱེད་པའོ། །དཀར་པོའི་ཆོས་བཞི་ལས། དཀར་ཆོས་དང་པོའི་ཡུལ་ནི། སེམས་ཅན་ཡིན་ནོ་ཅོག་གོ །བྱ་བ་ནི། དེ་ལ་སྲོག་གམ་ཐ༌ན་བཞད་གད་ཀྱི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་སྨྲ་བ་སྤོང་བ་སྟེ། དེ་ལྟར་བྱས་ན་རང་གི་མཁན་སློབ་སོགས་ཡུལ་ཁྱད་པར་ཅན་ལ་བརྫུན་གྱིས་མགོ་བསྐོར་བ་མི་འབྱུང་ངོ་། །དཀར་ཆོས་གཉིས་པའི་ཡུལ་ནི། སེམས་ཅན་ཐམས་ཅད་དོ། །བྱ་བ་ནི། དེ་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པ་སྟེ་བསམ་པ་དྲང་པོས་གནས་པའོ། །འདི་ནི་ནག་ཆོས་བཞི་པའི་གཉེན་པོའོ། །དཀར་ཆོས་གསུམ་པའི་ཡུལ་ནི། བྱང་སེམས་ཐམས་ཅད་དོ། །བྱ་བ་ནི། སྟོན་པ་དང་འདྲ་བའི་འདུ་ཤེས་བསྐྱེད་ཅིང་དེ་དག་གི་དོན་གནས་ཀྱི་བསྔགས་པ་ཕྱོགས་བཞིར་བརྗོད་པའོ། །འོ་སྐོལ་དགེ་བ་འདྲ་བ་བྲད་བྲུད་བྱེད་པར་འདུག་ཀྱང་འཕེལ་རྟགས་མེད་པར་ཟད་རྟགས་མང་བ་དེ་བྱང་སེམས་དང་གྲོགས་ལ་ཞེ་སྡང་དང་བརྙས་པ་བྱས་ཤིང་རྨ་


JLD013_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་བས་ཟད། དེས་ན་འདི་དང་བྱང་སེམས་ལ་རྨ་འབྱིན་པ་སྤོང་བ་གཉིས་ཐུབ་ན་བསླབ་བཏུས་ནས་གང་ཟག་ལ་བརྟེན་པའི་གནོད་འགྱུར་གསུངས་པ་ཐམས་ཅད་མི་འོང་གསུང་སྟེ། བྱང་སེམས་གང་ན་ཡོད་མི་ཤེས་པས། འོད་སྲུངས་ཀྱིས་ཞུས་པ་ལྟར་སེམས་ཅན་ཀུན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་དག་སྣང་སྦྱོང་བའི་དབང་དུ་མཛད་པ་ཡིན་ནོ། །ཡོན་ཏན་བརྗོད་པའང་ཉན་པ་པོ་སྐབས་ལ་བབ་པ་ན་ཡིན་གྱི། ཕྱོགས་བཞིར་སོང་ནས་མ་བརྗོད་ན་ཉེས་པར་འགྱུར་བ་ནི་མིན་ནོ། །འདི་ནི་ནག་ཆོས་གསུམ་པའི་གཉེན་པོའོ། །དཀར་ཆོས་བཞི་པའི་ཡུལ་ནི། རང་གིས་སྨིན་པར་བྱེད་པའི་སེམས་ཅན་ནོ། །དེ་ལ་བྱ་བ་ནི། ཉི་ཚེ་བའི་ཐེག་པ་མི་འདོད་པར་རྫོགས་པའི་བྱང་ཆུབ་འཛིན་དུ་འཇུག་པའོ། །དེ་ཡང་རང་གི་ངོས་ནས་གདུལ་བྱ་དེ་ལ་སྦྱར་བ་དགོས་ཀྱི། གདུལ་བྱ་དེ་ལ་བསམ་པ་དེ་མ་སྐྱེས་ན་ཉེས་པར་འགྲོ་བ་མ་ཡིན་ཏེ། བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །འདིས་ནག་ཆོས་གཉིས་པ་སྤོང་སྟེ། གཞན་བདེ་བ་ཐམས་ཅད་ཀྱི་མཐར་ཐུག་པ་ལ་སྙིང་ཐག་པ་ནས་འཇོག་འདོད་ཡོད་ན། གཞན་ལ་ཡིད་མི་བདེ་བའི་འགྱོད་པ་ཙམ་ཞིག་བསྐྱེད་པའི་ཆེད་དུ་ཡིད་མི་བདེ་བསྐྱེད་པའི་སྦྱོར་བ་ཆེད་དུ་མི་བསྒྲུབ་པའི་ཕྱིར་རོ། །སེང་གེས་ཞུས་པ་ལས་ཀྱང༌། སྐྱེ་བ་ཀུན་ཏུ་བྱང་ཆུབ་སེམས། །རྨི་ལམ་ན་ཡང་སེམས་འདི་ནི། །འདོར་མི་འགྱུར་ན༌མ་ཉལ་ཚེ། །སྨོས་ཅི་འཚལ་བར་གང་གིས་འགྱུར། །བཀའ་སྩལ་པ། གྲོང་ངམ་གྲོང་ཁྱེར་རྣམས་སུ་འམ། །གང་དུ་གནས་པའི་ཡུལ་རྣམས་


JLD013_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །བྱང་ཆུབ་ལ་ནི་ཡང་དག་འཛུད། །དེས་ན་སེམས་འདོར་མི་འགྱུར་རོ། །ཞེས་གསུངས་སོ། །གཞན་ཡང་ང་རྒྱལ་བཅོམ་པ་དང་ཕྲག་དོག་དང་སེར་སྣ་སྤངས་པ་དང་གཞན་གྱི་འབྱོར་པ་མཐོང་ན་ཡིད་དགའ་བ་བཞི་དང་ལྡན་ན་སྨོན་ལམ་མི་འདོར་བར་འཇམ་དཔལ་ཞིང་བཀོད་ལས་གསུངས་པ་དང༌། དཀོན་མཆོག་སྤྲིན་ལས། སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང་དགེ་བ་ཅི་བྱེད་ཀྱི་སྔོན་དུ་བྱང་ཆུབ་ཀྱི་སེམས་གཏོང་བ་བྱས་ན་སྐྱེ་བ་གཞན་དུའང་སེམས་རིན་པོ་ཆེ་དང་མི་འབྲལ་བ་ནི། ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། །ཞེས་སོགས་ཀྱིས་གསལ་བར་བསྟན་ཏོ། །གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཚུལ་ལ། ནག་པོའི་ཆོས་བཞི་དང་སེམས་ཅན་བློས་སྤོང་དང་ལྔའམ། ངས་སངས་རྒྱས་བསྒྲུབ་པར་མི་ནུས་སྙམ་ནས་སེམས་བསྐྱེད་དོར་བ་དང་དྲུག་ལ་ཐུན་ཚོད་འདས་ན་སྨོན་སེམས་གཏོང་ལ། ཐུན་ཚོད་ཀྱི་ནང་དུ་འགྱོད་པས་སླེབ་ན་ཉམས་པའི་རྒྱུར་འགྱུར་ཞིང༌། ལན་དྲུག་ལེན་པ་དང་ཚོགས་གཉིས་ལ་སློབ་པ་ཉམས་ནའང་ཉམས་པ་ཙམ་གྱི་རྒྱུ་ཡིན་པས་གཏོང་རྒྱུ་བྱུང་ན་སྨོན་སེམས་ལེན་པའི་ཆོ་ག་སྐྱོར་ལ། ཉམས་རྒྱུ་ཙམ་ལ་ནི་ཆོ་ག་བསྐྱར་མི་དགོས་བཤགས་པས་ཆོག་གོ་ཞེས་མང་པོ་དེ་སྐད་དུ་སྨྲའོ། །དེ་ལ་ངས་སངས་རྒྱས་བསྒྲུབ་པར་མི་ནུས་སྙམ་ནས་སེམས་བསྐྱེད་བཞག་ན་དེ་ལ་ནི་དེ་མ་ཐག་ནས་གཏོང་གི་ཐུན་ཚོད་ལ་བལྟོས་གཏན་ནས་མི་དགོས་པས་རྣམ་པ་ཐམས་ཅད་དུ་མི་འཐད་དོ། །ནག་པོའི་ཆོས་བཞི་ནི་ཚེ་འདིར་སེམས་བསྐྱེད་གཏོང་བའི་རྒྱུ་མིན་གྱི། སྐྱེ་


JLD013_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཞན་དུ་སེམས་བསྐྱེད་མངོན་དུ་མི་འགྱུར་བའི་རྒྱུ་ཡིན་པས་ཚེ་འདིར་འགོག་པ་ཡིན་ཏེ། ལམ་སྒྲོན་ལས། འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླབ་པ་ཡོངས་སུ་བསྲུང༌། །ཞེས་གསུངས་ཏེ། ཇི་སྐད་བཤད་པ་ནི་འོད་སྲུངས་ཀྱིས་ཞུས་པ་ལས་ཇི་སྐད་བཤད་པའོ། །མདོ་ཉིད་ཀྱི་དོན་ཡང་དེ་ཡིན་ཏེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །ཞེས་དཀར་ཆོས་བཞིའི་སྐབས་སུ་གསལ་བར་གསུངས་པས། ནག་ཆོས་བཞིའི་སྐབས་སུ་ཚེ་འདི་ཕྱིའི་གསལ་ཁ་མེད་ཀྱང་ཕྱི་མའི་དབང་དུ་བྱས་པར་ཤེས་སོ། །འོན་ཀྱང་ཚེ་འདིར་ཡང་ནག་ཆོས་རྣམས་བསྟེན་ན་སེམས་བསྐྱེད་མཐུ་ཆུང་དུ་འགྲོ་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་བྱང་སེམས་ཀྱི་སྡོམ་ལྡན་གྱིས་བཞད་གད་ཀྱི་ཕྱིར་བརྫུན་ཅུང་ཟད་སྨྲས་པ་དང་། སེམས་ཅན་ལ་གཡོ་སྒྱུ་ཅུང་ཟད་བགྱིས་པ་དང༌། བྱང་སེམས་ལ་ཞེ་སྡང་གིས་ངན་སྨྲས་ཅུང་ཟད་བརྗོད་པ་དང་། གཞན་གྱི་དགེ་རྩ་བྱས་པ་ལ་འགྱོད་པ་ཅུང་ཟད་བསྐྱེད་ནས་འགྱོད་པ་མེད་པར་ཐུན་ཚོད་འདས་ན་བྱང་སེམས་ཀྱི་སྡོམ་པ་གཏོང་བར་འགྱུར་ཏེ། དེ་དག་གིས་སྨོན་སེམས་གཏོང་ལ་སྨོན་སེམས་བཏང་ན་སྡོམ་པ་གཏོང་བར་བྱང་ས་དང་བསླབ་བཏུས་གཉིས་ཀ་ནས་གསུངས་པའི་ཕྱིར་རོ། །དེ་ལྟར་འདོད་ན་ནི་དེ་དག་ཀྱང་རྩ་ལྟུང་དུ་བཞག་དགོས་ན་དེ་འདྲ་བ་ནི་


JLD013_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གང་ནས་ཀྱང་མ་བཤད་ལ་མི་འཐད་པའི་ཕྱིར་རོ། །གཞན་ཡང་ཐུན་ཚོད་བརྩི་བ་ནི་ཉེ་བར་འཁོར་གྱིས་ཞུས་པ་ལ་བརྟེན་པར་སྣང་ན་། དེ་ནི་མདོའི་དོན་གཏན་མ་ཡིན་པར་ཚུལ་ཁྲིམས་ལེའུའི་རྣམ་བཤད་ལས་བདག་གིས་རྒྱས་པར་གཏན་ལ་ཕབ་ཟིན་པས་འདིར་མ་བཤད་དོ། །སེམས་ཅན་བློས་སྤོང་བ་ནི་སེམས་ཅན་སྤྱི་ལ་དམིགས་ནས་སེམས་ཅན་འདི་ཙམ་གྱི་དོན་བདག་གིས་མི་ནུས་སོ་སྙམ་ནས་བློས་སྤོང་ན་ནི་སྨོན་སེམས་བཏང་བ་ཉིད་དུ་གསལ་ལ། སེམས་ཅན་བྱེ་བྲག་པ་ལ་དམིགས་ནས་འདིའི་དོན་དུས་ནམ་ཡང་མི་བྱའོ་སྙམ་པའི་སེམས་བསྐྱེད་ན་ནི་ཡ་གྱལ་ཞིག་ན་ཚོགས་པ་འཇིག་པ་ལྟར་སེམས་ཅན་ཡིན་ནོ་ཅོག་ཐམས་ཅད་ཀྱི་ཕྱིར་དུ་སེམས་བསྐྱེད་པ་འཇིག་སྟེ། དེ་ལྟ་མ་ཡིན་ན་སེམས་ཅན་གཉིས་པ་དང་གསུམ་པ་དང་བཞི་པ་སོགས་དུ་མ་ཞིག་དོར་ཞིང་ལྷག་མ་རྣམས་ཀྱི་དོན་དུ་སེམས་བསྐྱེད་པས་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པ་སྐྱེ་བར་འགྱུར་དགོས་སོ། །དེ་ལྟར་སེམས་བསྐྱེད་ཀྱི་བསླབ་བྱ་འདི་ལ་ལམ་སྒྲོན་འགྲེལ་པ་ནས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་ཀླུ་སྒྲུབ་དང་ཐོགས་མེད་དང་དཔའ་བོ་དང་ཞི་བ་ལྷ་དང་ཙནྡྲ་གཽ་མི་དང་ཞི་བ་འཚོ་ལ་སོགས་པ་ལུགས་ཐ་དད་པར་གྱུར་ཏེ། ཁ་ཅིག་ནི། སེམས་དང་པོ་བསྐྱེད་པ་དང་སྤྱོད་པ་ལ་ཞུགས་པ་གཉིས་ཀྱི་བསླབ་བྱ་ཇི་སྙེད་ཡོད་པ་རྣམས་སོ་ཞེས་བཞེད་དོ། །ལ་ལས་ནི་མདོ་ལས་གསུངས་པ་ཐམས་ཅད་བསྲུང་བྱ་ཡིན་ནོ་ཞེས་བཞེད་དོ། །ལ་ལས་ནི་ཚོགས་ལམ་པའི་བསླབ་བྱ་ཇི་སྙེད་ཡོད་པའོ་ཞེས་བཞེད་དོ། །གཞན་དག་ནི་བསླབ་པ་འདི་དང་འདི་ལྟ་བུའོ་ཞེས་མི་བཞེད་དོ། །


JLD013_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ནི་སྐྱབས་འགྲོའི་བསླབ་བྱའི་སྟེང་དུ་སེམས་མི་བརྗེད་པ་དང་བརྗེད་པར་འགྱུར་བའི་ཆོས་བརྒྱད་བསྲུང་བར་བྱའོ་ཞེས་བཀོད་ནས། སློབ་དཔོན་དེ་དག་གི་ལུགས་དེ་མདོ་ནས་ཀྱང་གསུངས་པས་རང་རང་གི་བླ་མས་གང་གནང་བའི་ལུགས་གཟུང་བར་བྱའོ་ཞེས་བདག་གི་བླ་མ་གསུང་ངོ་ཞེས་འཆད་ཅིང༌། དེ་ཐམས་ཅད་ཀྱང་མདོའི་དོན་ཡིན་པར་འདོད་པར་སྣང་ངོ་། །སྤྱིར་འགྲེལ་པ་འདི་དགེ་བཤེས་སྟོན་པ་ནས་བརྒྱུད་པའི་བཤེས་གཉེན་ཆེན་པོ་རྣམས་ཇོ་བོའི་འགྲེལ་པར་མི་མཛད་ལ། ནག་ཚོ་ནས་བརྒྱུད་པ་རྣམས་ཇོ་བོས་མཛད་པར་བཞེད་ཅིང་། ནག་ཚོའི་སྦས་ཆོས་སུ་འདོད་དོ། །འོན་ཀྱང་སྔ་མ་རྣམས་ལ་གྲགས་པ་ལ་པུ་རངས་སུ་འགྲེལ་པ་བསྡུས་པ་ཞིག་མཛད། དེ་ནས་བསམ་ཡས་སུ་ཕེབས་པ་ན་དེ་ལ་ལོཙྪ་བས་སྣོན་པ་ཞུས་ནས་རྒྱས་སུ་བཏང་ཟེར་བ་འདུག་པས། ཇོ་བོས་འགྲེལ་པ་བསྡུས་པ་ཞིག་མཛད་པ་ལ། གསུང་སྒྲོས་ལ་གཞི་བླངས་པའི་བཤད་པ་རེ་མང་ཞིག་བསྣན་པའི་རིགས་སུ་འདུག་པས། ནོར་བར་མངོན་པ་འགའ་ཟུང་སྣང་ཞིང་གཞུང་གི་དོན་ལེགས་པོར་ཤོད་པའང་མང་པོ་སྣང་བས། བདག་གིས་ཀྱང་མ་ནོར་བ་རྣམས་སྐབས་གཞན་དང་ལམ་རིམ་དུ་དྲངས་ནས་བཤད་དོ། །འདིའི་བསླབ་བྱ་སྔར་བཤད་པ་རྣམས་ལ་ནི་ཡིད་བརྟན་མི་སྣང་སྟེ་སེམས་བསྐྱེད་པ་ཞེས་པ་འཇུག་སེམས་ཀྱི་བསླབ་བྱ་ལ་བྱེད་ན་ནི་སྐྱབས་འགྲོའི་བསླབ་བྱའི་སྟེང་དུ་དཀར་ནག་གི་ཆོས་བརྒྱད་ལ་འཇུག་ལྡོག་བྱེད་པ་ཙམ་གྱིས་ཆོག་པ་མི་སྲིད་པས་མི་འཐད་ལ། སྨོན་


JLD013_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྐྱང་པ་ལ་བྱེད་ན་ནི་དེའི་བསླབ་བྱ་ལ་མདོ་ལས་གསུངས་པ་ཐམས་ཅད་དང་སྤྱོད་པ་ལ་ཞུགས་པ་མན་ཆད་ཀྱི་བསླབ་བྱ་ལ་སློབ་པ་མི་དགོས་ཏེ། གཞན་དུ་ན་སྡོམ་པའི་བསླབ་བྱ་དང་ཁྱད་མེད་པར་འགྱུར་བའི་ཕྱིར་རོ། །སྔར་བཤད་པའི་བསླབ་བྱ་གཉིས་མ་གཏོགས་པའི་བསླབ་བྱ་ནི་ལམ་སྒྲོན་དང་སེམས་བསྐྱེད་པའི་ཆོ་ག་ལྟར་ཡིན་ལ། ཆོས་བདུན་པའི་མདོ་ལ་བསླབ་པར་གསུངས་པ་ནི་མངོན་ཤེས་མྱུར་བར་འདོད་པས་བྱའོ་ཞེས་གསུངས་པས། སེམས་བསྐྱེད་ཀྱི་སྒོས་ཀྱི་བསླབ་བྱར་མི་སྣང་བས་མ་བྲིས་སོ། །དེ་ལྟར་ན་རང་གི་ལུགས་ནི། སྨོན་སེམས་མི་གཏོང་བ་དང་སེམས་ཅན་བློས་མི་གཏོང་བ་མ་གཏོགས་པའི་བསླབ་བྱ་རྣམས་དང་འགལ་ན། བྱང་སེམས་ཀྱི་སྡོམ་པ་དང་མི་ལྡན་པའི་བར་དུ་བྱང་སེམས་ཀྱི་དབང་དུ་བྱས་པའི་ལྟུང་བ་མེད་ཀྱང་བར་མ་དགེ་བ་ཁས་བླངས་པའི་བསླབ་བྱ་དང་འགལ་བ་ཡོད་པས་ཉེས་སྤྱོད་དུ་འགྱུར་བས་སྟོབས་བཞིས་བཤགས་པར་བྱའོ། །བྱང་སེམས་ཀྱི་སྡོམ་པ་ཐོབ་ནས་ནི་སྡོམ་པའི་བསླབ་བྱ་དང་འགལ་བའི་ལྟུང་བར་འགྱུར་བས་ལྟུང་བའི་ཕྱིར་བཅོས་ཇི་ལྟར་གསུངས་པ་ལྟར་བྱས་པས་ཆོག་པས་འཇུག་སེམས་ཀྱི་བསླབ་བྱའི་ནང་དུ་འདུས་ཀྱི་དེ་ལས་གཞན་དུ་མེད་དོ། །འོན་ཀྱང་ལན་དྲུག་སེམས་བསྐྱེད་པ་ནི་སྨོན་པའི་བསླབ་བྱ་ཐུན་མོང་མིན་པའོ། །གསུམ་པ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལ་གསུམ། སེམས་བསྐྱེད་ནས་བསླབ་པ་ལ་སློབ་དགོས་པའི་རྒྱུ་མཚན། ཐབས་ཤེས་རེ་རེ་བ་ལ་བསླབས་པས་སངས་རྒྱས་མི་འགྲུབ་པར་བསྟན་པ།


JLD013_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་ལ་སློབ་པའི་རིམ་པ་ཉིད་བཤད་པའོ། །དང་པོ་ནི། དེ་ལྟར་སྨོན་པའི་སེམས་བསྐྱེད་ནས་སྦྱིན་པ་ལ་སོགས་པའི་བསླབ་པར་བྱ་བ་ལ་མི་སློབ་པ་དེ་ཡང་བྱམས་པའི་རྣམ་པར་ཐར་པའི་ལུང་སྔར་དྲངས་པ་ལྟར་ཕན་ཡོན་ཆེ་མོད་ཀྱང༌། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྒྲུབ་པ་སྙིང་པོར་མ་བྱས་ན་འཚང་རྒྱ་བ་མི་སྲིད་པས་སྤྱོད་པ་ལ་བསླབ་པར་བྱ་སྟེ། གཱ་ཡ་གཽ་རི་ལས། བྱང་ཆུབ་ནི་སྒྲུབ་པ་སྙིང་པོར་བྱེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡིན་གྱི། ལོག་པར་སྒྲུབ་པ་སྙིང་པོར་བྱེད་པ་རྣམས་ཀྱིས་ནི་མ་ཡིན་ནོ། །ཞེས་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བས་ན་སྒྲུབ་པ་སྙིང་པོར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། སྒྲུབ་པ་སྙིང་པོར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཏེ། སྒྲུབ་པ་ནི་སངས་རྒྱས་བསྒྲུབ་པའི་ཐབས་བྱང་སེམས་ཀྱི་བསླབ་པ་ལ་སློབ་པ་ཡིན་པའི་ཕྱིར་རོ། །སྒོམ་རིམ་དང་པོ་ལས་ཀྱང༌། དེ་ལྟར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་བདག་མ་དུལ་བར་གཞན་མི་འདུལ་བར་ཤེས་ནས་བདག་ཉིད་སྦྱིན་པ་ལ་སོགས་པ་བསྒྲུབ་པ་ལ་རབ་ཏུ་སྦྱོར་རོ། །སྒྲུབ་པ་མེད་པར་བྱང་ཆུབ་མི་འཐོབ་བོ། །ཞེས་དང༌། རྣམ་འགྲེལ་ལས་ཀྱང༌། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་ཏེ། གཞན་ལ་


JLD013_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བ་ཆེན་པོ་ཡོད་ན་ནི་དེའི་སྡུག་བསྔལ་བསལ་དགོས་ལ། དེ་སེལ་བ་ལ་སྡུག་བསྔལ་དང་བྲལ་ན་སྙམ་པའི་སེམས་བཟང་བས་མི་ཆོག་གི་དེའི་ཐབས་ལ་འཇུག་དགོས་སོ། །དེ་ཡང་སྔོན་དུ་རང་ཉིད་ཐབས་དེ་ལ་མ་ཞུགས་པར་ནི་གཞན་སྒྲོལ་བར་མི་ནུས་པས་གཞན་གྱི་དོན་བསྒྲུབ་པར་འདོད་པས་སྔོན་དུ་རང་ཉིད་གདུལ་བར་བྱའོ། །དེ་ལ་ནི་སྒྲུབ་པ་སྙིང་པོར་བྱ་དགོས་པར་གསུངས་ཤིང་། སྒྲུབ་པའང་སྡོམ་པ་བཟུང་ནས་དེའི་བསླབ་པ་ལ་སློབ་པར་གསུངས་པས། སྒྲུབ་པ་སྙིང་པོར་བྱེད་པའི་བྱེད་ས་མ་འཕྱུགས་པ་གལ་ཆེའོ། །གཉིས་པ་ནི། དེ་ལྟར་སངས་རྒྱས་ཐོབ་པར་འདོད་པས་མི་ཆོག་གི་སངས་རྒྱས་བསྒྲུབ་པའི་ཐབས་ལ་འཇུག་པ་དེ་ཡང་ཐབས་མ་ནོར་བ་ཞིག་དགོས་ཏེ། ནོར་བའི་ལམ་ལ་ཅི་ཙམ་འབད་ཀྱང་འབྲས་བུ་མི་འབྱུང་སྟེ། འོ་མ་བཞོ་བར་འདོད་ནས་རྭ་ལ་འཐེན་པ་བཞིན་ནོ། །མ་ནོར་དུ་ཟིན་ཀྱང་ཆ་མ་ཚང་ན་འབད་ཀྱང་འབྲས་བུ་མི་འབྱུང་སྟེ། ས་བོན་དང་ཆུ་དང་ས་ལ་སོགས་པ་གང་རུང་ཞིག་མ་ཚང་ན་མྱུ་གུ་མི་སྐྱེ་བ་བཞིན་ནོ། །དེས་ན་སྒོམ་རིམ་བར་པ་ལས། རྒྱུ་ནོར་བ་ལ་ནན་ཏན་བྱས་ན་ཡུན་ཤིན་ཏུ་རིང་མོ་ཞིག་གིས་ཀྱང་འདོད་པའི་འབྲས་བུ་འཐོབ་པ་མེད་དེ། དཔེར་ན་རྭ་ལས་འོ་མ་བཞོ་བ་བཞིན་ནོ། །རྒྱུ་མཐའ་དག་མ་སྤྱད་པ་ལས་ཀྱང་འབྲས་བུ་འབྱུང་བ་མེད་དེ། ས་བོན་ལ་སོགས་པ་གང་ཡང་རུང་བ་ཞིག་མེད་ན་མྱུ་གུ་ལ་སོགས་པའི་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་འབྲས་བུ་དེ་ལ་འདོད་པས་རྒྱུ་དང་རྐྱེན་མ་ནོར་བ་དང་


JLD013_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག༌ལ་བརྟེན་པར་བྱའོ། །ཞེས་སོ། །འོ་ན་རྒྱུ་རྐྱེན་ཚང་ལ་མ་ནོར་བ་གང་ཞེ་ན། རྣམ་སྣང་མངོན་བྱང་ལས། གསང་བ་པའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་སོ། །དེ་ལ་སྙིང་རྗེ་ནི་བཤད་ཟིན་ཏོ། །བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་དང་ཐབས་ནི་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་ལ་ཤིང་རྟ་ཆེན་པོ་ཀ་མ་ལ་ཤཱི་ལས་བཤད་དོ། །དེ་ལྟ་བུའི་ལམ་ལ་ཕྱིན་ཅི་ལོག་ཏུ་རྟོག་པ་རྒྱ་ནག་ཧྭ་ཤང་ལ་སོགས་པ་ཁ་ཅིག་ན་རེ། རྣམ་པར་རྟོག་པ་ཞིག་ཡིན་ཕྱིན་ཆད་ངན་རྟོག་ཡིན་ན་ལྟ་ཅི་སྨོས་ཏེ་བཟང་རྟོག་ཡིན་ནའང་འཁོར་བར་འཆིང་བས་དེའི་འབྲས་བུ་འཁོར་བ་ལས་མི་འདའ་སྟེ། གསེར་སྒྲོག་དང་ཐག་སྒྲོག་གིས་བཅིངས་པ་དང༌། སྤྲིན་དཀར་ནག་གཉིས་ཀས་ནམ་མཁའ་ལ་བསྒྲིབས་པ་དང༌། ཁྱི་དཀར་ནག་གང་གིས་ཕུག་ཀྱང་སྡུག་བསྔལ་བསྐྱེད་པ་དང་འདྲའོ། །དེས་ན་ཅིར་ཡང་མི་རྟོག་པར་བཞག་པ་ཉིད་འཚང་རྒྱ་བའི་ལམ་ཡིན་ལ། སྦྱིན་པ་དང་ཚུལ་ཁྲིམས་བསྲུང་བ་སོགས་ནི་དེ་ལྟ་བུའི་ངེས་དོན་བསྒོམ་པར་མི་ནུས་པའི་སྐྱེ་བོ་བླུན་པོའི་དོན་དུ་གསུངས་པ་ཡིན་པས། ངེས་དོན་དེ་རྙེད་ནས་སྤྱོད་པ་དེ་དག་ལ་འཇུག་པ་ནི་རྒྱལ་པོ་དམངས་ཀྱི་སར་བབ་པའམ། གླང་པོ་རྙེད་ནས་གླང་པོའི་རྗེས་ཚོལ་བ་དང་འདྲ་བར་སྨྲའོ། །དེ་ལ་ཧྭ་


JLD013_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཤང་གིས་ནི་ཅིར་ཡང་མི་རྟོག་པ་ལ་བསྔགས་པ་མཛད་པའི་མདོའི་ཁུངས་བརྒྱད་ཅུ་དྲངས་ནས་བསྒྲུབས་སོ། །འདིས་ནི་ཐབས་ཀྱི་ཆ་ཐམས་ཅད་སངས་རྒྱས་ཀྱི་ལམ་རྣལ་མ་མིན་ནོ་ཞེས་ཀུན་རྫོབ་ལ་སྐུར་པ་ཆེན་པོ་བཏབ་ཅིང༌། རྒྱལ་བའི་བསྟན་པའི་སྙིང་པོ་བདག་མེད་པའི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་བཀག་པས་དོན་དམ་པའི་ཚུལ་རྒྱང་རིང་དུ་སྤངས་ཏེ། ཇི་ལྟར་ཁྱད་ཞུགས་ཀྱང་ཞི་གནས་ཀྱི་ཕྱོགས་ཙམ་དུ་བསྡུར་རུང་བའི་སེམས་ཙོམ་འཇོག༌ཅིག་ལ་ལམ་གྱི་དམ་པར་བཟུང་བའི་ལོག་ལྟ་རྣམས་ཀྱི་ཐ་ཆད་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀ་མ་ལ་ཤཱི་ལས་ལུང་དང་རིགས་པ་དྲི་མ་མེད་པའི་ཚོགས་ཀྱིས་ལེགས་པར་བཀག་ནས་རྒྱལ་བ་དགྱེས་པའི་ལམ་བཟང་པོ་རྒྱས་པར་མཛད་མོད། འོན་ཀྱང་བསྟན་པ་ནུབ་པ་ལ་ཉེ་བར་སླེབ་པ་དང་ལམ་གྱི་གནད་ཡོངས་སུ་རྫོགས་པ་ངེས་པའི་དོན་གྱི་ལུང་དང་དྲི་མ་མེད་པའི་རིགས་པས་མཐའ་ཆོད་པར་ངེས་པའི་དམ་པ་རྣམས་ཟད་པ་དང༌། སེམས་ཅན་བསོད་ནམས་ཤིན་ཏུ་དམན་ཞིང་ཆོས་ལ་དད་པ་ཅུང་ཟད་ཡོད་ཀྱང་ཤེས་རབ་ཀྱི་སྟོབས་ཤིན་ཏུ་ཆུང་བ་མངས་པས། ད་དུང་ཡང་ཁ་ཅིག་ནི་བསྲུང་སྡོམ་ལ་སོགས་པའི་སྤྱོད་ཕྱོགས་རྣམས་ཁྱད་དུ་བསད་ནས་ལམ་བསྒོམ་པའི་ཚེ་དེ་དག་འདོར་བ་ལ་སོགས་པ་ཧྭ་ཤང་ཇི་ལྟ་བ་བཞིན་བྱེད་ཅིང༌། ལ་ལ་ནི་ཐབས་ཀྱི་ཆ་ལ་སྐུར་པ་དེ་མ་གཏོགས་པ་ལྟ་བའི་གོ་ལུགས་ཧྭ་ཤང་གི་དེ་ལེགས་པར་འདོད་ལ། གཞན་དག་ནི་སོ་སོར་རྟོག་པའི་ཤེས་རབ་དོར་ནས་ཅི་


JLD013_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་སེམས་པའི་ཧྭ་ཤང་གི་སྒོམ་དེ་ལེགས་པར་འདོད་པར་སྣང་ངོ་། །དེ་དག་གི་ལམ་དེ་ནི་སྟོང་པ་ཉིད་བསྒོམ་པའི་ཕྱོགས་དང་ཡུལ་ནའང་མི་སྣང་མོད། གལ་ཏེ་སྟོང་པ་ཉིད་བསྒོམ་པ་ཡིན་དུ་ཆུག༌ཀྱང་། སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྙེད་ནས་བསྒོམ་ལུགས་མ་ནོར་བར་བསྒོམ་པའི་རྟོགས་པ་ཡོད་པ་རྣམས་ཀྱིས་སྟོང་པ་ཉིད་ཁོ་ན་བསྒོམ་པར་བྱ་བ་ཡིན་ལ། སྤྱོད་ཕྱོགས་ཀུན་རྫོབ་པའི་ཡུལ་ཅན་རྣམས་མི་བསྒོམ་ཞེས་པའམ་ཡང་ན་དེ་རྣམས་མཐིལ་དུ་བཟུང་ནས་སྒོ་དུ་མ་ནས་འབད་མི་དགོས་སོ་ཞེས་སྨྲ་ན་ནི་གསུང་རབ་མཐའ་དག་དང་འགལ་ཞིང་རིགས་པའི་ལམ་ལས་འདས་པ་ཁོ་ནར་སྣང་སྟེ། ཐེག་པ་ཆེན་པོ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ལ། དེ་ལ་འཁོར་བ་ལ་མི་གནས་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་དོན་དམ་པ་ལ་བརྟེན་པའི་ལམ་གྱི་རིམ་པ་དང་ཟབ་མོའི་ལམ་ཞེས་པ་དང་ཡེ་ཤེས་ཀྱི་ཚོགས་དང་ཤེས་རབ་ཀྱི་ཆ་ཞེས་པ་རྣམས་ཀྱིས་བསྒྲུབ་པ་ཡིན་ལ། ཞི་བ་མྱང་འདས་ལ་མི་གནས་པ་ནི་ཇི་སྙེད་པ་རིག་པའི་ཤེས་རབ་དང་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པའི་ལམ་གྱི་རིམ་པ་དང་རྒྱ་ཆེ་བའི་ལམ་དང་བསོད་ནམས་ཀྱི་ཚོགས་དང་ཐབས་ཀྱི་ཆ་ཞེས་པ་རྣམས་ཀྱིས་བསྒྲུབ་དགོས་པའི་ཕྱིར་རོ། །དེ་སྐད་དུ་ཡང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཡེ་ཤེས་ཀྱི་ཚོགས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་བ་ལགས་སོ། །བསོད་ནམས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་


JLD013_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་འཚོ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས། དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ། །ཞེས་དང༌། འཕགས་པ་ནམ་མཁའི་མཛོད་ལས་ཀྱང་། དེ་ཤེས་རབ་ཀྱི་ཤེས་པས་ནི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་འདོར་རོ། །ཐབས་ཀྱི་ཤེས་པས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ་། །ཞེས་དང༌། འཕགས་པ་དགོངས་འགྲེལ་ལས་ཀྱང༌། སེམས་ཅན་གྱི་དོན་ལ་ཤིན་ཏུ་མི་ཕྱོགས་པ་དང་འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་མ་བསྟན་ཏོ། །ཞེས་སོ། །དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ནི་གང༌། ཐར་པ་ནི་གང་ཞེ་ན། ཐབས་མེད་པར་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །ཐབས་ཀྱིས་སྲིད་པའི་འགྲོ་བར་འགྲོ་བ་ནི་ཐར་པའོ། །ཤེས་རབ་མེད་པར་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །ཤེས་རབ་ཀྱིས་སྲིད་པའི་འགྲོ་བ་ནི་ཐར་པའོ། །ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་པའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་པའོ། །ཞེས་རྒྱ་ཆེར་གསུངས་སོ། །དེས་ན་འབྲས་བུ་སངས་རྒྱས་འདོད་


JLD013_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་ལམ་གྱི་ཚེ་ན་ཐབས་དང་ཤེས་རབ་གཉིས་ཆར་ལ་བརྟེན་དགོས་ཀྱི་ཡ་བྲལ་གྱིས་མི་འགྲུབ་སྟེ། གཱ་ཡ་གཽ་རི་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་འདི་གཉིས་ཏེ། གཉིས་གང་ཞེ་ན་འདི་ལྟ་སྟེ། ཐབས་དང་ཤེས་རབ་བོ། །ཞེས་པ་དང༌། དཔལ་མཆོག་དང་པོ་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །ཐབས་ལ་མཁས་པ་ནི་ཕ་ཡིན་ནོ། །ཞེས་དང༌། འོད་སྲུངས་ཀྱིས་ཞུས་པ་ལས་ཀྱང༌། འོད་སྲུངས། འདི་ལྟ་སྟེ་དཔེར་ན། བློན་པོས་ཟིན་པའི་རྒྱལ་པོ་རྣམས་དགོས་པ་ཐམས་ཅད་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས་པས་ཡོངས་སུ་ཟིན་པའང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ། །ཞེས་གསུངས་སོ། །དེའི་ཕྱིར་སྦྱིན་པ་ལ་སོགས་པའི་ཐབས་ཀྱི་ཆ་ཐམས་ཅད་ཚང་བའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་བསྒོམ་པར་བྱ་ཡི། སྟོང་པ་རྐྱང་པས་ནི་ཐེག་ཆེན་གྱི་ལམ་གར་ཡང་མི་ཕྱིན་ཏེ། གཙུག་ན་རིན་པོ་ཆེའི་མདོ་ལས། དེ་བྱམས་པའི་གོ་ཆ་བགོས་ཤིང་སྙིང་རྗེ་ཆེན་པོའི་གནས་ལ་གནས་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབས་པ་བསམ་གཏན་དུ་བྱེད་དོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ་དང་ཚུལ་ཁྲིམས་དང་མ་བྲལ་བ་དང་བཟོད་པ་དང་མ་བྲལ་བ་བརྩོན་འགྲུས་དང་མ་བྲལ་བ་བསམ་གཏན་དང་མ་བྲལ་བ་ཤེས་


JLD013_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དང་མ་བྲལ་བ་ཐབས་དང་མ་བྲལ་བ། ཞེས་རྒྱས་པར་བཀའ་སྩལ་ཅིང༌། དེའི་དོན་རྒྱུད་བླ་མར་ཡང༌། དེ་རྣམས་འདྲི་བྱེད་གང་དག་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཅེས་ཁ་ཅིག་གིས་མགོ་འདྲི་ཤེས་ཀྱི་གཞན་མི་ཤེས། ཁ་ཅིག་གིས་ལག་པ་ཤེས་ཀྱི་གཞན་མི་ཤེས་པ་ལ་སོགས་པའི་རི་མོ་མཁན་མང་པོ་འཚོགས་ནས་རྒྱལ་པོའི་གཟུགས་འདྲི་ན། རི་མོ་མཁན་གཅིག་མ་ཚང་ནའང་ཡོངས་སུ་མི་རྫོགས་པ་དཔེར་བྱས་ནས་རྒྱལ་པོའི་གཟུགས་ནི་སྟོང་ཉིད་དང་རི་མོ་མཁན་རྣམས་ནི་སྦྱིན་སོགས་དང་འདྲ་བར་གསུངས་ཏེ། སྦྱིན་པ་ལ་སོགས་པའི་ཐབས་རྣམས་མ་ཚང་ན་མགོ་རྡུམ་དང་ལག་རྡུམ་ལ་སོགས་པའི་གཟུགས་དང་འདྲ་བ་ཡིན་ནོ། །གཞན་ཡང་སྟོང་པ་ཙམ་ལ་བསྒོམ་རྒྱུར་བཟུང་ནས་གཞན་བསྒོམ་མི་དགོས་ཞེས་ཟེར་བ་ནི། བཅོམ་ལྡན་འདས་ཉིད་ཀྱིས་ཕྱོགས་སྔ་མར་བླངས་ནས་བཀག་ཅིང༌། དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔའི་དུས་སུ་བསྐལ་པ་དུ་མར་སྦྱིན་པ་བཏང་བ་དང་ཚུལ་ཁྲིམས་བསྲུངས་པ་ལ་སོགས་པ་རྣམས་ནི་ངེས་དོན་མ་གོ་བའི་ཤེས་རབ་འཆལ་བར་གསུངས་ཏེ། རྣམ་པར་འཐག་པ་བསྡུས་པ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབ་པ་འདི་ནི་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་མི་བླུན་པོ་དེ་དག་འདི་སྐད་དུ་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱ་ཡི། ཕ་རོལ་ཏུ་ཕྱིན་པ་ལྷག་


JLD013_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང་དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སུན་འབྱིན་པར་སེམས་སོ། །མ་ཕམ་པ། འདི་ཇི་སྙམ་དུ་སེམས། ཀ་ཤིའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེས་ཕུག་རོན་གྱི་ཕྱིར་རང་གི་ཤ་ཁྲ་ལ་བྱིན་པ་དེ་ཤེས་རབ་འཆལ་བ་ཡིན་ནམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ། ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་དག་བསགས་པའི་དགེ་བའི་རྩ་བ་དེ་དག་གིས་ང་ལ་གནོད་པར་གྱུར་ཏམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ། ཁྱོད་ཀྱིས་ཀྱང་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། བསྐལ་པ་དྲུག་ཅུར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བརྩོན་འགྲུབས་ཀྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས་ན། དེ་ལ་མི་བླུན་པོ་དེ་དག༌འདི་སྐད་དུ། ཚུལ་གཅིག་ཁོ་ནས་བྱང་ཆུབ་སྟེ། འདི་ལྟ་སྟེ་སྟོང་པ་ཉིད་ཀྱི་ཚུལ་གྱིས་སོ་ཟེར་ཏེ། དེ་དག་ནི་སྤྱོད་པ་ཡོངས་སུ་མ་དག་པར་འགྱུར་རོ། །ཞེས་སོ། །དེས་ན་སྟོང་ཉིད་ཀྱི་རྟོགས་པ་ཡོད་ན་ཐབས་ཀྱི་ཆ་ལ་འབད་པ་ཆེན་


JLD013_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བསྒོམ་མི་དགོས་སོ་ཞེས་སྨྲ་བ་ནི། རང་གི་སྟོན་པའི་སྔོན་གྱི་སྐྱེས་རབས་བཟང་པོ་རྣམས་ལ་དེ་དག་ནི་ངེས་དོན་མ་གོ་བའི་དུས་ཡིན་ནོ་ཞེས་སྐུར་པ་འདེབས་པ་ཡིན་ནོ། །གལ་ཏེ་སྦྱིན་པ་ལ་སོགས་པའི་སྤྱོད་པ་རྣམས་ལ་སྒོ་སྣ་ཚོགས་ནས་བསྒྲུབ་པ་ནི་སྟོང་ཉིད་ཀྱི་རྟོགས་པ་བརྟན་པོ་མེད་ན་ཡིན་གྱི། ཡོད་ན་དེས་ཆོག་གོ་སྙམ་པའང་ལོག་ལྟ་ཆེན་པོ་ཡིན་ཏེ། འདི་ལྟར་དེ་ཡང་དག་པ་ཡིན་ན་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པའི་མི་རྟོག་ཡེ་ཤེས་ཐོབ་པའི་ས་ཆེན་པོར་ཆུད་པའི་རྒྱལ་སྲས་རྣམས་དང༌། ཁྱད་པར་དུ་མི་རྟོག་ཡེ་ཤེས་ལ་དབང་ཐོབ་པའི་ས་བརྒྱད་པའི་བྱང་སེམས་རྣམས་ལ་སྤྱོད་པ་མི་དགོས་པར་འགྱུར་ན། དེ་ནི་རིགས་པ་མ་ཡིན་ཏེ། ས་བཅུ་པོ་རེ་རེ་ལའང་སྦྱིན་པ་ལ་སོགས་པ་གཙོ་བོར་གྱུར་པ་རེ་རེ་ཡིན་ཀྱང་ལྷག་མ་རྣམས་ཀྱང་མི་སྤྱོད་པ་མ་ཡིན་ནོ། །ཞེས་ས་བཅུ་པ་ལས་གསུངས་པས། ས་རེ་རེ་ན་ཕར་ཕྱིན་དྲུག་དྲུག་གམ་བཅུ་སྤྱོད་པར་གསུངས་ཤིང༌། དེ་དག་གི་དོན་རྗེ་བཙུན་མ་ཕམ་པ་དང་ཀླུ་སྒྲུབ་དང་ཐོགས་མེད་རྣམས་ཀྱིས་ཀྱང་དེ་ལྟར་བཀྲལ་བས་རྣམ་པ་གཞན་དུ་དྲང་བར་མི་ནུས་པའི་ཕྱིར་རོ། །ཁྱད་པར་དུ་ས་བརྒྱད་པའི་སྐབས་སུ་ནི་ཉོན་མོངས་ཐམས་ཅད་ཟད་པས་སྤྲོས་པ་ཐམས་ཅད་ཞི་བའི་དོན་དམ་པ་ལ་གནས་པའི་ཚེ་སངས་རྒྱས་རྣམས་ཀྱིས་དེ་ལ་སྟོང་པ་ཉིད་ཀྱི་རྟོགས་པ་འདི་ཙམ་གྱིས་ནི་འཚང་རྒྱ་བར་མི་ནུས་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྣམ་པར་མི་རྟོག་པ་འདི་ཐོབ་པས་སོ། །ངེད་ཀྱི་སྐུ་དང་ཡེ་ཤེས་དང་ཞིང་ལ་སོགས་


JLD013_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚད་མེད་པ་འདི་དག་ལ་ལྟོས་ཤིག །ངེད་ཀྱི་སྟོབས་ལ་སོགས་པའང་ཁྱེད་ལ་མེད་ཀྱི། དེའི་ཕྱིར་བརྩོན་འགྲུས་རྩོམས་ཤིག །སེམས་ཅན་མ་ཞི་བ་ཉོན་མོངས་སྣ་ཚོགས་ཀྱིས་དཀྲུགས་པ་ལ་སོམས་ཤིག །བཟོད་པ་འདི་ཡང་མ་འདོར་ཞིག །ཅེས་སོགས་ཀྱིས་བསྐུལ་ནས་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་དགོས་པར་བཤད་ན། ཏིང་ངེ་འཛིན་ཕྲ་མོ་རེས་ཆོག་ཤེས་བྱས་ནས་གཞན་རྣམས་འཇོག་པ་ནི་མཁས་པའི་བཞད་གད་ཀྱི་གནས་ཡིན་ནོ། །དེ་སྐད་དུ་ཡང་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པ་དང་ཆོས་ཀྱི་སྒོའི་རྒྱུན་དེ་ལ་གནས་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པར་མཛད་དོ། །དེ་ལ་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པའང་ཡིན་ན། འོན་ཀྱང་ངེད་ཀྱི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཁྱེད་ལ་མེད་ཀྱི། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམས་ཤིག །བཟོད་པའི་སྒོ་འདི་ཉིད་ཀྱང་མ་འདོར་ཞིག །རིགས་ཀྱི་བུ། ཁྱོད་ཀྱིས་དེ་ལྟར་ཞི་བ་རྣམ་པར་ཐར་པ་ཐོབ་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ་ཉོན་མོངས་པ་སྣ་ཚོགས་ཀུན་ཏུ་འབྱུང་བར་འགྱུར་བ་རྣམ་པ་སྣ་ཚོགས་ཀྱིས་གཡེན་


JLD013_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོ་བ་འདི་དག་ལ་སོམས་ཤིག །ཡང་རིགས་ཀྱི་བུ། སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་དོན་ཐོབ་པར་བྱ་བ་དང་ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་དྲན་པར་གྱིས་ཤིག །ཡང་རིགས་ཀྱི་བུ། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དེ། འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དང་ཆོས་ཐམས་ཅད་དམིགས་སུ་མེད་པའོ། །འདིས་ནི་དེ་བཞིན་གཤེགས་པ་རྣམས་ཉི་ཚེ་རབ་ཏུ་དབྱེ་བར་བྱ་བ་མ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྣམ་པར་མི་རྟོག་པའི་ཆོས་ཉིད་འདི་འཐོབ་བོ། །ཡང་རིགས་ཀྱི་བུ། ངེད་ཀྱི་སྐུ་ཚད་མེད་པ་དང་ཡེ་ཤེས་ཚད་མེད་པ་དང་སངས་རྒྱས་ཀྱི་ཞིང་ཚད་མེད་པ་དང་ཡེ་ཤེས་མངོན་པར་བསྒྲུབ་པ་ཚད་མེད་པ་དང་འོད་ཀྱི་དཀྱིལ་འཁོར་ཚད་མེད་པ་དང་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་ཚད་མེད་པ་ལ་ལྟོས་ལ། ཁྱེད་ཀྱིས་ཀྱང་དེ་བཞིན་དུ་བསྒྲུབ་པ་སྐྱེད་ཅིག །ཅེས་སོ། །ཡང་དཔེར་ན་གྲུ་བོ་ཆེ་ནི་རྒྱ་མཚོར་ཞུགས་ནས་མཐུན་པའི་རླུང་གིས་བསྐྱོད་ནས་འགྲོ་བའི་ཚེ་ཉི་མ་གཅིག་ལ་ཇི་ཙམ་ཆོད་པ་དེ། རྒྱ་མཚོར་མ་ཞུགས་པའི་སྔོན་དུ་ཆེད་དུ་འབད་ནས་བསྐྱོད་དགོས་པའི་ཚེ༌ལོ་བརྒྱར་ཡང་མི་ཆོད་པ་བཞིན་དུ། ས་བརྒྱད་པར་སླེབ་ནས་འབད་པ་ཆེན་པོ་ལ་མི་ལྟོས་པར་ཡུད་ཙམ་ཞིག་ལ་ཐམས་ཅད་མཁྱེན་པའི་ལམ་ཇི་ཙམ་གཅོད་པ་དེ་ཙམ་ནི། ས་དེ་མ་ཐོབ་པའི་སྔོན་དུ་བསྐལ་པ་འབུམ་དུ་ལམ་ལ་འབད་པས་ཀྱང་མི་ནུས་པར་ས་བཅུ་པ་ལས་


JLD013_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར། མྱུར་ལམ་ཡོད་པ་སྐད་ཟེར་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མི་སློབ་པ་ནི་རང་གིས་རང་བསླུ་བའོ། །གལ་ཏེ་སྦྱིན་པ་ལ་སོགས་པ་མི་དགོས་པར་མི་འདོད་ཀྱི། འོན་ཀྱང་ཅིར་ཡང་མི་སེམས་པ་དེ་ལ་དེ་དག་ཚང་སྟེ། སྦྱིན་བྱ་སྦྱིན་བྱེད་དང་སྦྱིན་རྫས་སུ་མི་ཞེན་པས་དམིགས་མེད་ཀྱི་སྦྱིན་པ་ཚང་ལ། དེ་བཞིན་དུ་ལྷག་མ་རྣམས་ཀྱང་ཚང་ཞིང་། མདོ་ལས་ཀྱང་རེ་རེའི་ནང་དུ་དྲུག་དྲུག་འདུས་པར་གསུངས་པའི་ཕྱིར་རོ་སྙམ་ན། དེ་ཙམ་གྱིས་ཚང་བར་འགྱུར་ན། མུ་སྟེགས་ཅན་གྱི་སེམས་རྩེ་གཅིག་པའི་ཞི་གནས་རྣམས་ལའང་མཉམ་པར་བཞག་པའི་དུས་ན་དེ་ལྟར་དུ་ཞེན་པ་མེད་པས་ཕར་ཕྱིན་ཐམས་ཅད་ཚང་བར་འགྱུར་ལ། ཁྱད་པར་དུ་སྔར་དྲངས་པ་ལྟར་ཉན་རང་ལའང་ཆོས་ཉིད་ལ་རྣམ་པར་མི་རྟོག་པའི་ཚེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཚང་བར་འགྱུར་བས་ཐེག་ཆེན་པར་འགྱུར་རོ། །རེ་རེའི་ནང་དུ་དྲུག་དྲུག་འདུས་པར་གསུངས་པས་དེ་ཙམ་གྱིས་ཆོག་པར་འདོད་ན། འོ་ན་མཎྜལ་འབུལ་བ་ལའང༌། བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་སྟེ། །ཞེས་སོགས་ཀྱིས་དྲུག་ཀ་ཡོད་པར་གསུངས་པས་དེ་ཁོ་ན་བྱ་བར་རིགས་སོ། །དེས་ན་ལྟ་བས་ཟིན་པའི་སྤྱོད་པ་དང་ཐབས་ཀྱིས་ཟིན་པའི་ཤེས་རབ་ནི། དཔེར་ན་བུ་སྡུག་པ་ཤི་བའི་མྱ་ངན་གྱིས་མནར་བའི་མ་དེ་གཞན་དང་སྨྲ་བ་ལ་སོགས་པ་ལ་འཇུག་པའི་ཚེ་བློ་ཅི་སྐྱེས་ཀྱང་མྱ་ངན་གྱི་ཤུགས་དེས་མ་བཏང་ཡང་བློ་དེ་རྣམས་ཐམས་


JLD013_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མྱ་ངན་གྱི་བློ་ཡིན་མི་དགོས་པ་བཞིན་དུ། སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཤུགས་དྲག་ན་སྦྱིན་པ་གཏོང་བ་དང་ཕྱག་དང་སྐོར་བ་དང་བཟླས་རྗོད་བྱེད་པའི་ཚེ་དེ་དག་ལ་དམིགས་པའི་བློ་དེ་རྣམས་སྟོང་ཉིད་རྟོགས་པ་མ་ཡིན་ཀྱང་དེའི་རྩིའམ་ཤུགས་དང་ལྡན་པར་འཇུག་པ་མི་འགལ་ལ། ཐུན་འགོ་ལྟ་བུ་ལ་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པ་སྔོན་དུ་བཏང་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བཞག་པའི་ཚེ་བྱང་ཆུབ་ཀྱི་སེམས་དེ་དངོས་སུ་མེད་ཀྱང་དེའི་རྩིས་ཟིན་པ་མི་འགལ་ལོ། །དེས་ན་དེ་འདྲ་བ་ལ་དམིགས་པ་མེད་པའི་སྦྱིན་པ་ཞེས་བྱ་ཡི། གཏོང་བའི་སེམས་པ་གཏན་མེད་པ་ལ་སྦྱིན་པ་མི་བཏུབ་ལ། དེ་བཞིན་དུ་ལྷག་མ་ལའང་ཤེས་པར་བྱའོ། །ཐབས་ཤེས་མ་བྲལ་བའི་ཚུལ་ཡང་དེ་ལྟར་ཤེས་པར་བྱའོ། །བསོད་ནམས་ཀྱི་ཚོགས་རྣམས་ཀྱི་འབྲས་བུ་འཁོར་བའི་ལུས་དང་ལོངས་སྤྱོད་དང་ཚེ་རིང་བ་སོགས་སུ་གསུངས་པ་ལའང་འཁྲུལ་བར་མི་བྱ་སྟེ། ཐབས་ལ་མཁས་པ་དང་ཤེས་རབ་དང་བྲལ་ན་དེ་ལྟར་ཡིན་ཡང་། དེ་དག་གིས་ཟིན་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་ཤིན་ཏུ་རུང་སྟེ། རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་བསོད་ནམས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་ལྟར་ཏེ་ལུང་མཐའ་ཡས་སོ། །གཞན་ཡང་ཁྱེད། རེས་འགའ་ནི་ངན་འགྲོའི་རྒྱུར་འགྲོ་བའི་ཉེས་སྤྱོད་དང་ཉོན་མོངས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རྒྱུར་བསྒྱུར་ནུས་པར་སྨྲ་ལ། རེས་འགའ་ནི་མངོན་མཐོའི་རྒྱུར་འགྱུར་བའི་སྦྱིན་


JLD013_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམས་ཀྱང་འཁོར་བའི་རྒྱུ་ཡིན་གྱི། བྱང་ཆུབ་ཀྱི་རྒྱུར་མི་འགྱུར་ཟེར་བ་སྣང་བས་སེམས་རྣལ་དུ་ཞོག་ལ་སྨྲོས་ཤིག །ཡང་མདོ་ལས། སྦྱིན་སོགས་དྲུག་ལ་མངོན་པར་ཞེན་པ་བདུད་ཀྱི་ལས་སོ། །ཞེས་པ་དང༌། ཕུང་པོ་གསུམ་པ་ལས། དམིགས་པར་ལྷུང་བས་སྦྱིན་པ་བྱིན་པ་དང་ཚུལ་ཁྲིམས་མཆོག་འཛིན་གྱིས་ཚུལ་ཁྲིམས་བསྲུངས་པ་སོགས་ལ་དེ་དག་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །ཞེས་བཤད་པ་དང༌། ཚངས་པས་ཞུས་པ་ལས། དཔྱོད་པ་ཇི་སྙེད་པ་དེ་ཐམས་ཅད་ནི་རྟོག་པའོ། །ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་བོ། །ཞེས་གསུངས་པ་རྣམས་ལའང་འཁྲུལ་བར་མི་བྱ་སྟེ། དང་པོའི་དོན་ནི། བདག་གཉིས་སུ་ཕྱིན་ཅི་ལོག་ཏུ་ཞེན་པས་ཀུན་ནས་བསླངས་པའི་སྦྱིན་སོགས་ནི་མ་དག་པས་བདུད་ཀྱི་ལས་སུ་བཤད་ཀྱི། སྦྱིན་སོགས་བདུད་ལས་སུ་སྟོན་པ་མིན་ཏེ། གཞན་དུ་ན་དྲུག་ཀ་ལ་གསུངས་པས་བསམ་གཏན་དང་ཤེས་རབ་ཀྱང་བདུད་ལས་སུ་འདོད་པར་གྱིས་ཤིག །ལུང་གཉིས་པའི་དོན་ཡང་། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཀུན་ནས་བསླངས་པས་མ་དག་པ་ལ་དེ་ལྟར་བཤད་ཀྱི། སྦྱིན་སོགས་རྣམས་མི་བསྟེན་པར་སྟོན་པ་མིན་ཏེ། དེ་ལྟ་མ་ཡིན་ན་དམིགས་པར་ལྷུང་ནས་སྦྱིན་པ་བསྩལ་བ་ཞེས་དམིགས་པར་ལྷུང་བ་མི་དགོས་པར་སྤྱིར་སྦྱིན་པ་བཏང་བ་བཤགས་སོ། །ཞེས་གསུང་རིགས་པ་ལས་དེ་ལྟར་མ་གསུངས་པའི་ཕྱིར་རོ། །


JLD013_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་རིམ་ཐ་མ་ནས་ལན་འདེབས་ཚུལ་འདི་ལྟར་མཛད་པ་འདི་གནད་ཤིན་ཏུ་ཆེ་སྟེ། འདི་ཕྱིན་ཅི་ལོག་ཏུ་གོ་ནས་སྤྱོད་ཕྱོགས་ཐམས་ཅད་གང་ཟག་གམ་ཆོས་ཀྱི་བདག་གི་མཚན་འཛིན་དུ་བྱས་ནས་མཚན་བཅས་སུ་འདོད་པའི་ཕྱིར་རོ། །རྫས་འདི་གཏང་ངོ་སྙམ་པའི་གཏོང་སེམས་དང་ཉེས་སྤྱོད་འདི་བསྡམ་མོ་སྙམ་པའི་སྡོམ་སེམས་དང་དེ་འདྲ་བའི་དགེ་བའི་རྟོག་པ་ཐམས་ཅད་འཁོར་གསུམ་དུ་འཛིན་པའི་ཆོས་ཀྱི་བདག་འཛིན་ཡིན་ན། ཆོས་ཀྱི་བདག་མེད་ཀྱི་ལྟ་བ༌རྙེད་པ་རྣམས་ཀྱིས་ཞེ་སྡང་དང་ང་རྒྱལ་ལ་སོགས་པ་བཞིན་དུ་རྣམ་པ་ཐམས་ཅད་དུ་དགག་པར་རིགས་ཀྱི། དེ་ཆེད་དུ་བྱས་ལ་བསྟེན་དུ་མི་རུང་ངོ་། །འདི་འདིའོ་སྙམ་པའི་རྟོག་པ་ཐམས་ཅད་འཁོར་གསུམ་དུ་རྟོག་པའི་ཆོས་ཀྱི་བདག་འཛིན་དུ་བྱས་ན། བཤེས་གཉེན་གྱི་ཡོན་ཏན་སེམས་པ་དང་དལ་འབྱོར་དང་འཆི་བ་དང་ངན་འགྲོའི་སྡུག་བསྔལ་སེམས་པ་དང་སྐྱབས་འགྲོ་དང་ལས་འདི་ལས་འབྲས་བུ་འདི་འབྱུང་དང༌། བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང་འཇུག་སེམས་ཀྱི་བསླབ་བྱ་ལ་སྦྱོང་བ་ཐམས་ཅད་ལ་འདི་ནི་འདིའོ་འདི་ལས་འདི་འབྱུང་ངོ་འདི་ལ་ཡོན་ཏན་དང་ཉེས་དམིགས་འདི་ཡོད་སྙམ་དུ་བསམས་ནས་ངེས་པ་དྲང་དགོས་པ་ཤ་སྟག་ཡིན་པས། དེ་དག་ལ་ཇི་ལྟར་ངེས་པ་ཆེ་བ་ཙམ་དུ་ཆོས་ཀྱི་བདག་འཛིན་ཇེ་འཕེལ་དུ་འགྲོ་ལ། ཡང་ཆོས་ཀྱི་བདག་མེད་ལ་ངེས་པ་ཇི་ཙམ་ཆེ་བར་བསྐྱངས་པ་དེ་ཙམ་དུ་ལམ་དེ་དག་གི་ངེས་པ་ཇེ་ཆུང་དུ་འགྲོ་བས། སྤྱོད་པ་


JLD013_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྟ་བའི་ཕྱོགས་གཉིས་ཚ་གྲང་ལྟར་འགལ་འདུར་སོང་ནས་གཉིས་ཀ་ལ་ངེས་ཤེས་ཤུགས་དྲག་ལ་རྒྱུན་རིང་བ་བསྐྱེད་ས་མེད་པར་འགྲོའོ། །དེའི་ཕྱིར་འབྲས་བུའི་གནས་སྐབས་ན་ཆོས་སྐུ་ཐོབ་བྱར་འཇོག་པ་དང་གཟུགས་སྐུ་ཐོབ་བྱར་བྱེད་པ་གཉིས་མི་འགལ་བ་ལྟར། ལམ་གྱི་ཚེ་ཡང་བདག་གཉིས་སུ་མཚན་མར་འཛིན་པའི་དམིགས་གཏད་རྡུལ་ཙམ་ཡང་མ་ལུས་པའི་སྤྲོས་བྲལ་ལའང་ངེས་ཤེས་འདྲེན་པ་དང་། འདི་ལས་འདི་འབྱུང་དང་འདི་ལ་སྐྱོན་ཡོན་འདི་ཡོད་ལའང་ངེས་ཤེས་འདྲེན་པ་གཉིས་མི་འགལ་བ་ཞིག་དགོས་སོ། །དེ་ཡང་གཞིའི་ལྟ་བ་བདེན་གཉིས་གཏན་ལ་འབེབས་ཚུལ་ལ་རག་ལས་པས། ལུང་དང་རིགས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རང་གི་སྡོད་ལུགས་སམ་ཡིན་ཚུལ་ལ་རང་བཞིན་རྡུལ་ཙམ་ཡང་མ་གྲུབ་པར་གཏན་ལ་འབེབས་པའི་དོན་དམ་པ་རྣམ་པར་འཇོག་པའི་ཚད་མ་དང༌། རྒྱུ་དང་འབྲས་བུའི་ཆོས་ཅུང་ཟད་ཀྱང་མ་འཆོལ་བར་སོ་སོར་ངེས་པའི་རྒྱུ་འབྲས་རྣམ་པར་འཇོག་པའི་ཐ་སྙད་པའི་ཚད་མ་གཉིས་ཕན་ཚུན་དུ་གནོད་བྱ་གནོད་བྱེད་དུ་འགྲོ་བ་ལྟ་ཅི་སྨོས་ཏེ། གཅིག་གཅིག་གི་གྲོགས་སུ་འགྱུར་བ་ལ་ངེས་པ་རྙེད་ན་དེ་ནས་བདེན་པ་གཉིས་ཀྱི་དོན་རྟོགས་པ་དང་རྒྱལ་བའི་དགོངས་པ་རྙེད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ཏེ། ཚུལ་འདི་ནི་ལྷག་མཐོང་གི་སྐབས་སུ་བཤད་པར་བྱའོ། །ལུང་གསུམ་པའི་དོན་ནི། མདོ་དེའི་སྐབས་དེ་སྐྱེ་བ་ལ་སོགས་པ་དཔྱོད་པའི་སྐབས་ཡིན་པས་སྦྱིན་པ་ལ་སོགས་པ་དེ་


JLD013_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནར་མ་སྐྱེས་པར་སྟོན་པ་ལ་རྟོག་པའོ་ཞེས་རྟོག་པས་བཏགས་པ་ཙམ་དུ་སྟོན་གྱི། དེ་དག་མི་བསྟེན་པར་དོར་བྱར་སྟོན་པ་མིན་ནོ། །དེའི་ཕྱིར་སངས་མ་རྒྱས་ཀྱི་བར་དུ་སྤྱོད་པ་དེ་རྣམས་ལ་སློབ་མི་དགོས་པའི་སྐབས་མེད་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་སྤྱོད་པ་རྣམས་ལ་བསླབ་དགོས་ཤིང༌། དེ་ཡང་ད་ལྟ་སྙིང་ཐག་པ་ནས་འབད་ནས་བསྒྲུབས་ན་འགྲུབ་པ་རྣམས་འབད་པས་བསྒྲུབ། རེ་ཞིག་ལ་བྱར་མི་ནུས་པ་རྣམས་ཀྱང་སྨོན་པའི་ཡུལ་དུ་བྱས་ནས་དེ་དག་ཉམས་སུ་ལེན་ནུས་པའི་རྒྱུར་ཚོགས་གསོག་སྒྲིབ་པ་སྦྱོང་སྨོན་ལམ་མང་དུ་བྱས་ན་རིང་པོར་མི་ཐོགས་པར་ཉམས་སུ་ལོངས་པར་འགྱུར་རོ། །དེ་ལྟར་མི་བྱེད་པར་རང་གིས་མི་ཤེས་པ་དང་མི་བྱེད་པའི་ཕྱོགས་བཟུང་ནས་དེ་དག་ལ་བསླབ་མི་དགོས་སོ་ཞེས་སྨྲ་ན་ནི། རང་ཡང་ཕུང་ལ་གཞན་ཡང་ཕུང་བར་བྱེད་ཅིང་བསྟན་པ་ནུབ་པའི་ཡང་རྐྱེན་དུ་འགྲོ་བས་མི་བྱ་སྟེ། མདོ་ཀུན་ལས་བཏུས་པ་ལས། འདུས་མ་བྱས་ལའང་སོ་སོར་རྟོག་ལ་འདུས་བྱས་ཀྱི་དགེ་བས་ཀྱང་ཡོངས་སུ་སྐྱོ་བ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་ཀྱི་ལམ་ཡང་རབ་ཏུ་ཤེས་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་ཡང་ཡོངས་སུ་མི་ཚོལ་ན་བདུད་ཀྱི་ལས་སོ། །ཞེས་དང༌། ཐབས་ལ་མཁས་པ་དང་བྲལ་བའི་བྱང་ཆུབ་སེམས་དཔས་ཆོས་ཟབ་མོ་ཉིད་ལ་མངོན་པར་བརྩོན་པར་མི་བྱའོ། །ཞེས་དང༌། གསང་བ་བསམ་གྱིས་མི་ཁྱབ་པ་ལས། རིགས་བུ་འདི་ལྟ་སྟེ། དཔེར་ན་མེ་ནི་རྒྱུ་ལས་འབར་ཏེ་རྒྱུ་མེད་ན་ཞི་བར་འགྱུར་རོ། །དེ་བཞིན་དུ་དམིགས་པ་ལས་སེམས་འབར་གྱི། དམིགས་པ་


JLD013_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་སེམས་ཞི་བར་འགྱུར་རོ། །དེ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་དམིགས་པ་ཉེ་བར་ཞི་བར་ཡང་ཤེས་ལ། དགེ་བའི་རྩ་བ་ལ་དམིགས་པའང་ཉེ་བར་ཞི་བར་མི་བྱེད། ཉོན་མོངས་ལ་དམིགས་པའང་འབྱུང་བར་མི་བྱེད་ལ། ཕ་རོལ་ཏུ་ཕྱིན་པའི་དམིགས་པ་ལའང་འཇོག་པར་བྱེད། སྟོང་པ་ཉིད་ཀྱི་དམིགས་པ་ལའང་སོ་སོར་རྟོག་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་དམིགས་པ་ལའང་བལྟའོ། །ཞེས་དམིགས་པ་མེད་ལུགས་དང་དམིགས་པ་ཡོད་ལུགས་སོ་སོར་གསུངས་པ་རྣམས་ཕྱེད་དགོས་སོ། །དེ་བཞིན་དུ་ཉོན་མོངས་པ་དང་མཚན་མར་འཛིན་པའི་འཆིང་བ་ལྷོད་དགོས་ལ་བསླབ་པའི་ཐག་པས་དམ་དུ་བསྡམ་དགོས་པ་དང་། ཁ་ན་མ་ཐོ་བ་གཉིས་ཞིག་དགོས་ལ་དགེ་བའི་བྱ་བ་རྣམས་མ་ཞིག་དགོས་པས། བསླབ་པས་བསྡམས་པ་དང་མཚན་འཛིན་གྱིས་བཅིངས་པ་གཉིས་མི་གཅིག་ཅིང༌། བསྲུང་སྡོམ་ལྷོད་པ་དང་བདག་ཏུ་འཛིན་པའི་འཆིང་བ་ལྷོད་པ་གཉིས་ཀྱང་མི་གཅིག་གོ །ཐམས་ཅད་མཁྱེན་པ་ནི་རྒྱུ་དུ་མ་ལས་འགྲུབ་པ་ཡིན་གྱི། རེ་རེ་བས་མི་ཆོག་པས་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་སྐད་ཟེར་ནས་དལ་བའི་རྟེན་བཟང་པོ་ཐོབ་ནས་སྒོ་སྣ་ཚོགས་ནས་སྙིང་པོ་བླངས་པས་ཆོག་པ་ལ་ལམ་གྱི་ཆ་ཤས་རེ་རེ་ལས་གཞན་ལ་མི་སྦྱོང་བ་ནི་ཚོགས་གཉིས་ཀྱི་སྒོ་འགོག་བྱེད་ཀྱི་མི་དགེ་བའི་བཤེས་སུ་རིག་པར་བྱའོ། །ཐེག་པ་


JLD013_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཆུང་ཡང་ཉམས་ལེན་གྱི་དུས་སུ་ཚོགས་མཐའ་ཡས་པ་ལ་སློབ་མི་སློབ་ཉིད་ཡིན་ཏེ། ཉི་ཚེ་བའི་ཐེག་པ་དང་ཐེག་པ་ཆུང་ངུ་གཉིས་མིང་གི་རྣམ་གྲངས་ཡིན་ལ། ཉི་ཚེ་བའི་དོན་ནི་ཕྱོགས་རེ་བ་ཡིན་པའི་ཕྱིར་རོ། །ད་ལྟར་གྱི་འབྲས་བུ་དམན་པ་བཟའ་བཏུང་སོགས་ལའང་རྒྱུ་རྐྱེན་དུ་མ་ཞིག་གིས་བསྒྲུབ་དགོས་པར་སྣང་ན། སྐྱེས་བུའི་དོན་གྱི་མཆོག་སངས་རྒྱས་བསྒྲུབ་པ་ལ་ཕྱོགས་རེས་ཆོག་པར་འཛིན་པ་ནི་མི་རིགས་ཏེ། འབྲས་བུ་རྒྱུའི་རྗེས་སུ་བྱེད་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །འདི་ལ་དགོངས་ནས་སྙིང་རྗེ་པདྨ་དཀར་པོ་ལས་ཀྱང་། ཉི་ཚེ་བས་ཉི་ཚེ་བ་འགྲུབ་པ་དང་མཐའ་དག་པས་མཐའ་དག་པ་འགྲུབ་པར་གསུངས་སོ། །དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བའི་མདོ་ལས་ཀྱང་། གང་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དེ་ནི་རྒྱུ་གཅིག་པུས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པར་འགྲུབ་པའི་རྒྱུ་ཚད་མེད་པ་འབུམ་ཕྲག་བཅུས་ཡང་དག་པར་འགྲུབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པས་མི་ངོམས་པ་ཡང་དག་པའི་རྒྱུ་དང༌། ཞེས་རྒྱ་ཆེར་བཤད་པ་དང༌། དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། ཀྱེ་གྲོགས་པོ་དག །དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་བརྒྱ་ལས་ངེས་པར་སྐྱེས་པའོ། །དགེ་བའི་ཆོས་ཐམས་ཅད་ལས་ངེས་པར་སྐྱེས་པའོ། །དགེ་བའི་ལམ་ཚད་མེད་པ་ལས་ངེས་པར་སྐྱེས་པའོ། །ཞེས་རྒྱས་པར་བཤད་དོ། །


JLD013_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། གང་ཚེ་སངས་རྒྱས་གཟུགས་སྐུ་ཡི། །རྒྱུ་ཡང་དེ་ལྟར་འཇིག་རྟེན་བཞིན། །གཞལ་མེད་དེ་ཚེ་ཆོས་སྐུ་ཡི། །རྒྱུ་ལྟ་ཇི་ལྟར་གཞལ་དུ་ཡོད། །ཅེས་གསུངས་སོ། །འདི་ལྟ་བུའི་ཐབས་དང་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ལ་སློབ་པ་ནི། སྔར་བཤད་པ་ལྟར་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀའི་ཐུན་མོང་བ་ཡིན་ཏེ། སྔགས་ཀྱི་གཞུང་ཆེ་བ་དུ་མ་ནས་གཞལ་ཡས་ཁང་དང་ལྷའི་བཀོད་པ་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད་ནང་གི་སེམས་ཀྱི་ཡོན་ཏན་ལ་བཤད་པའི་ཚེ། ཕྱིན་དྲུག་དང་བྱང་ཕྱོགས་སོ་བདུན་དང་སྟོང་ཉིད་བཅུ་དྲུག་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་རྫོགས་པ་ལ་ཡང་དང་ཡང་དུ་བཤད་པའི་ཕྱིར་རོ། །དེས་ན་གང་ཟག་གི་ཁྱད་པར་འགའ་ཞིག་ལ་འདོད་ཡོན་ལམ་དུ་བྱེད་པ་སོགས་ཕ་རོལ་ཏུ་ཕྱིན་པ་ནས་བཤད་པ་འགའ་ཞིག་གི་འདོར་ལེན་མ་གཏོགས་པ་རྣམས་ཐུན་མོང་བ་ཁོ་ནར་ཤེས་པར་བྱའོ། །གོང་དུ་བཤད་པ་ལ་ས་བོན་བྱས་ཏེ་ལེགས་པར་བསམས་ནས་ལམ་ཕྱོགས་རེ་བ་མིན་པའི་ཆ་ཚང་བ་ལ་ངེས་པ་མ་རྙེད་ན་ཐེག་པ་ཆེན་པོ་སྤྱིའི་ལམ་གྱི་རྐང་མི་ཟིན་པར་སྣང་བས། ཤེས་རབ་དང་ལྡན་པ་རྣམས་ཀྱིས་དེ་ལ་ངེས་པ་བརྟན་པོ་བསྐྱེད་ལ་སྒོ་དུ་མ་ནས་ཐེག་པ་མཆོག་གི་རིགས་ཀྱི་ནུས་པ་ཇེ་རྒྱས་སུ་གཏང་བར་བྱའོ། །གསུམ་པ་བསླབ་པ་ལ་སློབ་པའི་རིམ་པ་ཉིད་བཤད་པ་ལ་གཉིས། ཐེག་པ་ཆེན་པོ་སྤྱི་ལ་བསླབ་ཚུལ་དང༌། ཁྱད་པར་དུ་རྡོ་རྗེའི་ཐེག་པ་ལ་


JLD013_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པའི་ཚུལ་ལོ། །དང་པོ་ལ་གསུམ། བྱང་སེམས་ཀྱི་བསླབ་པ་ལ་སློབ་འདོད་སྦྱང་བ་དང༌། སྦྱངས་ནས་རྒྱལ་སྲས་ཀྱི་སྡོམ་པ་གཟུང་བ་དང༌། བཟུང་ནས་ཇི་ལྟར་བསླབ་པའི་ཚུལ་ལོ། །དང་པོ་ནི། འདུལ་བ་དང་སྔགས་གཉིས་ལ་དང་པོ་རང་རང་གི་སྡོམ་པ་མ་བཟུང་བར་བསླབ་བྱ་རྣམས་མཉན་དུ་མི་རུང་ཡང་འདི་ནི་དེ་དག་དང་མི་འདྲ་སྟེ་སྔོན་དུ་བསླབ་བྱ་རྣམས་ལེགས་པར་ཤེས་པར་བྱས། རྒྱུད་སྦྱངས་ནས་དེ་ནས་འཛིན་པར་སྤྲོ་བ་ན་སྡོམ་པ་འབོགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་འདོད་པ་ལ། སྔ་ནས་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་འདི་ལས་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་དང་ཉེས་པའི་གནས་གང་དག་བསྟན་པ་དེ་དག་བསྒྲག་པར་བྱ་སྟེ། གལ་ཏེ་སྙིང་ནས་བརྟགས་ཤིང་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་སྤྲོ་བར་གྱུར་ལ། ཕ་རོལ་གྱིས་ཡང་དག་པར་འཛིན་དུ་བཅུག་པའི་ཕྱིར་ཡང་མ་ཡིན། ཕ་རོལ་དང་འགྲན་པའི་ཕྱིར་ཡང་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་བརྟན་པོ་ཡིན་པར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ཆོ་ག་བཞིན་དུ་དེས་ཀྱང་ནོད་པར་བྱ་ཞིང་དེ་ལ་དབོག་པར་ཡང་བྱའོ། །ཞེས་སོ། །དེས་ན་བསླབ་བྱ་རྣམས་ཤེས་པར་བྱས་ནས་ཡིད་ཡུལ་དུ་བྱས་ཏེ་དེ་དག་ལ་སྙིང་ཐག་པ་ནས་སློབ་འདོད་སྦྱངས་ནས་སྡོམ་པ་བླངས་ན་ཤིན་ཏུ་བརྟན་པར་འགྱུར་བས་འདི་ནི་ཐབས་བཟང་ངོ་། །དེ་ཡང་སྐབས་


JLD013_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་འོག་གཉིས་ཀར་བཤད་ན་ཚིག་གི་ཁུར་ཆེས་པར་འགྱུར་བས་འོག་ཏུ་བསྟན་པར་བྱའོ། །གཉིས་པ་ནི། ཚུལ་ཁྲིམས་ལེའུའི་འགྲེལ་པར། དང་པོ་ཇི་ལྟར་ལེན་ལུགས་དང་། དེ་མ་ཐག་ནས་རྩ་ལྟུང་དང་ཉེས་བྱས་ཀྱི་ལྟུང་བ་རྣམས་བསྲུང་ཚུལ་དང་། ཉམས་ན་ཕྱིར་བཅོས་ལུགས་རྣམས་རྒྱས་པར་གཏན་ལ་ཕབ་ཟིན་པས་སྡོམ་པ་ལེན་པའི་སྔ་རོལ་ཏུ་ངེས་པར་བལྟ་དགོས་པས་དེར་ཤེས་པར་བྱའོ། །གསུམ་པ་ལ་གསུམ། གང་ལ་བསླབ་པའི་གཞི་དང༌། དེར་བསླབ་པ་རྣམས་འདུས་ཚུལ་དང༌། དེ་ལ་ཇི་ལྟར་བསླབ་པའི་རིམ་པའོ། །དང་པོ་ནི། གསལ་བའི་དབྱེ་བ་མཐའ་ཡས་ཀྱང་རིགས་བསྡུ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་བྱང་ཆུབ་སེམས་དཔའི་བསླབ་བྱ་རྣམས་འདུ་བས་ཕྱིན་དྲུག་ནི་བྱང་སེམས་ཀྱི་ལམ་གྱི་གནད་མཐའ་དག་བསྡུས་པའི་སྡོམ་ཆེན་པོའོ། །བསྡུ་བ་བཞི་ཡང་དེར་འདུ་སྟེ། སྦྱིན་པ་འདུ་བ་ནི་སླ་ལ། ཚིག་སྙན་པ་ནི་ཕྱིན་དྲུག་ལས་བརྩམས་ཏེ་གདུལ་བྱ་ལ་འདོམས་པ་ཡིན་ཞིང༌། དོན་སྤྱོད་པ་ནི་གདམས་པའི་དོན་དེ་ལ་གཞན་བཀོད་པ་ཡིན་ལ། དོན་མཐུན་པ་ནི་རང་གིས་ཀྱང་གདུལ་བྱ་དང་འདྲ་བར་བསྒྲུབ་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཚོགས་གཉིས་དང་བསླབ་པ་གསུམ་ལ་སོགས་པས་ཀྱང་བྱང་སེམས་ཀྱི་ལམ་ཐམས་ཅད་བསྡུས་མོད་ཀྱང་། ཕྱིན་དྲུག་གིས་གོ་བ་བསྐྱེད་པ་ལྟར་སྡུད་བྱེད་གཞན་གྱིས་དེ་ལྟར་མི་ནུས་པས། ཕྱིན་དྲུག་ལ་བསྡུ་བའི་གཞི་བྱེད་པ་མཆོག་ཡིན་ནོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་གྲངས་ངེས་པ་དང༌། ཞར་ལ་གོ་རིམ་ངེས་པ་བསྟན་པའོ། །


JLD013_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཕྱིན་དྲུག་གི་སྡོམ་ཙམ་མཛད་པ་ལ། རྒྱལ་ཚབ་དམ་པས་དེ་ལྟར་མཛད་པའི་རྒྱུ་མཚན་གྱི་གནད་རྣམས་དགོངས་པ་བཞིན་བཀྲལ་ནས་ངེས་ཤེས་བསྐྱེད་པ་ནི་གྲངས་ངེས་ཚུལ་འདི་རྣམས་ཡིན་པས། འདི་དག་ལ་ཡིད་འཕྲོག་པའི་ངེས་པ་རྙེད་ན་ཕྱིན་དྲུག་གི་ཉམས་ལེན་ལ་གདམས་པའི་མཆོག་ཏུ་འཛིན་པ་འབྱུང་བས་ངེས་པ་རྙེད་པར་བྱའོ། །འདི་ལ་དྲུག་ལས། མངོན་མཐོ་ལ་ལྟོས་པའི་གྲངས་ངེས་ནི། བྱང་ཆུབ་ཀྱི་སྤྱོད་པ་རླབས་ཆེ་བ་རྣམས་རྫོགས་པ་ལ་ཚེ་རབས་དཔག་ཏུ་མེད་པ་བརྒྱུད་དགོས་ལ། དེར་ཡང་ལམ་གྱི་ས་ཆོད་འོང་བ་ལ་རྟེན་མཚན་ཉིད་ཡོངས་སུ་རྫོགས་པ་རེ་མེད་པར། ད་ལྟའི་རྟེན་འདི་འདྲ་བ་ཆ་རེ་རེ་ཙམ་ཡོད་པས་བསྒྲུབས་ཀྱང་བོགས་ཅི་ཡང་མི་ཐོན་པས། རྟེན་ཆ་ཐམས་ཅད་ནས་ཕུན་སུམ་ཚོགས་པ་ཞིག་དགོས་སོ། །དེ་ཡང་གང་ལ་སྤྱོད་པའི་ལོངས་སྤྱོད་དང་གང་གིས་སྤྱོད་པའི་ལུས་དང་གང་དང་ལྷན་ཅིག་ཏུ་སྤྱོད་པའི་འཁོར་དང་ལས་ཀྱི་མཐའ་གང་བརྩམས་པ་རྣམས་འགྲུབ་པའི་ཕུན་སུམ་ཚོགས་པ་བཞི་ལྡན་ཞིག་དགོས་སོ། །དེ་དག་ཕུན་སུམ་ཚོགས་པ་ཙམ་གྱིས་ཀྱང་ཉོན་མོངས་པའི་རྐྱེན་དུ་འགྲོ་བ་མང་བས་དེ་ཡང་ཉོན་མོངས་ཀྱི་དབང་དུ་མི་འགྲོ་བ་དང༌། དེས་ཀྱང་མི་ཆོག་པས་བླང་དོར་གྱི་གནས་རྣམས་ལ་ཕྱིན་ཅི་མ་ལོག་པར་འཇུག་ཅིང་ལྡོག་པའི་དམིགས་ལེགས་པར་ཕྱེད་པ་ཞིག་དགོས་ཏེ། གཞན་དུ་ན་སྨྱིག་མ་དང་ཆུ་ཤིང་རང་གི་འབྲས་བུ་ཆགས་པ་དང་དྲེའུ་མོ་སྦྲུམ་པས་བརླག་པ་ལྟར། ཕུན་ཚོགས་དེ་ཉིད་ཀྱིས་


JLD013_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བརླག་པར་འགྱུར་བའི་ཕྱིར་རོ། །ཤེས་རབ་ཡོད་ན་སྔར་གྱི་བཟང་པོའི་ལས་ཀྱི་འབྲས་བུར་ཤེས་ནས་སླར་ཡང་རྒྱུ་རྣམས་ལ་འབད་དེ་ཇེ་འཕེལ་དུ་འགྲོ་ལ། ཤེས་རབ་མེད་ན་སྔར་བསགས་ཀྱི་འབྲས་བུ་ལ་ལོངས་སྤྱད་པས་ནི་ཟད། གསར་དུ་ནི་མི་སྤེལ་བས་ཕྱི་མ་ལ་སྡུག་བསྔལ་བའི་འགོ་ཚུགས་པར་འགྱུར་རོ། །དེས་ན་སྐྱེ་བ་གཞན་དུ་དེ་དྲུག་འབྱུང་བའང་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་མི་འབྱུང་ཞིང་རྗེས་སུ་མཐུན་པའི་རྒྱུ་ཡང་ཕྱིན་དྲུག་ཏུ་ངེས་པས་ཚེ་འདིར་ཕྱིན་དྲུག་ཀུན་ཏུ་བསྟེན་གོམས་ལན་མང་དུ་བྱ་སྟེ། རྒྱུ་ལ་ཅི་ཙམ་ཁྱད་ཞུགས་པ་དེ་ཙམ་དུ་འབྲས་བུ་ལ་ཁྱད་པར་རྣམས་འབྱུང་བའི་ཕྱིར་རོ། །དེ་དག་ནི་གནས་སྐབས་ཀྱི་མངོན་མཐོ་ཡིན་ལ། ལུས་ཕུན་སུམ་ཚོགས་པ་སོགས་མཐར་ཕྱིན་པའི་མངོན་མཐོ་ནི་སངས་རྒྱས་ཀྱི་ས་ན་ཡོད་དོ། །དེ་ལྟར་ཡང་མདོ་སྡེའི་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང་། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང༌། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་སོ། །དེ་ལྟར་རྟེན་དེ་ལྟ་བུས་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་པ་ན་བྱང་སེམས་ཀྱི་བྱ་བ་ནི་གཉིས་སུ་ཟད་དེ་རང་གི་དོན་དང་གཞན་གྱི་དོན་བསྒྲུབ་པའོ། །དེའི་ཕྱིར་དོན་གཉིས་བསྒྲུབ་པ་ལ་ལྟོས་པའི་གྲངས་ངེས་ནི། དེ་ལ་གཞན་གྱི་དོན་བསྒྲུབ་པ་ལ་ཐོག་མར་ཟང་ཟིང་གིས་ཕན་གདགས་དགོས་ལ། དེ་ཡང་སེམས་ཅན་ལ་གནོད་འཚེ་དང་


JLD013_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་སྦྱིན་པས་ཅིར་ཡང་མི་འགྱུར་བས། གཞན་གནོད་གཞི་དང་བཅས་པ་ལས་ལེགས་པར་ལྡོག་པ་ཉིད་གཞན་དོན་ཆེན་པོ་ཡིན་པས་ཚུལ་ཁྲིམས་དགོས་སོ། །དེ་མཐར་འབྱིན་པ་ལའང་ཚུར་གནོད་མ་བཟོད་པར་གཅིག་ལན་དང་གཉིས་ལན་བྱས་ན་ཚུལ་ཁྲིམས་དག་པོ་མི་འོང་བས། ཚུར་གནོད་ལ་ཇི་མི་སྙམ་པའི་བཟོད་པ་དགོས་སོ། །འདིས་ལན་མ་བྱས་པས་གཞན་གྱིས་སྡིག་གསོག་པ་དུ་མ་ཁེགས་ཤིང་དེས་འདུན་ནས་དགེ་བ་ལ་སྦྱར་དུ་ཡོད་པས་གཞན་དོན་ཆེན་པོའོ། །རང་གི་དོན་ནི་ཤེས་རབ་ཀྱི་མཐུས་རྣམ་པར་གྲོལ་བའི་བདེ་བ་ཐོབ་པ་ཡིན་ན་དེ་ཡང་སེམས་རྣམ་པར་གཡེངས་པ་ལ་མི་འོང་བས། བསམ་གཏན་གྱིས་སེམས་མཉམ་པར་བཞག་སྟེ་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་གནས་པའི་ལས་རུང་ཐོབ་པ་དགོས། དེ་ལེ་ལོ་ཅན་ལ་མི་སྐྱེ་བས་ཉིན་མཚན་ཀུན་ཏུ་མི་ངལ་བའི་བརྩོན་འགྲུས་རྩོམ་དགོས་པས་དེ་ནི་དེ་དག་གི་གཞིའོ། །དེས་ན་དོན་གཉིས་པོ་དེ་བསྒྲུབ་པ་ལ་ཕྱིན་དྲུག་ཏུ་ངེས་ཏེ། སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་པས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་ཏེ། འདི་ལ་གཞན་དོན་རྣམ་པ་ཐམས་ཅད་པ་མེད་དོ། །གནས་དང་གྲོལ་བ་ཞེས་སེམས་དམིགས་པ་ལ་གནས་པ་བསམ་གཏན་གྱི་ལག་རྗེས་དང་འཁོར་བ་ལས་གྲོལ་བ་ཤེས་རབ་ཀྱི་ལག་རྗེས་སུ་གསུངས་པ་འདི་གཉིས་སོ་སོར་ཕྱེད་ན་ཞི་གནས་ལ་ལྷག་མཐོང་དུ་


JLD013_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུལ་ལོ། །དེ་ལྟར་ན་སེམས་འཛིན་ཟབ་པར་འདོད་པ་རྣམས་ཀྱང་འདིའི་བསམ་གཏན་གྱི་ཆ་ཤས་རེར་འགྱུར་བས་ཕྱིན་དྲུག་གི་ལུས་རྫོགས་པ་ལ་ངེས་པ་རྙེད་དགོས་སོ། །གཞན་དོན་རྣམ་པ་ཐམས་ཅད་པ་རྫོགས་པར་བསྒྲུབ་པ་ལ་ལྟོས་པའི་གྲངས་ངེས་ནི། ཐོག་མར་ཟང་ཟིང་བཏང་བས་དེའི་ཕོངས་པ་སེལ། དེ་ནས་སེམས་ཅན་གང་ལའང་ཕར་གནོད་མི་བྱེད། དེར་མ་ཟད་ཚུར་གནོད་བཟོད་པར་བྱས། ཁོའི་གྲོགས་བྱས་པས་མི་སྐྱོ་བའི་བརྩོན་འགྲུས་བརྩམས་ཤིང༌། བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་སོགས་ཀྱིས་ཡིད་འདུན་པར་བྱས་ཏེ། སྣོད་རུང་དུ་སོང་བ་ན་ཤེས་རབ་ལ་བརྟེན་ནས་ལེགས་པར་བཤད་དེ་ཐེ་ཚོམ་བཅད་པས་གྲོལ་བར་བྱེད་པའི་ཕྱིར་ཕྱིན་དྲུག་ཏུ་ངེས་ཏེ། མི་ཕོངས་པ་དང་རྣམ་པར་མི་འཚེ་དང༌། །རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང༌། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ཞེས་སོ། །དེ་གཉིས་ཀྱིས་ནི་རང་དང་གཞན་གྱི་དོན་བྱེད་པ་ལ་ཕྱིན་དྲུག་ལ་མི་བརྟེན་དུ་མི་རུང་བར་གསུངས་ཏེ། རང་གཞན་གྱི་དོན་རྣམས་དེ་ལས་འགྲུབ་ལུགས་ལ་ངེས་པ་རྙེད་ན་དེ་བསྒྲུབ་པ་ལ་གུས་པར་འགྱུར་རོ། །ཐེག་ཆེན་ཐམས་ཅད་སྡུད་པ་ལ་ལྟོས་པའི་གྲངས་ངེས་ནི། འདི་ལྟར་ལོངས་སྤྱོད་རྙེད་པ་ལ་མི་ཆགས་ཤིང་། མ་རྙེད་པ་དོན་དུ་མི་གཉེར་བས་ལོངས་སྤྱོད་ལ་མི་བལྟ་བ་དང༌། དེ་ཡོད་ན་བསླབ་པ་བསྲུང་བར་ནུས་པས་ཚུལ་ཁྲིམས་ལེན་ཅིང་དེ་ལ་གུས་པ་དང༌། སེམས་ཅན་དང་


JLD013_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་མ་ཡིན་པ་ལ་བརྟེན་ནས་བྱུང་བའི་སྡུག་བསྔལ་ལ་བཟོད་པས་མི་སྐྱོ་བ་དང༌། དགེ་བའི་བྱ་བ་ཇི་འདྲ་བ་ལ་སྦྱོར་ཡང་སྤྲོ་བས་དེས་མི་སྐྱོ་བ་དང༌། ཞི་གནས་ཀྱི་རྣལ་འབྱོར་མི་རྟོག་པ་དང༌། ལྷག་མཐོང་གི་རྣལ་འབྱོར་མི་རྟོག་པ་བསྒོམ་པ་དྲུག་གིས་ནི་འདིས་འགྲོ་བའི་ཐེག་ཆེན་ཐམས་ཅད་བསྡུས་ལ། དེ་དག་ཀྱང་ཕྱིན་དྲུག་གིས་རིམ་པར་བསྒྲུབ་ཅིང་དེ་ལས་མང་མི་དགོས་པའི་ཕྱིར་ཏེ། ལོངས་སྤྱོད་མངོན་པར་མི་དགའ་དང༌། །རབ་གུས་གཉིས་ལ་མི་སྐྱོ་དང༌། །རྣལ་འབྱོར་རྣམ་པར་མི་རྟོག་པ། །ཐེག་ཆེན་མཐའ་དག་འདིར་ཟད་དོ། །ཞེས་སོ། །དེ་ལྟར་ན་ཐེག་ཆེན་ལ་འཇུག་པར་འདོད་པ་དང་ཕྱིན་དྲུག་ཉམས་སུ་མི་ལེན་པར་འདོར་བ་ནི་འགལ་བའོ། །ལམ་མམ་ཐབས་ཀྱི་རྣམ་པ་ཐམས་ཅད་པའི་དབང་དུ་མཛད་པའི་གྲངས་ངེས་ནི། ཐོབ་ཟིན་པའི་ཡུལ་གྱི་ལོངས་སྤྱོད་ལ་མ་ཆགས་པའི་ལམ་མམ་ཐབས་ནི་སྦྱིན་པ་སྟེ། གཏོང་བ་ལ་གོམས་པས་དེ་ལ་ཆགས་པ་དང་བྲལ་བའི་ཕྱིར་རོ། །ཡུལ་མ་ཐོབ་པ་དེ་ཐོབ་པའི་དོན་དུ་རྩོལ་བའི་རྣམ་གཡེང་སྡོམ་པའི་ཐབས་ནི་ཚུལ་ཁྲིམས་ཏེ། དགེ་སློང་གི་སྡོམ་པ་ལ་གནས་པ་ལ་ལས་ཀྱི་མཐའི་རྣམ་གཡེང་ཐམས་ཅད་མི་འབྱུང་བའི་ཕྱིར་རོ། །སེམས་ཅན་མི་གཏོང་བའི་ཐབས་ནི་བཟོད་པ་སྟེ། གནོད་པ་བྱེད་པའི་སྡུག་བསྔལ་ཐམས་ཅད་ཀྱིས་ཡིད་མི་འབྱུང་བའི་ཕྱིར་རོ། །དགེ་བ་འཕེལ་བའི་ཐབས་ནི་བརྩོན་འགྲུས་ཏེ། བརྩོན་འགྲུས་བརྩམས་པ་ལས་དེ་འཕེལ་བར་འགྱུར་བའི་ཕྱིར་རོ། །སྒྲིབ་པ་རྣམ་པར་སྦྱོང་བའི་ཐབས་ནི་ཕར་ཕྱིན་ཐ་མ་གཉིས་


JLD013_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བསམ་གཏན་གྱིས་ཉོན་མོངས་པ་དང་ཤེས་རབ་ཀྱིས་ཤེས་སྒྲིབ་རྣམ་པར་སྦྱོང་བའི་ཕྱིར་རོ། །དེའི་ཕྱིར་ཕྱིན་དྲུག་ཏུ་ངེས་ཏེ། ཡུལ་རྣམས་ལ་ནི་མ་ཆགས་ལམ། །དེ་ཐོབ་རྣམ་གཡེང་སྡོམ་པ་གཞན། །སེམས་ཅན་མི་གཏོང་འཕེལ་བ་དང༌། །སྒྲིབ་པ་རྣམ་པར་སྦྱོང་བ་གཞན། །ཞེས་སོ། །འདོད་ཡོན་གྱི་རྣམ་གཡེང་བྱུང་བའི་དབང་དུ་མི་འགྲོ་བ་ལ་མ་ཆགས་པའི་སྦྱིན་པ་དང༌། སྔར་མ་བྱུང་བ་འགོག་པ་ལ་དོན་མེད་པ་དང་དོན་མ་ཡིན་པའི་རྣམ་གཡེང་སྡོམ་པའི་ཚུལ་ཁྲིམས་དང༌། སེམས་ཅན་བྱེད་ངན་པ་གྲངས་མང་ཞིང་འབྱུང་ཉེ་བ་ལ་བརྟེན་ནས་དེའི་དོན་ལས་ཕྱིར་ལྡོག་པའི་གཉེན་པོར་ནི་བཟོད་པ་ལ་གོམས་པ་སྟོབས་ཅན་དང༌། དགེ་བ་གྲངས་མང་ཞིང་དུས་རིང་པོར་བསྒྲུབས་པའི་སྒོ་ནས་འཕེལ་བ་ལ་དེ་དག་གི་ཕན་ཡོན་སོགས་བསམས་པའི་སྒོ་ནས་སྤྲོ་བ་དྲག་ལ་རིང་བའི་བརྩོན་པ་དང༌། ཉོན་མོངས་མགོ་གནོན་པ་ལ་བསམ་གཏན་དང༌། དེའི་ས་བོན་དང་ཤེས་སྒྲིབ་འཇོམས་པ་ལ་ཤེས་རབ་དགོས་པར་བསྟན་པ་འདིས་ནི་ཕྱིན་དྲུག་ལ་ངེས་པ་ཆེན་པོ་སྟེར་རོ། །བསླབ་པ་གསུམ་ལ་ལྟོས་པའི་གྲངས་ངེས་ནི། ཚུལ་ཁྲིམས་ཀྱི་བསླབ་པའི་ངོ་བོ་ནི་ཚུལ་ཁྲིམས་ཡིན་ལ་དེ་ཡང་ལོངས་སྤྱོད་ལ་མི་བལྟ་བའི་སྦྱིན་པ་ཡོད་ན་ཡང་དག་པར་ལེན་པས་དེ་ནི་ཚུལ་ཁྲིམས་ཀྱི་ཚོགས་སོ། །ཡང་དག་པར་བླངས་པའང་གཤེ་བ་ལ་སླར་མི་གཤེ་བ་ལ་སོགས་པའི་བཟོད་པས་བསྲུང་བས་དེ་ནི་དེའི་འཁོར་རོ། །བསམ་གཏན་ནི་སེམས་ཀྱི་བསླབ་པ་ཡིན་ལ། ཤེས་རབ་ནི་ཤེས་རབ་ཀྱི་བསླབ་པ་


JLD013_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །བརྩོན་འགྲུས་ནི་བསླབ་པ་གསུམ་ག་ལ་གཏོགས་པས་ཕྱིན་དྲུག་ཏུ་ངེས་ཏེ། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱི་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་སོ། །དེ་ལྟར་ན་རྟེན་ཕུན་སུམ་ཚོགས་པ་ཇི་འདྲ་བ་ཞིག་གིས་རང་དང་གཞན་གྱི་དོན་ཡོངས་སུ་རྫོགས་པ་ཇི་འདྲ་བ་ཞིག་ཐེག་པ་གང་ལ་གནས་ནས་ཐབས་ཀྱི་རྣམ་པ་ཇི་སྙེད་དང་ལྡན་པས། བསླབ་པ་གང་བསྒྲུབ་པའི་རྟེན་དང་དོན་དང་ཐེག་ཆེན་དང་ཐབས་དང་བསླབ་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་སྡུད་པར་བྱེད་པ་ནི་ཕར་ཕྱིན་དྲུག་ཉིད་དུ་ཤེས་པར་བྱས་ལ། བྱང་སེམས་ཀྱི་ཉམས་ལེན་གྱི་གནད་ཐམས་ཅད་ཀྱི་སྡོམ་ཡིན་པ་ལ་ངེས་པ་ཆེན་པོ་མ་རྙེད་ཀྱི་བར་དུ་བསམ་པར་བྱའོ། །གཞན་ཡང་དང་པོ་ནས་འཁོར་བ་ལས་མི་འདའ་བའམ་མི་འཕགས་པའི་རྒྱུ་ནི་གཉིས་ཏེ། ལོངས་སྦྱོད་ལ་ཆགས་པ་དང་ཁྱིམ་ལ་ཆགས་པའོ། །དེའི་གཉེན་པོར་ནི་སྦྱིན་པ་དང་ཚུལ་ཁྲིམས་སོ། །ལན་ཅིག་འཕགས་ཀྱང་མཐར་མི་ཕྱིན་པར་སླར་ལྡོག་པའི་རྒྱུ་ནི་གཉིས་ཏེ། སེམས་ཅན་གྱི་ལོག་སྒྲུབ་ཀྱིས་སྡུག་བསྔལ་བ་དང་དགེ་ཕྱོགས་ལ་ཡུན་རིང་པོར་སྦྱོར་བས་ཡོངས་སུ་སྐྱོ་བའོ། །དེའི་གཉེན་པོར་ནི་བཟོད་པ་དང་བརྩོན་འགྲུས་ཏེ། སྡུག་བསྔལ་དང་གནོད་པ་ལ་ཇི་མི་སྙམ་པ་དང་དུས་དཔག་ཏུ་མེད་པ་ལའང་ཉི་མ་གཅིག་ལྟ་བུར་བལྟ་བའི་སྤྲོ་བ་རྣམས་ཀྱི་སྐྱོང་ཚུལ་ཤེས་ནས་སྒོ་དུ་མ་ནས་སྦྱངས་ན་ལྡོག་པའི་


JLD013_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་གཉེན་པོ་བྱེད་ནུས་པའི་བཟོད་པ་དང་བརྩོན་འགྲུས་སྐྱེ་བས་གནད་དུ་ཆེའོ། །དེ་ཙམ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པར་མ་ཟད་ད་ལྟའི་དུས་ཀྱི་དགེ་སྦྱོར་ལའང་དཀའ་སྤྱད་ཐན་ཐུན་ལ་བཟོད་བསྲན་ཆུང་བ་དང༌། གང་བསྒོམ་པའི་ལམ་ལ་སྤྲོ་ཤུགས་ཆུངས་པའི་རྒྱུ་མཚན་གྱིས་དང་པོར་ཞུགས་པ་མང་ཡང་བར་དུ་མ་ལོག་པ་ཆེན་པོ་མི་འོང་བར་སྣང་སྟེ། བཟོད་པ་དང་བརྩོན་འགྲུས་ཀྱི་མན་ངག་ལ་མ་སྦྱངས་པས་ལན་ནོ། །བར་དུ་མ་ལོག་ཀྱང་ཆུད་ཟ་བའི་རྒྱུ་ནི་གཉིས་ཏེ། སེམས་དགེ་བའི་དམིགས་པ་ལ་མི་གནས་པའི་རྣམ་པར་གཡེང་བ་དང་ཤེས་རབ་འཆལ་བའོ། །དེའི་གཉེན་པོར་ནི་བསམ་གཏན་དང་ཤེས་རབ་སྟེ། སེམས་གཞན་དུ་གཡེངས་པའི་བཟླས་བརྗོད་སོགས་ཀྱང་དོན་མེད་པར་གསུངས་ཤིང་། ནང་རིག་པའི་སྡེ་སྣོད་ཀྱི་དོན་ལ་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མ་རྒྱས་ན་འཇུག་ལྡོག་གི་གནས་རགས་པ་ལའང་འཁྲུལ་ནས་ལོག་པར་སྤྱོད་པའི་ཕྱིར་རོ། །དེ་ནི་མི་མཐུན་པའི་ཕྱོགས་སྤོང་བའི་གཉེན་པོའི་དབང་དུ་བྱས་པའི་གྲངས་ངེས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་པའི་གཞིའི་གནས་ཀྱི་གྲངས་ངེས་ནི། ཕར་ཕྱིན་དང་པོ་བཞི་ཏིང་ངེ་འཛིན་གྱི་ཚོགས་སུ་འགྱུར་བས་དེ་བཞི་ཀས་མི་གཡེང་བའི་ཕར་ཕྱིན་བསམ་གཏན་འགྲུབ་ལ། དེ་ལ་བརྟེན་ནས་ལྷག་མཐོང་བསྒོམས་ན་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བའི་ཕྱིར་རོ། །སེམས་ཅན་སྨིན་པ་དང་རྗེས་སུ་མཐུན་པའི་དབང་དུ་བྱས་པའི་གྲངས་ངེས་ནི།


JLD013_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་པའི་གསུམ་པ་དང་དོན་འདྲའོ། །འདི་ནི་འཕགས་པ་ཐོགས་མེད་ཀྱི་བཞེད་པ་སློབ་དཔོན་སེང་གེ་བཟང་པོས་བཀོད་པ་ལྟར་བཤད་པ་སྟེ་ཕྱིན་དྲུག་ལ་ངེས་པ་སྐྱེ་བ་ལ་གནད་ཆེ་བར་སྣང་ངོ་། །གཉིས་པ་ཞར་ལ་གོ་རིམ་ངེས་པ་ལ་གསུམ་ལས། སྐྱེ་བའི་རིམ་པ་ནི། ལོངས་སྤྱོད་ལ་མི་བལྟ་ཞིང་མ་ཆགས་པའི་སྦྱིན་པ་ཡོད་ན་ཚུལ་ཁྲིམས་ལེན་པར་བྱེད་ལ། ཉེས་སྤྱོད་ལེགས་པར་སྡོམ་པའི་ཚུལ་ཁྲིམས་དང་ལྡན་ན་གནོད་པ་ལ་བཟོད་པར་འགྱུར་རོ། །དཀའ་སྤྱད་ལ་མི་སྐྱོ་བའི་བཟོད་པ་ཡོད་ན་ལྡོག་པའི་རྐྱེན་ཉུང་བས་བརྩོན་འགྲུས་རྩོམ་པར་ནུས་སོ། །ཉིན་མཚན་དུ་བརྩོན་འགྲུས་བརྩམས་ན་སེམས་དགེ་བའི་དམིགས་པ་ལ་བཀོལ་བ་ལ་ལས་སུ་རུང་བའི་ཏིང་ངེ་འཛིན་སྐྱེའོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་འབྱུང་ངོ་། །དམན་མཆོག་གི་རིམ་པ་ནི། སྔ་མ་སྔ་མ་དམན་ལ་ཕྱི་མ་ཕྱི་མ་མཆོག་གོ །རགས་ཕྲའི་རིམ་པ་ནི། སྔ་མ་རྣམས་ཕྱི་མ་རྣམས་ལས་འཇུག་པ་དང་བྱ་སླ་བས་རགས་ལ། ཕྱི་མ་རྣམས་སྔ་མ་རྣམས་ལས་འཇུག་པ་དང་བྱ་བར་དཀའ་བས་རང་རང་གི་སྔ་མ་ལས་ཕྲ་བ་སྟེ། མདོ་སྡེའི་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་སོ། །གསུམ་པ་དེ་ལ་སློབ་པའི་རིམ་པ་ལ་གཉིས། སྤྱོད་པ་སྤྱི་ལ་སློབ་པའི་ཚུལ་དང༌། ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་ཚུལ་ལོ། །དང་པོ་ལ་གཉིས། རང་གི་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པ་


JLD013_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་ཕྱིན་དང༌། གཞན་གྱི་རྒྱུད་སྨིན་པར་བྱེད་པ་བསྡུ་བ་བཞི་ལ་བསླབ་པའོ། །དང་པོ་ལ་དྲུག །སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ལ་བསླབ་པའི་ཚུལ་ལོ། །དང་པོ་ལ་བཞི། སྦྱིན་པའི་ངོ་བོ། དེ་བསྐྱེད་པ་ལ་འཇུག་པའི་ཐབས། སྦྱིན་པའི་རབ་ཏུ་དབྱེ་བ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། བྱང་ས་ལས། སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། ཡོ་བྱད་ཐམས་ཅད་དང་རང་གི་ལུས་ལ་མི་བལྟ་བའི་བྱང་ཆུབ་སེམས་དཔའི་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང་། དེས་ཀུན་ནས་བསླངས་པ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང་ངག་གི་ལས་དང༌། ཞེས་གསུངས་པ་ལྟར། གཏོང་བའི་སེམས་པ་དགེ་བ་དང་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་སོ། །དེ་ལ་སྦྱིན་པའི་ཕར་ཕྱིན་རྫོགས་པ་ནི། སྦྱིན་བྱའི་རྫས་གཞན་ལ་བཏང་བས་འགྲོ་བ་རྣམས་ཀྱི་དབུལ་བ་བོར་བ་ལ་མི་བལྟོས་ཏེ། དེ་ལྟ་མ་ཡིན་ན་ད་དུང་འགྲོ་བ་བཀྲེན་པོ་དུ་མ་ཡོད་པས་སྔར་བྱོན་པའི་རྒྱལ་བ་རྣམས་སྦྱིན་པ་མཐར་མ་ཕྱིན་པར་འགྱུར་རོ། །དེས་ན་ལུས་དང་ངག་མི་གཙོ་ཡི། སེམས་གཙོ་བོར་གྱུར་པ་སྟེ། འདི་ལྟར་རང་ལ་བདོག་པའི་ལུས་དང་ལོངས་སྤྱོད་དགེ་རྩ་ཐམས་ཅད་ལ་སེར་སྣའི་འཛིན་པ་བཅོམ་ནས་གཞན་ལ་བསམ་པ་ཐག་པ་ནས་གཏོང་ཞིང༌། དེ་ཙམ་དུ་མ་ཟད་བཏང་བའི་འབྲས་བུ་རྣམས་ཀྱང་སེམས་ཅན་ལ་བདར་བའི་བློ་གོམས་པ་ཡོངས་སུ་རྫོགས་པ་ལས་


JLD013_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པའི་ཕར་ཕྱིན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང༌སྤྱོད་འཇུག་ལས། གལ་ཏེ་འགྲོ་བ་དབུལ་བོར་བ། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །ད་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་སོ། །དེས་ན་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་ནི། དངོས་སུ་རྫས་གཞན་ལ་གཏོང་བ་མེད་ཀྱང་གཏོང་བའི་སེམས་པ་སྒོ་དུ་མ་ནས་བསྐྱེད་ཅིང་ཇེ་འཕེལ་དུ་གཏོང་བ་ཡིན་ནོ། །གཉིས་པ་ནི། ལུས་དང་ལོངས་སྤྱོད་ལ་སེར་སྣ་མ་ལུས་པར་བཅོམ་པ་ཙམ་གྱིས་ནི་སྦྱིན་པའི་ཕར་ཕྱིན་དུ་མི་འགྱུར་ཏེ། སེར་སྣ་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་ཡིན་པས་ཐེག་དམན་གྱི་དགྲ་བཅོམ་པ་གཉིས་ཀྱིས་ཀྱང་ས་བོན་དང་བཅས་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །དེའི་ཕྱིར་གཏོང་བའི་གེགས་སེར་སྣའི་ཀུན་ཏུ་འཛིན་པ་བསལ་བ་ཙམ་དུ་མ་ཟད། བདོག་པ་ཐམས་ཅད་གཞན་ལ་གཏོང་བའི་བསམ་པ་སྙིང་ཐག་པ་ནས་བསྐྱེད་དགོས་སོ། །དེ་ལ་ཡོངས་སུ་བཟུང་བའི་ཉེས་དམིགས་དང་བཏང་བའི་ཕན་ཡོན་བསྒོམ་དགོས་པས་དེ་བརྗོད་པར་བྱའོ། །ཟླ་བ་སྒྲོན་མ་ལས། རུལ་བར་གྱུར་པའི་ལུས་འདི་དང༌། །སྲོག་ཀྱང་གཡོ་བ་དབང་མེད་ཅིང༌། །རྨི་ལམ་སྒྱུ་མ་འདྲ་བ་ལ། །བྱིས་པ་འདི་དག་ཆགས་པས་ན། །ཤིན་ཏུ་མ་རུངས་ལས་བྱས་ཏེ། །སྡིག་པའི་དབང་དུ་སོང་བ་དང༌། །མི་མཁས་འཆི་བདག་བཞོན་པས་སོང༌། །དེ་དག་མི་བཟད་སེམས་དམྱལ་འགྲོ། །ཞེས་ལུས་མི་གཙང་བ་དང་སྲོག་རི་གཟར་


JLD013_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆུ་ལྟར་གཡོ་བ་དང་ལུས་སྲོག་གཉིས་ཀ་ལས་ཀྱི་གཞན་དབང་ཅན་ཡིན་པས་རང་དབང་བའི་བདག་མེད་པ་དང༌། རྨི་ལམ་དང་སྒྱུ་མ་ལྟ་བུར་བརྫུན་པར་བལྟས་ནས་དེ་ལ་ཆགས་པ་དགག་དགོས་ཏེ། དེ་མ་ལོག་ན་ཆགས་པའི་དབང་དུ་སོང་སྟེ་ཉེས་སྤྱོད་ཆེན་པོ་རྣམས་བསགས་ནས་ངན་འགྲོར་འགྲོ་བར་གསུངས་པ་དང༌། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ལས་ཀྱང༌། སེམས་ཅན་གང་དག་ཁ་ཅིག་རྩོད་འགྱུར་བ། །དེ་ཡི་གཞི་རྩ་ཡོངས་སུ་འཛིན་པ་སྟེ། །དེ་ལྟས་གང་ལ་སྲེད་པར་འགྱུར་བ་སྤོངས། །སྲེད་པ་སྤང་བ་བྱས་ན་གཟུངས་སུ་འགྱུར། །ཞེས་དང༌། བསླབ་བཏུས་ལས་ཀྱང༌། འདི་ལྟར་བདག་གི་ལུས་དང་སེམས། །སྐད་ཅིག་རེ་རེས་འགྲོ་བ་ཉིད། །གལ་ཏེ་མི་རྟག་དྲི་འབབ་པའི། །ལུས་ཀྱིས་རྟག་ཅིང་དྲི་མེད་ཀྱི། །བྱང་ཆུབ་འཐོབ་པར་འགྱུར་ན་ནི། །དེ་ནི་རིན་མེད་རྙེད་མིན་ནམ། །ཞེས་དང༌། སྐྱེས་རབས་ལས་ཀྱང༌། བདག་མེད་འཇིག་ལ་སྙིང་པོ་མེད་པའི་ལུས། །སྡུག་བསྔལ་དྲིན་མེད་རྟག་ཏུ་མི་གཙང་བའི། །ལུས་ཀྱིས་གཞན་ལ་ཕན་ཐོགས་འགྱུར་བ་ལ། །དགའ་བར་མི་འགྱུར་དེ་ནི་མཁས་མ་ཡིན། །ཞེས་གསུངས་པ་ལྟར། འབད་པ་དུ་མས་བསྲུངས་ཀྱང་ངེས་པར་འདོར་དགོས་པའི་སྙིང་པོ་མེད་པའི་ལུས་གཞན་ལ་བསམ་པས་བཏང་བས་རང་གཞན་གྱི་དོན་མང་པོ་འགྲུབ་པ་ལ། དེ་ལྟར་བློ་མི་སྦྱོང་བ་ནི་བདག་བླུན་པའོ་སྙམ་དུ་བསམས་ནས་ལུས་ལ་སོགས་པ་གཞན་ལ་གཏོང་བའི་བློ་ཅི་སྐྱེ་བྱའོ། །སྤྱོད་འཇུག་ལས་ཀྱང༌།


JLD013_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་སྒྲུབ། །ཐམས་ཅད་གཏོང་བར་ཆབས་གཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །ཅེས་སོ། །ཕར་ཕྱིན་བསྡུས་པ་ལས་ཀྱང༌། ལོངས་སྤྱོད་རྣམ་པ་མི་རྟག་མཐོང་གྱུར་ཅིང༌། །སྙིང་རྗེ་ཆེན་པོ་རང་གི་ངང་གྱུར་ན། །བྱིན་པ་བདག་གི་ཁྱིམ་བཞག་གཞན་གྱི་བར། །ཤིན་ཏུ་རིགས་པའི་ཚུལ་གྱིས་རྟོགས་པར་འགྱུར། །གང་བྱིན་དེ་ལས་འཇིགས་པ་སྐྱེ་མི་འགྱུར། །ཁྱིམ་ན་གང་བཞག་དེ་ལས་འཇིགས་པ་འབྱུང༌། །མི་ཆོག་ཐུན་མོང་རྟག་ཏུ་བསྲུང་དགོས་ཏེ། །བྱིན་ན་ཉེས་པ་དེ་དག་གནོད་མི་འགྱུར། །བྱིན་པས་འཇིག་རྟེན་ཕ་རོལ་བདེ་བ་འགྲུབ། །མ་བྱིན་ཚེ་འདི་ཉིད་ལའང་སྡུག་བསྔལ་བསྐྱེད། །མི་ཡི་ནོར་རྣམས་སྐར་མདའི་རང་བཞིན་ལྟར། །ཡོངས་སུ་མ་བཏང་དེ་དག་མེད་པར་འགྱུར། །མ་བྱིན་ནོར་རྣམས་མི་རྟག་མེད་འགྱུར་ཏེ། །བྱིན་པས་དེ་དག་ཡོད་པའི་གཏེར་དུ་འགྲོ། །སེམས་ཅན་ཕན་པར་གཞོལ་བས་གང་བྱིན་པའི། །ནོར་རྣམས་སྙིང་པོ་མེད་པའང་ཡོད་པར་འགྱུར། །གང་ཞིག་ཡོངས་སུ་གཏོང་བ་མཁས་པས་བསྔགས། །སྐྱེ་བོ་བྱིས་པ་དེ་དག་གསོག་ལ་དགའ། །ཡོངས་སུ་བཟུང་བས་མི་འབྲལ་གང་ཡང་མེད། །བྱིན་པས་རྟག་ཏུ་ཕུན་སུམ་ཚོགས་པ་འབྱུང༌། །བཏང་བས་ཉོན་མོངས་ཡོངས་སུ་འཛིན་མི་འགྱུར། །འཇུངས་པ་འཕགས་པའི་ལམ་མིན་ཉོན་མོངས་བསྐྱེད། །གང་ཞིག་བྱིན་པ་དེ་ནི་ལམ་གྱི་མཆོག །དེ་ལས་གཞན་གྱུར་འཕགས་པས་ལམ་ངན་གསུངས། །ཞེས་སོ། །


JLD013_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རྩ་བའང་ཆེ་ཆུང་གང་བྱས་ཐམས་ཅད་སེམས་ཅན་ལ་གནས་སྐབས་དང་མཐར་ཐུག་ཏུ་ཕན་བདེ་རྒྱ་ཆེན་འགྲུབ་པའི་དོན་དུ་བསམ་པ་ཐག་པ་ནས་བསྔོས་ཤིང་སྦྱིན་པར་བཏང་ན། སེམས་ཅན་རེ་རེ་ལ་བརྟེན་པའི་བསོད་ནམས་དེ་སྙེད་འཐོབ་པས་ཚོགས་བདེ་བླག་ཏུ་རྫོགས་ཏེ། རིན་པོ་ཆེའི་ཕྲེང་བ་ལས། དེ་སྐད་བརྗོད་པའི་བསོད་ནམས་གང༌། །གལ་ཏེ་དེ་ནི་གཟུགས་ཅན་གྱུར། །གངྒཱའི་བྱེ་མ་སྙེད་ཀྱི་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས། །གཏན་ཚིགས་ཀྱང་ནི་འདི་ལ་སྣང༌། །སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲ་འོ། །ཞེས་སོ། །གཞན་ཡང་གཏོང་བ་འཕེལ་བ་ལ་བར་དུ་གཅོད་པ་དང་། སེར་སྣ་འཕེལ་བ་དང་། གཏོང་སེམས་མ་སྐྱེས་པ་མི་སྐྱེ་བ་དང་། སྐྱེས་པ་ཉམས་པར་བྱེད་པའི་འཁོར་དང་ཡོ་བྱད་རྣམས་སྔར་ཡོད་མི་གཟུང་ཞིང་གཞན་གྱིས་བྱིན་ནའང་བླང་བར་མི་བྱ་སྟེ། ཕར་ཕྱིན་བསྡུས་པ་ལས། སེར་སྣའི་སྐྱོན་ནི་གང་གིས་འཕེལ་འགྱུར་རམ། །ཡོངས་སུ་གཏོང་སེམས་འཕེལ་བར་མི་འགྱུར་བའི། །ཡོངས་འཛིན་གེགས་སུ་འགྱུར་བའི་བསླུ་བ་དག །བྱང་ཆུབ་སེམས་དཔས་མ་ལུས་ཡོངས་སུ་སྤང༌། །གང་ཞིག་གཏོང་སེམས་གཉེན་པོར་འགྱུར་བ་དག །ཡང་དག་བྱང་ཆུབ་ལམ་ལ་སྒྲིབ་བྱེད་ན། །དེ་འདྲའི་ནོར་རམ་རིན་ཆེན་རྒྱལ་སྲིད་ཀྱང༌། །བྱང་ཆུབ་སེམས་དཔས་བླང་བར་འོས་པ་མིན། །ཞེས་སོ། །དེ་ལྟར་བྱེད་པའི་ཚེ་སེར་སྣས་ཡོ་བྱད་ལ་ཆགས་


JLD013_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ན། ཐུབ་པས་བདོག་པ་ཐམས་ཅད་བཏང་ནས་བྱང་ཆུབ་བསྒྲུབས་པ་དང༌། བདག་ཀྱང་དེའི་རྗེས་སུ་སློབ་པར་དམ་བཅས་པ་དྲན་པར་བྱས་ཏེ། བདག་གིས་སྔར་ལུས་ལོངས་སྤྱོད་དགེ་བ་ཐམས་ཅད་སེམས་ཅན་ལ་བཏང་ནས་ད་ཡང་ལོངས་སྤྱོད་ལ་ཆགས་པར་བྱེད་ན། བདག་གི་སྤྱོད་པ་ནི་གླང་པོ་ཆེ་ཉི་མས་གདུངས་པ་ན་ཆུར་ཞུགས་ནས་ཁྲུས་བྱེད་ཅིང་། སྐམ་ལ་སླེབས་པ་ན་ས་ལ་འགྲེ་ལྡོག་བྱས་པས་ལུས་ལ་སས་གོས་པ་མཐོང་ནས་སླར་ཡང་ཆུར་འཇུག །དེ་ནས་ཡང་སྔར་བཞིན་བྱེད་པ་དང་འདྲའོ་སྙམ་དུ་བསམས་ནས་མ་ཆགས་པར་བྱ་སྟེ། དེ་ཉིད་ལས། ཐུབ་པ་རྣམས་ཀྱི་སྤྱོད་མཆོག་དྲན་བྱས་ཤིང༌། །དེ་གཞོལ་རང་གི་དམ་བཅས་བསམ་བྱ་སྟེ། །ཡོངས་འཛིན་ཆགས་པ་རྣམ་པར་བསལ་བའི་ཕྱིར། །སེམས་ལ་རྟོག་པའི་དམ་པ་འདི་དག་རྟོགས། །འགྲོ་བ་ཀུན་ལ་བདག་གིས་ལུས་བཏང་སྟེ། །དེ་བཏང་ཆོས་ཀྱང་བདག་གིས་སྤངས་བྱས་ན། །ཕྱི་རོལ་དངོས་ལ་བདག་གིས་ཆགས་བྱ་བ། །གླང་པོའི་ཁྲུས་བཞིན་བདག་ལ་རིགས་པ་མིན། །ཞེས་སོ། །དེ་ལྟར་བཏང་བའི་ཕན་ཡོན་མང་དུ་བསམས་ནས་བྲོད་པ་ཆེན་པོ་དང་། ཡོངས་སུ་བཟུང་བའི་ཉེས་དམིགས་བསམས་པའི་སྒོ་ནས་འཇིགས་པ་ཆེན་པོ་བསྐྱེད་ནུས་ན་གཏོང་བའི་བློ་ངང་གིས་སྐྱེའོ། །དེ་བཞིན་དུ་བྱམས་པ་དང་སྙིང་རྗེ་སྦྱང་བ་དང་རྒྱལ་བ་སྲས་བཅས་ཀྱི་རྣམ་པར་ཐར་པ་ལ་སོགས་པ་བསམས་པའི་མཐར་ཡང་གཏོང་སེམས་བསྐྱེད་པར་བྱའོ། །བསྐྱེད་ཚུལ་ནི། སྤྱོད་འཇུག་


JLD013_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལུས་དང་དེ་བཞིན་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཐམས་ཅད་ཀྱང༌། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །ཞེས་གསུངས་པ་ལྟར། ལུས་ལོངས་སྤྱོད་དགེ་རྩ་གསུམ་དམིགས་ཡུལ་དུ་བྱས་ནས་སེམས་ཅན་ཐམས་ཅད་ལ་བསམ་པས་གཏོང་བའོ། །དེ་ལྟར་བདོག་པ་ཐམས་ཅད་ལ་རང་གིར་འཛིན་པའི་སྲེད་པ་བཟློག་ནས། གཞན་ལ་གཏོང་བའི་སེམས་པ་ཡང་དང་ཡང་དུ་སྦྱོང་བ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཕར་ཕྱིན་བསྡུས་པ་ལས། འདི་དག་ཐམས་ཅད་ཁྱེད་ཀྱི་དངོས་ཡིན་ཏེ། །འདི་ལ་བདག་གི་ང་རྒྱལ་བདག་ལ་མེད། །དེ་འདྲ་རྨད་བྱུང་རྣམ་རྟོག་ཡང་དང་ཡང༌། །རྫོགས་པའི་སངས་རྒྱས་ཡོན་ཏན་རྗེས་འབྲང་བ། །གང་ལ་ཡོད་པ་བྱང་ཆུབ་སེམས་དཔའ་ཞེས། །སངས་རྒྱས་བསམ་གྱིས་མི་ཁྱབ་སྐྱེས་མཆོག་གསུང༌། །ཞེས་སོ། །ད་ལྟ་མོས་པ་མ་སྨིན་ཅིང་སྟོབས་ཆུང་བས་སེམས་ཅན་རྣམས་ལ་བསམ་པས་ལུས་བྱིན་ཟིན་ཀྱང་ཤ་ལ་སོགས་པ་དངོས་སུ་མི་སྟེར་མོད། འོན་ཀྱང་ལུས་སྲོག་གཏོང་བའི་བསམ་པ་མ་སྦྱངས་ན། གོམས་པ་མེད་པས་ད་གདོད་ཀྱང་ལུས་སྲོག་གཏོང་མི་ནུས་པར་བསླབ་བཏུས་ལས་གསུངས་པས་ད་ལྟ་ནས་བསམ་པ་སྦྱང་དགོས་སོ། །དེ་ལྟར་བསམ་པ་ཐག་པ་ནས་སེམས་ཅན་ལ་བཏང་བའི་ཟས་གོས་དང་གནས་ཁང་སོགས་ལ་སྤྱོད་པ་ན། གཞན་དོན་དུ་འདི་དག་སྤྱད་པར་བྱའོ་སྙམ་པའི་བསམ་པ་བརྗེད་ནས་རང་དོན་


JLD013_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྲེད་པས་སྤྱོད་ན་ཉོན་མོངས་ཅན་གྱི་ལྟུང་བ་དང༌། སྲེད་པ་ནི་མེད་ལ་སེམས་ཅན་ཐམས་ཅད་ལ་དམིགས་པའི་འདུ་ཤེས་འཇོག་པ་བརྗེད་པའམ་སེམས་ཅན་གཞན་ཞིག་གི་ཕྱིར་ཆགས་ན་ནི་ཉོན་མོངས་ཅན་མ་ཡིན་པའི་ལྟུང་བའོ། །གཞན་ལ་བསྔོས་པ་དེ་དག་ལ་གཞན་གྱི་རྫས་སུ་འདུ་ཤེས་ནས་རང་གི་ཕྱིར་སྤྱོད་ན་མ་བྱིན་ལེན་དུ་འགྱུར་ཞིང་རིན་ཐང་ཚང་ན་སོ་ཐར་གྱི་ཕམ་པར་འགྱུར་བར་བསླབ་བཏུས་ལས་གསུངས་སོ། །འདི་ལ་ཁ་ཅིག །སེམས་ཅན་ཐམས་ཅད་ལ་བསྔོས་པ་ཡིན་པས་སེམས་ཅན་གཅིག་ལ་རིན་ཐང་ཚང་བ་མི་སྲིད་པས་ཕམ་པ་མི་འོང་ཞེས་འདོད་ལ། གཞན་དག །སེམས་ཅན་རེ་རེ་ལའང་ཡོ་བྱད་རིལ་པོ་བསྔོས་པས་དེ་མི་འཐད་པར་སྨྲ་ཞིང༌། ལ་ལ། གཞན་ལ་བསྔོས་ཀྱང་དེས་བདག་ཏུ་བཟུང་བ་མེད་པས་ཕམ་པ་མེད་དོ་ཞེས་སྨྲའོ། །དགོངས་པ་ནི། མིའི་འགྲོ་བ་པ་ལ་བསམ་པ་ཐག་པ་ནས་བསྔོས་ཤིང་དེས་ཀྱང་དེ་རིག་ནས་བདག་ཏུ་བཟུང་བའི་སྐབས་སུ་གཞན་གྱི་ཡིན་པར་འདུ་ཤེས་ནས་རང་དོན་དུ་ལེན་པ་ལ་རིན་ཐང་ཚང་ན་ཕམ་པ་འོང་བས་དེ་ལ་དགོངས་སོ། །དེའི་ཕྱིར་སྡེ་པ་གཞན་གྱི་ལུགས་སུ་སྨྲ་བའང་མི་འཐད་དོ། །སེམས་ཅན་ཁོ་རང་གི་ལོངས་སྤྱོད་སྤྱད་ལ་ཁོའི་དོན་བྱའོ་སྙམ་ནས་སྤྱོད་ན་ཉེས་པ་མེད་དེ། བསླབ་བཏུས་ལས། བདག་པོ་དང་བཅས་པའི་ལོངས་སྤྱོད་རྣམས་ཀྱིས་བདག་པོ་དང་བཅས་པའི་ལུས་བསྲུང་ངོ་སྙམ་པས་སྤྱད་ན་ཉེས་པ་མེད་དེ། བྲན་རྟག་ཏུ་རྗེ་བོའི་ལས་བྱེད་པ་གང་གིས་འཚོ་བ་བདག་གི་རྫས་ཡོད་པ་ནི་མ་ཡིན་ནོ། །ཞེས་སོ། །གལ་ཏེ་ཡོ་བྱད་དེ་སེམས་


JLD013_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་བསྔོས་ཟིན་པས་དེས་མ་གནང་བར་སྤྱད་ན་ཉེས་པར་འགྱུར་རོ་སྙམ་ན། དེའི་སྐྱོན་མེད་དེ། དེ་ཉིད་ལས། ཤིན་ཏུ་རྗེ་བོའི་དོན་ལ་བརྩོན་པའི་བྲན་གྱིས་རྗེ་བོ་ན་བ་ལ་སོགས་པས་རྨྱ་བའི་བློ་ཅན་གྱིས་གནང་བ་མེད་པར་སྤྱད་ཀྱང་ཉེས་པ་མེད་དོ། །ཞེས་སོ། །དངོས་སུ་སེམས་ཅན་ལ་ཐམས་ཅད་མི་སྟེར་ན་བློས་བཏང་བ་དེ་བརྫུན་དུ་སྣང་བས། དེ་འདྲ་བ་ལ་སྙིང་པོ་མེད་དོ་སྙམ་དུ་མ་དད་པར་མི་བྱ་སྟེ། དེ་ཉིད་ལས། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཐད་དུ་འགའ་ཞིག་གིས་དེ་ཁོ་ན་མ་རིག་པར་མ་དད་པར་བྱ་བར་ནི་མི་རིགས་ཏེ། གཏོང་བའི་སེམས་ངོ་མཚར་ཆེན་པོ་ཅན་ཡོངས་སུ་ཤེས་པའི་ཕྱིར་རོ། །ཚུལ་འདི་ལ་ནི་འགའ་ཞིག་གིས་ཐེ་ཚོམ་བྱ་བར་མི་རིགས་སོ། །ཞེས་སོ། །གསུམ་པ་སྦྱིན་པའི་རབ་ཏུ་དབྱེ་བ་ལ་གསུམ། རྟེན་ཐམས་ཅད་ཀྱིས་ཇི་ལྟར་བྱ་བ་དང༌། རྟེན་སོ་སོ་ལ་ལྟོས་པའི་རབ་དབྱེ་དང༌། སྦྱིན་པ་རང་གི་ངོ་བོའི་རབ་ཏུ་དབྱེ་བའོ། །དང་པོ་ལ། དམ་པ་དྲུག་ལྡན་དུ་བྱ་བའི་རྟེན་དམ་པ་ནི། བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་སྟེ་དེས་ཀུན་ནས་བསླངས་ནས་བྱེད་པའོ། །དངོས་པོ་དམ་པ་ནི། སྤྱིར་སྦྱིན་པའི་དངོས་པོ་མ་ལུས་པ་སྤྱོད་པ་ཡིན་ལ་ཁྱད་པར་རྣམས་ལ་འཇུག་པ་ནའང་དེའི་བསམ་པ་མ་དོར་བ་ཡོད་དོ། །ཆེད་དུ་བྱ་བ་དམ་པ་ནི། སེམས་ཅན་ཐམས་ཅད་ལ་འཕྲལ་དུ་བདེ་བ་དང་ཕུགས་སུ་ཕན་པའི་ཕྱིར་དུ་གཏོང་བའོ། །ཐབས་མཁས་པ་དམ་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་ལ་གསུངས་ཏེ། ལས་དང་པོ་པས་ནི་ཆོས་རང་བཞིན་མེད་རྟོགས་ཀྱི་


JLD013_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས་ཟིན་པ་ལ་བྱའོ། །བསྔོ་བ་དམ་པ་ནི། བཏང་བའི་དགེ་བ་རྫོགས་བྱང་དུ་བསྔོ་བའོ། །རྣམ་པར་དག་པ་དམ་པ་ནི། ཉོན་མོངས་དང་ཤེས་སྒྲིབ་འགོག་པ་སྟེ་ཐེག་པ་ཆེན་པོ་བསྡུས་པ་ལས་བཤད་དོ། །ཕར་ཕྱིན་དྲུག་ལྡན་དུ་བྱ་བ་ནི། ཆོས་སྦྱིན་ལྟ་བུ་ཞིག་བྱེད་པ་ན་ཉན་རང་གི་ཡིད་བྱེད་སྡོམ་པའི་ཚུལ་ཁྲིམས་དང༌། རྣམ་མཁྱེན་གྱི་ཆོས་ལ་མོས་ཤིང་བཟོད་ལ་གཞན་གྱིས་གཤེ་བ་བཟོད་པ་དང༌། དེ་ཉིད་གོང་ནས་གོང་དུ་འཕེལ་བའི་ཕྱིར་འདུན་པ་བསྐྱེད་པའི་བརྩོན་འགྲུས་དང༌། ཐེག་དམན་དང་མ་འདྲེས་པའི་སེམས་རྩེ་གཅིག་པས་དགེ་བ་དེ་རྫོགས་བྱང་དུ་བསྔོ་བའི་བསམ་གཏན་དང༌། སྦྱིན་བྱ་སྦྱིན་བྱེད་ལེན་པ་པོ་རྣམས་ལ་སྒྱུ་མ་ལྟ་བུར་ཤེས་པའི་ཤེས་རབ་སྟེ་དྲུག་ཚང་བར་བྱས་ན་ཤིན་ཏུ་སྟོབས་ཆེ་སྟེ། དེ་དག་ནི་བརྒྱད་སྟོང་པའི་འགྲེལ་ཆེན་ལས་གསུངས་སོ། །གཉིས་པ་ནི། སྤྱིར་ཟང་ཟིང་གི་སྦྱིན་པ་ཁྱིམ་པའི་བྱང་སེམས་ཀྱིས་བྱེད་ལ་བྱང་སེམས་རབ་བྱུང་གིས་ཆོས་ཀྱི་སྦྱིན་པ་བྱ་བར་གསུངས་ཏེ། བྱང་སེམས་ཀྱི་སོ་སོར་ཐར་པ་ལས། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་ཁྱིམ་པ་གང་གིས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་ལས། ཤཱ་རིའི་བུ། རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་གིས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཞིག་བསྟན་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ། ཤཱ་


JLD013_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་བུ། དེ་བཞིན་གཤེགས་པས་ནི་རབ་ཏུ་བྱུང་བས་ནི་ཟང་ཟིང་གི་སྦྱིན་པ་བྱ་བར་མ་གནང་ངོ་། །ཞེས་སོ། །དེ་ཡང་ཐོས་པ་ལ་སོགས་པའི་བར་གཅོད་དུ་འགྱུར་བ་ལ་དགོངས་པར་བསླབ་བཏུས་སུ་གསུངས་ཏེ་རབ་བྱུང་གིས་ཟང་ཟིང་ཆེད་དུ་བསྒྲུབས་ནས་སྦྱིན་གཏོང་བྱེད་པ་བཀག་གི །རང་གི་དགེ་བའི་བྱ་བ་ལ་མི་གནོད་པར་སྔོན་གྱི་བསོད་ནམས་ཀྱི་མཐུས་མང་དུ་རྙེད་ན་ཟང་ཟིང་གཏོང་དགོས་པར་གསུངས་སོ། །ཤ༌ར་བའི་ཞལ་ནས་ཀྱང༌། ངས་ནི་ཁྱེད་ལ་གཏོང་བའི་ཕན་ཡོན་མི་བརྗོད་ཀྱི་འཛིན་པའི་ཉེས་དམིགས་བརྗོད་པ་ཡིན་གསུང་སྟེ། རབ་བྱུང་གིས་ཤ་ཐང་ཐང་དུ་ནོར་བཙལ་ཞིང་བསགས་ནས་ཚུལ་ཁྲིམས་ལ་རྨ་མང་དུ་ཕྱུང་སྟེ་སྦྱིན་པ་གཏོང་བ་ལ་མ་དགྱེས་པའི་གཏམ་མོ། །སྦྱིན་པའི་ངོ་བོའི་དབྱེ་བ་ལ་གསུམ་ལས། ཆོས་ཀྱི་སྦྱིན་པ་ནི། དམ་པའི་ཆོས་ཕྱིན་ཅི་མ་ལོག་པར་སྟོན་པ་དང་། བཟོ་ལ་སོགས་པ་འཇིག་རྟེན་གྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་སློབ་པ་རིགས་པར་སྟོན་པ་དང་། བསླབ་པའི་གཞི་འཛིན་དུ་འཇུག་པའོ། །མི་འཇིགས་པའི་སྦྱིན་པ་ནི། རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པ་མིའི་འཇིགས་པ་དང༌། སེང་གེ་དང་སྟག་དང་ཆུ་སྲིན་ལ་སོགས་པ་མི་མ་ཡིན་པའི་འཇིགས་པ་དང༌། ཆུ་དང་མེ་ལ་སོགས་པ་འབྱུང་བའི་འཇིགས་པ་ལས་སེམས་ཅན་ཡོངས་སུ་སྐྱོབ་པའོ། །ཟང་ཟིང་གི་སྦྱིན་པ་ལ་གཉིས། ཟང་ཟིང་དངོས་སུ་གཏོང་བའི་སྦྱིན་པ་དང༌། བསམ་པ་ཙམ་གྱི་སྦྱིན་པའོ། །དང་པོ་ལ་གསུམ། ཟང་ཟིང་གཏོང་བའི་


JLD013_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། གཏོང་བར་མ་ནུས་ན་ཇི་ལྟར་བྱ་བ། སྦྱིན་པའི་གེགས་ཀྱི་གཉེན་པོ་བསྟེན་པའོ། །དང་པོ་ལ་བཞི། གང་ལ་གཏོང་བའི་ཞིང༌། གང་གིས་གཏོང་བའི་བསམ་པ། ཇི་ལྟར་གཏོང་བའི་སྦྱོར་བ། གང་གཏོང་བའི་དངོས་པོའོ། །དང་པོ་ནི་བཅུ་སྟེ། རང་ལ་ཕན་འདོགས་པའི་མཛའ་བཤེས་དང་། གནོད་པ་བྱེད་པའི་དགྲ་བོ་དང་། ཕན་གནོད་གང་ཡང་མི་བྱེད་པའི་ཐ་མལ་པ་དང་། ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་ཅན་དང་ཚུལ་འཆལ་ལ་སོགས་པའི་སྐྱོན་ཅན་དང་། རང་ལས་དམའ་བ་དང་། རང་དང་མཉམ་པ་དང་། རང་ལས་ལྷག་པ་དང་། འབྱོར་ཞིང་སྐྱིད་པ་དང་། སྡུག་ཅིང་ཕོངས་པའོ། །བསམ་པ་ལ་གསུམ་ལས། བསམ་པ་ཇི་ལྟ་བུ་དང་ལྡན་པ་དགོས་པ་ནི། འདི་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཚོགས་སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱའོ་སྙམ་པ་དགོས་པ་ལ་དམིགས་པ་དང༌། དང་པོ་ནས་བྱང་ཆུབ་སེམས་དཔས་བདོག་པ་ཐམས་ཅད་སེམས་ཅན་ལ་བཏང་ཟིན་པས་བཅོལ་བ་ལེན་པ་ལྟར་གཏང་བར་བྱ་བའི་རང་གི་རྫས་ལ་གཞན་གྱི་ཡིན་ནོ་སྙམ་པ་དངོས་པོ་ལ་དམིགས་པ་དང༌། སློང་བ་དང་མི་སློང་བའི་ཞིང་རྣམས་ལ་འདི་དག་བདག་གི་སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱེད་པས་བདག་གི་དགེ་བའི་བཤེས་སོ་སྙམ་པ་ཞིང་ལ་དམིགས་པ་སྟེ་བསམ་པ་གསུམ་དང་ལྡན་པ་དགོས་ཏེ། ཕར་ཕྱིན་བསྡུས་པ་ལས། སློང་བ་མངོན་དུ་འོངས་ན་རྒྱལ་སྲས་དེས། །རྫོགས་པའི་བྱང་ཆུབ་ཚོགས་ནི་སྤེལ་བའི་ཕྱིར། །དེས་གཞན་འདུ་ཤེས་བདག་ལ་བཞག་བྱས་ཤིང༌། །དགེ་བའི་བཤེས་


JLD013_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་འདུ་ཤེས་དེ་ལ་བསྐྱེད། །ཅེས་སོ། །དངོས་པོ་རེ་རེ་གཏོང་བ་ལ་དགོས་པ་འདི་དང་འདིའི་ཕྱིར་གཏང་བར་བྱའོ་སྙམ་པའི་དགོས་པ་ལ་དམིགས་པའི་བསམ་པ་རྒྱས་པར་ནི་ལག་བཟང་གིས་ཞུས་པ་དང་ཕར་ཕྱིན་བསྡུས་པ་ལས་ཤེས་པར་བྱའོ། །སྔར་བཤད་པའི་ཞིང་ལ་དམིགས་པའི་བསམ་པ་ནི་ཐམས་ཅད་ལ་བྱ་དགོས་པས་སྤྱིའི་བསམ་པ་ཡིན་ལ། བསམ་པ་བྱེ་བྲག་པ་ནི། གནོད་པ་བྱེད་པ་ལ་བྱམས་པའི་སེམས་དང་། སྡུག་བསྔལ་བ་ལ་སྙིང་རྗེའི་བསམ་པ་དང་། ཡོན་ཏན་ཅན་ལ་དགའ་བའི་བསམ་པ་དང་། ཕན་འདོགས་པ་རྣམས་ལ་བཏང་སྙོམས་ཀྱི་བསམ་པ་བཞག་ནས་སྦྱིན་པར་བྱ་བའོ། །ཞིང་རྣམས་ལའང་སེམས་སྙོམས་པར་བྱ་དགོས་ཤིང་། སྦྱིན་པ་བཏང་བའི་དགེ་བའི་འབྲས་བུ་ཡང་སློང་བ་པོ་ལ་སོགས་པའི་སེམས་ཅན་ལ་གཏོང་བ་དང་། ཁྱད་པར་དུ་སྡུག་བསྔལ་བའི་ཞིང་ལ་བརྩེ་བར་བྱ་སྟེ། ཟླ་བ་གྲགས་པས། སྦྱིན་གང་སེར་སྣ་དང་བྲལ་བ། །སྣོད་དམ་སྣོད་མིན་དེ་དག་ལ། །མཉམ་པར་སེམས་སྙོམས་པས་གཏོང་བའི། །སྦྱིན་དེ་སྦྱིན་པ་པོ་ལས་དག །བརྩེ་བས་སྦྱིན་དང་སྦྱིན་པའི་འབྲས། །གཉིས་ཀའང་ཅིག་ཅར་དོན་གཉེར་ལ། །གཏོང་བའི་སྦྱིན་གང་སེར་སྣ་མེད། །དེ་ནི་དམ་པ་རྣམས་ཀྱིས་བསྔགས། །ཞེས་པ་དང༌། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས་ཀྱང༌། གང་ཞིག་སྐྱེ་བ་དམན་དང་ཕོངས་པ་རེ་བའི་བསམ་ལྡན་མཐོང་ན་ཡང༌། །བརྩེ་མེད་འབྲས་བུ་འདོད་པས་སྣོད་གཞན་ཡོན་ཏན་དག་དང་ལྡན་འཚོལ་བ། །བསམ་བརླག་


JLD013_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སྦྱིན་པ་བྱེད་ཀྱང་སློང་བ༌དག་དང་མཚུངས་སོ་ཞེས། །དེ་སླད་ཁྱོད་ནི་ཐུགས་རྗེས་སློང་བ་རྣམས་ལ་སྦྱིན་པར་བཞེད་ལ་ཞུགས། །ཞེས་སོ། །བསམ་པ་ཅི་འདྲ་བ་སྤངས་པ་དགོས་པ་ལ། ལྟ་ངན་མཆོག་ཏུ་འཛིན་པའི་བསམ་པ་མེད་པ་ནི། སྦྱིན་པ་ལ་འབྲས་བུ་མེད་དོ་སྙམ་པ་དང་། གནོད་འཚེའི་སྦྱིན་པས་ཆོས་སུ་འགྱུར་རོ་སྙམ་པ་དང་། དགེ་མཚན་དང་བཀྲ་ཤིས་དང་སྦྱར་ཏེ་སྦྱིན་པ་དང་སྦྱིན་པ་རྫོགས་པ་ཙམ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆགས་བྲལ་དུ་འགྱུར་རོ་སྙམ་ནས་མི་སྦྱིན་པའོ། །ཁེངས་པའི་བསམ་པ་མེད་པ་ནི། སློང་བ་པོ་ལ་བརྙས་པ་དང་། གཞན་ལ་འགྲན་པ་དང་། བྱིན་ནས་ཀྱང་བདག་ནི་གཏོང་ཕོད་པ་ཡིན་གྱི་གཞན་ནི་དེ་ལྟ་མིན་ནོ་ཞེས་རློམ་སེམས་སུ་མི་བྱེད་པའོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ཀྱང༌། སོ་སོ་སྐྱེ་བོ་རྣམས་སྦྱིན་པ་གཏོང་བའི་ཚེ་སེར་སྣ་ཅན་རྣམས་ལ་མི་དད་པར་བྱེད་ཅིང་། དེས་ཀྱང་ཁོང་ཁྲོ་བསྐྱེད་ནས་དམྱལ་བར་འགྲོ་བས་སྦྱིན་པ་ལ་སྒྲིབ་པར་གསུངས་པ་དང༌། ཚུལ་ཁྲིམས་བསྲུང་བའི་ཚེ་ཡང་ཚུལ་འཆལ་ལ་མི་སྙན་པ་སྨྲས་པས་སྐྱེ་བོ་མང་པོ་མི་དད་པར་བྱེད་ཅིང་མ་དད་པ་དེས་ངན་འགྲོར་ལྟུང་བ་དང༌། བཟོད་པ་སོགས་ལ་གནས་ནས་དེ་དག་གི་མི་མཐུན་ཕྱོགས་ལ་གནས་པ་ལ་མི་བསྔགས་པ་བརྗོད་པའི་ཚུལ་ཁྲིམས་ལ་སོགས་པ་སྒྲིབ་པའོ། །ཞེས་བཤད་དོ། །དེས་ན་ཡོན་ཏན་མཐའ་ཡས་པར་བསྟོད་པ་ནས་འབྱུང་བ་ལྟར་བྱ་སྟེ། ཁྱོད་ཀྱིས་ཐོས་དང་བློ་གྲོས་ཆེ་བའི་ཚེ་ན་བདག་བསྟོད་མ་མཛད་ལ། །འགྲོ་བ་ཡོན་ཏན་ཆུང་བ་གཞན་རྣམས་


JLD013_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ནི་མཐོན་པོར་བཀུར་བར་གྱུར། །ཡོན་ཏན་ཚོགས་ལ་གནས་ཚེ་ཉིད་ཀྱི་སྤྱོད་པ་ཉེས་པ་ཆུང་ངུའང་བཟུང༌། །ཞེས་པ་ལྟར་རོ། །རྟེན་པའི་བསམ་པ་མེད་པ་ནི། སྙན་གྲགས་འོང་དུ་རེ་ནས་སྦྱིན་པ་མིན་པའོ། །ཞུམ་པའི་བསམ་པ་མེད་པ་ནི། སྟེར་བའི་སྔོན་ནས་ཀྱང་ཡིད་དགའ་ཞིང་སྦྱིན་པའི་ཚེ་དང་བར་བྱེད་ལ་བྱིན་ནས་ཀྱང་འགྱོད་པ་མེད་པ་དང༌། བྱང་སེམས་ཀྱི་སྦྱིན་པ་ཤིན་ཏུ་རྒྱ་ཆེ་བ་རྣམས་ཐོས་ནའང་ཡིད་ཞུམ་པར་མི་བྱེད་ཅིང་བདག་ལ་ཁྱད་དུ་གསོད་པར་མི་བྱེད་པར་སྤྲོ་བ་སྤེལ་བའོ། །རྒྱབ་ཀྱིས་ཕྱོགས་པའི་བསམ་པ་མེད་པ་ནི། དགྲ་གཉེན་ཐ་མལ་པ་རྣམས་ལ་ཕྱོགས་རིས་མེད་པར་སྙོམས་པའི་སྙིང་རྗེས་སྦྱིན་པའོ། །ལན་ལ་བལྟ་བའི་བསམ་པ་མེད་པ་ནི། ཕ་རོལ་པོས་ཕན་འདོགས་སུ་རེ་ནས་གཏོང་བ་མིན་པ་སྟེ། སྐྱེ་བོ་རྣམས་བདེ་བས་ཕོངས་པ་དང་སྲེད་པའི་མེས་ཚིག་པ་དང་སྡུག་བསྔལ་སེལ་བའི་མཐུ་མེད་པ་དང་རང་བཞིན་གྱིས་སྡུག་བསྔལ་བར་མཐོང་བའི་ཕྱིར་རོ། །རྣམ་སྨིན་ལ་བལྟ་བའི་བསམ་པ་མེད་པ་ནི། ཕྱི་མ་ལ་ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པའི་རྣམ་སྨིན་ལ་རེ་བ་མེད་དེ། འདུ་བྱེད་ཐམས་ཅད་ནི་སྙིང་པོ་མེད་པ་དང་བླ་ན་མེད་པའི་བྱང་ཆུབ་ལ་ཕན་ཡོན་དུ་མཐོང་བའི་ཕྱིར་རོ། །གནས་སྐབས་སུ་འབྲས་བུ་དེ་དག་ལ་རེ་བ་འགོག་པ་མིན་གྱི། སྲིད་པའི་ལུས་དང་ལོངས་སྤྱོད་ཙམ་ལ་ཐོབ་བྱར་འཛིན་པ་འགོག་པའོ། །གཞན་ཡང་སྦྱིན་པ་བཏང་ན་རྒྱལ་པོ་སོགས་ཀྱིས་གཏོང་ཕོད་ཅན་དུ་ཤེས་ནས་བཀུར་སྟི་བྱུང་ན་སྙམ་དུ་


JLD013_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་འཚོའི་བསམ་པ་མེད་པ་དང༌། དབུལ་པོར་འགྱུར་དུ་དོགས་ནས་མི་སྦྱིན་པ་དང༌། སློང་བ་པོ་ལ་བསླུ་བའི་བསམ་པ་དང་ཡིད་མི་དགའ་བ་དང་ཁྲོས་པ་དང་སེམས་རྣམ་པར་གཡེངས་པ་མེད་པ་དང༌། སློང་བ་པོའི་ལོག་སྒྲུབ་སྣ་ཚོགས་ཀྱིས་སྐྱོ་བ་མེད་པ་དང་རང་བསླུ་བ་ལ་སོགས་པའི་སློང་བ་པོའི་སྐྱོན་མཐོང་ཡང་གཞན་ལ་སྒྲོག་པའི་བསམ་པ་མེད་པ་དང༌། གཞན་གྱིས་ཁ་དྲང་དུ་མི་ཐུབ་པར་སྦྱིན་པ་སོ་སོ་ལས་འབྲས་བུ་སོ་སོ་འབྱུང་བར་ཡིད་ཆེས་ནས་སྦྱིན་པའོ། །ཇི་ལྟར་གཏོང་བའི་སྦྱོར་བ་ལ་གཉིས་ལས། སྦྱོར་བ་ཇི་འདྲ་བས་མི་གཏོང་བ་ནི། མྱུར་པོར་མི་སྟེར་བར་བསྒྱངས་ཏེ་སྟེར་བ་དང༌། ཉོན་མོངས་པར་བྱས་ནས་དེ་ནས་སྟེར་བ་དང༌། ཆོས་སམ་འཇིག་རྟེན་གྱི་ཚུལ་དང་མི་མཐུན་པའི་ལས་བྱེད་དུ་བཅུག་ནས་སྟེར་བ་དང༌། སྔར་འདི་ཙམ་སྟེར་རོ་ཞེས་དམ་བཅས་པ་ལས་ཕྲི་ནས་ངན་པའམ་ཉུང་ངུ་སྟེར་བ་དང༌། དྲིན་བགྲང་གིན་སྟེར་བ་དང༌། དུས་གཅིག་ཏུ་བྱིན་པས་ཆོག་པ་ལ་བསྲིས་ཏེ་ཉུང་ངུ་ནས་སྟེར་བ་དང་། རྒྱལ་པོར་གྱུར་པ་ན་གཞན་གྱི་བུ་དང་ཆུང་མ་ཕྲོགས་ཏེ་སྟེར་བ་དང༌། ཕ་མ་དང་བྲན་ལ་སོགས་པའི་ཡོ་བྱད་ནན་གྱིས་བླངས་ཏེ་གཞན་ལ་སྟེར་བ་དང༌། གཞན་ལ་གནོད་པར་འགྱུར་བའི་ཐབས་ཀྱིས་སྦྱིན་པ་གཏོང་བ་དང༌། རང་ཉིད་སྙོམས་ལས་སུ་བསྡད་དེ་གཞན་ལ་བྱེད་དུ་འཇུག་པ་དང༌། སློང་བ་ལ་སྨོད་པས་འཕྱ་བ་དང་ཟུར་གྱིས་སྨོད་པའི་བསྟིང་བ་དང་ངག་རྩུབ་པོས་སྤ་བཀོང་བར་བྱས་ནས་སྟེར་བ་དང༌། སངས་རྒྱས་ཀྱིས་བཅས་པའི་བསླབ་


JLD013_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འགལ་བར་བྱས་ཏེ་སྟེར་བ་དང༌། ལོངས་སྤྱོད་འཕྲལ་ལ་ཇི་ལྟར་བྱུང་བ་བཞིན་དུ་མི་གཏོང་བར་ཡུན་རིང་པོར་བསགས་ནས་སྟེར་བ་ནི་སྤང་བར་བྱ་བའི་སྦྱོར་བ་ཡིན་པས་དེ་དག་དོར་བར་བྱའོ། །དེ་ཡང་བྱང་སེམས་ཀྱིས་བསགས་པའི་སྦྱིན་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་དང་། ལོངས་སྤྱོད་ཇི་ལྟར་བྱུང་བ་བཞིན་དུ་སྦྱིན་པ་ནི་ཁ་ན་མ་ཐོ་བ་མེད་པར་མཐོང་སྟེ། འདི་ལྟར་བསགས་ནས་དུས་གཅིག་ཏུ་གཏོང་བ་ལ་བསོད་ནམས་ལྷག་པ་མེད་པ་དང༌། གསོག་པའི་རིང་ལ་ཡོ་བྱད་སློང་བ་དུ་མ་ཞིག་ཕྱིར་བཟློག་སྟེ་ཀུན་ནས་མནར་སེམས་བསྐྱེད་ནས་ད་གདོད་མ་བླངས་པ་ཁ་ཅིག་ལ་སྟེར་བའི་ཕྱིར་རོ། །དེ་ལྟར་བྱང་སར་གསུངས་པ་འདི་གལ་ཆེ་སྟེ། དེའི་རིང་ལ་སེར་སྣ་ལ་སོགས་པའི་ཉོན་མོངས་དུ་མ་བསྐྱེད་པ་དང་། བསྲུང་བ་ལ་སོགས་པའི་ཚོགས་ཀྱིས་དགེ་བའི་བྱ་བ་མང་པོའི་བར་གཅོད་དུ་འགྱུར་བ་དང༌། ཕལ་ཆེར་བར་སྐབས་སུ་བརླག་པར་འགྱུར་བས་མཐའི་སྦྱིན་པའང་མི་འགྲུབ་པར་མཐོང་བའི་ཕྱིར་རོ། །སྦྱོར་བ་ཇི་ལྟ་བུས་བཏང་བ་ནི། བཞིན་གྱི་མདངས་གསལ་ཞིང་འཛུམ་པ་སྔར་བྱེད་ལ་གསོང་པོར་སྨྲ་བ་དང་ལྡན་པས་ཞིང་ཅི་འདྲ་ཞིག་ལའང་གུས་པ་དང་རང་གི་ལག་གིས་དང་དུས་སུ་དང་གཞན་ལ་མི་གནོད་པ་དང་དཀའ་སྤྱད་ཀྱི་སྡུག་བསྔལ་བསྲན་ནས་སྦྱིན་པའོ། །དེ་དག་གི་འབྲས་བུ་ནི། བདེན་པ་པོའི་ལེའུ་ལས། རིམ་གྲོར་བགྱིས་ཏེ་བསྩལ་བས་ནི་གཉེན་ལ་སོགས་པས་རིམ་གྲོ་བགྱིད་པར་འགྱུར། ལག་བདར་ཏེ་བསྩལ་བས་ནི་


JLD013_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་བ་ཐོབ་པར་འགྱུར། དུས་སུ་བསྩལ་བས་ནི་དོན་རྣམས་དུས་སུ་འགྲུབ་པར་འགྱུར། ཞེས་དང༌། གཞན་ལ་མི་གནོད་པར་བསྩལ་བས་ནི་ལོངས་སྤྱོད་བརྟན་པ་དག་འཐོབ་པར་འགྱུར། མི་བདེ་བ་བཟོད་པས་བསྩལ་བས་ནི་འཁོར་སྙིང་ཉེ་བར་འགྱུར། ཞེས་གསུངས་པ་ལྟར་རོ། །མཛོད་ལས་ལག་བདར་ཏེ་བྱིན་པས་ལོངས་སྤྱོད་རྒྱ་ཆེན་པོ་རྙེད་པར་གསུངས་སོ། །ལོངས་སྤྱོད་བརྟན་པས་ནི་ལོངས་སྤྱོད་ལ་གཞན་གྱིས་བར་དུ་མི་ཆོད་ཅིང་མེ་ལ་སོགས་པས་མེད་པར་མི་འགྱུར་བར་མཛོད་འགྲེལ་ནས་བཤད་པ་ལྟར་རོ། །གཞན་ཡང་གཞན་གྱི་སྦྱིན་པའི་གྲོགས་བྱེད་པའི་སྦྱོར་བ་ནི། རང་ལ་ཡོ་བྱད་ཡོད་ན་སེར་སྣ་ཅན་ལན་འགའ་ཡང་སྦྱིན་པ་གཏོང་མ་མྱོང་བ་རྣམས་ཀྱི་ཁྱིམ་དུ་སོང་ནས་མགུ་ཞིང་བག་ཕེབས་པར་བྱས་ཏེ། འདི་སྐད་དུ་ངའི་གན་ན་ཡོ་བྱད་རྒྱ་ཆེན་པོ་ཡོད། དེང་སྦྱིན་པའི་ཕར་ཕྱིན་རྫོགས་པའི་ཕྱིར་དུ་སློང་བ་པོ་འདོད་པས། ཁྱེད་སློང་བ་དང་ཕྲད་ན་བཟློག་སྟེ་མ་གཏོང་བར་ཡང་ན་ངའི་ནོར་ལས་ལོངས་ལ་དེ་དག་ལ་བྱིན་ཅིག །ཡང་ན་དེ་ངའི་ཐད་དུ་ཁྲིད་དེ་ཤོག་ཅིག །ངའི་སྦྱིན་པ་ལ་ཡི་རང་བའང་གྱིས་ཤིག་ཅེས་བསྒོའོ། །དེས་ཀྱང་ནོར་གོད་པ་མེད་ཅིང་དགའ་བས་དེ་བཞིན་དུ་བྱེད་དོ། །དེ་ལྟར་ན་དེ་དག་ལ་སེར་སྣའི་དྲི་མ་བསལ་བའི་ས་བོན་བཏབ་པ་ཡིན་ཏེ། རིམ་གྱིས་གོམས་པ་ལས་རང་ཉིད་ཀྱིས་ཀྱང་ནོར་ཉུང་ངུ་སྟེར་ཞིང་མ་ཆགས་པ་ཆུང་ངུ་ལ་བརྟེན་ནས་འབྲིང་དང་དེ་ལ་བརྟེན་ནས་ཆེན་པོ་འཐོབ་བོ། །དེ་བཞིན་དུ་རང་གི་མཁན་སློབ་དང་སློབ་མ་དང་གྲོགས་


JLD013_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བརྐམ་ཆགས་ཅན་གཏོང་མི་ནུས་པའམ་དེ་མིན་ཀྱང་ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་བྱིན་ཏེ་དཀོན་མཆོག་གསུམ་ལ་སྦྱིན་པ་བྱེད་དུ་འཇུག་ཅིང་རང་ཉིད་མི་བྱེད་དོ། །འདིས་ནི་རང་གི་བསོད་ནམས་ཤིན་ཏུ་མང་པོ་བསྐྱེད་ལ། གཞན་ཁ་ཅིག་གི་ཉོན་མོངས་བཏུལ་བ་དང་། ཁ་ཅིག་གི་ཆོས་འདོད་པ་རྫོགས་པར་བྱས་པ་དང་། སེམས་ཅན་བསྡུས་པ་དང་སྨིན་པར་བྱས་པར་ཡང་འགྱུར་རོ། །དེ་བཞིན་དུ་རང་ལ་ཡོ་བྱད་མེད་ན་བཟོ་དང་ལས་ཀྱི་གནས་ཀྱིས་ནོར་བསྒྲུབས་ཏེ་སྟེར་བ་དང༌། ཡང་ན་དབུལ་པོ་དང་སེར་སྣ་ཅན་རྣམས་ཀྱང་སྦྱིན་འདོད་པའི་ཆོས་ཀྱི་གཏམ་གཞན་ལ་བྱེད་དོ། །ཡང་ན་སློང་བ་བྱུང་བ་རྣམས་དད་པ་ཅན་འབྱོར་པ་དང་ལྡན་པའི་ཁྱིམ་དུ་གཏོང་བ་དང་རང་ཡང་དེར་སོང་ནས་ཅི་ནུས་ཀྱིས་སྦྱིན་པ་གཏོང་བའི་གྲོགས་བྱེད་དོ། །གཞན་ཡང་སྦྱིན་བྱའི་རྫས་རྣམས་ལ་འདམས་ཏེ་བཟང་རིམ་ནས་སྟེར་བ་དང་སྦྱིན་པར་བྱ་བའི་རྫས་བཤམས་པ་རྣམས་ཡོངས་སུ་རྫོགས་པར་སྦྱིན་པར་བྱེད་དོ། །དངོས་པོ་ལ་གཉིས། གཏོང་བ་དང་མི་གཏོང་བའི་དངོས་པོ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དངོས་པོ་གང་བཏང་བ་དེས་འཕྲལ་དུ་ངན་འགྲོའི་རྒྱུ་དང་བྲལ་བའི་ཚོར་བ་བདེ་བ་བསྐྱེད་ལ། ཕུགས་སུ་ཕན་པ་སྡིག་སྤོང་བའམ་དགེ་བ་ལ་འགོད་པ་དང་འཕྲལ་དུ་བདེ་བར་མི་འགྱུར་ཡང་ཕུགས་སུ་ཕན་ན་ནི་བྱང་སེམས་ཀྱིས་གཞན་ལ་གཏང་བར་བྱ་ལ། གང་བཏང་བ་དེས་འཕྲལ་དུ་གདུང་བ་བསྐྱེད་ལ་ཕུགས་སུ་གནོད་པར་


JLD013_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང་འཕྲལ་བདེ་ཡང་ཕུགས་སུ་གནོད་ན་གཞན་ལ་གཏང་བར་མི་བྱའོ། །གཉིས་པ་ལ། ནང་གི་དངོས་པོ་གཏོང་མི་གཏོང་དང༌། ཕྱིའི་དངོས་པོ་གཏོང་མི་གཏོང་རྒྱས་པར་བཤད་པའོ། །དང་པོ་ནི། ནང་གི་དངོས་པོ་མི་གཏོང་བའི་ཚུལ་ཤེས་ན་དེ་ལས་ལྡོག་པ་རྣམས་གཏང་བྱར་ཤེས་པས་ཐོག་མར་མི་གཏོང་བའི་ཚུལ་བཤད་པར་བྱའོ། །འདི་ལ་གསུམ་ལས། དུས་ཀྱི་སྒོ་ནས་གཏང་དུ་མི་རུང་བ་ནི། བྱང་སེམས་ཀྱིས་དང་པོ་ནས་ལུས་ལ་སོགས་པ་སེམས་ཅན་ལ་བསམ་པ་ཐག་པ་ནས་བཏང་མོད་ཀྱང༌། ལུས་ཀྱི་ཤ་ལ་སོགས་པ་སློང་བའི་དཀའ་སྤྱད་ཀྱིས་ཡིད་འབྱུང་བར་མི་འགྱུར་བའི་སྙིང་རྗེ་ཆེན་པོའི་བསམ་པ་མ་རྒྱས་ཀྱི་བར་དུ་སློང་ཡང་གཏང་བར་མི་བྱ་སྟེ། བསླབ་བཏུས་ལས། གང་གིས་སྐྱོ་བར་འགྱུར་བའི་བརྩོན་འགྲུས་དེ་ཅི་འདྲ་བ་ཞིག་ཡིན་ཞེ་ན། གང་འདི་སྟོབས་ཆུང་བ་ལས་ལྕི་བའམ་དུས་ཡུན་རིང་པོར་རྩོམ་པའམ་མོས་པ་ཡོངས་སུ་མ་སྨིན་པ་རྣམས་བྱ་དཀའ་བའི་ལས་རྣམས་རྩོམ་པ་སྟེ། དཔེར་ན་རང་གི་ཤ་སྦྱིན་པ་ལ་སོགས་པ་ལྟ་བུའོ། །འདིས་སེམས་ཅན་རྣམས་ལ་ལུས་བྱིན་ཟིན་མོད་ཀྱི། འོན་ཀྱང་དུས་མ་ཡིན་པར་ཡོངས་སུ་སྤྱོད་པ་ལས་ལྡོག་པར་ཟད་དེ། གཞན་དུ་ན་སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་སྐྱོ་བར་གྱུར་པས་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ཆུད་ཟ་བའི་ཕྱིར། འབྲས་བུའི་ཕུང་པོ་ཆེན་པོ་ཆུད་ཟ་བར་འགྱུར་རོ། །དེའི་ཕྱིར་འཕགས་པ་ནམ་མཁའི་མཛོད་ཀྱི་མདོ་ལས། དུས་མ་ཡིན་པར་འདོད་པ་ནི་བདུད་ཀྱི་


JLD013_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སོ། །ཞེས་གསུངས་སོ། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། སྙིང་རྗེའི་བསམ་པ་མ་དག་པར། །ལུས་ནི་གཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དག་ཏུ། །དོན་ཆེན་བསྒྲུབ་པའི་རྒྱུར་བཏང་ངོ་། །ཞེས་སོ། །དགོས་པའི་སྒོ་ནས་གཏང་དུ་མི་རུང་བ་ནི། དགོས་པ་ཕྲན་ཚེགས་ཀྱི་ཕྱིར་དུ་ལུས་མི་གཏང་སྟེ། དེ་ཉིད་ལས། དམ་པའི་ཆོས་ནི་སྤྱོད་པའི་ལུས། །ཕྲན་ཚེགས་ཆེད་དུ་གནོད་མི་བྱ། །དེ་ལྟར་བྱས་ན་སེམས་ཅན་གྱི། །བསམ་པ་མྱུར་དུ་རྫོགས་པར་འགྱུར། །ཞེས་སོ། །རང་ངོས་ནས་སེར་སྣ་ལ་སོགས་པ་སྦྱིན་པའི་གེགས་དང་བྲལ་ཞིང་གཞན་ངོས་ནས་ལུས་མ་བཏང་ན་སེམས་ཅན་མང་པོའི་དོན་འགྲུབ་པའི་དགོས་པ་ཆེ་བའི་ཚེ། ཡན་ལག་ལ་སོགས་པ་སློང་ཡང་མི་སྦྱིན་ལ། སྲོག་གཅོད་སོགས་གཞན་དང་རང་ལ་གནོད་པའི་ཉེས་སྤྱོད་བྱེད་དུ་གཞུག་པའི་ཕྱིར་དུ་སློང་ན་ནི་རེ་ཞིག་ཙམ་ཡང་རང་ཉིད་གཞན་ལ་སྦྱིན་པར་མི་བྱའོ། །སློང་བ་པོའི་སྒོ་ནས་སྦྱིན་དུ་མི་རུང་བ་ནི། བདུད་རིས་ཀྱི་ལྷ་དང་དེས་བརླམས་པའི་སེམས་ཅན་གྱིས་མཐོ་བཙམས་པའི་བསམ་པས་ཡན་ལག་ལ་སོགས་པ་སློང་ན་མི་སྦྱིན་ཏེ། དེ་དག་ཉིད་ལ་གནོད་པའི་ཕྱིར་རོ། །སྨྱོན་པ་དང་སེམས་འཁྲུགས་པ་རྣམས་ཀྱིས་སློང་ནའང་མི་སྟེར་ཏེ། འདི་དག་ནི་བསམ་པ་ཐག་པ་ནས་སློང་བ་མ་ཡིན་གྱི། བླ་བརྡོལ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་དག་ནི་མ་བྱིན་ན་ལྟུང་བ་མེད་པར་མ་ཟད་ཀྱི། བྱིན་ན་ལྟུང་བར་འགྱུར་བའོ། །དེ་དག་མ་གཏོགས་པའི་སྐབས་སུ་ལུས་སློང་བ་


JLD013_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱིན་པར་བྱ་སྟེ། དེ་ཡང་ཡན་ལག་ལ་སོགས་པ་གསེས་ནས་གཏན་དུ་སྦྱིན་པ་དང་། གཞན་གྱི་ཆོས་ལྡན་གྱི་དགོས་པ་སྒྲུབ་པའི་ཕྱིར་བྲན་དུ་འགྲོ་བ་སོགས་གནས་སྐབས་དབང་བྱར་སྦྱིན་པ་གཉིས་སོ། །ཕྱིའི་དངོས་པོ་གཏོང་མི་གཏོང་རྒྱས་པར་བཤད་པ་ལ་གཉིས། ཕྱིའི་དངོས་པོ་མི་གཏོང་བའི་ཚུལ་དང༌། ཕྱིའི་དངོས་པོ་གཏོང་བའི་ཚུལ་ལོ། །དང་པོ་ལ་ལྔ་ལས། དུས་ཀྱི་སྒོ་ནས་སྦྱིན་དུ་མི་རུང་བ་ནི། དཔེར་ན་རབ་བྱུང་དང་བསྙེན་གནས་ཅན་ལ་ཕྱི་དྲོའི་ཁ་ཟས་སྟེར་བ་ལྟ་བུའོ། །སྦྱིན་བྱའི་ཡུལ་གྱི་སྒོ་ནས་སྦྱིན་དུ་མི་རུང་བ་ནི། སྡོམ་བརྩོན་ཅན་ལ་ཟས་སྐོམ་ལྷག་མར་གྱུར་པ་སྟེར་བ་དང༌། བཤང་གཅི་དང་མཆིལ་སྣབས་དང་སྐྱུག་པ་དང་རྣག་ཁྲག་གིས་འབགས་ཤིང་གོས་པའི་བཟའ་བཏུང་སྟེར་བ་དང༌། སྒོག་བཙོང་དང་ཤ་མི་ཟ་ཞིང་ཆང་མི་འཐུང་བ་དང་དེ་དག་ལ་བཟའ་བཏུང་བྱེད་པར་འདོད་ཀྱང་དེ་དག་ལ་ལོངས་སྤྱོད་དུ་མི་རུང་བའི་སྡོམ་པ་དང་ལྡན་པ་ལ་སྒོག་པ་ལ་སོགས་པ་དང་དེ་དག་གིས་འབགས་པ་སྟེར་བ་དང༌། གཏོང་བ་ལ་ལེགས་པར་བརྡའ་སྤྲད་ཅིང་དགའ་བར་གྱུར་ཀྱང་མི་མཛའ་བ་དང་གནོད་སྦྱིན་དང་སྲིན་པོ་རྣམས་དང་དྲག་ཤུལ་གྱིས་གནོན་པའམ་བྱས་པ་མི་གཟོ་བ་བརྗེད་ངས་པ་རྣམས་ཀྱིས་སློང་བ་ལ་བུ་དང་བྲན་ལ་སོགས་པ་སྟེར་བ་དང༌། བཟའ་བཏུང་མི་འཕྲོད་པ་དང་འཕྲོད་ཀྱང་ཚོད་མི་ཟིན་པར་སློང་བའི་ནད་པ་ལ་དེ་དག་སྟེར་བ་དང༌། ཧ་ཅང་སྲེད་པ་ཆེ་ཞིང་འགྲངས་པས་ཁ་ཟས་བསོད་པ་སློང་བ་ལ་དེ་དག་སྟེར་བ་དང༌། མུ་སྟེགས་ཅན་


JLD013_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཀླན་ཀ་ཚོལ་བ་དང་གླེགས་བམ་གྱི་དོན་ཤེས་པར་འདོད་པ་མ་ཡིན་པ་ནོར་གྱི་འདུ་ཤེས་ཅན་གྱིས་སློང་བ་ལ་གླེགས་བམ་སྟེར་བ་ལྟ་བུའོ། །བྱང་སར་དེ་ལྟར་གསུངས་པ་འདི་རྒྱས་པར་བྱང་སའི་རྣམ༌པར་གཏན་ལ་དབབ་པ་བསྡུ་བ་ལས་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། ཇི་སྐད་དུ། གལ་ཏེ་ཆོས་ཀྱི་གླེགས་བམ་བྲིས་ཟིན་པ་སློང་མོ་བ་བྱིས་པའི་ཤེས་རབ་ཅན་རྣམས་ལ་སྦྱིན་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །དེ་དག་ལ་སྦྱིན་པའི་ཕྱིར་གཞན་དག་ལ་སློང་བར་བྱེད་ན་ཡང་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །གལ་ཏེ་བདག་གིས་འདི་ཆོས་ཟབ་མོ་རྣམས་འཛིན་དུ་གཞུག་པ་དང་མོས་པར་བྱ་ནུས་སོ་སྙམ་པ་དེ་ལྟ་བུ་ཁོ་ནའི་སེམས་ཀྱིས་སྦྱིན་པར་བྱེད་ན་ནི་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་དམ་པའི་ཆོས་ལྟར་བཅོས་པའི་གླེགས་བམ་མམ་མུ་སྟེགས་ཅན་གྱི་བསྟན་བཅོས་ཀྱི་གླེགས་བམ་ལ་དད་པའི་སེམས་ཅན་རྣམས་ལ་དེ་ཡི་གེར་འབྲིར་བཅུག་ནས་སམ། བྲིས་ཟིན་པ་ལག་ན་བདོག་པ་སྦྱིན་པར་བྱེད་དམ་གཞན་ལས་བསླངས་ཏེ་སྦྱིན་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །བྱང་ཆུབ་སེམས་དཔས་གླེགས་བམ་བྲིས་ཟིན་པ་ལག་ན་བདོག་པ་དེ་ཡང་ཕྱིས་ཏེ་སངས་རྒྱས་ཀྱི་གསུང་རབ་ཡི་གེར་འབྲིར་གཞུག་པའམ་བདག་ཉིད་ཀྱིས་ཀྱང་སྙིང་པོ་མེད་པ་ཁོ་ནར་ཡོངས་སུ་ཤེས་པར་བྱ་ཞིང་གཞན་དག་ལའང་ལེགས་པ་ཁོ་ནར་བསྒྲག་པར་བྱའོ། །གལ་ཏེ་གླེགས་བམ་མ་


JLD013_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་པ་སློང་བ་ཞིག་འོངས་ན་བྱང་ཆུབ་སེམས་དཔས་དེ་ལ་འདིས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཡོངས་སུ་དྲི་བར་བྱ་སྟེ་གལ་ཏེ་བཙོངས་ལ་ཡོངས་སུ་ལོངས་སྤྱད་པར་བྱའོ་ཞེས་ཟེར་ན། བྱང་ཆུབ་སེམས་དཔས་གལ་ཏེ་གླེགས་བམ་དེ་ཆོས་ཀྱི་སྟ་གོན་བྱས་པ་ཞིག་ཡིན་ན་ནི་དེ་ལ་སྦྱིན་པར་མི་བྱ་བར་རིན་བདོག་ན་རིན་སྦྱིན་པར་བྱའོ། །གལ་ཏེ་རིན་མི་བདོག་ན་གཉིས་ཀ་མ་བྱིན་ཀྱང་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་ཆོས་ཀྱི་དོན་དུ་སྟ་གོན་བྱས་པ་མ་ཡིན་ན་ནི་ཅི་ནས་ཀྱང་དེ་བདེ་བར་ཡོངས་སུ་ལོངས་སྤྱོད་པར་བྱ་བའི་ཕྱིར་གླེགས་བམ་དེ་ཉིད་སྦྱིན་པར་བྱའོ། །དེ་བཞིན་དུ་གལ་ཏེ་གཞུང་ཤིན་ཏུ་ངན་པ་འབྲི་བར་འདོད་པའི་ཕྱིར་སློང་བ་ལ་མ་བྱིན་ཀྱང་ཁ་ན་མ་ཐོ་བ་མེད་དོ། །གཞུང་ཤིན་ཏུ་ངན་པ་འདྲི་བར་འདོད་པ་ལ་ཇི་ལྟ་བ་བཞིན་དུ་གཞུང་འབྲིང་འདྲི་བར་འདོད་པ་ལའང་དེ་བཞིན་ནོ། །གཞུང་ཁྱད་པར་དུ་འཕགས་པ་འདྲི་བར་འདོད་པའི་ཕྱིར་སློང་བ་ལ་མ་བྱིན་ན་ནི་ཁ་ན་མ་ཐོ་བ་དང་བཅས་པར་རིག་པར་བྱའོ། །ཞེས་སོ། །རྟེན་གྱི་སྒོ་ནས་སྦྱིན་དུ་མི་རུང་བ་ནི། རང་ཉིད་གླེགས་བམ་གྱི་དགོས་པ་བསྒྲུབས་ཟིན་པའང་མིན་ལ་དེ་ལ་སེར་སྣའི་དྲི་མ་ཡང་མེད་པའི་ཚེ་ཤེས་པར་འདོད་ནས་སློང་བ་ལ་གླེགས་བམ་སྟེར་བ་ལྟ་བུའོ། །འདི་སྦྱིན་དུ་མི་རུང་བའི་རྒྱུ་མཚན་ནི། ཆོས་ཀྱི་སྦྱིན་པ་འདི་ལྟ་བུ་སྦྱིན་པ་ནི་དགོས་པ་གསུམ་གང་རུང་བསྒྲུབ་པའི་ཕྱིར་ཡིན་ན་མ་བྱིན་པ་ལ་དགོས་པ་ཕྱི་མ་གཉིས་ལྷག་པོ་ཡོད་ཀྱི། བྱིན་པ་ལ་ལྷག་པོ་མེད་པའི་ཕྱིར་དང་། དགོས་པ་དང་པོ་བསྒྲུབ་མི་དགོས་པའི་ཕྱིར་ཏེ། འདི་


JLD013_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རང་ལ་སེར་སྣའི་དྲི་མ་མེད་པས་སེར་སྣའི་ཉོན་མོངས་བསལ་མི་དགོས་པ་དང་། མ་བྱིན་ན་ཡེ་ཤེས་ཀྱི་ཚོགས་མང་དུ་མཐོང་ལ་བྱིན་ན་ཆེན་པོར་མི་འགྱུར་བ་དང༌། མ་བྱིན་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཡེ་ཤེས་ཀྱི་ཚོགས་བསྒྲུབས་པས་སེམས་ཅན་འདི་དང་སེམས་ཅན་གཞན་ཐམས་ཅད་དགའ་བར་བྱེད་ནུས་ཀྱི༌བྱིན་ན་འདི་གཅིག་པུ་དགའ་བ་ཙམ་ཡིན་པའི་ཕྱིར་རོ། །བྱང་སར་དགོས་པ་ཆེ་ཆུང་དེ་ལྟར་གསུངས་ཤིང༌། སྤྱོད་འཇུག་ལས་ཀྱང༌། ཆུང་ངུའི་ཕྱིར་དུ་ཆེ་མི་བཏང༌། །ཞེས་གསུངས་པས་མ་བྱིན་ན་ཉེས་པ་མེད་པ་ཙམ་མ་ཡིན་ནོ། །མི་སྦྱིན་པའི་ཚུལ་ནི། འདི་ཁྱོད་ལ་མི་སྦྱིན་ནོ་ཞེས་ཚིག་བརླང་པོས་བྱེད་པ་མ་ཡིན་གྱི། ཐབས་མཁས་པས་བརྡའ་སྤྲད་ནས་གཏོང་བའོ། །ཐབས་མཁས་པ་ནི་འདི་ཡིན་ཏེ། བྱང་སེམས་ཀྱིས་དང་པོ་ནས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ལ་ཡོ་བྱད་ཐམས་ཅད་བསམ་པ་དག་པས་བསྔོས་ཏེ། དཔེར་ན་དགེ་སློང་གིས་མཁན་སློབ་ལ་ཆོས་གོས་ལ་སོགས་པ་རྣམ་བརྟགས་བྱས་ནས་བསྔོས་ཏེ་འཆང་བ་བཞིན་ནོ། །དེ་ལྟར་བསྔོས་པས་ཡོ་བྱད་བསགས་པ་ཡིན་ཀྱང་འཕགས་པའི་རིགས་ལ་གནས་པའི་བྱང་སེམས་ཞེས་བྱ་སྟེ་བསོད་ནམས་དཔག་ཏུ་མེད་པ་འཕེལ་ལོ། །དེས་ཡོ་བྱད་དེ་དག་ཀྱང་སངས་རྒྱས་བྱང་སེམས་རྣམས་ཀྱིས་བཅོལ་བ་དང་འདྲ་བར་འཆང་ངོ་། །གལ་ཏེ་སློང་བ་པོ་འོངས་ཤིང་ཡོ་བྱད་དེ་ཡང་དེ་ལ་སྦྱིན་པར་འོས་པ་ཞིག་ཡིན་ན། སངས་རྒྱས་བྱང་


JLD013_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་སེམས་ཅན་ལ་མ་བཏང་བའི་ཡོ་བྱད་གང་ཡང་མེད་དོ་སྙམ་དུ་བྱས་ནས་སྟེར་ལ། འོས་པ་མ་ཡིན་ན་ནི་རྣམ་བརྟགས་ཀྱིས་ཆོ་ག་བཞིན་དུ་དེ་དག་ལ་བསྔོས་པ་ལ་བརྟེན་ནས། བཞིན་བཟང༌། འདི་ནི་གཞན་གྱི་ཡིན་ཏེ། ཁྱེད་ལ་ངས་སྦྱིན་དུ་མེད་དོ། །ཞེས་ཚིག་འཇམ་པོས་གོ་བར་བྱེད་དོ། །ཡང་ན་གླེགས་བམ་དེའི་རིན་ཉིས་འགྱུར་རམ་སུམ་འགྱུར་དུ་སྦྱིན་ཏེ། ཅི་ནས་ཀྱང་དེས་བྱང་སེམས་ལ་འདི་སྲེད་པ་ཆེ་ནས་མི་སྦྱིན་པ་མ་ཡིན་གྱི། གླེགས་བམ་འདི་སྦྱིན་པའི་དབང་མེད་པ་ཞིག་ཡིན་ངེས་སྙམ་དུ་འགྱུར་བ་དེ་ལྟར་བྱེད་པ་སྟེ་ཤེས་རབ་ཅན་གྱི་སྦྱིན་པའོ། །དངོས་པོའི་སྒོ་ནས་སྦྱིན་དུ་མི་རུང་བ་ནི། རང་གི་ཕ་མ་དང་སྲོག་ཆགས་དང་བཅས་པའི་བཟའ་བཏུང་དང༌། བརྡའ་མ་སྤྲད་པ་དང་སྤྲད་ཀྱང་སྟེར་བ་ལ་མི་མོས་པའི་བུ་དང་ཆུང་མ་དང་བྲན་ལ་སོགས་པ་དང་བུ་དང་ཆུང་མ་སྐྱིད་ལོབས་ཅན་གྱི་རིགས་ཀྱི་མི་ལྟ་བུའོ། །འདི་བྲན་གྱི་དོན་དུ་མི་སྟེར་བ་ལ་གསུངས་ཀྱང་དངོས་པོ་གཙོ་ཆེ་བར་སྣང་བས་དངོས་པོའི་ནང་དུ་བགྲངས་སོ། །བྱང་སའི་གཏན་ལ་དབབ་པ་བསྡུ་བར་ནི། ཆོས་གོས་གསུམ་དང་དེ་ལས་གཞན་པའི་ཡོ་བྱད་ལྷག་པ་སངས་རྒྱས་ཀྱིས་རྗེས་སུ་གནང་བ་རྣམས་ལ་སེར་སྣའི་བསམ་པ་མེད་ཅིང་དགེ་བའི་ཕྱོགས་ལ་ཉེ་བར་མཁོ་བ་ཡིན་ན་སློང་བ་ལ་མ་བྱིན་ཀྱང་ཉེས་པ་མེད་པར་གསུངས་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཆོས་གོས་གསུམ་མ་གཏོགས་པ་ཡོ་བྱད་ལྷག་པ་སངས་རྒྱས་ཀྱིས་རྗེས་སུ་གནང་བ་ལུས་ཀྱི་ལོངས་སྤྱོད་དང་བདེ་བ་ལ་རེག་པར་གནས་པའི་རྗེས་


JLD013_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཐུན་པར་འགྱུར་བ་དག་གལ་ཏེ་སློངས་མོ་པ་འདོད་པ་རྣམས་ལ་སོ་སོར་བརྟགས་ཏེ་སྦྱིན་པར་བྱེད་ན་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་དགེ་བའི་ཕྱོགས་ལ་ལྟོས་པའི་ཕྱིར་ཡིན་གྱི༌འདོད་པའི་ཁོངས་སུ་གཏོགས་པ་མ་ཡིན་པས་སྦྱིན་པར་མི་བྱེད་ནའང་ཁ་ན་མ་ཐོ་བ་མེད་པ་ཁོ་ན་ཡིན་ནོ། །ཞེས་སོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ནི། ཤཱ་རིའི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་གོས་གསུམ་ཡོངས་སུ་བཏང་སྟེ་སློང་བ་པོ་གཙོ་བོར་བྱེད་པར་གྱུར་ན། དེས་འདོད་པ་ཆུང་བ་བསྟེན་པ་མ་ཡིན་ནོ། །ཞེས་གསུངས་པས། ཆོས་གོས་གསུམ་བྱིན་ན་ནི་བྱང་སེམས་རབ་བྱུང་ལ་ལྟུང་བར་འགྱུར་རོ། །དགོས་པའི་སྒོ་ནས་སྦྱིན་དུ་མི་རུང་བ་ནི། རང་ངམ་གཞན་ལ་གནོད་པའི་ཕྱིར་དུ་སློང་བ་ལ་དུག་དང་མཚོན་དང་མེ་དང་ཆང་སྟེར་བ་དང་། ངན་འགྲོར་འགྲོ་བའི་རྒྱུ་གསོག་པའི་དགག་བྱ་དང་ལྡན་པའི་དགའ་ཞིང་རྩེད་མོ་རྩེ་བའི་དངོས་པོ་སློང་བ་ལ་དེ་དག་སྦྱིན་པ་དང་། རྒྱ་དང་ས་མདའ་ལ་སོགས་པ་སེམས་ཅན་ལ་གནོད་པའི་ཕྱིར་དུ་སློབ་པ་དང་སློང་བ་ལ་དེ་དག་སློབ་པ་དང་སྦྱིན་པ་ལྟ་བུ་སྟེ། འདིས་ནི་སྲོག་ཆགས་ཀྱི་ལུས་སྲོག་དང་ལོངས་སྤྱོད་ལ་གནོད་པ་བསྐྱལ་བའི་ཕྱིར་དུ་དེ་དག་གི་མན་ངག་སློབ་པའང་མི་རུང་བར་བསྟན་པ་ཡིན་ནོ། །གཞན་ཡང་སྐམ་མམ་གཤེར་ལ་གནས་པའི་སྲོག་ཆགས་ལ་གནོད་པ་བསྐྱལ་བའི་ཕྱིར་དུ་ས་ཕྱོགས་དང་ཆུ་སློང་བ་ལ་དེ་དག་སྦྱིན་པ་དང་ཡུལ་མི་དེའམ་གཞན་ལ་གནོད་པ་བསྐྱལ་བའི་


JLD013_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དུ་རྒྱལ་སྲིད་སློང་བ་ལ་དེ་དག་སྦྱིན་པ་དང་མི་མཛའ་བ་རྣམས་ཀྱིས་སློང་བ་ལ་དེའི་དགྲ་སྟེར་བ་ལྟ་བུའོ། །ཕྱིའི་དངོས་པོ་གཏོང་བའི་ཚུལ་ནི། རྟེན་དེ་ལ་སྟོན་པས་མ་བཀག་པའི་དུས་དང་གང་ཟག་དེ་ལ་སྦྱིན་པར་བྱ་བ་གཏོང་བ་དེ་མི་འོས་པ་མ་ཡིན་ཞིང་དེ་དང་འཚམ་པ་ཡིན་ན་སྟེར་དགོས་པ་དང༌། རྟེན་ཡང་སྔར་བཤད་པ་ལས་ལྡོག་པ་གླེགས་བམ་ལ་སེར་སྣ་དང་ལྡན་པ་ཡིན་ན་གླེགས་བམ་གྱི་བྱ་བ་བྱས་མ་ཟིན་ཀྱང་སློང་བ་པོ་ཤེས་འདོད་ཅན་ལ་སྦྱིན་དགོས་ཏེ། དེ་ཡང་དཔེ་གཉིས་པ་ཡོད་ན་དེ་སྟེར་དགོས་ལ་མེད་ན་དཔེ་འབྲི་བའི་རིན་སྟེར་དགོས་སོ། །དེ་ཡང་མེད་ན་བདག་གིས་འདི་བྱིན་པས་ཚེ་འདི་ལ་ལྐུགས་པར་གྱུར་ཀྱང་བླ་ཡི། སེར་སྣ་དང་དུ་བླང་བར་མི་བྱའོ་སྙམ་དུ་བསམས་ལ་ངེས་པར་སྦྱིན་ནོ། །དངོས་པོ་ཡང་སྔར་བཤད་པ་ལས་མ་གཏོགས་པ་རྣམས་དང་རྒྱལ་པོ་བྱེད་པའི་ཚེ་གཞན་གྱི་བུ་དང་ཆུང་མ་ལ་སོགས་པ་བདག་པོ་དང་ཁ་ཕྲལ་ནས་སྦྱིན་དུ་མི་རུང་ཡང་གྲོང་ལ་སོགས་པ་དང་བཅས་ཏེ་སློང་བ་ལ་སྦྱིན་ནོ། །དེ་བཞིན་དུ་ངན་འགྲོའི་རྒྱུར་མི་འགྱུར་བའི་དགའ་རྩེད་ཀྱི་དངོས་པོ་དང་གཞན་ལ་མི་གནོད་པའི་རྒྱ་ལ་སོགས་པ་དང༌། སྲོག་ཆགས་ལ་མི་གནོད་ན་སྲོག་ཆགས་གནས་པའི་སྐམ་དང་གཤེར་གྱི་ས་ཕྱོགས་དང་སྲོག་ཆགས་མེད་པའི་བཟའ་བཏུང་རྣམས་སློང་བ་ལ་སྦྱིན་དགོས་ལ། རང་ངམ་གཞན་ལ་ཕན་པའི་ཕྱིར་དུ་སློང་ན་དུག་དང་མཚོན་དང་མེ་དང་ཆང་ཡང་སྦྱིན་ནོ། །དེ་ལྟར་ཟང་ཟིང་སྦྱིན་པའི་ཚེ་སློང་བ་པོ་བཀྲེན་པ་དང་འབྱོར་པ་

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


JLD013_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གཉིས་བྱུང་ན་ཇི་ལྟར་བྱ་ཞེ་ན། འདི་ལ་དང་པོ་ནས་སློང་བ་པོ་དེ་གཉིས་བྱུང་ན་གཉིས་ཀའི་འདོད་པ་རྫོགས་པར་ནུས་ན་ནི་གཉིས་ཀའི་འདོད་པ་བསྐང་བར་བྱ་ལ། མ་ནུས་ན་ནི་བཀྲེན་པའི་འདོད་པ་རྫོགས་པར་བྱའོ་སྙམ་པ་སྔོན་དུ་བཏང་ནས་བྱེད་པ་ཡིན་པས་གཉིས་ཀའི་འདོད་པ་སྐོང་མ་ནུས་པའི་ཚེ། བཞིན་བཟང༌། ངས་ཡོ་བྱད་འདི་དང་པོ་ནས་བཀྲེན་པ་འདི་ལ་བསྔོས་ཟིན་པས་ཁྱོད་ངོ་བཟློག་གོ་སྙམ་དུ་མ་སེམས་ཤིག་ཅེས་ཚིག་འཇམ་པོས་གོ་བར་བྱས་ནས་འབྱོར་པ་དང་མི་ལྡན་པའི་འདོད་པ་རྫོགས་པར་བྱའོ། །དེ་ལྟ་བུའི་སྦྱིན་པ་ལ་སློབ་ཚུལ་འདི་དག་ནི་བྱང་སེམས་ཀྱི་སྡོམ་པ་བཟུང་བའི་ལས་དང་པོ་པ་ལ་ཤིན་ཏུ་གལ་ཆེ་བར་སྣང་བས་བྲིས་པ་སྟེ། དམིགས་བསལ་མེད་པ་རྣམས་ནི་བྱང་སའི་དགོངས་པ་བཞིན་དུ་བཤད་པའོ། །གཉིས་པ་གཏོང་བར་མ་ནུས་ན་ཇི་ལྟར་བྱ་བ་ནི། སློང་བ་པོས་བསླངས་པའི་ཚེ་སེར་སྣས་ནོན་ན་འདི་སྙམ་དུ། དངོས་པོ་འདི་དང་བདག་གདོན་མི་ཟ་བར་འབྲལ་ཏེ་འདིས་ཀྱང་བདག་འདོར་བདག་གིས་ཀྱང་འདི་འདོར་རོ། །དེས་ན་འདི་བཏང་ལ་ཡིད་དགའ་བ་དང་སྙིང་པོ་བླངས་ཏེ་འཆི་བའི་དུས་བྱའོ། །འདི་བཏང་ན་འཆི་བའི་དུས་ཀྱི་ཚེ་ནོར་ལ་ཆགས་པར་མི་འགྱུར་ཞིང་འགྱོད་པ་མེད་ལ་དགའ་ཞིང་རངས་པ་སྐྱེའོ་སྙམ་དུ་བསམ་མོ། །དེ་ལྟར་བསམས་ཀྱང་གཏོང་མ་ནུས་ན། བདག་ནི་ད་དུང་མཐུ་ཆུང་ཞིང་དགེ་རྩ་མ་སྨིན་ཏེ་ཐེག་ཆེན་ལ་ལས་དང་པོ་པ་དང་མི་གཏོང་བའི་སེམས་ཀྱི་དབང་དུ་གྱུར་པ་དང་ཉེ་བར་ལེན་པའི་ལྟ་


JLD013_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་བདག་དང་བདག་གིར་འཛིན་པ་ལ་གནས་པ་ལགས་ཀྱིས། སྐྱེས་བུ་དམ་པ་བཟོད་པར་མཛད་ཅིང་གདུང་བར་མི་མཛད་དུ་གསོལ། ཇི་ལྟར་ཁྱོད་དང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་འགྱུར་བ་དེ་ལྟར་བདག་གིས་བགྱིའོ། །ཞེས་སློང་བ་པོ་ལ་གོ་བར་བྱ་བ་གསུམ་གྱིས་གོ་བར་བྱ་བར་དྲག་ཤུལ་ཅན་གྱིས་ཞུས་པ་ལས་གསུངས་སོ། །འདི་ནི་ཕན་ཚུན་དུ་མ་དད་པའི་ཉེས་པ་གཞན་སྤང་བའི་ཕྱིར་ཡིན་གྱི། སེར་སྣའི་ཉེས་པ་མེད་པ་ནི་མ་ཡིན་ཏེ། བྱང་སེམས་ལ་སེར་སྣ་སྨད་པར་བསླབ་བཏུས་ལས་གསུངས་སོ། །འོན་ཀྱང་འདི་ལྟར་བྱས་ན་སེར་སྣས་ཆོས་ནོར་མི་སྟེར་བའི་ཕམ་པ་ཁེགས་པ་འདྲའོ། །ཕར་ཕྱིན་བསྡུས་པ་ལས་ཀྱང༌། ཇི་སྟེ་སློང་བ་མངོན་དུ་འོངས་གྱུར་ཀྱང༌། །ཤིན་ཏུ་མཐུ་ཆུང་སྦྱིན་པར་མ་ནུས་ན། །ཅི་ནས་སློང་བ་དམའ་བབ་མ་གྱུར་པར། །འཇམ་པའི་ཚིག་གིས་དེ་ཡི་ཡིད་ཀྱང་བཞོ། །ཕྱིན་ཆད་སློང་བ་དྲུང་དུ་འོངས་གྱུར་ན། །ཅི་ནས་ཡི་ཆད་དམའ་བར་མི་འགྱུར་བར། །འཇུངས་པའི་སྐྱོན་རྣམས་རྣམ་པར་བསལ་བར་བྱ། །སྲེད་པ་ཡོངས་སུ་སྤང་ཕྱིར་ནན་ཏན་བྱ། །ཞེས་སོ། །སྦྱིན་པའི་གེགས་ཀྱི་གཉེན་པོ་བསྟེན་པ་ལ། གེགས་ནི་བསྡུ་བ་ལས་འབྱུང་བ་ལྟར་བཞི་སྟེ། མ་གོམས་པ་དང༌། རྒུད་པ་དང༌།ཆགས་པ་དང༌། འབྲས་བུ་མ་མཐོང་བའོ། །དེ་ལ་དང་པོ་ནི། སྦྱིན་པར་བྱ་བའི་རྫས་ཡོད་བཞིན་དུ་སློང་བ་པོ་ལ་སྦྱིན་མི་འདོད་པ་སྟེ། དེའི་གཉེན་པོར་ནི། ཉེས་པ་འདི་ནི་བདག་སྔོན་སྦྱིན་པ་ལ་གོམས་པར་མ་བྱས་པས་ལན་པར་


JLD013_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་སོ་སྙམ་དུ་མྱུར་བར་རིག་པར་བྱས་ནས། ད་ཡང་སྦྱིན་པ་མ་བཏང་ན་སྐྱེ་བ་ཕྱི་མ་ལའང་སྦྱིན་པ་ལ་མི་དགའ་བར་འགྱུར་རོ་སྙམ་དུ་སོ་སོར་བརྟགས་ཏེ་སྦྱིན་པར་བྱེད་ཀྱི། མ་གོམས་པའི་ཉེས་པའི་དབང་དུ་མི་གཏོང་བའོ། །གཉིས་པ་ནི། ལོངས་སྤྱོད་ཧ་ཅང་ཆུངས་པ་ལ་བརྟེན་ནས་གཏོང་བའི་སེམས་མི་སྐྱེ་བ་སྟེ། དེའི་གཉེན་པོར་ནི། འདི་སྙམ་དུ་བདག་འཁོར་བ་ན་འཁོར་བའི་ཚེ་ཕ་རོལ་ལ་ཕན་མ་བཏགས་པར་སྔོན་གྱི་ལས་སམ་གཞན་གྱི་དབང་དུ་གྱུར་པས་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་བཟོད་དཀའ་བ་མང་པོ་མྱོང་ན། གལ་ཏེ་གཞན་ལ་ཕན་བཏགས་པ་ལ་བརྟེན་ནས་བྱུང་བའི་ཚེ་འདིའི་སྡུག་བསྔལ་དེས་བདག་འཆི་ཡང་བདག་ལ་ནི་སྦྱིན་པ་ཁོ་ན་ལེགས་ཀྱི་སློང་བ་པོ་ཕྱིར་བཟློག་པ་ནི་དེ་ལྟ་མ་ཡིན་ཏེ། ལོངས་སྤྱོད་དེ་མེད་ཀྱང་སྔོ་རྔད་ཅི་ཡང་རུང་བ་ཙམ་གྱིས་འཚོའོ་སྙམ་དུ་བསམས་ནས། ཕོངས་པའི་སྡུག་བསྔལ་དེ་དང་དུ་བླངས་ཏེ་སྦྱིན་པར་བྱེད་པའོ། །གསུམ་པ་ནི། སྦྱིན་བྱའི་རྫས་ཤིན་ཏུ་ཡིད་དུ་འོང་ཞིང་མཆོག་ཏུ་གྱུར་པ་ལ་ཆགས་ནས་སློང་བ་ལ་གཏོང་བའི་སེམས་མི་སྐྱེ་བ་སྟེ། དེའི་གཉེན་པོར་ནི། ཆགས་པའི་ཉེས་པ་དེ་མྱུར་བར་རིག་པར་བྱས་ནས་བདག་སྡུག་བསྔལ་བ་ལ་བདེའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་ཏུ་འཛིན་པ་འདི་ནི་ཕྱི་མ་ལ་སྡུག་བསྔལ་བསྐྱེད་པ་ཡིན་ནོ་སྙམ་དུ་ཤེས་ནས་དེ་སྤངས་ཏེ་དངོས་པོ་དེ་སྦྱིན་པར་བྱེད་པའོ། །བཞི་པ་ནི། སྦྱིན་པ་བཏང་བ་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་འབྱུང་བའི་ཕན་


JLD013_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་མ་མཐོང་བར་ལོངས་སྤྱོད་ཆེན་པོའི་ཕན་ཡོན་ལ་བལྟས་ནས་གཏོང་བའི་སེམས་སྐྱེ་བ་སྟེ། དེའི་གཉེན་པོར་ནི། ཉེས་པ་དེ་མྱུར་བར་རིག་པར་བྱས་ནས་སྤྱིར་འདུ་བྱེད་ཐམས་ཅད་སྐད་ཅིག་རེ་རེ་ནས་འཇིག་པ་དང་། ཁྱད་པར་དུ་ལོངས་སྤྱོད་འཇིག་ཅིང་འབྲལ་བར་བལྟས་ནས་སྦྱིན་པ་གང་གཏོང་ཐམས་ཅད་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བྱེད་པའོ། །ལོངས་སྤྱོད་ལ་སོགས་པའི་རྣམ་སྨིན་ཙམ་ལ་བལྟ་བ་ནི། རིན་གྱི་ཕྱིར་ཡོ་བྱད་ཐམས་ཅད་ཕངས་པ་མེད་པར་གཞན་ལ་གཏོང་བའི་ཚོང་པ་ལ་ཁེ་ཙམ་ཐོབ་ཀྱི་བསོད་ནམས་མི་འཐོབ་པ་བཞིན་དུ། ལོངས་སྤྱོད་ཆེན་པོ་ཐོབ་ཀྱི་ཐར་པ་ནི་མི་འཐོབ་སྟེ། བཞི་བརྒྱ་པ་ལས། འདིར་བྱིན་པ་ཡི་སྦྱིན་པ་ལ། །འབྲས་བུ་ཆེན་པོ་འབྱུང་འགྱུར་ཞེས། །ལེན་དང་ཡོངས་སུ་གཏོང་བ་ནི། །ཚོང་སྤོགས་བཞིན་དུ་སྨད་པར་འགྱུར། །ཞེས་སོ། །གཉིས་པ་བསམ་པ་ཙམ་གྱི་སྦྱིན་པ་ནི། དབེན་པར་སོང་སྟེ་ཡིད་ནང་དུ་བསྡུས་ནས་བསམ་པ་དག་ཅིང་སྙིང་ཐག་པ་ནས་དང་བས་སྦྱིན་པར་བྱ་བའི་ཆོས་སྣ་ཚོགས་པ་རྒྱ་ཆེན་པོ་དཔག་ཏུ་མེད་པ་རྟོག་པས་སྤྲུལ་ནས་སེམས་ཅན་རྣམས་ལ་བྱིན་པར་མོས་པ་བྱེད་པའོ། །དེས་ཚེགས་ཆུང་ངུས་བསོད་ནམས་དཔག་ཏུ་མེད་པ་འཕེལ་བ་དང་། དེ་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་གྱི་སྦྱིན་པར་བྱང༌ས་ལས་གསུངས་སོ། །འབྱོར་པ༌དང་མི་ལྡན་པས་འདི་བྱ་བར་ལག་བཟང་གིས་ཞུས་པ་ལས་གསུངས་ཀྱང༌འབྱོར་ལྡན་གྱིས་ཀྱང་བྱར་མི་རུང་བ་མ་ཡིན་ནོ། །ལོངས་སྤྱོད་མེད་པའི་ཚེ་སྦྱིན་པ་ཇི་ལྟར་བྱེད་


JLD013_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ་ཅན་གྱི་སྦྱིན་པ་རྣམས་ནི། ལྷག་བསམ་རྣམ་པར་དག་པའི་ས་ས་དང་པོ་མ༌ཐོབ་བར་དུ་ཡིན་གྱི། ས་དེ་ཐོབ་ནས་ནི་ལོངས་སྤྱོད་ཀྱིས་ཕོངས་པ་མི་སྲིད་དེ། བྱང་ས་ལས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་བསམ་པ་རྣམ་པར་དག་པ་མ་ཐོབ་ཀྱི་བར་དུ་ལོངས་སྤྱོད་དེ་དག་མེད་དེ། མི་བདོག་བཞིན་དུ་ཤེས་རབ་ཅན་གྱི་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་ནི་ཇི་ལྟ་བུས་ངན་སོང་ལས་ཡང་དག་པར་འདས་པ་ཐོབ་པར་འགྱུར་བ་དེ་ལྟ་བུར་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཟད་མི་ཤེས་པ་ཐོབ་པར་འགྱུར་རོ། །ཞེས་གསུངས་པས་སོ། །བཞི་པ་དེ་དག་གི་དོན་བསྡུ་བ་ནི། བྱང་སེམས་ཀྱི་སྡོམ་པ་བཟུང་ནས་ས་མཐོན་པོའི་སྦྱིན་པ་ལ་སློབ་ཚུལ་རྣམས་སྨོན་པའི་ཡུལ་དུ་བྱས་ནས་སྦྱོང་བ་དང་། སྔར་བཤད་པ་ལྟ་བུའི་སྦྱིན་གཏོང་ལ་ད་ལྟ་ནས་འཇུག་པ་རྣམས་ཀྱི་གནང་བཀག་ཤེས་པར་བྱས་ནས་སློབ་པ་དང༌། ཁྱད་པར་དུ་ལུས་དང་ལོངས་སྤྱོད་དང་དགེ་རྩ་ལ་སེར་སྣའི་གཉེན་པོ་བསྟེན་ཞིང་གཏོང་བའི་བློ་ཇེ་རྒྱས་སུ་གཏོང་བ་ལ་འབད་པར་བྱས་ནས་དེ་ལྟར་ཉམས་སུ་ལེན་པ་ལ་དགའ་བ་བསྒོམ་པ་དང་། བློ་དེ་ལྟར་མ་སྦྱངས་པ་ལ་ཡིད་གདུང་བ་བསྐྱེད་དགོས་ཏེ། དེ་ལྟར་བྱས་ན་ལག་བཟང་གིས་ཞུས་པ་ལས་གསུངས་པ་ལྟར། ཚེ་རབས་གཞན་དུ་ཚེགས་ཆུང་ངུས་སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱེད་ནུས་ཀྱི། དེ་དག་ཐམས་ཅད་དོར་ནས་བཞག་ན་ནི་ཚེ་འདིར་ཡང་ཉེས་པ་ཤིན་ཏུ་ལྕི་བ་


JLD013_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་རྒྱུན་དུ་གོས་པར་འགྱུར་ལ། ཚེ་རབས་གཞན་དུའང་འཇུག་སྙིང་མི་འདོད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཤིན་ཏུ་དཀའ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཕར་ཕྱིན་བསྡུས་པ་ལས། སྦྱིན་པ་དེ་འདྲའི་རྩ་བ་བྱང་ཆུབ་སེམས། །དེ་འདྲའི་སྦྱིན་པ་གཏོང་འདོད་དེ་མི་བཏང༌། །འཇིག་རྟེན་ནང་ན་གཏོང་འདོད་སེམས་ལྡན་པ། །གཏོང་བའི་ནང་ན་མཆོག་ཅེས་རྒྱལ་བས་གསུངས། །ཞེས་གསུངས་པ་ལྟར། སྤྱོད་པའི་རྟེན་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་ཅིང་བསྒོམ་པ་དང༌། བྱང་ཆུབ་ཏུ་སྨོན་ཞིང་སྨོན་ལམ་འདེབས་པ་ནི་གཏོང་བ་ཐམས་ཅད་ཀྱི་རྩ་བ་དང་གཏོང་བ་ཐམས་ཅད་ཀྱི་མཆོག་ཡིན་པས་དེ་ལ་འབད་པར་བྱ་སྟེ། འདི་ནི་ལག་བཟང་གིས་ཞུས་པའི་དོན་བསྡུས་པའི་གནད་དམ་པའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་ལྔ། ཚུལ་ཁྲིམས་ཀྱི་ངོ་བོ། དེ་བསྒོམ་པ་ལ་འཇུག་པའི་ཐབས། ཚུལ་ཁྲིམས་ཀྱི་རབ་ཏུ་དབྱེ་བ། དེ་དག་བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཡིད་ཕྱིར་ལོག་པའི་སྤོང་སེམས་ནི་ཚུལ་ཁྲིམས་ཡིན་པས། སེམས་དེའི་གོམས་པ་གོང་ནས་གོང་དུ་ཡོངས་སུ་རྫོགས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་ཡིན་གྱི། ཕྱི་རོལ་ཏུ་སེམས་ཅན་གནོད་འཚེ་མ་ལུས་པ་དང་བྲལ་བ་ལ་བཀོད་པའི་སྒོ་ནས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པར་འགྱུར་བ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ད་དུང་སེམས་ཅན་རྣམས་གནོད་འཚེ་དང་མ་བྲལ་བས་སྔར་བྱོན་པའི་རྒྱལ་བ་རྣམས་ཚུལ་ཁྲིམས་ཀྱི་


JLD013_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་ཕྱིན་མ་རྫོགས་པར་འགྱུར་བ་དང༌། སེམས་ཅན་དེ་དག་ཀྱང་གནོད་འཚེ་དང་བྲལ་བའི་ཕྱོགས་སུ་བཀྲི་བར་མི་ནུས་པའི་ཕྱིར་རོ། །དེས་ན་ཕྱི་རོལ་ཏུ་སེམས་ཅན་ཐམས་ཅད་གནོད་འཚེ་དང་བྲལ་ལམ་མ་བྲལ་ཡང་བླ་ཡི། རང་གི་རྒྱུད་སྟེང་དུ་དེ་དག་ལ་གནོད་པ་ལས་ལྡོག་པའི་སྤོང་སེམས་གོམས་པར་བྱེད་པ་ཉིད་ཚུལ་ཁྲིམས་ཀྱི་ཉམས་ལེན་ཡིན་ཏེ། སྤྱོད་འཇུག་ལས། ཉ་ལ་སོགས་པ་གང་ཞིག་ཏུ། །དེ་དག་གསོད་མི་འགྱུར་བར་བསྐྲད། །སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །ཚུལ་ཁྲིམས་ལ་གསུམ་དུ་ཡོད་མོད་ཀྱི་འདིར་གཙོ་བོ་སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་སྤོང་བའི་སེམས་སུ་བཤད་དེ། དེ་ཡང་ཀུན་སློང་དང་བཅས་པའི་དབང་དུ་བྱས་ན། མི་དགེ་བཅུ་སྤོང་བའི་སྤོང་བ་བཅུ་ཡིན་ལ། རང་གི་ངོ་བོའི་དབང་དུ་བྱས་ན། མི་དགེ་བ་བདུན་སྤོང་བའི་ལུས་ངག་གི་ལས་ཀྱི་རང་བཞིན་གྱི་སྤོང་བ་བདུན་ཡིན་ཏེ། འཇུག་འགྲེལ་ལས། དེ་ལ་ཉོན་མོངས་པ་དང་དུ་མི་ལེན་པའི་ཕྱིར་དང་སྡིག་པ་མི་འབྱུང་བའི་ཕྱིར་སེམས་ལ་ཡིད་གཅགས་པའི་མེ་ཞི་བས་བསིལ་བ་ཉིད་ཀྱི་ཕྱིར་རམ་བདེ་བའི་རྒྱུ་ཡིན་པ་ཉིད་ཀྱིས་དམ་པ་དག་གིས་བསྟེན་པར་བྱ་བ་ཉིད་ཡིན་པའི་ཕྱིར་ན་ཚུལ་ཁྲིམས་ཏེ། དེ་ཡང་སྤོང་བ་བདུན་གྱི་མཚན་ཉིད་ཅན་ནོ། །ཆོས་གསུམ་པོ་མ་ཆགས་པ་དང་ཞེ་སྡང་མེད་པ་དང་ཡང་དག་པའི་ལྟ་བ་ནི་དེ་དག་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་ཀུན་ནས་སློང་བར་བྱེད་པ་དང་བཅས་པའི་


JLD013_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་ལས་ཀྱི་ལམ་བཅུ་རྣམ་པར་བཤད་དོ། །ཞེས་སོ། །གཉིས་པ་ནི། དེ་ལྟར་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པར་ཁས་བླངས་པ་དེས་ནི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པར་བསྒྲུབ་པར་ཁས་བླངས་པ་ཡིན་པས་དེའི་དོན་བསྒྲུབ་དགོས་ལ། དེ་ཡང་སྔོན་དུ་རང་གི་ཚུལ་ཁྲིམས་ཡོངས་སུ་དག་པའི་སྟོབས་བསྐྱེད་དགོས་ཏེ། རང་གི་ཚུལ་ཁྲིམས་མ་དག་པ་དང་ཉམས་ན་ངན་འགྲོར་ལྟུང་བས། གཞན་གྱི་དོན་ལྟ་ཞོག་རང་གི་དོན་ཡང་མི་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་གཞན་གྱི་དོན་ལ་བརྩོན་པས་ནི་ཚུལ་ཁྲིམས་ལ་གཅེས་སྤྲས་བྱ་བ་ལ་ལྷོད་པར་མི་བྱ་བར་བསྲུང་སྡོམ་ལ་ཤིན་ཏུ་གྲིམས་དགོས་ཏེ། ཕར་ཕྱིན་བསྡུས་པ་ལས། རྫོགས་པའི་སངས་རྒྱས་ཚུལ་ཁྲིམས་རྒྱན་ལྡན་པར། །འགྲོ་བ་ཐམས་ཅད་བསྒྲུབ་དོན་གང་བརྩོན་པས། །རང་གི་ཚུལ་ཁྲིམས་ཐོག་མར་ཡོངས་སུ་སྦྱང༌། །ཚུལ་ཁྲིམས་དག་པའི་མཐུ་ཡི་སྟོབས་ཀྱང་བསྐྱེད། །ཅེས་དང༌། ཚུལ་ཁྲིམས་ཉམས་པས་རང་དོན་མི་ནུས་ན། །གཞན་དོན་ཚུལ་ལ་མཐུ་ཡོད་ག་ལས་འོང༌། །དེ་ཕྱིར་གཞན་དོན་ལེགས་པར་བརྩོན་པ་ཡིས། །འདི་ལ་རིམ་གྲོ་གློད་པར་རིགས་པ་མིན། །ཞེས་སོ། །དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པའང་འཇུག་ལྡོག་གི་གནས་རྣམས་ཇི་ལྟར་བཅས་པ་ལྟར་ལག་ཏུ་ལེན་པ་ལ་རག་ལས་ལ། དེ་ཡང་བསྲུང་བར་འདོད་པའི་བློ་ཤུགས་དྲག་ཅིང་བརྟན་པའི་རྗེས་སུ་བྱེད་པས། མ་བསྲུངས་པའི་ཉེས་དམིགས་དང་


JLD013_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུངས་པའི་ཕན་ཡོན་རིང་དུ་བསྒོམས་པའི་སྒོ་ནས་བསྲུང་འདོད་བསྐྱེད་པར་བྱའོ། །དང་པོ་ནི། དེ་ཉིད་ལས། དེ་བས་མི་བཟད་འཇིགས་པ་མཐོང་བྱ་ཞིང༌། །སྤང་འོས་ཆུང་ཡང་རྣམ་པར་སྤང་བར་གྱིས། །ཞེས་པ་ལྟར། ཉེས་དམིགས་ཀྱིས་འཇིགས་ནས་ཁ་ན་མ་ཐོ་བ་ཆུང་ངུའང་འབད་པས་སྤོང་བ་སྟེ། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀྱི་རགས་ཤོས་མི་དགེ་བཅུའི་ཉེས་དམིགས་རྣམས་སྔར་བཤད་ཟིན་པ་ལྟར་བསམ་མོ། །ཕན་ཡོན་ནི། སྔར་ཡང་བཤད་ཅིང༌། དཔལ་ལྡན་དཔའ་བོས་གསུངས་པ་ནི། དེ་ཉིད་ལས། ལྷ་རྫས་དགའ་རྒྱུ་མི་ཡི་ལོངས་སྤྱོད་དང༌། །བདེ་མཆོག་རོ་མཆོག་ལྷ་ཡི་ཕུན་སུམ་ཚོགས། །ཚུལ་ཁྲིམས་རྒྱུས་བྱུང་ཅི་ཞིག་ངོ་མཚར་ཆེ། །སངས་རྒྱས་ཆོས་རྣམས་དེ་ལས་བྱུང་བ་ལྟོས། །ཞེས་དང༌། གཞན་ཡང་འདི་ལ་བརྟེན་ནས་རྒྱུད་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་དང་། སྙིང་རྗེའི་ངང་ཅན་སེམས་དཔའ་ཆེན་པོ་རྣམས་དང་བསླབ་པ་མཚུངས་པར་འགྱུར་བ་དང་། ཉེས་སྤྱོད་ཀྱི་ས་བོན་ཐམས་ཅད་སྤངས་པའི་ཡེ་ཤེས་གཙང་མ་འཐོབ་པ་དང༌། རྒྱན་གཞན་ནི་ཧ་ཅང་གཞོན་པ་དང་ཧ་ཅང་རྒན་པ་ལ་བཏགས་ན་འཕྱས་ཀྱི་གནས་སུ་འགྱུར་བས་མི་མཛེས་ཀྱང༌། ཚུལ་ཁྲིམས་ཀྱི་རྒྱན་ནི་རྒན་གཞོན་བར་མ་སུ་ལ་ལྡན་ཡང་ཐམས་ཅད་དགའ་བ་བསྐྱེད་པས་རྒྱན་གྱི་མཆོག་དང༌། དྲི་བཟང་པོ་གཞན་ནི་རྫི་ཕྱོགས་སུ་འགྲོ་ཡང་རྫི་ཕྱོགས་མ་ཡིན་པར་མི་འགྲོ་བས་ཕྱོགས་རེ་བ་ཡིན་ལ། ཚུལ་


JLD013_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་གྲགས་པའི་དྲི་ནི་ཕྱོགས་ཐམས་ཅད་དུ་འགྲོ་བ་དང༌། ཚ་གདུང་སེལ་བའི་ཙནྡན་ལ་སོགས་པའི་ལྡེ་གུའི་བྱུག་པ་ནི་རབ་བྱུང་ལ་འགལ་ཡང༌། ཉོན་མོངས་པའི་ཚ་གདུང་སྐྱོབ་པའི་བྱུག་པ་ནི་རབ་བྱུང་ལ་མི་འགལ་ཞིང་མཐུན་པ་དང༌། རབ་ཏུ་བྱུང་བའི་རྟགས་ཙམ་ལྡན་པར་འདྲ་ཡང་ཚུལ་ཁྲིམས་ཀྱི་ནོར་དང་ལྡན་པ་ནི་གཞན་ལས་ཕུལ་དུ་བྱུང་བར་འགྱུར་ཏེ། དེ་ཉིད་ལས། ཚུལ་ཁྲིམས་དེ་ནི་ཁྱད་པར་ཐོབ་པའི་ལམ། །སྙིང་རྗེའི་ངང་ཅན་རྣམས་དང་མཉམ་པར་བསྒྲུབ། །ཡེ་ཤེས་གཙང་མ་ཕུལ་གྱི་རང་བཞིན་ཏེ། །སྐྱོན་བྲལ་རྒྱན་དུ་འགྱུར་བའི་མཆོག་ཅེས་བྱ། །ཁམས་གསུམ་ཀུན་ཏུ་ཡིད་འོང་དྲི་བསུང་སྟེ། །རབ་ཏུ་བྱུང་དང་མི་འགལ་བྱུག་པ་ཡིན། །ཆ་ལུགས་མཐུན་ཡང་ཚུལ་ཁྲིམས་ལྡན་གྱུར་ན། །མི་ཡི་ནང་ན་དེ་ནི་འཕགས་པར་འགྱུར། །ཞེས་དང༌།གཞན་ཡང་གཅམ་གསག་གི་ཚིག་མ་བརྗོད་ཅིང་འབད་རྩོལ་གྱིས་ཚེགས་ཀྱིས་མ་བསྒྲུབས་ཀྱང་ཉེ་བར་མཁོ་བའི་ལོངས་སྤྱོད་ངང་གིས་འདུ་བ་དང་། དྲག་པོའི་ལས་ཀྱིས་བསྡིགས་པ་མེད་ཀྱང་སྐྱེ་བོ་ཀུན་འདུད་པ་དང་། རང་གི་གཉེན་ལ་སོགས་པའི་རིགས་སུ་སྨོས་སུ་མེད་པ་དང༌། སྔར་ཕན་མ་བཏགས་པ་དང་ངོ་མི་ཤེས་པའི་སྐྱེ་བོ་རྣམས་ཀྱང་ངང་གིས་བྱམས་པ་དང་། རྐང་པའི་རྗེས་ཀྱི་ས་རྡུལ་ཡང་ལྷ་དང་མི་རྣམས་ཀྱི་སྤྱི་བོས་གཏུག་ཅིང་ཐོབ་པ་རྣམས་མཆོད་པའི་ཞིང་དུ་འཁྱེར་བར་བྱེད་པའི་ཕན་ཡོན་རྣམས་ཀྱང་ཚུལ་ཁྲིམས་ལས་འབྱུང་སྟེ། དེ་ཉིད་ལས། ཚིག་ཏུ་མ་བརྗོད་ཚེགས་སུ་མ་


JLD013_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཀྱང༌། །ཉམས་སུ་མཁོ་བའི་ལོངས་སྤྱོད་རིམ་གྲོ་འདུ། །བསྡིགས་པ་མེད་པར་འཇིག་རྟེན་ཀུན་འདུད་དེ། །ཚེགས་མེད་མ་བསྒྲུབས་དབང་ཕྱུག་འཐོབ་པར་འགྱུར། །བརྗོད་དུ་མ་འོས་རིགས་སུ་འབྱུང་བ་དང༌། །ཕན་ཞིང་དབེན་པ་གང་ཡང་མ་བྱས་ཤིང༌། །སྔོན་ཆད་མི་བཤེས་སྐྱེ་བོ་ཐམས་ཅད་ཀྱང༌། །ཚུལ་ཁྲིམས་ལྡན་པའི་སྐྱེ་བོ་དེ་ལ་འདུད། །རྐང་པས་བཀྲ་ཤིས་གྱུར་པའི་རྡུལ་དག་ཀྱང༌། །སྤྱི་གཙུག་དམ་པས་བླངས་ཤིང་ལྷ་དང་མི། །ཕྱག་འཚལ་མགོས་གཏུགས་ཐོབ་པ་ཀུན་ཏུ་འཁྱེར། །དེ་ཕྱིར་ཚུལ་ཁྲིམས་དང་ལྡན་རིགས་མཆོག་ཡིན། །ཞེས་སོ། །དེ་ལྟར་ཕན་ཡོན་དང་ཉེས་དམིགས་ལེགས་པར་བསམས་པའི་མཁས་པས། དེ་ཉིད་ལས། བྱང་ཆུབ་སེམས་དཔས་བསྲུང་འོས་ཚུལ་ཁྲིམས་དག །རང་གི་བདེ་ལ་བརྐམ་པས་དྲལ་མི་བྱ། །ཞེས་དང༌། རང་དབང་གྱུར་པས་ཉམས་སུ་བདེ་བ་དང༌། །མཁས་པས་བསྔགས་པའི་རྒྱན་ལྡན་ཚུལ་ཁྲིམས་བསྲུངས། །བསླབ་པའི་གནས་རྣམས་ཚང་བར་ཡོངས་རྫོགས་པས། །ཀུན་རྫོགས་བསྙེམས་མེད་ཚུལ་ཁྲིམས་ཡང་དག་བསྟེན། །ཞེས་གསུངས་པ་ལྟར་བསྲུང་དགོས་ལ། དེ་ཡང་རང་ངན་སོང་གིས་འཇིགས་པ་ཙམ་དང་ལྷ་དང་མིའི་ཕུན་སུམ་ཚོགས་པ་ཙམ་ལ་སྨོན་པ་བསལ་ནས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ལ་དགོད་པའི་ཕྱིར་དུ་བསྲུང་བར་བྱ་སྟེ། དེ་ཉིད་ལས། གང་ཞིག་འཇིག་རྟེན་དཔག་ཡས་སེམས་ཅན་དག །མཐའ་དག་ཚུལ་ཁྲིམས་དག་ལ་དགོད་མོས་ཤིང༌། །འཇིག་རྟེན་ཕན་ཕྱིར་


JLD013_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་སྟེན་བྱེད་པ། །དེ་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན་པར་གསུངས། །དེ་བས་ངན་སོང་འཇིགས་དང་རྒྱལ་སྲིད་དང༌། །མཐོ་རིས་ཕུན་སུམ་ཚོགས་ལ་སྨོན་བསལ་ཏེ། །ཚུལ་ཁྲིམས་དྲི་མེད་ཡང་དག་བསྲུང་བྱ་ཞིང༌། །འཇིག་རྟེན་དོན་ལ་བརྩོན་པས་ཚུལ་ཁྲིམས་བསྟེན། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ཀྱི་དབྱེ་བ་ནི་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལ་དང་པོ་ནི། བྱང་སར་སོ་སོར་ཐར་པ་རིས་བདུན་ལ་གསུངས་པས་སོ་ཐར་གྱི་སྡོམ་ལྡན་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་ཡིན་ན་ནི། ཁྱིམ་པའམ་རབ་བྱུང་གི་ཕྱོགས་ཀྱི་སོ་ཐར་གྱི་སྡོམ་པ་དངོས་དང་དེ་དག་དང་ཐུན་མོང་བའི་སྤོང་སྡོམ་ནི་སྡོམ་པའི་ཚུལ་ཁྲིམས་ཡིན་ལ། སོ་ཐར་གྱི་སྡོམ་པའི་རྟེན་དུ་མི་རུང་བའི་བྱང་ཆུབ་སེམས་དཔའི་སྡོམ་ལྡན་ཡིན་ན་སོ་ཐར་དང་ཐུན་མོང་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་ཅི་རིགས་པར་སྤོང་བའི་སྤོང་སྡོམ་ནི་སྡོམ་པའི་ཚུལ་ཁྲིམས་སོ། །དགེ་བ་ཆོས་སྡུད་ནི། ཕྱིན་དྲུག་ལ་སོགས་པའི་དགེ་བ་ལ་དམིགས་ནས་རང་རྒྱུད་ལ་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་ཟིན་མི་ཉམས་པ་དང་གོང་ནས་གོང་དུ་སྤེལ་བར་བྱེད་པའོ། །སེམས་ཅན་དོན་བྱེད་ནི། སེམས་ཅན་རྣམ་པ་བཅུ་གཅིག་གི་དོན་ལ་དམིགས་ནས་དེ་དག་གི་འདི་དང་ཕྱི་མའི་དོན་རྣམས་ཁ་ན་མ་ཐོ་བ་མེད་པར་ཇི་ལྟར་རིགས་པར་བསྒྲུབ་པ་སྟེ། འདི་རྣམས་རྒྱས་པར་ཚུལ་ཁྲིམས་ལེའུའི་རྣམ་བཤད་དུ་བདག་གིས་གཏན་


JLD013_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕབ་ཟིན་པས་དེ་ངེས་པར་ཡང་དང་ཡང་དུ་བལྟ་དགོས་སོ། །དེས་ན་སོ་སོར་ཐར་པའི་བཅས་པ་རྣམས་ནི་བྱང་ཆུབ་སེམས་དཔའི་སྡོམ་ལྡན་རབ་ཏུ་བྱུང་བའི་བསླབ་བྱའི་ཕྱོགས་གཅིག་ཡིན་པས། བྱང་ཆུབ་སེམས་དཔའི་བསླབ་བྱ་ལས་ཟུར་ན་ཡོད་པ་མ་ཡིན་ལ། ཚུལ་ཁྲིམས་གསུམ་གྱི་ནང་ནས་ཀྱང་སྡོམ་པའི་ཚུལ་ཁྲིམས་སོ་ཐར་གྱི་བཅས་པ་དངོས་སམ་དེ་དང་ཐུན་མོང་བ་ལ་འཇུག་ལྡོག་བྱེད་པ་ཉིད་བྱང་ཆུབ་སེམས་དཔའ་ལའང་ཐོག་མར་གལ་ཆེ་བས་དེ་ཉིད་ལ་བསླབ་པར་བྱ་སྟེ། བྱང་སའི་གཏན་ལ་དབབ་པ་བསྡུ་བ་ལས། ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ལས་འདི་ལྟ་སྟེ། སྡོམ་པའི་ཚུལ་ཁྲིམས་འདི་ནི་སྡུད་པར་བྱེད་པ་དང་འབྱོར་བར་བྱེད་པ་ཡིན་ཏེ། དེ་བསྡམས་ཤིང་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་བསྡམ་ཞིང་བསྲུང་བར་འགྱུར་ལ། དེ་མ་བསྡམས་ཤིང་མ་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་མི་བསྡམ་ཞིང་མི་བསྲུང་བར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཉམས་ན་སྡོམ་པ་ཐམས་ཅད་ཉམས་པ་ཡིན་པར་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་ཉན་ཐོས་ཀྱི་ཡིན་ནོ་སྙམ་དུ་བཟུང་ནས་དེའི་འཇུག་ལྡོག་གི་བཅས་པ་རྣམས་དོར་ཏེ། བྱང་ཆུབ་སེམས་དཔའི་བསླབ་བྱ་གཞན་ཞིག་ལ་སློབ་རྒྱུ་ཡིན་པ་སྐད་ཟེར་བ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པའི་གནད་མ་ཟིན་པ་ཡིན་ཏེ། སྡོམ་པའི་ཚུལ་ཁྲིམས་ནི། ཚུལ་ཁྲིམས་ཕྱི་མ་


JLD013_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་གཞི་དང་གནས་སུ་ལན་དུ་མར་གསུངས་པའི་ཕྱིར་རོ། །སྡོམ་པའི་ཚུལ་ཁྲིམས་ཀྱི་གཙོ་བོ་ཡང་། རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་སྤོང་བ་ཡིན་ལ། རང་བཞིན་རྣམས་ཀྱི་ཡང་ཉེས་དམིགས་ཆེ་བའི་གནད་རྣམས་བསྡུས་པ་ནི། ཐེག་པ་གོང་འོག་ཐམས་ཅད་དུ་གསུངས་པའི་མི་དགེ་བཅུ་སྤོང་ཡིན་པས་དེ་དག་ལ་ཀུན་སློང་ཙམ་ཡང་མི་རྒྱུ་བའི་སྒོ་ནས་སྒོ་གསུམ་ཡང་དག་པར་སྡོམ་དགོས་ཏེ། ཕར་ཕྱིན་བསྡུས་པ་ལས། མཐོ་རིས་ཐར་པའི་བདེ་ལམ་གྱུར་པ་སྟེ། །ལས་ལམ་བཅུ་པོ་འདི་ལས་ཉམས་མི་བྱ། །འདི་ལ་གནས་པས་འགྲོ་ལ་ཕན་བསམས་པའི། །བསམ་པའི་ཁྱད་པར་འབྲས་བུ་ཡོད་པར་འགྱུར། །ངག་ལུས་ཡིད་རྣམས་ཡང་དག་བསྡམ་བྱ་བ། །མདོར་བསྡུས་ཚུལ་ཁྲིམས་ཡིན་ཞེས་རྒྱལ་བས་གསུངས། །ཚུལ་ཁྲིམས་མ་ལུས་འདུ་བའི་གཞི་ཡིན་པས། །དེ་ཕྱིར་འདི་དག་རྣམ་པར་སྤྱད་པར་གྱིས། །ཞེས་གསུངས་ཤིང༌། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་སྐབས་སུ་མི་དགེ་བཅུ་སྤོང་ལ་བཤད་ལ། ས་བཅུ་པ་ལ་སོགས་པའི་མདོ་སྡེ་དུ་མར་ཡང་དེ་ལྟར་འབྱུང་བས། ཐོག་མར་འདི་ལ་སྔར་ལྟར་སྡོམ་སེམས་སྦྱངས་ན་ཚུལ་ཁྲིམས་ལྷག་མ་རྣམས་ཀྱང་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེ་དག་ཇི་ལྟར་བསྒྲུབ་པ་ནི། དམ་པ་དྲུག་ལྡན་དང་ཕར་ཕྱིན་དྲུག་ལྡན་དུ་བསྒྲུབ་པ་སྟེ། ཕར་ཕྱིན་དྲུག་ལྡན་དུ་བསྒྲུབ་པའི་ཚེ་རང་ཚུལ་ཁྲིམས་ལ་གནས་ནས་གཞན་ཚུལ་ཁྲིམས་ལ་འགོད་པ་ཚུལ་ཁྲིམས་ཀྱི་སྦྱིན་པ་ཡིན་ལ། ལྷག་མ་རྣམས་ནི་སྔར་


JLD013_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །ལྔ་པ་དེ་དག་གི་དོན་བསྡུ་བ་ནི། སྤྱོད་པའི་རྟེན་བྱང་ཆུབ་ཀྱི་སེམས་མི་ཉམས་ཤིང་ཇེ་འཕེལ་དུ་གཏོང་བ་ནི་ཚུལ་ཁྲིམས་ལ་སོགས་པའི་སྤྱོད་པ་ལ་འཇུག་པའི་རྩ་བ་ཡིན་ཅིང་སེམས་ཅན་ཐམས་ཅད་ལ་གནོད་པ་ལས་ལྡོག་པའི་ཡང་མཆོག་ཡིན་ལ། ས་མཐོན་པོའི་ཚུལ་ཁྲིམས་ཀྱི་ཉམས་ལེན་རྣམས་སྨོན་པའི་ཡུལ་དུ་བྱས་ནས་སྦྱོང་བ་དང་། ལས་དང་པོ་པའི་ཚུལ་ཁྲིམས་ལས་བརྩམས་པའི་འཇུག་ལྡོག་གི་གནས་རྣམས་ལ་བསམ་པ་ཐག་པས་ད་ལྟ་ནས་སློབ་པ་དང༌། ཁྱད་པར་དུ་མི་དགེ་བཅུ་ལ་སོགས་པའི་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གང་ཤེས་པ་ལ་ཉི་མ་རེ་རེ་བཞིན་སྡོམ་སེམས་མང་དུ་བཏང་ཞིང༌། དེ་དག་གི་ནང་ནས་ཀྱང་སྡོམ་པ་གང་ཁས་བླངས་པའི་རྩ་ལྟུང་རྣམས་ལ་སྡོམ་སེམས་ཡང་དང་ཡང་དུ་གཏོང་བ་ལ་འབད་པར་བྱའོ། །དེ་ལྟར་བྱས་ན་བྱེད་པ་རྒྱུ་མཐུན་གྱི་འབྲས་བུས་སྐྱེ་བ་གཞན་དུའང་ཚེགས་ཆུང་ངུ་དང་སྡུག་བསྔལ་ཆུང་ངུས་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་རྫོགས་པར་བྱེད་ནུས་ཀྱི། ད་ལྟ་དེ་རྣམས་ཡལ་བར་དོར་ན་ནི་ཤིན་ཏུ་ལྕི་བའི་ཉེས་ལྟུང་གིས་རྒྱུན་དུ་གོས་པར་འགྱུར་ཞིང་། སྐྱེ་བ་དུ་མར་ཡང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་མི་ནུས་པར་འགྱུར་བས་ད་ལྟ་ནས་འབད་པར་བྱའོ། །བཟོད་པའི་ཕར་ཕྱིན་ལ་ལྔ། བཟོད་པའི་ངོ་བོ། དེ་བསྒོམ་པ་ལ་འཇུག་པའི་ཐབས། བཟོད་པའི་རབ་ཏུ་དབྱེ་བ། དེ་བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། གཞན་


JLD013_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང༌། རང་གི་རྒྱུད་ལ་སྡུག་བསྔལ་བྱུང་བ་ལ་དང་དུ་ལེན་པ་དང༌། ཆོས་ལ་ངེས་པར་སེམས་པ་ལ་མོས་པ་ཤིན་ཏུ་གནས་པའོ། །དེ་དག་གི་མི་མཐུན་པའི་ཕྱོགས་ཀྱང་གསུམ་ལས། དང་པོ་ནི་ཞེ་སྡང་དང༌། གཉིས་པ་ནི་ཞེ་སྡང་དང་ཞུམ་ནས་སྲོ་ཤི་བ་དང༌། གསུམ་པ་ནི་མ་མོས་ཤིང་མི་འདོད་པའོ། །དེ་ལ་བཟོད་པའི་ཕར་ཕྱིན་རྫོགས་པ་ནི། རང་གི་ཁྲོ་བ་ལ་སོགས་པ་འགོག་པའི་སེམས་ཀྱི་གོམས་པ་ཡོངས་སུ་རྫོགས་པ་ཙམ་ཡིན་གྱི། སེམས་ཅན་ཐམས་ཅད་མི་བསྲུན་པ་དང་བྲལ་བ་ལ་ལྟོས་མི་དགོས་ཏེ། བསྒྲུབ་པར་མི་ནུས་པའི་ཕྱིར་དང་། རང་གི་སེམས་བཏུལ་བ་ཉིད་ཀྱིས་དགོས་པ་འགྲུབ་པའི་ཕྱིར་ཏེ། སྤྱོད་འཇུག་ལས། སེམས་ཅན་མི་བསྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོངས་མི་ལང༌། །ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམས་དང་འདྲ། །ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །དེ་བཞིན་ཕྱི་རོལ་དངོས་པོ་ཡང༌། །བདག་གིས་ཕྱིར་བཟློག་མི་ལང་གིས། །བདག་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་གོ་ཅི་ཞིག་དགོས། །ཞེས་སོ། །གཉིས་པ་དེ་བསྒོམ་པ་ལ་འཇུག་པའི་ཐབས་ནི། སྒོ་མང་དུ་ཡོད་ཀྱང་རེ་ཞིག་བཟོད་པའི་ཕན་ཡོན་དང་མི་བཟོད་པའི་ཉེས་དམིགས་བསྒོམ་པ་བཤད་པར་བྱའོ། །དེ་ལ་ཕན་ཡོན་ནི། བྱང་ས་ལས། བྱང་ཆུབ་


JLD013_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ནི་ཐོག་མ་ཁོ་ནར་བཟོད་པ་ལ་ཕན་ཡོན་དུ་བལྟ་བ་ཡིན་ཏེ། གང་ཟག་བཟོད་པ་ཅན་ནི་ཕྱི་མ་ལ་དགྲ་མང་བར་མི་འགྱུར་བ་དང་འབྱེ་བ་མང་བར་མི་འགྱུར་བ་དང༌། བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་བ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང་། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་སྙམ་སྟེ། དེ་དེ་ལྟར་ཕན་ཡོན་དུ་བལྟ་བས་བདག་ཉིད་ཀྱིས་ཀྱང་བཟོད་ཅིང་། གཞན་ཡང་བཟོད་པ་ཡང་དག་པར་འཛིན་དུ་འཇུག་ལ། བཟོད་པའི་བསྔགས་པའང་བརྗོད་ཅིང་གང་ཟག་བཟོད་པ་ཅན་མཐོང་ན་ཡིད་དགའ་ཞིང་ཀུན་ཏུ་དགའ་བར་འགྱུར་བ་ཡིན་ནོ། །ཞེས་དང༌།ཕར་ཕྱིན་བསྡུས་པ་ལས་ཀྱང༌། གཞན་དོན་འདོར་བའི་ཡིད་དང་ལྡན་པ་ལ། །ཚུལ་གྱི་དམ་པ་བཟོད་པ་ཡིན་ཞེས་གསུངས། །འཇིག་རྟེན་ལེགས་པ་ཕུན་སུམ་ཚོགས་པ་དག །ཁྲོ་བའི་སྐྱོན་ལ་བཟོད་པས་ཡོངས་སུ་སྐྱོབ། །མཐུ་ལྡན་རྣམས་ཀྱི་རྒྱན་གྱི་དམ་པ་སྟེ། །དཀའ་ཐུབ་ཚུལ་འཆང་རྣམས་ལ་སྟོབས་ཀྱི་ཕུལ། །གནོད་སེམས་འབྲོག་གི་མེ་ལ་ཆུ་ཡི་རྒྱུན། །འདི་དང་གཞན་ལ་གནོད་དགུ་བཟོད་པས་སེལ། །སྐྱེ་བོ་མཆོག་གི་བཟོད་པའི་གོ་ཆ་ལ། །མི་བསྲུན་སྐྱེ་བོའི་ཚིག་གི་མདའ་རྡུགས་པས། །དེ་དག་བསྟོད་པའི་མེ་ཏོག་བཟང་གྱུར་ཅིང༌། །གྲགས་པའི་ཕྲེང་བ་ཡིད་དུ་འོང་བར་འགྱུར། །ཞེས་དང༌། ཡོན་ཏན་མཛེས་ལྡན་མཚན་རབ་བརྒྱན་པ་ཡི། །གཟུགས་སྒྲུབ་བཟོ་ཡི་གནས་


JLD013_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཟོད་པ་ཡིན། །ཞེས་སེམས་ཅན་གྱི་ལོག་སྒྲུབ་ཀྱིས་གཞན་དོན་ལས་མི་ལྡོག་པ་དང་། དགེ་རྩ་དུ་མ་འཇོམས་པའི་ཁྲོ་བའི་དགྲ་ལས་སྐྱོབ་པ་དང་། གནོད་བྱེད་མཐུ་ཆུང་ངུ་ལའང་བཟོད་པས་ཡིད་འཕྲོག་པའི་རྒྱན་དང༌། ཉོན་མོངས་གདུང་བར་བྱེད་པའི་དཀའ་ཐུབ་པ་རྣམས་ཀྱི་སྟོབས་དམ་པ་དང་། གནོད་སེམས་ཀྱི་མེ་ཆེན་པོ་འཇོམས་པའི་ཆུའི་རྒྱུན་དང་། མི་བསྲུན་པ་རྣམས་ཀྱི་ལོག་སྒྲུབ་ཀྱི་མདས་མི་ཕིགས་པའི་གོ་ཆ་དང༌། གསེར་གྱི་མདོག་ཅན་འགྲོ་བའི་མིག་དང་ཡིད་འཕྲོག་པའི་གཟུགས་བཟང་པོ་སྒྲུབ་པའི་བཟོ་བོ་མཁས་པ་ལ་སོགས་པའི་ཕན་ཡོན་དུ་མའི་སྒོ་ནས་བསྔགས་པའོ། །སྤྱོད་འཇུག་ལས་ཀྱང༌། གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་གསུངས་པ་ལྟར། བཟོད་པ་རྒྱུན་ལྡན་དུ་བསྟེན་ན་ནི་ཡིད་ཀྱི་དགའ་བ་མི་ཉམས་པས་ཚེ་འདིར་ཡང་དུས་ཐམས་ཅད་དུ་བདེ་ལ། ཕྱི་མ་ལ་ངན་འགྲོ་འགོག་ཅིང་བདེ་འགྲོ་ཁྱད་པར་ཅན་དང་། མཐར་ངེས་ལེགས་སྟེར་བས་འདི་ཕྱི་ཀུན་ཏུ་བདེ་བའོ། །དེ་དག་ལ་སོགས་པའི་ཕན་ཡོན་རྣམས་བཟོད་པ་ལས་བྱུང་བའི་རྒྱུ་འབྲས་ཀྱི་འབྲེལ་པ་ལ་ངེས་པ་ཤུགས་དྲག་ལ་བརྟན་པ་མ་རྙེད་ཀྱི་བར་དུ་བསྒོམ་པར་བྱའོ། །ཁྲོ་བའི་ཉེས་དམིགས་ལ། མ་མཐོང་བའི་ཉེས་དམིགས་ནི། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེར་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་པ་སྟེ། འདི་ནི་འཕགས་པ་དཔའ་བོས་མཛད་པ་ཇི་ལྟ་


JLD013_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་སྤྱོད་འཇུག་ཏུ་བཀོད་པར་སྣང་ངོ་། །འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ནི། བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་པར་གསུངས་ལ། འཇུག་པར་ཡང་། བསྐལ་པ་བརྒྱར་བསགས་པའི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གོམས་པར་བྱས་པའི་དགེ་བ་རྣམས་ཁོང་ཁྲོའི་བསམ་པ་སྐད་ཅིག་ཙམ་ཞིག་སྐྱེས་པས་ཀྱང་འཇོམས་པར་གསུངས་སོ། །ཡུལ་ཇི་འདྲ་ཞིག་ལ་ཁྲོས་པ་དགོས་པ་ནི། ཁ་ཅིག་བྱང་སེམས་དགོས་པར་འཆད་ལ། ཁ་ཅིག་ཡུལ་སྤྱི་ལ་བཞེད་པའི་སྔ་མ་ནི། འཇུག་པ་ལས། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས། ཞེས་གསུངས་པ་དང་མཐུན་པར་སྣང་ངོ་། །ཁོང་ཁྲོ་སྐྱེ་བའི་རྟེན་ནི། བྱང་སེམས་ཀྱིས་ཁྲོས་ནའང་དགེ་རྩ་འཇོམས་ན་བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་ན་ལྟ་ཅི་སྨོས་པར་འཇུག་འགྲེལ་ལས་གསུངས་ཤིང༌། ཡུལ་དེ་བྱང་སེམས་སུ་ངེས་མ་ངེས་དང་། ཁྲོ་བའི་རྒྱུ་མཚན་གྱི་སྐྱོན་མཐོང་བ་བདེན་མི་བདེན་ནི། སྔར་བཤད་པ་ལྟར་གྱི་དགེ་བ་འཇོམས་པ་ལ་འདྲ་བར་གསུངས་སོ། །སྤྱིར་དགེ་བའི་རྩ་བ་འཇོམས་པ་ལ་བྱང་སེམས་ལ་ཁྲོས་པ་མི་དགོས་ཏེ། བསླབ་བཏུས་ལས། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་ལས་ཀྱང༌། དགེ་སློང་དག །དགེ་སློང་གིས་འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་


JLD013_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་བར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྟར་ལགས་སོ། །དགེ་སློང་དག །འདིས་ས་ཇི་ཙམ་ཞིག་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་གྱི་འཁོར་ལོ་རྣམས་ལ་ཐུག་པའི་བར་ན་བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ། །ཞེས་བྱ་བ་ནས། དེ་ནས་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་བའི་རྩ་བ་དེ་ལྟ་བུར་ཆེ་བར་གསུངས་ན། བཅོམ་ལྡན་འདས། དགེ་བའི་རྩ་བ་དེ་དག་གང་དུ་ཟད་པ་དང་བསྲབས་པ་དང་ཡོངས་སུ་བྱང་བ་དང་ཡོངས་སུ་ཟད་པར་འགྱུར། ཉེ་བར་འཁོར། ཇི་ལྟར་ཚངས་པ་མཚུངས་པར་སྤྱོད་པ་ལ་རྨ་ཕྱུང་བ་དང་སྨས་པར་བྱས་པ་དེ་ལྟ་བུ་ནི་ངས་མ་མཐོང་སྟེ། ཉེ་བར་འཁོར། དེས་དགེ་བའི་རྩ་བ་ཆེན་པོ་འདི་དག་བསྲབས་པ་དང་ཡོངས་སུ་བྱང་བ་དང་ཡོངས་སུ་ཟད་པར་འགྱུར་རོ། །ཉེ་བར་འཁོར། དེ་ལྟ་བས་ན་ཅི་ནས་འགལ་བ་ལའང་སེམས་ཀྱིས་གནོད་པར་མི་བྱ་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས། ཞེས་འདོན་ནོ། །ཞེས་སོ། །དགེ་རྩ་བཅོམ་པའི་དོན་ནི། སྔར་གྱི་དགེ་བ་རྣམས་ཀྱི་འབྲས་བུ་མྱུར་དུ་བསྐྱེད་པའི་ནུས་པ་བཅོམ་ནས་འབྲས་བུ་འབྱིན་པ་རྒྱང་བསྲིངས་ཏེ་སྔོན་ལ་ཞེ་སྡང་ལྟ་བུ་དེའི་འབྲས་བུ་འབྱིན་པ་ཡིན་གྱི། ད་གདོད་རྐྱེན་དང་ཕྲད་ན་རང་རང་གི་འབྲས་བུ་མི་འབྱིན་


JLD013_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་ཏེ། འཇིག་རྟེན་པའི་ལམ་གང་གིས་ཀྱང་སྤང་བྱའི་ས་བོན་སྤོང་མི་ནུས་ན་ཉོན་མོངས་པས་ས་བོན་སྤོང་བ་མི་སྲིད་པའི་ཕྱིར་རོ། །ཞེས་མཁས་པ་འགའ་ཞིག་གསུང་ངོ་། །རྒྱུ་མཚན་དེ་ནི་མ་ངེས་པར་སྣང་སྟེ། སོ་སོ་སྐྱེ་བོས་གཉེན་པོ་སྟོབས་བཞིས་མི་དགེ་བ་སྦྱངས་པའི་དག་པའང་ས་བོན་སྤངས་པ་མིན་ཀྱང་། ད་གཟོད་རྐྱེན་དང་ཕྲད་ཀྱང་རྣམ་སྨིན་འབྱིན་པ་མི་སྲིད་པའི་ཕྱིར་དང༌། རང་རང་གི་རྣམ་སྨིན་ཕྱུང་ནས་ཟད་པའི་ལས་དགེ་མི་དགེ་ཡང་ས་བོན་སྤངས་པ་མིན་ཀྱང་། ཕྱིན་ཆད་རྐྱེན་དང་ཕྲད་ཀྱང་རྣམ་སྨིན་དེ་འབྱུང་མི་སྲིད་པའི་ཕྱིར་དང༌། སྦྱོར་ལམ་རྩེ་མོ་དང་བཟོད་པ་ཐོབ་པའི་ཚེ་ལོག་ལྟ་དང་ངན་འགྲོའི་རྒྱུར་གྱུར་པའི་མི་དགེ་བའི་ས་བོན་མ་སྤངས་ཀྱང་། རྐྱེན་དང་ཕྲད་ནའང་ལོག་ལྟ་དང་ངན་འགྲོར་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་སྔར་དྲངས་པའི་ལས་ཀྱིས་འཁོར་བར་ལྕི་གང་དང༌། །ཞེས་གསུངས་པ་ལྟར། དགེ་མི་དགེའི་ལས་གང་སྔོན་ལ་སྨིན་པ་དེས་རེ་ཞིག་ལ་ལས་གཞན་དེ་སྨིན་པའི་གོ་སྐབས་བཀག་ཀྱང་དེ་ཙམ་གྱིས་དགེ་བའམ་མི་དགེ་བ་འཇོམས་པར་བཞག་མི་ནུས་ཤིང་མ་གསུངས་པའི་ཕྱིར། རེ་ཞིག་རྣམ་སྨིན་རྒྱང་བསྲིངས་པ་ཙམ་དགེ་རྩ་བཅོམ་པའི་དོན་དུ་མི་རུང་སྟེ། གཞན་དུ་ན་མི་དགེ་བའི་ལས་སྟོབས་ལྡན་ཐམས་ཅད་དགེ་རྩ་འཇོམས་བྱེད་དུ་གསུང་དགོས་པར་འགྱུར་རོ། །དེས་ན་འདི་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ནི། སྔར་བཤད་པ་ལྟར་མི་དགེ་བ་སྟོབས་བཞིས་སྦྱངས་པ་དང་། ལོག་ལྟ་དང་གནོད་སེམས་ཀྱིས་


JLD013_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྩ་བཅོམ་པ་གཉིས་ཀ༌ས་བོན་ཉམས་པ་རྐྱེན་དང་ཕྲད་ཀྱང་མྱུ་གུ་མི་འབྱུང་བ་ལྟར། ད་གདོད་རྐྱེན་དང་ཕྲད་ཀྱང་འབྲས་བུ་འབྱིན་མི་ནུས་པར་གསུངས་སོ། །དེ་ཡང་སྔར་བཤད་པ་ལྟར་སྡིག་པ་བསགས་པ་སྟོབས་བཞིས་སྦྱངས་པས་འདག་ཀྱང་ལམ་གོང་མ་སྐྱེ་བ་བུལ་དུ་སོང་བ་མི་འགལ་བ་ལྟར། ཁ་ཅིག་ལ་སྦྱིན་པ་བཏང་བ་དང་ཚུལ་ཁྲིམས་བསྲུངས་པའི་འབྲས་བུ་ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་འབྱུང་བ་ལྟ་བུ་ཞིག་བཅོམ་ཡང་། གཏོང་བ་དང་སྤོང་སེམས་ལ་གོམས་པའི་བྱེད་པ་རྒྱུ་མཐུན་གྱིས་སླར་ཡང་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་དགེ་རྩ་སྐྱེ་སླ་བ་འཇོམས་མི་ནུས་པ་དང༌། ཁ་ཅིག་ལ་ནང་གི་ཚུལ་ཁྲིམས་ལ་སོགས་པའི་བྱེད་པ་རྒྱུ་མཐུན་རིགས་འདྲ་རྒྱུན་ཆགས་སུ་འབྱུང་བ་བཅོམ་ནས། ལུས་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པ་འབྱུང་བ་མི་འཇོམས་པ་དང༌། ཁ་ཅིག་ལ་སྔར་བཤད་པ་ལྟར་ལུང་བསྟན་ཐོབ་པའི་བྱང་སེམས་ལ་ཁོང་ཁྲོ་མ་སྐྱེས་ན་བསྐལ་པ་གཅིག་གིས་རྫོགས་པར་བགྲོད་ནུས་པའི་ལམ་གྱི་རྟོགས་པ་འགའ་ཞིག་ཁོང་ཁྲོའི་བསམ་པ་གཅིག་སྐྱེས་ན་ལམ་དེ་རྒྱུད་ལ་ཡོད་པ་མ་བཏང་ཡང་བསྐལ་པ་གཅིག་གི་ཡུན་གྱིས་ལམ་བགྲོད་པ་བུལ་དུ་སོང་བ་ལྟ་བུ་སྟེ། མདོར་ན་མི་དགེ་བ་འདག་པ་ལའང་དེའི་བྱེད་པ་གང་ཡིན་ཐམས་ཅད་འདག་མི་དགོས་པ་དང་འདྲ་བར། དགེ་བ་བཅོམ་པ་ལའང་དེའི་བྱེད་པ་གང་ཡིན་ཐམས་ཅད་འཇོམས་མི་དགོས་སམ་སྙམ་མོ། །འོན་ཀྱང་འདི་གལ་ཆེ་ཞིང་སངས་རྒྱས་ཉག་གཅིག་གི་ལུང་


JLD013_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་ལ་བརྟེན་པའི་རིགས་པ་ལ་བརྟེན་ནས་དཔྱད་དགོས་པ་ཁོ་ནར་སྣང་བས་ལེགས་པར་གསུང་རབ་བལྟས་ལ་དཔྱད་པར་བྱའོ། །དེ་ལྟར་ན་རང་གི་རྣམ་སྨིན་ཡིད་དུ་མི་འོང་བ་ཆེས་དྲག་པ་འཕེན་པ་དང༌། གཞན་གྱི་རྣམ་སྨིན་ཆེས་ཡིད་དུ་འོང་བ་འབྱིན་པ་དཔག་ཏུ་མེད་པ་འགོག་པ་ནི་མ་མཐོང་བའི་ཉེས་དམིགས་སོ། །མཐོང་ཆོས་ཀྱི་ཉེས་དམིགས་ནི། ཡིད་ཞི་ཞིང་དེས་པ་ཉམས་སུ་མི་མྱོང་བ་དང་དགའ་བ་དང་བདེ་བ་སྔར་ཡོད་འཇིག་ཅིང་ཕྱི་མ་མི་འཐོབ་པ་དང་གཉིད་མི་ཕེབས་ཤིང་སེམས་རྣལ་དུ་གནས་པའི་བརྟན་པ་ཉམས་པ་དང༌། ཞེ་སྡང་ཆེ༌ན་སྔར་དྲིན་གྱིས་བསྐྱངས་པས་ཀྱང་དྲིན་བརྗེད་ནས་གསོད་པ་དང་མཛའ་བཤེས་ཀྱིས་ཀྱང་སུན་ནས་སྤོང་བ་དང་སྦྱིན་པས་བསྡུས་ཀྱང་མི་སྡོད་པ་ལ་སོགས་པ་སྟེ། སྤྱོད་འཇུག་ལས། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བ་ཉམས་མི་མྱོང༌། །དགའ་དང་བདེ་བའང་མི་འཐོབ་ལ། །གཉིད་མི་འོང་ཞིང་བརྟན་མི་འགྱུར། །གང་དག་ནོར་དང་བཀུར་སྟི་ཡིས། །དྲིན་བྱིན་དེ་ལ་བརྟེན་གྱུར་པ། །དེ་དག་ཀྱང་ནི་སྡང་ལྡན་པའི། །རྗེ་དཔོན་དེ་ལ་གསོད་པར་རྒོལ། །དེ་ཡིས་མཛའ་བཤེས་སྐྱོ་བར་འགྱུར། །སྦྱིན་པས་བསྡུས་ཀྱང་སྟེན་མི་བྱེད། །མདོར་ན་ཁྲོ་བ་བདེར་གནས་པ། །དེ་ནི་འགའ་ཡང་ཡོད་མ་ཡིན། །ཞེས་སོ། །སྐྱེས་རབས་ལས་ཀྱང༌། ཁྲོ་བའི་མེ་ཡིས་བཞིན་མདོག་ཉམས་གྱུར་ན། །རྒྱན་གྱིས་བརྒྱན་ཡང་བཟང་པོར་ཡོང་མི་སྣང༌། །མལ་སྟན་བཟང་པོ་དག་ལ་ཉལ་གྱུར་ཀྱང༌། །ཁྲོ་བའི་ཟུག་རྔུས་སེམས་ནི་སྡུག་བསྔལ་འགྱུར། །


JLD013_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་ཕན་པའི་དོན་འགྲུབ་བརྗེད་འགྱུར་ཏེ། །ཁྲོ་བས་གདུངས་ནས་ལམ་ངན་འགྲོ་བར་བྱེད། །གྲགས་དང་དོན་གྲུབ་པ་ལས་ཉམས་པར་འགྱུར། །ཟླ་བ་མར་གྱི་ངོ་བཞིན་དཔལ་ཡང་ཉམས། །མཛའ་བཤེས་དག་གིས་རབ་ཏུ་གཅུགས་གྱུར་ཀྱང༌། །ཁྲོ་བས་མི་རིགས་གཡང་སར་ལྟུང་བར་འགྱུར། །ཕན་དང་གནོད་པར་སེམས་ལ་བློ་ཉམས་ནས། །ཕལ་ཆེར་འགལ་ཞིང་སེམས་ནི་རྨོངས་པར་འགྱུར། །ཁྲོ་བས་སྡིག་པའི་ལས་ནི་གོམས་བྱས་པས། །ངན་སོང་དག་ཏུ་ལོ་བརྒྱར་སྡུག་བསྔལ་མྱོང༌། །གནོད་པ་ཆེན་པོ་བྱས་པས་ཤར་གཉེར་བའི། །དགྲས་ཀྱང་དེ་ལས་ལྷག་པ་ཅི་བྱར་ཡོད། །ཁྲོ་བ་འདི་ནི་ནང་གི་དགྲ། །བདག་གིས་དེ་ལྟར་ཤེས་ནས་ནི། །དེ་ཡི་མཐུ་ནི་འཕྲོ་བ་དག །སྐྱེས་བུ་སུ་ཞིག་བཟོད་པར་བྱེད། །ཅེས་གསུངས་སོ། །དེ་དག་ལ་སོགས་པའི་ཉེས་དམིགས་རྣམས་ཁྲོ་བ་ལས་འབྱུང་བ་ལ་ངེས་པ་བརྟན་པོ་རྙེད་རྙེད་དུ་བསྒོམ་པར་བྱའོ། །དེ་ལྟར་ན་སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། ཕན་ཡོན་དང་ཉེས་དམིགས་མཐོང་བ་སྔོན་དུ་བཏང་ལ་སྒོ་དུ་མ་ནས་བཟོད་པ་བསྒོམ་པ་ལ་འབད་དོ། །རྐང་པ་དང་པོའི་རྒྱུ་མཚན་ནི། འཇུག་འགྲེལ་ལས། རྒྱ་མཚོ་ཆེན་པོའི་ཆུའི་ཚད་སྲང་གྲངས་ཀྱིས་ངེས་པར་མི་ནུས་པ་ལྟར་དེར་རྣམ་པར་སྨིན་པའི་མཚམས་ངེས་པར་མི་ནུས་སོ། །དེའི་ཕྱིར་དེ་ལྟར་འབྲས་བུ་ཡིད་དུ་མི་འོང་བ་འཕེན་པ་དང་དགེ་བ་ལ་གནོད་པ་བྱེད་པའི་སྡིག་པ་ནི་


JLD013_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟོད་པ་ལས་གཞན་མཆོག་ཏུ་བྱུང་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་ཏེ། རྣམ་སྨིན་ཡིད་དུ་མི་འོང་བ་ཆེས་ཆེ་བ་འབྱིན་ཀྱང་དགེ་རྩ་མི་འཇོམས་ན་དེ་ཙམ་དུ་སྡིག་ཆེ་བ་མིན་པའི་ཕྱིར་རོ། །འོན་ཀྱང་རྣམ་སྨིན་ཚབས་ཆེ་བ་འབྱིན་པ་དང་དགེ་རྩ་འཇོམས་པ་གཉིས་ཀ་ཚོགས་པའི་ཉེས་སྤྱོད་ནི་ཞེ་སྡང་ལས་གཞན་པའང་མང་སྟེ། རྒྱུ་འབྲས་ལ་སྐུར་པ་འདེབས་པའི་ལོག་ལྟ་དང་དམ་པའི་ཆོས་སྤོང་བ་དང་བྱང་སེམས་དང་བླ་མ་ལ་སོགས་པ་ལ་ཆེས་ཆེར་ཁྱད་དུ་གསོད་ཅིང་ང་རྒྱལ་བསྐྱེད་པ་སོགས་ཏེ་བསླབ་བཏུས་ལས་ཤེས་པར་བྱའོ། །བཟོད་པའི་རབ་དབྱེ་ལ་གསུམ། གནོད་བྱེད་ལ་ཇི་མི་སྙམ་པ་དང༌། སྡུག་བསྔལ་དང་དུ་ལེན་པ་དང༌། ཆོས་ལ་ངེས་སེམས་ཀྱི་བཟོད་པའོ། །དང་པོ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བསྐྱེད་པ་ལ་གཉིས། གནོད་བྱེད་ཀྱིས་གནོད་པ་བྱས་པ་ལ་མི་བཟོད་པ་དགག་པ་དང༌། གནོད་བྱེད་འབྱོར་པ་ལ་མི་དགའ་ཞིང་རྒུད་པ་ལ་དགའ་བ་དགག་པའོ། །དང་པོ་ལ་གཉིས། བདེ་བའི་གེགས་བྱས་པ་དང་སྡུག་བསྔལ་བར་བྱས་པ་ལ་མི་བཟོད་པ་དགག་པ་དང༌། བཀུར་བ་སོགས་ཀྱི་གེགས་བྱས་པ་དང་བརྙས་པ་སོགས་གསུམ་བྱེད་པ་ལ་མི་བཟོད་པ་དགག་པའོ། །དང་པོ་ལ་གཉིས། ཁྲོ་བར་བྱ་བ་མི་རིགས་པར་བསྟན་པ་དང༌། བརྩེ་བར་བྱ་བ་རིགས་པར་བསྟན་པའོ། །དང་པོ་ལ་གསུམ། ཡུལ་དང༌། ཡུལ་ཅན་དང༌། རྟེན་ལ་བརྟགས་ན་མི་རིགས་པའོ། །དང་པོ་ལ། རང་དབང་ཡོད་མེད་བརྟགས་ན་མི་རིགས་པ་


JLD013_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ནི། གནོད་བྱེད་ལ་ཁྲོ་བར་རིགས་པའི་རྒྱུ་མཚན་གང་ཡིན་སྙམ་དུ་བརྟག་པར་བྱའོ། །དེ་ལྟར་བརྟགས་པ་ན་དེས་རང་ལ་གནོད་པ་བྱེད་འདོད་ཀྱི་བསམ་པ་སྔོན་དུ་བཏང་ནས། སྦྱོར་བས་རང་གི་བདེ་བ་བཀག་པའམ་ལུས་དང་སེམས་ལ་ཡིད་དུ་མི་འོང་བའི་སྡུག་བསྔལ་བསྐྱེད་པས་སོ་སྙམ་ན། གལ་ཏེ་དེས་རང་ལ་གནོད་པ་མི་བྱེད་པ་ལ་རང་དབང་ཡོད་བཞིན་དུ་གནོད་པ་བསྐྱལ་བས་ཁྲོ་བ་ཡིན་ནམ། དེ་ལ་རང་དབང་གཏན་མེད་དེ། གཞན་གྱིས་དབང་མེད་དུ་བསྐུལ་ནས་གནོད་པ་བྱས་པ་ཡིན་པས་ཁྲོ་བ་ཡིན། དང་པོ་ལྟར་ན་ཁྲོ་བར་མི་རིགས་ཏེ། དེས་གནོད་པ་བྱེད་པ་དེ་ལ་རང་ལ་རང་དབང་མེད་པའི་ཕྱིར་ཏེ། འདི་ལྟར་སྔོན་གོམས་པའི་ཉོན་མོངས་ཀྱི་ས་བོན་ཡོད་པ་དང་ཡུལ་ཉེ་བ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་དང་རྐྱེན་རྣམས་ཚོགས་པ་ན་གནོད་པའི་སེམས་དེ་བསྐྱེད་དོ་སྙམ་དུ་མ་བསམས་ཀྱང་རྒྱུ་རྐྱེན་དེ་དག་གིས་བསྐྱེད་པར་འགྱུར་བའི་ཕྱིར་དང༌། རྒྱུ་རྐྱེན་དེ་དག་མ་ཚང་ན་བསྐྱེད་དོ་སྙམ་དུ་བསམས་ཀྱང་གཏན་མི་སྐྱེ་བའི་ཕྱིར་རོ། །དེ་ལྟར་རྒྱུ་རྐྱེན་དེ་དག་གིས་གནོད་པ་བྱེད་འདོད་བསྐྱེད་ལ། དེས་ཀྱང་གནོད་པ་བྱེད་པའི་སྦྱོར་བ་རྣམས་བསྐྱེད་ཅིང་། དེས་གཞན་ལ་སྡུག་བསྔལ་བསྐྱེད་པའི་ཕྱིར་ན་གང་ཟག་དེ་ལ་རང་དབང་ཅུང་ཟད་ཀྱང་མེད་དོ། །ཁོ་ཉིད་ཀྱང་ཉོན་མོངས་པའི་གཞན་གྱི་དབང་དུ་གྱུར་པས་དེའི་བྲན་ལྟར་སོང་བའི་ཕྱིར་རོ། །རང་ལ་རང་དབང་གཏན་མེད་པར་གཞན་གྱིས་དབང་མེད་དུ་བསྐུལ་ནས་གནོད་པ་བྱས་པ་ཡིན་ན་ནི་ཤིན་ཏུ་ཡང་ཁྲོ་བར་མི་རིགས་ཏེ། དཔེར་ན་


JLD013_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་གྱིས་བརླམས་ནས་དེའི་དབང་དུ་སོང་བ་འགའ་ཞིག་རང་དེ་ལས་ཐར་བར་བྱེད་པའི་ཕན་འདོགས་མཁན་ལ་གནོད་པ་བྱེད་འདོད་ཅིང་བརྡེག་པ་སོགས་བྱེད་ཀྱང༌། འདི་ནི་གདོན་གྱིས་རང་དབང་མེད་པར་བྱས་པས་དེ་ལྟར་བྱེད་དོ་སྙམ་ནས་དེ་ལ་ཅུང་ཟད་ཀྱང་མི་ཁྲོ་བར་གདོན་དང་ཅི་ཕྲེལ་ཕྲེལ་ལ་འབད་པ་བཞིན་དུ། བྱང་སེམས་ཀྱིས་ཀྱང་གནོད་བྱེད་ཀྱིས་གནོད་པ་བྱེད་པ་ན་འདི་ནི་ཉོན་མོངས་པའི་གདོན་གྱིས་རང་དབང་མེད་པར་བྱས་པས་དེ་ལྟར་བྱེད་པ་ཡིན་ནོ་སྙམ་དུ་བསམས་ནས། གང་ཟག་དེ་ལ་ཅུང་ཟད་ཀྱང་མི་ཁྲོ་བར་འདི་ཉོན་མོངས་པ་དེ་དང་དབྲལ་བའི་ཕྱིར་དུ་བདག་གིས་བྱང་སེམས་ཀྱི་སྤྱོད་པ་ལ་འབད་དོ་སྙམ་དུ་སེམས་བསྐྱེད་དགོས་སོ། །དེ་ལྟར་ཡང་བཞི་བརྒྱ་པ་ལས། ཁྲོ་ཡང་འབྱུང་པོས་བཟུང་བ་ལས། །སྨན་པ་འཁྲུག་པ་མིན་དེ་ལྟར། །ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་དང༌། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། འདི་འདིར་སེམས་ཅན་སྐྱོན་མིན་གྱི། །འདི་ནི་ཉོན་མོངས་རྣམས་སྐྱོན་ཞེས། །རྣམ་པར་དཔྱད་ནས་མཁས་པ་རྣམས། །སེམས་ཅན་དག་ལ་འཁྲུག་མི་བྱེད། །ཅེས་གསུངས་པ་ལྟར་རོ། །སྤྱོད་འཇུག་ནས་རིགས་པ་མང་དུ་གསུངས་ཀྱང་འདི་ཉིད་ངེས་པ་སྐྱེ་སླ་ཞིང་ཁྲོ་བའི་གཉེན་པོར་འགྱུར་ཚབས་ཆེ་བར་སྣང་ལ། བྱང་སར་ཡང་ཆོས་ཙམ་གྱི་འདུ་ཤེས་བསྒོམས་ནས་གནོད་པ་བཟོད་པར་གསུངས་པའང་འདི་དང་དོན་གཅིག་པས་འདི་ལ་ངེས་པ་རྙེད་རྙེད་དུ་


JLD013_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱའོ། །གལ་ཏེ་སེམས་ཅན་དེ་དག་ལ་རང་དབང་ཡོད་ན་ནི་འགའ་ཡང་སྡུག་བསྔལ་བར་མི་འགྱུར་ཏེ། སྡུག་བསྔལ་དེ་མི་འདོད་པའི་ཕྱིར་དང་། དེ་ལའང་རང་དབང་ཡོད་པའི་ཕྱིར་རོ། །གཞན་ཡང་དེ་དག་ཉོན་མོངས་དྲག་པོས་བསྐྱོད་པ་ན་ཆེས་ཤིན་ཏུ་སྡུག་ཅིང་ཕངས་པའི་རང་ལའང་འགག་པ་དང་གཡང་དུ་མཆོང་པ་དང༌། ཚེར་མ་དང་མཚོན་ལ་སོགས་པས་གནོད་པ་བྱེད་ཅིང་ཁ་ཟས་གཅོད་པ་སོགས་བྱེད་ན། གཞན་ལ་གནོད་པ་ལྟ་ཅི་སྨོས་སྙམ་དུ་བསམས་ནས་ཀྱང་ཁྲོ་བ་དགག་པར་བྱའོ། །སྤྱོད་འཇུག་ལས། དེ་ལྟར་ཐམས་ཅད་གཞན་གྱི་དབང༌། །དེ་ཡི་དབང་གིས་དེ་དབང་མེད། །དེ་ལྟར་ཤེས་ནས་སྤྲུལ་ལྟ་བུའི། །དངོས་པོ་ཀུན་ལ་ཁྲོ་མི་འགྱུར། །ཞེས་དང༌། དེ་བས་དགྲ་འམ་མཛའ་ཡང་རུང༌། །མི་རིགས་བྱེད་པ་མཐོང་གྱུར་ན། །འདི་འདྲའི་རྐྱེན་ལས་གྱུར་ཏོ་ཞེས། །དེ་ལྟར་སོམས་ཏེ་བདེ་བར་མནོས། །གལ་ཏེ་རང་དགས་འགྲུབ་འགྱུར་ན། །འགའ་ཡང་སྡུག་བསྔལ་མི་འདོད་པས། །ལུས་ཅན་དག་ནི་ཐམས་ཅད་ཀྱང༌། །སུ་ལའང་སྡུག་བསྔལ་འབྱུང་མི་འགྱུར། །ཞེས་དང༌། གང་ཚེ་ཉོན་མོངས་དབང་གྱུར་པས། །བདག་སྡུག་ཉིད་ཀྱང་གསོད་བྱེད་པ། །དེ་ཚེ་དེ་དག་གཞན་ལུས་ལ། །གནོད་མི་བྱེད་པར་ཇི་ལྟར་འགྱུར། །ཞེས་གསུངས་སོ། །གློ་བུར་བ་དང་རང་བཞིན་གང་ཡིན་བརྟགས་ན་མི་རིགས་པ་ནི། གཞན་ལ་འཚེ་བ་བྱེད་པའི་སྐྱོན་དེ་སེམས་ཅན་གྱི་རང་བཞིན་ཡིན་མིན་གཉིས་ལས་མི་འདའ་བས་རང་བཞིན་ཡིན་ན་ནི་ཁྲོ་བར་མི་རིགས་ཏེ་མེ་ཚ་ཞིང་བསྲེག་པ་ལ་ཁྲོ་བར་མི་རིགས་པ་བཞིན་ནོ། །


JLD013_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་གློ་བུར་བ་ཡིན་ནའང་ཁྲོ་བར་མི་རིགས་ཏེ། དུ་བ་ལ་སོགས་པ་ནམ་མཁའ་ལ་སྣང་བ་ན་དེའི་སྐྱོན་གྱི་དབང་གིས་ནམ་མཁའ་ལ་ཁྲོ་བར་མི་རིགས་པ་བཞིན་ནོ་སྙམ་དུ་བསམས་ལ་ཁྲོ་བ་དགག་སྟེ། སྤྱོད་འཇུག་ལས། གལ་ཏེ་གཞན་ལ་འཚེ་བྱེད་པ། །བྱིས་པ་རྣམས་ཀྱི་རང་བཞིན་ན། །དེ་ལ་ཁྲོ་བར་མི་རིགས་ཏེ། །བསྲེག་པའི་རང་བཞིན་མེ་བཀོན་འདྲ། །འོན་ཏེ་སྐྱོན་དེ་གློ་བུར་ལ །སེམས་ཅན་རང་བཞིན་ངེས་པ་ན། །འོ་ནའང་ཁྲོ་བར་མི་རིགས་ཏེ། །མཁའ་ལ་དུད་འཐུལ་བཀོན་པ་བཞིན། །ཞེས་སོ། །དངོས་དང་བརྒྱུད་པ་གང་གིས་གནོད་པ་ལ་བརྟགས་ན་མི་རིགས་པ་ནི། དངོས་སུ་གནོད་པ་བསྐྱེད་པའི་གནོད་བྱེད་ལ་ཁྲོ་ན་ནི། དབྱུག་པ་སོགས་ལ་གང་ཟག་བཞིན་དུ་ཁྲོ་དགོས་ལ། བརྒྱུད་ནས་གནོད་པ་སྐྱེལ་བའི་གནོད་བྱེད་ལ་ཁྲོ་ན་ནི། དབྱུག་པ་སོགས་སྐྱེས་བུས་རྦད་པ་བཞིན་དུ་སྐྱེས་བུ་ཡང་གནོད་པ་བྱེད་པ་ལ་ཞེ་སྡང་གིས་རྦད་པས་ཞེ་སྡང་ལ་ཁྲོ་དགོས་ཏེ། དབྱུག་པ་ལ་སོགས་དངོས་བཀོལ་ཏེ། །གལ་ཏེ་འཕེན་པ་ལ་ཁྲོ་ན། །དེ་ཡང་ཞེ་སྡང་གིས་རྦད་པས། །ཉེས་ན་ཞེ་སྡང་ལ་ཁྲོ་རིགས། །ཞེས་སོ། །དེས་ན་དབྱུག་པ་ལ་མི་ཁྲོ༌ན་འཕེན་མཁན་ལའང་ཁྲོ་བར་མི་རིགས་ལ། འཕེན་མཁན་ལ་ཁྲོ༌ན་ཞེ་སྡང་ལའང་ཁྲོ་བར་རིགས་པ་ལ་དེ་ལྟར་མི་འཛིན་པ་ནི། བློ་མི་རིགས་པའི་ལམ་དུ་སོང་བ་ཡིན་པས་རིགས་པ་རྣམ་པ་ཐམས་ཅད་དུ་མཚུངས་པ་ལ་ངེས་པ་དྲང་ལ། དབྱུག་པ་ལྟར་གང་ཟག་


JLD013_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་མི་ཁྲོ་བར་བྱ་བའི་ཕྱོགས་སུ་ཡིད་དྲང་སྟེ། འདི་ལའང་དབྱུག་པ་དང་འཕེན་པ་པོ་ལ་གནོད་སེམས་ཡོད་མེད་ཀྱིས་མི་ཕྱེད་པ་ནི། སྔར་བསྟན་པའི་རང་དབང་འགོག་པའི་རིགས་པས་ཤེས་པར་བྱའོ། །གནོད་བྱེད་བསྐུལ་བའི་རྒྱུ་ལ་བརྟགས་ན་ཁྲོ་བར་མི་རིགས་པ་ནི། གནོད་བྱེད་ཀྱིས་བསྐྱེད་པའི་སྡུག་བསྔལ་མྱོང་བ་ནི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་མི་འབྱུང་བས་རྗེས་སུ་མཐུན་པའི་རྒྱུ་ལས་འབྱུང་བ་ཡིན་ལ། དེ་ཡང་སྔོན་གྱི་མི་དགེ་བའི་ལས་ཡིན་པའི་ཕྱིར་ན། རང་གི་ལས་ཀྱི་དབང་གིས་གནོད་བྱེད་རང་དབང་མེད་པར་བསྐུལ་བ་ཡིན་ནོ། །དེའི་ཕྱིར་རང་གིས་ལན་པ་ལ་གཞན་ལ་ཁྲོ་བར་མི་རིགས་སོ་སྙམ་དུ་རང་ལ་ལེ་ལན་དེད་ནས་ཁྲོ་བ་རྣམ་པ་ཐམས་ཅད་དུ་དགག་པར་བྱ་སྟེ། དཔེར་ན་སེམས་ཅན་དམྱལ་བའི་སྲུང་མ་རྣམས་རང་གི་ལས་ངན་གྱིས་བསྐྱེད་ནས་རང་ལ་གནོད་པ་བྱེད་པ་བཞིན་ཏེ། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་དང༌། བྱིས་པ་སྡུག་བསྔལ་མི་འདོད་ཅིང༌། །སྡུག་བསྔལ་རྒྱུ་ལ་བརྐམ་པས་ན། །རང་གི་ཉེས་པས་གནོད་འགྱུར་ན། །གཞན་ལ་བཀོན་དུ་ཅི་ཞིག་ཡོད། །དཔེར་ན་དམྱལ་བའི་སྲུང་མ་དང༌། །རལ་གྲི་ལོ་མའི་ནགས་ཚལ་ལྟར། །རང་གི་ལས་ཀྱིས་འདི་བསྐྱེད་ན། །གང་ཞིག་ལ་ནི་ཁྲོ་བར་བྱ། །བདག་གི་ལས་ཀྱིས་བསྐུལ་བྱས་ནས། །བདག་ལ་གནོད་བྱེད་རྣམས་འབྱུང་སྟེ། །དེ་ཡིས་སེམས་


JLD013_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དམྱལ་འདོང་ན། །བདག་གིས་དེ་དག་མ་བརླག་གམ། །ཞེས་སོ། །ཤ་པོ་བའི་ཞལ་ནས་ཀྱང༌། ངས་མ་ལན་ཟེར་ཙ༌ན་དོན་དུ་ན་ཆོས་ཀྱི་བག་ཞད་ཀྱང་མེད་བྱ་བར་བསྟན་གསུང་ལོ།ཡུལ་ཅན་ལ་བརྟགས་ན་ཁྲོ་བར་མི་རིགས་པ་ནི། གནོད་བྱེད་ལ་ཁྲོ་བ་བསྐྱེད་པ་ནི་སྡུག་བསྔལ་མ་བཟོད་པས་ཡིན་ན་དེ་ནི་འགལ་བ་ཡིན་ཏེ། ད་ལྟའི་སྡུག་བསྔལ་ཕྲ་མོ་ཞིག་ལ་མི་བཟོད་ནས་ངན་འགྲོའི་སྡུག་བསྔལ་དཔག་ཏུ་མེད་པའི་རྒྱུ་ནན་གྱིས་བསྐྱེད་པའི་ཕྱིར་རོ། །དེས་ན་བདག་ནི་ཤིན་ཏུ་བླུན་པའོ་སྙམ་དུ་རང་གིས་རང་ལ་ཁྲེལ་དེད་དེ་ཁྲོ་བ་མ་ཤོར་བ་ལ་འབད་པར་བྱ་སྟེ། ད་ལྟའི་སྡུག་བསྔལ་འདི་ཙམ་ལའང༌། །བདག་གིས་བཟོད་པར་མི་ནུས་ན། །དེས་ན་དམྱལ་བའི་སྡུག་བསྔལ་རྒྱུ། །ཁྲོ་བ་ཅི་སྟེ་ཟློག་མི་བྱེད། །ཅེས་སོ། །དེ་ལ་གནོད་པས་བསྐྱེད་པའི་སྡུག་བསྔལ་ནི་སྔོན་གྱི་ལས་ངན་གྱི་འབྲས་བུ་ཡིན་པས་དེ་མྱོང་བས་ནི་སྔོན་གྱི་ལས་ངན་འཛད་ལ། བཟོད་པར་བྱས་ན་ནི་སྡིག་གསར་དུ་མི་གསོག་ཅིང་། བསོད་ནམས་མང་པོ་འཕེལ་བས། ཁོ་རང་གི་ཆོས་ཉམས་པ་ལའང་མི་བལྟ་བར་རང་གི་སྡིག་པ་སྦྱང་བའི་ཕྱིར་དུ་ཞུགས་པ་འདྲ་བའི་གནོད་བྱེད་ལ་དྲིན་དུ་བལྟ་དགོས་ཏེ། སྐྱེས་རབས་ལས། གང་ཞིག་རང་གི་ཆོས་ཉམས་མི་སེམས་པར། །བདག་གི་སྡིག་སྦྱང་ཕྱིར་ནི་ཞུགས་འདྲ་ལ། །འདི་ལའང་བདག་གིས་བཟོད་པར་མི་བྱེད་ན། །དེ་ལས་གཞན་པ་དྲིན་མེད་ཅི་འདྲ་ཞིག །ཅེས་དང༌། འཇུག་པ་ལས་ཀྱང༌། སྔོན་


JLD013_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཡི་མི་དགེའི་ལས་ཀྱི་འབྲས་བུ་གང༌། །ཟད་པར་བྱེད་པར་བརྗོད་པར་འདོད་པ་དེ་ཉིད་ཀོ །གཞན་ལ་གནོད་པ་དང་ནི་ཁྲོ་བས་སྡུག་བསྔལ་ཕྱིར། །ས་བོན་ཉིད་དུ་ཇི་ལྟ་བུར་ན་འཁྲིད་པར་བྱེད། །ཅེས་སོ། །དེས་ན་ནད་ཆེན་པོ་གསོ་བའི་ཐབས་སུ་གཏར་སྲེག་བྱེད་པ་ལ་བཟོད་པ་ལྟར། སྡུག་བསྔལ་ཆེན་པོ་བཟློག་པའི་ཕྱིར་དུ་སྡུག་བསྔལ་ཆུང་ངུ་ལ་བཟོད་པར་ཤིན་ཏུ་རིགས་སོ། །རྟེན་ལ་བརྟགས་ན་ཁྲོ་བར་མི་རིགས་པ་ལ། གནོད་པའི་རྒྱུ་དང་སྐྱོན་ཅན་སྐྱོན་མེད་ལ་བརྟག་པ་ནི། དེ་ཡི་མཚོན་དང་བདག་གི་ལུས། །གཉིས་ཀ་སྡུག་བསྔལ་རྒྱུ་ཡིན་ཏེ། །དེས་མཚོན་བདག་གིས་ལུས་ཕྱུང་ན། །གང་ཞིག་ལ་ནི་ཁྲོ་བར་བྱེད། །ཤུ་བ་མི་ཡི་གཟུགས་འདྲ་བ། །རེག་ཏུ་མི་བཟོད་སྡུག་བསྔལ་ཅན། །སྲེད་མདོངས་བདག་གིས་བཟུང་གྱུར་ན། །དེ་ལ་གནོད་པ་སུ་ལ་ཁྲོ། །ཞེས་དང༌། ལ་ལ་རྨོངས་པས་གནོད་པ་བྱེད། །ལ་ལ་རྨོངས་ཏེ་ཁྲོ་གྱུར་ན། །དེ་ལ་སྐྱོན་མེད་གང་གིས་བྱ། །སྐྱོན་དང་བཅས་དེ་གང་ཞིག་ཡིན། །ཞེས་སོ། །རང་གིས་ཁས་བླངས་པ་ལ་བརྟག་པ་ནི། ཉན་ཐོས་བདག་གཅིག་པུའི་དོན་དུ་ཞུགས་པ་ལའང་མི་བཟོད་པར་ཁྲོ་བར་མི་རིགས་ན། བདག་ནི་སེམས་བསྐྱེད་པའི་དུས་ནས་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་བསྒྲུབ་པར་ཁས་བླངས་ཤིང་། གཞན་གྱི་དོན་དུ་ཞུགས་ནས་སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བ་ལ་ལྟ་ཅི་སྨོས་སྙམ་དུ་བསམས་ནས་བཟོད་པའི་བསྲན་བསྐྱེད་པའོ། །པོ་ཏོ་བའི་ཞལ་ནས་ཀྱང༌། སངས་རྒྱས་ཀྱི་བསྟན་པ་ལ་སྡིག་མི་བྱེད་པ་ཡིན་ཏེ།


JLD013_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་བག་ཙམ་བྱུང་ན་བཟོད་པ་མི་བསྒོམ་པར། འདིས་བསྟན་པ་རྩ་བ་ནས་བཤིག་ཟེར། བྲུབས་བྱེད། དེས་ནི་སྡོམ་པ་གཏོང་བ་ཡིན། བསྟན་པ་རྩ་བ་ནས་དེས་བཤིག་པ་ཡིན། སྤྱིའི་བསྟན་པ་འོ་ཅག་ལ་མེད། རང་གི་སྡོམ་པ་ཤོར་ན་སྒོས་ནུབ་ཡིན་གསུང་བ་དང༌། སྒ་བོག་པའི་གཡག་གིས་མཇུག་མ་བསྡམས་ནས་འཕགས་པས་སྒས་རྐང་པ་བརྡུང་ལ། གློད་ན་རྨེད་ལྷུང་ནས་བདེ་བ་ལྟར། གནོད་བྱེད་ལ་མ་གློད་པར་དེའི་ཟླ་བྱས་པས་ཇེ་མི་བདེར་འགྲོ་གསུང་ངོ་། །གཉིས་པ་བརྩེ་བར་བྱ་བར་རིགས་པ་ནི། སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་འཁོར་བ་ན་རང་གི་ཕ་མ་ལ་སོགས་པའི་གཉེན་དང་མཛའ་བོར་མ་གྱུར་པ་མེད་པ་དང་མི་རྟག་ཅིང་སྲོག་དང་འབྲལ་ལ་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བར་གྱུར་པ་དང༌། ཉོན་མོངས་པའི་གདོན་གྱིས་སྨྱོ་ནས་རང་གི་འདི་དང་ཕྱི་མའི་དོན་རྣམས་ཀྱང་འཇིག་པར་བྱེད་པ་ལ་བདག་བརྩེ་བ་བསྐྱེད་དགོས་ཀྱི། ཁྲོ་བ་དང་གནོད་ལན་བྱེད་དུ་ག་ལ་རུང་སྙམ་དུ་སྙིང་ཐག་པ་ནས་སེམས་པའོ། །བཀུར་བ་སོགས་ཀྱི་གེགས་བྱས་པ་དང་བརྙས་པ་སོགས་གསུམ་བྱེད་པ་ལ་མི་བཟོད་པ་དགག་པ་ལ་གཉིས་ལས། བསྟོད་པ་སོགས་གསུམ་གྱི་གེགས་བྱས་པ་ལ་མི་བཟོད་པ་དགག་པ་ལ་གསུམ། བསྟོད་པ་སོགས་ལ་ཡོན་ཏན་མེད་པའི་ཚུལ་བསམ་པ་དང༌། སྐྱོན་ཡོད་ཚུལ་བསམ་པ་དང༌། དེས་ན་དེ་དག་འགོག་པ་ལ་དགའ་བར་བྱ་བའོ། །དང་པོ་ནི། གཞན་གྱིས་རང་ལ་བསྟོད་པ་དང་རང་གི་གྲགས་པ་རྒྱས་པ་ལ། ཚེ་རིང་བ་དང་ནད་མེད་པ་སོགས་


JLD013_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདི་དང་། བསོད་ནམས་འཐོབ་པ་སོགས་སྐྱེ་བ་གཞན་གྱི་དོན་གཉིས་པོ་གང་ཡང་མེད་པས། དེ་དག་ཉམས་པ་ལ་མི་དགའ་བ་ནི། གནས་ཁང་གི་དགོས་པ་གང་ཡང་མི་འགྲུབ་པའི་བྱེ་མའི་ཁང་བུ་རྡིབ་པ་ན་བྱིས་པ་ཆུང་ངུ་རྣམས་ངུ་བ་དང་བདག་ཅག་གཉིས་ཁྱད་མེད་དོ་སྙམ་དུ་རང་ལ་སྨད་ནས་ཆགས་པར་མི་བྱ་སྟེ། བསྟོད་དང་གྲགས་པའི་རིམ་གྲོ་ནི། །བསོད་ནམས་མི་འགྱུར་ཚེར་མི་འགྱུར། །བདག་སྟོབས་མི་འགྱུར་ནད་མེད་མིན། །ལུས་བདེ་བར་ཡང་མི་འགྱུར་རོ། །བདག་ནི་རང་དོན་ཤེས་གྱུར་ན། །དེ་ལ་རང་དོན་ཅི་ཞིག་ཡོད། །ཅེས་དང༌། བྱེ་མའི་ཁང་བུ་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ་། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །ཞེས་སོ། །གཉིས་པ་ནི། བསྟོད་པ་ལ་སོགས་པ་ནི་སེམས་དོན་མ་ཡིན་པ་ལ་གཡེང་བ་དང་སྐྱོ་ཤས་འཇིག་པ་དང་ཡོན་ཏན་ཅན་ལ་ཕྲག་དོག་བསྐྱེད་པ་དང་དགེ་བའི་བྱ་བ་རྣམས་ཉམས་པར་བྱེད་དོ་སྙམ་དུ་བསམས་ནས་དེ་དག་ལ་ཡིད་འབྱུང་བ་བསྐྱེད་པར་བྱ་སྟེ། བསྟོད་སོགས་བདག་ནི་གཡེང་བར་བྱེད། །དེས་ནི་སྐྱོ་བའང་འཇིག་པར་བྱེད། །ཡོན་ཏན་ལྡན་ལ་ཕྲག་དོག་དང༌། །ཕུན་སུམ་ཚོགས་པའང་འཇིག་པར་བྱེད། །ཅེས་སོ། །གསུམ་པ་ནི། དེ་ལྟར་ན་བདག་གི་བསྟོད་པ་དང་གྲགས་སྙན་དང་རྙེད་བཀུར་ཉམས་པར་བྱེད་པ་ནི་བདག་ངན་འགྲོར་འགྲོ་བ་སྲུང་བྱེད་དང་ཆགས་པའི་འཆིང་བ་གཅོད་བྱེད་དང་སྡུག་བསྔལ་ལ་འཇུག་པར་འདོད་པའི་སྒོ་འགེགས་བྱེད་སངས་རྒྱས་ཀྱི་བྱིན་རླབས་ལྟ་བུར་གྱུར་པ་ཡིན་ནོ་སྙམ་དུ་བསམས་ནས་


JLD013_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཐག་པ་ནས་ཁྲོ་བ༌དགག་ཅིང་དགའ་བ་བསྐྱེད་པར་བྱ་སྟེ། དེ་ཕྱིར་བདག་གི་བསྟོད་སོགས་ནི། །གཞིག་ཕྱིར་གང་དག་ཉེར་གནས་པ། །དེ་དག་བདག་ནི་ངན་སོང་དུ། །ལྟུང་བ་བསྲུང་ཕྱིར་ཞུགས་མིན་ནམ། །བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིའི་འཆིང་མི་དགོས། །གང་དག་བདག་བཅིངས་གྲོལ་བྱེད་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །བདག་ནི་སྡུག་བསྔལ་འཇུག་འདོད་ལ། །སངས་རྒྱས་ཀྱིས་ནི་བྱིན་བརླབས་བཞིན། །མི་གཏོང་སྒོ་འཕར་ཉིད་གྱུར་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །ཞེས་སོ། །གཉིས་པ་བརྙས་པ་སོགས་གསུམ་བྱེད་པ་ལ་མི་བཟོད་པ་དགག་པ་ནི། སེམས་ནི་ལུས་ཅན་མིན་པས་དངོས་སུ་གཞན་གྱིས་གནོད་པ་བྱ་བར་མི་ནུས་ལ། ལུས་ལ་དངོས་སུ་གནོད་པ་ལས་བརྒྱུད་ནས་སེམས་ལ་གནོད་པ་ཡིན་ན། བརྙས་པ་ལ་སོགས་པས་ནི་ལུས་ལའང་གནོད་པར་མི་ནུས་པས་ལུས་སེམས་གཉིས་ཀ་ལ་མི་གནོད་པས་དགའ་བར་བྱའོ་སྙམ་དུ་བསམས་ནས་ཡིད་མི་བདེ་དགག་སྟེ། དེ་ཁེགས་ན་ཞེ་སྡང་མི་སྐྱེ་བའི་ཕྱིར་རོ། །དེ་ལྟར་ཡང༌། ཡིད་ནི་ལུས་ཅན་མ་ཡིན་པས། །སུས་ཀྱང་གང་དུའང་གཞོམ་མི་ནུས། །ལུས་ལ་མངོན་པར་ཞེན་པས་ན། །ལུས་ནི་སྡུག་བསྔལ་དག་གིས་གནོད། །བརྙས་དང་ཚིག་རྩུབ་སྨྲ་བ་དང༌། །མི་སྙན་པ་ཡི་ཚིག་དེ་ཡིས། །ལུས་ལ་གནོད་པར་མི་འགྱུར་ན། །སེམས་ཁྱོད་ཅི་ཕྱིར་རབ་ཏུ་ཁྲོ། །ཞེས་སོ། །ཤ༌ར་བའི་ཞལ་ནས། ཁམ་ལུང་པ། སྣེའུ་ཟུར་པ། གྲབ་པ་གསུམ་ལ་སྙན་དུ་ཅི་ཙམ་གསོལ་ཡང་ས་རྡོ༌ལ་སྨྲ་བ་


JLD013_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྱད་མེད་པས་བདེ་བར་བྱུང༌། ཕྱི་མ་ཀུན་སྙན་ཁུང་སྲབ་པས་མ་བདེ་བར་བྱུང་གསུང་བ་དང༌། གཤེན་སྟོན་ལ་འདི་འདི་སྐད་ཟེར་བྱས་ན། ལྐོག་ཁ་བཙད་པོ་ལའང་གཏོང་བྱ་བ་ཡིན། ཁྱོད་རང་ཕྲ་མ་བྱས་པའི་བཤགས་པ་གྱིས་གསུང་བ་དང༌། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་ལ། འོ་སྐོལ་ལ་འགབ་མ་ཡང་གྲགས་ཟེར་ནས་མིས་སྨྲ་ཡིན་འདུག་བྱས་པས། ལགས་མིའི་སྨྲ་གཞི་མི་ལ་བྱེད་པ་ལས་འོ་ན་ཅི་ལ་བྱེད་གསུངས་པས། དེ་ནས་ཕྲ་མ་སྐྱེལ་འཕྲོ་རྦད་ཀྱིས་ཆོད་གསུང༌། གལ་ཏེ་བརྙས་པ་སོགས་བྱས་པ་ན་གང་ཟག་གཞན་རང་ལ་མི་དགའ་བས་དེའི་ཕྱིར་མི་དགའོ་སྙམ་ན། གཞན་བདག་ལ་མི་དགའ་བས་བདག་ལ་གནོད་ན་བདེན་དུ་ཆུག་ཀྱང༌། དེས་ནི་རང་ལ་ཅིར་ཡང་མི་འགྱུར་བས་མི་དགའ་བ་སྤང་སྟེ། གཞན་དག་བདག་ལ་མི་དགའ་བ། །དེས་ནི་ཚེ་འདིའམ་ཚེ་གཞན་ལ། །བདག་ལ་ཟ་བར་མི་བྱེད་ན། །བདག་ནི་ཅི་ཕྱིར་དེ་མི་འདོད། །ཅེས་སོ། །མི་དགའ་བས་བདག་ལ་མི་གནོད་མོད། འོན་ཀྱང་དེ་ལ་བརྟེན་ནས་དེ་དག་ལས་རྙེད་པ་འཐོབ་པའི་བར་ཆད་བྱེད་པས་བརྙས་པ་དང་སྨད་པ་དང་མི་སྙན་པ་སྨྲ་བ་ལ་ཁྲོའོ་སྙམ་ན། རྙེད་པ་ཐོབ་ཀྱང་འདིར་བཞག་དགོས་ལ། དེ་ལ་ཁྲོས་པའི་སྡིག་པ་རྗེས་སུ་འབྲང་བས་རྙེད་པ་མེད་པར་མྱུར་དུ་ཤི་བ་དང་ལོག་འཚོས་རིང་དུ་གསོན་པ་གཉིས་སྔ་མ་བཟང་ངོ་། །རྙེད་པ་ཐོབ་སྟེ་རིང་དུ་གནས་ཀྱང་འཆི་བ་ལས་མི་ཐར་བས་འཆི་དགོས་ལ། འཆི་བའི་ཚེ་ན་སྔར་ལོ་བརྒྱར་བདེ་བ་སྤྱད་པ་དང་ལོ་གཅིག་ཙམ་བདེ་བ་སྤྱད་པ་གཉིས་འདྲ་སྟེ།


JLD013_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་དྲན་པའི་ཡུལ་ཙམ་དུ་ཟད་ཀྱི་དེའི་ཚེ་བདེ་སྡུག་གི་ཁྱད་པར་ཅི་ཡང་མེད་པའི་ཕྱིར་རོ། །དཔེར་ན་རྨི་ལམ་དུ་ལོ་བརྒྱར་བདེ་བ་མྱོང་བ་དང་ཡུད་ཙམ་ཞིག་བདེ་བ་མྱོང་བ་གཉིས་སད་པའི་ཚེ་བདེ་མི་བདེ་ལ་ཁྱད་པར་ཅི་ཡང་མེད་པ་བཞིན་ནོ། །དེ་ལྟར་བསམས་ལ་རྙེད་བཀུར་ལ་ཆགས་པ་ལྡོག་ན་བརྙས་པ་དང་མི་སྙན་པ་སྒྲོགས་པ་སོགས་ལ་ཡིད་མི་བདེ་བར་མི་འགྱུར་ཏེ། གཞན་གྱི་ངོར་རང་ཉིད་ཁྱད་པར་ཅན་དུ་གྲུབ་པ་ལ་དོན་གཉེར་མེད་པས་མ་གྲུབ་ཀྱང་ཡིད་བདེ་བ་མི་ལྡོག་པའི་ཕྱིར་རོ། །དེ་ལྟར་ཡང༌། རྙེད་པའི་བར་ཆད་བྱེད་པའི་ཕྱིར། །གལ་ཏེ་འདི་བདག་མི་འདོད་ན། །བདག་གི་རྙེད་པ་འདིར་འདོར་གྱི། །སྡིག་པ་དག་ནི་བརྟན་པར་གནས། །བདག་ཉིད་དེང་ནི་ཤི་ཡང་བླའི། །ལོག་འཚོས་ཡུན་རིང་གསོན་མི་རུང༌། །བདག་ལྟ་ཡུན་རིང་གནས་གྱུར་ཀྱང༌། །འཆི་བའི་སྡུག་བསྔལ་དེ་ཉིད་ཡིན། །རྨི་ལམ་ལོ་བརྒྱར་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་དང༌། །གཞན་ཞིག་ཡུད་ཙམ་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་པ། །སད་པ་དེ་དག་གཉིས་ཀ་ལའང༌། །བདེ་བ་དེ་ནི་ཕྱིར་འོང་མེད། །ཚེ་རིང་ཚེ་ཐུང་གཉིས་ཀ་ཡང༌། །འཆི་བའི་དུས་སུ་དེ་འདྲར་ཟད། །རྙེད་པ་མང་པོ་ཐོབ་གྱུར་ཏེ། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཞེས་སོ། །གཉིས་པ་དགྲ་འབྱོར་པ་ལ་མི་དགའ་ཞིང་རྒུད་པ་ལ་དགའ་བ་དགག་པ་ནི། སེམས་ཅན་གྱི་ཕན་བདེ་བསྒྲུབ་པའི་ཕྱིར་དུ་བྱང་ཆུབ་ཏུ་


JLD013_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་ནས་སེམས་ཅན་ཁོ་རང་གིས་བདེ་བ་རྙེད་པ་ལ་ཁྲོ་བ་དང༌། སེམས་ཅན་ཐམས་ཅད་འཚང་རྒྱ་བར་འདོད་ཟེར་ནས། དེ་དག་ལ་རྙེད་བཀུར་དམན་པ་ཙམ་བྱུང་བ་ལ་ཡིད་མི་བདེ་བ་ནི་ཤིན་ཏུ་འགལ་ལོ་སྙམ་ནས་གཞན་ཅི་འདྲ་ཞིག་གི་འབྱོར་པ་ལའང་ཕྲག་དོག་སྤངས་ཏེ་བསམ་པ་ཐག་པ་ནས་ཡིད་དགའ་བ་བསྐྱེད་དགོས་ཏེ། དེ་ལྟ་མ་ཡིན་ན་བྱང་ཆུབ་ཀྱི་སེམས་དང་སེམས་ཅན་ལ་ཕན་བདེ་བསྒྲུབ་པ་རྣམས་མིང་ཙམ་དུ་འགྱུར་བའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་བདེར་འདོད་པས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །སེམས་ཅན་རང་གིས་བདེ་རྙེད་ན། །དེ་ཀོ་ཅི་སྟེ་ཁྲོ་བར་བྱེད། །འཇིག་རྟེན་གསུམ་མཆོད་འཚང་རྒྱ་བར། །སེམས་ཅན་རྣམས་ནི་འདོད་ཅེ་ན། །བསྙེན་བཀུར་ངན་ངོན་ཙམ་མཐོང་ནས། །ཅི་ཕྱིར་དེ་ལ་གདུང་བར་བྱེད། །གསོ་བྱ་གང་ཞིག་ཁྱོད་གསོ་བ། །ཁྱོད་ཉིད་ཀྱིས་ནི་སྦྱིན་བྱ་སྟེ། །གཉེན་གྱིས་འཚོ་བ་རྙེད་གྱུར་ན། །དགར་མི་འགྱུར་བར་སླར་ཁྲོ་འམ། །དེ་ཅི་འགྲོ་ལ་མི་འདོད་ན། །དེ་ལ་བྱང་ཆུབ་འདོད་གང་ཡིན། །གང་ཞིག་གཞན་འབྱོར་ཁྲོ་དེ་ལ། །བྱང་ཆུབ་སེམས་དེ་ག་ལ་ཡོད། །གལ་ཏེ་དེས་དེ་ལས་རྙེད་དམ། །སྦྱིན་བདག་ཁྱིམ་ན་གནས་གྱུར་པ། །ཀུན་ཏུ་དེ་ཁྱོད་ལ་མེད་ན། །བྱིན་མ་བྱིན་རུང་དེས་ཅི་བྱ། །ཞེས་སོ། །དགྲ་རྒུད་པ་ལ་དགའ་བ་དང་བརླག་ན་སྙམ་པའི་བསམ་པ་ངན་པ་རྣམས་ཀྱང་དེ་ཙམ་གྱིས་དགྲ་ལ་མི་གནོད་པས་རང་སྡུག་བསྔལ་བ་ཙམ་དུ་ཟད་ལ། གནོད་ནའང་རང་གཞན་ཕུང་བར་འགྱུར་བའི་ཉེས་དམིགས་བསམས་ནས་རྣམ་པ་ཐམས་ཅད་དུ་དགག་པར་


JLD013_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། གལ་ཏེ་དགྲ་ཞིག་མི་དགའ་ན། །དེ་ལ་ཁྱོད་དགར་ཅི་ཞིག་ཡོད། །ཁྱོད་ཀྱི་ཡིད་སྨོན་ཙམ་གྱིས་ནི། །དེ་ལ་གནོད་པའི་རྒྱུར་མི་འགྱུར། །ཁྱོད་ཀྱི་འདོད་པས་སྡུག་བསྔལ་དེ། །གྲུབ་ནའང་ཁྱོད་དགར་ཅི་ཞིག་ཡོད། །གལ་ཏེ་འཚེངས་པར་འགྱུར་ཞེ་ན། །དེ་ལས་ཕུང་བའང་གཞན་ཅི་ཡོད། །ཉོན་མོངས་ཉ་པས་བཏབ་པ་ཡི། །མཆིལ་པ་འདི་ནི་མི་བཟད་གཟེབ། །དེས་བཟུང་སེམས་དམྱལ་བུམ་པར་ཡང༌། །དམྱལ་བའི་སྲུང་མས་བདག་འཚེད་ངེས། །ཞེས་སོ། །དེ་ལྟར་རང་དང་རང་གི་གཉེན་བཤེས་ཀྱི་འདོད་པའི་གེགས་བྱེད་པ་དང་མི་འདོད་པའི་ཕྱོགས་བསྒྲུབ་པ་དང་རང་གི་དགྲའི་ཕུན་སུམ་ཚོགས་པ་ལ་མཐའ་གཅིག་ཏུ་མི་འདོད་པའི་རྣམ་པར་བལྟས་ན་དེ་ལས་ཡིད་མི་བདེ་སྐྱེ་ལ། དེ་འཕེལ་ན་ཞེ་སྡང་བསྐྱེད་ཅིང་མཐའ་གཅིག་ཏུ་མི་དགའ་བ་ལོག་ན་ཡིད་མི་བདེ་ལྡོག་ལ། དེ་ལོག་ན་ཞེ་སྡང་མི་སྐྱེ་བས་སྔར་བསྟན་པའི་རིགས་པ་རྣམས་ཀྱིས་དེ་དག་ལ་མཐའ་གཅིག་ཏུ་མི་དགའ་བ༌རྣམ་པར་བཟློག་ལ་སྒོ་དུ་མ་ནས་ཁོང་ཁྲོ་དགག་པར་བྱ་སྟེ། ཉེས་དམིགས་ཤིན་ཏུ་ཆེ་བའི་ཕྱིར་རོ། །འགོག་པའི་གདམས་ངག་ཀྱང་སྔར་བསྟན་པའི་རྒྱལ་སྲས་རྣམས་ཀྱི་རིགས་པ་རང་གི་ཉོན་མོངས་པ་དང་བརྒལ་ལན་བྱས་ནས་ཁ་ནང་དུ་ལོག་སྟེ་དགྲའི་མཆོག་ཁོང་ཁྲོ་འཇོམས་པར་བྱེད་པའི་ཚུལ་འདི་དག་ཡིན་པས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་དཔྱད་ནས་རིགས་པའི་སྒོ་དུ་མ་ནས་བཀག་ན་ཁོང་ཁྲོའི་ནང་ཚན་གྱི་རིགས་དུ་མ་ཁེགས་ཤིང་། བཟོད་པ་


JLD013_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་དུ་མ་ནས་སྐྱེ་ལ། ཡང་དག་པའི་ལུང་གི་དོན་དྲི་མ་མེད་པའི་རིགས་པས་རྙེད་པའི་གོ་བ་གཏིང་ཚུགས་པ་ལས་སྐྱེས་པའི་མྱོང་བ་ཡིན་པས་བག་ཆགས་ཤིན་ཏུ་བརྟན་པ་ཡིན་ནོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་འདོར་བ་རྣམས་ནི་འདི་དག་ལ་སོགས་པའི་བྱང་སེམས་ཀྱི་སྤྱོད་པ་རླབས་ཆེན་པོ་ཐམས་ཅད་དོར་བ་ཡིན་པས། རང་དང་གཞན་རྣམས་ཀྱི་དལ་བའི་རྟེན་ལ་སྙིང་པོ་ལོན་པའི་གེགས་བླ་ན་མེད་པ་ཡིན་པར་ཤེས་པར་བྱས་ལ་དུག་བཞིན་དུ་སྤང་བར་བྱའོ། །གཉིས་པ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་བསྐྱེད་པ་ལ་གསུམ། སྡུག་བསྔལ་དང་ལེན་ངེས་པར་དགོས་པའི་རྒྱུ་མཚན་དང༌། དེ་བསྐྱེད་པའི་ཐབས་དང༌། གཞི་ཡི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། སྤྱོད་འཇུག་ལས། བདེ་བའི་རྒྱུ་ནི་རེས་འགའ་ཞིག །སྡུག་བསྔལ་རྒྱུ་ནི་ཤིན་ཏུ་མང༌། །ཞེས་གསུངས་པ་ལྟར། རང་ཅག་ལ་སྡུག་བསྔལ་གང་ཡང་རུང་བ་ཞིག་རྒྱུན་དུ་འབྱུང་བས་དེ་ལམ་དུ་འཁྱེར་ཤེས་པ་ཞིག་མེད་དུ་མི་རུང་སྟེ། དེ་ལྟ་མ་ཡིན་ན་དེས་བསླབ་བཏུས་སུ་གསུངས་པ་ལྟར། ཡང་ན་ཞེ་སྡང་བསྐྱེད་ལ། ཡང་ན་ལམ་བསྒོམ་པ་ལ་སྲོ་ཤི་བའི་ཞུམ་པ་བསྐྱེད་ནས་དགེ་བ་ལ་སྦྱོར་བའི་བར་ཆད་དུ་འགྱུར་བའི་ཕྱིར་རོ། །དེ་ཡང་སྡུག་བསྔལ་ཁ་ཅིག་ནི་གཞན་གྱིས་བྱས་པའང་ཡོད། ཁ་ཅིག་ནི་ལམ་ལ་བརྩོན་པར་བྱས་མ་བྱས་གང་ལའང་སྔོན་གྱི་ལས་ཀྱིས་བསྐྱེད་པའང་ཡོད། ཁ་ཅིག་ནི་འོག་ནས་འཆད་པ་ལྟར་དགེ་བའི་བྱ་བ་དེ་ལ་ཞུགས་ན་འབྱུང་ལ༌མ་ཞུགས་ན་མི་འབྱུང་བའང་ཡོད་དོ། །དེ་ལྟར་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་གྱི་


JLD013_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་ངེས་པར་སྐྱེ་བ་དེ་དག་ནི་རེ་ཞིག་བཟློག་མི་ནུས་ཀྱི། བྱུང་ཡང་དེ་ལ་དང་དུ་ལེན་པ་ཞིག་དགོས་ཏེ། དེ་མེད་ན་སྡུག་བསྔལ་གཉུག་མ་དེའི་སྟེང་དུ་རང་གི་རྟོག་པས་བསྐྱེད་པའི་སེམས་ཁྲལ་གྱི་སྡུག་བསྔལ་བསྣན་ནས་ཤིན་ཏུ་བཟོད་དཀའ་བར་འགྱུར་ལ། དང་ལེན་ཡོད་ན་སྡུག་བསྔལ་གཞི་བཞག་དེ་མ་ལོག་ཀྱང་དེ་ལ་དམིགས་ནས་ཡིད་མི་བདེ་བྱེད་པའི་སེམས་ཁྲལ་གྱི་སྡུག་བསྔལ་དེ་གཏན་མི་འབྱུང་ལ། སྡུག་བསྔལ་གཞན་དེ་ལའང་ལམ་དུ་འཁྱེར་ཐབས་བྱས་པས་སྡུག་བསྔལ་ཆེས་ཆུང་བར་འགྱུར་བས་བཟོད་པར་ནུས་པའི་ཕྱིར་རོ། །དེས་ན་སྡུག་བསྔལ་དང་ལེན་གྱི་བཟོད་པ་བསྐྱེད་པ་གནད་ཆེའོ། །གཉིས་པ་ལ་གཉིས། སྡུག་བསྔལ་བྱུང་བ་ལ་མཐའ་གཅིག་ཏུ་མི་དགའ་བར་འཛིན་པ་དགག་པ་དང༌། སྡུག་བསྔལ་དེ་དང་དུ་བླང་བར་འོས་པར་བསྟན་པའོ། །དང་པོ་ནི། སྡུག་བསྔལ་བྱུང་བ་དེ་སླར་བཅོས་སུ་འདུག་ན་ནི་ཡིད་མི་དགའ་བ་བྱ་མི་དགོས་ལ། བཅོས་སུ་མི་རུང་ན་ནི་མི་དགའ་བ་བྱས་ཀྱང་ཕན་པ་མེད་པས་དགོས་ནུས་མེད་ཅིང་ཉེས་དམིགས་ཀྱང་ཡོད་དེ། བཟེ་རེ་ཆེ་ན་སྡུག་བསྔལ་ཕྲ་མོ་ཤིན་ཏུ་བཟོད་དཀའ་ལ། བཟེ་རེ་ཆུང་ན་སྡུག་བསྔལ་ཆེན་པོ་ཡང་བསྲན་ནུས་པའི་ཕྱིར་ཏེ། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ཡང༌། །དེ་ལ་མི་དགར་བྱས་ཅི་ཕན། །ཞེས་དང༌། ཚ་གྲང་ཆར་དང་རླུང་ཚོགས་དང༌། །ནད་དང་འཆིང་དང་བརྡེག་སོགས་ལ། །བདག་གིས་བཟེ་རེ་མི་བྱ་སྟེ། །དེ་ལྟར་བྱས་ན་གནོད་


JLD013_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཕེལ། །ཞེས་སོ། །གཉིས་པ་ལ་གསུམ། སྡུག་བསྔལ་རང་གི་ཡོན་ཏན་བསམ་པ་དང༌། སྡུག་བསྔལ་གྱི་དཀའ་སྤྱད་བཟོད་པའི་ཡོན་ཏན་བསམ་པ་དང༌། ཆུང་རིམ་ནས་གོམས་ན་མི་དཀའ་བའི་ཚུལ་ལོ། །དང་པོ་ནི། ཡོན་ཏན་ལྔ་སྟེ། འདི་ལྟར་སྡུག་བསྔལ་མེད་ན་དེ་ལ་ངེས་པར་འབྱུང་འདོད་མི་སྐྱེ་བས་ཐར་པ་ལ་ཡིད་བསྐུལ་བའི་ཡོན་ཏན་དང༌། སྡུག་བསྔལ་གྱིས་ཐེབས་པ་ན་རློམ་པས་མཐོ་བ་འཇིག་པས་དྲེགས་པ་སེལ་བའི་ཡོན་ཏན་དང༌། སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་བ་ན་དེ་མི་དགེ་བ་ལས་བྱུང་བས་འབྲས་བུ་དེ་མི་འདོད་ན་རྒྱུ་ལས་ལྡོག་དགོས་པས་སྡིག་ལ་འཛེམ་པའི་ཡོན་ཏན་དང༌། སྡུག་བསྔལ་གྱིས་གདུངས་པ་ནི་བདེ་བ་འདོད་པས་དེ་དགོས་ན་རྒྱུ་དགེ་བ་བསྒྲུབ་དགོས་པས་དགེ་བ་བསྒྲུབ་པ་ལ་དགའ་བའི་ཡོན་ཏན་དང༌། རང་གི་ཉམས་ལ་དཔགས་ནས་སེམས་ཅན་གཞན་ཡང་འདི་ལྟར་སྡུག་བསྔལ་ལོ་སྙམ་ནས་འཁོར་བ་ན་འཁྱམ་པ་རྣམས་ལ་སྙིང་རྗེ་སྐྱེ་བའོ། །དེ་དག་དང་དེས་མཚོན་ནས་རང་གིས་ཀྱང་ཡོན་ཏན་གཞན་ཤེས་པར་བྱས་ལ་སྡུག་བསྔལ་འདི་ནི་འདོད་པའི་གནས་སོ་སྙམ་དུ་བློ་ཡང་ཡང་སྦྱང་སྟེ། སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས་སེམས་ཁྱོད་བརྟན་པར་མནོས། །ཞེས་དང༌། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །ཞེས་སོ། །གཉིས་པ་ལ་གཉིས། ཐར་པ་ལ་སོགས་པའི་དོན་ཆེ་བའི་ཕན་ཡོན་བསམ་པ་དང་། སྡུག་བསྔལ་དཔག་


JLD013_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པ་ལྡོག་པའི་ཕན་ཡོན་བསམ་པའོ། །དང་པོ་ནི། བདག་སྔོན་འཁོར་བ་ན་འཁོར་བའི་ཚེ་དགོས་པ་དམན་པ་འདོད་པ་ཅུང་ཟད་རེའི་ཕྱིར་དུ་སྡུག་བསྔལ་འབྱུང་བར་ཤེས་ཀྱང༌། སྡུག་བསྔལ་དུ་མ་ཁྱད་དུ་བསད་ནས་ཕྱི་མ་ལ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བའི་རྒྱུར་གྱུར་པའི་དོན་མེད་པའི་སྡུག་བསྔལ་དུ་མ་དང་དུ་བླངས་ན། ད་ནི་བདག་རང་གཞན་གྱི་ཕན་བདེ་དཔག་ཏུ་མེད་པ་བསྒྲུབ་པའི་དགེ་བ་ལ་ཞུགས་པར་ཤེས་བཞིན་དུ་སྔ་མ་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་སྡུག་བསྔལ་དང་དུ་བླང་བར་རིགས་ན་དེ་བས་ཆུང་བ་ལ་ལྟ་ཅི་སྨོས་སྙམ་དུ་ཡང་ཡང་བློ་བརྟན་པར་བྱའོ། །སྤྱོད་འཇུག་ལས་ཀྱང༌། འདོད་པའི་དོན་དུ་བསྲེག་ལ་སོགས། །དམྱལ་བར་སྟོང་ཕྲག་མྱོང་གྱུར་ཀྱང༌། །བདག་གིས་རང་གི་དོན་དང་ནི། །གཞན་གྱི་དོན་ཡང་མ་བྱས་སོ། །འདི་ནི་དེ་ཙམ་གནོད་མིན་ལ། །དོན་ཆེན་དག་ཀྱང་འགྲུབ་འགྱུར་བས། །འགྲོ་བའི་གནོད་སེལ་སྡུག་བསྔལ་ལ། །དགའ་བ་འབའ་ཞིག་འདིར་བྱ་རིགས། །ཞེས་གསུངས་པ་ལྟར། སྔར་རང་གཞན་གྱི་དོན་གང་ཡང་མ་གྲུབ་པའི་དཀའ་སྤྱད་དེ་ཙམ་བྱས་པ་ལ་བསམས་ནས། ད་ནི་དོན་ཆེན་པོ་འགྲུབ་པའི་སྡུག་བསྔལ་ཅིའི་ཕྱིར་མི་བཟོད། དེས་ན་སྡུག་བསྔལ་ཡོད་ཀྱང་འདི་ལྟ་བུ་བྱར་ཡོད་པ་ནི་བདག་གིས་ལེགས་པ་རྙེད་དོ་སྙམ་དུ་སེམས་འཕངས་མཐོ་བ་བསྐྱེད་པའོ། །གཞན་ཡང་བཤེས་གཉེན་ངན་པས་བསླུས་ནས་དོན་མེད་པའི་ལམ་ངན་པ་ལའང་མདུང་རྩེ་གསུམ་ལ་མཆོང་བ་དང་


JLD013_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྔ་བསྟེན་པ་སོགས་ཀྱི་དཀའ་སྤྱད་བཟོད་པར་བྱེད་པ་དང༌། འཇིག་རྟེན་པའི་དགོས་པ་དམན་པའི་ཆེད་དུ་ཞིང་ལས་དང་ཚོང་དང་གཡུལ་འགྱེད་པ་སོགས་ཀྱི་སྡུག་བསྔལ་དུ་མ་ལ་བསྲན་འཛུགས་པ་རྣམས་བསམས་ལ་དཀའ་སྤྱད་ཀྱིས་མི་འཇིགས་པ་བསྐྱེད་པར་བྱའོ། །སྡུག་བསྔལ་དཔག་མེད་ལྡོག་པའི་ཕན་ཡོན་བསམ་པ་ནི། གསོད་པའི་མི་ཞིག་ལག་པའི་སོར་མོ་ཙམ་བཅད་ནས་གསོད་པ་ལས་ཐར་ན་དགའ་བ་ཆེན་པོ་སྐྱེ་བ་ལྟར། མིའི་དཀའ་སྤྱད་ཀྱི་སྡུག་བསྔལ་ཕྲ་མོ་འདི་འདྲས་སྤྱིར་འཁོར་བ་མཐའ་མེད་དང་ཁྱད་པར་དུ་དམྱལ་བ་ལ་སོགས་པའི་ངན་འགྲོའི་སྡུག་བསྔལ་གཏན་བཟློག་ནུས་པ་ནི་ཤིན་ཏུ་ལེགས་སོ་སྙམ་དུ་འཕྲལ་དང་ཡུན་གྱི་སྡུག་བསྔལ་གཉིས་ཀྱི་ཁྱད་པར་རྣམས་ལེགས་པར་བསམས་ན། དཀའ་སྤྱད་ལ་མི་འཇིགས་པའི་སྙིང་སྟོབས་སྐྱེ་སྟེ། གསོད་པའི་མི་ཞིག་ལག་བཅད་དེ། །གལ་ཏེ་ཐར་ན་ཅིས་མ་ལེགས། །གལ་ཏེ་མི་ཡི་སྡུག་བསྔལ་གྱིས། །དམྱལ་བ་བྲལ་ན་ཅིས་མ་ལེགས། །ཞེས་སོ། །ཆུང་རིམ་ནས་གོམས་ན་མི་དཀའ་བ་ནི། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་བས་གནོད་པ་ཆུང་བསྒོམས་པས། །གནོད་པ་ཆེན་པོའང་བཟོད་པར་བྱ། །ཞེས་གསུངས་པ་ལྟར། སྡུག་བསྔལ་དང་དུ་ལེན་པའི་བསམ་པའི་གོ་ཆ་བཟུང་ནས་སྡུག་བསྔལ་ཆུང་རིམ་དང་བསྲེས་ཀྱིན་བྱས་ན་སྡུག་བསྔལ་དང་དུ་ལེན་པ་སྟོབས་ཇེ་རྒྱས་སུ་འགྱུར་རོ། །བསླབ་བཏུས་ལས་ཀྱང༌། དེ་ལ་


JLD013_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཆུང་ངུ་ལ་གོམས་པ་སྔོན་དུ་བཏང་ན་དཀའ་བ་དང་ཤིན་ཏུ་དཀའ་བ་ལ་གོམས་པ་འགྲུབ་སྟེ། དཔེར་ན་གོམས་པའི་དབང་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་དེ་བཞིན་དུ། སྡུག་བསྔལ་བྱུང་བ་ཐམས་ཅད་ལ་བདེ་བར་འདུ་ཤེས་ཉེ་བར་བཞག་པ་གོམས་པས་བདེ་བའི་འདུ་ཤེས་ཉིད་དུ་ཉེ་བར་གནས་པར་འགྱུར་རོ། །ཞེས་སོ། །དེ་དག་འོང་བ་ཡང་དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཤིང་བལ་གྱི་འདབ་མ་ལྟ་བུའི་སེམས་དང་བྲལ་བར་བྱའོ། །ཞེས་དང༌། སྡོང་པོ་བཀོད་པ་ལས་ཀྱང༌། བུ་མོ་ཁྱོད་ཀྱིས་ཉོན་མོངས་ཐམས་ཅད་གཞོམ་པའི་ཕྱིར་ཐུབ་པར་དཀའ་བའི་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར། སེམས་ཤིན་ཏུ་བརྟན་ཚུགས་པའི་སྙིང་སྟོབས་དགོས་ཀྱི་སེམས་སྲབ་མོས་མི་འོང་ངོ་། །དེས་ན་དང་པོ་ནས་སྙིང་སྟོབས་མ་ཆུངས་པར་བསྐྱེད་ན་སྡུག་བསྔལ་ཆེན་པོ་ཡང་གྲོགས་སུ་འགྲོ་སྟེ། དཔེར་ན་དཔའ་བོ་འགའ་ཞིག་གཡུལ་དུ་ཞུགས་པ་ན་རང་གི་ཁྲག་བོ་བ་མཐོང་ན་དེས་སྙིང་སྟོབས་སྐྱེ་བའི་རྒྱུ་བྱེད་པ་བཞིན་ནོ། །དང་པོ་ནས་འདི་ལྟ་བུ་མ་ཐོས་ཤིང་། ཐོས་ཀྱང་ངས་དེ་འདྲ་བ་མི་འོང་ཟེར་ནས་རང་ཁྱད་དུ་བསད་ན་ནི། སྡུག་བསྔལ་ཆུང་ངུས་ཀྱང་ལམ་ལས་ལྡོག་པའི་རྐྱེན་དུ་འགྱུར་ཏེ། དཔེར་ན་སྡར་མ་འགའ་ཞིག་གཞན་གྱི་ཁྲག་མཐོང་ནའང་བོག་ནས་འགྱེལ་འགྲོ་བ་བཞིན་ཏེ། ལ་ལ་བདག་གི་ཁྲག་མཐོང་ན། །དཔའ་བརྟན་ལྷག་པར་སྐྱེ་འགྱུར་ཡོད། །ལ་ལ་གཞན་གྱི་


JLD013_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་མཐོང་ཡང༌། །བོག་ཅིང་བརྒྱལ་བར་འགྱུར་བ་ཡོད། །དེ་ནི་སེམས་ཀྱི་ངང་བརྟན་དང༌། །སྡར་མའི་ཚུལ་ལས་གྱུར་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཞིའི་སྒོ་ནས་རྒྱས་པར་བཤད་པ་ནི། སྡུག་བསྔལ་བྱུང་བ་དང་དུ་ལེན་དགོས་ན། ཇི་འདྲ་བ་ལས་བྱུང་བའི་སྡུག་བསྔལ་དང་དུ་བླང་སྙམ་ན། འདི་ལ་བརྒྱད་ལས། གནས་ལ་བརྟེན་པ་ནི། ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་དང་ན་བའི་གསོས་སྨན་དང་ཡོ་བྱད་དེ་དག་ནི་ཚངས་སྤྱོད་འཕེལ་བའི་གནས་སོ། །དེ་རྣམས་ངན་པ་དང་ཉུང་བ་རྙེད་པ་དང་ཕ་རོལ་པོས་མ་གུས་པ་དང་ཡུན་རིང་དུ་བགྱངས་ནས་བྱིན་པ་ལ་མི་དགའ་བ་དང་ཡི་ཆད་པ་མེད་ཅིང་དེ་དག་ལས་བྱུང་བའི་སྡུག་བསྔལ་དང་དུ་ལེན་པའོ། །འཇིག་རྟེན་གྱི་ཆོས་ལ་བརྟེན་པ་ནི། མ་རྙེད་པ་དང་མི་སྙན་པ་དང་སྨད་པ་དང་སྡུག་བསྔལ་བ་དང་འཇིག་པ་ཟད་པ་རྒ་བ་ན་བ་འཆི་བའི་ཆོས་ཅན་རྣམས་འཇིག་པ་ནས་འཆི་བ་སྟེ་དགུ་ནི་འཇིག་རྟེན་གྱི་ཆོས་ཡིན་ལ། དེ་ཐམས་ཅད་དམ་རེ་རེ་ལ་བརྟེན་པའི་སྡུག་བསྔལ་རྣམས་ལ་སོ་སོར་བརྟགས་ནས་དང་དུ་ལེན་པའོ། །སྤྱོད་ལམ་ལ་བརྟེན་པ་ནི། འཆག་པ་དང་འགྲེང་བ་དང་འདུག་པ་དང་ཉལ་བ་ནི་སྤྱོད་ལམ་བཞི་ཡིན་ལ། དེའི་དང་པོ་དང་གསུམ་པས་སྒྲིབ་པ་རྣམས་ལས་ཉིན་མཚན་དུ་སེམས་སྦྱོང་བ་ན་དེ་ལས་བྱུང་བའི་སྡུག་བསྔལ་དང་དུ་ལེན་གྱི། དུས་མ་ཡིན་པར་ཁྲིའམ་ཁྲིའུའམ་རྩྭ་བཏིང་བའམ་ལོ་མ་བཏིང་བ་ལ་གློས་འབེབས་པར་མི་བྱེད་པའོ། །ཆོས་ཡོངས་སུ་འཛིན་པ་ལ་བརྟེན་པ་ནི། དཀོན་མཆོག་གསུམ་


JLD013_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོད་ཅིང་རིམ་གྲོ་བྱེད་པ་དང༌། བླ་མ་ལ་མཆོད་ཅིང་རིམ་གྲོ་བྱེད་པ་དང༌། ཆོས་རྣམས་བཟུང་བ་དང༌། བཟུང་བ་རྣམས་གཞན་ལ་རྒྱ་ཆེར་སྟོན་པ་དང༌། གསངས་བསྟོད་དེ་ཁ་ཏོན་དུ་བྱ་བ་དང༌། གཅིག་པུ་དབེན་པར་གནས་ཏེ་ཡང་དག་པར་སེམས་པ་དང༌། རྣལ་འབྱོར་ཡིད་ལ་བྱེད་པས་ཟིན་པའི་ཞི་ལྷག་བསྒོམ་པ་སྟེ་ཆོས་འཛིན་པ་བདུན་ནོ། །དེ་དག་ལ་རྩོལ་བ་ན་སྡུག་བསྔལ་བྱུང་བ་དེ་དང་དུ་ལེན་པའོ། །སློངས་མོས་འཚོ་བ་ལ་བརྟེན་པ་ནི། སྐྲ་དང་ཁ་སྤུ་བྲེགས་པ་ལ་སོགས་པས་གཟུགས་མི་སྡུག་པ་ཉམས་སུ་བླང་བ་དང༌། གོས་དྲས་པ་དང་ཁ་དོག་ངན་པ་ཉམས་སུ་བླང་བ་དང༌། འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལས་བསྡམས་ནས་གནས་པས་ཚུལ་གཞན་བྱ་བ་དང༌། ཞིང་ལ་སོགས་པ་སྤངས་ཏེ་གཞན་ལས་རྙེད་པས་འཚོ་བས་གཞན་ལ་རག་ལས་པའི་འཚོ་བ་ཅན་དང༌། རྙེད་པ་རྣམས་གསོག་ཅིང་མི་སྤྱོད་པས་ཇི་སྲིད་འཚོ་བའི་བར་དུ་གཞན་ལས་ཆོས་གོས་ལ་སོགས་པ་འཚོལ་བ་དང༌། མི་ཚངས་སྤྱོད་སྤངས་པས་མ་ཤིའི་བར་དུ་མིའི་འདོད་པ་རྣམས་ལས་ལྡོག་པར་བྱ་བ་དང༌། གར་དང་བཞད་གད་སོགས་སྤངས་པས་མཛའ་བོ་དང་སྙིང་དུ་སྡུག་པ་དང་ཆུང་པོ་གྲོགས་ལ་སོགས་པ་དང་དགའ་མགུར་སྤྱད་པ་སྤངས་པའི་ཕྱིར་མ་ཤིའི་བར་དུ་མིའི་དགའ་རྩེད་ལས་ལྡོག་པ་སྟེ་སློངས་མོས་འཚོ་བ་བདུན་ནོ། །དེ་དག་ལ་བརྟེན་ནས་སྡུག་བསྔལ་བྱུང་བ་དང་དུ་ལེན་པའོ། །མངོན་པར་བརྩོན་པས་དུབ་པ་ལ་བརྟེན་པ་ནི། དགེ་ཕྱོགས་ལ་བརྩོན་པ་ལ་ལུས་དང་སེམས་


JLD013_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དུབ་པ་དང་འཁྲུག་པ་ངལ་བའི་གཞི་ལས་བྱུང་བའི་སྡུག་བསྔལ་རྣམས་དང་དུ་ལེན་པའོ། །སེམས་ཅན་གྱི་དོན་བྱེད་པ་ལ་བརྟེན་པ་ནི། དོན་བྱ་བ་བཅུ་གཅིག་སྟེ། དེ་ལས་སྡུག་བསྔལ་བྱུང་བའང་དང་དུ་ལེན་པའོ། །འཕྲལ་གྱི་བྱ་བ་ལ་བརྟེན་པ་ནི། ལྷུང་བཟེད་དང་ཆོས་གོས་ཀྱི་ལས་ལ་སོགས་པ་རབ་ཏུ་བྱུང་བ་དང་ཁ་ན་མ་ཐོ་བ་མེད་པའི་ཞིང་ལས་དང་ཚོང་དང་རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་སོགས་པ་ཁྱིམ་པའི་འཕྲལ་གྱི་བྱ་བ་སྟེ་དེ་ལས་བྱུང་བའི་སྡུག་བསྔལ་དང་དུ་ལེན་པའོ། །དེ་ལྟར་གཞི་བརྒྱད་ལས་བྱུང་བའི་སྡུག་བསྔལ་གང་ཡང་རུང་བས་ཐེབས་ཀྱང་སོ་སོའི་བརྩོན་འགྲུས་མི་གཏོང་ཞིང་བྱང་ཆུབ་ལ་འཇུག་པ་དང་ཞུགས་ནས་བཟློག་པའི་གེགས་སུ་མི་འགྱུར་ལ་ཡིད་མི་དགའ་བ་མེད་པར་འཇུག་གོ །གསུམ་པ་ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པ་བསྐྱེད་པ་ལ། མོས་པའི་ཡུལ་ནི་བརྒྱད་དེ། དང་བའི་ཡུལ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ནོ། །མངོན་དུ་བྱ་བའི་ཡུལ་ནི། བདག་མེད་པ་གཉིས་ཀྱི་དེ་ཁོ་ན་ཉིད་དོ། །འདོད་པའི་ཡུལ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཆེན་པོ་སྟེ། དེ་ཡང་མངོན་པར་ཤེས་པའི་མཐུ་དང་ཕར་ཕྱིན་དྲུག་གི་མཐུ་དང་ལྷན་ཅིག་སྐྱེས་པའི་མཐུ་གསུམ་མོ། །བླང་དོར་གྱི་ཡུལ་ནི། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་རྒྱུ་དང་དེ་དག་གི་འབྲས་བུ་འདོད་པ་དང་མི་འདོད་པ་སྟེ་འདི་གཉིས་སུ་བྱའོ། །བསྒོམ་པའི་ཡུལ་ནི། ཐོབ་བྱའི་དོན་བྱང་ཆུབ་དང་དེ་ཐོབ་པའི་ཐབས་བྱང་སེམས་ཀྱི་བསླབ་པའི་ལམ་ཐམས་ཅད་དེ་


JLD013_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང་གཉིས་སུ་བྱའོ། །ཐོས་བསམ་གྱིས་རྗེས་སུ་བསྒྲུབ་པའི་ཡུལ་ནི། ཤེས་བྱའི་སྤྱོད་ཡུལ་དེ་མི་རྟག་པ་ལ་སོགས་པ་ལ་གྲོ་ལུང་པ་བཞེད་དོ། །སྟོབས་ཀྱི་རིགས་ཀྱི་ལེའུར་ནི། གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་དམ་པའི་ཆོས་ལ་བརྒྱད་པར་གསུངས་པས་དེ་བཞིན་དུ་བྱ་དགོས་སམ་སྙམ་མོ། །མོས་པའི་ཚུལ་ནི། ཡུལ་དེ་དག་ཇི་ལྟར་ཡིན་པ་ལ་ངེས་པ་རྙེད་ནས་མི་མཐུན་པ་མེད་པར་འཛིན་ཅིང་ཡང་དང་ཡང་དུ་སེམས་པའོ། །སྡུག་བསྔལ་དང་ལེན་དང་ཆོས་ལ་ངེས་སེམས་བརྒྱད་ཚན་གཉིས་ནི། བྱང་ས་ལས་གསུངས་པ་བཀོད་པ་སྟེ། ཁྱད་པར་དུ་ཆོས་ལ་ངེས་སེམས་འདི་རྒྱས་པར་སྣང་ངོ་། །དེ་དག་བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ་ནི། བཟོད་པ་གང་ཡང་རུང་བ་ཞིག་བསྒྲུབ་པ་ནའང་དམ་པ་དྲུག་དང་ལྡན་པ་དང་ཕར་ཕྱིན་དྲུག་ཚང་བར་བྱས་ནས་བསྒྲུབ་པ་སྟེ། གཞན་བཟོད་པ་ལ་འགོད་པ་བཟོད་པའི་སྦྱིན་པ་ཡིན་པ་མ་གཏོགས་པ་སྔར་བཤད་པ་དང་འདྲའོ། །ལྔ་པ་དེ་དག་གི་དོན་བསྡུ་བ་ནི། སྤྱོད་པའི་རྟེན་སེམས་བསྐྱེད་པ་རྗེས་སུ་དྲན་ཞིང་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཟག་པ་ཟད་པའི་བཟོད་པ་ལ་འགོད་པར་འདོད་པའི་རྩ་བ་ཡིན་པས། དེ་ཇེ་འཕེལ་དུ་བཏང་ནས་ས་མཐོན་པོའི་བཟོད་པ་རྣམས་ཀྱང་སྨོན་པའི་ཡུལ་དུ་བྱས་ནས་སྦྱོང་བ་དང༌། ལས་དང་པོ་པའི་བཟོད་པའི་བསླབ་བྱ་རྣམས་དམིགས་ཕྱེད་པར་བྱས་ནས་ཚུལ་བཞིན་དུ་དེ་ལ་སློབ་པ་དང༌། ཇི་སྐད་བཤད་པའི་མཚམས་ལས་འདས་ནའང་ཕྱིར་འཆོས་པ་ལ་བརྩོན་པ་དགོས་ཀྱི། དེ་


JLD013_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཉམས་ལེན་གྱི་ཚེ་ཡལ་བར་དོར་ན་ཁ་ན་མ་ཐོ་བ་ཆེན་པོ་དུ་མས་རྒྱུན་དུ་གོས་པར་འགྱུར་ཞིང༌། སྐྱེ་བ་གཞན་དུའང་བྱང་སེམས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་རྣམས་ལ་ཉམས་སུ་ལེན་པ་ཆེས་ཤིན་ཏུ་དཀའ་བར་འགྱུར་ལ། ལམ་གྱི་གནད་དམ་པར་བལྟས་ནས་ནུས་པ་རྣམས་ད་ལྟ་ནས་བསྒྲུབ་ཅིང་མི་ནུས་པ་རྣམས་ལའང་བསམ་པ་སྦྱངས་ན། ལག་བཟང་གིས་ཞུས་པ་ལས་གསུངས་པ་ལྟར་ཚེགས་ཆུང་ངུ་དང་སྡུག་བསྔལ་ཆུང་ངུས་བཟོད་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་བསླབ་པ་ལ་ལྔ། བརྩོན་འགྲུས་ཀྱི་ངོ་བོ། དེ་ཉམས་སུ་ལེན་པ་ལ་འཇུག་པའི་ཐབས། བརྩོན་འགྲུས་ཀྱི་རབ་ཏུ་དབྱེ་བ། བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། དམིགས་པ་དགེ་བ་ལ་དམིགས་ནས་རྣམ་པ་མངོན་པར་སྤྲོ་བ་སྟེ། སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བ་འོ། །ཞེས་སོ། །བྱང་ས་ལས་ནི། དགེ་བ་བསྡུ་བ་དང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་དུ་སེམས་མངོན་པར་སྤྲོ་བ་ཕྱིན་ཅི་མ་ལོག་པ་དང་དེས་བསླངས་པའི་སྒོ་གསུམ་གྱི་ལས་གཡོ་བ་ལ་བཤད་དོ། །གཉིས་པ་ནི། བརྩོན་འགྲུས་བརྩམས་པའི་ཕན་ཡོན་དང་མ་བརྩམས་པའི་ཉེས་དམིགས་མང་དུ་སེམས་པ་སྟེ། དེ་ལ་གོམས་ན་བརྩོན་འགྲུས་བསྐྱེད་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཕན་ཡོན་ནི། ལྷག་བསམ་བསྐུལ་བ་ལས། སྡུག་བསྔལ་ཀུན་དང་མུན་པ་སེལ་བྱེད་ཅིང༌། །ངན་སོང་ཡོངས་སུ་སྤོང་བའི་གཞིར་གྱུར་པ། །སངས་རྒྱས་ཀུན་གྱིས་བསྔགས་པའི་བརྩོན་འགྲུས་འཕགས། །གང་ཡིན་དེ་ནི་


JLD013_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་བརྟེན་པར་གྱིས། །འཇིག་རྟེན་འདི་ན་བཟོ་གང་ཅི་ཡོད་དང༌། །འཇིག་རྟེན་འདས་བཟོ་གང་དག་ཅི་ཡོད་པ། །བརྩོན་འགྲུས་བརྩམས་ལ་རྙེད་པར་མི་དཀའ་ན། །མཁས་པ་སུ་དག་བརྩོན་འགྲུས་སྟོབས་ཀྱིས་སྐྱོ། །གང་དག་སངས་རྒྱས་བྱང་ཆུབ་ཞུགས་གྱུར་པ། །དེ་དག་རྨུགས་གཉིད་སྐྱོན་རྣམས་མཐོང་ནས་ནི། །རྟག་ཏུ་བརྩོན་འགྲུས་རྩོམ་ལ་གནས་པར་བྱེད། །འདི་ནི་ང་ཡིས་དེ་དག་བསྐུལ་བྱས་ཡིན། །ཞེས་དང༌། མདོ་སྡེའི་རྒྱན་ལས་ཀྱང༌། དགེ་བའི་ཚོགས་ཀྱི་ནང་ན་བརྩོན་འགྲུས་མཆོག །འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་འཐོབ། །བརྩོན་འགྲུས་ཀྱིས་ནི་མོད་ལ་བདེ་གནས་མཆོག །དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས། །བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་འཐོབ། །བརྩོན་འགྲུས་ཀྱིས་ནི་དག་པ་རབ་འགྱུར་ལྡན། །བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས་རྒྱས། །ཞེས་དང༌།བརྩོན་འགྲུས་ལྡན་པ་ལོངས་སྤྱོད་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་པ་ཉོན་མོངས་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་པ་སྐྱོ་བས་ཕམ་པ་མེད། །བརྩོན་འགྲུས་ལྡན་པ་ཐོབ་པས་ཕམ་པ་མེད། །ཅེས་དང༌། བྱང་ས་ལས་ཀྱང༌། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་དེ་ལྟར་ཡང་དག་པར་འགྲུབ་པར་བྱ་བའི་རྒྱུའི་གཙོ་བོ་དང་མཆོག་ནི་བརྩོན་འགྲུས་ཁོ་ན་ཡིན་གྱི། གཞན་ནི་དེ་ལྟ་མ་ཡིན་པ་དེའི་ཕྱིར། བརྩོན་འགྲུས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའོ་ཞེས་དེ་བཞིན་གཤེགས་པ་རྣམས་བསྟན་པས་སྟོན་པ་མཛད་དོ། །ཞེས་དང༌། ཕར་ཕྱིན་བསྡུས་པ་ལས་


JLD013_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། ཡོངས་སུ་སྐྱོ་མེད་བརྩོན་འགྲུས་ཆེ་ལྡན་ན། །མི་འཐོབ་མི་འགྲུབ་རྣམ་པ་གང་ཡང་མེད། །ཅེས་དང༌། མི་མིན་ཀུན་ཀྱང་དེ་ལ་ཕན་པར་དགའ། །ཏིང་འཛིན་རྣམ་པ་ཀུན་ཀྱང་འཐོབ་པར་འགྱུར། །ཉིན་མཚན་དུས་རྣམས་འབྲས་བུ་ཡོད་པར་འདའ། །ཡོན་ཏན་ཚོགས་ཀྱིས་དམའ་བར་འགྱུར་བ་མེད། །མི་ཡི་ཆོས་ལས་འཕགས་པའི་དོན་རྣམས་ཀྱིས། །མེ་ཏོག་ཨུཏྤ་ལ་བཞིན་རྣམ་པར་འཕེལ། །ཞེས་སོ། །ཉེས་དམིགས་ནི། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། །ལེ་ལོ་ཅན་རྣམས་ལ་ནི་སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་ལ་ནི་གཞན་གྱི་དོན་མེད་དོ། །ཞེས་དང༌། དྲན་པ་ཉེར་གཞག་ལས་ཀྱང༌། ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་གསུངས་པ་ལྟར། བརྩོན་འགྲུས་མེད་ན་ལེ་ལོའི་དབང་དུ་སོང་ནས་དཀར་ཆོས་ཀུན་གྱིས་ཕོངས་པར་འགྱུར་བས། གནས་སྐབས་དང་མཐར་ཐུག་གི་སྐྱེས་བུའི་དོན་ཐམས་ཅད་ལས་ཉམས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་རབ་དབྱེ་ལ་གཉིས། རབ་དབྱེ་དངོས་དང༌། བརྩོན་འགྲུས་བསྐྱེད་པའི་ཐབས་སོ། །དང་པོ་ནི་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང༌། དགེ་བའི་ཆོས་སྡུད་ཀྱི་བརྩོན་འགྲུས་དང༌། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སོ། །དང་པོ་ནི། བྱང་སེམས་རྣམས་བརྩོན་འགྲུས་རྩོམ་པ་ན། སྦྱོར་བའི་སྔ་རོལ་ནས་སེམས་ཀྱི་སྤྲོ་བ་སྔོན་དུ་འགྲོ་བའི་བསམ་པའི་གོ་ཆ་འདི་ལྟ་བུ་གྱོན་པར་བྱེད་དེ། བདག་ནི་བསྐལ་པ་


JLD013_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྟོང་དང་ཡུན་མཉམ་པའི་ཉིན་ཞག་བསགས་པའི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་བྱེ་བ་ཕྲག་འབུམ་འགྱུར་གྱིས་སེམས་ཅན་གཅིག་གི་སྡུག་བསྔལ་བསལ་བའི་ཕྱིར་དུ། སེམས་ཅན་དམྱལ་བ་ཁོ་ནར་གནས་ནས་སངས་རྒྱས་འཐོབ་པར་འགྱུར་ནའང་སྤྲོ་བར་བྱེད་དེ། རྫོགས་བྱང་གི་ཕྱིར་དུ་བརྩོན་པར་བྱེད་ལ་བརྩོན་འགྲུས་ལ་ཞུགས་པའང་མི་གཏོང་ན། དུས་ཀྱི་ཡུན་དེ་ལས་ཐུང་བ་དང་སྡུག་བསྔལ་ཆེས་ཆུང་བས་ལྟ་ཅི་སྨོས་སྙམ་པ་དེ་ལྟ་བུ་ནི་གོ་ཆའི་བརྩོན་འགྲུས་སོ། །བྱང་སེམས་གང་བརྩོན་འགྲུས་དེ་འདྲ་བ་ལ་མོས་པ་ཙམ་དང་དད་པ་ཙམ་བསྐྱེད་པ་དེ་ཡང་བརྟན་པོ་ཡིན་ཏེ། བླ་མེད་བྱང་ཆུབ་ཀྱི་ཕྱིར་དུ་བརྩོན་འགྲུས་རྩོམ་པ་དཔག་ཏུ་མེད་པའི་རྒྱུ་རྟས་པར་བྱེད་ན་བརྩོན་འགྲུས་དེ་དང་ལྡན་པ་ལྟ་ཅི་སྨོས། དེ་ལ་ནི་བྱང་ཆུབ་དང་གཞན་གྱི་ཕྱིར་དུ་ལས་གང་ལ་སེམས་ཞུམ་པའི་དཀའ་བ་སྤྱད་དགོས་པའི་བྱ་དཀའ་བ་ཅི་ཡང་མེད་པར་བྱང་ས་ལས་གསུངས་ཏེ། འདི་འདྲ་བའི་བསམ་པ་ལ་གོམས་པར་བྱས་ན་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་སད་ངེས་པའི་རྒྱུར་འགྲོ་བས་སྦྱང་བར་བྱའོ། །ཕར་ཕྱིན་བསྡུས་པ་ལས་ཀྱང༌། སྔ་ཕྱིར་འཁོར་བའི་མཐའ་དང་མཉམ་ཙམ་དུ། །རྒྱ་ཆེ་རིང་བའི་ཉིན་དང་མཚན་གྱུར་ལ། །དེ་འདྲ་བསགས་པས་ལོར་གྱུར་དུས་རིང་བའི། །བསྐལ་པ་རྒྱ་མཚོའི་ཆུ་ཐིགས་གྲངས་སྙེད་ཀྱིས། །བྱང་ཆུབ་མཆོག་གི་སེམས་ཤིག་སྐྱེ་འགྱུར་ལ། །དེ་འདྲའི་རྣམ་པས་ཚོགས་གཞན་རེ་རེ་ཞིང༌། །བསྒྲུབ་དགོས་གྱུར་ཀྱང་སྙིང་རྗེས་སྐྱོ་བ་


JLD013_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །བྱང་ཆུབ་དམ་པ་སྒྱིད་ལུག་མེད་པར་བསྒྲུབ། །འཁོར་ཚེ་རང་གི་སྡུག་བསྔལ་སེམས་བཏང་ཞིང༌། །གོ་ཆ་བརྟན་པ་དཔག་ཡས་དེ་བསྐྱེད་ན། །བརྟུལ་ཞུགས་དཔའ་བོ་སྙིང་རྗེའི་ངང་ཅན་ལ། །ཡང་དག་བླངས་པ་དང་པོ་ཡིན་པར་བརྗོད། །ཅེས་གསུངས་པའང་གོ་ཆའི་བརྩོན་འགྲུས་སོ། །གཞན་ཡང་འཁོར་བ་ཐོག་མེད་ནས་ད་ལྟ་ཡན་ཆད་ལ་ཞག་གཅིག་ཏུ་བྱས་པའི་ཞག་སུམ་ཅུ་ལ་ཟླ་བ་དང་དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་འབུམ་སོང་བ་ན་བྱང་ཆུབ་ཀྱི་སེམས་གཅིག་སྐྱེ་ཞིང༌། སངས་རྒྱས་གཅིག་མཐོང་ལ་དེ་འདྲ་བ་གངྒཱའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པ་གཅིག་གིས་སེམས་ཅན་གཅིག་གི་སེམས་དང་སྤྱོད་པ་ཤེས་ལ། དེ་ལྟ་བུའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཤེས་པར་བྱ་དགོས་ཀྱང་མི་ཞུམ་པའི་གོ་ཆ་ལ་གོ་ཆ་མི་ཟད་པར་བློ་གྲོས་མི་ཟད་པས་ཞུས་པ་ལས་གསུངས་ཏེ། གོང་ན་མེད་པའི་གོ་ཆའི་བརྩོན་འགྲུས་སོ། །མདོར་ན་འདི་འདྲ་བའི་བསམ་པ་རེ་བསྐྱེད་ནུས་ན་ཚོགས་མཐའ་ཡས་པ་བདེ་བླག་ཏུ་རྫོགས་ཤིང་སྒྲིབ་པ་དཔག་ཏུ་མེད་པ་འདག་ལ་ཕྱིར་མི་ལྡོག་པའི་རྒྱུ་མཆོག་ཏུ་འགྱུར་ཞིང༌། ཡུན་ཇི་ལྟར་རིང་བ་ལ་དགའ་བ་དེ་ཙམ་དུ་མྱུར་དུ་འཚང་རྒྱ་ལ། སྤྱོད་པ་མཐའ་ཡས་པ་དང་དུས་ཆེས་རིང་བ་སོགས་ལ་སྤྲོ་བ་ཅི་ཡང་མེད་པར་དུས་ཐུང་ངུས་འཚང་རྒྱ་བར་འདོད་པ་ནི། སངས་རྒྱས་ལ་ཆེས་རིང་བར་འགྱུར་བ་ཡིན་ཏེ། རྒྱལ་སྲས་རྣམས་ཀྱི་སྙིང་སྟོབས་རྨད་དུ་བྱུང་བ་སྐྱེ་བ་ལ་གེགས་སུ་འགྱུར་བའི་ཕྱིར་རོ། །དེ་ལྟ་བུའི་གོ་ཆ་གྱོན་


JLD013_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གང་གི་དོན་དུ་བརྩོན་འགྲུས་རྩོམ་པ་ལ་གཉིས་ལས། དགེ་བའི་ཆོས་སྡུད་པའི་བརྩོན་འགྲུས་ནི། ཕྱིན་དྲུག་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་དེ་དག་ལ་སྦྱོར་བའོ། །སེམས་ཅན་གྱི་དོན་བྱེད་པའི་བརྩོན་འགྲུས་ནི། དོན་བྱ་བ་བཅུ་གཅིག་ལ་ཇི་ལྟར་རིགས་པར་སྦྱོར་བའི་བརྩོན་འགྲུས་སོ། །གཉིས་པ་བརྩོན་འགྲུས་བསྐྱེད་པའི་ཐབས་ནི། སྔར་བཤད་པ་ལྟར་ཚོགས་གཉིས་ཀྱི་དཀར་ཆོས་ཐམས་ཅད་སྐྱེ་བ་དང་གནས་པ་དང་འཕེལ་བ་འདི་ལ་རག་ལས་པས་འདི་བསྐྱེད་པའི་ཉམས་ལེན་ནི་ཤིན་ཏུ་གལ་ཆེའོ། །དེ་ཡང་མཁས་གྲུབ་ཆེན་པོ་ཞི་བ་ལྷའི་གཞུང་ཉིད་གོ་སླ་ཞིང་སྐྱོང་བདེ་ལ་ཡོངས་སུ་རྫོགས་པར་མཐོང་བས་དེའི་ལུགས་བརྗོད་པར་བྱའོ། །འདི་ལ་བཞི། བརྩོན་འགྲུས་ཀྱི་གེགས་འགལ་རྐྱེན་སྤང་བ་དང༌། མཐུན་རྐྱེན་དཔུང་གི་ཚོགས་བསག་པ་དང༌། དེ་གཉིས་ལ་བརྟེན་ནས་བརྩོན་འགྲུས་རྩོམ་པ་ལྷུར་བླང་བ་དང༌། དེ་ལས་ལུས་དང་སེམས་ལས་སུ་རུང་བར་བྱ་ཚུལ་ལོ། །དང་པོ་ལ་གཉིས། མི་མཐུན་ཕྱོགས་ངོས་བཟུང་བ་དང༌། དེ་སྤོང་བའི་ཐབས་བསྟེན་པའོ། །དང་པོ་ནི། ལམ་ལ་མི་འཇུག་པ་ལ་གཉིས་ཏེ། སྒྲུབ་ནུས་པར་མཐོང་ཡང་མི་འཇུག་པ་དང་། བདག་གིས་དེ་འདྲ་བ་སྒྲུབ་ག་ལ་ནུས་སྙམ་སྟེ་ཞུམ་ནས་མི་འཇུག་པའོ། །སྒྲུབ་ནུས་མི་ནུས་ལ་བློ་ཁ་མ་ཕྱོགས་ནས་མི་བསྒྲུབ་པའང་ཡོད་མོད་ཀྱི། འདིར་ནི་གྲོལ་བ་དོན་གཉེར་ལ་འཆད་པས་སྐབས་མིན་ནོ། །དང་པོ་ལ་གཉིས་ཡོད་དེ། ད་དུང་ལོང་ཡོད་སྙམ་ནས་ཕྱི་བཤོལ་བྱེད་པའི་ལེ་ལོ་ཅན་དང༌། དེ་མིན་ཀྱང་བྱ་བ་དམན་པ་ཐ་མལ་པའི་བྱ་བ་རྣམས་ལ་ཆགས་པས་ཟིལ་གྱིས་ནོན་པའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། དེ་ཡི་མི་མཐུན་ཕྱོགས་བཤད་བྱ། །ལེ་


JLD013_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ངན་ལ་ཞེན་པ་དང༌། །སྒྱིད་ལུག་བདག་ཉིད་བརྙས་པ་འོ། །ཞེས་སོ། །ལེ་ལོ་སྐྱེ་བའི་རྒྱུ་ནི། སྙོམ་ལས་དང་བདེ་བ་དམན་པའི་རོ་ལ་ཆགས་པ་དང་གཉིད་ཀྱི་བདེ་བ་ལ་སྲེད་པ་དང་འཁོར་བ་ལ་སྐྱོ་ཤས་མེད་པ་རྣམས་ཏེ། སྙོམ་ལས་བདེ་བའི་རོ་མྱང་དང༌། །གཉིད་ལ་བརྟེན་པའི་སྲེད་པ་ཡིས། །འཁོར་བའི་སྡུག་བསྔལ་མི་སྐྱོ་ལས། །ལེ་ལོ་ཉེ་བར་སྐྱེ་བར་འགྱུར། །ཞེས་སོ། །ཁ་ཅིག་རྐང་པ་དང་པོ་གཉིས་ཀྱིས་རྣམ་པ་ཇི་ལྟར་དུ་སྐྱེ་བ་བསྟན་པར་འདོད་དོ། །དེ་སྤང་བའི་ཐབས་བསྟེན་པ་ལ་གསུམ་ལས། ཕྱི་བཤོལ་གྱི་ལེ་ལོ་འགོག་པ་ལ་གསུམ། ལུས་ཐོབ་པ་འདི་མྱུར་དུ་འཇིག་པ། ཤི་བའི་འོག་ཏུ་ངན་འགྲོར་ལྟུང་བ། སླར་ཡང་རྟེན་བཟང་པོ་འདི་རྙེད་དཀའ་བ་གསུམ་བསྒོམས་ནས་ལོང་ཡོད་དུ་འཛིན་པའི་ལེ་ལོ་བཀག་ནས་ལོང་མེད་རྒྱུད་ལ་བསྐྱེད་པའོ། །དེ་གསུམ་ནི་སྔར་སྐྱེས་བུ་ཆུང་ངུའི་སྐབས་སུ་བཤད་ཟིན་ཏོ། །བྱ་བ་ངན་པ་ལ་ཆགས་པ་དགག་པ་ནི། དམ་པའི་ཆོས་ནི་འདི་ཕྱིར་དགའ་བ་མཐའ་ཡས་པ་འབྱུང་བའི་རྒྱུ་ཡིན་པ་དང༌། དོན་མེད་པའི་ཅལ་ཅོལ་སྨྲ་བ་དང་རྒོད་པ་སོགས་ཀྱི་རྣམ་གཡེང་རྣམས་འདིའི་དོན་ཆེན་པོ་ཉམས་པར་བྱེད་པ་དང༌། ཕྱི་མར་དོན་མ་ཡིན་པ་སྡུག་བསྔལ་དུ་མ་བསྐྱེད་པའི་གནས་སུ་མཐོང་ནས་བསྒོམས་ལ་དགག་པར་བྱ་སྟེ། དགའ་བའི་རྒྱུ་ནི་མཐའ་ཡས་པའི། །དམ་ཆོས་དགའ་བའི་མཆོག་སྤངས་ནས། །སྡུག་བསྔལ་རྒྱུ་ནི་རྣམ་གཡེང་དང༌། །རྒོད་སོགས་ལ་ཁྱོད་ཅི་ཕྱིར་དགའ། །ཞེས་སོ། །སྒྱིད་ལུག་པའམ་བདག་ཉིད་བརྙས་པ་དགག་པ་ནི། དེ་ལྟར་ཕྱི་བཤོལ་དང་བྱ་བ་ངན་ཞེན་བཀག་ནས་དམ་པའི་ཆོས་ལ་སྤྲོ་བ་བྱུང་ཡང་། དེ་ཙམ་གྱིས་མི་ཆོག་གི་ཐེག་པ་ཆེན་པོ་ལ་སློབ་དགོས་


JLD013_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ལ་བདག་འདྲ་བས་བསྒྲུབ་མི་ནུས་སོ་སྙམ་དུ་ཞུམ་ན་དེ་བསལ་བར་བྱའོ། །འདི་ལ་གསུམ། ཐོབ་བྱ་ལ་སྒྱིད་ལུག་པ་དགག་པ་དང༌། དེ་ཐོབ་པའི་ཐབས་ལ་སྒྱིད་ལུག་པ་དགག་པ་དང༌། གང་དུ་གནས་ནས་བསྒྲུབ་པའི་གནས་ལ་ཞུམ་པ་དགག་པའོ། །དང་པོ་ནི། ཐོབ་བྱ་སངས་རྒྱས་ནི་སྐྱོན་མཐའ་དག་ཟད་པ་དང་ཡོན་ཏན་མཐའ་དག་རྫོགས་པ་ཡིན་ན། བདག་གིས་ནི་ཡོན་ཏན་སྣ་རེ་བསྒྲུབ་པ་དང་སྐྱོན་སྣ་རེ་འགོག་པའང་ཆེས་དཀའ་བར་སྣང་བས། བདག་འདྲ་བས་ནི་འབྲས་བུ་དེ་འདྲ་བ་ཐོབ་པར་ག་ལ་ནུས་སྙམ་པའི་ཞུམ་པ་དངོས་སུ་བྱུང་ན་ནི་སེམས་བསྐྱེད་གཏོང་བས་ཉེས་དམིགས་ཆེ་ལ། མ་བྱུང་ཡང་དང་པོ་ནས་དེའི་མཐའ་དགག་དགོས་སོ། །འགོག་ཚུལ་ནི། བཅོམ་ལྡན་འདས་བདེན་པ་དང་ཡང་དག་པ་གསུང་གི་བརྫུན་དང་ལོག་པ་མི་གསུང་བའི་ཚད་མའི་སྐྱེས་བུ་དེས་སྦྲང་བུ་སོགས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་གསུངས་ན། བདག་ནི་མིར་སྐྱེས་པས་རྟེན་བཟང་ལ། བླང་དོར་ལ་དཔྱོད་པའི་བློའི་མཐུ་ཡོད་པས་བདག་གིས་བརྩོན་པ་མ་བཏང་ན་ཅིའི་ཕྱིར་མི་འཐོབ་སྙམ་དུ་གཟེངས་བསྟོད་དེ། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུང་བས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང༌། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་འཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་ནས། །བྱང་


JLD013_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་སོ། །གཞན་ཡང་སྔོན་སངས་རྒྱས་ཏེ་འདས་པ་དང་ད་ལྟར་སངས་རྒྱས་ཏེ་བཞུགས་པ་དང་མ་འོངས་པ་ན་འཚང་རྒྱ་བ་དེ་དག་ཀྱང་སངས་རྒྱས་ཟིན་གཅིག་གིས་ལམ་བསྒྲུབས་པ་མིན་གྱི། བདག་ཅག་འདྲ་བ་ཞིག་ཁོ་ན་ཡར་ལ་ཇེ་མཐོར་གཤེགས་ནས་སངས་རྒྱས་པ་དང་རྒྱ་བའོ་སྙམ་དུ་བསམས་ནས་ཞུམ་པ་དགག་སྟེ། དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔས་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་དང༌། གང་དག་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་དང༌། གང་དག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཀྱང༌། ཚུལ་འདི་འདྲ་བ་དང་ལམ་འདི་འདྲ་བ་དང་བརྩོན་འགྲུས་འདི་འདྲ་བས་མངོན་པར་རྫོགས་པར་སངས་རྒྱས། མངོན་པར་རྫོགས་པར་འཚང་རྒྱ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པར་གྱུར་པ་ཤ་སྟག་ལས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱི། བདག་ཀྱང་ཅི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་སེམས་ཅན་ཐམས་ཅད་དང་ཐུན་མོང་གི་བརྩོན་འགྲུས་དང་སེམས་ཅན་ཐམས་ཅད་ལ་དམིགས་པའི་བརྩོན་འགྲུས་ཀྱིས་བདག་གིས་ཀྱང་དེ་ལྟ་དེ་ལྟར་བཙལ་ལོ་འབད་དོ། །ཞེས་དང༌། ཡོན་ཏན་མཐའ་ཡས་པར་


JLD013_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་ལས་ཀྱང༌། གང་སུ་ལ་ལ་དག་གིས་བདེར་གཤེགས་གོ་འཕང་བརྙེས་པ་དེ་དག་ཀྱང༌། །འདི་བས་ཤིན་ཏུ་སྨད་པའི་གནས་སྐབས་དག་ཏུ་ལྷུང་བ་བྱུང་ངོ་ཞེས། །དེ་སླད་ཁྱོད་ཀྱིས་ཉམ་ངར་ལྷུང་བའི་ཚེ་ཡང་བདག་ཉིད་སྨད་མ་མཛད། །བདག་ལ་སྨོད་པ་མི་རུང་སྐྱེས་བུ་དར་བ༌ཞུམ་པར་བགྱིད་པ་ལགས། །ཞེས་སོ། །ཞུམ་པ་སྐྱེ་བ་དེ་ཡང་། སངས་རྒྱས་ཡོན་ཏན་མཐའ་ཡས་ཤིང་འབྲས་བུ་རྒྱུའི་རྗེས་སུ་བྱེད་པས་ལམ་གྱི་ཚེ་ཡོན་ཏན་སྒོ་མཐའ་ཡས་པ་ནས་བསྒྲུབ་པ་དང༌། སྐྱོན་སྒོ་མཐའ་ཡས་པ་ནས་དགག་དགོས་པར་ལེགས་པོར་གོ་ནས་དེ་ནས་རང་སྟེང་དུ་བལྟས་པ་ན་ཞུམ་པ་སྐྱེ་བ་ཡིན་གྱི། སངས་རྒྱས་ཡོན་ཏན་མཐའ་ཡས་པ་དེ་ཉམས་ལེན་གྱི་དུས་སུ་ཡོན་ཏན་གྱི་ཆ་ཕྲ་མོ་རེ་ལ་རྐྱང་འདེད་དང་ཕུར་ཚུགས་བྱས་པས་འགྲུབ་སྙམ་དུ། ལམ་གྱི་གོ་བ་ཕྱིན་ཅི་ལོག་ཏུ་སོང་ན་ད་ལྟའི་དུས་བཞིན་དུ་ཞུམ་པ་གཏན་མི་སྐྱེའོ། །འོན་ཀྱང་དེ་བཟང་རྟགས་མིན་གྱི། ལམ་གྱི་འགྲོ་ཚུལ་ལ་ངེས་པ་མ་རྙེད་པའམ་གོ་བ་ཐར་ཐོར་ཡོད་ཀྱང་རང་གིས་ལག་ཏུ་མ་བླངས་པས་སླ་སླ་འདྲ་བ་ཞིག་གིས་བསྒྲིབས་པས་ལན་པ་ཡིན་ཏེ། ཉམས་ལེན་ལ་གཏུགས་པ་ན་ལམ་གྱི་འགོ་མཇུག་རགས་རིམ་བསྒྲིགས་པའི་ལུས་ཚང་བ་ཙམ་རེ་བསྟན་པ་ནའང་། དེ་ཙམ་དགོས་ན་སུས་ནུས་ཟེར་ནས་ལེགས་པར་སྤོང་བར་སྣང་བའི་ཕྱིར་རོ། །ཤ་ར་བའི་ཞལ་ནས་ཀྱང༌། ལག་ལེན་ལ་མ་ཞུགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་མདའ་འཕེན་མིག་ལ་སླ་བར་སོང་ནས་ཞུམ་པ་ཙམ་མི་འོང་། ད་ལྟ་ཆོས་


JLD013_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པོར་ཚང་བ་རང་མེད་པས་ཞུམ་པ་དང་རང་ཁྱད་དུ་གསོད་པའི་སར་ཕྱིན་པར་མི་འདུག་སྟེ། ལེགས་པར་ཚང་ན་ཞུམ་པ་དང་ཁྱད་གསོད་འབྱུང་ཉེན་ཆེ་གསུང་སྟེ་ཤིན་ཏུ་མད་པ་ཡིན་ནོ། །དེ་ཐོབ་པའི་ཐབས་ལ་ཞུམ་པ་དགག་པ་ནི། སངས་རྒྱས་བསྒྲུབ་པ་ལ་རྐང་ལག་ལ་སོགས་པ་བཏང་དགོས་ལ། དེ་འདྲ་བ་བདག་གིས་མི་ནུས་སོ་སྙམ་ན་དེ་ཙམ་གྱི་སྡུག་བསྔལ་ནི་བཟོད་དགོས་ཏེ། སྤྱོད་པ་རྣམས་ལ་མ་ཞུགས་པར་རང་དགར་བསྡད་པ་ལའང་འཁོར་བར་འཁོར་བ་ན་ལུས་བཅད་པ་དང་དྲལ་བ་དང་ཕུག་པ་དང་བསྲེགས་པ་ལ་སོགས་པའི་སྡུག་བསྔལ་བརྗོད་ལས་འདས་པ་མྱོང་ལ་དེར་ཡང་རང་གི་དོན་མ་གྲུབ་ཅིང༌། བྱང་ཆུབ་ཀྱི་ཕྱིར་དུ་དཀའ་བ་སྤྱོད་པའི་སྡུག་བསྔལ་ལ་ནི་སྡུག་བསྔལ་སྔ་མའི་ཆ་ཙམ་ཡང་མེད་ལ། རང་གཞན་གྱི་དོན་འགྲུབ་པའི་དགོས་པའང་ཆེ་བའི་ཕྱིར་ཏེ། འོན་ཏེ་རྐང་ལག་ལ་སོགས་པ། །གཏང་དགོས་བདག་ནི་འཇིགས་ཤེ་ན། །ལྕི་དང་ཡང་བ་མ་དཔྱད་པར། །རྨོངས་པས་བདག་ནི་འཇིགས་པར་ཟད། །བསྐལ་པ་བྱེ་བ་གྲངས་མེད་དུ། །ལན་གྲངས་དུ་མར་བཅད་པ་དང༌། །དབུག་དང་བསྲེག་དང་གཤེག་འགྱུར་གྱིས། །བྱང་ཆུབ་འཐོབ་པར་མི་འགྱུར་རོ། །བདག་གི་བྱང་ཆུབ་བསྒྲུབ་པ་ཡི། །སྡུག་བསྔལ་འདི་ནི་ཚོད་ཡོད་དེ། །ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར། །ལུས་རྨ་བཏོད་པའི་སྡུག་བསྔལ་བཞིན། །སྨན་པ་ཀུན་ཀྱང་གསོར་བྱེད་ཀྱི། །མི་བདེ་བ་ཡིས་ནད་མེད་བྱེད། །དེ་བས་སྡུག་བསྔལ་མང་པོ་དག །གཞོམ་ཕྱིར་མི་བདེ་ཆུང་བཟོད་བྱ། །ཞེས་སོ། །ལུས་གཏོང་བ་ནི་དང་པོ་ནས་འཇིགས་པའི་ཚེ་མི་གཏོང་གི །སྦྱིན་པ་ལ་རིམ་གྱིས་


JLD013_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བསླབས་པས་རང་ལུས་ལ་ཆགས་པ་ལོག་ཅིང༌། སྙིང་རྗེ་ཆེན་པོའི་སྟོབས་རྒྱས་པའི་ཚེ་དོན་ཆེན་པོར་འགྱུར་ན་གཏོང་བས་གཏོང་བའི་དུས་སུ་ནི་དཀའ་བ་མེད་དེ། གསོ་དཔྱད་ཕལ་པ་འདི་འདྲ་བའང༌། །སྨན་པ་མཆོག་གིས་མ་མཛད་དེ། །ཆོ་ག་ཤིན་ཏུ་འཇམ་པོ་ཡིས། །ནད་ཆེན་དཔག་མེད་གསོ་བར་མཛད། །ཚོད་མ་ལ་སོགས་སྦྱིན་པ་ལའང༌། །འདྲེན་པས་ཐོག་མར་སྦྱོར་བར་མཛད། །དེ་ལ་གོམས་ནས་ཕྱིས་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང༌། །གང་ཚེ་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློ་སྐྱེས་པ། །དེ་ཚེ་ཤ་ལ་སོགས་གཏོང་བ། །དེ་ལ་དཀའ་བ་ཅི་ཞིག་ཡོད། །ཅེས་སོ། །དེས་ན་ཁ་ཅིག་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པས་ལུས་སྲོག་གཏོང་དགོས་པས་གདུང་བ་བསྐྱེད་ཅིང༌། བྱ་དཀའ་བའི་ལམ་མོ་ཟེར་བ་ནི་གཞུང་འདིས་ལེགས་པར་བཀག་སྣང་སྟེ། བྱ་དཀའ་བའི་འདུ་ཤེས་སྐྱེ་བའི་རིང་ལ་མི་གཏོང་ལ། ཚོད་མ་སོགས་སྟེར་བ་དང་འདྲ་བར་ཤིན་ཏུ་སླ་བའི་ཚེ་གཏོང་བ་ཡིན་པའི་ཕྱིར་རོ། །གང་དུ་གནས་ནས་ལམ་བསྒྲུབ་པའི་གནས་ལ་ཞུམ་པ་དགག་པ་ནི། སངས་རྒྱས་བསྒྲུབ་པ་ནི་འཁོར་བར་སྐྱེ་བ་མཐའ་ཡས་པ་བླངས་ནས་བྱེད་དགོས་ལ། དེའི་ཚེ་འཁོར་བའི་སྡུག་བསྔལ་གྱིས་གནོད་པས་དེ་ལྟ་བུ་དེ་མི་ནུས་སོ་སྙམ་ན། བྱང་སེམས་ཀྱིས་སྡིག་སྤངས་པས་རྒྱུ་ལོག་པས་འབྲས་བུ་ཚོར་བ་སྡུག་བསྔལ་མི་འབྱུང་ལ། འཁོར་བ་རང་བཞིན་མེད་པ་སྒྱུ་མ་ལྟར་རྟོགས་པ་བརྟན་པས་སེམས་ལ་སྡུག་བསྔལ་མེད་ཅིང་ལུས་སེམས་བདེ་བས་རྒྱས་ན་


JLD013_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་སྡོད་ཀྱང་སྐྱོ་དོན་མེད་པས་དེ་ལྟར་བསམ་སྟེ། སྡིག་པ་སྤངས་ཕྱིར་སྡུག་བསྔལ་མེད། །མཁས་པའི་ཕྱིར་ན་མི་དགའ་མེད། །འདི་ལྟར་ལོག་པར་རྟོག་པ་དང༌། །སྡིག་པས་སེམས་དང་ལུས་ལ་གནོད། །བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །ཞེས་དང༌། དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་སོ། །དེ་བཞིན་དུ་དུས་དཔག་ཏུ་མེད་པ་འགོར་བས་ཀྱང་ཡིད་ཞུམ་པར་མི་བྱ་སྟེ། དུས་རིང་བ་ཙམ་སྐྱོ་བའི་རྒྱུ་མིན་པའི་ཕྱིར་རོ། །འདི་ལྟར་སྡུག་བསྔལ་ཚབས་ཤིན་ཏུ་ཆེ་ན་དུས་ཐུང་ཡང་སྐྱོ་ལ། སྡུག་བསྔལ་མེད་ཅིང་བདེ་ན་དུས་རིང་བ་ཡང་མི་སྐྱོ་བའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། སྡུག་བསྔལ་བ་ལ་དུས་ཐུང་ཡང༌། །བཟོད་དཀའ་ཡུན་རིང་སྨོས་ཅི་དགོས། །སྡུག་བསྔལ་མེད་ཅིང་བདེ་བ་ལ། །མཐའ་ཡས་དུས་ཀྱང་ཅི་ཞིག་གནོད། །དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །དེ་ཉིད་ཀྱིས་ན་ཡུན་རིང་གནས། །དེ་བས་སངས་རྒྱས་རིང་ཐོགས་ཞེས། །བློ་དང་ལྡན་པ་སྒྱིད་མི་ལུག །ཉེས་ཟད་ཡོན་ཏན་དོན་དུ་ནི། །འདི་ལ་རྟག་ཏུ་འབད་པར་བྱ། །ཞེས་སོ། །ཡང་འཚང་རྒྱ་བ་ལ་ཚོགས་མཐའ་ཡས་པ་རྫོགས་དགོས་ལ། དེ་ཤིན་ཏུ་དཀའ་བས་མི་ནུས་སོ་སྙམ་དུ་ཞུམ་པར་མི་བྱ་སྟེ། ཆེད་དུ་བྱ་བ་སེམས་ཅན་མཐའ་ཡས་པའི་ཕྱིར་དུ་


JLD013_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བྱ་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པ་ཐོབ་པར་འདོད་པས་ཀུན་ནས་བསླངས་ཏེ། དུས་དཔག་ཏུ་མེད་པར་གནས་པ་ལ་དམིགས་ནས་ཚོགས་མཐའ་ཡས་པ་བསྒྲུབ་པར་བྱའོ་སྙམ་ནས་སྡོམ་པ་བཟུང་བ་ན། གཉིད་ལོག་མ་ལོག་དང་སེམས་གཞན་དུ་གཡེངས་མ་གཡེངས་ཐམས་ཅད་དུ་བསོད་ནམས་ནམ་མཁའ་དང་མཉམ་པ་སྡོམ་པ་ཡོད་པ་དེ་སྲིད་དུ་རྟག་ཏུ་གསོག་པས། ཚོགས་མཐའ་ཡས་པ་རྫོགས་པར་མི་དཀའ་བའི་ཕྱིར་ཏེ། དེ་ཉིད་ལས། ཕྱོགས་རྣམས་ཀུན་ཏུ་ནམ་མཁའ་དང༌། །ས་དང་ཆུ་དང་མེ་དང་རླུང༌། །ཇི་ལྟར་མཐའ་ཡས་དེ་བཞིན་དུ། །སྡུག་བསྔལ་སེམས་ཅན་མཐའ་ཡས་འདོད། །སེམས་ཅན་མཐའ་ཡས་དེ་དག་ནི། །བྱང་ཆུབ་སེམས་དཔའ་སྙིང་བརྩེ་བས། །སྡུག་བསྔལ་དག་ལས་དྲངས་བྱས་ཏེ། །སངས་རྒྱས་ཉིད་ལ་དགོད་པར་ངེས། །དེ་ལྟར་བརྟན་པར་གནས་དེ་ནི། །མི་ཉལ་བ་འམ་ཉལ་ཡང་རུང༌། །ཡང་དག་བླངས་པ་ནས་བཟུང་སྟེ། །བག་མེད་གྱུར་ཀྱང་སེམས་ཅན་རྣམས། །མཐའ་ཡས་ཕྱིར་ན་སེམས་ཅན་བཞིན། །བསོད་ནམས་མཐའ་ཡས་རྟག་གསོག་འགྱུར། །མཐའ་ཡས་དེས་ན་སངས་རྒྱས་ཉིད། །མཐའ་ཡས་འཐོབ་མི་དཀའ་ཞེས་བྱ། །གང་ཞིག་དཔག་མེད་དུས་གནས་ཏེ། །ལུས་ཅན་དཔག་ཏུ་མེད་དོན་དུ། །བྱང་ཆུབ་དཔག་ཏུ་མེད་འདོད་ཅིང༌། །དགེ་བ་དཔག་ཏུ་མེད་བྱེད་པ། །དེས་ཀོ་བྱང་ཆུབ་དཔག་མེད་ཀྱང༌། །དཔག་ཏུ་མེད་པ་རྣམ་བཞི་ཡིས། །ཚོགས་ཀྱིས་རིང་པོར་མི་ཐོགས་པར། །ཇི་


JLD013_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་ན་འཐོབ་མི་འགྱུར། །ཞེས་སོ། །དེས་ན་བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཆེས་ཤིན་ཏུ་ཤུགས་དྲག་ནས་ཡིད་བསྐྱོད་པས་སེམས་ཅན་གྱི་དོན་དུ་སངས་རྒྱས་དུས་ཐུང་ངུ་ཞིག་ལ་ཐོབ་ན་སྙམ་པ་ཡིན་ན་ཤིན་ཏུ་ངོ་མཚར་ཡང༌། དེ་དག་གི་ཕྱོགས་ན་མེད་པའི་ཚེ་དུས་ཤིན་ཏུ་རིང་བ་དང་སྤྱོད་པ་མཐའ་ཡས་པ་ལ་སློབ་དགོས་པ་དང་དཀའ་སྤྱད་མང་དུ་དགོས་པ་རྣམས་མཐོང་བ་ན། དེ་ལྟར་སོང་ན་སུས་ནུས་སྙམ་ནས་ཉེ་ལམ་འཚོལ་བ་སྐད་བྱེད་ན་ནི་སྨོན་སེམས་ལ་བརྒྱུད་ནས་གནོད་ཅིང༌། འཇུག་སེམས་ལ་དངོས་སུ་གནོད་ལ། ཐེག་ཆེན་གྱི་རིགས་ཀྱི་ནུས་པ་ཇེ་དམན་དུ་སོང་ནས་འཚང་རྒྱ་བ་ལ་ཆེས་རིང་དུ་འགྲོ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཆེས་ཆེར་རྒྱས་པར་བྱེད་པའི་ཚུལ་རྒྱལ་བའི་དགོངས་པ་ཀླུ་སྒྲུབ་དང་ཐོགས་མེད་ཀྱིས་གཏན་ལ་ཕབ་པ་དང་ལེགས་པར་འགལ་བའི་ཕྱིར་རོ། །དེ་ལྟར་ན་ཞུམ་ནས་བསྡད་པས་ནི་ཅི་ལ་ཡང་མི་ཕན་ཞིང་ཇེ་ཞུམ་དུ་འགྲོ་བས་བྱང་ཆུབ་བསྒྲུབ་པའི་ཐབས་རྣམས་ལེགས་པར་ཤེས་པར་བྱས་ནས་བློ་གཟེངས་བསྟོད་ན་དོན་རྣམས་འགྲུབ་པ་ལག་ན་ཡོད་པ་དང་འདྲ་སྟེ། སྐྱེས་རབས་ལས། ཞུམ་པས་ཕོངས་ལས་ཐར་ལ་མི་ཕན་གྱི། །དེ་བས་མྱ་ངན་གདུང་བར་མ་བྱེད་པར། །དགོས་པའི་དོན་བསྒྲུབ་མཁས་ལ་བརྟེན་བྱས་ན། །རབ་ཏུ་དཀའ་བའང་སླ་བས་ཐར་བར་འགྱུར། །དེ་བས་འཇིགས་ཤིང་མི་དགའ་མ་བྱེད་པར། །ཇི་ལྟར་བྱ་བའི་ཐབས་ཀྱིས་དགོས་པ་སྒྲུབས། །མཁས་པའི་གཟི་བརྗིད་བརྟན་པས་གཟེངས་བསྟོད་ན། །དོན་རྣམས་ཐམས་ཅད་འགྲུབ་པ་ལག་ན་ཡོད། །ཅེས་སོ། །


JLD013_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཐོགས་མེད་ཀྱིས་རྒྱ་ཆེན་པོ་ལ་སློབ་ཚུལ་རྣམས་ལེགས་པར་ཤེས་ཀྱང་ཞུམ་པ་མེད་པ་དང༌། ཡོན་ཏན་ངན་ངོན་ཙམ་གྱིས་ཆོག་ཤེས་མི་བྱེད་པ་གཉིས་དང་ལྡན་པ་ཞིག་དགོས་པར་ཡང་ཡང་གསུངས་པ་ལ། ད་ལྟ་ནི་ཡོན་ཏན་ལྟར་སྣང་རེའམ་ཡོན་ཏན་མཚན་ཉིད་པ་ཡིན་ཀྱང་ཕྱོགས་གཅིག་ཙམ་ཞིག་སྐྱེས་ན། ལམ་གྱི་ས་ཆེན་པོ་ཞིག་བཅད་དོ་སྙམ་ཞིང་དེ་ཀ་གོམས་པས་ཆོག་པར་འཛིན་ལ། ལམ་གྱི་གནད་ལ་མཁས་པ་ཞིག་གིས་ལུང་རིགས་ཀྱི་རྐྱ་བར་ནས་བཏོན་ནས་དེ་ཡང་ཡོན་ཏན་ཆ་གཅིག་ཡིན་མོད། འོན་ཀྱང་དེ་ཙམ་གྱིས་གར་ཡང་མི་ཕྱིན་ཏོ་ཞེས་བརྡའ་སྤྲད་དེ་གོ་རྒྱུ་ཞིག་བྱུང་ན་ཡིད་ཤིན་ཏུ་ཞུམ་ནས་འགྲོ་བར་སྣང་བས། ཡོན་ཏན་ཕྱོགས་རེས་ཆོག་པར་མི་འཛིན་པར་གོང་མའི་ཁྱད་པར་འཚོལ་བ་དང༌། བསླབ་བྱ་མཐའ་ཡས་པ་ལ་སློབ་དགོས་ཀྱང་ཞུམ་པ་མེད་པ་ཤིན་ཏུ་དཀོན་པར་སྣང་ངོ་། །གཉིས་པ་མཐུན་རྐྱེན་དཔུང་གི་ཚོགས་བསག་པ་ལ་བཞི། མོས་པ་དང༌། བརྟན་པ་དང༌། དགའ་བའི་སྟོབས་བསྐྱེད་པ་དང༌། དོར་བའི་སྟོབས་སོ། །དང་པོ་ནི། འདུན་པས་བརྩོན་འགྲུས་ཀྱི་རྟེན་བྱེད་པར་གསུངས་པས་འདིར་མོས་པ་ནི་འདུན་པའོ། །དེ་བསྐྱེད་དགོས་པ་ནི། བདག་ནི་སྔོན་དང་ད་ལྟར་ཡང༌། །ཆོས་ལ་མོས་དང་བྲལ་བ་ཡིས། །ཕོངས་པ་འདི་འདྲ་བྱུང་བར་གྱུར། །སུ་ཞིག་ཆོས་ལ་མོས་པ་གཏོང༌། །དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །ཞེས་པ་ལྟར་རོ། །མོས་པ་ཇི་ལྟར་བསྐྱེད་པ་ནི། དེའི་ཡང་རྩ་བ་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་


JLD013_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་སོ། །ཞེས་དཀར་གནག་གི་ལས་ལས་འབྲས་བུ་ཡིད་དུ་འོང་མི་འོང་འབྱུང་བའི་ཚུལ་བསྒོམ་པ་ལ་བཤད་དེ། དད་པས་འདུན་པའི་རྟེན་བྱེད་པར་གསུངས་པས་ཡིད་ཆེས་ཀྱི་དད་པ་གཉིས་ཀྱིས་སྤང་བ་དང་བླང་བར་འདོད་པ་གཉིས་བསྐྱེད་པའི་ཕྱིར་རོ། །དེ་ཡང་ལས་འབྲས་སྤྱི་དང་ཁྱད་པར་དུ་བྱང་སེམས་ཀྱི་སྤྱོད་པ་རྣམས་ཀྱི་ཕན་ཡོན་དང༌། དེ་དག་ལས་འདས་པའི་ཉེས་དམིགས་ཀྱི་རྒྱུ་འབྲས་སེམས་པ་ཡིན་ཏེ་སྐབས་ཀྱིས་ཤེས་སོ། །དེ་ལྟར་ཐེག་ཆེན་ལ་མོས་ནས་དེའི་སྒོར་ཞུགས་པ་ནི། རང་གཞན་གྱི་ཉེས་པ་མཐའ་དག་བསལ་བ་དང་ཡོན་ཏན་མཐའ་དག་བསྒྲུབ་པར་ཁས་བླངས་པ་ཡིན་ལ། ཉེས་པ་རེ་རེ་བག་ཆགས་དང་བཅས་པ་དག་པར་བྱེད་པ་དང་ཡོན་ཏན་རེ་རེ་མཐར་ཐུག་པར་རྒྱས་པར་བྱེད་པ་ལ་བསྐལ་པ་དུ་མ་ཞིག་གོམས་དགོས་ན། བདག་ལ་ནི་དེ་དག་སེལ་བ་དང་བསྒྲུབ་པའི་བརྩོན་འགྲུས་ཀྱི་ཆ་ཤས་རེ་ཡང་མི་སྣང་བས་བདག་གིས་དལ་བ་དོན་མེད་དུ་བཏང་འདུག་གོ་སྙམ་དུ་བསམས་ནས་རང་ལ་རང་གིས་བསྐུལ་དགོས་ཏེ། བདག་དང་གཞན་གྱི་ཉེས་པ་ནི། །དཔག་མེད་བདག་གིས་གཞོམ་བྱ་སྟེ། །གང་དུ་ཉེས་པ་རེ་རེ་ལའང༌། །བསྐལ་པ་རྒྱ་མཚོར་ཟད་གྱུར་པ། །ཉེས་ཟད་རྩོམ་པ་དེ་ཡི་ནི། །ཆ་ཡང་བདག་ལ་མ་མཐོང་ན། །སྡུག་བསྔལ་དཔག་ཏུ་མེད་པའི་གནས། །བདག་ཀོ་ཅིས་ཏེ་སྙིང་མ་གས། །བདག་དང་གཞན་གྱི་ཡོན་ཏན་ནི། །མང་པོ་བདག་གིས་བསྒྲུབ་བྱ་སྟེ། །དེ་ལ་ཡོན་ཏན་རེ་རེ་ལའང༌། །བསྐལ་པ་རྒྱ་མཚོར་གོམས་འགྱུར་བ། །བདག་ནི་ཡོན་ཏན་ཆ་ཙམ་ལའང༌། །གོམས་པ་ནམ་ཡང་མ་སྐྱེས་ཏེ། །ཅི་ཞིག་ལྟར་རྙེད་སྐྱེ་བ་ནི། །


JLD013_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་དོན་མེད་བྱས་པ་མཚར། །ཞེས་སོ། །བརྟན་པའི་སྟོབས་ནི། གང་ལ་བརྩོན་འགྲུས་བརྩམས་པ་དེ་ལས་མི་ལྡོག་པར་མཐར་འབྱིན་པའོ། །དེ་ཡང་དང་པོ་ཅི་རུང་རུང་དུ་མི་འཇུག་པར་ལེགས་པར་བརྟགས་ལ་ནུས་པ་ལྟ་ན་འཇུག་ལ། མི་ནུས་ན་མི་འཇུག་པ་དང་། ཞུགས་ནས་བར་སྐབས་སུ་འདོར་བ་ལས་དང་པོ་ནས་མི་རྩོམ་པ་མཆོག་ཡིན་ནོ། །དེའི་རྒྱུ་མཚན་ནི། དམ་བཅས་པ་བར་མ་དོར་འདོར་བ་ལ་གོམས་ན་སྐྱེ་བ་གཞན་དུ་ཡང་དེའི་རྒྱུ་མཐུན་གྱིས་བསླབ་པ་ཁས་བླངས་པ་སོགས་འདོར་བས་ཚེ་དེར་སྡིག་འཕེལ་བ་དང༌། སྐྱེ་བ་གཞན་དུ་དེའི་འབྲས་བུ་སྡུག་བསྔལ་འཕེལ་བ་དང་སྔ་མ་དེ་བྱ་བར་བསམས་པས་དགེ་བ་གཞན་མི་འགྲུབ་པ་དང༌། སྔ་མ་དེ་ལས་ལོག་པས་དེའི་འབྲས་བུ་དམན་པ་དང་སྔ་མ་དེ་ཉིད་ཀྱང་མཐར་མ་ཕྱིན་པས་རྫོགས་པར་མི་འགྲུབ་པའི་ཕྱིར་ཏེ། མདོར་ན་གང་བྱ་བར་ཡི་དམ་བཅས་པ་དེ་ཡང་མགོ་མི་ཐོན་ལ་གཞན་འགྲུབ་པའི་ཡང་གེགས་སུ་འགྱུར་ཞིང་རྒྱུ་མཐུན་གྱིས་སྡོམ་པ་ཁས་བླངས་པའི་དམ་བཅའ་ཡང་མི་བརྟན་པའོ། །དེ་ལྟར་ཡང༌། དང་པོ་སྦྱོར་བ་བརྟགས་ནས་ནི། །བརྩམ་མམ་ཡང་ན་མི་བརྩམ་བྱ། །མ་བརྩམས་པ་ནི་མཆོག་ཡིན་གྱི། །བརྩམས་ནས་ལྡོག་པར་མི་བྱ་འོ། །སྐྱེ་བ་གཞན་དུ་དེ་གོམས་ཤིང༌། །སྡིག་དང་སྡུག་བསྔལ་འཕེལ་འགྱུར་ཏེ། །གཞན་དང་འབྲས་བུའི་དུས་ཀྱང་ནི། །དམན་གྱུར་དེ་ཡང་འགྲུབ་མི་འགྱུར། །ཞེས་སོ། །དེས་ན་དམ་བཅའ་མཐར་ཕྱིན་པར་འདོད་པས་ང་རྒྱལ་གསུམ་བསྒོམ་པར་བྱ་སྟེ། ལས་དང་ཉོན་མོངས་


JLD013_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་སྟེ། །གསུམ་པོ་དག་ལ་ང་རྒྱལ་བྱ། །ཞེས་སོ། །དེ་ལ་ལས་ཀྱི་ང་རྒྱལ་ནི། གཞན་སུ་ལ་ཡང་རང་གི་ལམ་བསྒྲུབ་པའི་གྲོགས་ཀྱི་བལྟོས་པ་མི་འཆའ་བར་རང་ཁོ་ནས་བསྒྲུབ་པ་སྟེ། བདག་ཉིད་གཅིག་པུས་བྱའོ་ཞེས། །འདི་ནི་ལས་ཀྱི་ང་རྒྱལ་ཉིད། །ཅེས་དང༌། བཤེས་སྤྲིངས་ལས་ཀྱང༌། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་ཀྱི། །ཞེས་པ་ལྟར་རོ། །འདི་ནི་གཞན་ལ་མི་རེ་བར་བདག་གཅིག་པུས་བསྒྲུབ་བོ་སྙམ་པ་ལ་ང་རྒྱལ་དང་འདྲ་བ་ཡོད་པས་དེར་བཏགས་པའོ། །ནུས་པའི་ང་རྒྱལ་ནི། འགྲོ་བ་རྣམས་ནི་ཉོན་མོངས་ཀྱི་དབང་དུ་གྱུར་པས་རང་གི་དོན་ཡང་བསྒྲུབ་པར་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས། བདག་གིས་ནི་རང་གཞན་གྱི་དོན་བསྒྲུབ་པར་ནུས་སོ་སྙམ་ནས་བསྒྲུབ་པ་སྟེ། ཉོན་མོངས་དབང་མེད་འཇིག་རྟེན་འདིས། །རང་དོན་བསྒྲུབ་པར་མི་ནུས་པས། །འགྲོ་བས་བདག་ལྟར་མི་ནུས་ཏེ། །དེ་བས་བདག་གིས་འདི་བྱ་འོ། །ཞེས་སོ། །གཞན་ཡང་འདི་དག་ཀྱང་དམན་པའི་ལས་ལ་རྩོལ་བ་མི་གཅོད་ན་བདག་འབྲས་བུ་གྱ་ནོམ་པ་བསྒྲུབ་པའི་ལས་ཅིའི་ཕྱིར་མི་བྱེད་སྙམ་དུ་བསམས་ནས་བསྒྲུབ་པ་སྟེ། གཞན་དག་དམན་པའི་ལས་བྱེད་ན། །བདག་ཉིད་ཀྱང་ནི་ཇི་ལྟར་འདུག །ཅེས་སོ། །འོན་ཀྱང་དེ་གཉིས་བསྒྲུབ་པ་ན་གཞན་ཁྱད་དུ་བསད་ནས་རང་ལ་རློམ་པས་བསྒྲུབ་པ་མིན་གྱི། བརྩེ་བའི་རྣམ་པ་ཅན་དུ་བལྟས་ནས་ང་རྒྱལ་དང་མ་འདྲེས་པར་བྱ་སྟེ། ང་རྒྱལ་གྱིས་འདི་མི་བྱེད་དེ། །བདག་ལ་ང་རྒྱལ་མེད་པ་མཆོག །ཅེས་སོ། །གཞན་གྱིས་མི་ནུས་པ་བདག་གིས་ནུས་སྙམ་པ་ཡང་


JLD013_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་དང་ཆོས་མཐུན་པས་ང་རྒྱལ་དུ་བཏགས་སོ། །ཉོན་མོངས་པའི་ང་རྒྱལ་ནི། ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་ཁྱད་དུ་བསད་ནས་བདག་འདི་དག་ལས་རྒྱལ་བར་བྱ་ཡི། འདི་དག་བདག་ལས་ནམ་ཡང་རྒྱལ་བར་མི་བྱའོ་སྙམ་དུ་མི་མཐུན་པའི་ཕྱོགས་འཇོམས་པ་ལ་བློའི་དཔའ་བསྐྱེད་ནས་བརྟན་པར་བྱེད་པ་སྟེ། བདག་གིས་ཀུན་ལས་རྒྱལ་བྱ་སྟེ། །བདག་ལས་སུ་ཡང་རྒྱལ་མི་བྱ། །རྒྱལ་བ་སེང་གེའི་སྲས་དག་པས། །ང་རྒྱལ་འདི་ལ་གནས་པར་བྱ། །ཞེས་སོ། །དེ་ལྟར་མ་བྱས་པར་སྲོ་ཤི་ན་མི་མཐུན་ཕྱོགས་ཆུང་ངུས་ཀྱང་གནོད་པར་ནུས་པ་ནི། ཤི་བའི་སྦྲུལ་དང་ཕྲད་གྱུར་ན། །ཁྭ་ཡང་མཁའ་ལྡིང་ལྟ་བུར་སྤྱོད། །གལ་ཏེ་བདག་ཉིད་ཉམ་ཆུང་ན། །ལྟུང་བ་ཆུང་ངུའང་གནོད་པར་བྱེད། །ཞུམ་བཅས་རྩོལ་བ་དོར་བ་ལ། །ཕོངས་ལས་ཐར་བ་ཡོད་དམ་ཅི། །ཞེས་སོ། །ཤ་ར་བའི་ཞལ་ནས། ཆོས་བོར་བའི་བདེ་བ་ལ་སྔར་གྱི་བདེ་བ་ལས་ལྷག་པ་ཡང་མེད་ལ། འདིར་ཆོས་བོར་ན་ཕྱི་མ་ཕན་ཆད་དུ་སྡུག་བསྔལ་མུ་མཐའ་མེད་པ་ཉམས་སུ་བླང་དགོས་པ་ཡང་བསམ། རང་གིས་རྩོལ་བ་མ་བྱས་ན་ཉོན་མོངས་པས་ཀྱང་སྙིང་རྗེ་མི་བལྟ། གཉེན་པོ་ཡང་ཁྱོད་ཀྱིས་བསྒོམ་མི་ནུས་པས་ངེད་རང་རྫོགས་པར་བྱེད་ཟེར་ནས་མི་འོང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་ཀྱང་བསྐྱབ་པར་མི་ནུས་གསུང་ངོ་། །སྔ་མ་ལྟ་བུའི་ང་རྒྱལ་བྱས་ན་མི་མཐུན་ཕྱོགས་ཆེན་པོས་ཀྱང་བར་དུ་གཅོད་མི་ནུས་པས། དེས་ན་ང་རྒྱལ་དེ་བསྐྱེད་དགོས་པ་ནི། ང་རྒྱལ་རྩོལ་


JLD013_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྐྱེད་པས་ནི། །ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ། །དེ་བས་སེམས་ནི་བརྟན་པོ་ཡིས། །ལྟུང་བ་རྣམས་ནི་གཞོམ་བྱ་སྟེ། །ཞེས་སོ། །དེ་ལྟ་མ་ཡིན་པར་སྒྲུབ་པ་པོ་ལྟུང་བས་ཕམ་པར་བྱས་ན་ཁམས་གསུམ་གྱི་ཉོན་མོངས་ལས་རྒྱལ་བར་འདོད་པ་ནི་མཁས་པས་ཁྲེལ་བའི་གནས་ཡིན་ཏེ། བདག་ནི་ལྟུང་བས་ཕམ་བྱས་ན། །ཁམས་གསུམ་རྒྱལ་འདོད་བཞད་གད་འགྱུར། །ཞེས་སོ། །དེ་ནི་ཉོན་མོངས་ལ་ཁྱད་གསོད་བྱས་ནས་འཇོམས་པར་འདོད་པས་ཉོན་མོངས་པའི་ང་རྒྱལ་ཞེས་བཏགས་སོ། །རྣམ་བཤད་མཛད་པ་རྣམས་དེ་དང་མི་འདྲ་བར་འཆད་མོད། གཞུང་ལ་སྔ་མ་འགྲིག་གམ་སྙམ་མོ། །དེ་ལྟར་ན་གཞན་ལ་རེ་བ་བཀག་ནས་རང་གཅིག་པུས་བྱེད་པར་གོ་བགོ །དེ་ཡང་གཞན་གྱིས་རང་ལྟར་བྱ་བར་མི་ནུས་ཀྱི། རང་གིས་ནུས་སོ་སྙམ་དུ་གདེང་འཆའ། དེ་ལྟར་མཐོང་ནས་བསྒྲུབ་པའི་ཚེ་ཡང་ཉོན་མོངས་ཕར་ལ་གཞོམ་གྱི། དེས་ཚུར་ལ་ནམ་ཡང་འཇོམས་མི་ནུས་པར་བྱེད་པའི་བློའི་བརྟན་པ་བསྐྱེད་ཅིང་དམ་བཅའ་བར་སྐབས་སུ་འདོར་བའི་ཉེས་དམིགས་བསམས་ལ། ལེགས་པར་བརྟགས་ནས་གང་བྱ་བར་ཡི་དམ་བཅས་པ་ཐམས་ཅད་ལ་མཐར་འབྱིན་འདོད་ཀྱི་བློ་བརྟན་པོ་མ་རྙེད་ཀྱི་བར་དུ་སྦྱང་བར་བྱའོ། །དགའ་བའི་སྟོབས་བསྐྱེད་པ་ནི། དེ་ལྟར་འདུན་པ་དྲག་པོའི་མོས་པའི་སྟོབས་ཀྱིས་བརྩོན་འགྲུས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་ཟིན་མི་ལྡོག་པའི་རྒྱུར་བརྟན་པའི་སྟོབས་སམ་ང་རྒྱལ་གྱི་སྟོབས་བསྒྲུབས་ནས། དང་པོར་འཇུག་པའི་ཚེ་ཡང་དགའ་བཞིན་དུ་འཇུག་པ་དང༌། ཞུགས་པའི་ཚེ་ཡང་


JLD013_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དེའི་འཕྲོ་གཅོད་པར་མི་འདོད་པས་མི་ངོམས་པའི་བསམ་པ་ནི་དགའ་བའི་སྟོབས་ཡིན་པས་དེ་བསྐྱེད་པར་བྱའོ། །དེ་ལ་མི་ངོམས་པའི་ཚུལ་ཇི་འདྲ་བ་ཞིག་བསྐྱེད་པ་ནི། རྩེད་མོའི་བདེ་འབྲས་འདོད་པ་ལྟར། །འདི་ཡིས་བྱ་བའི་ལས་གང་ཡིན། །ལས་དེ་ལ་ནི་ཞེན་བྱ་སྟེ། །ལས་དེས་མི་ངོམས་དགའ་བར་བྱ། །ཞེས་གསུངས་པ་ལྟར། བྱིས་པ་རྣམས་རྩེད་མོའི་ལས་ལ་ངོམས་པ་མེད་པར་འཇུག་པ་དང་འདྲ་བའི་བློ་སྐྱེས་སྐྱེས་སུ་འབད་པའོ། །དེ་ཡང་འབྲས་བུ་བདེ་བས་མི་ངོམས་པ་བཞིན་དུ་དེའི་རྒྱུའི་ལས་ཀྱིས་ཀྱང་མི་ངོམས་དགོས་ཏེ། ཐ་མལ་པ་རྣམས་འབྲས་བུ་བདེ་བ་འཐོབ་མི་འཐོབ་ཐེ་ཚོམ་ཟ་བ་ལ་ཡང་འབད་ནས་འཇུག་ན། ལས་གང་སྤྱད་ན་འབྲས་བུ་བདེ་བ་འབྱུང་བར་ངེས་པ་ལ་སྨོས་སུ་མེད་པའི་ཕྱིར་ཏེ། བདེ་བའི་དོན་དུ་ལས་བྱས་ཀྱང༌། །བདེ་འགྱུར་མི་འགྱུར་གཏོལ་མེད་ཀྱི། །གང་གི་ལས་ཉིད་བདེ་འགྱུར་བ། །དེ་ལས་མི་བྱེད་ཇི་ལྟར་བདེ། །ཞེས་སོ། །རྒྱུ་མཚན་འདིས་ཀྱང་ངོམས་པར་མི་རིགས་ཏེ། སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ན། །རྣམ་སྨིན་བདེ་ལ་ཞི་བ་ཡི། །བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས། །ཞེས་གསུངས་པ་ལྟར། མངར་བའི་རོ་ཅུང་ཟད་མྱང་རྒྱུ་ཡོད་ཀྱང་བལྡགས་ན་ལྕེ་གཤོག་པའི་སྤུ་གྲི་རྣོན་པོའི་སོ་ལ་ཆགས་པའི་སྦྲང་རྩི་དང་འདྲ་བར་འཕྲལ་བདེ་ཅུང་ཟད་ཡོད་ཀྱང༌། འདི་ཕྱིར་སྡུག་བསྔལ་ཚབས་ཆེ་བ་སྟེར་བའི་འདོད་པའི་ཡོན་ཏན་ཡིད་དུ་འོང་བ་སྤྱད་པ་ལ་ཡང་ངོམས་པ་མི་སྣང་ན།


JLD013_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ན་མ་ཐོ་བ་མེད་པའི་འཕྲལ་དང་ཡུན་གྱི་བདེ་བ་མཐའ་ཡས་པ་སྟེར་བའི་ཚོགས་ཀྱིས་ཅི་སྟེ་ངོམས་པར་རིགས་སྙམ་དུ་བསམས་ལ་མི་ངོམས་པའི་བསམ་པ་བསྐྱེད་པར་བྱའོ། །དེས་ན་གང་ལ་འཇུག་པའི་དགེ་བའི་ལས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེ་དག་ལ་འཇུག་པ་ན་ཉི་མས་གདུངས་པའི་གླང་ཆེན་ཉི་མ་ཕྱེད་ཀྱི་དུས་སུ་ཡིད་དུ་འོང་བའི་པད་མཚོར་འཇུག་པ་ལྟ་བུའི་བློ་མ་སྐྱེས་ཀྱི་བར་དུ་སྦྱང་བར་བྱ་སྟེ། དེ་ལྟའི་ལས་ཚར་ཕྱིན་བྱའི་ཕྱིར། །ཉི་མ་ཕྱེད་དུས་གདུངས་པ་ཡི། །གླང་ཆེན་མཚོར་ཕྲད་མཚོར་འཇུག་ལྟར། །ལས་དེ་ལ་ཡང་འཇུག་པར་བྱ། །ཞེས་སོ། །དོར་བའི་སྟོབས་ནི། བརྩོན་འགྲུས་བརྩམས་པས་ལུས་སེམས་དུབ་ན་རེ་ཞིག་ངལ་བསོ་དགོས་ཏེ། དེ་ལྟ་མ་ཡིན་ན་ཤིན་ཏུ་སྐྱོ་ཞིང་སུན་པས་ཕྱིས་བརྩོན་པའི་བར་ཆད་དུ་འགྱུར་བའི་ཕྱིར་རོ། །ངལ་སོས་མ་ཐག་ཡང་བརྩོན་འགྲུས་བརྩམ་ཞིང་སྔ་མ་ལེགས་པར་མཐར་ཐོན་ན་དེ་ཙམ་གྱིས་ཆོག་ཤེས་མི་བྱ་བར་གོང་མ་གཞན་ཞིག་བྱ་བ་ལ་བརྩོན་འགྲུས་བརྩམ་དགོས་ཏེ། སྟོབས་ཉམས་པ་དང་རྗེས་འབྲེལ་ན། །སླར་བྱའི་དོན་དུ་དོར་བར་བྱ། །ལེགས་པར་ཟིན་ན་ཕྱི་མ་དང༌། །ཕྱི་མ་འདོད་པས་དེ་སྤང་བྱ། །ཞེས་སོ། །ཕྱི་མ་འདི་གལ་ཆེ་སྟེ། ཡོན་ཏན་སྔ་མ་རེས་ཆོག་ཤེས་བྱས་ན་ཁྱད་པར་གོང་མ་མང་པོ་འཐོབ་པ་ལ་གེགས་ཆེན་པོར་འགྱུར་བའི་ཕྱིར་རོ། །འདིས་ནི་བརྩོན་འགྲུས་རྩོམ་ལུགས་བསྟན་ཏེ་ཧ་ཅང་བརྟུན་ངས་ཏེ་རྩོལ་བ་དྲགས་པ་དང་ཧ་ཅང་ལྷོད་པ་གཉིས་ཀ་སྤངས་ནས་ཆུ་བོའི་རྒྱུན་བཞིན་དུ་ན་རེ་བ་


JLD013_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དགོས་ཏེ། དཔལ་ལྡན་མ་ཁོལ་གྱིས། ཁྱད་པར་འཕགས་པར་བགྱི་བ་ལ། །ཁྱོད་ལ་ཐང་ལྷོད་འགའ་མ་བྱུང༌། །དེ་སླད་ཁྱོད་ཀྱི་ཁྱད་པར་རྣམས། །ཐོག་དྲུང་རིམ་པ་དབྱེར་མ་མཆིས། །ཞེས་སོ། །པོ་ཏོ་བའི་ཞལ་ནས་ཀྱང༌། སེ་མོ་གྲུ་པའི་ར་མདའ་ལྟ་བུས་མི་འོང་། བྱང་པའི་ར་མདའ་དང་པོ་སོས་བདལ་ནས་ཇག་པ་མ་སླེབ་བར་དུ་འདེད། དེ་བཞིན་དུ་སོས་བདལ་ཡུན་བསྲིངས་ནས་བྱེད་དགོས། དཔེར་ན་ཤིག་གིས་སོས་བདལ་ནས་མ་བསྡད་པར་ཕྱིན་པས་མྱུར་དུ་ཕྱིན། ལྗི་བས་ཐེབས་རེ་མཆོངས་ཤིང་བསྡད་པས་མ་ཕྱིན་པ་ལྟ་བུའོ། །ཞེས་གསུང་ངོ་། །གསུམ་པ་དེ་གཉིས་ལ་བརྟེན་ནས་བརྩོན་འགྲུས་རྩོམ་པ་ལྷུར་བླང་བ་ནི། དེ་ལྟར་བརྩོན་འགྲུས་ཀྱི་འགལ་རྐྱེན་གསུམ་ངོས་བཟུང་ནས་གཉེན་པོ་བསྟེན་ཏེ་ཉམས་སྨད། མ་སྐྱེས་པ་སྐྱེ་བའི་མཐུན་རྐྱེན་མོས་པ་དང་། ཞུགས་ཟིན་མི་ལྡོག་པའི་རྒྱུ་བརྟན་པ་དང་། ལས་དེ་ལ་འཇུག་པ་ན་ཡང་འཕྲོ་གཅོད་པར་མི་འདོད་པ་དགའ་བའི་སྟོབས་བསྐྱེད་ཅིང༌། དོར་བའི་སྟོབས་ཀྱིས་བརྩོན་འགྲུས་རྩོམ་ལུགས་ལ་མཁས་པ་ན། བརྩོན་འགྲུས་ལ་ལྷུར་བླང་བའི་སྟོབས་བསྐྱེད་དགོས་པས་དེ་བཤད་པར་བྱའོ། །དེ་ལ་སྤང་བྱ་སྤོང་བའི་བརྩོན་འགྲུས་རྩོམ་པའི་ཚེ་ཇི་ལྟར་བྱ་བ་ནི། འཐབ་རྙིང་དགྲ་དང་ལྷན་ཅིག་ཏུ། །གཡུལ་ངོར་རལ་གར་ལྷགས་པ་བཞིན། །ཉོན་མོངས་མཚོན་ལས་བཟུར་བྱ་ཞིང༌། །ཉོན་མོངས་དགྲ་རྣམས་འཇེབས་པར་བཏབ། །ཅེས་གསུངས་པ་ལྟར། དཔེར་ན། འཐབ་མོ་བ་རྙིང་པ། ལས་དེ་ལ་གོམས་པའི་མཁས་པ་ནི་དགྲ་དང་རལ་ག་སོགས་འགྱེད་པའི་ཚེ་ཕ་


JLD013_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་འཇོམས་པ་གཅིག་པུའི་རྩིས་མི་བྱེད་ཀྱི། རང་ལ་ཚུར་མཚོན་གྱི་གནོད་པ་འབབ་པ་ལས་བཟུར་བ་ལ་མཁས་པ་དང༌། ཕར་ལ་འཇོམས་པ་གཉིས་ཀའི་ལས་བསྒྲུབ་པ་བཞིན་དུ། སྒྲུབ་པ་པོ་ཡང་ཉོན་མོངས་དང་འཐབ་པའི་ཚེ་ཉོན་མོངས་ཀྱིས་ཚུར་སེམས་ལ་རྨ་འབྱིན་པ་ལ་ཟོན་བྱེད་ཅིང་བཟུར་བ་དང༌། ཕར་ལ་གཉེན་པོ་བསྟེན་ནས་འཇོམས་པ་གཉིས་ཀ་ལ་མཁས་པར་བྱས་ནས་བརྩོན་པ་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་ཉོན་མོངས་ཆ་གཅིག་གི་བྱེད་པ་ཞིག་གཉེན་པོས་བཀག་ཀྱང་ཉོན་མོངས་གཞན་ཞིག་གིས་ཀྱང་དགེ་བའི་ཆ་འགའ་ཞིག་འཕྲོག་པའམ། ཡང་ན་སེམས་ལ་ཁ་ན་མ་ཐོ་བ་ཆེ་བ་ཞིག་བསྐྱེད་པས་གཉིས་ཀ་མཉམ་པོར་སོང་ནས་དགེ་སྦྱོར་ལ་སྐྱེད་འོང་བར་དཀའ་བའི་ཕྱིར་རོ། །དེ་ནི་དཔེར་བརྗོད་ན། ཆོས་བྱེད་པ་ལ་ཤེས་པ་གལ་ཆེ་བར་འདུག་སྙམ་ནས་ཤེས་པ་ཙམ་ལ་སྙིང་པོར་བཟུང་ནས་རྩད་བཅད་པ་ན་མི་ཤེས་པའི་རྨོངས་པ་ཐོས་པས་བསལ་ཡང་། ཉོན་མོངས་གཞན་ལ་ཟོན་མ་བྱས་པས་དེའི་རིང་ལ་ཉེས་སྤྱོད་དུ་མས་གོས་ནས་རྒྱུད་ཆེས་མ་རུངས་པར་འགྱུར་བ་དང༌། ཤེས་པ་ལས་ཀྱང་རྒྱུད་འདུལ་བ་གལ་ཆེ་བར་འདུག་སྙམ་ནས་བསྒོམ་པ་གཙོ་བོར་བྱས་ཏེ། རྨོངས་པའི་དགྲ་ལ་ཟོན་བྱེད་པ་དོར་ནས་ཆོས་མ་ཉན་ཅིང་མ་བསླབས་པས་རང་གིས་ཁས་བླངས་པའི་སྡོམ་པ་རྣམས་ཀྱི་བཅས་པའི་འཇུག་ལྡོག་ལ་ཆེས་རྨོངས་ནས་རྒྱུན་དུ་ལྟུང་བས་འཇོམས་པ་ལྟ་བུའོ། །དེ་ལྟར་ཉོན་མོངས་དང་འཐབ་པའི་ཚེ་ཡང་གཡུལ་འགྱེད་པའི་དུས་སུ་ལག་ནས་རལ་གྲི་ལྷུང་ན་བསད་ཀྱིས་དོགས་པའི་འཇིགས་


JLD013_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལོང་ཡོད་མི་བྱེད་པར་དེ་མ་ཐག་ཏུ་ལེན་པ་ལྟར། སྤང་བླང་གི་འཇུག་ལྡོག་གི་དམིགས་རྣམ་མ་བརྗེད་པའི་དྲན་པའི་མཚོན་ཤོར་ན་ངན་འགྲོར་ལྟུང་བའི་འཇིགས་པས་དེ་མ་ཐག་ཏུ་དྲན་པ་བསྟེན་དགོས་ཏེ། གཡུལ་དུ་རལ་གྲི་ལྷུང་གྱུར་ན། །འཇིགས་པས་མྱུར་དུ་ལེན་པ་ལྟར། །དེ་བཞིན་དྲན་པའི་མཚོན་ཤོར་ན། །དམྱལ་བའི་འཇིགས་དྲན་མྱུར་དུ་བླང༌། །ཞེས་སོ། །དྲན་པ་ཤིན་ཏུ་གལ་ཆེ་བ་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་གསུངས་ཏེ། དབང་ཕྱུག་ལུས་གཏོགས་དྲན་པ་བདེར་གཤེགས་ཀྱིས། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཞེས་སོ། །གང་ལ་དྲན་པ་བསྟེན་པའི་ཡུལ་ལ་ཡང་ཤེས་རབ་ཀྱིས་ལེགས་པར་ཕྱེ་བ་ཞིག་དྲན་པས་འཛིན་པ་ཡིན་གྱི། དྲན་པ་ལ་རང་དབང་དུ་ཡུལ་འབྱེད་རྒྱུ་མེད་དོ། །ཤེས་རབ་ཀྱིས་ཇི་ལྟ་བུ་ཞིག་ཕྱེ་བ་དགོས་ན། སྤྱིར་གསུང་རབ་ནས་བཤད་པའི་འཇུག་ལྡོག་གི་གནས་ཐམས་ཅད་དང་ཁྱད་པར་དུ་རང་རང་གིས་ཁས་གང་བླངས་པའི་སྡོམ་པ་རྣམས་ཀྱི་སྤང་བླང་རྣམས་ཡིན་པས། དེ་དག་ལ་དྲན་པ་དང་ཤེས་བཞིན་བསྟེན་ན་ཉམས་ལེན་རྫོགས་པར་འགྱུར་གྱི། སེམས་དམིགས་པ་ལ་འདོགས་པ་གཅིག་པུ་ལ་དྲན་ཤེས་བསྟེན་པ་ཙམ་གྱིས་ནི་གར་ཡང་མི་ཕྱིན་ཏོ། །དེ་ཡང་གཡུལ་དུ་རལ་གྲི་དང་པོ་ནས་མ་ཤོར་བ་ལ་འབད་པ་དང༌། བརྒྱ་ལ་ཤོར་ན་ཡང་དེ་མ་ཐག་ལེན་པ་ནི་བསད་ཀྱིས་དོགས་པའི་


JLD013_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ཚིག་ཙམ་མིན་པ་ཞིག་ཡོད་པ་ལ་ཐུག་པ་ལྟར། ལམ་བསྒོམ་པ་པོས་ཀྱང་དང་པོ་ནས་སྤང་བླང་མ་བརྗེད་པའི་དྲན་པ་ཤོར་དོགས་བྱེད་པ་དང༌། ཤོར་ན་ཡང་དེ་མ་ཐག་ཏུ་བསྟེན་པ་ནི་དྲན་པ་ཉམས་པའི་ཚེ་ཉེས་ལྟུང་གིས་གོས་པའི་འབྲས་བུ་ངན་སོང་དུ་ལྟུང་བ་ལ་འཇིགས་པ་ཚིག་ཙམ་མ་ཡིན་པར་རྒྱུད་ལ་སྐྱེས་པ་ལ་ཐུག་གོ །དེ་ཡང་ལས་འབྲས་ལ་མཐིལ་དུ་བྱས་ནས་སྐྱོང་བ་ལ་རག་ལས་པས། འོ་སྐོལ་དེ་དག་ལ་གདམས་པ་ཟབ་མོ་ཡིན་སྙམ་པའི་བློ་མི་སྐྱེ་བ་རྣམས་ལ་ལམ་གྱི་རྐང་དམ་པ་མཁས་པ་མགུ་བའི་སྒྲུབ་པའི་ཡོན་ཏན་རྣམས་ཀྱི་རྩ་བ་ཆད་པ་ཡིན་ནོ། །འོ༌ན་ཉེས་སྤྱོད་ཆུང་ངུ་ཙམ་ལ་ཡང་འཇིགས་པར་བལྟས་ནས་རྒྱུན་འཐུད་དུ་མི་འཇུག་པར་དེ་མ་ཐག་ནས་དགག་དགོས་པ་ཅི་ཡིན་སྙམ་ན། དཔེར་ན་དུག་མདས་ལུས་ལ་རྨ་ཅུང་ཟད་ཅིག་བཏོད་ན་དེ་ལ་བརྟེན་ནས་རིང་པོར་མི་ཐོགས་པར་ལུས་ཐམས་ཅད་ལ་དུག་རྒྱས་པར་འགྱུར་བས་རྨ་དེ་བཅད་ནས་འབོར་དགོས་པ་ལྟར། ཉེས་སྤྱོད་ཀྱིས་ཀྱང་སེམས་ལ་རྨ་ཅུང་ཟད་ཅིག་ལས་མ་བཏོད་ཀྱང་དེ་ཡལ་བར་དོར་ན་མྱུར་དུ་སེམས་ལ་ཁྱབ་པར་བྱེད་པས་ཆུང་ངུར་མི་འགྱུར་གྱི། ཆེན་པོར་འགྱུར་བས། དང་པོ་ནས་མི་འབྱུང་བར་འགོག་པ་དང་གལ་ཏེ་བྱུང་ན་ཡང་དེ་མ་ཐག་ཏུ་རྒྱུན་བཅད་དགོས་ཏེ། ཇི་ལྟར་ཁྲག་ལ་བརྟེན་བཅས་ནས། །དུག་ནི་ལུས་ལ་ཁྱབ་འགྱུར་བ། །དེ་བཞིན་གླགས་ནི་རྙེད་གྱུར་ན། །ཉེས་པས་སེམས་ལ་ཁྱབ་པར་འགྱུར། །ཞེས་སོ། །འོ་ན་ཉོན་མོངས་ཀྱི་གཡུལ་ལས་རྒྱལ་བར་འདོད་


JLD013_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པས་དྲན་པ་དང་ཤེས་བཞིན་ཇི་ལྟར་བསྟེན་སྙམ་ན། ཉུངས་མར་བཀང་བའི་སྣོད་བསྐུར་ལ། །རལ་གྲི་ཐོགས་པས་དྲུང་བསྡད་དེ། །བོ༌ན་གསོད་བསྡིགས་འཇིགས་པ་ལྟར། །བརྟུལ་ཞུགས་ཅན་གྱིས་དེ་བཞིན་བསྒྲིམ། །ཞེས་པ་ལྟར་བསྒྲིམ་དགོས་ཏེ། འདི་ཀཱ་ཏྱཱ་ཡ་ནའི་བྱུང་བའི་མཐའ། ལུང་ནས་གསུངས་པ་ལས་ཤེས་པར་བྱའོ། །དེ་ལྟར་བསྒྲིམས་པའི་ཚེ་སྤྱིར་ཉེས་སྤྱོད་དང་ཁྱད་པར་དུ་གཉིད་ལ་སོགས་པ་ལེ་ལོའི་རྒྱུ་འོང་བར་སྣང་ན་དང་དུ་མི་ལེན་པར་གདོང་ནས་བཟློག་དགོས་ཏེ། དེ་བས་པང་དུ་སྦྲུལ་འོངས་ན། །ཇི་ལྟར་རིངས་སུ་ལྡང་བ་ལྟར། །དེ་བཞིན་གཉིད་དང་སྙོམ་འོངས་ན། །མྱུར་དུ་དེ་དག་བཟློག་པར་བྱ། །ཞེས་སོ། །དེ་ཡང་འཕྲོ་གཅོད་པ་ཙམ་མིན་གྱི། ཉེས་པ་བྱུང་བ་དེ་ལ་ཡིད་མི་དགའ་བ་བསྐྱེད་དགོས་པས། བདག་སྔོན་ཡང་འདི་ལྟར་སོང་བས་ད་བར་དུ་འཁོར་བར་འཁྱམས། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ནས་དེའི་བསླབ་བྱའི་མི་མཐུན་ཕྱོགས་ལ་གནས་པ་ནི་ཤིན་ཏུ་སྨད་པའི་གནས་སོ་སྙམ་དུ་བསམ་པ་དང༌། ད་ཕྱིན་ཆད་ཉེས་པ་འདི་ཡེ་མི་འབྱུང་བ་ཞིག་བྱའོ་སྙམ་དུ་ཕྱིན་ཆད་སྡོམ་པའི་འཕེན་པ་གཉིས་ཀ་མང་དུ་གཏང་སྟེ། ཉེས་པ་བྱུང་བ་རེ་རེ་བཞིན། །བདག་ལ་སྨད་ནས་ཅི་ནས་ཀྱང༌། །བདག་ལ་ཕྱིས་འདི་མི་འབྱུང་བ། །དེ་ལྟར་བྱ་ཞེས་ཡུན་རིང་བསམ། །ཞེས་སོ། །དེ་ལྟ་བུའི་རྩ་བ་དྲན་པ་སྟོབས་ལྡན་རྒྱུན་ཆགས་སུ་འབྱུང་བའི་རྒྱུ་གང་ཟབ་པ་ལ་འབད་པར་བྱ་སྟེ།


JLD013_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་བཤེས་དང་དམ་པའི་གྲོགས་དང་འགྲོགས་པ་དང༌། དེའི་རྒྱུ་མང་དུ་ཐོས་པ་སོགས་ཀྱི་ལས་ལ་བརྟེན་པར་བྱའོ། །དེ་ལྟར་ཡང༌། ཇི་ལྟར་གནས་སྐབས་འདི་དག་ལ། །དྲན་པ་གོམས་པ་ཉིད་འགྱུར་ཞེས། །རྒྱུ་འདི་ཡིས་ནི་ཕྲད་པའམ། །རིགས་པའི་ལས་ནི་འདོད་པར་བྱ། །ཞེས་སོ། །དེ་ལྟར་ན་མདོར་བསྡུ་ན་བྱང་སེམས་ཀྱི་བསླབ་པའི་སྤང་བླང་ལེགས་པར་དམིགས་ཕྱེད་པའི་ཐོས་པ་བྱས་ནས། ཤེས་པའི་དོན་དེ་རྣམས་ལ་སྤྱོད་ལམ་ཐམས་ཅད་དུ་དྲན་པ་རྒྱུན་ཆགས་སུ་བསྟེན་པ་ལ་བརྩོན་འགྲུས་རྩོམ་དགོས་པས་བརྩོན་ས་མ་འཕྱུགས་པ་གལ་ཆེའོ། །བཞི་པ་དེ་ལས་ལུས་སེམས་ལས་སུ་རུང་བར་བྱ་བའི་ཚུལ་ནི། དབང་དུ་གྱུར་པའི་སྟོབས་ཏེ། དེ་ཡང་བག་ཡོད་ལེའུ་ནས་བཤད་པ་ལྟར། བྱང་སེམས་ཀྱི་བསླབ་བྱ་ལ་བསླབ་དགོས་པའི་དགོས་ལུགས་དང༌། ཁས་བླངས་ནས་མ་བསླབས་ན་ཉེས་དམིགས་ཤིན་ཏུ་ཆེ་བ་དང་། ཉོན་མོངས་ལ་དགྲར་བལྟ་ལུགས་དང༌། དེའི་ཚེ་དཀའ་སྤྱད་ལ་ཁུར་དུ་མི་འཛིན་པར་རྒྱན་དུ་བལྟ་བའི་སེམས་ཀྱི་སྟོབས་བསྐྱེད་ཚུལ་རྣམས་ལས། དེ་ལ་འཇུག་པའི་སྔོན་དུ་བསྒོམས་ནས་ལུས་སེམས་དགེ་བ་ལ་བཀོལ་དུ་མི་རུང་བའི་མཚེར་སྣང་ཐམས་ཅད་བཟློག་ནས། བྱང་སེམས་ཀྱི་སྤྱོད་པ་ལ་སློབ་པ་ལ་ལྡང་བ་ཡང་བར་བྱ་སྟེ། ཅི་ནས་ལས་བྱུང་སྔོན་རོལ་ནས། །ཐམས་ཅད་ལ་ནི་མཐུ་ཡོད་པ། །དེ་ལྟར་བག་ཡོད་གཏམ་དྲན་ཏེ། །བདག་ཉིད་ལྡང་བ་ཡང་བར་བྱ། །ཞེས་སོ། །དེ་ལྟར་འབད་པས་བརྩོན་འགྲུས་ཇི་ལྟ་བུ་ཞིག་སྐྱེ་བར་འགྱུར་སྙམ་ན། ཤིང་བལ་གྱི་འདབ་


JLD013_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕར་ལ་འགྲོ་བ་དང་ཚུར་ལ་འོང་བ་ལ་རླུང་གིས་དབང་བསྒྱུར་བ་བཞིན་དུ། རང་གི་ལུས་སེམས་ལ་དགེ་བ་ལ་སྤྲོ་བའི་སྤྲོ་ཤུགས་ཀྱིས་དབང་བསྒྱུར་ཞིང༌། དེའི་རྗེས་སུ་བྱེད་པ་ན་བརྩོན་འགྲུས་ལེགས་པར་གྲུབ་པ་ཡིན་ལ། དེ་སྐྱེས་ན་དེ་ནས་ཚོགས་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་ཏེ། ཇི་ལྟར་རླུང་ནི་འགྲོ་བ་དང༌། །འོང་བས་ཤིང་བལ་དབང་བསྒྱུར་བ། །དེ་བཞིན་སྤྲོ་བས་དབང་བསྒྱུར་ཏེ། །དེ་ལྟ་ན་ནི་འགྲུབ་པར་འགྱུར། །ཞེས་སོ། །དེ་ལྟ་བུ་རྣམས་བྱ་དཀའ་ཡང་དོར་དུ་མི་རུང་གི་འབད་དགོས་ཏེ། དཔལ་ལྡན་མ་ཁོལ་གྱིས། དཀའ་སྤྱད་ལས་ནི་མ་བགྱིས་པར། །གོ་འཕང་རྙེད་དཀའ་མི་འཐོབ་ཅེས། །དེ་སླད་ཉིད་ལའང་མ་གཟིགས་པར། །ཁྱོད་ཀྱིས་བརྩོན་འགྲུས་ལེགས་པར་སྤེལ། །ཞེས་སོ། །དེ་དག་བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ་ནི། བརྩོན་འགྲུས་གང་རྩོམ་ཡང་དམ་པ་དྲུག་ལྡན་དུ་བྱ་བ་དང་ཕྱིན་དྲུག་དང་འབྲེལ་བར་བསྒྲུབ་དགོས་ཏེ། བརྩོན་འགྲུས་ཀྱི་སྦྱིན་པ་ནི་རང་དེ་ལ་གནས་ནས་གཞན་དེ་ལ་འགོད་པ་ཡིན་ལ། ལྷག་མ་རྣམས་སྔར་བཤད་པ་བཞིན་ནོ། །ལྔ་པ་དེ་དག་གི་དོན་བསྡུ་བ་ནི། སྤྱོད་པའི་རྟེན་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་ཅིང་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བརྩོན་འགྲུས་ལ་འགོད་པའི་དོན་དུ་སློབ་པ་ལ་སྐུལ་བྱེད་ཡིན་པས། དེ་ཇེ་འཕེལ་དུ་གཏོང་ཞིང་དེ་ནས་ས་མཐོན་པོའི་བརྩོན་འགྲུས་རྩོམ་ལུགས་རྣམས་སྨོན་པའི་ཡུལ་དུ་བྱས་ཏེ་སྦྱོང་ལ། ལས་དང་པོ་པའི་བརྩོན་འགྲུས་ལ་བསླབ་ལུགས་རྣམས་ལ་ཡང་ནུས་པ་དང་བསྟུན་ནས་འབད་པ་དང་།


JLD013_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་ཐུན་མོང་མ་ཡིན་པའི་བརྩོན་འགྲུས་ཀྱི་སྤང་བྱ་ཞུམ་པ་རྣམས་ལེགས་པར་འགོག་པ་དང༌། ཐོབ་བྱ་བྱང་ཆུབ་དང་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་བསྒྲུབ་ཅིང་སེལ་བ་དང༌། དུས་ཆེས་རིང་བ་དང་ཚོགས་མཐའ་ཡས་པ་དང་དཀའ་སྤྱད་དཔག་ཏུ་མེད་པ་ལ་སྤྲོ་བའི་གོ་ཆའི་བརྩོན་འགྲུས་བསམ་པས་གྱོན་པ་ལ་ནི། དེ་འདྲ་བའི་བསམ་པ་ཤིན་ཏུ་རླབས་ཆེ་བ་བསྐྱེད་པ་ཙམ་གྱིས་བསོད་ནམས་རླབས་ཆེ་བ་གསོག་པར་ལག་བཟང་གིས་ཞུས་པ་ལས་གསུངས་པས་འབད་པར་བྱ་སྟེ། དེ་ལྟར་མ་བྱས་ན་རིགས་ཀྱི་ནུས་པ་གཏན་མི་རྒྱས་ཤིང་། ཉེས་སྤྱོད་དུ་མས་ཀྱང་རྒྱུན་དུ་གོས་ལ། ཚེ་རབས་གཞན་དུའང་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་པ་ཆེས་དཀའ་བར་འགྱུར་ཞིང༌། དེ་ལྟ་བུ་རྣམས་ཤེས་པར་བྱས་ཏེ་ཇི་ལྟ་བ་བཞིན་ཉམས་སུ་མ་ལོན་ཀྱང་བློས་དེའི་ཕྱོགས་བཟུང་ནས་ཅི་ནུས་པའི་བརྩོན་འགྲུས་བརྩམས་ན་ལག་བཟང་གིས་ཞུས་པ་ནས་གསུངས་པ་ལྟར། སྐྱེ་བ་གཞན་དུ་ཚེགས་ཆུང་ངུས་སྡུག་བསྔལ་མེད་པར་མྱུར་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པར་གསུངས་པའི་ཕྱིར་རོ། །བསམ་གཏན་གྱི་ཕར་ཕྱིན་ལ་བསླབ་པ་ལ་ལྔ། བསམ་གཏན་གྱི་ངོ་བོ། དེ་བསྒོམ་པ་ལ་འཇུག་པའི་ཐབས། བསམ་གཏན་གྱི་རབ་དབྱེ། བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། དམིགས་པ་ལས་གཞན་དུ་མི་གཡེང་བར་གནས་པའི་སེམས་རྩེ་གཅིག་པ་དགེ་བ༌སྟེ། བྱང་ས་ལས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་བསམ་པ་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་


JLD013_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་རྩེ་གཅིག་པ་དགེ་བ་སེམས་གནས་པ། ཞི་གནས་ཀྱི་ཕྱོགས་སམ་ལྷག་མཐོང་གི་ཕྱོགས་སམ་ཟུང་དུ་འབྲེལ་བར་འཇུག་པའི་ལམ་དེ་གཉིས་ཀའི་ཕྱོགས་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི། །ཡིད་ནི་ཏིང་ངེ་འཛིན་ལ་བཞག །ཅེས་སོ། །གཉིས་པ་ནི། བསམ་གཏན་བསྒོམས་པའི་ཕན་ཡོན་དང་མ་བསྒོམས་པའི་ཉེས་དམིགས་སེམས་པ་སྟེ་ཞི་གནས་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །རབ་དབྱེ་ནི། སྔར་དྲངས་པ་ལྟར་ངོ་བོའི་སྒོ་ནས་ཕྱེ༌ན་འཇིག་རྟེན་པ་དང་དེ་ལས་འདས་པ་གཉིས་དང་ཕྱོགས་ཀྱི་སྒོ་ནས་གསུམ་ཡོད་ཀྱང༌། བྱེད་ལས་ཀྱིས་ཕྱེ༌ན། ཚེ་འདི་ལ་ལུས་སེམས་བདེ་བར་གནས་པར་བྱེད་པའི་བསམ་གཏན་དང༌། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན་དང༌། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །དེ་ལ་དང་པོ་ནི། གང་ལ་མཉམ་པར་བཞག་ན་ལུས་དང་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པའི་བསམ་གཏན་རྣམས་སོ། །གཉིས་པ་ནི། མངོན་ཤེས་དང་རྣམ་ཐར་དང་ཟད་པར་དང་ཟིལ་གནོན་སོགས་ཉན་ཐོས་དང་ཐུན་མོང་བའི་ཡོན་ཏན་བསྒྲུབ་པའི་བསམ་གཏན་རྣམས་སོ། །གསུམ་པ་ནི། དོན་བྱ་བ་བཅུ་གཅིག་གི་དོན་རྣམས་བསྒྲུབ་པའི་བསམ་གཏན་ནོ། །ཇི་ལྟར་བྱ་བ་ནི། ཏིང་ངེ་འཛིན་དགེ་བ་ཇི་འདྲ་ཞིག་བསྒྲུབ་པ་ནའང་དམ་པ་དྲུག་ལྡན་དུ་བསྒྲུབ་


JLD013_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཕར་ཕྱིན་དྲུག་དང་འབྲེལ་བར་བསྒྲུབ་པ་སྟེ། རང་བསམ་གཏན་ལ་གནས་ནས་གཞན་དེ་ལ་འགོད་པ་ནི་བསམ་གཏན་གྱི་སྦྱིན་པ་ཡིན་ལ། དེ་མ་གཏོགས་པ་རྣམས་སྔར་བཤད་པ་ལྟར་ཤེས་པར་བྱའོ། །དོན་བསྡུ་བ་ནི། སྤྱོད་པའི་རྟེན་སེམས་བསྐྱེད་རྗེས་སུ་དྲན་ཞིང་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཟག་མེད་ཀྱི་བསམ་གཏན་ལ་འགོད་པའི་ཕྱིར་དུ་སློབ་པ་ལ་སྐུལ་བྱེད་ཡིན་པས། དེ་བརྟན་པར་སྤེལ་ནས་བསམ་གཏན་གོང་མ་རྣམས་ཀྱང་སྨོན་པའི་ཡུལ་དུ་བྱས་ནས་སྦྱོང་བ་དང༌། བསམ་གཏན་རྫོགས་པ་བསྐྱེད་མ་ནུས་ནའང་། དུས་དུས་སུ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་ཅི་ནུས་སུ་སློབ་པའི་བརྩོན་པ་མི་གཏོང་བ་ལ་འབད་དགོས་ཏེ། དེ་ལྟར་མ་བྱས་ན་བསླབ་བྱ་དང་འགལ་བའི་ཉེས་པས་རྒྱུན་དུ་གོས་པར་འགྱུར་བ་དང༌། ཚེ་རབས་གཞན་དུ་ཡང་བྱང་སེམས་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་འཇུག་པའི་བསླབ་བྱ་ལ་སློབ་པར་ཆེས་ཤིན་ཏུ་དཀའ་བར་འགྱུར་ལ། དེ་ལྟར་བྱས་ན་ནི་ཚེ་འདིར་ཡང་སེམས་གཞན་དུ་གཡེང་བ་ཇེ་ཆུང་དུ་འགྲོ་བས། དགེ་བ་བསགས་པ་རྣམས་མཐུ་ཆེ་ཞིང་ཕྱི་མར་ཡང་ལག་བཟང་གིས་ཞུས་པ་ལས་གསུངས་པ་ལྟར། ལུས་སེམས་བདེ་བ་དང་ཡིད་བདེ་བ་དང་ལྡན་པས་བསམ་གཏན་གྱི་ཕར་ཕྱིན་རྫོགས་པར་སླ་བའི་ཕྱིར་རོ། །འདི་ཤིན་ཏུ་རྒྱས་པར་ཞི་གནས་ཀྱི་སྐབས་སུ་འཆད་པར་འགྱུར་བས་འདིར་མ་སྤྲོས་སོ། །ཤེས་རབ་ཀྱི་ཕར་ཕྱིན་ལ་བསླབ་པ་ལ་ལྔ། ཤེས་རབ་ཀྱི་ངོ་བོ། དེ་བསྐྱེད་པ་ལ་འཇུག་པའི་ཐབས། ཤེས་རབ་


JLD013_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རབ་ཏུ་དབྱེ་བ། བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། སྤྱིར་ཤེས་རབ་ནི། བརྟགས་པའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་ཡིན་ལ། སྐབས་འདིར་ནི་རིག་པའི་གནས་ལྔ་ལ་མཁས་པ་ལ་སོགས་པའི་ཤེས་རབ་སྟེ། བྱང་ས་ལས། ཤེས་བྱ་ཐམས་ཅད་ལ་འཇུག་པ་དང་ཤེས་བྱ་ཐམས་ཅད་ལ་ཞུགས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང༌། གཏན་ཚིགས་ཀྱི་རིག་པ་དང་གསོ་བའི་རིག་པ་དང་སྒྲའི་རིག་པ་དང་བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ལ་དམིགས་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །དེ་ལ་འཇུག་པའི་ཤེས་རབ་ནི་ས་མ་ཐོབ་པའི་གོང་གི་ཡིན་ལ་ཞུགས་པ་ནི་ས་ཐོབ་ནས་ཡིན་ནོ། །གཉིས་པ་ནི། ཤེས་རབ་བསྐྱེད་པའི་ཕན་ཡོན་དང་མ་བསྐྱེད་པའི་ཉེས་དམིགས་སེམས་པ་ཡིན་ལ། དེ་ཡང་ཇི་ལྟ་བ་བདག་མེད་པའི་ཤེས་རབ་ཡོད་མེད་ཀྱི་ཕན་ཡོན་དང་ཉེས་དམིགས་ནི་ལྷག་མཐོང་གི་སྐབས་ནས་འཆད་པར་འགྱུར་བས་འདིར་མི་སྤྲོ་ལ་ལྷག་མ་ཅུང་ཟད་བརྗོད་པར་བྱའོ། །ཐོག་མར་ཕན་ཡོན་སྟོན་པ་ལ། འདི་དང་ཕྱི་མའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར། །ཤེས་རབ་ཡོངས་སུ་གཟུང་བར་བྱ། །ཆོས་དོན་


JLD013_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དང་ཐར་པ་ཡི། །འབྱུང་གནས་ཆེན་པོ་རིག་པ་ཡིན། །དེ་ལྟར་དང་པོ་གུས་པ་ཡིས། །ཤེས་རབ་ཡུམ་ཆེན་གཟུང་བར་བྱ། །ཞེས་སོ། །ཤེས་རབ་སྦྱིན་སོགས་ལྔའི་མིག་དང་འདྲ་བ་ནི། སྡུད་པ་ལས། གང་ཚེ་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ། །དཔེར་ན་རི་མོའི་ལས་ནི་ཡོངས་ཟིན་མིག་མེད་པ། །ཇི་སྲིད་མིག་མ་བྲིས་པར་རྔན་པ་མི་འཐོབ་བཞིན། །ཞེས་སོ། །ཡོན་ཏན་གཞན་ལ་དགོས་ཚུལ་ནི། དཔེར་ན་གསེར་བཟང་པོ་ལས་བསྒྲུབས་པའི་རྒྱན་ཁྱད་པར་དུ་འཕགས་པ་ལ་རིན་པོ་ཆེ་ཨིནྡྲ་ནི་ལ་ལ་སོགས་པའི་འཕྲས་སྤྲས་ན་སྔོན་ལས་ཀྱང་ཆེས་ཤིན་ཏུ་ཡིད་འཕྲོག་པ་བཞིན་དུ། སྦྱིན་པ་ནས་བསམ་གཏན་གྱི་བར་ལྔ་པོའི་གསེར་གྱི་རྒྱན་ཡང་རིགས་པ་དང་མི་རིགས་པ་རྣམ་པར་འབྱེད་ནུས་པའི་ཤེས་རབ་ཀྱི་འཕྲ་དང་འབྲེལ་ན་ཤིན་ཏུ་རྨད་དུ་བྱུང་བར་འགྱུར་ཏེ། འདིས་སྦྱིན་སོགས་ལྔ་པོ་ཆེས་རྣམ་པར་དག་པར་སྒྲུབ་པར་བྱེད་པའི་ཕྱིར་ཏེ། མིག་ལ་སོགས་པའི་དབང་པོ་ལྔའི་ཡུལ་ལ་ཡིད་ཀྱི་ཤེས་པས་སྐྱོན་ཡོན་སོ་སོར་ཕྱེ་ནས་འཇུག་ལྡོག་བྱེད་པ་དང་འདྲའོ། །དེ་ཡང་དཔལ་ལྡན་དཔའ་བོས། སྦྱིན་ལ་སོགས་པའི་བསོད་ནམས་འདི་དག་ནི། །ཤེས་རབ་མགོན་བཅས་ལྷག་པར་མཐུ་ལྡན་འགྱུར། །གསེར་གྱི་རྒྱན་བཟང་རྣམ་པ་སྣ་ཚོགས་ལ། །རིན་ཆེན་འཕྲ་བཀོད་འོད་ཀྱིས་གསལ་བ་བཞིན། །སོ་སོའི་དོན་ལ་དེ་དག་ཡོན་ཏན་མཐུ། །ཤེས་རབ་འདི་ནི་རྒྱ་ཆེན་སྒྲུབ་པར་བྱེད། །དབང་པོ་རང་རང་ཡུལ་གྱི་བྱེ་


JLD013_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ལ། །མཐུ་གཞན་ཡིད་ཀྱིས་གསལ་བར་བསྟན་པ་བཞིན། །ཞེས་སོ། །དེ་བཞིན་དུ་དད་སོགས་ཀྱི་དབང་པོ་གཞན་རྣམས་ལའང་ཤེས་རབ་ཉིད་གཙོ་བོ་ཡིན་ལ། ཤེས་རབ་ཀྱི་མགོན་ཡོད་ན་སྦྱིན་པ་དང་དད་པ་ལ་སོགས་པ་རྣམས་ཀྱི་སེར་སྣ་ལ་སོགས་པའི་སྐྱོན་དང་ཡོན་ཏན་ལེགས་པར་ཤེས་ནས་ཉོན་མོངས་ཟད་པ་དང་ཡོན་ཏན་འཕེལ་བའི་ཐབས་ལ་མཁས་པར་འགྱུར་ཏེ། དད་ལ་སོགས་པའི་དབང་པོའི་རྣམ་པ་ཡང་། །དབང་པོ་གཞན་ལ་བློ་བཞིན་ཤེས་རབ་གཙོ། །དེ་ཡི་མགོན་ལྡན་ཡོན་ཏན་སྐྱོན་ཤེས་པས། །ཉོན་མོངས་ཟད་པའི་ཚུལ་ལ་མཁས་པར་འགྱུར། །ཞེས་སོ། །བྱང་ཆུབ་སེམས་དཔས་སློང་བ་པོ་ལ་ཤ་བྱིན་ཀྱང་སྨན་གྱི་སྡོང་པོ་ལས་བླངས་པ་ལྟར་ང་རྒྱལ་དང་ཞུམ་པ་ལ་སོགས་པའི་རྣམ་རྟོག་གིས་མི་འགྱུར་བ་ནི། ཤེས་རབ་ཀྱིས་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ལས་ཡིན་ལ། སྲིད་ཞིའི་རྒུད་པ་མཐོང་བའི་ཤེས་རབ་ཀྱིས་ཚུལ་ཁྲིམས་གཞན་གྱི་དོན་དུ་བསྒྲུབས་པས་ཚུལ་ཁྲིམས་རྣམ་པར་དག་པར་བྱེད་པ་དང༌། མི་བཟོད་པ་དང་བཟོད་པའི་སྐྱོན་ཡོན་ཤེས་རབ་ཀྱིས་རྟོགས་ནས་སེམས་བཏུལ་བས་ལོག་སྒྲུབ་དང་སྡུག་བསྔལ་གྱིས་མི་འཕྲོག་པ་དང༌། ཤེས་རབ་ཀྱིས་གང་ལ་བརྩོན་འགྲུས་རྩོམ་པའི་གཞི་ལེགས་པར་ཤེས་ནས་དེ་ལ་བརྩོན་པས་ལམ་གྱི་ཆོད་ཆེ་བ་དང༌། དེ་ཁོ༌ན་ཉིད་ཀྱི་དོན་ལ་གནས་པའི་བསམ་གཏན་གྱི་དགའ་བདེ་མཆོག་ནི་རིགས་པའི་ཚུལ་ལ་བརྟེན་པའི་ཤེས་རབ་ཀྱིས་སྒྲུབ་པར་བྱེད་


JLD013_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྦྱིན་སོགས་ལྔ་པོ་ཡོངས་སུ་དག་པར་བྱེད་པ་ནི་ཤེས་རབ་ལ་རག་ལས་ཏེ། ཤེས་རབ་མིག་གསལ་རྣམ་པར་ཕྱེ་གྱུར་ན། །བྱང་ཆུབ་སེམས་དཔས་རང་གི་ཤ་བྱིན་ཀྱང༌། །སྨན་གྱི་ཤིང་ལྟར་རྣམ་པར་མི་རྟོག་པར། །མཐོ་འམ་དམའ་བར་འགྱུར་བ་དེ་ལ་མེད། །ཅེས་དང༌། རང་གི་དོན་དུ་ཚུལ་ཁྲིམས་མི་བསྒྲུབ་ན། །བློ་ལྡན་སྲིད་པའི་བརྩོན་རའི་སྐྱོན་མཐོང་ཞིང༌། །དེ་ནས་འཇིག་རྟེན་མ་ལུས་གདོན་མོས་པ། །སྲིད་པའི་དོན་དུ་མི་བསྒྲུབ་སྨོས་ཅི་དགོས། །ཞེས་དང༌། ཤེས་རབ་ལྡན་པ་རྣམས་ལ་གནོད་པ་དག །བཟོད་པའི་ཡོན་ཏན་ཡོད་པས་གནོད་མི་འགྱུར། །ཤིན་ཏུ་དུལ་བའི་གླང་པོའི་མཆོག་རྣམས་ལ། །ལས་ཀྱི་ཁྱད་པར་རྣམ་མང་བཟོད་པ་བཞིན། །བརྩོན་འགྲུས་གཅིག་པུ་བྱས་པ་ངལ་བའི་མཐའ། །ཤེས་རབ་གྲོགས་ཀྱིས་བསྐྱངས་ན་དོན་ཆེན་འགྲུབ། །ཅེས་དང༌། དེ་འདྲའི་བསམ་གཏན་བདེ་དགའ་མཆོག་ལྡན་པ། །སྐྱོན་བསགས་ཉེས་པ་ཆེན་པོས་སྦགས་གྱུར་པའི། །ལམ་གོལ་རིགས་པའི་ཚུལ་ལ་བརྟེན་པ་ཡི། །སྐྱེ་བོ་མ་རབས་ཡིད་ལ་ཇི་ལྟར་འགྲུབ། །ཅེས་སོ། །འགལ་བར་སྣང་བའི་ཡོན་ཏན་གཉིས་ཤེས་རབ་དང་ལྡན་པས་མི་འགལ་བར་བསྒྲུབ་པ་ནི། བྱང་སེམས་གླིང་བཞི༌ལ་དབང་བའི་འཁོར་བསྒྱུར་གྱི་རྒྱལ་པོར་གྱུར་པ་ན། འདོད་ཡོན་གྱི་དབང་དུ་མི་འགྲོ་བ་ནི་ཤེས་རབ་ཀྱི་བློན་པོ་དང་ལྡན་པའི་མཐུ་ཡིན་ལ། དེ་བཞིན་དུ་སེམས་ཅན་ཡིད་འོང་དུ་མཐོང་བའི་བྱམས་པ་ཤུགས་དྲག་ཀྱང་འདོད་ཆགས་ཅུང་ཟད་ཀྱང་མི་འདྲེ་བ་དང༌། སེམས་ཅན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་ཤུགས་དྲག་ལ་རྒྱུན་


JLD013_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བ་ཡོད་ཀྱང་མྱ་ངན་གྱིས་ནོན་ནས་དགེ་བ་ལ་མི་སྤྲོ་བའི་ལེ་ལོ་མེད་པ་དང༌། དགའ་བ་ཚད་མེད་པ་དང་ལྡན་ཡང་སེམས་དམིགས་པ་ལས་གཡེང་བའི་ཡ་ཡ་པོ་མེད་པ་དང༌། བཏང་སྙོམས་ཆེན་པོ་དང་རྒྱུན་དུ་ལྡན་ཡང་འགྲོ་བའི་དོན་ལ་སྐད་ཅིག་ཀྱང་མི་གཡེལ་བ་ནི་ཤེས་རབ་ཀྱིས་བྱེད་དེ། དེ་དག་སྟོབས་མཚུངས་སུ་བསྒྲུབ་པའི་གེགས་ཤེས་རབ་ཀྱིས་འགོག་པའི་ཕྱིར་རོ། །དེ་ལྟར་ཡང༌། དབང་པོའི་ཡུལ་རྣམས་ལྷ་རྫས་འདྲ་བདོག་པའི། །རྒྱལ་སྲིད་ཆེ་ལྡན་བྱང་ཆུབ་སེམས་དཔའ་དག །རང་བཞིན་ཚུལ་མིན་འགྱུར་བ་མེད་པ་ཡང༌། །ཤེས་རབ་ཡོན་ཏན་བློན་པོ་ལྡན་པའི་མཐུ། །གཞན་ལ་ཕན་བྱེད་རོ་གཅིག་བྱམས་པ་ལ། །འདོད་ཆགས་འགོ་བ་ཡོངས་སུ་སྤངས་པ་དང༌། །གཞན་གྱི་སྡུག་བསྔལ་མི་བཟོད་སྙིང་རྗེ་ལ། །མྱ་ངན་ཁུར་གྱིས་ལེ་ལོས་མི་དམའ་དང༌། །དགའ་མཆོག་དང་ལྡན་ཡང་དག་གཡེང་མེད་དང༌། །འགྲོ་དོན་མི་གཡེལ་བཏང་སྙོམས་ཆེན་པོ་དང༌། །ཡོན་ཏན་དེ་དང་དེ་དག་གཉེན་པོའི་ལམ། །ཤེས་རབ་ཆེན་པོས་བཀག་པས་རྣམ་པར་མཛེས། །ཞེས་སོ། །གཞན་ཡང༌། བསྔགས་འོས་བསྔགས་བསྟོད་ལས། ཆོས་ཉིད་འདོར་བར་མི་མཛད་ལ། །ཀུན་རྫོབ་དང་ཡང་རྗེས་སུ་མཐུན། །ཞེས་གསུངས་པ་ལྟར།མཚན་མར་འཛིན་པའི་དམིགས་གཏད་བྱ༌ས་རྣམས་རྡུལ་ཙམ་ཡང་མ་གྲུབ་པ་ལ་ངེས་པ་ཆེན་པོ་རྙེད་པའི་ཆོས་ཉིད་འདོར་མི་དགོས་པ་དང༌། ཕྱི་ནང་གི་རྒྱུ་རྐྱེན་ལས་འབྲས་བུ་སོ་སོར་འབྱུང་བ་ལ་ངེས་པ་གཏིང་ཐག་པ་ནས་


JLD013_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པའི་ཀུན་རྫོབ་དང་ཡང་མི་འགལ་ཞིང་རྗེས་སུ་མཐུན་པ། གཞན་ལ་ཆེས་ཤིན་ཏུ་འགལ་བའང་ཤེས་རབ་ཅན་ལ་མི་འགལ་ཞིང་མཐུན་པ་དང༌། ཡང་དེ་ཉིད་ལས། གནང་བ་དང་ནི་བཀག་པ་ལ། །ཁྱོད་བཀའ་ལ་ལར་གཅིག་ཏུ་ངེས། །ལ་ལར་ངེས་པ་མ་ལགས་ལ། །ཕན་ཚུན་འགལ་བའང་མ་མཆིས་སོ། །ཞེས་གསུངས་པ་ལྟར། ཐེག་པ་གོང་འོག་དང་མདོ་སྔགས་གཉིས་ལ་གནང་བཀག་མི་འདྲ་བ་མང་དུ་ཡོད་པ་དང༌། དེ་རྣམས་གང་ཟག་གཅིག་གིས་ཉམས་སུ་ལེན་པ་གཉིས་གསུང་རབ་རབ་འབྱམས་ཀྱི་དགོངས་པ་ཚོལ་བ་ལ་བློའི་མཐུ་མེད་པའི་རྨོངས་པ་ལ་འགལ་ཡང་། མཁས་པ་ལ་མི་འགལ་བའང་ཤེས་རབ་ཀྱིས་བྱེད་པ་ཡིན་ནོ། །དེ་ལྟར་ཤེས་རབ་མེད་པ་ལ་འགལ་བ་ཤེས་རབ་ཅན་ལ་མི་འགལ་བ་མཐའ་ཡས་ཀྱང༌། བདེན་གཉིས་ཀྱི་རྣམ་གཞག་དང་གསུང་རབ་ཕན་ཚུན་ལ་གནང་བཀག་མང་དུ་ཡོད་ཀྱང་དགོངས་པ་མི་འགལ་བར་ཤེས་རབ་ཀྱིས་འབྱེད་པ་འདི་ནི་ཤེས་རབ་ཀྱི་བསྔགས་པ་བླ་ན་མེད་པ་ཡིན་ནོ། །མདོར་ན་ཡོན་ཏན་ཐམས་ཅད་ཤེས་རབ་ལས་འབྱུང་བ་ནི། བུ་ལ་བྱམས་པའི་མ་འདྲ་ཤེས་རབ་ལས། །དེ་འདྲའི་ཕུན་སུམ་ཚོགས་འབྱུང་ཅི་མཚར་གྱི། །བདེར་གཤེགས་སྟོབས་བཅུ་སྟོབས་ཀྱི་ཕུལ་བྱུང་བ། །མཚུངས་མེད་མཆོག་ཏུ་བྱ་བ་ཐམས་ཅད་དང༌། །ཡོན་ཏན་ཚོགས་གཞན་མ་ལུས་ཐམས་ཅད་ཀྱང༌། །དེ་འདྲའི་ཤེས་རབ་རྒྱུ་ལ་བརྟེན་ཅིང་འབྱུང༌། །འཇིག་རྟེན་དག་ན་སྒྱུ་རྩལ་གཏེར་མཆོག་དང༌། །གཙུག་ལག་མིག་འདྲ་ཇི་སྙེད་ཡོད་པ་དང༌། །


JLD013_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྐྱོབ་བྱེད་བློ་དང་སྔགས་ལ་སོགས། །རྣམ་བཀོད་ཆོས་ཀྱི་ཁྱད་པར་ཐ་དད་དང༌། །རྣམ་གྲངས་རྣམ་མང་རྣམ་ཐར་སྒོ་དག་དང༌། །འཇིག་རྟེན་ཕན་པའི་རྣམ་པ་དེ་དང་དེས། །རྒྱལ་སྲས་མཐུ་ཆེན་རྣམ་པར་སྟོན་བྱེད་པ། །དེ་དག་ཐམས་ཅད་ཤེས་རབ་མཐུ་ལས་འབྱུང༌། །ཞེས་སོ། །ཤེས་རབ་མེད་པའི་ཉེས་དམིགས་ལ། ཤེས་རབ་མེད་ན་སྦྱིན་སོགས་རྣམས་མིག་དང་བྲལ་བ་ལྟར་འགྱུར་བ་ནི། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་སོ། །དེའི་ཕྱིར་སྦྱིན་སོགས་རྣམས་དག་པར་མི་འགྱུར་ཞིང་ཡང་དག་པའི་ལྟ་བ་ཡང་མི་རྙེད་དེ། ཤེས་རབ་མེད་ན་འབྲས་བུ་དོན་གཉེར་ལ། །སྦྱིན་པ་བདག་ཉིད་རྣམ་པར་དག་མི་འགྱུར། །གཞན་དོན་བཏང་བ་སྦྱིན་པའི་མཆོག་ཅེས་གསུངས། །ལྷག་མ་ནོར་སྤེལ་དོན་གྱི་སྦྱོར་བ་ཡིན། །ཞེས་དང༌། ཤེས་རབ་སྣང་བས་མུན་པ་མ་བསལ་ན། །ཚུལ་ཁྲིམས་དག་དང་ལྡན་པར་དེ་མི་འགྱུར། །ཕལ་ཆེར་ཤེས་རབ་མེད་པས་ཚུལ་ཁྲིམས་དག །ཤེས་པའི་སྐྱོན་གྱིས་ཉོན་མོངས་རྙོག་བཅས་འགྱུར། །ཞེས་དང༌། ཤེས་རབ་ལོག་པའི་སྐྱོན་གྱིས་སེམས་བརྙོགས་ན། །བཟོད་པའི་ཡོན་ཏན་དེ་ལ་གནས་མི་མོས། །ལེགས་ཉེས་རྟོག་ལ་མི་དགའི་ཚུལ་འཆང་ཞིང༌། །ཡོན་ཏན་མེད་


JLD013_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་ལ་གྲགས་པ་བཞིན། །ཞེས་དང༌། མཁས་པ་རྣམས་ལ་ཕུལ་དུ་བསྔགས་གྱུར་ཅིང༌། །དེ་ལས་ཕྲ་ཞིང་ཟབ་པ་གཞན་མེད་པ། །འདོད་པའི་སྐྱོན་གྱིས་ཡོངས་སུ་མ་བསྒྲིབས་པའི། །ཡིད་ལམ་དྲང་པོར་ཤེས་རབ་མེད་མི་འགྲོ། །ཞེས་དང༌། ཤེས་རབ་ཚུལ་ལ་བརྩོན་མེད་བློ་འཆང་ན། །དེ་ཡི་ལྟ་བ་ཡོངས་སུ་དག་མི་འགྱུར། །ཞེས་སོ། །དེ་ལ་རྒྱལ་ལ་གྲགས་པ་ནི། ཡོན་ཏན་མེད་པའི་རྒྱལ་པོ་ལ་གྲགས་པ་ལན་ཅིག་བྱུང་ཡང་ཉམས་ནས་འགྲོ་བའོ། །དེ་ལྟར་ན་གཏི་མུག་རྨོངས་པའི་མུན་པ་ནི་ཤེས་རབ་ཀྱི་འོད་ཆེན་མ་ཤར་བར་དུ་མི་ལྡོག་ལ། དེ་ནམ་ཤར་བ་ན་ལྡོག་པས་ཤེས་རབ་བསྐྱེད་པ་ལ་ནུས་པ་དང་མཐུ་ཅི་ཡོད་ཀྱིས་འབད་དགོས་ཏེ། ཉི་མ་འོད་ཆེན་ཤར་བར་གྱུར་བཞིན་དུ། །འགྲོ་བའི་རྒྱུད་རྣམས་མུན་ནག་གང་འགེབས་པ། །ཤེས་རབ་འོད་ཀྱི་མཐུ་ཆེན་འབྱུང་བས་ན། །ཐམས་ཅད་བསལ་འགྱུར་མིང་ཙམ་འབའ་ཞིག་ལུས། །ཞེས་དང༌། དེ་བས་རང་གི་མཐུ་རྣམས་ཀུན་གཏུགས་ཏེ། །དེ་འདྲའི་ཤེས་རབ་ཚུལ་ལ་བརྩོན་པར་བྱ། །ཞེས་སོ། །རྨོངས་པའི་རྒྱུ་ནི། གྲོགས་ངན་པ་བསྟེན་པ་དང་ལེ་ལོ་དང་སྙོམས་ལས་དང་གཉིད་ཆེ་བ་དང་སོ་སོར་རྟོག་ཅིང་དཔྱོད་པ་ལ་མི་དགའ་བ་དང་རྒྱ་ཆེན་པོ་ལ་མི་མོས་པ་དང༌། མི་ཤེས་བཞིན་དུ་ཤེས་སོ་སྙམ་པའི་ང་རྒྱལ་དང་ལོག་ལྟ་ཆེ་བ་དང་བདག་འདྲ་བས་མི་ནུས་སྙམ་དུ་ཞུམ་ནས་མཁས་པ་བསྟེན་པ་ལ་མི་དགའ་བ་ཡིན་ཏེ། ལེ་ལོ་སྙོམས་དང་བསྟེན་ངན་བསྟེན་པ་དང༌། །གཉིད་ཀྱི་དབང་གྱུར་མི་རྟོག་ངང་ཚུལ་དང་། །ཐུབ་པའི་ཡེ་ཤེས་མཆོག་ལ་མོས་


JLD013_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དང༌། །ལོག་པའི་ང་རྒྱལ་ནོན་པས་དོན་འདྲི་དང༌། །དམའ་སེམས་བདག་ལ་ཞེན་པས་བྱུང་བའི་རྒྱུས། །མཁས་པའི་སྐྱེ་བོ་བསྟེན་པར་མ་དད་དང༌། །ལོག་པའི་རྣམ་རྟོག་དུག་ཆེ་ལོག་ལྟ་དག །གཏི་མུག་རྒྱུ་ཡིན། ཞེས་གསུངས་སོ། །དེས་ན། བསྟེན་འོས་བླ་མ་རིམ་གྲོ་བསྙེན་བཀུར་ཏེ། །ཤེས་རབ་བསྒྲུབ་ཕྱིར་ཐོས་པ་བཙལ་བར་བྱ། །ཞེས་གསུངས་པ་ལྟར། མཁས་པ་བསྟེན་ནས་ནུས་པ་དང་བསྟུན་པའི་ཐོས་པ་རེ་བྱ་དགོས་ཏེ། དེ་མེད་ན་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བའི་ཤེས་རབ་མི་སྐྱེ་ལ། དེ་ལྟ་ན་ཅི་ཞིག་བསྒོམ་པ་མི་ཤེས་པའི་ཕྱིར་དང༌། ཐོས་པ་བྱས་ན་དེའི་དོན་བསམས་པས་བསམ་བྱུང་གི་ཤེས་རབ་སྐྱེ་ལ། དེ་ལས་བསྒོམས་བྱུང་གི་ཤེས་རབ་ཡངས་པ་འབྱུང་བའི་ཕྱིར་རོ། །དེ་ཡང༌། དཔལ་ལྡན་དཔའ་བོས། ཐོས་ཉུང་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས། །དེ་མེད་དེས་ཀོ་ཅི་ཞིག་བསམ་པར་བྱ། །དེ་བས་ཐོས་ལ་བརྩོན་བྱ་དེ་རྒྱུ་ལས། །བསམས་བཞིན་བསྒོམས་པས་ཤེས་རབ་ཡངས་པ་འབྱུང༌། །ཞེས་སོ། །རྗེ་བཙུན་བྱམས་པས་ཀྱང༌། འཁོར་གསུམ་རྣམ་པར་རྟོག་པ་དག །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཤེས་རབ་ལས་གཞན་འདི་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་གསུངས་སོ། །བསླབ་བཏུས་ལས་ཀྱང༌། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་


JLD013_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་ཞིང༌། །ཞེས་གསུངས་ལ། དེའི་རང་འགྲེལ་ལས་ཀྱང༌། མི་བཟོད་པ་ནི་སྐྱོ་བ་ན་སྲོན་མི་ནུས་པའི་ཕྱིར་ཐོས་པ་ལ་སོགས་པ་ལ་བརྩོན་པ་ཉམས་པར་འགྱུར་ཞིང༌། ཐོས་པ་དང་མི་ལྡན་པས་ནི་བསམ་གཏན་གྱི་ཐབས་དང་ཉོན་མོངས་པ་རྣམ་པར་སྦྱོང་བའི་ཐབས་ཀྱང་མི་ཤེས་ཏེ། དེ་བས་ན་སྐྱོ་བ་མེད་པར་ཐོས་པ་བཙལ་བར་བྱ། ཞེས་དང༌། སྲེད་མེད་ཀྱི་བུས་ཞུས་པ་ལས་ཀྱང༌། འདི་ལྟར་རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ། །ཞེས་གསུངས་སོ། །དེ་ལྟར་ན་ཆོས་ཚུལ་བཞིན་དུ་བསྒྲུབ་པར་འདོད་པ་རྣམས་ལ་ལམ་གྱི་སྲོག་དམ་པ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་རྒྱུ་བླ་ན་མེད་པ། དྲི་མ་མེད་པའི་གསུང་རབ་དང་བསྟན་བཅོས་ལ་མང་དུ་ཐོས་པ་དགོས་སོ། །ཞེས་ལུང་དང་རིགས་པས་བསྒྲུབས་ཀྱང༌། དེ་དགོས་པར་འདུག་སྙམ་དུ་མི་སྒྲུབ་པ་འདི་ནི། ཉམས་ལེན་གྱི་ཚེ་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་སྒོམ་དགོས་པ་ལ་ངེས་པ་མ་རྙེད་ཅིང༌། མི་དགོས་པར་འདུག་སྙམ་པའི་ཕྱིན་ཅི་ལོག་གི་ངེས་པ་རྙེད་པ་འབའ་ཞིག་གི་སྐྱོན་ཡིན་པས། བདག་ལེགས་སུ་འདོད་པས་ནི་དེ་འདྲ་བ་དེ་དུག་བཞིན་དུ་སྤང་བར་བྱའོ། །རྣལ་འབྱོར་པ་ཆེན་པོའི་ཞལ་ནས། ཇོ་བོ་པ། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་བསྒྲུབ་པ་ལ། པོ་ཏི་མཛོ་ཁལ་ཙམ་པ་ལ་བྱ་བ་མ་བྱས་པར་ལག་མཐིལ་ཙམ་


JLD013_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་སྟོན་པ་ཙུག །སྦེད་པ་ཙུག་བྱས་པས་གར་ཡང་མི་ཕྱིན་གསུང༌། ཕུ་ཆུང་བ་བཀའ་པོད་ཞལ་ཕྱེ་བ་སྔས་ན་བཞག་ནས། ཁོ་བོ་ཅག་ནི་སློབ་པ་བྱ་བ་ཡིན་པས། བལྟ་བ་མ་བྱུང་ཡང་འདི་ཀུན་ལ་ཞེ་བསྔགས་བྱེད་ལགས། ཆོས་མི་ཤེས་པར་བྱེད་ཟེར་ན་ཇི་ལྟར་བྱེད་དམ་གསུང་སྐད། སྤྱན་སྔའི་གྲྭ་པས་པོ་ཏོ་བ་ལ་སྐྱེལ་ཐུང་བྱས་པའི་དུས་སུ། ཁྱེད་སྐྱིད་ཅེས་ལན་གསུམ་གསུངས་ནས། ངའི་དགེ་བཤེས་གནམ་གྱིས་ས་བཀབ་པ་འདྲ་བ་ལ་བརྟེན་དུ་ཡོད་པས་གཞན་ལ་ནི་འགྲམ་ཆུ་མི་ལྡང༌། རྩ་འགྲེལ་དམར་ཤིག་ཤིག་པ་བལྟ་མི་དགོས་པས་ནི་ལས་ཆུང༌། རྒྱུ་འབྲས་མ་བསམས་པས་ནི་བློ་བདེ། སྔགས་ཀྱི་འདིས་ལས་འདི་འགྲུབ་མང་པོས་ནི་ཞེ་འགྲངས་གསུང༌། ཤ་ར་བའི་ཞལ་ནས། འཚང་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད་སངས་རྒྱས་ཙ་ན་ཚར་བ་ཡིན་གསུང༌། ཀ་མ་བའི་ཞལ་ནས། ཆོས་བྱེད་ན་ཤེས་ཅི་དགོས་བྱས་ན་རང་ཉིད་ཉམས་ནས་འགྲོ་བ། འདི་ངེད་ཐོས་ཆུང་ལ་འབྱུང་ཉེ། ནན་ཏུར་བྱས་ན་ཤེས་ཅི་དགོས་ཟེར་ཉེན་ཆེ། ཆོས་ནན་ཏུར་བྱེད་ན་ཤེས་དགོས་ཏེ། ཚེ་ཐུང་འདི་ལ་མི་རྫོགས་པས་དལ་འབྱོར་གྱི་ཨང་ཀ་མ་འཁྲུགས་པར་བྱས་ལ་ཐོས་པ་རྒྱུན་མ་ཆད་དུ་བྱ་སྙམ་དུ་བསམ། སྒོམ་པ་པོ་ལ་མི་དགོས་བཤད་པ་པོ་ལ་དགོས་སྙམ་སྟེ། འཆད་པ་པོ་ལ་སྡིག་ཏུ་འགྲོ་བའི་ཉེན་ཆེ། སྒོམ་པ་པོ་ཁོ་ན་ལ་དགོས་གསུང་ངོ་། །དེ་ལྟར་བསྒྲུབ་པ་ལ་ཤེས་རབ་དང་དེའི་རྒྱུར་ཐོས་པ་མེད་དུ་མི་རུང་བ་ལ་ངེས་པ་ཆེན་པོ་རྙེད་དགོས་ཏེ།


JLD013_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང་ཉམས་ལེན་གྱི་དུས་སུ་དཔྱད་སྒོམ་དགོས་པ་ལ་ངེས་པ་མ་རྙེད་ན་ཤིན་ཏུ་འོང་དཀའ། དྲག་པར་འདོད་པའི་སྡེ་སྣོད་འཛིན་པ་ཞིག་གིས་ཀྱང་ཉམས་ལེན་གྱི་སྔོན་འགྲོ་ཙམ་མམ། གདམས་པ་དངོས་སུ་མི་འགྲོ་བར་རྒྱབ་རི་འདྲ་བ་ཞིག་ཏུ་གོ་ནས་འོང༌། དེའི་རྒྱུ་མཚན་གྱིས་རང་མྱུར་དུ་འཚང་རྒྱ་བ་ལ་སྒྲུབ་པ་དགོས། སངས་རྒྱས་ཀྱི་བསྟན་པ་ལ་ཐོས་པ་དགོས་ཞེས་བསྟན་པ་ལ་ཕན་པ་དང༌། སྒྲུབ་པ་བྱེད་པ་གཉིས་སོ་སོར་འཛིན་པའི་ཅལ་ཅོལ་ཆེན་པོའི་འགལ་འདུ་སྨྲ་སྟེ། བསྟན་པ་ལ་ལུང་གི་བསྟན་པ་དང༌། སྒྲུབ་པའི་བསྟན་པ་གཉིས་ལས་མེད་ལ། སྔ་མ་ནི་སྒྲུབ་པ་བྱེད་ལུགས་ཤེས་པར་བྱེད་པ་ཡིན་ཞིང༌། ཕྱི་མ་ནི་ཤེས་ནས་ལག་ལེན་ལ་བཀལ་བ་ཡིན་པས་སྒྲུབ་པ་མ་ནོར་བ་ཞིག་བྱེད་ན་དེ་ཉིད་བསྟན་འཛིན་གྱི་མཆོག་ཡིན་པའི་ཕྱིར་དང༌། སྒྲུབ་པའི་བསྟན་པ་མ་ནོར་བར་འཛིན་པ་ལུང་གི་བསྟན་པ་མ༌ནོར་བར་གོ་བ་ལ་རག་ལས་པའི་ཕྱིར་རོ། །དེས་ན་སྔར་ཆོས་མང་དུ་ཤེས་ན་ཉམས་ལེན་གྱི་ཚེ་དེ་དག་གི་དོན་ཉིད་བསྒྲུབ་དགོས་པས་བརྗེད་དུ་གཞུག་ཏུ་མི་རུང་ལ། དང་པོ་ནས་མི་ཤེས་ན་ཡང་ཞུམ་པར་མི་བྱ་བར་བློ་དང་བསྟུན་པའི་ཐོས་པ་ཆེ་ཆུང་གང་འཐད་རེ་ལ་འབད། དེ་ཡང་ཐོས་པ་ལོགས་སུ་བྱེད་སྒྲུབ་པ་ལོགས་ཤིག་ལ་བྱེད་པ་མིན་གྱི། གང་ལ་བསྒྲུབ་པའི་གནས་དེ་ཉིད་ལ་ཐོས་བསམ་བྱ་དགོས་པས་ཕྱོགས་རེ་བར་མ་སོང་བའི་ལམ་གྱི་ཆ་ཡོངས་སུ་རྫོགས་པའི་བྱང་སེམས་ལས་དང་པོ་པའི་ཉམས་ལེན་ལམ་གྱི་རིམ་པ་རེ་ལ་ངེས་པར་བརྟེན་དགོས་ལ། བློའི་མཐུ་


JLD013_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ན་དེ་ཙམ་ལ་གོམས་སུ་གཞུག །བློའི་མཐུ་ཆེ་བའམ། དང་པོ་ཆུང་ཡང་གོམས་པས་ཆེ་བར་སོང་བའི་ཚེ། ལམ་གྱི་རིམ་པ་དེ་ཉིད་ཇེ་རྒྱས་སུ་བཏང་བས་གསུང་རབ་དང་དགོངས་འགྲེལ་དྲི་མེད་ཐམས་ཅད་དང་འབྲེལ་ནས་འགྲོ་བས་ཟུར་དུ་ཐོས་པ་བཙལ་མི་དགོས་སོ། །དེའི་ཕྱིར་གདམས་པ་མ་ནོར་བའི་ཆ་ཚང་ཞིག་ཡིན་ན། མདོར་བསྡུས་ཀྱང་མདོ་སྔགས་དང་ཐེག་པ་གོང་འོག་གི་ལམ་གྱི་འགག་ཐམས་ཅད་ཚང་བ་ལ། རྒྱས་པར་བཀྲལ་ན་བསྟན་པ་མཐའ་དག་ལ་འགྲོ་ཐུབ་པ་ཞིག་དགོས་པས་དེ་འདྲ་ཞིག་མ་རྙེད་བར་དུ་ཉམས་ལེན་གྱི་ཕྱོགས་རེ་ཙམ་ལ་བྲོད་པ་རྙེད་པ་སྲིད་ཀྱི། བསྟན་པའི་ལུས་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གནད་ལ་ངེས་པ་རྙེད་མི་སྲིད་པས་དམ་པའི་བཤེས་དང་གྲོགས་ལ་བརྟེན། ཁས་བླངས་པའི་ཚུལ་ཁྲིམས་དག་པ་གཞིར་བཟུང་། གདམས་པ་ཡང་དང་ཡང་དུ་མཉན་ནས་ཐུན་བཞིར་བཅད་དེ་དམིགས་རྣམ་བསྐྱང༌། ལྷ་དང་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་ནས་ཚོགས་བསག་པ་དང་སྒྲིབ་པ་སྦྱང་བའི་སྒོ་དུ་མ་ནས་འཇུག་པའི་རྒྱུ་ཆ་ཚང་རེ་ལ་འབད་ན། དེ་ནས་བློ་ལ་ཁྱད་པར་གོང་ནས་གོང་དུ་འཕེལ་བའི་ངེས་པ་གཏིང་ཚུགས་པ་སྐྱེ་བ་ཡིན་ནོ། །དམ་པ་སྔ་མ་རྣམས་ཀྱི་ཞལ་ནས་ཀྱང༌། སྔར་ཐོས་པའི་ཆོས་རྣམས་བློ་ལ་རུག་གེ་ཡོད་པར་བྱས་ལ་ཡང་དང་ཡང་དུ་སེམས་པར་བྱེད་འཇལ་བར་བྱེད་རྟོག་པར་བྱེད་དགོས། ཆོས་བརྗེད་དུ་བཅུག་ནས་སེམས་འཛིན་རྐྱང་པ་རེ་ལ་སློབ་པ་དེ་ལ་


JLD013_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གྲོག་མེད། སྒོམ་ཆེན་རབ་ལ་སྟོན་པ་རབ། སྒོམ་ཆེན་འབྲིང་ལ་སྟོན་པ་འབྲིང་འོང་བ་ཡིན། ཇི་ཙམ་བསྒོམས་པ་དེ་ཙམ་དུ་ཆོས་ཤེས་པ་ཇེ་ཆེར་འགྲོ་བ་ཞིག་དགོས། དེ་ལྟར་བསམས་པས་ངེས་ཤེས་བརྟན་ན་དགེ་མི་དགེའི་བསམ་པ་ཐམས་ཅད་རྟོག་པ་ཡིན་པས་སྤང་བྱ་ཡིན་ཞེས་སྡིག་གྲོགས་ཀྱིས་ཟེར་བ་ན། ཆོས་ནས་དེ་ལྟར་མ་གསུངས་དགེ་བའི་བཤེས་གཉེན་ཡང་དེ་ལྟར་མི་བཞེད་སྙམ་ནས་ཁོའི་ཁ་ལ་མི་ཉན་པ་ཞིག་འོང༌། དེ་མེད་ན་དད་པ་ནི་བག་རེ་ཡོད་ཤེས་རབ་མེད་པ་དེ་ལ་ངུ་བའི་ཁ་ལ་བལྟས་ན་ངུ་བྲོ། རྒོད་པའི་ཁ་ལ་བལྟས་ན་རྒོད་བྲོ། ཆུ་སྣ་བཞིན་དུ་ཅི་ཟེར་ལ་བདེན་སྙམ་ནས་གར་ཁྲིད་སར་འགྲོ་གསུང་ངོ་། །གསུམ་པ་ཤེས་རབ་ཀྱི་རབ་ཏུ་དབྱེ་བ་ནི་གསུམ་སྟེ། དོན་དམ་རྟོགས་པ་དང་། ཀུན་རྫོབ་རྟོགས་པ་དང༌། སེམས་ཅན་གྱི་དོན་བྱ་བ་རྟོགས་པའི་ཤེས་རབ་བོ། །དང་པོ་ནི། བདག་མེད་པའི་དེ་ཁོ་ན་ཉིད་དོན་སྤྱིའི་སྒོ་ནས་འཇལ་བ་དང་མངོན་དུ་གྱུར་པའི་སྒོ་ནས་འཇལ་བའོ། །གཉིས་པ་ནི། རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ་སྟེ། མདོ་སྡེའི་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་གསུངས་པ་ལྟར། བསྟན་པ་ལ་མ་མོས་པ་རྣམས་ཚར་བཅད་པའི་ཕྱིར་སྒྲ་དང་གཏན་ཚིགས་རིག་པ་དང༌། མོས་པ་རྣམས་ལ་ཕན་གདགས་པའི་ཕྱིར་


JLD013_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་དང་གསོ་བ་རིག་པ་དང༌། རང་ཉིད་ཀུན་ཤེས་པར་བྱ་བའི་ཕྱིར་ནང་རིག་པ་ཚོལ་བ་ནི་དགོས་པ་བྱེ་བྲག་པ་ཡིན་ལ། དེ་ཐམས་ཅད་ཀྱང་སངས་རྒྱས་འཐོབ་པའི་ཕྱིར་དུ་ཚོལ་བ་ནི་བྱེ་བྲག་མེད་པའོ། །གསུམ་པ་ནི། སེམས་ཅན་རྣམས་ཀྱི་འདི་དང་ཕྱི་མའི་དོན་ཁ་ན་མ་ཐོ་བ་མེད་པར་བསྒྲུབ་པའི་ཚུལ་ཤེས་པའོ། །བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ་ནི། ཤེས་རབ་དེ་གསུམ་བསྐྱེད་པའི་ཚེ་ན་དམ་པ་དྲུག་ལྡན་དུ་བྱ་བ་དང་ཕྱིན་དྲུག་དང་འབྲེལ་བར་བྱེད་པ་སྟེ། རང་དེ་ལ་གནས་ནས་གཞན་ཤེས་རབ་ལ་འགོད་པ་ནི་ཤེས་རབ་ཀྱི་སྦྱིན་པ་ཡིན་ལ་གཞན་སྔར་བཤད་པ་བཞིན་ནོ། །ལྔ་པ་དེ་དག་གི་དོན་བསྡུ་བ་ནི། སྟོང་པ་ཉིད་མངོན་དུ་གྱུར་པའི་ཤེས་རབ་ཡོད་ཀྱང་བྱང་ཆུབ་ཀྱི་སེམས་མེད་ན་དེ་བྱང་སེམས་ཀྱི་སྤྱོད་པར་མི་འགྱུར་བས་སྤྱོད་པའི་རྟེན་སེམས་བསྐྱེད་ཇེ་འཕེལ་དུ་བཏང་ནས། ས་མཐོན་པོའི་ཤེས་རབ་ཀྱི་ཕར་ཕྱིན་རྣམས་ཀྱང་སྨོན་པའི་ཡུལ་དུ་བྱས་ནས་སྦྱོང་བ་དང༌། ཡེ་ཤེས་ཀྱི་ཚོགས་ཆེན་པོ་གོང་ན་མེད་པ་རྫོགས་པར་བྱེད་པའི་ཐབས་ཤེས་རབ་གསུམ་བསྐྱེད་པ་ལ་ད་ལྟ་ནས་འབད་ཅིང་ཐོས་པ་ཚོལ་དགོས་ཏེ། དེ་ལྟར་མ་བྱས་ན་བསླབ་བྱའི་གཙོ་བོ་དང་འགལ་ནས་ཉེས་ལྟུང་གིས་འཇོམས་པ་དང༌། ཚེ་རབས་གཞན་དུའང་མང་དུ་ཐོས་པ་ལ་མི་དགའ་བས། བྱང་སེམས་ཀྱི་བསླབ་བྱ་རྣམས་ལ་སློབ་པར་མི་ནུས་ལ། ཚེ་འདིར་ཤེས་རབ་བསྐྱེད་པའི་ཐབས་རྣམས་ལ་འབད་ན་འདིར་མ་བསླབས་པའི་ལྟུང་བ་ཁེགས་ཤིང༌། ཚེ་


JLD013_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ཡང་ལག་བཟང་གིས་ཞུས་པ་ལས་གསུངས་པ་ལྟར་ཤེས་རབ་ཀྱི་ཕར་ཕྱིན་བདེ་བླག་ཏུ་རྫོགས་པར་བྱེད་ནུས་པའི་ཕྱིར་རོ། །དེ་ལྟར་མདོ་སྔགས་གཉིས་ཀའི་ལམ་གྱི་གཞུང་ཤིང་ཕར་ཕྱིན་དྲུག་ལ། བསམ་གཏན་ལ་ཉམས་ལེན་གྱི་རིམ་པ་ཅུང་ཟད་སྣང་ལ། གཞན་ལྔ་ལ་ཉམས་སུ་ལེན་པའི་རིམ་པ་ནུབ་སྣང་བས། དེ་དག་གི་ཉམས་ལེན་གྱི་གནད་བསྡུས་པ་དང་ངེས་ཤེས་བསྐྱེད་པའི་ཐབས་ཅུང་ཟད་བཤད་པ་ཡིན་ཏེ། ཇི་ལྟ་བ་དང་ཇི་སྙེད་པ་ལ་དམིགས་པའི་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་དང༌། བསམ་གཏན་གྱི་ངོ་བོ་ཞི་གནས་ཉམས་སུ་ལེན་པའི་རིམ་པ་གཞུང་ཆེ་བ་རྣམས་ནས་འབྱུང་བའི་དོན་རྒྱས་པར་ནི་འོག་ནས་སྟོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འཚང་གང་རྒྱ་ཐམས་ཅད་ཕྱིན་དྲུག་ལ་བརྟེན་ནས་འཚང་རྒྱ་བར། བྱང་ས་ལས་ཕྱིན་དྲུག་རེ་རེའི་མཐར་ནན་ཏན་དུ་གསུངས་པས། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་དུ་ཤེས་པར་བྱ་བ་དང༌། འདི་དྲུག་དཀར་ཆོས་ཐམས་ཅད་ཀྱི་རྒྱ་མཚོ་ཆེན་པོ་ཡིན་པས། ཉམས་ལེན་གྱི་གནད་སྡོམ་བླ་ན་མེད་པ་ཡིན་ཏེ། བྱང་ས་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་ཐོབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དཀར་པོའི་ཆོས་ཀྱི་ཆུ་ཆེན་པོ་དང་དཀར་པོའི་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་


JLD013_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱུ་རིན་པོ་ཆེ་ཆེན་པོ་སྦྱིན་པ་ཡིན་ནོ། །དེ་ལྟར་དེ་དག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་འགྲུབ་པ་དཔག་ཏུ་མེད་པ་དེའི་འབྲས་བུ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་མཐུན་པ་ལྟ་བུ་གཞན་ནི་མེད་དོ། །ཞེས་སོ། །གཉིས་པ་གཞན་གྱི་རྒྱུད་སྨིན་པར་བྱེད་པ་བསྡུ་བ་བཞི་ལ་ལྔ། བསྡུ་བཞིའི་ངོ་བོ། བཞིར་བཞག་པའི་རྒྱུ་མཚན། བསྡུ་བཞིའི་བྱེད་ལས། འཁོར་སྡུད་པས་དེ་ལ་བརྟེན་དགོས་པ། ཅུང་ཟད་རྒྱས་པར་བཤད་པའོ། །དང་པོ་ནི། སྦྱིན་པ་ནི་སྔར་ཕར་ཕྱིན་གྱི་སྐབས་སུ་བཤད་པ་དང་འདྲ་ལ། སྙན་པར་སྨྲ་བ་ནི་གདུལ་བྱ་ལ་ཕར་ཕྱིན་རྣམས་སྟོན་པའོ། །དོན་སྤྱོད་པ་ནི། ཇི་ལྟར་བསྟན་པའི་དོན་དེ་རྣམས་ལ་གདུལ་བྱ་སྤྱོད་དུ་འཇུག་པའམ་ཡང་དག་པར་ལེན་དུ་འཇུག་པའོ། །དོན་མཐུན་པ་ནི། གཞན་རྣམས་དོན་གང་ལ་སྦྱར་བ་དེ་ལ་རང་ཡང་གནས་ནས་དེ་དང་མཐུན་པར་སློབ་པ་སྟེ། མདོ་སྡེའི་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང༌། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་སོ། །གཉིས་པ་ནི། ཅིའི་ཕྱིར་བསྡུ་བ་བཞིར་ངེས་ཤེ་ན། འཁོར་དགེ་བ་ལ་སྦྱར་བའི་ཕྱིར་སྡུད་པ་ལ་ནི་ཐོག་མར་དེ་དགའ་དགོས་ལ། དེ་ཡང་ཟང་ཟིང་གི་སྦྱིན་པ་བྱིན་ནས་ལུས་ལ་ཕན་འདོགས་པ་ལ་ལྟོས་སོ། །དེ་ལྟར་དགའ་ནས་ལམ་ལ་སྦྱོར་བ་ལ་ཐོག་མར་དེས་ཇི་ལྟར་བྱ་ཚུལ་ཤེས་དགོས་ལ། དེ་ཡང་སྙན་པར་སྨྲ་


JLD013_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཆོས་བཤད་པས་མི་ཤེས་པ་དང་ཐེ་ཚོམ་ཟ་བ་དོར་ནས་དོན་ཕྱིན་ཅི་མ་ལོག་པར་འཛིན་དུ་འཇུག་པའི་ཕྱིར་རོ། །དེ་ལྟར་ཤེས་པ་ན་དོན་སྤྱོད་པས་དགེ་བ་བསྒྲུབ་པ་ལ་འཇུག་པར་བྱེད་ལ། དེ་ཡང་རང་གིས་མ་བསྒྲུབས་ན་གཞན་ལ་འཇུག་ལྡོག་འདི་ལྟར་བྱ་དགོས་སོ་ཞེས་བཤད་པ་ན། ཁྱོད་རང་ཡང་དོན་དེ་མི་བསྒྲུབ་ན་གཞན་ལ་དེ་སྒྲུབས་ཞེས་ཅིའི་ཕྱིར་སྨྲ། ཁྱོད་ཀྱང་ད་དུང་གཞན་གྱིས་བཅོས་དགོས་སོ་ཞེས་ཟེར་ནས་བསྒྲུབ་ཏུ་མི་ཉན་ལ། རང་གིས་བསྒྲུབ་པ་ཞིག་ཡིན་ན། བདག་ཅག་གང་ལ་བཙུད་པའི་དགེ་བ་དེ་ལ་ཁོང་རང་ཡང་གནས་པར་བྱེད་པས་ན་འདི་བསྒྲུབས་ན་བདག་ཅག་ལ་ཕན་པ་དང་བདེ་བར་འགྱུར་ངེས་སྙམ་ནས། གསར་དུ་འཇུག་ཅིང་ཞུགས་ཟིན་པ་རྣམས་ཀྱང་མི་ལྡོག་པར་བརྟན་པར་འགྱུར་བས་དེ་ལ་ནི་དོན་མཐུན་པ་དགོས་པའི་ཕྱིར་ཏེ། ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་པར་བྱེད་དང་འཇུག་བྱེད་དང༌། །དེ་བཞིན་རྗེས་སུ་འཇུག་བྱེད་པ། །བསྡུ་བའི་དངོས་པོ་བཞིར་ཤེས་བྱ། །ཞེས་སོ། །གསུམ་པ་ནི། བསྡུ་བ་བཞི་པོ་འདིས་གདུལ་བྱ་ལ་ཅི་ཞིག་བྱེད་པ་ཡིན་ཞེ་ན། སྦྱིན་པས་ནི་ཆོས་ཉན་པའི་སྣོད་དུ་རུང་བར་བྱེད་དེ། འཆད་པ་པོ་ལ་དགའ་བར་བྱེད་པའི་ཕྱིར་རོ། །སྙན་སྨྲས་ནི་བསྟན་བྱའི་ཆོས་དེ་ལ་མོས་པར་བྱེད་དེ། དོན་དེ་བྱེ་བྲག་ཏུ་ཤེས་པར་བྱེད་ཅིང་ཐེ་ཚོམ་གཅོད་པའི་ཕྱིར་རོ། །དོན་སྤྱོད་པས་ནི་བསྟན་པ་བཞིན་སྒྲུབ་པར་བྱེད་དོ། །དོན་མཐུན་པས་ནི་ཞུགས་པ་དེ་མི་ལྡོག་པར་ཡུན་རིང་པོར་སྒྲུབ་པར་བྱེད་པའི་ཕྱིར་ཏེ། དང་པོས་སྣོད་འགྱུར་དངོས་པོ་སྟེ། །གཉིས་

ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།


JLD013_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས་ནི་མོས་པ་ཡིན། །གསུམ་པ་ཡིས་ནི་སྒྲུབ་པ་སྟེ། །བཞི་པས་རྣམ་པར་སྦྱོང་བའོ། །ཞེས་སོ། །བཞི་པ་ནི། གདུལ་བྱ་ཀུན་གྱི་དོན་ཀུན་འགྲུབ་པ་དང་ཐབས་བཟང་པོར་སངས་རྒྱས་རྣམས་ཀྱིས་གསུངས་པས་ན། འཁོར་སྡུད་པ་རྣམས་ཀྱིས་འདི་ལ་བརྟེན་དགོས་ཏེ། འཁོར་སྡུད་པ་དང་ལྡན་པ་རྣམས། །ཚུལ་འདི་ལ་ནི་ཡང་དག་བསྟེན། །ཀུན་གྱི་དོན་ཀུན་འགྲུབ་བྱེད་ཅིང༌། །ཐབས་བཟང་ཡིན་པར་རབ་ཏུ་བསྔགས། །ཞེས་སོ། །ལྔ་པ་ནི། སྙན་སྨྲ་ལ་གཉིས་ལས། འཇིག་རྟེན་གྱི་ཚུལ་དང་ལྡན་པའི་སྙན་སྨྲ་ནི། ཁྲོ་གཉེར་མེད་ཅིང་བཞིན་གྱི་མདངས་གསལ་བར་འཛུམ་པ་སྔོན་དུ་བཏང་སྟེ། ཁམས་འདྲི་བ་ལ་སོགས་པ་འཇིག་རྟེན་གྱི་ཚུལ་གྱིས་སེམས་ཅན་རྣམས་དགའ་བར་བྱེད་པའོ། །ཡང་དག་པའི་ཆོས་བསྟན་པ་དང་ལྡན་པའི་སྙན་སྨྲ་ནི། དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་བསྐྱེད་པ་སོགས་ལས་བརྩམས་ནས། ཕན་པ་དང་བདེ་བའི་ཕྱིར་དུ་སེམས་ཅན་ལ་ཆོས་སྟོན་པའོ། །རང་གསོད་པའི་དགྲ་ལ་སྐྱོན་མེད་པའི་སེམས་ཀྱིས་ཕན་པའི་ཚིག་བརྗོད་པ་དང༌། དབང་པོ་ཤིན་ཏུ་རྟུལ་བ་ལ་ཡི་ཆད་པ་མེད་པར་སྐྱོ་བ་དང་དུ་བླངས་ནས་ཆོས་ཀྱི་གཏམ་བརྗོད་ཅིང་དགེ་བ་འཛིན་དུ་འཇུག་པ་དང༌། སེམས་ཅན་གཡོ་སྒྱུ་ཅན་མཁན་སློབ་སོགས་ལ་བསླུ་ཞིང་ལོག་ཞུགས་བྱེད་པ་ལ་ཞེ་སྡང་བ་མེད་པར་ཕན་པའི་ཚིག་བརྗོད་པའི་སྙན་པར་སྨྲ་བ་ཆེས་དཀའ་བ་རྣམས་ལ་ཡང་སློབ་པ་དང༌། རྒྱུད་མ་སྨིན་པ་ལ་སྒྲིབ་


JLD013_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤང་བ་དང་བདེ་འགྲོར་སྐྱེ་བའི་ཕྱིར་དུ་སྔ་རོལ་ཏུ་བྱ་བའི་ཆོས་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་གཏམ་བྱེད་པ་དང༌། རྒྱུད་སྨིན་པ་སྒྲིབ་པ་དང་བྲལ་ཞིང་སེམས་ཉམས་བདེ་བ་དང་ལྡན་པ་ལ། ཡང་དག་ཕུལ་གྱི་ཆོས་འཕགས་པའི་བདེན་པ་བཞི་སྟོན་པ་དང༌། ཁྱིམ་པ་དང་རབ་ཏུ་བྱུང་བ་བག་མེད་པ་རྣམས་བག་ཡོད་ལ་དགོད་པའི་ཕྱིར་བསྐུལ་བ་དང་ཐེ་ཚོམ་བྱུང་བ་རྣམས་བསལ་བའི་ཕྱིར་དུ་ཆོས་འཆད་ཅིང་འབེལ་གཏམ་བྱེད་པ་ནི་སྙན་པར་སྨྲ་བའི་སྒོའོ། །དོན་སྤྱོད་ནི་མ་སྨིན་པ་སྨིན་པར་བྱེད་པ་དང༌། སྨིན་པ་རྣམས་གྲོལ་བར་བྱེད་པ་གཉིས་སོ། །དེ་གསུམ་ལས་ཚེ་འདིའི་དོན་འཛིན་དུ་འཇུག་པ་ནི། ལོངས་སྤྱོད་རྣམས་བསྒྲུབ་པ་དང་བསྲུང་བ་དང་སྤེལ་བའི་ཐབས་ཆོས་དང་མཐུན་པས་བྱེད་དུ་འཇུག་པའོ། །ཚེ་ཕྱི་མའི་དོན་འཛིན་དུ་འཇུག་པ་ནི། ལོངས་སྤྱོད་སྤངས་ནས་སློང་མོས་འཚོ་བའི་རབ་བྱུང་ལ་འགོད་པ་སྟེ། འདིས་ཕྱི་མ་ལ་བདེ་བར་ངེས་ཀྱང་འདིར་མ་ངེས་སོ། །ཚེ་འདི་ཕྱི་གཉིས་ཀའི་དོན་འཛིན་དུ་འཇུག་པ་ནི། ཁྱིམ་པའམ་རབ་བྱུང་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆགས་བྲལ་འཛིན་དུ་འཇུག་པ་སྟེ། འདིས་ཚེ་འདི་ལ་ལུས་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་ལ། ཕྱི་མ་རྣམ་པར་དག་པའི་ལྷ་དང་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ། །དོན་སྤྱོད་པ་ཆེས་དཀའ་བ་ལའང་འཇུག་སྟེ། སྔོན་དགེ་རྩ༌མ་བསགས་པ་ལ་དགེ་བ་འཛིན་དུ་འཇུག་དཀའ་བ་དང༌། ལོངས་སྤྱོད་ཕུན་ཚོགས་ཆེན་པོ་ཅན་རྣམས་ནི་བག་མེད་པའི་གཞི་ཆེན་པོ་ལ་གནས་པས་དེ་དག་ལ་དོན་སྤྱོད་


JLD013_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀའ་བ་དང༌། མུ་སྟེགས་ཀྱི་ལྟ་བ་ལ་གོམས་གོམས་པ་རྣམས་ནི་བསྟན་པ་འདི་ལ་སྡང་ཞིང་བླུན་པས་རིགས་པ་མི་གོ་བས་དེ་དག་ལ་དོན་སྤྱོད་པ་དཀའ་བའོ། །དོན་སྤྱོད་པའི་རིམ་པ་ཡང་། བྱིས་པའི་ཤེས་རབ་ཅན་རྣམས་ཐོག་མར་སླ་བའི་གདམས་ངག་ལ་འཇུག །དེ་ནས་བློ་འབྲིང་དུ་སོང་བ་ན་འབྲིང་གི་གདམས་ངག་དང༌། ཤེས་རབ་རྒྱ་ཆེན་པོར་སོང་བ་ན་ཆོས་ཟབ་མོ་དང་གདམས་ངག་ཕྲ་མོ་ལ་འཇུག་པར་བྱེད་དོ། །དོན་མཐུན་པ་ནི། ཕ་རོལ་གང་ལ་དགོད་པ་དེ་དང་མཚུངས་པའམ་ལྷག་པ་ལ་རང་གནས་པར་བྱེད་པའོ། །དེ་ལྟར་ན་ཐོག་མར་ཅི་བྱེད་སེམས་ཅན་གྱི་དོན་ལ་དམིགས་ནས། བསམ་པ་གཞན་དོན་དང་མ་བྲལ་བ་དགོས་ཀྱང་སྦྱོར་བས་རང་འདུལ་དགོས་ཏེ། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། འགའ་ཞིག་རང་ཉིད་མ་དུལ་བཞིན་དུ་རིགས་པར་ལྡན་པའི་ཚིག་སྨྲ་ཡང༌། །རང་གི་ཚིག་དང་འགལ་བར་བྱེད་པས་གཞན་དག་གདུལ་བར་མི་ནུས་ཞེས། །ཁྱོད་ཀྱིས་དགོངས་ནས་དེ་སླད་འགྲོ་བ་མཐའ་དག་ཐུགས་ལ་བཞག་མཛད་ནས། །རེ་ཞིག་བདག་ཉིད་མ་དུལ་བ་ཉིད་འདུལ་བར་མཛད་ཕྱིར་བརྩོན་པ་ལགས། །ཞེས་སོ། །བསྡུ་བ་བཞི་ཡང་ཟང་ཟིང་གིས་བསྡུ་བ་དང༌། ཆོས་ཀྱིས་བསྡུ་བ་གཉིས་སུ་འདུ་སྟེ། ཟང་ཟིང་གི་སྦྱིན་པ་ནི་དང་པོ་ཡིན་ལ། ལྷག་མ་གསུམ་ནི་ཆོས་ཀྱི་བསྡུ་བས་བསྡུས་པས་སོ། །དེ་ཡང་དམིགས་པའི་ཆོས་དང་སྒྲུབ་པའི་ཆོས་དང་དེ་རྣམ་པར་སྦྱོང་བའི་ཆོས་ཏེ། ཟང་ཟིང་དང་ནི་ཆོས་ཀྱིས་ཏེ། །


JLD013_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་ཆོས་ལ་སོགས་པ་ཡིས། །བསྡུ་བ་གཉིས་ཀྱི་སྒོ་ནས་ནི། །བསྡུ་བའི་དངོས་པོ་བཞིར་འདོད་དོ། །ཞེས་སོ། །འདི་ཡང་དུས་གསུམ་གྱི་བྱང་སེམས་ཐམས་ཅད་ཀྱི་གཞན་དོན་མཛད་ཚུལ་ཡིན་པས་བགྲོད་པ་གཅིག་པའི་ལམ་ཡིན་ཏེ། བསྡུས་དང་སྡུད་པར་འགྱུར་བ་དང༌། །གང་དག་ད་ལྟར་སྡུད་བྱེད་པ། །དེ་ཀུན་དེ་འདྲ་དེ་ལྟ་བས། །འདི་ནི་སེམས་ཅན་སྨིན་བྱེད་ལམ། །ཞེས་སོ། །དེ་ལ་སྤྱིར་བྱང་སེམས་ཀྱི་སྤྱོད་པ་ལ་མཐའ་ཡས་ཀྱང་སྡོམ་ཆེ་བ་ནི་ཕར་ཕྱིན་དང་བསྡུ་བཞི་ཡིན་ཏེ། བྱང་སེམས་ལ་རང་གི་སངས་རྒྱས་ཀྱི་རྒྱུ་ཚོགས་སྨིན་པར་བྱ་བ་དང་སེམས་ཅན་གྱི་རྒྱུད་སྨིན་པར་བྱ་བ་གཉིས་ལས་མེད་ལ། དེ་གཉིས་ཕར་ཕྱིན་དང་བསྡུ་བས་བསྒྲུབ་པའི་ཕྱིར་རོ། །དེ་ལྟར་ཡང་བྱང་ས་ལས། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ནི་བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །བསྡུ་བའི་དངོས་པོ་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དེ། མདོར་བསྡུ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཀྱི་ལས་ནི་དེ་ཡིན་པར་རིག་པར་བྱའོ། །ཞེས་སོ། །དེའི་ཕྱིར་འདིར་ཡང་དེ་གཉིས་བཀོད་པ་ཡིན་ཏེ། རྒྱས་པར་ཤེས་པར་འདོད་ན་བྱང་ས་ལས་བཙལ་བར་བྱའོ། །དེ་དག་ལ་མཉམ་རྗེས་སུ་ཇི་ལྟར་བསྒྲུབ་པའི་ཚུལ་ནི། ཇོ་བོ་ཆེན་པོས། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །རླབས་ཆེན་ཕ་རོལ་ཕྱིན་དྲུག་སོགས། །མཉམ་གཞག་ལངས་པའི་རྣལ་འབྱོར་གྱིས། །ཚོགས་ཀྱི་ལམ་འདི་བརྟན་པར་བསྒྲུབ། །ཅེས་གསུངས་པ་ལྟར། རྒྱལ་སྲས་ཀྱི་སྡོམ་པ་བཟུང་བའི་


JLD013_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་ལས་དང་པོ་པ་ཚོགས་ཀྱི་ལམ་ལ་གནས་པ་དེས་མཉམ་རྗེས་གཉིས་གང་བྱེད་ཀྱང་ཕྱིན་དྲུག་ལས་མི་འདའ་བས། ཕྱིན་དྲུག་ལ་ལ་མཉམ་གཞག་ཏུ་བསྐྱང་ཞིང༌། ལ་ལ་རྗེས་ཐོབ་ཏུ་བསྐྱང་སྟེ། བསམ་གཏན་གྱི་ངོ་བོ་ཞི་གནས་དང་ཤེར་ཕྱིན་གྱི་ངོ་བོར་གྱུར་པའི་ལྷག་མཐོང་འགའ་ཞིག་མཉམ་གཞག་ཏུ་བསྒོམ་ལ། ཕར་ཕྱིན་དང་པོ་གསུམ་དང་བསམ་གཏན་དང་ཤེས་རབ་ཀྱི་ཆ་འགའ་ཞིག་རྗེས་ཐོབ་ཏུ་བསྐྱང་ངོ་། །བརྩོན་འགྲུས་ནི་མཉམ་རྗེས་གཉིས་ཀར་འོང་ལ། བཟོད་པའི་ཕྱོགས་གཅིག་ཆོས་ཟབ་མོ་ལ་ངེས་པར་སེམས་པ་འགའ་ཞིག་ནི་མཉམ་གཞག་ཏུ་ཡང་འབྱུང་ངོ་། །ཇོ་བོ་ཆེན་པོས། མཉམ་གཞག་ལངས་པའི་དུས་དག་ཏུ། །སྒྱུ་མའི་དཔེ་བརྒྱད་ལྟ་བུར་ནི། །ཆོས་ཀུན་ལྟ་བ་གོམས་བྱས་པས། །རྗེས་ཀྱི་རྟོག་པ་སྦྱང་བ་དང༌། །ཐབས་ལ་སློབ་པ་གཙོ་བོར་བྱ། །མཉམ་པར་བཞག་པའི་དུས་དག་ཏུ། །ཞི་གནས་ལྷག་མཐོང་ཆ་མཉམ་ཞིང༌། །དེ་རྒྱུན་རྟག་ཏུ་གོམས་པར་བྱ། །ཞེས་སོ། །དེ་ལྟ་བུའི་སྤྱོད་པ་ཤིན་ཏུ་རྨད་དུ་བྱུང་བ་བྱ་དཀའ་བ་བློ་མ་སྦྱངས་པས་ཐོས་པ་ན་ཡིད་ལ་གདུང་བ་བསྐྱེད་པ་རྣམས་ནི། བྱང་སེམས་རྣམས་ཀྱིས་ཀྱང་དང་པོ་ནས་ཉམས་སུ་བཞེས་མི་ནུས་ཀྱང་། ཤེས་པར་བྱས་ནས་སྨོན་པའི་ཡུལ་ཚུན་ཆོད་དུ་གོམས་པར་བྱས་པ་ན། ཕྱིས་ནས་ནི་འབད་པ་ལ་མི་ལྟོས་པར་རང་གི་ངང་གིས་འཇུག་པ་འོང་བས་གོམས་པ་གལ་ཆེ་སྟེ། དངོས་སུ་འཇུག་མི་ནུས་པར་མཐོང་ནས་དེ་དག་ལ་བློ་སྦྱོང་བའི་གོམས་པའང་


JLD013_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དོར་ན། ལམ་རྣམ་པར་དག་པ་ལས་ཆེས་ཤིན་ཏུ་འགྱང་བའི་ཕྱིར་ཏེ། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། གང་ཞིག་ཐོས་པར་གྱུར་ནའང་འཇིག་རྟེན་འདི་ལ་གནོད་པ་སྐྱེ་འགྱུར་དང༌། །གང་ཡང་ཁྱོད་ཉིད་ཀྱིས་ཀྱང་ཡུན་རིང་སྐུ་ཉམས་བཞེས་པར་མི་སྤྱོད་པའི། །སྤྱོད་པ་དེ་དག་ཁྱོད་ལ་གོམས་པས་དུས་སུ་རང་གི་ངང་ཉིད་གྱུར། །དེ་སླད་ཡོན་ཏན་དག་ནི་ཡོངས་གོམས་མ་བགྱིས་སྤེལ་བར་དཀའ་བ་ལགས། །ཞེས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བ་རྣམས་ཀྱིས་སྤྱོད་པ་ལ་མི་སློབ་པའི་ཐབས་མེད་ལ། འཇུག་སེམས་ཆོ༌གས་མ་བཟུང་བ་རྣམས་ཀྱིས་ཀྱང་སློབ་འདོད་སྦྱོང་བ་ལ་འབད་ནས་སྤྱོད་པ་ལ་སློབ་པའི་སྤྲོ་ཤུགས་འཕེལ་བ་ན༌སྡོམ་པ་བཟུང་ན་ཤིན་ཏུ་བརྟན་པར་འགྱུར་བས་འབད་པར་བྱའོ། །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལས། སྨོན་སེམས་སྦྱང་བ་དང་རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་ལ་བསླབ་པའི་ལམ་གྱི་རིམ་པ་བཤད་ཟིན་ཏོ།། །།རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་པ་ནི། ཞི་གནས་དང་ལྷག་མཐོང་བསྒོམ་པའི་ཚུལ་ཏེ། དེ་གཉིས་རིམ་པ་ལྟར་བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་གྱིས་བསྡུས་པའི་ཕྱིར་རོ། །འདི་ལ་དྲུག །ཞི་གནས་དང་ལྷག་མཐོང་བསྒོམས་པའི་ཕན་ཡོན། དེ་གཉིས་ཏིང་ངེ་འཛིན་ཀུན་གྱི་སྡུད་བྱེད་དུ་བསྟན་པ། ཞི་གནས་དང་ལྷག་མཐོང་གི་ངོ་བོ། གཉིས་ཀ་བསྒོམ་དགོས་པའི་རྒྱུ་མཚན། གོ་


JLD013_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ངེས་པའི་ཚུལ། སོ་སོའི་བསླབ་ཚུལ་ལོ། །དང་པོ་ནི། ཐེག་པ་ཆེ་ཆུང་གི་ཡོན་ཏན་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་ཐམས་ཅད་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་ཏེ། འཕགས་པ་དགོངས་པ་ངེས་འགྲེལ་ལས། བྱམས་པ། ཡང་ཉན་ཐོས་རྣམས་ཀྱིའམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་ནི་བསྒོམས་བྱུང་ཐོབ་པའི་རྒྱུད་ཀྱི་ཡོན་ཏན་མ་ཡིན་ནམ། ཡོན་ཏན་དེ་དག་ཐམས་ཅད་དེ་གཉིས་ཀྱི་འབྲས་བུར་ཇི་ལྟར་འཐད་སྙམ་ན། ཞི་གནས་དང་ལྷག་མཐོང་དངོས་ནི་འཆད་པར་འགྱུར་བ་ལྟར་བསྒོམས་བྱུང་ཐོབ་པའི་རྒྱུད་ཀྱི་ཡོན་ཏན་ཡིན་པས་ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད་དེ་གཉིས་ཀྱི་འབྲས་བུ་མ་ཡིན་ཀྱང༌། དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་པ་ཡན་ཆད་ཀྱི་ཏིང་ངེ་འཛིན་རྣམས་ཞི་གནས་ཀྱི་ཕྱོགས་སུ་འདུ་ལ། ཇི་ལྟ་བའམ་ཇི་སྙེད་པའི་དོན་སོ་སོར་འབྱེད་པའི་ཤེས་རབ་དགེ་བ་རྣམས་ལྷག་མཐོང་གི་ཕྱོགས་སུ་འདུ་བས། དེ་ལ་དགོངས་ནས་ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཞི་ལྷག་གི་འབྲས་བུར་གསུངས་པས་འགལ་བ་མེད་


JLD013_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ལ་དགོངས་ནས་ཐེག་པ་ཆེན་པོ་ལ་དད་པ་བསྒོམ་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལས་འབྱུང་བ་གང་ཅི་ཡང་རུང༌། དེ་ཐམས་ཅད་ནི་རྣམ་པར་མ་གཡེངས་པའི་སེམས་ཀྱིས་དོན་དང་ཆོས་ཡང་དག་པར་བསམས་པ་ལས་བྱུང་བར་རིག་པར་བྱའོ། །ཞེས་གསུངས་ཏེ། མ་གཡེངས་པའི་སེམས་ནི་ཞི་གནས་ཀྱི་ཕྱོགས་སེམས་རྩེ་གཅིག་པ་ཡིན་ལ། དོན་དང་ཆོས་ཡང་དག་པར་སེམས་པ་ནི་ལྷག་མཐོང་གི་ཕྱོགས་སོ་སོར་རྟོག་པའི་ཤེས་རབ་བོ། །དེས་ན་ཐེག་པ་གཉིས་ཀྱི་ཡོན་ཏན་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བ་དང༌། དམིགས་པ་ལ་སེམས་རྩེ་གཅིག་པ་གཉིས་ཀྱིས་བསྒྲུབ་དགོས་པ་ཡིན་གྱི། འཇོག་སྒོམ་དང་དཔྱད་སྒོམ་ཕྱོགས་རེ་བས་བསྒྲུབ་པ་མིན་ནོ། །ཡང་དགོངས་འགྲེལ་ལས། སྐྱེ་བ་པོ་ཡིས་ལྷག་མཐོང་དང༌། །ཞི་གནས་གོམས་པར་བྱས་ན་ནི། །གནས་ངན་ལེན་གྱི་འཆིང་བ་དང༌། །མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར། །ཞེས་གསུངས་སོ། །དེ་ལ་གནས་ངན་ལེན་ནི། ཡུལ་ཅན་ཕྱིན་ཅི་ལོག་གོང་ནས་གོང་དུ་བསྐྱེད་པའི་ནུས་པ་སེམས་རྒྱུད་ལ་གནས་པའི་བག་ཆགས་དང་། མཚན་མ་ནི། ཡུལ་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་སྔ་ཕྱིར་འབྱུང་བ་བག་ཆགས་དེ་གསོ་བ་དང༌། སྔ་མ་ལྷག་མཐོང་གིས་སྤོང་ལ། ཕྱི་མ་ཞི་གནས་ཀྱིས་སྤོང་བར་ཤེར་ཕྱིན་མན་ངག་ཏུ་བཤད་དོ། །དེ་དག་ནི་ཞི་ལྷག་གི་ཐ་


JLD013_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་བཏགས་པའི་ཕན་ཡོན་ཡིན་གྱི། ཞི་ལྷག་གི་ཐ་སྙད་མ་བཏགས་ཀྱང་དོན་འདྲ་བ་བསམ་གཏན་དང་ཤེས་རབ་ཀྱི་ཕན་ཡོན་གསུངས་པ་རྣམས་ཀྱང་འདི་གཉིས་ཀྱི་ཕན་ཡོན་དུ་ཤེས་པར་བྱའོ། །གཉིས་པ་ནི། དཔེར་ན་ཤིང་སྡོང་པོ་ལ་ཡལ་ག་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་མཐའ་ཡས་པ་ཞིག་ཡོད་ཀྱང༌། དེ་དག་གང་ལ་འདུས་པའི་གནད་ནི་རྩ་བ་ཡིན་པ་ལྟར། ཐེག་པ་ཆེ་ཆུང་གི་ཏིང་ངེ་འཛིན་མཐའ་ཡས་པ་ཞིག་བཀའ་སྩལ་པ་ཐམས་ཅད་ཀྱང༌། གང་དུ་འདུས་པའི་གནད་དམ་པ་ནི་ཞི་གནས་དང་ལྷག་མཐོང་ཡིན་ཏེ། དགོངས་འགྲེལ་ལས། ངས་ཉན་ཐོས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ། །ཞེས་གསུངས་སོ། །དེས་ན་ཏིང་ངེ་འཛིན་དོན་དུ་གཉེར་བ་རྣམས་ཀྱིས་གསལ་བའི་དབྱེ་བ་མཐའ་ཡས་པ་རྩད་བཅད་པར་མི་ནུས་པས། ཏིང་ངེ་འཛིན་ཀུན་གྱི་སྤྱི་ཆིངས་ཞི་ལྷག་གཉིས་ཀྱི་སྐྱོང་ཚུལ་ལེགས་པར་རྩད་བཅད་ལ་དུས་ཀུན་ཏུ་བསྟེན་པར་བྱ་སྟེ། སྒོམ་རིམ་ཐ་མ་ལས། དེ་ལ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ཐ་དད་པ་ཚད་མེད་པ་དཔག་ཏུ་མེད་པ་ལ་སོགས་པ་བསྟན་དུ་ཟིན་ཀྱང༌། ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་ལ་ཁྱབ་པས་ན། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་དེ་ཉིད་བརྗོད་པར་བྱའོ། །ཞེས་པ་དང༌། སྒོམ་རིམ་བར་པ་ལས།


JLD013_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་ཕྱིར། རྣལ་འབྱོར་པ་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་ངེས་པར་ཞི་གནས་དང་ལྷག་མཐོང་བསྟེན་པར་བྱ་སྟེ། ཞེས་གསུངས་པ་ལྟར་རོ། །གསུམ་པ་ལ། ཞི་གནས་ཀྱི་ངོ་བོ་ནི། དགོངས་འགྲེལ་ལས། དེ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང༌། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེའི་དོན་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་གང་ངེས་པར་བྱས་པ་ཕུང་པོ་ལ་སོགས་པའི་དོན་གང་ཡང་རུང་བ་ཞིག་དམིགས་ཡུལ་དུ་བྱས་ནས། དེ་ལ་དམིགས་པའི་སེམས་དེ་གཞན་དུ་མི་གཡེང་བར་དྲན་ཤེས་ཀྱིས་རྒྱུན་ཆགས་སུ་དམིགས་པ་དེ་ལ་བཏགས་པས་སེམས་དམིགས་པ་ལ་རང་གི་ངང་གིས་གནས་ཏེ། ལུས་སེམས་ཤིན་ཏུ་སྦྱངས་པའི་དགའ་བདེ་སྐྱེས་པ་ན་ཏིང་ངེ་འཛིན་དེ་ཞི་གནས་སུ་འགྱུར་ཏེ། འདི་ནི་སེམས་དམིགས་པ་ལས་མི་གཡེང་བར་ནང་དུ་བཟུང་བ་ཙམ་ལས་སྐྱེ་བར་འགྱུར་གྱི། དངོས་པོའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་མི་ལྟོས་སོ། །ལྷག་མཐོང་གི་ངོ་བོ་ནི། མདོ་དེ་ཉིད་ལས། དེ་ལུས་


JLD013_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ་སེམས་ཀྱི་རྣམ་པ་སྤངས་ནས། ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྟོག་པ་དང་ཡོངས་སུ་དཔྱོད་པ་དང༌། བཟོད་པ་དང་འདོད་པ་དང་བྱེ་བྲག་འབྱེད་པ་དང་ལྟ་བ་དང་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །ཞེས་གསུངས་པར་ལྟར་རོ། །མདོ་འདིས་ལྷག་མཐོང་སོ་སོར་རྟོག་པའི་ཤེས་རབ་ལ་བསྙོན་ས་མེད་པར་ཤིན་ཏུ་གསལ་བར་བཤད་པ་འདི་མཐོང་ནས། རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་འདི་མདོ་སྡེ་ཨེ་ཡིན་མི་ཤེས་ཞེས་སྨྲས་ནས་རྐང་པས་དྲིལ་ཞེས་གྲགས་ཏེ། དེས་ནི་རྟོག་པ་གང་ཡིན་ཐམས་ཅད་མཚན་འཛིན་དུ་བཟུང་ནས་སོ་སོར་རྟོག་པའི་ཤེས་རབ་དོར་ཏེ་ཅི་ཡང་ཡིད་ལ་མི་བྱེད་པ་ཟབ་མོའི་དོན་བསྒོམ་པར་འདོད་པ་དང་མ་མཐུན་པས་དེ་ལྟར་བྱས་པའོ། །ལུགས་འདི་ཡི་རྗེས་སུ་འབྲང་བ་ནི་ཤིན་ཏུ་མང་བར་སྣང་ངོ་། །དེ་ལ་རྣམ་པར་འབྱེད་པ་ནི་ཇི་སྙེད་པ་འབྱེད་པའོ། །རབ་ཏུ་རྣམ་པར་འབྱེད་པ་ནི་ཇི་ལྟ་བ་འབྱེད་པའོ། །ཤེས་རབ་དང་ལྡན་པའི་ཡིད་བྱེད་རྟོག་པ་དང་བཅས་པས་མཚན་མར་འཛིན་པའི་ཚེ་ནི་ཡོངས་


JLD013_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྟོག་པ་དང༌། ཡང་དག་པར་རྟོག་པའི་ཚེ་ནི་ཡོངས་སུ་དཔྱོད་པ་ཡིན་པར་འཕགས་པ་ཐོགས་མེད་ཀྱིས་བཤད་དེ། རྟོག་པ་ནི་རྩིང་བར་རྟོག་པ་ཡིན་ལ། དཔྱོད་པ་ནི་ཞིབ་པར་དཔྱོད་པའོ། །མཚན་མར་འཛིན་པ་ནི། བདེན་འཛིན་མ་ཡིན་གྱི་ཡུལ་གྱི་སྤུ་རིས་འབྱེད་པའོ། །དེ་ལྟར་ན་ཇི་ལྟ་ཇི་སྙེད་འབྱེད་པ་རེ་རེ་ལ་ཡོངས་སུ་རྟོག་པ་དང་དཔྱོད་པ་གཉིས་གཉིས་ཡོད་དོ། །དགོངས་འགྲེལ་དང་མཐུན་པར། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ། །ཞེས་གསལ་བར་གསུངས་སོ། །རྗེ་བཙུན་བྱམས་པས་ཀྱང་མདོ་སྡེའི་རྒྱན་ལས། ཆོས་ཀྱི་མིང་ནི་བསྡོམས་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཞེས་དང༌། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་འཇོག་པ་ཞི་གནས་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་ལྷག་མཐོང་དུ་གསུངས་ཏེ། མདོ་ནས་དེ་ལྟར་གསུངས་པའི་དགོངས་པ་དེ་བཞིན་དུ་བཀྲལ་བས་མདོ་སྡེའི་དོན་གཞན་དུ་དྲང་དུ་མི་རུང་བར་མཛད་དོ། །བྱང་ཆུབ་སེམས་དཔའི་ས་ལས་ཀྱང༌། བརྗོད་དུ་མེད་པའི་དངོས་པོ་ཙམ་དང་དོན་ཙམ་གྱི་དམིགས་པ་ལ་སེམས་ངེས་པར་


JLD013_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ནས། སྤྲོས་པ་ཐམས་ཅད་དང་བྲལ་བ་དང༌། སེམས་ཡོངས་སུ་གཡེང་བ་ཐམས་ཅད་དང་བྲལ་བའི་འདུ་ཤེས་ཡིད་ལ་བྱེད་པས་དམིགས་པ་ཐམས་ཅད་ལ་མོས་པ་ན། ནང་གི་ཏིང་ངེ་འཛིན་གྱི་མཚན་མ་རྣམས་ལ་སེམས་འཇོག་པ་དང་བསྡུས་ཏེ་འཇོག་པ་ནས། རྒྱས་པར་རྒྱུད་གཅིག་ཏུ་བྱེད་པ་དང་ཏིང་ངེ་འཛིན་དུ་བྱེད་པའི་བར་འདི་ནི་ཞི་གནས་ཞེས་བྱའོ། །ལྷག་མཐོང་གང་ཞེ་ན། ཞི་གནས་ཡོངས་སུ་བསྒོམས་པའི་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ཀྱི་མཚན་མ་ཡིད་ལ་བྱེད་ཅིང་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནས། རྒྱས་པར་མཁས་པ་དང་ཤེས་རབ་ཀྱིས་འཇུག་པའི་བར་གང་ཡིན་པ་འདི་ནི་ལྷག་མཐོང་ཞེས་བྱའོ། །ཞེས་སྔ་མ་རྣམས་དང་མཐུན་པར་གསུངས་ཏེ། འདིས་ནི་མདོ་དང་རྗེ་བཙུན་གཉིས་ཀའི་དགོངས་པ་སྔར་བཞིན་བཀྲལ་ནས་སྔར་གྱི་ཞི་ལྷག་གི་ངོས་འཛིན་ལ་ངེས་པ་བརྟན་པར་མཛད་དོ། །སྒོམ་རིམ་བར་པ་ལས་ཀྱང༌། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས། ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་པ་ལ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་གནས་པའི་ཚེ་དེ་ཁོ་ན་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ། ཞེས་པ་དང༌། ཤེར་ཕྱིན་མན་ངག་ལས་ཀྱང༌། དེ་ལ་ཇི་སྙེད་ཡོད་པར་


JLD013_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དང༌། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་གནས་ཀྱི་དམིགས་པའོ། །ཇི་སྙེད་ཡོད་པར་གྱུར་པ་དང་ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པའོ། །ཞེས་ཇི་ལྟ་བ་དང་ཇི་སྙེད་པའི་དོན་ལ་མི་རྟོག་པར་འཇོག་པ་ནི་ཞི་གནས་དང༌། ཡུལ་དེ་གཉིས་ལ་རྣམ་པར་དཔྱོད་པ་ནི་ལྷག་མཐོང་དུ་གསུངས་ཏེ། དགོངས་འགྲེལ་ལས་ཀྱང༌། བཅོམ་ལྡན་འདས་དུ་ཞིག་ཞི་གནས་ཀྱི་དམིགས་པ་ལགས། བཀའ་སྩལ་པ་གཅིག་སྟེ། འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ། །དུ་ཞིག་ལྷག་མཐོང་གི་དམིགས་པ་ལགས། བཀའ་སྩལ་པ་གཅིག་ཁོ་ན་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ། །དུ་ཞིག་དེ་གཉིས་ཀའི་དམིགས་པ་ལགས། བཀའ་སྩལ་པ་གཉིས་ཏེ། འདི་ལྟ་སྟེ། དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའོ། །ཞེས་གསུངས་པའི་དགོངས་པ་ཡིན་ནོ། །ཀུན་ལས་བཏུས་ལས་དངོས་པོའི་མཐའ་ལ་ཇི་ལྟ་བ་དང་ཇི་སྙེད་པ་གཉིས་སུ་གསུངས་པས། ཤཱནྟི་པས་སྔར་བཤད་པ་ལྟར་ཞི་གནས་དང་ལྷག་མཐོང་རེ་རེ་ལའང་ཇི་ལྟ་ཇི་སྙེད་གཉིས་ཀ་ལ་དམིགས་པ་ཡོད་པའི་ཕྱིར་ཞི་ལྷག་གཉིས་དམིགས་ཡུལ་གྱི་སྒོ་ནས་སོ་སོར་མི་ཕྱེད་ཅིང་སྟོང་ཉིད་རྟོགས་པའི་ཞི་གནས་ཀྱང་ཡོད་ལ། སྟོང་ཉིད་མ་རྟོགས་པའི་ལྷག་མཐོང་ཡང་ཡོད་དོ། །དེ་ཡང་སེམས་ཕྱི་རོལ་གྱི་ཡུལ་ལ་རྒྱུག་པ་ཞི་ནས་


JLD013_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་དམིགས་པ་ལ་གནས་པས་ན་ཞི་གནས་ཞེས་བྱ་ལ། ལྷག་པ་སྟེ་ཁྱད་པར་དུ་མཐོང་བས་ན་ལྷག་མཐོང་ཞེས་བྱའོ། །གང་དག་སེམས་མི་རྟོག་པར་གནས་པ་རིག་པའི་གསལ་ཆའི་ངར་མེད་པ་ཞི་གནས་དང༌། གསལ་ཆའི་ངར་ཡོད་པ་ལྷག་མཐོང་དུ་འདོད་པ་ནི་རིགས་པ་མ་ཡིན་ཏེ། རྒྱལ་བའི་བཀའ་དང་རྒྱལ་ཚབ་ཀྱི་བསྟན་བཅོས་དང༌། ཐོགས་མེད་ཀྱི་གཞུང་དང༌། བསྒོམ་པའི་རིམ་པ་ལ་སོགས་པའི་གཞུང་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་རྒྱ་ཆེར་གཏན་ལ་འབེབས་པ་རྣམས་ལས་སེམས་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་ཞི་གནས་དང༌། ཤེས་བྱའི་དོན་ཡང་དག་པར་རབ་ཏུ་འབྱེད་པའི་ཤེས་རབ་ལ་ལྷག་མཐོང་དུ་གསུངས་པ་དང་འགལ་བའི་ཕྱིར་དང༌། ཁྱད་པར་དུ་སེམས་མི་རྟོག་པ་རིག་པའི་གསལ་ཆའི་ངར་ཡོད་མེད་ནི་ཏིང་ངེ་འཛིན་བྱིང་བ་ཡོད་མེད་ཀྱི་ཁྱད་པར་ཡིན་གྱི། ཞི་ལྷག་གི་ཁྱད་པར་དུ་གཏན་ནས་མི་རིགས་ཏེ། ཞི་གནས་ཀྱི་ཏིང་ངེ་འཛིན་ཐམས་ཅད་ལའང་བྱིང་བ་སངས་པ་ངེས་པར་དགོས་ལ། བྱིང་བ་དང་བྲལ་བའི་ཏིང་ངེ་འཛིན་ཐམས་ཅད་ལ་སེམས་ཀྱི་དྭངས་ཆ་ངེས་པར་འོང་བའི་ཕྱིར་རོ། །དེས་ན་ཇི་ལྟ་བ་ལ་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་ནི། ཡུལ་བདག་མེད་པ་གཉིས་གང་ཡང་རུང་བ་བློ་དེས་རྟོགས་མ་རྟོགས་ཀྱི་སྒོ་ནས་ངོས་གཟུང་བར་བྱ་ཡི། སེམས་བདེ་གསལ་དང་བཅས་པའི་མི་རྟོག་པར་གནས་མི་གནས་ཀྱི་སྒོ་ནས་ངོས་ཟིན་པར་མི་འགྱུར་ཏེ། ཡུལ་


JLD013_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པའི་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པའི་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ཡོད་པའི་ཕྱིར་རོ། །འདི་ལྟར་ཡིན་ལུགས་རྟོགས་པའི་ལྟ་བ་མ་རྙེད་ཀྱང་སེམས་ཅིར་ཡང་མི་རྟོག་པར་བཟུང་བས་ཆོག་པ་མངོན་སུམ་གྱིས་འགྲུབ་པས། སྟོང་ཉིད་མ་གོ་ཡང་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་ལ་འགལ་བ་ཅུང་ཟད་ཀྱང་མེད་ལ། དེའི་སྒོ་ནས་སེམས་རིང་དུ་ཟིན་ན་སེམས་ཟིན་པའི་མཐུས་རླུང་ལས་སུ་རུང་བ་སྐྱེ་ལ། དེ་སྐྱེས་པ་ན་ལུས་དང་སེམས་ལ་དགའ་བདེ་སྐྱེ་བ་ཆོས་ཉིད་ཡིན་པས་བདེ་བ་སྐྱེ་བ་མི་འགལ་ཞིང༌། དེ་སྐྱེས་པ་ན་དགའ་བདེའི་ཚོར་བ་རྣམ་པ་གསལ་བའི་མཐུས་སེམས་ལ་གསལ་ཆ་འོང་བས་ན། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་བསྒྲུབ་པ་ལ་ཤེས་བྱེད་ཡང་དག་པ་ཅི་ཡང་མེད་དོ། །དེས་ན་སྟོང་ཉིད་རྟོགས་པའི་ཏིང་ངེ་འཛིན་ལའང་བདེ་གསལ་མི་རྟོག་པ་འོང་ལ་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཏིང་ངེ་འཛིན་ལའང་བདེ་གསལ་མི་རྟོག་པ་འབྱུང་བ་ཆེས་མང་བས་དེ་གཉིས་ཀྱི་ཁྱད་ཕྱེད་དགོས་སོ། །བཞི་པ་ཞི་ལྷག་གཉིས་ཀ་བསྒོམ་དགོས་པའི་རྒྱུ་མཚན་ནི། ཅིའི་ཕྱིར་ཞི་གནས་དང་ལྷག་མཐོང་རེ་རེ་བསྒོམས་པས་མི་ཆོག་པར་གཉིས་ཀ་བསྒོམ་དགོས་པ་ཡིན་སྙམ་ན། བཤད་པར་བྱ་སྟེ། དཔེར་ན་མཚན་མོ་ལོགས་རིས་བལྟ་བའི་དོན་དུ་མར་མེ་སྦར་བ་ན། མར་མེ་ཤིན་ཏུ་གསལ་བ་དང་རླུང་གིས་མི་གཡོ་བ་གཉིས་དང་ལྡན་ན་བྲིས་སྐུ་རྣམས་ཤིན་ཏུ་གསལ་བར་


JLD013_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལ། མར་མེ་མི་གསལ་བའམ་གསལ་ཡང་རླུང་གིས་བསྐྱོད་ན་གཟུགས་རྣམས་གསལ་པོར་མི་མཐོང་བ་བཞིན་དུ། ཟབ་མོའི་དོན་ལྟ་བ་ལའང་དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ངེས་པའི་ཤེས་རབ་དང་སེམས་དམིགས་པ་ལ་ཇི་ལྟར་འདོད་པ་བཞིན་དུ་གནས་པའི་མི་གཡོ་བ་གཉིས་དང་ལྡན་ན་དེ་ཁོ་ན་ཉིད་གསལ་བར་མཐོང་གི །སེམས་གཞན་དུ་མི་འཕྲོ་བར་གནས་པའི་མི་རྟོག་པའི་ཏིང་ངེ་འཛིན་ཡོད་ཀྱང་ཡིན་ལུགས་རྟོགས་པའི་ཤེས་རབ་མེད་ན་དེ་ཁོ་ན་ཉིད་ལྟ་བའི་མིག་དང་བྲལ་བས། ཏིང་ངེ་འཛིན་ལ་ཇི་ཙམ་གོམས་ཀྱང་ཡིན་ལུགས་རྟོགས་པ་མི་སྲིད་ལ། བདག་མེད་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ལྟ་བ་ཡོད་ཀྱང་སེམས་རྩེ་གཅིག་ཏུ་གནས་པ་བརྟན་པའི་ཏིང་ངེ་འཛིན་མེད་ན། རང་དབང་མེད་པར་གཡོ་བའི་རྣམ་རྟོག་གི་རླུང་གིས་དཀྲུགས་པས་ཡིན་ལུགས་ཀྱི་དོན་གསལ་བར་མཐོང་བ་མི་སྲིད་པའི་ཕྱིར་ཞི་ལྷག་གཉིས་ཀ་དགོས་པ་ཡིན་ཏེ། སྒོམ་རིམ་བར་པ་ལས། ཞི་གནས་དང་བྲལ་བའི་ལྷག་མཐོང་འབའ་ཞིག་གིས་ནི་རྣལ་འབྱོར་པའི་སེམས་ཡུལ་ལ་རྣམ་པར་གཡེང་བར་འགྱུར་གྱི། རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུ་བརྟན་པར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བར་མི་འབྱུང་སྟེ། དེ་ལྟ་བས་ན་གཉིས་ཀ་འདྲ་བར་བསྟེན་པར་བྱའོ། །དེའི་ཕྱིར་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང༌། ཉན་ཐོས་རྣམས་ཀྱིས་ནི་


JLD013_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་རིགས་མ་མཐོང་སྟེ། ཏིང་ངེ་འཛིན་ཤས་ཆེ་བའི་ཕྱིར་དང་ཤེས་རབ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི། མི་གསལ་ཏེ། ཤེས་རབ་ཀྱི་ཤས་ཆེ་བའི་ཕྱིར་དང་ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ། །ཞེས་བཀའ་སྩལ་ཏེ། ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་མེད་པར་བཞག་པ་བཞིན་དུ་རྣམ་པར་རྟོག་པའི་རླུང་རྣམས་ཀྱིས་སེམས་གཡོ་བར་མི་འགྱུར་རོ། །ལྷག་མཐོང་གིས་ནི་ལྟ་བ་ངན་པའི་དྲ་བ་མཐའ་དག་སྤངས་པས་གཞན་དག་གིས་མི་ཕྱེད་དེ། ཟླ་བ་སྒྲོན་མའི་མདོ་ལས། ཇི་སྐད་དུ། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར། །ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཞེས་སོ། །དེས་ན་སེམས་དམིགས་པ་ལས་མི་གཡེང་བར་གར་བཞག་ཏུ་ལྷན་ལྷན་སྡོད་པ་ནི་ཞི་གནས་ཀྱི་ལག་རྗེས་ཡིན་ལ། བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་ནས་བདག་ཏུ་ལྟ་བ་ལ་སོགས་པའི་ལྟ་བ་ངན་པ་རྣམས་སྤངས་ཏེ་ཕས་ཀྱི་རྒོལ་བས་བསྒུལ་མི་ནུས་པའི་རི་དང་འདྲ་བ་ནི་ལྷག་མཐོང་གི་ལག་རྗེས་ཡིན་པས་དེ་རྣམས་སོ་སོར་ཕྱེད་པར་བྱའོ། །ཞི་གནས་མ་གྲུབ་པའི་སྔོན་དུ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་མེད་པའི་དོན་ལ་དཔྱད་ཀྱང་རླུང་ནང་གི་མར་མེ་བཞིན་དུ་སེམས་ཧ་ཅང་གཡོ་བས་བདག་མེད་པའི་དོན་གྱི་སྤྱི་ཡང་གསལ་བར་མི་འགྱུར་ལ། གང་གི་ཚེ་ཞི་གནས་


JLD013_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཚེ་དཔྱད་ན་ནི་ཧ་ཅང་གཡོ་བའི་སྐྱོན་ལྡོག་པས་བདག་མེད་པའི་དོན་སྤྱི་གསལ་བར་འགྱུར་བས་ལྷག་མཐོང་གི་སེམས་མི་གཡོ་བའི་ཆ་མི་རྟོག་པའི་ཞི་གནས་ལས་སྐྱེ་བ་ཡིན་གྱི། ཡིན་ལུགས་རྟོགས་པའི་ཆ་ཞི་གནས་ལས་སྐྱེ་བ་མིན་ཏེ། དཔེར་ན་མར་མེའི་གཟུགས་གསལ་བར་བྱེད་པའི་ཆ་སྡོང་བུ་དང་མེ་སྔ་མ་ལས་སྐྱེ་ཡི། རླུང་སྐྱོབ་པའི་ཡོལ་བ་སོགས་ལས་མི་སྐྱེ་ཡང་མར་མེ་མི་གཡོ་བའི་བརྟན་པའི་ཆ་དེ་ཡོལ་བ་སོགས་ལས་སྐྱེ་བ་བཞིན་ནོ། །དེ་ལྟར་སེམས་བྱིང་རྒོད་ཀྱིས་མི་མཉམ་པ་མེད་པའི་ཞི་གནས་ཀྱི་མཉམ་གཞག་དང་ལྡན་པའི་ཤེས་རབ་ཀྱིས་བརྟགས་ན་ཡང་དག་པའི་དོན་ཤེས་པར་འགྱུར་བ་ལ་དགོངས་ནས། ཆོས་ཡང་དག་པར་སྡུད་པ་ལས། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ། །ཞེས་གསུངས་ཏེ། སྒོམ་རིམ་དང་པོ་ལས། སེམས་ཆུ་བཞིན་དུ་གཡོ་བའི་ཕྱིར་ཞི་གནས་ཀྱི་གཞི་མེད་པར་གནས་པ་མེད་དེ། མཉམ་པར་མ་བཞག་པའི་སེམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བཀའ་སྩལ་ཏོ། །ཞེས་སོ། །ཞི་གནས་གྲུབ་ན་བདག་མེད་པ་ལ་ཚུལ་བཞིན་དུ་དཔྱོད་པའི་ཤེས་རབ་ཀྱི་གཡོ་བའི་སྐྱོན་ལྡོག་པར་མ་ཟད་མི་རྟག་པ་དང་ལས་འབྲས་དང་འཁོར་བའི་ཉེས་དམིགས་དང་བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་


JLD013_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བ་ལ་སོགས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་བྱེད་པ་ཐམས་ཅད་ཀྱང༌། དམིགས་པ་ལ་གཡེང་བའི་སྐྱོན་ལོག་ནས་རང་རང་གི་དམིགས་པ་གང་ཡིན་ལ་གཞན་དུ་མི་གཡེང་བར་འཇུག་པས་དགེ་བ་གང་བྱེད་ཐམས་ཅད་ཤིན་ཏུ་སྟོབས་ཆེ་ལ། ཞི་གནས་མ་རྙེད་པའི་སྔོན་དུ་ནི་ཤས་ཆེར་དམིགས་པ་གཞན་ལ་གཡེང་བས་དགེ་སྦྱོར་བྱས་པ་ཐམས་ཅད་སྟོབས་ཆུང་སྟེ། སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་དང༌། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་དམིགས་པ་གཅིག་ལ་སེམས་གཞན་དུ་མི་གཡེང་བར་མི་རྟོག་པར་འཇོག་པའི་ཏིང་ངེ་འཛིན་བསྒྲུབས་པའི་དགོས་པ་ནི། སེམས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་རུང་བའི་ལས་རུང་བསྒྲུབ་པའི་ཕྱིར་ཡིན་ལ། དེ་ཡང་སེམས་དམིགས་པ་གཅིག་ལ་བཏགས་ནའང་སྡོད་ཐུབ་ལ། བཏང་ནའང་ཡུར་བ་བདེ་མོ་ལ་ཆུ་དྲངས་པ་ལྟར། དགེ་བའི་དམིགས་པ་མཐའ་ཡས་པ་ལ་ཇི་ལྟར་འདོད་པ་ལྟར་འགྲོ་བ་ཞིག་ཡིན་པས། ཞི་གནས་གྲུབ་ནས་ཇི་ལྟ་བ་དང་ཇི་སྙེད་པའི་ཡུལ་ལ་དམིགས་པའི་ཤེས་རབ་དང་གཏོང་བའི་སེམས་དང་སྡོམ་སེམས་དང་བཟོད་པ་དང་བརྩོན་འགྲུས་དང་དད་པ་དང་སྐྱོ་ཤས་ལ་སོགས་པ་མཐའ་ཡས་པའི་དགེ་བ་སྡུད་པ་དང་མཐའ་ཡས་པའི་སྐྱོན་བཟློག་པའི་དམིགས་རྣམ་སྐྱོང་དགོས་


JLD013_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་གྱི། དུས་རྒྱུན་དུ་དམིགས་པ་གཅིག་ལ་བཏགས་ནས་འཇོག་པས་ནི་ཞི་གནས་བསྒྲུབས་པའི་དགོས་པ་མ་ཤེས་པས་དགེ་སྦྱོར་ལ་བོགས་ཆེན་པོ་མི་འབྱུང་བར་ཤེས་པར་བྱའོ། །དེ་ལྟར་སྤྱོད་ཕྱོགས་དང༌། ལྟ་བའི་ཕྱོགས་ཀྱི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་དོར་ན་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་བསྒོམ་པ་ཤིན་ཏུ་བོགས་ཆུང་ལ། ཁྱད་པར་དུ་བདག་མེད་པའི་དོན་ལ་ངེས་པ་ཤུགས་དྲག་ལ་རྒྱུན་རིང་བ་བསྐྱེད་པའི་ཐབས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བའི་ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་མེད་ན། ཞི་གནས་ལ་ཡུན་ཇི་ཙམ་གོམས་པར་བྱས་ཀྱང་ཉོན་མོངས་མངོན་གྱུར་འགོ་གནོན་པ་ཙམ་སྲིད་ཀྱི། དེའི་ས་བོན་རྩད་ནས་སྤོང་བ་མི་སྲིད་པས། ཞི་གནས་ཙམ་བསྒོམ་པར་མི་བྱ་ཡི་ལྷག་མཐོང་ཡང་བསྒོམ་དགོས་ཏེ། སྒོམ་རིམ་བར་པ་ལས། ཞི་གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ནི་རྣལ་འབྱོར་པ་རྣམས་ཀྱི་སྒྲིབ་པ་ནི་མི་སྤོངས་ཀྱི། རེ་ཞིག་ཉོན་མོངས་རྣམ་པར་གནོན་པ་ཙམ་དུ་ཟད་དེ། ཤེས་རབ་ཀྱི་སྣང་བ་བྱུང་བ་མེད་པར་བག་ལ་ཉལ་ལེགས་པར་ཆོམས་པར་མི་འགྱུར་རོ། །དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་དེ་ཉིད་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ནོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ། །ཞེས་བཀའ་སྩལ་ཏོ། །འཕགས་པ་ཏིང་ངེ་


JLD013_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་རྒྱལ་པོ་ལས་ཀྱང༌། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། །དེས་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ཡི་ཉོན་མོངས་ཕྱིར་ཞིང་རབ་འཁྲུག་སྟེ། །ལྷག་སྤྱོད་འདི་ན་ཏིང་འཛིན་བསྒོམ་པ་བཞིན། །གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། གང་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ༌ཐོས། འཕགས་པའི་ཆོས་འདུལ་བ་མ་ཐོས་པར་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པ་ཐོབ་པ་ནི་ང་རྒྱལ་གྱི་དབང་གིས་མངོན་པའི་ང་རྒྱལ་དུ་ལྷུང་ཞིང༌། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་ལས་ཡོངས་སུ་མི་གྲོལ། འགྲོ་བ་དྲུག་གི་འཁོར་བ་ལས་ཡོངས་སུ་མི་གྲོལ། སྡུག་བསྔལ་གྱི་ཕུང་པོ་ལས་ཀྱང་ཡོངས་སུ་མི་གྲོལ་ཏེ། དེ་ལ་དགོངས་ནས་དེ་བཞིན་གཤེགས་པས་འདི་སྐད་ཅེས་གཞན་ལས་རྗེས་སུ་མཐུན་པ་ཐོས་པ་ནི་རྒ་ཤི་ལས་གྲོལ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཞེས་གསུངས་སོ། །དེ་ལྟ་བས་ན་སྒྲིབ་པ་མཐའ་དག་སྤངས་ནས་ཡོངས་སུ་དག་པའི་ཡེ་ཤེས་འབྱུང་བར་འདོད་པས་ཞི་གནས་ལ་གནས་ནས་ཤེས་རབ་བསྒོམ་པར་བྱའོ། །དེ་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་བཀའ་སྩལ་ཏེ། ཚུལ་ཁྲིམས་ལ་ནི་


JLD013_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་ཏིང་ངེ་འཛིན་འཐོབ་སྟེ། །ཏིང་ངེ་འཛིན་ཐོབ་ནས་ཀྱང་ཤེས་རབ་སྒོམ་པར་བྱེད། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་བཀའ་སྩལ་ཏོ། །འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་བསྒོམ་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་ཤེས་རབ་ཉེ་བར་མི་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལ་ཇི་ལྟར་ཡང་འབྱུང་བར་ང་མི་སྨྲའོ་ཞེས་བཀའ་སྩལ་ཏོ། །ཞེས་གསུངས་པའི་ཕྱིར་རོ། །གོ་རིམ་ངེས་པའི་ཚུལ་ནི། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ། ཞེས་གསུངས་པ་ལྟར། སྔོན་ལ་ཞི་གནས་བསྒྲུབས་ནས་དེ་ནས་དེ་ལ་བརྟེན་ཏེ་ལྷག་མཐོང་བསྒོམ་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་སྒོམ་རིམ་དང་པོ་ལས། དེའི་དམིགས་པ་ལ་ངེས་པ་མེད་དོ། །ཞེས་ཞི་གནས་ཀྱི་དམིགས་པ་ལ་ངེས་པ་མེད་པར་གསུངས་ཤིང༌། སྔར་བཤད་པ་ལྟར་ཞི་གནས་ཀྱི་དམིགས་པ་ལ་ཆོས་ཅན་དང་ཆོས་ཉིད་གཉིས་ཡོད་པས་དང་པོ་བདག་མེད་པའི་དོན་གོ་བར་བྱས་ནས་དེ་ལ་དམིགས་ཏེ་བསྒོམས་པས། སེམས་གཞན་དུ་མི་གཡེང་བའི་ཞི་གནས་དང་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་གཉིས་ཀ་དུས་གཅིག་ཏུ་བསྐྱེད་པས་ཆོག་མོད། ཅིའི་ཕྱིར་སྔོན་ལ་ཞི་གནས་བཙལ་ནས་དེ་


JLD013_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྷག་མཐོང་སྒོམ་པར་བྱེད་ཅེ་ན། དེ་ལ་ཞི་གནས་ལྷག་མཐོང་གི་སྔོན་དུ་འགྲོ་ལུགས་ནི། བདག་མེད་རྟོགས་པའི་ལྟ་བའི་གོ་བ་སྐྱེ་བ་ལ་ཞི་གནས་སྔོན་དུ་འགྲོ་མི་དགོས་ཏེ། ཞི་གནས་མེད་པ་ལའང་ལྟ་བ་སྐྱེ་བར་མཐོང་བའི་ཕྱིར་རོ། །ལྟ་བ་དེ་ལ་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ལའང་ཞི་གནས་སྔོན་དུ་འགྲོ་མི་དགོས་ཏེ། ཞི་གནས་མེད་ཀྱང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་དེ་གོམས་པར་བྱས་པས་ཡིད་འགྱུར་བ་སྐྱེ་བར་མི་འགལ་བའི་ཕྱིར་ཏེ། འགལ་ན་མི་རྟག་པ་དང་འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལའང་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ཞི་གནས་ལ་རག་ལས་པར་ཧ་ཅང་ཐལ་བར་འགྱུར་ཏེ། རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་རོ། །འོ་ན་ཞི་གནས་ལྷག་མཐོང་ལ་དགོས་ལུགས་དེ་གང་ཡིན་སྙམ་ན། འདི་ལ་དགོངས་འགྲེལ་ནས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྣམ་པར་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པའི་བསྒོམ་པ་དེ། ཇི་སྲིད་དུ་ལུས་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པར་མི་ནུས་པ་དེ་སྲིད་དུ་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་བྱེད་ཡིན་ལ། དེ་ལས་ཤིན་སྦྱངས་སྐྱེས་པ་ན་ལྷག་མཐོང་དུ་གསུངས་པས། ཞི་གནས་མ༌ཐོབ་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་ཇི་ཙམ་བྱས་ཀྱང་། དེས་མཐར་ལུས་སེམས་ཤིན་ཏུ་སྦྱངས་པའི་དགའ་བདེ་བསྐྱེད་པར་མི་ནུས་ལ། ཞི་གནས་ཐོབ་ནས་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་སྒོམ་གྱིས་ཀྱང་རང་གི་མཐར་ཤིན་སྦྱངས་སྐྱེད་


JLD013_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པས། དེ་ལ་ཞི་གནས་རྒྱུར་དགོས་ཏེ་འོག་ཏུ་བཤད་པར་བྱའོ། །དེས་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དམིགས་པ་གཅིག་ལ་མ་བཞག་པར་དཔྱད་པའི་སྟོབས་ཀྱིས་ཤིན་སྦྱངས་བསྐྱེད་ནུས་པ་ན་ལྷག་མཐོང་དུ་འགྱུར་བས། ཡུལ་སྟོང་པ་ཉིད་ལ་དམིགས་ཀྱང་སེམས་དམིགས་པ་གཅིག་ལ་བཞག་པའི་དབང་གིས་ཤིན་སྦྱངས་བསྐྱེད་པ་ནི་ཞི་གནས་བསྒྲུབ་ལུགས་ལས་མི་འདའ་བས། དེ་ཙམ་གྱིས་ལྷག་མཐོང་ཐོབ་པར་མི་འཇོག་སྟེ། འདི་ལྟར་དང་པོར་བདག་མེད་པའི་གོ་བ་བཙལ་ནས་དེའི་དོན་ལ་ཡང་དང་ཡང་དུ་དཔྱོད་པར་བྱེད་ན་ནི་སྔོན་དུ་ཞི་གནས་མ་གྲུབ་པས་དེ་ལ་བརྟེན་ནས་ཞི་གནས་འགྲུབ་མི་སྲིད་ལ། མི་དཔྱོད་པར་འཇོག་སྒོམ་བྱེད་ན་ནི་དེ་ལ་བརྟེན་ནས་ཞི་གནས་འགྲུབ་ཀྱང་ཞི་གནས་ཀྱི་སྐྱོང་ཚུལ་ལས་མ་གཏོགས་པའི་ལྷག་མཐོང་གི་སྐྱོང་ཚུལ་མེད་པས་ཕྱི་ནས་ལྷག་མཐོང་བཙལ་དགོས་པས། ཞི་གནས་སྔོན་དུ་བཙལ་ནས་དེ་ལ་བརྟེན་ནས་ལྷག་མཐོང་བསྒོམ་པའི་རིམ་པ་ལས་མ་འདས་པའི་ཕྱིར་རོ། །དེ་ལྟར་ན་ལྷག་མཐོང་བསྐྱེད་པའི་ཚུལ་ནི་སོ་སོར་རྟོག་པའི་དཔྱད་སྒོམ་གྱིས་ཤིན་སྦྱངས་བསྐྱེད་པ་ལ་མི་བྱེད་ན་ཞི་གནས་སྔོན་དུ་བཙལ་ནས་དེ་ལ་བརྟེན་ནས་ལྷག་མཐོང་བསྒོམ་པ་ལ་རྒྱུ་མཚན་ཡང་དག་ཅུང་ཟད་ཀྱང་མེད་ལ། རིམ་པ་དེ་ལྟར་སྒོམ་པར་མི་བྱེད་ནའང་ཆེས་མི་རིགས་ཏེ། དགོངས་འགྲེལ་ནས། ཞི་གནས་ཐོབ་པ་ལ་བརྟེན་ནས་ལྷག་མཐོང་བསྒོམ་པར་སྔར་དྲངས་པ་ལྟར་གསུངས་ཤིང༌། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །ཞེས་ཕྱིན་དྲུག་གི་བསམ་གཏན་དང་ཤེས་


JLD013_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་རིམ་པ་དང་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ལ་བརྟེན་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྐྱེ་བའི་རིམ་པ་རྣམས་ཞི་གནས་སྔོན་ལ་བསྒོམས་ནས་ལྷག་མཐོང་ཕྱིས་བསྒོམ་པའི་རིམ་པ་ཡིན་ལ། སྔར་བྱང༌ས་དྲངས་པ་ལྟར་དང༌། ཉན་ས་ལས་ཀྱང་ཞི་གནས་ལ་བརྟེན་ནས་ལྷག་མཐོང་བསྒོམ་པར་གསུངས་ཤིང༌། དབུ་མ་སྙིང་པོ་དང་སྤྱོད་འཇུག་དང་སྒོམ་རིམ་གསུམ་དང་ཡེ་ཤེས་གྲགས་པ་དང་ཤཱནྟི་པ་རྣམས་ཀྱིས་སྔོན་དུ་ཞི་གནས་བཙལ་ནས་ལྷག་མཐོང་བསྒོམ་པར་གསུངས་པའི་ཕྱིར་རོ། །དེས་ན་རྒྱ་གར་བའི་སློབ་དཔོན་ཁ་ཅིག་ཞི་གནས་ཟུར་དུ་མི་འཚོལ་བར་དང་པོ་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ལས་ལྷག་མཐོང་བསྐྱེད་པར་བཞེད་པ་ནི། ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་དང་འགལ་བས་བློ་དང་ལྡན་པ་རྣམས་ཀྱིས་ཡིད་བརྟན་པའི་གནས་སུ་མི་རུང་ངོ་། །ཞི་གནས་དང་ལྷག་མཐོང་གི་གོ་རིམ་དེ་ཡང་དང་པོར་གསར་དུ་བསྐྱེད་པའི་ཚེ་དེ་ལྟར་བྱེད་ཀྱི། ཕྱིས་ནི་ལྷག་མཐོང་སྔོན་དུ་བསྒོམས་ནས་ཞི་གནས་སྒོམ་པའང་བྱེད་པས་གོ་རིམ་ངེས་པ་མེད་དོ། །འོ་ན་ཀུན་ལས་བཏུས་ལས། ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི། ཞི་གནས་ནི་མ་ཐོབ་སྟེ། དེ་ལྷག་མཐོང་ལ་བརྟེན་ནས་ཞི་གནས་ལ་བརྩོན་པར་བྱེད་དོ། །ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་མ་ཐོབ་པ་མིན་གྱི། བསམ་གཏན་དང་པོའི་དངོས་གཞི་ཡན་ཆད་ཀྱི་ཞི་གནས་མ་ཐོབ་པ་སྟེ། དེ་ཡང་བདེན་པ་བཞི་མངོན་སུམ་དུ་རྟོགས་ནས་དེ་ལ་བརྟེན་ནས་བསམ་གཏན་དང་པོ་ཡན་ཆད་ཀྱི་ཞི་གནས་བསྒྲུབ་པ་སྟེ། སའི་དངོས་གཞི་ལས། གཞན་ཡང་


JLD013_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ནས་ལམ་གྱི་བར་དུའང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ་བསམ་གཏན་དང་པོ་ལ་སོགས་པ་ནི་མ་ཐོབ་སྟེ། དེ་འདུག་མ་ཐག་ཏུ་སེམས་འཇོག་སྟེ་ཆོས་རྣམ་པར་འབྱེད་པར་མི་བྱེད་དོ། །དེ་ལྷག་པའི་ཤེས་རབ་དེ་ཉིད་ལ་བརྟེན་ནས་ལྷག་པའི་སེམས་ལ་སྦྱོར་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །སྤྱིར་ཐ་སྙད་ཟོར་ཡང་བར་བྱ་བའི་ཕྱིར་དུ་སེམས་དགུ་ལ་ཞི་གནས་དང་རྣམ་པར་འབྱེད་པ་སོགས་བཞི་ལ་ལྷག་མཐོང་དུ་གསུངས་པ་ཡོད་ཀྱང་། ཞི་ལྷག་དངོས་ནི་འཆད་པར་འགྱུར་བ་ལྟར་ཤིན་སྦྱངས་སྐྱེས་པ་ནས་བཞག་དགོས་སོ། །སོ་སོའི་བསླབ་ཚུལ་ལ་གསུམ། ཞི་གནས་ལ་བསླབ་ཚུལ། ལྷག་མཐོང་ལ་བསླབ་ཚུལ། དེ་གཉིས་ཟུང་དུ་འབྲེལ་བའི་ཚུལ་ལོ། །དང་པོ་ལ་གསུམ། ཞི་གནས་ཀྱི་ཚོགས་བསྟེན་པ། དེ་ལ་བརྟེན་ནས་ཞི་གནས་བསྒོམ་པའི་ཚུལ། བསྒོམས་པས་ཞི་གནས་གྲུབ་པའི་ཚད་དོ། །དང་པོ་ནི་རྣལ་འབྱོར་པས་ཐོག་མར་བདེ་ཞིང་མྱུར་དུ་ཞི་གནས་འགྲུབ་པར་འགྱུར་བའི་རྒྱུ་ཞི་གནས་ཀྱི་ཚོགས་ལ་བརྟེན་པར་བྱའོ། །འདི་ལ་དྲུག་ལས། མཐུན་པའི་ཡུལ་ན་གནས་པ་ནི། ཡོན་ཏན་ལྔ་དང་ལྡན་པའི་ཡུལ་ཏེ། ཟས་གོས་ལ་སོགས་པ་ཚེགས་མེད་པར་རྙེད་པས་རྙེད་སླ་བ་དང༌། གཅན་གཟན་ལ་སོགས་པའི་སྐྱེ་བོ་མི་བསྲུན་པ་དང་དགྲ་ལ་སོགས་པ་མི་གནས་པས་གནས་བཟང་བ་དང༌། ནད་མི་བསྐྱེད་པའི་ས་ཡིན་པས་ས་བཟང་བ་དང༌། ཚུལ་ཁྲིམས་དང་ལྟ་བ་མཚུངས་པའི་གྲོགས་དང་ལྡན་


JLD013_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

པས་གྲོགས་བཟང་བ་དང༌། ཉིན་མོ་སྐྱེ་བོ་མང་པོ་མེད་ཅིང་མཚན་མོ་སྒྲ་ཆུང་བས་ལེགས་པར་ལྡན་པའོ། །མདོ་སྡེའི་རྒྱན་ལས་ཀྱང༌། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང༌། །ས་བཟང་བ་དང་གྲོགས་བཟང་དང༌། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་གསུངས་སོ། །འདོད་པ་ཆུང་བ་ནི། ཆོས་གོས་ལ་སོགས་པ་བཟང་པོའམ་མང་པོ་ལ་ལྷག་པར་ཆགས་པ་མེད་པའོ། །ཆོག་ཤེས་པ་ནི། ཆོས་གོས་ལ་སོགས་པ་ངན་ངོན་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པའོ། །བྱ་བ་མང་པོ་ཡོངས་སུ་སྤངས་པ་ནི། ཉོ་ཚོང་ལ་སོགས་པའི་བྱ་བ་ངན་པ་དང་ཁྱིམ་པ་དང་རབ་བྱུང་རྣམས་དང་ཧ་ཅང་འདྲིས་བཤེས་བྱེད་པ་དང་སྨན་བྱེད་པ་དང་སྐར་མ་བརྩི་བ་སོགས་ཡོངས་སུ་སྤངས་པའོ། །ཚུལ་ཁྲིམས་རྣམ་པར་དག་པ་ནི། སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་གཉིས་ཀ་ལ་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བའི་བསླབ་བྱའི་གཞི་མི་འདྲལ་བ་དང་། བག་མེད་པས་རལ་ནའང་སྐྱེན་པར་འགྱོད་པས་ཆོས་བཞིན་དུ་ཕྱིར་འཆོས་པར་བྱེད་པའོ། །འདོད་པ་ལ་སོགས་པའི་རྣམ་རྟོག་ཡོངས་སུ་སྤངས་པ་ནི། འདོད་པ་རྣམས་ལ་གསོད་པ་དང་འཆིང་བ་ལ་སོགས་པ་ཚེ་འདིའི་ཉེས་དམིགས་དང་ངན་འགྲོར་འགྲོ་བ་སོགས་ཕྱི་མའི་ཉེས་དམིགས་བསྒོམས་ནས་སམ། ཡང་ན་འཁོར་བའི་དངོས་པོ་ཡིད་དུ་འོང་མི་འོང་ཐམས་ཅད་ནི་འཇིག་པའི་ཆོས་ཅན་མི་རྟག་པ་སྟེ། ངེས་པར་དེ་དག་ཐམས་ཅད་དང་བདག་རིང་པོར་མི་


JLD013_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པར་འབྲལ་བར་འགྱུར་ན། བདག་དེ་ལ་ཅི་ཞིག་ལྷག་པར་ཆགས་པ་ལ་སོགས་པར་འགྱུར་སྙམ་དུ་བསྒོམས་ལ་འདོད་པའི་རྣམ་རྟོག་ཐམས་ཅད་སྤང་བར་བྱའོ། །འདི་དག་ནི་སྒོམ་རིམ་བར་པའི་དགོངས་པ་ལྟར་བཤད་པ་སྟེ། རྒྱས་པར་ནི་ཉན་ཐོས་ཀྱི༌ས་ལས་ཤེས་པར་བྱའོ། །དེ་ལྟ་བུའི་ཆོས་དྲུག་ནི་ཏིང་ངེ་འཛིན་བཟང་པོ་གསར་དུ་སྐྱེ་བ་དང་སྐྱེས་ཟིན་པ་མི་ཉམས་པར་གནས་པ་དང་གོང་ནས་གོང་དུ་འཕེལ་བའི་རྒྱུ་རྐྱེན་གྱི་གནད་བསྡུས་པ་སྟེ། ཁྱད་པར་དུ་ཚུལ་ཁྲིམས་དག་པ་དང་འདོད་པ་ལ་ཉེས་དམིགས་སུ་བལྟ་བ་དང་མཐུན་པའི་ཡུལ་ན་གནས་པ་གཙོ་བོ་ཡིན་ནོ། །དགེ་བཤེས་སྟོན་པའི་ཞལ་ནས། རང་ཅག་མན་ངག་ཁོ་ནས་ལན་སྙམ་ཡིན། མན་ངག་ཁོ་ན་བཙལ་བས་ཏིང་ངེ་འཛིན་སྐྱེར་མི་འདོད་པ་དེ་ཚོགས་ལ་གནས་པ་མེད་པས་ལན་པ་ཡིན་གསུང་སྟེ། ཚོགས་ནི་སྔར་བཤད་པ་དྲུག་ལ་སོགས་པ་ཡིན་ནོ། །གཞན་ཡང་ཕར་ཕྱིན་དང་པོ་བཞི་ནི་ལྔ་པ་བསམ་གཏན་གྱི་ཚོགས་སུ་འགྲོ་བ་ཡིན་ཏེ། སྒོམ་རིམ་དང་པོ་ལས། ཞི་གནས་ནི་རྙེད་པ་ལ་སོགས་པ་འདོད་པ་ལ་མི་བལྟ་ཞིང་ཚུལ་ཁྲིམས་ལ་ལེགས་པར་གནས་ལ་སྡུག་བསྔལ་ལ་སོགས་པ་དང་དུ་ལེན་པའི་ངང་ཚུལ་ཅན་དུ་གྱུར་ལ་བརྩོན་འགྲུས་བརྩམས་ན་མྱུར་དུ་འགྲུབ་བོ། །དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པ་ལས་ཀྱང་སྦྱིན་པ་ལ་སོགས་པ་གོང་མ་གོང་མའི་རྒྱུ་ཉིད་ཡིན་པར་བསྟན་ཏོ། །ཞེས་


JLD013_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ལམ་སྒྲོན་ལས་ཀྱང༌། ཞི་གནས་ཡན་ལག་རྣམ་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང༌། །ལོ་ནི་སྟོང་ཕྲག་དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་པས། ཞི་ལྷག་གི་ཏིང་ངེ་འཛིན་སྙིང་ཐག་པ་ནས་བསྒྲུབ་པར་འདོད་པ་རྣམས་ཀྱིས་ཞི་གནས་ཀྱི་ཡན་ལག་གམ་ཚོགས་ཉན་ས་ནས་གསུངས་པའི་བཅུ་གསུམ་ལ་སོགས་པ་ལ་འབད་པ་ཤིན་ཏུ་གལ་ཆེའོ། །དེ་ལ་བརྟེན་ནས་ཞི་གནས་བསྒོམ་པའི་ཚུལ་ལ་གཉིས། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ནི། སྔར་བཤད་པའི་སྦྱོར་བའི་ཆོས་དྲུག་དང་ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་རིང་དུ་བསྒོམ་ཞིང་དེའི་ཡན་ལག་ཏུ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་དམིགས་པའི་ངོ་བོ་རྣམས་ཀྱང་སྦྱང་བར་བྱའོ། །གཉིས་པ་ལ་གཉིས། ལུས་ཀྱི་སྤྱོད་ལམ་ཇི་འདྲ་བས་བསྒོམ་པ་དང༌། བསྒོམ་པའི་རིམ་པ་ཉིད་བཤད་པའོ། །དང་པོ་ནི། སྒོམ་རིམ་བར་པ་དང་ཐ་མ་ལས་གསུངས་པ་ལྟར་སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ་ལུས་ཀྱི་ཀུན་སྤྱོད་ཆོས་བརྒྱད་དང་ལྡན་པར་བྱའོ། །དེ་ལ་རྐང་པ་ནི་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུ་སྐྱིལ་མོ་ཀྲུང་ཡོངས་སུ་རྫོགས་པའམ་ཡང་ན་སྐྱིལ་ཀྲུང་ཕྱེད་པའང་རུང་སྟེ་དེ་ལྟར་བྱའོ། །མིག་ནི་ཧ་ཅང་ཡང་མི་དབྱེ་ཧ་ཅང་ཡང་མི་ཟུམ་པར་སྣའི་རྩེ་མོར་གཏད་དོ། །ལུས་ནི་ཧ་ཅང་ཡང་རྒྱབ་ཏུ་མི་དགྱེ་ཧ་ཅང་ཡང་མདུན་དུ་མི་དགུ་བར་དྲང་པོར་བསྲངས་ལ་དྲན་པ་ནང་དུ་བཞག་སྟེ་འདུག་པར་བྱའོ། །ཕྲག་པ་ནི་ཐད་ཀར་མཉམ་པར་


JLD013_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གོ །མགོ་ནི་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མ་ཡོ་བར་བཞག་སྟེ་སྣ་ནས་ལྟེ་བར་དྲང་པོར་བཞག་གོ །སོ་དང་མཆུ་ནི་རང་ལུགས་སུ་ཐ་མལ་པར་བཞག་གོ །ལྕེ་ནི་ཡ་སོའི་དྲུང་དུ་གཞར་རོ། །དབུགས་ནི་ཕྱི་ནང་དུ་རྒྱུ་བ་སྒྲ་ཅན་དང་རྔམས་པ་དང་རྒོད༌བག་ཅན་དུ་མི་བཏང་གི །ཅི་ནས་ཀྱང་ཕར་རྒྱུ་ཚུར་རྒྱུ་མི་ཚོར་བར་དལ་བུ་དལ་བུས་འབད་པ་མེད་པར་འཇུག་པ་དེ་ལྟར་བྱའོ། །ཉན་སར་སངས་རྒྱས་ཀྱིས་གནང་བའི་ཁྲིའམ་ཁྲིའུའམ་རྩྭ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་ལ་རྒྱུ་མཚན་ལྔ་གསུངས་ཏེ། ལུས་ལེགས་པར་བསྒྲིམས་ན་སྤྱོད་ལམ་དེ་ཤིན་ཏུ་སྦྱངས་པ་སྐྱེ་བ་དང་རྗེས་སུ་མཐུན་པས་མྱུར་བ་མྱུར་བར་ཤིན་ཏུ་སྦྱངས་པ་སྐྱེ་བ་དང༌། འདུག་པས་དུས་ཡུན་རིང་པོ་འདའ་བར་བྱེད་ནུས་ཤིང་སྤྱོད་ལམ་དེས་དེའི་ལུས་ཤིན་ཏུ་ངལ་བར་མི་འགྱུར་བ་དང༌། སྤྱོད་ལམ་དེ་མུ་སྟེགས་དང་ཕས་ཀྱི་རྒོལ་བ་དག་དང་ཐུན་མོང་མ་ཡིན་པ་དང༌། གཞན་གྱིས་སྤྱོད་ལམ་དེས་འདུག་པ་མཐོང་ན་ཤིན་ཏུ་དང་བ་སྐྱེ་བ་དང༌། སྤྱོད་ལམ་དེ་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་གནང་ཞིང་བསྟེན་པ་སྟེ། རྒྱུ་མཚན་དེ་ལྔ་མཐོང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་གནས་པར་གསུངས་སོ། །ལུས་དྲང་པོར་བསྲང་བ་ནི་རྨུགས་པ་དང་གཉིད་མི་འབྱུང་བའི་དོན་དུ་གསུངས་སོ། །དེ་ལྟར་ན་ཐོག་མར་ལུས་ཀྱི་ཀུན་སྤྱོད་བརྒྱད་དང་ཁྱད་པར་དུ་རླུང་ཆམ་ལ་དབབ་པ་ཇི་ལྟར་བཤད་པ་བཞིན་བསྒྲུབ་པར་བྱའོ། །བསྒོམ་པའི་རིམ་པ་


JLD013_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཤད་པ་ནི། ལམ་རིམ་ཕལ་མོ་ཆེར་དབུས་མཐའ་ནས་གསུངས་པའི་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་ཀྱི་སྒོ་ནས་ཞི་གནས་བསྒྲུབ་པར་གསུངས་ལ། དགེ་བཤེས་ལག་སོར་བ་ནས་བརྒྱུད་པའི་གདམས་ངག་རྣམས་ལས་དེའི་སྟེང་དུ་ཉན་ས་ནས་བཤད་པའི་སྟོབས་དྲུག་དང་ཡིད་བྱེད་བཞི་དང་སེམས་དགུས་བསྒྲུབ་དགོས་པར་བཤད་ཅིང༌། མཁས་པ་ཡོན་ཏན་གྲགས་ཀྱིས་ནི། སེམས་གནས་པའི་ཐབས་དགུ་ཡིད་ལ་བྱེད་པ་བཞིར་བསྡུས་པ་དང༌། ཉེས་པ་དྲུག་དང་དེའི་གཉེན་པོ་འདུ་བྱེད་བརྒྱད་པོ་འདི་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཐབས་ཡིན་པར། མདོ་སྡེ་དུ་མ་དང་མདོ་སྡེ་རྒྱན་དང་དབུས་མཐའ་དང་འཕགས་པ་ཐོགས་མེད་ཀྱི་ས་སྡེ་དང་དབུ་མ་སྒོམ་རིམ་གསུམ་ལ་སོགས་པ་བསམ་གཏན་གྱི་ཐབས་སྟོན་པ་ཐམས་ཅད་ལས་མཐུན་པར་གསུངས་ཏེ། དང་པོ་ཏིང་ངེ་འཛིན་གྱི་ཚོགས་ལ་གནས་པས་ཐབས་འདི་དག་གིས་འབད་ན་ཏིང་ངེ་འཛིན་ངེས་པར་འཐོབ་པར་འགྱུར་རོ། །དེང་སང་བསམ་གཏན་གྱི་མན་ངག་ཟབ་པར་གྲགས་པ་དག་ལ་ཐབས་འདི་དག་གི་མིང་ཙམ་ཡང་མི་སྣང་སྟེ། ཏིང་ངེ་འཛིན་གྱི་ཚོགས་དང་མི་ལྡན་པ་དང་ཐབས་འདི་དག་མེད་པར་ནི་ཡུན་རིང་པོར་འབད་ཀྱང་ཏིང་ངེ་འཛིན་འགྲུབ་པར་མ་གསུངས་སོ་ཞེས་རང་གི་ལམ་རིམ་ལས་འཆད་དེ། འདི་ནི་གཞུང་ཆེན་མོ་རྣམས་ཀྱི་ཏིང་ངེ་འཛིན་བསྒྲུབ་ཚུལ་ལ་ངེས་པ་རྣམ་པར་དག་པ་རྙེད་པའི་གཏམ་དུ་སྣང་ངོ་། །དེ་ལ་སྤྱིར་ཐེག་པ་གསུམ་གྱི་ལམ་གྱི་རིམ་པའི་འཁྲིད་ཚུལ་རྣམས་ནི་འཕགས་པ་ཐོགས་


JLD013_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས་ས་སྡེ་ལྔར་རྒྱས་པར་གཏན་ལ་ཕབ་པས་ཉམས་ལེན་སྟོན་པའི་གཞུང་ནི་དེ་ཤིན་ཏུ་རྒྱས་སོ། །དེར་ཡང་གཞུང་གཅིག་ཏུ་རྒྱས་པར་བཤད་པ་གཞུང་གཞན་དུ་རྒྱས་པར་མི་འཆད་པས་ཞི་གནས་དང་ལྷག་མཐོང་གཉིས་ནི་གཏན་ལ་དབབ་པ་བསྡུ་བ་ལས་ཉན་ཐོས་ཀྱི་ས་ལས་ཤེས་དགོས་པར་གསུངས་པས་ཉན་ས་ཤིན་ཏུ་རྒྱས་པ་ཡིན་ནོ། །རྗེ་བཙུན་བྱམས་པས་ཀྱང་མདོ་སྡེའི་རྒྱན་དང་དབུས་མཐར་སེམས་གནས་པའི་ཐབས་དགུ་དང་སྤོང་བའི་འདུ་བྱེད་བརྒྱད་གསུངས་ལ། དེ་རྣམས་ཀྱི་རྗེས་སུ་འབྲངས་ནས་སློབ་དཔོན་སེང་གེ་བཟང་པོ་དང་ཀ་མ་ལ་ཤཱི་ལ་དང་ཤཱནྟི་པ་ལ་སོགས་པའི་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་ཀྱང་ཏིང་ངེ་འཛིན་བསྒྲུབ་པའི་རིམ་པ་མང་དུ་མཛད་དེ། ལྷ་སྐུ་དང་ཐིག་ལེ་དང་ཡི་གེ་སོགས་ལ་དམིགས་པའི་དམིགས་པ་མི་འདྲ་བ་མ་གཏོགས་པ་ཏིང་ངེ་འཛིན་གྱི་སྤྱིའི་ཁོག་རྣམས་ནི་སྔར་གྱི་གཞུང་ཆེན་མོ་དེ་དག་ནས་བཤད་པ་དང་སྔགས་ནས་བཤད་པ་རྣམས་ཤིན་ཏུ་མཐུན་ལ། ཁྱད་པར་དུ་ཏིང་ངེ་འཛིན་གྱི་ཉེས་པ་ལྔ་ལ་སོགས་པའི་སྐྱོན་རྣམས་དང་དེ་རྣམས་ཇི་ལྟར་སེལ་བའི་ཚུལ་རྣམས་ནི་མདོ་སྡེའི་ཕྱོགས་རྣམས་ཤིན་ཏུ་རྒྱས་པར་སྣང་ངོ་། །འོན་ཀྱང་གཞུང་ཆེ་བ་རྣམས་ཀྱི་སྟེང་ནས་ཉམས་སུ་ལེན་ཤེས་པ་ཉིན་མོའི་སྐར་མ་ལྟར་སྣང་བས་རང་གི་བློ་སྐྱོན་གྱི་དྲི་མ་གཞུང་དེ་དག་ལ་བཀལ་ནས་དེ་རྣམས་ཕྱིའི་གོ་རྒྱ་གཅོད་པ་ཙམ་ཡིན་གྱི་སྙིང་པོའི་དོན་སྟོན་པའི་གདམས་ངག་ཟུར་དུ་ཡོད་པར་བཟུང་ནས་དེ་དག་ནས་བཤད་པའི་ཏིང་ངེ་འཛིན་བསྒྲུབ་པའི་རིམ་པ་ལ་ཉམས་སུ་ལེན་པའི་ཚེ་ན་ཇི་ལྟར་ཡིན་གྱི་ཐེ་ཚོམ་ཡང་མི་སྐྱེ་བར་སྣང་ངོ་། །


JLD013_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་འདི་ནི་དབུ་ཞབས་ཀྱི་ཉམས་ལེན་ཐམས་ཅད་གཞུང་ཆེན་མོ་རྣམས་ནས་འབྱུང་བ་ཁོ་ན་ལ་རྩིགས་སུ་བྱེད་པས་འདིར་ཡང་ཏིང་ངེ་འཛིན་གྱི་བསྒྲུབ་ཚུལ་རྣམས་གཞུང་ཆེ་བ་རྣམས་ནས་བླངས་ཏེ་བཤད་པར་བྱའོ། །འདི་ལ་གཉིས། ཏིང་ངེ་འཛིན་སྐྱོན་མེད་བསྐྱེད་པའི་ཚུལ་དང༌། དེ་ལ་བརྟེན་ནས་སེམས་གནས་སྐྱེ་བའི་རིམ་པའོ། །དང་པོ་ལ་གསུམ། སེམས་དམིགས་པ་ལ་གཏོད་པའི་སྔོན་དུ་ཇི་ལྟར་བྱ་བ་དང༌། དམིགས་པ་ལ་གཏོད་པའི་དུས་སུ་ཇི་ལྟར་བྱ་བ་དང༌། དམིགས་པ་ལ་གཏད་པའི་འོག་ཏུ་ཇི་ལྟར་བྱ་བའོ། །དང་པོ་ནི། ཏིང་ངེ་འཛིན་བསྒོམ་པ་ལ་མི་སྤྲོ་ཞིང་དེའི་མི་མཐུན་ཕྱོགས་ལ་དགའ་བའི་ལེ་ལོ་འགོག་མ་ནུས་ན། དང་པོ་ནས་ཏིང་ངེ་འཛིན་ལ་འཇུག་ཏུ་མི་སྟེར་ཞིང་། ལན་ཅིག་ཐོབ་ཀྱང་རྒྱུན་འཐུད་མི་ནུས་པས་མྱུར་དུ་ཉམས་པར་འགྱུར་རོ། །དེའི་ཕྱིར་ཐོག་མར་ལེ་ལོ་འགོག་པ་གནད་དུ་ཆེའོ། །དེ་ལ་ལུས་དང་སེམས་དགའ་བདེས་རྒྱས་པའི་ཤིན་ཏུ་སྦྱངས་པ་ཐོབ་ན་ཉིན་མཚན་ཀུན་ཏུ་དགེ་བ་ལ་སྦྱོར་བ་ལ་སྐྱོ་དུབ་མི་འབྱུང་བས་ལེ་ལོ་ལྡོག་གོ །དེ་བསྐྱེད་པ་ལ་ཤིན་སྦྱངས་བསྐྱེད་པའི་རྒྱུ་ཏིང་ངེ་འཛིན་ལ་བརྩོན་འགྲུས་རྒྱུན་ལྡན་དུ་རྩོམ་ནུས་པ་དགོས་སོ། །དེ་བསྐྱེད་པ་ལ་ཏིང་ངེ་འཛིན་ལ་དོན་དུ་གཉེར་བའི་འདུན་པ་དྲག་པོ་རྒྱུན་ལྡན་པ་དགོས་སོ། །དེའི་རྒྱུར་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བས་ཡིད་འཕྲོག་པའི་དད་པ་བརྟན་པོ་དགོས་པས་ཐོག་མར་ཏིང་ངེ་འཛིན་གྱི་ཡོན་ཏན་སེམས་པའི་དད་པ་ཡང་དང་ཡང་དུ་བསྒོམ་པར་བྱའོ། །འདི་དག་གི་གོ་རིམ་ནི་ཉམས་སུ་བླངས་ནས་བལྟས་ན་ཆེས་ཤིན་ཏུ་གསལ་བར་ངེས་པས་གནད་དམ་པར་བཟུང་


JLD013_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དབུས་མཐའ་ལས། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུ་འོ། །ཞེས་གསུངས་སོ། །དེ་ལ་གནས་ནི་འདུན་པ་སྟེ་རྩོལ་བའི་གནས་སོ། །གནས་པ་ནི་རྩོལ་བའམ་བརྩོན་འགྲུས་སོ། །འདུན་པའི་རྒྱུ་ནི་ཡོན་ཏན་ལ་ཡིད་ཆེས་པའི་དད་པའོ། །རྩོལ་བའི་འབྲས་བུ་ནི་ཤིན་ཏུ་སྦྱངས་པའོ། །འདིར་བསྒོམ་པར་བྱ་བའི་ཏིང་ངེ་འཛིན་གྱི་ཡོན་ཏན་ནི། ཞི་གནས་གྲུབ་ན་སེམས་ལ་དགའ་བ་དང་ལུས་ལ་བདེ་བ་རྒྱས་པས་མཐོང་ཆོས་ལ་བདེ་བར་གནས་པ་དང་། ལུས་སེམས་ཤིན་ཏུ་སྦྱངས་པ་རྙེད་པས་སེམས་དགེ་བའི་དམིགས་པ་ལ་གང་འདོད་དུ་བཀོལ་དུ་རུང་བ་དང༌། རང་དབང་མེད་པར་ཕྱིན་ཅི་ལོག་གི་ཡུལ་ལ་གཡེང་བ་ཞི་བས་ཉེས་སྤྱོད་མང་པོ་མི་འབྱུང་ཞིང་དགེ་བ་གང་བྱེད་སྟོབས་ཆེ་བ་དང་། ཞི་གནས་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱི་ཡོན་ཏན་རྣམས་བསྒྲུབ་ནུས་པ་དང༌། ཁྱད་པར་དུ་དེ་ལ་བརྟེན་ནས་ཇི་ལྟ་བ་རྟོགས་པའི་ལྷག་མཐོང་གི་རྟོགས་པ་སྐྱེ་བས་འཁོར་བའི་རྩ་བ་མྱུར་དུ་གཅོད་ནུས་པ་སོགས་ཀྱི་ཡོན་ཏན་གང་བསམས་ན་ཏིང་ངེ་འཛིན་བསྒོམ་པ་ལ་སྤྲོ་ཤུགས་འཕེལ་བར་འགྱུར་བ་རྣམས་ཤེས་པར་བྱས་ལ་བསྒོམ་སྟེ། འདི་སྐྱེས་ན་ནང་ནས་ཏིང་ངེ་འཛིན་བསྒོམ་པ་ལ་རྒྱུན་དུ་བསྐུལ་བས་ཏིང་ངེ་འཛིན་ཐོབ་པར་སླ་ཞིང་ཐོབ་ཟིན་ནས་ཀྱང་ཡང་ཡང་བསྒོམ་པ་ལ་འཇུག་པས་ཉམས་པར་དཀའ་བ་ཡིན་ནོ། །གཉིས་པ་ལ་གཉིས། སེམས་གང་ལ་འཇོག་པའི་གཞི་དམིགས་པ་ངོས་བཟུང་


JLD013_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། དེ་ལ་སེམས་ཇི་ལྟར་གཏོད་པའི་ཚུལ་ལོ། །དང་པོ་ལ་གཉིས། དམིགས་པ་སྤྱིའི་རྣམ་པར་བཞག་པ་དང༌། སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བའོ། །དང་པོ་ལ་གསུམ། དམིགས་པ་དངོས་བསྟན་པ་དང༌། གང་ཟག་གང་གིས་གང་ལ་དམིགས་པར་བྱ་བ་བསྟན་པ་དང༌། དམིགས་པའི་རྣམ་གྲངས་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པའི་དམིགས་པ་བཞི་གསུངས་ཏེ། འདི་ལྟར་ཁྱབ་པའི་དམིགས་པ་དང༌། སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང༌། མཁས་པའི་དམིགས་པ་དང༌། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པའོ། །དེ་ལ་ཁྱབ་པའི་དམིགས་པ་ལ་ནི་བཞི་ཡོད་དེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་དང༌། དངོས་པོའི་མཐའ་དང༌། དགོས་པ་ཡོངས་སུ་གྲུབ་པའོ། །དེ་ལ་དམིགས་བྱེད་ཀྱི་སྒོ་ནས་བཞག་པ་ནི་གཟུགས་བརྙན་གཉིས་ཏེ། དང་པོ་ནི་ལྷག་མཐོང་གི་དམིགས་པ་ཡིན་ལ། གཉིས་པ་ནི་ཞི་གནས་ཀྱི་དམིགས་པའོ། །གཟུགས་བརྙན་ནི་གང་ལ་དམིགས་པའི་དམིགས་པ་རང་མཚན་པ་དེ་དངོས་མིན་པར་དེའི་རྣམ་པ་བློ་ལ་སྣང་བའོ། །དེ་ལ་དམིགས་ནས་དཔྱོད་པར་བྱེད་པའི་ཚེ་དཔྱོད་བྱེད་ཀྱི་རྣམ་རྟོག་ཡོད་པས་རྣམ་རྟོག་དང་བཅས་པའི་གཟུགས་བརྙན་ནོ། །ཡང་དེ་ལ་དམིགས་ནས་མི་དཔྱོད་པར་སེམས་འཇོག་པའི་ཚེ་དཔྱོད་བྱེད་ཀྱི་རྟོག་པ་མེད་པས་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་བྱའོ། །གཟུགས་བརྙན་དེ་དམིགས་པ་གང་གི་གཟུགས་བརྙན་ཡིན་སྙམ་


JLD013_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ན། སྤྱད་པ་རྣམ་སྦྱོང་གི་དམིགས་པ་ལྔ་དང་མཁས་པའི་དམིགས་པ་ལྔ་དང་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་གཉིས་ཀྱི་གཟུགས་བརྙན་ནམ་རྣམ་པ་ཡིན་ནོ། །དམིགས་བྱ་ཡུལ་གྱི་སྒོ་ནས་བཞག་པ་ནི་དངོས་པོའི་མཐའ་ཡིན་ཏེ། འདི་ཙམ་དུ་ཟད་ཀྱི་འདི་ལས་གཞན་པ་མེད་དོ་ཞེས་པའི་ཇི་སྙེད་པའི་དངོས་པོའི་མཐའ་དང༌། འདི་ཁོ་ན་ལྟར་གནས་ཀྱི་གཞན་དུ་མི་གནས་སོ་ཞེས་པའི་ཇི་ལྟ་བའི་དངོས་པོའི་མཐའ་གཉིས་སོ། །དེ་ལ་ཇི་སྙེད་པ་ནི་ཕུང་པོ་ལྔར་འདུས་བྱས་ཐམས་ཅད་དང་། ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་སུ་ཆོས་ཐམས་ཅད་དང་། བདེན་བཞིར་ཤེས་བྱའི་དངོས་པོ་ཐམས་ཅད་འདུས་ཀྱི༌དེ་ཕན་ཆད་དུ་གཞན་མེད་པའོ། །ཇི་ལྟ་བ་ནི་དམིགས་པ་དེ་དག་གི་ཡང་དག་པ་ཉིད་དང་དེ་བཞིན་ཉིད་རིགས་པས་གྲུབ་པའི་དོན་ནོ། །འབྲས་བུའི་སྒོ་ནས་བཞག་པ་ནི་དགོས་པ་ཡོངས་སུ་གྲུབ་པ་སྟེ། དམིགས་པ་དེ་དག་གི་གཟུགས་བརྙན་ལ་ཞི་ལྷག་གིས་དམིགས་པའི་ཡིད་ལ་བྱེད་པ་དེ་ཀུན་ཏུ་བསྟེན༌གོམས་པར་བྱས༌ལན་མང་དུ་བྱས་པའི་མཐུས་རང་རང་གི་གནས་ངན་ལེན་དང་བྲལ་ནས་གནས་གྱུར་པའོ། །སྤྱད་པ་རྣམ་པར་སྦྱོང་བ་ནི། འདོད་ཆགས་སོགས་ལ་ཤས་ཆེར་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་སྟེ། མི་སྡུག་པ་དང་བྱམས་པ་དང་རྟེན་འབྲེལ་དང་ཁམས་ཀྱི་རབ་དབྱེ་དང་དབུགས་འབྱུང་རྔུབ༌སྟེ་ལྔའོ། །དེ་ལ་མི་སྡུག་པ་ལ་དམིགས་པ་ནི། སྐྲ་དང་སྤུ་ལ་སོགས་པ་སོ་དྲུག་ནི་ནང་གི་མི་སྡུག་པ་དང་། རྣམ་པར་སྔོས་པ་ལ་


JLD013_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི་ཕྱི་རོལ་གྱི་མི་སྡུག་པ་སྟེ་མི་གཙང་བའི་མི་སྡུག་པའི་རྣམ་པ་བློ་ལ་ཤར་བ་ལ་སེམས་འཛིན་པའོ། །མཛའ་བོ་དང་དགྲ་བོ་དང་བར་མ་གསུམ་ལ་དམིགས་ནས་མཉམ་པར་བཞག་པའི་ས་པའི་ཕན་བདེ་སྒྲུབ་པའི་བསམ་པ་ནི་བྱམས་པ་སྟེ། བྱམས་པའི་འཛིན་སྟངས་དེའི་སྒོ་ནས་སེམས་དམིགས་པ་དེ་དག་ལ་འཛིན་པ་ལ་བྱམས་པ་ལ་དམིགས་པ་ཞེས་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་བྱམས་པར་གསུངས་པའོ། །རྟེན་འབྲེལ་ལ་དམིགས་པ་ནི། དུས་གསུམ་དུ་འབྱུང་བའི་རྟེན་འབྲེལ་གྱི་ཆོས་ཙམ་ལ་བརྟེན་ནས་ཆོས་ཙམ་གྱི་འབྲས་བུ་འབྱུང་བ་ཙམ་དུ་ཟད་ཀྱི། དེ་དག་ལས་མ་གཏོགས་པའི་ལས་བྱེད་པ་པོ་དང་འབྲས་བུ་ཉམས་སུ་མྱོང་བ་པོ་མེད་པའི་དོན་ལ་དེ་ལྟར་དམིགས་ཏེ་སེམས་འཛིན་པའོ། །ཁམས་ཀྱི་རབ་དབྱེ་ལ་དམིགས་པ་ནི། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་ཤེས་ཀྱི་ཁམས་དྲུག་གི་ཆ་རྣམས་སོ་སོར་ཕྱེ་སྟེ་དེ་རྣམས་ལ་དམིགས་ནས་སེམས་འཛིན་པའོ། །དབུགས་འབྱུང་རྔུབ༌ལ་དམིགས་པ་ནི། རླུང་ཕྱི་ནང་དུ་འགྲོ་བ་ལ་བགྲང་བ་དང་ལྟ་བའི་སྒོ་ནས་སེམས་གཞན་དུ་མི་གཡེང་བར་དམིགས་པའོ། །མཁས་པའི་དམིགས་པའང་ལྔ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་དང་གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །དེ་ལ་ཕུང་པོ་ནི་གཟུགས་ཀྱི་ཕུང་པོ་སོགས་ལྔ་ཡིན་ལ། དེ་ལ་མཁས་པ་ནི་ཕུང་པོ་ལས་མ་གཏོགས་པའི་བདག་དང་བདག་གི་བ་མེད་པར་ཤེས་པའོ། །ཁམས་ནི་


JLD013_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལ་སོགས་པའི་ཁམས་བཅོ་བརྒྱད་ཡིན་ལ། དེ་ལ་མཁས་པ་ནི་ཁམས་དེ་རྣམས་རང་རང་གི་ས་བོན་ལས་འབྱུང་བའི་རྒྱུའི་རྐྱེན་ཤེས་པའོ། །སྐྱེ་མཆེད་ནི་མིག་ལ་སོགས་པའི་སྐྱེ་མཆེད་བཅུ་གཉིས་ཡིན་ལ། དེ་ལ་མཁས་པ་ནི་ནང་གི་སྐྱེ་མཆེད་དྲུག་ནི་རྣམ་ཤེས་དྲུག་གི་བདག་པོའི་རྐྱེན་དང་ཕྱིའི་སྐྱེ་མཆེད་དྲུག་ནི་དམིགས་པའི་རྐྱེན་དང་འགགས་མ་ཐག་པའི་ཡིད་ནི་དེ་མ་ཐག་པའི་རྐྱེན་དུ་ཤེས་པའོ། །རྟེན་འབྲེལ་ནི་ཡན་ལག་བཅུ་གཉིས་ཡིན་ལ། དེ་ལ་མཁས་པ་ནི་དེ་དག་ལ་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པར་ཤེས་པའོ། །གནས་དང་གནས་མ་ཡིན་པ་ནི་དགེ་བ་ལས་རྣམ་སྨིན་ཡིད་དུ་འོང་བ་འབྱུང་བ་གནས་ཡིན་ལ། མི་དགེ་བ་ལས་རྣམ་སྨིན་ཡིད་འོང་འབྱུང་བ་གནས་མིན་པ་སོགས་ཡིན་ལ་དེ་ལ་མཁས་པ་ནི་དེ་ལྟར་ཤེས་པའོ། །འདི་ནི་རྟེན་འབྲེལ་ལ་མཁས་པའི་བྱེ་བྲག་ཡིན་ཏེ་ཁྱད་པར་ནི་འདིས་མི་འདྲ་བའི་རྒྱུ་རྣམས་ཤེས་པར་བྱེད་དོ། །འདི་དག་ཞི་གནས་ཀྱི་དམིགས་པར་བྱེད་པའི་ཚེ་ནི་ཕུང་པོ་ལ་སོགས་པ་དེ་དག་གང་དུ་ངེས་པའི་འཛིན་སྟངས་གཅིག་གི་སྒོ་ནས་སེམས་འཛིན་པའོ། །ཉོན་མོངས་པ་རྣམ་པར་སྦྱོང་བ་ནི། ཉོན་མོངས་ཀྱི་ས་བོན་ཉམས་སྨོད་པར་བྱེད་པ་ཙམ་དང་ས་བོན་རྩད་ནས་སྤོང་བ་སྟེ། དང་པོའི་དམིགས་པ་ནི། འདོད་པའི་ས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ས་འོག་མའི་རགས་པ་དང་གོང་མའི་ཞི་བ་ཡིན་ལ། གཉིས་པའི་དམིགས་པ་ནི། བདེན་པ་བཞིའི་མི་རྟག་པ་ལ་སོགས་པ་བཅུ་དྲུག་གོ །འདི་དག་ཀྱང་


JLD013_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་གནས་ཀྱི་དམིགས་པར་བྱེད་པའི་ཚེ་ནི་མི་དཔྱོད་པར་ཡུལ་དེ་དག་གི་རྣམ་པ་ཤར་བ་ལ་སེམས་ཀྱི་ངེས་པ་གང་ཡང་རུང་བ་ཞིག་གི་སྒོ་ནས་སེམས་འཛིན་པའོ། །སྒོམ་རིམ་བར་པ་ལས་དམིགས་པ་གསུམ་གསུངས་ཏེ། གསུང་རབ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་དེ་བཞིན་ཉིད་ལ་གཞོལ་བ་དང་འབབ་པ་དང་བབ་པའོ་ཞེས་ཐམས་ཅད་བསྡུས་ཏེ་དེ་ལ་སེམས་འཇོག་པ་དང༌། ཇི་ཙམ་གྱིས་ཆོས་རྣམས་བསྡུས་པར་འགྱུར་བའི་ཕུང་པོ་སོགས་ལ་དམིགས་པ་དང་མཐོང་བ་དང་ཐོས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལ་སེམས་འཇོག་པའོ། །ཕུང་པོ་སོགས་ལ་འཇོག་ཚུལ་ནི། འདུས་བྱས་ཐམས་ཅད་ཕུང་པོ་ལྔར་འདུ་ལུགས་ཤེས་པར་བྱས་ལ། དེ་ནས་དེ་དག་གི་ནང་དུ་རིམ་གྱིས་བསྡུས་ཟིན་པ་དང་དེ་ལ་དམིགས་ནས་སེམས་འཛིན་པ་སྟེ། ཇི་ལྟར་སོ་སོར་འབྱེད་པ་ལ་གོམས་ན་སོ་སོར་རྟོག་པའི་ཤེས་རབ་སྐྱེ་བ་ལྟར་སྡུད་པ་ལ་གོམས་པར་བྱས་ནའང་ཡུལ་གཞན་ལ་མི་འཕྲོ་བར་དམིགས་པ་ལ་སེམས་སྡུད་པའི་ཏིང་ངེ་འཛིན་སྐྱེའོ། །འདི་ནི་ཆོས་མངོན་པའི་མན་ངག་གོ །དེ་བཞིན་དུ་ཆོས་ཐམས་ཅད་ཁམས་དང་སྐྱེ་མཆེད་དུ་འདུ་ཚུལ་ཤེས་པར་བྱས་ལ་དེར་བསྡུས་ཟིན་པ་དང་སེམས་འཛིན་པའོ། །དེ་ལ་སྤྱད་པ་རྣམ་སྦྱོང་གི་དམིགས་པ་རྣམས་ནི། འཆད་པ་ལྟར་ཆགས་སོགས་ལྷག་པར་སྤྱད་པ་རྣམས་ཀྱི་ཆགས་སོགས་ལྡོག་སླ་ཞིང་དེ་ལ་བརྟེན་ནས་ཏིང་ངེ་འཛིན་འཐོབ་པར་སླ་བས་དམིགས་པ་ཁྱད་པར་ཅན་ཡིན་ལ། མཁས་པའི་དམིགས་པ་རྣམས་ནི་ཆོས་དེ་དག་


JLD013_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་གཏོགས་པའི་གང་ཟག་གི་བདག་འགོག་པས་བདག་མེད་རྟོགས་པའི་ལྷག་མཐོང་སྐྱེ་བ་དང་རྗེས་སུ་མཐུན་པས་ཞི་གནས་ཀྱི་དམིགས་པ་ཤིན་ཏུ་བཟང་ཞིང༌། ཉོན་མོངས་སྦྱོང་བའི་དམིགས་པ་རྣམས་ནི། ཉོན་མོངས་སྤྱིའི་གཉེན་པོར་འགྲོ་བས་དོན་ཆེ་བ་ཡིན་ནོ། །ཁྱབ་པའི་དམིགས་པ་ནི། དམིགས་པ་སྔ་མ་དེ་དག་ལས་ཟུར་ན་མེད་དོ། །དེའི་ཕྱིར་དགོས་པ་ཁྱད་པར་ཅན་དང་ལྡན་པའི་ཞི་གནས་ཀྱི་དམིགས་པ་ལ་བརྟེན་ནས་ཏིང་ངེ་འཛིན་བསྒྲུབ་དགོས་པ་ཡིན་པས། གང་དག་རྡེའུ་དང་ཤིང་བུ་སོགས་ལ་དམིགས་རྟེན་བྱས་ནས་ཏིང་ངེ་འཛིན་བསྒྲུབ་པ་ནི་ཏིང་ངེ་འཛིན་གྱི་དམིགས་པའི་རྣམ་པར་བཞག་པ་མི་ཤེས་པ་ཡིན་པར་གསལ་ལོ། །ཁ་ཅིག །དམིགས་པའི་གཏད་སོ་བྱས་ནས་དེ་ལ་སེམས་བཟུང་ན་མཚན་འཛིན་དུ་འགྲོ་སྙམ་ནས་དེ་ལྟ་བུའི་དམིགས་པའི་ཡུལ་ལ་མི་གཏོད་པར་རྟེན་མེད་དུ་འཇོག་པ་ཉིད་སྟོང་ཉིད་བསྒོམ་པར་འདོད་པ་ནི་སྟོང་ཉིད་བསྒོམ་ཚུལ་གཏན་མ་གོ་བའི་རྣམ་འགྱུར་ཡིན་ཏེ། འདི་ལྟར་དེའི་ཚེ་ཤེས་པ་མེད་ན་ནི་སྟོང་ཉིད་བསྒོམ་པའི་ཏིང་ངེ་འཛིན་ཡང་མེད་པར་འགྱུར་ལ། ཡོད་ན་ནི་ཅི་ཞིག་ཤེས་པས་ཤེས་པར་འཇོག་པའི་ཤེས་བྱ་འདོད་དགོས་སོ། །ཤེས་བྱ་ཡོད་ན་ནི་དེ་ཉིད་བློ་དེའི་དམིགས་པ་ཡིན་ཏེ། ཡུལ་དང་དམིགས་པ་དང་ཤེས་བྱ་རྣམས་དོན་གཅིག་པའི་ཕྱིར་རོ། །དེ་ལྟར་ན་ཏིང་ངེ་འཛིན་དེ་ཡང་མཚན་འཛིན་དུ་འདོད་དགོས་པས་ལུགས་དེ་ནི་རིགས་པ་མ་ཡིན་ནོ། །གཞན་ཡང་སྟོང་པ་ཉིད་ཀྱི་སྒོམ་དུ་འགྲོ་མི་འགྲོ་


JLD013_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡིན་ལུགས་རྟོགས་པའི་ལྟ་བའི་ཐོག་ཏུ་བཞག་ནས་བསྒོམ་མི་བསྒོམ་གྱིས་འཇོག་པ་ཡིན་གྱི། ཡུལ་ལ་ཅིར་ཡང་མི་རྟོག་པ་དང་རྟོག་པའི་སྒོ་ནས་འཇོག་པ་མིན་ཏེ། རྒྱས་པར་འོག་ནས་སྟོན་ནོ། །དམིགས་ཡུལ་མེད་པར་འཇོག་པར་འདོད་པ་དེས་ཀྱང་། རང་གི་སེམས་འདི་ཅི་ནས་ཀྱང་ཡུལ་གང་ལའང་མི་འཕྲོ་བ་དེ་ལྟར་བཟུང་ངོ་སྙམ་པ་སྔོན་དུ་བཏང་ནས་སེམས་འཛིན་དགོས་པས། དམིགས་པ་སེམས་ཙམ་ཞིག་ལ་དམིགས་ནས་རྣམ་པ་གང་དུའང་མི་འཕྲོ་བར་འཛིན་པ་ངེས་པར་བྱ་དགོས་པས། དམིགས་པ་མེད་པར་འདོད་པ་རང་གི་མྱོང་བ་དང་འགལ་བ་ཡིན་ནོ། །དེས་ན་ཏིང་ངེ་འཛིན་བསྒྲུབ་པའི་གཞུང་ཆེ་བ་རྣམས་ནས་དམིགས་པ་མང་དུ་བཤད་ལ། དེ་དག་གི་དགོས་པའང་སྔར་བཤད་པ་ལྟར་ཡིན་པས། སེམས་འཇོག་པའི་དམིགས་རྟེན་ལ་མཁས་པར་བྱའོ། །སྒོམ་རིམ་ལས། ཞི་གནས་ཀྱི་དམིགས་པ་ལ་ངེས་པ་མེད་པར་བཤད་པ་དང༌། ལམ་སྒྲོན་ལས། དམིགས་པ་གང་རུང་གཅིག་དག་ལ། །ཞེས་གསུངས་པ་ནི་དམིགས་པ་བྱེ་བྲག་པ་ཞིག་ངེས་གཟུང་དུ་མི་དགོས་ཞེས་པའི་དོན་ཡིན་གྱི། དམིགས་པ་གང་འདུག་ཚད་ལ་བྱ་བར་སྟོན་པ་མིན་ནོ། །གང་ཟག་གང་གིས་གང་ལ་དམིགས་པར་བྱ་བ་བསྟན་པ་ནི། འདོད་ཆགས་ཤས་ཆེ་བ་ནས་རྣམ་རྟོག་ཤས་ཆེ་བའི་བར་གྱི་གང་ཟག་ཡིན་ན་ནི། ནམ་གྲུས་ཞུས་པ་ཉན་སར་དྲངས་པ་ལས། ནམ་གྲུ། གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་འདོད་ཆགས་སྤྱད་པ་ཁོ་ན་ཞིག་ཡིན་ན་ནི་དམིགས་པ་མི་སྡུག་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ཞེ་


JLD013_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་སྤྱད་པ་ཞིག་ཡིན་ན་ནི་བྱམས་པ་ལའོ། །གཏི་མུག་སྤྱད་པ་ཞིག་ཡིན་ན་ནི་རྐྱེན་འདི་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལའོ། །ང་རྒྱལ་སྤྱད་པ་ཞིག་ཡིན་ན་ནི་ཁམས་ཀྱི་རབ་ཏུ་དབྱེ་བ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ཞེས་དང༌། རྣམ་པར་རྟོག་པ་སྤྱད་པ་ཁོ་ན་ཞིག་ཡིན་ན་ནི་དབུགས་རྔུབ་པ་དང་དབུགས་འབྱུང་བ་དྲན་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དེ། དེ་ལྟར་ན་དེ་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ཞེས་གསུངས་ཤིང༌། ཉན་ས་ལས་ཀྱང༌། དེ་ལ་གང་ཟག་གང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་རྣམ་པར་རྟོག་པ་སྤྱད་པ་དེ་དག་གིས་ནི། རེ་ཞིག་དང་པོ་ཁོ་ནར་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་སྤྱད་པ་རྣམ་པར་སྦྱང་བར་བྱ་སྟེ། དེའི་འོག་ཏུ་སེམས་གནས་པ་རྟོགས་པར་འགྱུར་ཞིང་དེ་དག་གི་དམིགས་པ་དེ་ཡང་སོ་སོར་ངེས་པ་ཁོ་ནར་འགྱུར་བས་ན་དེ་དག་གིས་ནི་གདོན་མི་ཟ་བར་དམིགས་པ་དེས་བརྩོན་པར་བྱའོ། །ཞེས་གསུངས་པས་ངེས་པར་དམིགས་པ་དེ་དག་ལ་བརྩོན་པར་བྱའོ། །ཆ་མཉམ་པར་སྤྱད་པ་དང་ཉོན་མོངས་པ་ཆུང་བའི་གང་ཟག་ཡིན་ན་ནི་སྔར་བཤད་པའི་དམིགས་པ་དེ་དག་ལས་གང་ལ་དགའ་བར་འགྱུར་བ་ཞིག་ལ་སེམས་བཟུང་བས་ཆོག་གི །ངེས་པ་ཅན་མི་དགོས་ཏེ། ཉན་ས་ལས། ཆ་མཉམ་པར་སྤྱད་པ་དེས་ནི་སེམས་གནས་པ་ཉི་ཚེ་ཙམ་གྱི་ཕྱིར་གང་ལ་དགའ་བར་འགྱུར་བ་དེ་ལ་བརྩོན་པར་བྱ་ཡི། སྤྱད་པ་རྣམ་པར་སྦྱང་བའི་ཕྱིར་ནི་མ་ཡིན་ནོ། །ཆ་མཉམ་པར་


JLD013_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་ཆུང་བའང་དེ་བཞིན་དུ་རིག་པར་བྱའོ། །ཞེས་གསུངས་སོ། །དེ་ལ་ཆགས་སོགས་ལྔ་ཤས་ཆེ་བ་ནི། སྐྱེ་བ་སྔ་མར་ཆགས་སོགས་ལྔ་ཀུན་ཏུ་བསྟེན༌གོམས་པར་བྱས༌ལན་མང་དུ་བྱས་པས་ཆགས་སོགས་ལྔའི་ཡུལ་ཆུང་ངུ་ལའང་ཆགས་སོགས་ལྔ་དྲག་པོ་དང་རྒྱུན་རིང་སྐྱེ་བའོ། །ཆ་མཉམ་པར་སྤྱོད་པ་ནི། སྐྱེ་བ་སྔ་མ་རྣམས་སུ་ཆགས་སོགས་ཀུན་ཏུ་མ་བསྟེན༌གོམས་པར་མ་བྱས༌ལན་མང་དུ་མ་བྱས་ཀྱང་དེ་དག་ལ་ཉེས་དམིགས་སུ་མ་བལྟས༌སུན་མ་ཕྱུང་བས་དེ་དག་གི་ཡུལ་ལ་ཆགས་སོགས་ཤས་ཆེན་པོ་དང་རྒྱུན་རིང་མི་སྐྱེ་ཡང་ཆགས་སོགས་ལྔ་མི་འབྱུང་བ་མ་ཡིན་པའོ། །ཉོན་མོངས་པ་ཆུང་བ་ནི། སྐྱེ་བ་གཞན་དུ་ཆགས་སོགས་ཀུན་ཏུ་བསྟེན་པ་སོགས་མ་བྱས་ཤིང་ཉེས་དམིགས་སུ་བལྟ་བ་སོགས་བྱས་པས་ཆགས་སོགས་ཀྱི་ཡུལ་ཆེན་པོ་དང་མང་པོ་དང་ལྷག་པ་ལ་ཆགས་སོགས་བུལ་བར་སྐྱེ་ལ་ཡུལ་འབྲིང་དང་ཆུང་ངུ་ལ་གཏན་མི་སྐྱེ་བའོ། །དེ་ཡང་ཆགས་སོགས་ལྔ་ཤས་ཆེ་བས་ནི་ཡུན་རིང་པོ་དང་། ཆ་མཉམ་པར་སྤྱད་པས་ནི་ཧ་ཅང་ཡུན་རིང་པོ་མ་ཡིན་པ་དང༌། ཉོན་མོངས་པ་ཆུང་བས་ནི་མྱུར་བ་མྱུར་བར་སེམས་གནས་པ་རྟོགས་པར་འགྱུར་རོ། །མཁས་པའི་དམིགས་པ་ལ་གང་ཟག་གང་གིས་བརྩོན་པའང༌། ནམ་གྲུས་ཞུས་པ་ལས། ནམ་གྲུ། གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་འདུ་བྱེད་ཐམས་ཅད་ཀྱི་རང་གི་མཚན་ཉིད་ལ་ཀུན་ཏུ་རྨོངས་པའམ་བདག་དང་སེམས་ཅན་དང་སྲོག་དང་སྐྱེ་བ་པོ་དང་གསོ་བ་དང་གང་ཟག་གི་དངོས་པོ་ལ་ཀུན་ཏུ་རྨོངས་པ་


JLD013_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡིན་ན་ནི་ཕུང་པོ་ལ་མཁས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །རྒྱུ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་ཁམས་ལ་མཁས་པ་ལའོ། །རྐྱེན་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་སྐྱེ་མཆེད་ལ་མཁས་པ་ལའོ། །མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ཞེས་གསུངས་པ་ལྟར་ཏེ། དམིགས་པ་འདི་ལྔ་ཀས་གཙོ་བོར་རྨོངས་པ་ཟློག་པར་བྱེད་དོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་གང་ཟག་གང་གིས་སེམས་གཏོད་པའང༌། མདོ་དེ་ཉིད་ལས། འདོད་པའི་ཁམས་ཀྱི་འདོད་ཆགས་དང་འབྲལ་བར་འདོད་པ་ཞིག་ཡིན་ན་ནི་འདོད་པ་རྣམས་ཀྱི་རགས་པ་ཉིད་དང་གཟུགས་རྣམས་ཀྱི་ཞི་བ་ཉིད་ལའོ། །གཟུགས་རྣམས་ལས་འདོད་ཆགས་དང་འབྲལ་བར་འདོད་པ་ཞིག་ཡིན་ན་ནི་གཟུགས་རྣམས་ཀྱི་རགས་པ་ཉིད་དང་གཟུགས་མེད་པ་རྣམས་ཀྱི་ཞི་བ་ཉིད་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །འཇིག་ཚོགས་ཐམས་ཅད་ལས་སེམས་སྐྱོ་བར་འདོད་ཅིང་རྣམ་པར་གྲོལ་བར་འདོད་པ་ཞིག་ཡིན་ན་ནི་བདེན་པ་སྡུག་བསྔལ་དང་བདེན་པ་ཀུན་འབྱུང་དང་བདེན་པ་འགོག་པ་དང་བདེན་པ་ལམ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ཞེས་གསུངས་སོ། །དམིགས་པ་འདི་རྣམས་ནི་ལྷག་མཐོང་གིས་དཔྱད་སྒོམ་བྱེད་པ་དང་ཞི་གནས་ཀྱིས་འཇོག་སྒོམ་བྱེད་པ་གཉིས་ཀའི་དམིགས་པར་འགྲོ་བས་ཞི་གནས་ཁོ་ནའི་དམིགས་པ་མ་ཡིན་


JLD013_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། ཁ་ཅིག་ནི་ཞི་གནས་གསར་དུ་བསྒྲུབ་པའི་དམིགས་པར་རུང་ལ། ཁ་ཅིག་ནི་ཞི་གནས་གྲུབ་ཟིན་ཁྱད་པར་ཅན་དུ་བྱེད་པའི་དམིགས་པར་འགྱུར་བས་ཞི་གནས་ཀྱི་དམིགས་པའི་སྐབས་སུ་བཤད་པ་ཡིན་ནོ། །དམིགས་པའི་རྣམ་གྲངས་བསྟན་པ་ནི། གང་ལ་སེམས་བཟུང་བའི་གཞི་ཏིང་ངེ་འཛིན་གྱི་དམིགས་རྟེན་སྔར་བཤད་པའི་དམིགས་པ་རྣམས་ཀྱི་གཟུགས་བརྙན་ནམ་རྣམ་པ་བློ་ལ་སྣང་བ་དེའི་མིང་གི་རྣམ་གྲངས་ནི། ཉན་ས་ལས། གཟུགས་བརྙན་དེ་ཡང་གཟུགས་བརྙན་ཞེས་ཀྱང་བྱ་ཏིང་ངེ་འཛིན་གྱི་མཚན་མ་དང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་ཡུལ་དང་ཏིང་ངེ་འཛིན་གྱི་ཐབས་དང་ཏིང་ངེ་འཛིན་གྱི་སྒོ་དང་ཡིད་ལ་བྱེད་པའི་རྟེན་དང་ནང་དུ་རྣམ་པར་རྟོག་པའི་ལུས་དང་སྣང་བརྙན་ཞེས་ཀྱང་བྱ་སྟེ། དེ་དག་ནི་ཤེས་བྱའི་དངོས་པོ་དང་མཐུན་པའི་གཟུགས་བརྙན་དེའི་མིང་གི་རྣམ་གྲངས་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བ་ནི། འོ་ན་དམིགས་པ་དུ་མ་བཤད་པ་དེ་དག་ལས་འདིར་དམིགས་པ་གང་ལ་བརྟེན་ནས་ཞི་གནས་བསྒྲུབ་སྙམ་ན། དེ་ནི་སྔར་དྲངས་པའི་མདོ་སྡེ་ལྟར་གཅིག་ཏུ་མ་ངེས་ཏེ། གང་ཟག་གི་བྱེ་བྲག་གིས་དམིགས་བ་སོ་སོ་ལ་བྱ་དགོས་ལ། ཁྱད་པར་དུ་ཞི་གནས་མ་མཐའ་ཞིག་ངེས་པར་བསྒྲུབ་ན་འདོད་ཆགས་ཤས་ཆེ་བ་ལ་སོགས་པ་ཡིན་ན་ནི་དམིགས་པ་ངེས་པ་ཅན་ལ་བྱ་དགོས་ཏེ། དེ་མ་བྱས་ན་ཞི་གནས་རྗེས་མཐུན་པའི་ཏིང་ངེ་འཛིན་ཐོབ་པ་སྲིད་ཀྱང་ཞི་གནས་དངོས་མི་འཐོབ་པའི་ཕྱིར་ཏེ། སྤྱད་པ་རྣམ་སྦྱོང་གི་དམིགས་པ་ལ་སྦྱངས་ཀྱང་ཡུན་


JLD013_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རིང་པོ་མ་གཏོགས་པར་ཞི་གནས་མི་འགྲུབ་པར་གསུངས་ན། སྤྱད་པ་རྣམ་སྦྱོང་གི་དམིགས་པ་དོར་བས་མི་འགྲུབ་པ་ལྟ་ཅི་སྨོས་པའི་ཕྱིར་རོ། །ཁྱད་པར་དུ་རྣམ་རྟོག་ཤས་ཆེ་བས་ནི་ངེས་པར་རླུང་བསྒོམ་པར་བྱ་དགོས་སོ། །གང་ཟག་ཆ་མཉམ་པར་སྤྱད་པའམ་ཉོན་མོངས་ཆུང་བའི་གང་ཟག་ཡིན་ན་ནི་སྔར་བཤད་པ་ལྟར་དམིགས་པ་སྔར་བཤད་པ་རྣམས་ཀྱི་ནང་ནས་ཡིད་གང་སྤྲོ་བ་ལ་དམིགས་རྟེན་བྱའོ། །གཞན་ཡང་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་དང་ཏིང་ངེ་འཛིན་གྱི་རྒྱལ་པོའི་རྗེས་སུ་འབྲངས་ནས། སྒོམ་རིམ་བར་པ་དང་ཐ་མ་ལས། དེ་བཞིན་གཤེགས་པའི་སྐུ་ལ་དམིགས་ནས་ཏིང་ངེ་འཛིན་བསྒྲུབ་པ་གསུངས་ལ། སློབ་དཔོན་བྱང་ཆུབ་བཟང་པོས་ཀྱང༌། འདིར་ཞི་གནས་ནི་གཉིས་ཏེ་ཁ་ནང་དུ་བལྟས་པས་འཐོབ་པ་དང་ཁ་ཕྱིར་བལྟས་པ་ལ་དམིགས་པའོ། །དེ་ལ་ཁ་ནང་དུ་བལྟས་པ་ལའང་གཉིས་ཏེ་ལུས་ལ་དམིགས་པ་དང་ལུས་ལ་བརྟེན་པ་ལ་དམིགས་པའོ། །དེ་ལ་ལུས་ལ་དམིགས་པ་ལའང་གསུམ་སྟེ། ལུས་ཉིད་ལ་ལྷའི་རྣམ་པར་དམིགས་པ་དང༌། ཀེང་རུས་ལ་སོགས་པ་མི་སྡུག་པར་དམིགས་པ་དང༌། ཁ་ཊཱཾ་ག་ལ་སོགས་པ་མཚན་མ་ཁྱད་པར་ཅན་ལ་དམིགས་པའོ། །ལུས་ལ་བརྟེན་པ་ལའང་ལྔ་སྟེ། དབུགས་ལ་དམིགས་པ་དང་མཚན་མ་ཕྲ་མོ་ལ་དམིགས་པ་དང་ཐིག་ལེ་ལ་དམིགས་པ་དང་འོད་ཟེར་གྱི་ཡན་ལག་ལ་དམིགས་པ་དང་དགའ་བ་དང་བདེ་བ་ལ་དམིགས་པའོ། །


JLD013_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕྱིར་བལྟས་པ་ལ་དམིགས་པ་ལ་གཉིས་ཏེ་ཁྱད་པར་ཅན་དང་ཕལ་པའོ། །དེ་ལ་ཁྱད་པར་ཅན་ལ་གཉིས་ཏེ་སྐུ་ལ་དམིགས་པ་དང་གསུང་ལ་དམིགས་པའོ། །ཞེས་མང་པོ་ཞིག་བཤད་དེ། ལམ་སྒྲོན་འགྲེལ་པར་ཡང་དེ་དྲངས་སོ། །དེ་ལ་སངས་རྒྱས་ཀྱི་སྐུ་ལ་སེམས་འཛིན་པ་ནི། སངས་རྒྱས་རྗེས་སུ་དྲན་པ་ཡིན་པས་བསོད་ནམས་མཐའ་ཡས་པ་སྐྱེ་བ་དང༌། སྐུ་དེ་རྣམ་པ་གསལ་ཞིང་བརྟན་ན་ཕྱག་དང་མཆོད་པ་དང་སྨོན་ལམ་ལ་སོགས་པ་ཚོགས་གསོག་པའི་ཞིང་དང་བཤགས་བསྡམ་ལ་སོགས་པ་སྒྲིབ་པ་སྦྱོང་བའི་ཞིང་དམིགས་པར་བྱེད་པ་ལ་ཁྱད་ཤིན་ཏུ་ཆེ་བ་དང༌། སྔར་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་དྲངས་པ་ལྟར་འཆི་བའི་ཚེ་སངས་རྒྱས་རྗེས་སུ་དྲན་པ་ལས་མི་ཉམས་པ་ལ་སོགས་པའི་ཡོན་ཏན་དང༌། གསང་སྔགས་ཀྱི་ལམ་བསྒོམ་ན་ལྷའི་རྣལ་འབྱོར་ལ་ཤིན་ཏུ་ཁྱད་ཆེ་བ་ལ་སོགས་པའི་དགོས་པ་མང་པོ་སྣང་སྟེ། འདིའི་ཕན་ཡོན་དང་སངས་རྒྱས་ཡིད་ལ་བྱ་ཚུལ་རྒྱས་པར་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ན་ཆེས་གསལ་བར་བཞུགས་པས། སྒོམ་རིམ་ཐ་མ་ལས་གསུངས་པ་ལྟར་ངེས་པར་དེར་ཤེས་པར་བྱ་ཡི། འདིར་ནི་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །དེས་ན་ཏིང་ངེ་འཛིན་ཡང་འགྲུབ་ལ་དགོས་པ་ཁྱད་པར་ཅན་གཞན་ཡང་ཞར་ལ་འཐོབ་པའི་དམིགས་རྟེན་འཚོལ་བ་ནི་ཐབས་ལ་མཁས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་ཇི་འདྲ་བ་ཞིག་ལ་དམིགས་པའི་རྟེན་བྱེད་ཅེ་ན། སྒོམ་རིམ་ཐ་མ་ལས། དེ་ལ་རྣལ་འབྱོར་པས་ཐོག་


JLD013_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་ལ་སེམས་བཞག་ནས་ཞི་གནས་བསྒྲུབ་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཡང་གསེར་བཙོ་མའི་མདོག་བཞིན་དུ་སེར་ལ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ། འཁོར་གྱི་ནང་ན་བཞུགས་ཤིང་ཐབས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པར་རྒྱུན་དུ་ཡིད་ལ་བྱེད་པས། དེའི་ཡོན་ཏན་ལ་འདོད་པ་བསྐྱེད་ཅིང་བྱིང་བ་དང་རྒོད་པ་ལ་སོགས་པ་ཞི་བར་བྱས་ལ། ཇི་སྲིད་དུ་དེ་མདུན་ན་བཞུགས་པ་བཞིན་དུ་གསལ་བར་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ། །ཞེས་གསུངས་ཤིང༌། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་གསུངས་པ་ལྟ་བུ་ལ་དམིགས་པའི་རྟེན་བྱའོ། །དེ་ཡང་གསར་དུ་བློས་བསྐྱེད་པ་དང་རང་བཞིན་གྱིས་བཞུགས་པ་གསལ་འདེབས་པ་གཉིས་ལས། ཕྱི་མ་ནི་དད་པ་སྐྱེ་བ་ལ་ཁྱད་ཆེ་ཞིང་། ཐེག་པ་ཐུན་མོང་བའི་སྐབས་དང་ཡང་མཐུན་པས། རང་བཞིན་གྱིས་གྲུབ་ཟིན་གསལ་འདེབས་པའི་རྣམ་པར་བྱའོ། །སྔོན་དུ་སེམས་གང་ལ་འཛིན་པའི་གཞི་དམིགས་རྟེན་ཚོལ་བ་ན་བྲིས་སྐུ་དང་ལུགས་མ་ལ་སོགས་པའི་སྟོན་པའི་སྐུ་ཤིན་ཏུ་ལེགས་པ་ཞིག་བཙལ་ལ་ཡང་ཡང་བལྟ་ཞིང་དེའི་མཚན་མ་བཟུང་ནས་ཡིད་ཀྱི་ཡུལ་དུ་འཆར་བ་ལ་གོམས་སུ་གཞུག །ཡང་


JLD013_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ན་བླ་མས་ལེགས་པར་བརྡའ་སྤྲད་པ་ཐོས་པའི་དོན་བསམ་ཞིང་ཡིད་ངོར་འཆར་དུ་གཞུག་ལ་དམིགས་རྟེན་བཙལ་བར་བྱའོ། །དམིགས་རྟེན་ཡང་བྲིས་སྐུ་དང་ལུགས་མ་སོགས་ཀྱི་རྣམ་པ་མི་བྱ་བར་སངས་རྒྱས་དངོས་ཀྱི་རྣམ་པ་ཅན་དུ་འཆར་བ་ལ་བསླབ་བོ། །ཁ་ཅིག་སྐུ་གཟུགས་མདུན་དུ་བཞག་པ་ལ་མིག་གིས་བལྟས་ནས་ཧར་སྒོམ་བྱེད་པ། སློབ་དཔོན་ཡེ་ཤེས་སྡེས་བཀག་པ་ནི་ཤིན་ཏུ་ལེགས་ཏེ། ཏིང་ངེ་འཛིན་དབང་པོའི་ཤེས་པ་ལ་མི་བསྒྲུབ་ཀྱི་ཡིད་ཀྱི་ཤེས་པ་ལ་བསྒྲུབ་པ་ཡིན་པས། ཏིང་ངེ་འཛིན་གྱི་དངོས་ཀྱི་དམིགས་པ་ནི་ཡིད་ཀྱི་ཤེས་པའི་དངོས་ཀྱི་ཡུལ་ཡིན་པས། དེ་ལ་སེམས་བཟུང་དགོས་པ་ཡིན་པའི་ཕྱིར་དང༌། སྔར་བཤད་པ་ལྟར་དམིགས་ཡུལ་དངོས་ཀྱི་དོན་སྤྱིའམ་གཟུགས་བརྙན་ཤར་བ་ལ་དམིགས་དགོས་པར་གསུངས་པའི་ཕྱིར་རོ། །སྐུའི་ཆ་ཕྲ་རགས་གཉིས་ཀྱང་དང་པོར་རགས་པ་ལ་དམིགས་ནས་དེ་ལ་བརྟན་པ་ན་ཕྱིས་ཕྲ་བ་ལ་དམིགས་དགོས་པར་ཕྱོགས་གཞན་ནས་གསུངས་ཤིང་། མྱོང་བ་ལའང་རགས་པ་ཤིན་ཏུ་འཆར་སླ་བས་སྐུའི་རགས་རིམ་ནས་དམིགས་རྟེན་བྱ་དགོས་ལ། ཁྱད་པར་དུ་གལ་ཆེ་བ་ནི། འཆད་པ་ལྟར་གྱི་ཏིང་ངེ་འཛིན་འདོད་འདྲ་ཞིག་མ་གྲུབ་བར་དུ་དམིགས་པ་རིགས་མི་མཐུན་མང་པོ་ལ་སྤོས་ནས་ཏིང་ངེ་འཛིན་བྱེད་པ་རྣམ་པ་ཐམས་ཅད་དུ་མི་རུང་སྟེ། དམིགས་པ་མི་འདྲ་བ་མང་པོ་ལ་འཕོས་ཀྱིན༌ཏིང་ངེ་འཛིན་བསྒོམས་ན་ཞི་གནས་འགྲུབ་པའི་གེགས་ཆེན་པོར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཏིང་ངེ་འཛིན་བསྒྲུབ་པའི་གཞུང་ཚད་ལྡན་ས་སྡེ་དང་སྒོམ་རིམ་གསུམ་


JLD013_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པར་ཐོག་མར་ཏིང་ངེ་འཛིན་བསྒྲུབ་པའི་ཚེ་དམིགས་པ་གཅིག་ཁོ་ནའི་དབང་དུ་བྱས་ནས་བསྒྲུབ་པར་བཤད་ཀྱི༌དམིགས་པ་མང་པོ་ལ་སྤོ་བར་མ་གསུངས་སོ། །འཕགས་པ་དཔའ་བོས་ཀྱང་གསལ་བར་གསུངས་ཏེ། དམིགས་པ་གཅིག་ལ་བརྟན་ཚུལ་དུ། །ཡིད་ཀྱི་བསམ་པ་བརྟན་པར་བྱ། །དམིགས་པ་མང་པོ་བརྒྱུད་པ་ལས། །ཡིད་ནི་ཉོན་མོངས་འཁྲུག་པར་འགྱུར། །ཞེས་བསམ་གཏན་བསྒྲུབ་པའི་སྐབས་སུ་གསུངས་ལ། ལམ་སྒྲོན་ལས་ཀྱང༌། དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་ལ་གཞག་པར་བྱ། །ཞེས་གཅིག་དག་ལ་ཞེས་གསུངས་པའི་ངེས་བཟུང་གི་ཚིག་གིས་གསུངས་སོ། །དེས་ན་དང་པོ་དམིགས་པ་གཅིག་ལ་དམིགས་ནས་ཞི་གནས་རྙེད་ནས་ཕྱིས་ནི་མང་པོ་ལ་ཡང་དམིགས་པ་ཡིན་ཏེ། སྒོམ་རིམ་དང་པོ་ལས། གང་གི་ཚེ་ཡིད་ལ་བྱེད་པ་ཁུགས་པར་བྱེད་པ་དེའི་ཚེ་ཕུང་པོ་དང་ཁམས་ལ་སོགས་པའི་བྱེ་བྲག་གིས་རྒྱས་པར་དམིགས་པར་བྱེད་པ་ཁོ་ན་སྟེ། དེ་སྐད་དུ་དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པ་ལས་ཀྱང༌། རྣལ་འབྱོར་པ་རྣམས་ཀྱིས་སྟོང་པ་ཉིད་བཅོ་བརྒྱད་ལ་དམིགས་པ་ལ་སོགས་པའི་བྱེ་བྲག་གིས་དམིགས་པའི་རྣམ་པ་མང་དུ་བཀའ་སྩལ་ཏོ། །ཞེས་གསུངས་སོ། །དེ་ལྟར་ཐོག་མར་སེམས་གང་ལ་འཛིན་པའི་དམིགས་རྟེན་རྙེད་པའི་ཚད་ནི། དབུ་དང་ཕྱག་གཉིས་དང་སྐུའི་ཁོག་གཞན་དང་ཞབས་གཉིས་རིམ་པ་བཞིན་དུ་ལན་འགའ་ཟུང་གསལ་གདབ་ལ༌དེའི་མཐར་


JLD013_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་སྤྱི༌ཡིད་ལ་བྱས་པ་ན་ཡིད་ངོར་ཡན་ལག་རགས་པ་རྣམས་ཆ་ཕྱེད་ཙམ་ཞིག་འཆར་ཐུབ་པ་བྱུང་ན་འོད་དང་བཅས་པའི་གསལ་པོ་མ་བྱུང་ཡང་དེ་ཙམ་ཞིག་གིས་ཆོག་ཤེས་བྱས་ནས་དེ་ལ་སེམས་བཟུང་དགོས་སོ། །དེའི་རྒྱུ་མཚན་ནི་འདི་ལྟར། དེ་ཙམ་གྱིས་ཆོག་ཤེས་བྱས་ནས་སེམས་མི་འཛིན་པར་དེ་ལས་ཀྱང་གསལ་བ་ཞིག་འདོད་ནས་ཡང་ཡང་གསལ་བཏབ་ན་དམིགས་པ་ཅུང་ཟད་གསལ་དུ་འགྲོ་ཡང་སེམས་གནས་ཆའི་ཏིང་ངེ་འཛིན་མི་རྙེད་པར་མ་ཟད་རྙེད་པའི་གེགས་སུ་འགྱུར་ལ། དམིགས་པ་ཆེར་མི་གསལ་ཡང་ཆ་ཕྱེད་ཙམ་གྱི་དམིགས་པ་དེ་ཉིད་ལ་སེམས་བཟུང་ན་ཏིང་ངེ་འཛིན་མྱུར་དུ་རྙེད་ཅིང༌། དེ་ནས་གསལ་བ་ལ་བོགས་བཏོན་པས་གསལ་ཆ་བདེ་བླག་ཏུ་འགྲུབ་པའི་ཕྱིར་རོ། །འདི་ནི་སློབ་དཔོན་ཡེ་ཤེས་སྡེའི་གདམས་པ་ལས་འབྱུང་སྟེ་གལ་ཆེ་བར་སྣང་ངོ་། །དམིགས་རྟེན་འཆར་ལུགས་ལ་མུ་བཞི་ཚན་གཉིས་ཀྱི་རྣམ་གཞག་མཛད་པ་སྣང་མོད་ཀྱང་། གང་ཟག་གི་རིགས་ཀྱིས་རྣམ་པ་འཆར་དཀའ་སླ་དང་། ཤར་བ་ལ་ཡང་གསལ་མི་གསལ་དང་། དེ་གཉིས་ཀྱང་བརྟན་མི་བརྟན་སྣ་ཚོགས་པ་ཞིག་སྣང་བས་ངེས་པ་མེད་དོ། །གསང་སྔགས་ཀྱི་ལྷའི་རྣལ་འབྱོར་བསྒྲུབ་པའི་སྐབས་ཡིན་ན་ལྷའི་རྣམ་པ་གསལ་པོ་ངེས་པར་བསྒྲུབ་དགོས་པས་དེ་མ་ཤར་གྱི་བར་དུ་ཐབས་དུ་མ་ནས་དེ་བསྐྱེད་པའི་ཐབས་བྱ་དགོས་ཀྱི། འདིར་ནི་ལྷའི་རྣམ་པ་ཆེས་འཆར་བར་དཀའ་ན་སྔར་བསྟན་པའི་དམིགས་པ་གང་རུང་གཅིག་ལ་བྱས་


JLD013_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་བཟུང་བས་ཆོག་སྟེ། ཞི་གནས་ཀྱི་ཏིང་ངེ་འཛིན་ཙམ་ཞིག་གྲུབ་པ་དགོས་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །འདིར་ཡང་ལྷ་སྐུ་ལ་དམིགས་ནས་བསྒྲུབ་ན་ནི་དེའི་རྣམ་པ་མ་ཤར་ཡང་སེམས་བཟུང་ན་འདོད་དོན་མི་འགྲུབ་པས་རྣམ་པ་ཤར་བའི་སྟེང་དུ་སེམས་བཟུང་དགོས་ལ། དེ་ཡང་བྱུང་ཚད་ཀྱིས་སྐུའི་སྤྱི་ལ་བཟུང་ཞིང་སྐུ་དེའི་ཆ་ཤས་འགའ་ཞིག་ཆེས་གསལ་བར་སྣང་ན་དེ་ལ་བཟུང༌། དེ་མི་གསལ་བར་སོང་ན་ཡང་སྤྱི་ལ་བཟུང་ངོ་། །དེའི་ཚེ་སེར་པོ་བསྒོམ་འདོད་པ་ལ་དམར་པོ་ཤར་བ་ལྟ་བུའི་ཁ་དོག་མ་ངེས་པ་དང༌། བཞུགས་པའི་དབྱིབས་ཅན་བསྒོམ་འདོད་པ་ལ་བཞེངས་པའི་དབྱིབས་ཤར་བ་ལྟ་བུའི་དབྱིབས་མ་ངེས་པ་དང༌། གཅིག་བསྒོམ་པར་འདོད་པ་ལ་གཉིས་ཤར་བ་ལྟ་བུའི་གྲངས་མ་ངེས་པ་དང༌། ཆེ་བ་བསྒོམ་པར་འདོད་པ་ལ་ཤིན་ཏུ་ཆུང་བ་ཤར་བ་ལྟ་བུའི་ཆེ་ཆུང་མ་ངེས་པ་བྱུང་ན། དེ་དག་གི་རྗེས་སུ་འབྲང་དུ་ཡེ་མི་རུང་བས་རྩ་བའི་དམིགས་པ་གང་ཡིན་པ་དེ་ཁོ་ན་ལ་དམིགས་རྟེན་བྱ་དགོས་སོ། །གཉིས་པ་དེ་ལ་སེམས་ཇི་ལྟར་གཏོད་པའི་ཚུལ་ལ་གསུམ། སྐྱོན་མེད་པའི་ལུགས་བཞག་པ་དང༌། སྐྱོན་དང་བཅས་པའི་ལུགས་བསལ་བ་དང༌། ཐུན་གྱི་ཚད་བསྟན་པའོ། །དང་པོ་ནི། འདིར་བསྒྲུབ་པར་བྱ་བའི་ཏིང་ངེ་འཛིན་ནི་ཁྱད་པར་གཉིས་དང་ལྡན་པ་ཞིག་ཡིན་ཏེ། འདི་ལྟར་སེམས་ཤིན་ཏུ་གསལ་བའི་གསལ་ཆའི་ངར་དང་ལྡན་པ་དང་། དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་


JLD013_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་པའི་གནས་ཆ་དང་ལྡན་པའོ། །འདི་ལ་ཁ་ཅིག །བདེ་བ་བསྣན་ནས་གསུམ་དུ་བྱེད་ལ། གཞན་དག །དྭངས་པ་ཡང་བསྣན་ནས་བཞིར་བྱེད་ཀྱང་དྭངས་པ་ནི་ཁྱད་པར་དང་པོར་འདུས་པས་ཟུར་དུ་སྨོས་མི་དགོས་ལ། ཚོར་བ་སིམ་པའི་རྣམ་པ་ཅན་གྱི་དགའ་བདེ་ནི་སྐབས་འདིར་བསྒྲུབ་པར་བྱ་བའི་ཏིང་ངེ་འཛིན་གྱི་འབྲས་བུ་ལ་འབྱུང་ཡང༌། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་དང་མཚུངས་ལྡན་དུ་མི་འབྱུང་ཞིང༌། ཐེག་པ་གསུམ་གའི་ཡོན་ཏན་བསྒྲུབ་པའི་རྟེན་ལ་མཆོག་ཏུ་གསུངས་པའི་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཀྱང་ལུས་བདེ་དང་སེམས་བདེ་གང་དང་ཡང་མཚུངས་ལྡན་དུ་མི་འབྱུང་བས་འདིར་མ་བགྲངས་སོ། །གསལ་ཆའི་ངར་ཆེ་བ་ཡང་གཟུགས་མེད་ཀྱི་སས་བསྡུས་པའི་ཏིང་ངེ་འཛིན་འགའ་ཞིག་ལ་མེད་ཀྱང༌། མདོ་སྡེའི་རྒྱན་ལས། གཟུགས་མེད་སྤངས་པའི་བསམ་གཏན་དང༌། །ཞེས་གསུངས་པ་ལྟར། བྱང་སེམས་དབང་ཐོབ་པ་འགའ་ཞིག་མ་གཏོགས་པའི་བྱང་སེམས་རྣམས་བསམ་གཏན་གྱི་སས་བསྡུས་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཡོན་ཏན་བསྒྲུབ་པར་གསུངས་པས་གསལ་བའི་ཁྱད་པར་བཤད་པ་ལ་སྐྱོན་མེད་དོ། །དེ་ལྟ་བུའི་གསལ་ཆའི་ངར་ཐོན་པ་ལ་ནི་བྱིང་བས་བར་དུ་གཅོད་ལ། རྩེ་གཅིག་པའི་མི་རྟོག་པ་ལ་ནི་རྒོད་པས་བར་དུ་གཅོད་པས། བྱིང་རྒོད་གཉིས་ཏིང་ངེ་འཛིན་རྣམ་དག་འགྲུབ་པའི་གེགས་ཀྱི་གཙོ་བོར་འོང་བའི་རྒྱུ་མཚན་ནི་དེ་ཡིན་ནོ། །དེས་ན་བྱིང་རྒོད་ཕྲ་རགས་རྣམས་ལེགས་པར་


JLD013_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ཟིན་པ་ཞིག་དང་ངོས་ཟིན་ནས་དེ་གཉིས་འགོག་པར་བྱེད་པའི་ཏིང་ངེ་འཛིན་གྱི་སྐྱོང་ལུགས་རྣམ་དག་ཅིག་མི་ཤེས་ན། ལྷག་མཐོང་ལྟ་ཅི་སྨོས་ཏེ་ཞི་གནས་ཀྱང་སྐྱེ་བ་མི་སྲིད་པས་ཏིང་ངེ་འཛིན་དོན་དུ་གཉེར་བའི་བློ་ལྡན་རྣམས་ཀྱིས་ཚུལ་དེ་ལ་མཁས་པར་བྱའོ། །དེ་ལ་བྱིང་རྒོད་ནི་ཞི་གནས་འགྲུབ་པའི་འགལ་རྐྱེན་ཡིན་ཞིང༌། འགལ་རྐྱེན་ངོས་འཛིན་པ་དང་འགོག་ཚུལ་དངོས་ནི་འོག་ཏུ་སྟོན་པས་འདིར་ནི་ཞི་གནས་འགྲུབ་པའི་མཐུན་རྐྱེན་ཏིང་ངེ་འཛིན་བསྐྱེད་ཚུལ་བརྗོད་པར་བྱའོ། །འདི་ལ་ཏིང་ངེ་འཛིན་ནི། སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཆ་ཡིན་ལ་དེ་ཡང་དམིགས་པ་ལ་རྒྱུན་ལྡན་དུ་སྡོད་པ་ཞིག་དགོས་སོ། །དེ་ལ་ནི་སེམས་རྩ་བའི་དམིགས་པ་གང་ཡིན་པ་དེ་ལ་གཡེང་བར་མི་བྱེད་པའི་ཐབས་གཅིག་དང༌། གཡེངས་མ་གཡེངས་དང་གཡེང་བར་འགྱུར་མི་འགྱུར་ཇི་ལྟ་བ་བཞིན་ཤེས་པ་གཉིས་དགོས་པའི་དང་པོ་ནི་དྲན་པ་དང་གཉིས་པ་ནི་ཤེས་བཞིན་ཡིན་ཏེ། མདོ་སྡེའི་རྒྱན་གྱི་འགྲེལ་པ་ལས། དྲན་པ་དང་ཤེས་བཞིན་ནི་ཉེ་བར་གཏོད་པར་བྱེད་པ་སྟེ། གཅིག་གིས་སེམས་དམིགས་པ་ལས་མི་འཕྲོ་བར་བྱེད་པའི་ཕྱིར་དང༌། གཉིས་པས་སེམས་འཕྲོ་བ་རབ་ཏུ་ཤེས་པའི་ཕྱིར་རོ། །ཞེས་གསུངས་སོ། །དྲན་པ་ཉམས་ནས་དམིགས་པ་བརྗེད་ན་ཡེངས་ནས་དེ་མ་ཐག་ཏུ་དམིགས་པ་སྟོར་བར་འགྱུར་བས་དམིགས་པ་མ་བརྗེད་པའི་དྲན་པ་རྩ་བ་ཡིན་ནོ། །དྲན་པ་དེས་སེམས་དམིགས་པ་ལ་ཉེ་བར་གཏོད་ཚུལ་ནི།


JLD013_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་པ་ལྟར་དམིགས་རྟེན་གསལ་བཏབ་ནས་མ་མཐའ་ཞིག་ཤར་བྱུང་བ་ན་དེ་ཤེས་པས་ཚིར་གྱིས་བཟུང་བའི་འཛིན་སྟངས་ཤུགས་ཅན་ཞིག་བསྐྱེད་ལ། སེམས་ཀྱི་འཕངས་མཐོ་བར་བྱས་ཏེ་གསར་དུ་གང་ལ་ཡང་མི་དཔྱོད་པར་འཇོག་པའོ། །དྲན་པ་ནི་ཀུན་ལས་བཏུས་ལས། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱི་བརྗེད་པ་མེད་པ་སྟེ། རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཞེས་ཁྱད་པར་གསུམ་དང་ལྡན་པར་གསུངས་སོ། །དེ་ལ་དམིགས་པ་ཡུལ་གྱི་ཁྱད་པར་ནི། སྔར་མ་འདྲིས་པའི་ཡུལ་ལ་དྲན་པ་མི་སྐྱེ་བས་འདྲིས་པའི་དངོས་པོ་ལ་ཞེས་གསུངས་ཏེ། སྐབས་འདིར་ནི་སྔར་ངེས་པར་བྱས་པའི་དམིགས་རྟེན་གྱི་རྣམ་པ་ཤར་བའོ། །རྣམ་པའམ་འཛིན་སྟངས་ཀྱི་ཁྱད་པར་ནི། སེམས་ཀྱི་བརྗེད་པ་མེད་པ་ཞེས་པ་ཡུལ་དེ་སེམས་ཀྱིས་མ་བརྗེད་པའི་ཆ་སྟེ། སྐབས་འདིར་ནི་དམིགས་རྟེན་མ་བརྗེད་པའོ། །མ་བརྗེད་པའི་ཚུལ་ནི། གཞན་གྱིས་དྲིས་པ་དང་རང་གིས་དེ་ལ་རྟོག་པ་བཅུག་པ་ན་དམིགས་རྟེན་དེ་ནི་འདི་འདྲ་བ་ཡིན་ནོ། །ཞེས་བླ་མས་བསྟན་པ་དྲན་ཐུབ་པ་ཙམ་ལ་མི་ཟེར་གྱི། སེམས་དམིགས་པ་ལ་བཏགས་པ་དེ་ཐུར་རེ་དྲན་ནས་ཅུང་ཟད་ཀྱང་མི་ཡེངས་པ་སྟེ། ཡེངས་ན་ནམ་དེ་བྱུང་ཙམ་གྱིས་དྲན་པ་སྟོར་བ་ཡིན་ནོ། །དེས་ན་སེམས་དམིགས་རྟེན་ལ་སྔར་ལྟར་བཞག་ཟིན་པ་དང་འདི་ལྟར་དུ་དམིགས་པ་ལ་བཏགས་སོ་སྙམ་པ་ཞིག་བསྐྱེད་ལ། དེ་ནས་གསར་དུ་མི་རྟོག་པར་བློ་དེ་ཉིད་ཀྱི་ཤུགས་མ་ཆད་པར་རྒྱུན་སྐྱོང་བ་ནི་དྲན་པ་བསྟེན་ཚུལ་གྱི་གནད་དམ་པ་


JLD013_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །བྱེད་ལས་ཀྱི་ཁྱད་པར་ནི། དམིགས་པ་ལས་སེམས་གཞན་དུ་མི་གཡེང་བར་བྱ་བའོ། །དེ་ལྟར་སེམས་དམིགས་པ་ལ་བཏགས་ཏེ་འདུལ་བ་ནི་གླང་པོ་ཆེ་འདུལ་བའི་དཔེས་གསུངས་ཏེ། དཔེར་ན། སྡོང་པོའམ་ཀ་བ་ཤིན་ཏུ་བརྟན་པ་ལ་ཞགས་ཐག་ཤིན་ཏུ་སྲ་བ་དུ་མས་མི་བསྲུན་པའི་གླང་པོ་བཏགས་ཏེ་གླང་རྫིས་ཇི་ལྟར་བསླབས་པ་ལྟར་བྱེད་ན་ལེགས། མི་བྱེད་ན་ལྕགས་ཀྱུ་རྣོན་པོས་ཡང་ཡང་བཏབ་ནས་ཚར་བཅད་དེ་འདུལ་བ་ལྟར། སེམས་གླང་པོ་ཆེ་མ་དུལ་བ་དང་འདྲ་བ་འདི་ཡང་སྔར་བཤད་པའི་དམིགས་པའི་ཀ་བ་བརྟན་པོ་ལ་དྲན་པའི་ཐག་པས་བཅིང་ཞིང༌། དེ་ལ་སྡོད་དུ་མ་བཏུབ་ན་ཤེས་བཞིན་གྱི་ལྕགས་ཀྱུས་གཙགས་ནས་ཁད་ཀྱིས་ཁད་ཀྱིས་དབང་དུ་བྱ་སྟེ། དབུ་མ་སྙིང་པོ་ལས། ཡིད་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །ཞེས་གསུངས་ཤིང༌། སྒོམ་རིམ་བར་པ་ལས་ཀྱང༌། དྲན་པ་དང་ཤེས་བཞིན་གྱི་ཐག་པས་ཡིད་ཀྱི་གླང་པོ་ཆེ་དམིགས་པའི་སྡོང་པོ་དེ་ཉིད་ལ་གདགས་པར་བྱའོ། །ཞེས་གསུངས་སོ། །ལུང་སྔ་མ་ལས་ཤེས་བཞིན་ལྕགས་ཀྱུ་དང་འདྲ་བར་གསུངས་ལ། ལུང་ཕྱི་མས་ཐག་པ་དང་འདྲ་བར་གསུངས་པ་ནི་མི་འགལ་ཏེ། སེམས་དམིགས་པ་ལ་རྒྱུན་ལྡན་དུ་འདོགས་པ་དངོས་ནི་དྲན་པ་ཡིན་ལ། ཤེས་བཞིན་ཡང་བརྒྱུད་ནས་སེམས་དམིགས་པ་ལ་གཏོད་བྱེད་ཡིན་ཏེ། བྱིང་བ་དང་རྒོད་པ་


JLD013_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སམ་བྱིང་རྒོད་དུ་འགྱུར་བ་ཤེས་བཞིན་གྱིས་རིག་པ་ལ་བརྟེན་ནས་དེ་དག་གི་དབང་དུ་མི་གཏོང་བར་རྩ་བའི་དམིགས་པ་ལ་འཇོག་པའི་ཕྱིར་དང༌། སྔར་དྲངས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་ཀྱང༌། དྲན་ཤེས་གཉིས་ཀ་དམིགས་པ་ལ་ཉེ་བར་གཏོད་བྱེད་དུ་གསུངས་པའི་ཕྱིར་རོ། །དྲན་པ་ལ་བརྟེན་ནས་ཏིང་ངེ་འཛིན་འགྲུབ་པར་གསུངས་པ་དང༌། དྲན་པ་ཐག་པ་དང་འདྲ་བར་སེམས་དངོས་སུ་དམིགས་པ་ལ་རྒྱུན་ལྡན་དུ་འདོགས་བྱེད་དུ་གསུངས་པས། ཏིང་ངེ་འཛིན་གྱི་སྒྲུབ་བྱེད་ཀྱི་གཙོ་བོའི་སྐྱོང་ཚུལ་ནི་དྲན་པའི་སྐྱོང་ཚུལ་ཡིན་ལ། དྲན་པ་ཡང་ངེས་པའི་རྣམ་པ་ཅན་གྱི་འཛིན་སྟངས་ཅན་ཡིན་པས། ཏིང་ངེ་འཛིན་སྐྱོང་བ་ན་ངེས་ཤེས་ཀྱི་འཛིན་སྟངས་དམ་པོ་མེད་པར་ཧད་དེ་འཇོག་པ་ལ་སེམས་དྭངས་པའི་གསལ་ཆ་འོང་ཡང༌། ངེས་ཤེས་ཀྱི་ངར་ཐོན་པའི་གསལ་ཆ་མི་ཐོན་པས་དྲན་པ་སྟོབས་ཅན་སྐྱེ་བར་མི་འགྱུར་ལ། དེའི་ཕྱིར་བྱིང་བ་ཕྲ་མོ་ཡང་མི་ཁེགས་པས་ཏིང་ངེ་འཛིན་སྐྱོན་ཅན་ཁོ་ནར་འགྱུར་རོ། །ལྷ་སྐུ་ལ་སོགས་པའི་དམིགས་རྟེན་གཞན་མི་འཇོག་པར་སེམས་མི་རྟོག་པ་ཙམ་སྐྱོང་བས་ཀྱང་སེམས་ཡུལ་གང་ལ་ཡང་ཅིར་ཡང་མི་རྟོག་པར་གཞག་པར་བྱའོ། །ཞེས་པའི་གདམས་ངག་དྲན་ནས་དེ་ནས་སེམས་མི་འཕྲོ་བ་ལ་མ་ཡེངས་པར་བྱ་དགོས་ལ། མ་ཡེངས་པ་དེ་ཡང་དམིགས་པ་མ་བརྗེད་པའི་དྲན་པ་དང་དོན་གཅིག་ཡིན་པས་དྲན་པའི་སྐྱོང་ཚུལ་ལས་མ་འདས་པས། དེ་ལྟར་བསྒོམ་པ་དེས་ཀྱང་ངེས་ཤེས་ཀྱི་ཤུགས་ཐོན་པའི་དྲན་པ་བསྟེན་


JLD013_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ཡིན་ནོ། །སྐྱོན་དང་བཅས་པའི་ལུགས་བསལ་བ་ལ། བསལ་བྱའི་ལོག་རྟོག་འདི་ལྟ་བུ་ཡོད་དེ། སྔར་བཤད་པ་ལྟར་ཤེས་པ་འཕངས་ལེགས་པར་བསྟོད་དེ་བསྒྲིམས་ནས་མི་རྟོག་པར་བཞག་པ་ན་བྱིང་བའི་སྐྱོན་ཅུང་ཟད་ཀྱང་མེད་མོད་ཀྱི། རྒོད་ཤས་ཆེ་བས་གནས་ཆ་རྒྱུན་འཐུད་ཐུབ་པ་མི་འོང་བ་མཐོང་ནས། རིག་པའི་གཟེངས་ཀྱང་སྨད། ལེགས་པར་བསྒྲིམ་པ་ཡང་གློད་པས་གནས་ཆ་མྱུར་པོར་སྐྱེ་བ་མཐོང་ནས། ཐབས་དེ་ནི་གདམས་ངག་ཆེན་པོ་ཡིན་ནོ་སྙམ་དུ་ངེས་པ་རྙེད་ནས། གློད་པ་རབ་ལ་སྒོམ་རབ་ཅེས་སྐད་གསངས་མཐོན་པོས་སྒྲོག་པར་སྣང་ངོ་། །འདི་ནི་བྱིང་བ་སྐྱེས་པ་དང་སྒོམ་སྐྱེས་པ་གཉིས་མ་ཕྱེད་པའི་གཏམ་ཡིན་ཏེ། འདི་ལྟར་ཏིང་ངེ་འཛིན་སྐྱོན་མེད་ནི་སྔར་བཤད་པ་ལྟར་ཁྱད་པར་གཉིས་དང་ལྡན་པ་དགོས་ཀྱི། སེམས་མི་རྟོག་པའི་གནས་ཆ་བརྟན་པ་གཅིག་པུས་མི་ཆོག་གོ །གལ་ཏེ་དེ་འདྲ་བ་དེ་ལ་སེམས་ཉོག་ཉོག་པོར་སོང་བའི་འཐིབས་པ་ཡོད་ན་བྱིང་བ་ཡིན་ཀྱང༌། དེ་མེད་པར་སེམས་དྭངས་པའི་གསལ་ཆ་ཡོད་པས་ཏིང་ངེ་འཛིན་སྐྱོན་མེད་ཡིན་ནོ་སྙམ་ན། དེ་ནི་རྨུགས་པ་དང་བྱིང་བ་གཉིས་མ་ཕྱེད་པའི་གཏམ་དུ་སྣང་བས་འདི་རྣམས་རྒྱས་པར་འོག་ཏུ་བསྟན་པར་བྱའོ། །དེས་ན་བསྒྲིམས་དྲགས་པའི་རིག་པ་ངར་ལྡན་དུ་བྱས་པ་ན་གསལ་ཆ་ཡོད་ཀྱང་རྒོད་ཤས་ཆེ་བས་གནས་ཆ་སྐྱེ་དཀའ་ལ། དེ་ཧ་ཅང་གློད་ནས་བསྐྱངས་པ་ན་གནས་ཆ་ཡོད་ཀྱང་བྱིང་ཤས་ཆེ་བས་ངར་ཐོན་པའི་གསལ་བ་མེད་དོ། །


JLD013_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གྲིམས་དྲགས་པ་དང་ལྷོད་དྲགས་པ་གང་དུ་ཡང་མ་སོང་བའི་དམ་ལྷོད་རན་པའི་མཚམས་ཀྱང་ཤིན་ཏུ་ཟིན་དཀའ་བའི་ཕྱིར། བྱིང་རྒོད་དང་བྲལ་བའི་ཏིང་ངེ་འཛིན་སྐྱེ་དཀའ་བ་ལ་དགོངས་ནས། སློབ་དཔོན་ཙནྡྲ་གཽ་མིས། བརྩོན་པ་བསྟེན་ན་རྒོད་པ་འབྱུང་འགྱུར་ཞིང༌། །དེ་སྤངས་ན་ནི་ཞུམ་པ་སྐྱེ་བར་འགྱུར། །འདི་ཡི་རིགས་པར་མཉམ་འཇུག་རྙེད་དཀའ་ན། །བདག་གིས་སེམས་དཀྲུགས་པས་ནི་ཅི་ཞིག་བགྱི། །ཞེས་གསུངས་ཏེ། བརྩོན་པ་བསྟེན་པ་ནི་བསྒྲིམས་དྲགས་པ་སྟེ་དེ་བྱས་ན་ནི་རྒོད་པ་འབྱུང་ལ། བསྒྲིམ་པ་དེ་སྤངས་ཤིང་གློད་དྲགས་ན་སེམས་ནང་དུ་སྡོད་པའི་ཞུམ་པ་སྐྱེ་བར་སྣང་བས། བྱིང་རྒོད་དང་བྲལ་ནས་ཆ་མཉམ་པར་གནས་པའི་སེམས་རིགས་པར་མཉམ་དུ་འཇུག་པ་རྙེད་དཀའོ་ཞེས་པའི་དོན་ནོ། །དེ་ལྟར་ཡང་དེའི་འགྲེལ་པ་སངས་རྒྱས་ཞི་བས་མཛད་པ་ལས། བརྩོན་པ་ནི་འདིར་དགེ་བའི་ཕྱོགས་ལ་མངོན་པར་སྤྲོ་བས་བསྒྲིམས་ཏེ་འཇུག་པ་ལ་བྱ་ཡི། ཞེས་དང༌། རྒོད་པར་འགྱུར་བའི་ཉེས་པ་མཐོང་ནས་བརྩོན་པ་དེ་སྤངས་ཏེ་རྩོལ་བ་བཏང་བར་གྱུར་ན་སེམས་ནང་དུ་ཞུམ་ཞིང༌། ཞེས་གསུངས་པས་སོ། །ཡང་བཤགས་བསྟོད་ལས། འབད་པས་འཇུག་ན་རྒོད་པ་འབྱུང་འགྱུར་ཞིང༌། །དེ་གློད་ན་ནི་ཞུམ་པ་སྐྱེ་བར་འགྱུར། །འདི་ཡི་དབུ་མར་བསྒྲུབ་པའང་རྙེད་དཀའ་ན། །བདག་གི་སེམས་དཀྲུགས་པས་ནི་ཅི་ཞིག་བགྱི། །ཞེས་གསུངས་ཤིང༌། དེའི་འགྲེལ་པར་ཡང༌། ཤིན་ཏུ་འབད་པས་བསྒྲིམས་ཏེ་འཇུག་ཅིང་རྩོལ་བ་ན་ནི་སེམས་དེ་རྒོད་ཅིང་གཡེང་བ་འབྱུང་བར་འགྱུར་བས་བཅོམ་པས་རྩོལ་བ་ལས་ཀྱང་


JLD013_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གནས་པ་མི་རྙེད་ལ། དེ་ལྟར་དེ་ཉེས་པ་ཉིད་ཡིན་པས་དེ་བཟློག་པའི་ཕྱིར་འབད་པས་འཇུག་པའི་སེམས་དེ་གློད་ཅིང་རྩོལ་བ་བཏང་བར་གྱུར་ན་ནི་དམིགས་པའི་ཡུལ་བརྗེད་པ་ལ་སོགས་པའི་སྐྱོན་གྱིས་སེམས་ནང་དུ་ཞུམ་ཞིང་བྱིང་བ་སྐྱེ་ཞིང་འབྱུང་བར་འགྱུར་བས། ཞེས་གསལ་བར་གསུངས་སོ། །དེས་ན་བྱིང་རྒོད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མར་བསྒྲུབ་པའམ་རིགས་པར་མཉམ་འཇུག་གི་ཏིང་ངེ་འཛིན་རྙེད་དཀའོ་ཞེས་གསུངས་པས༌གློད་པ་རབ༌བྱས་པས་ཆོག་ན་དཀའ་རྒྱུ་ཅི་ཡང་མེད་པའི་ཕྱིར་དང་དེ་ལས་བྱིང་བ་སྐྱེ་བར་གསུངས་པས་ཚུལ་དེས་ཏིང་ངེ་འཛིན་བསྒྲུབ་པ་མི་རིགས་པར་གསལ་ལོ། །ཤིན་ཏུ་གློད་པའི་སེམས་དྭངས་པ་ཙམ་གྱི་གསལ་ཆས་མི་ཆོག་པར་འཛིན་སྟངས་ཀྱི་གྲིམས་ཆ་དགོས་པར་ནི། འཕགས་པ་ཐོགས་མེད་ཀྱིས། དེ་ལ་འཇོག་པར་བྱེད་པ་དང་ཡང་དག་པར་འཇོག་པར་བྱེད་པ་ལ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །ཞེས་སེམས་གནས་པའི་ཐབས་དགུའི་སེམས་དང་པོ་གཉིས་ཀྱི་སྐབས་སུ་དེ་ལྟར་གསུངས་ཤིང༌། སྒོམ་རིམ་དང་པོ་ལས་ཀྱང༌། བྱིང་བ་བསལ་ལ་དམིགས་པ་དེ་ཉིད་དམ་དུ་བཟུང་ངོ་། །ཞེས་དང༌། སྒོམ་རིམ་བར་པ་ལས་ཀྱང༌། དེ་ནས་བྱིང་བ་ཞི་བར་བྱས་ནས་ཅི་ནས་ཀྱང་དམིགས་པ་དེ་ཉིད་སེམས་ཀྱིས་ཤིན་ཏུ་གསལ་བར་མཐོང་བར་འགྱུར་བ་དེ་ལྟར་བྱའོ། །ཞེས་གསུངས་སོ། །སེམས་ཀྱིས་གསལ་བར་མཐོང་བ་ཞེས་གསུངས་པས་ཡུལ་གསལ་


JLD013_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་ལ་མི་ཟེར་གྱི། བློའི་འཛིན་སྟངས་ཤིན་ཏུ་གསལ་ཞིང་དམ་པ་ལ་ཟེར་བ་ཡིན་ནོ། །དྲན་པའི་བསྟེན་ལུགས་འདི་ཤིན་ཏུ་གལ་ཆེ་སྟེ། འདི་མ་ཤེས་པར་བསྐྱངས་པའི་རྟགས་སུ་སྒོམ་ཇི་ཙམ་མང་དུ་བྱས་པ་ཙམ་དུ་བརྗེད་ངས་ཆེ་རུ་འགྲོ་བ་དང་། ཆོས་རྣམས་སོ་སོར་འབྱེད་པའི་ཤེས་རབ་རྟུལ་དུ་འགྲོ་བ་སོགས་ཀྱི་སྐྱོན་ཤིན་ཏུ་མང་པོ་འདུག་པ་ལ། ཏིང་ངེ་འཛིན་བརྟན་པོ་ཡོད་པར་རློམ་པ་བྱེད་པར་སྣང་ངོ་། །དེ་ལྟར་སྔར་བཤད་པ་ལྟར་དྲན་པས་སེམས་དམིགས་པ་ལ་བཏགས་པ་དེའི་ཚེ་དམིགས་པ་ལེགས་པར་འཛིན་ནམ་མི་འཛིན་གྱི་བྱ༌ར་བྱེད་པའི་རྟོག་པ་བསྐྱེད་དུ་རུང་ངམ་སྙམ་ན། འདི་ནི་བྱ་དགོས་པ་ཡིན་ཏེ། སྒོམ་རིམ་བར་པ་ལས། དེ་ལྟར་གང་ལ་འདོད་པའི་དམིགས་པ་དེ་ལ་སེམས་བཞག་ནས་དེ་ཉིད་ལ་ཕྱིར་བཞིན་རྒྱུན་དུ་སེམས་གཞག་པར་བྱའོ། །དེ་ལ་ཉེ་བར་བཞག་ནས་སེམས་ལ་འདི་ལྟར་དཔྱད་པར་བྱ་སྟེ། ཅི་དམིགས་པ་ལ་སེམས་ལེགས་པར་འཛིན་ཏམ་འོན་ཏེ་བྱིང་ངམ་འོན་ཏེ་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་འཆར་བས་རྣམ་པར་གཡེངས་སམ་སྙམ་དུ་བརྟག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །འདི་ཡང་ཏིང་ངེ་འཛིན་བཏང་ནས་དེ་ལྟར་བལྟ་བ་མིན་གྱི། ཏིང་ངེ་འཛིན་ལ་གནས་བཞིན་པའི་ངང་ནས་རྩ་བའི་དམིགས་པ་ལ་སྔར་བཞག་པ་ལྟར་གནས་མི་གནས་དང་མི་གནས་ན་བྱིང་རྒོད་གང་དུ་སོང་བལྟ་བ་ཙམ་བྱེད་པ་སྟེ། ཏིང་ངེ་འཛིན་ལ་བཞག་ནས་ཧ་ཅང་ཐུང་བའི་དུས་ཀྱང་མ་ཡིན་ཧ་ཅང་རིང་བ་ཡང་མ་ཡིན་པར་བར་བར་དུ་བྱ་ར་བྱེད་པ་ཡིན་ནོ། །བློ་སྔ་མའི་ཤུགས་དང་ངར་མ་ཟད་ཙམ་ནས་འདི་བྱས་


JLD013_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་བློ་དེའི་ངར་སྐྱེས་ནས་ངར་ལྡན་ལ་གནས་པའི་ཡུན་རིང་དུ་འགྲོ་བ་དང་བྱིང་བ་དང་རྒོད་པ་མྱུར་དུ་རྟོགས་པའི་དགོས་པ་ཡོད་དོ། །དེ་བཞིན་དུ་བར་བར་དུ་དམིགས་པ་སྔ་མ་དྲན་ཙམ་དྲན་ཙམ་བྱས་ནས་སྐྱོང་བ་ལ་ཡང་དྲན་པ་སྟོབས་ཆེ་བ་དང་རྒྱུན་ལྡན་དུ་འཇུག་པའི་རྒྱུར་དགོས་པས་དྲན་པའི་སྐྱོང་ཚུལ་ཡིན་ཏེ། ཉན་ས་ལས། དེ་ལ་སེམས་རྩེ་གཅིག་པ་ཉིད་གང་ཞེ་ན། སྨྲས་པ། ཡང་དང་ཡང་དུ་རྗེས་སུ་དྲན་པ་དང་ཆ་མཐུན་པ་ལ་དམིགས་པ་དང་རྒྱུན་དང་ལྡན་པ་དང་ཁ་ན་མ་ཐོ་བ་མེད་པ་དང་དགའ་བ་དང་ལྡན་པའི་སེམས་ཀྱི་རྒྱུན་གང་ཡིན་པ་སྟེ། དེ་ནི་ཏིང་ངེ་འཛིན་ཅེས་ཀྱང་བྱ། དགེ་བའི་སེམས་རྩེ་གཅིག་པ་ཉིད་ཅེས་ཀྱང་བྱའོ། །དེ་ལ་ཅི་ཞིག་ཡང་དང་ཡང་དུ་རྗེས་སུ་དྲན་པར་བྱེད་ཅེ་ན། སྨྲས་པ། ཆོས་གང་དག་བཟུང་ཞིང་མཉན་པ་དང་བླ་མ་དག་ལས་གདམས་ཤིང་རྗེས་སུ་བསྟན་པ་ཐོབ་པ་གང་ཡིན་པ་དེའི་དབང་དུ་བྱས་ནས་མཉམ་པར་བཞག་པའི་ས་པའི་མཚན་མ་མངོན་དུ་བྱ་སྟེ། དམིགས་པ་དེ་ལ་རྒྱུན་དང་ལྡན་པའི་དྲན་པས་རྗེས་སུ་འཇུག་པར་བྱེད་ཅིང་ཉེ་བར་གཏོད་པར་བྱ་བའོ། །ཞེས་དང༌། དབུས་མཐའི་འགྲེལ་བཤད་ལས་ཀྱང༌། དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཞེས་བྱ་བ་ནི་སེམས་གནས་པར་བྱ་བའི་གདམས་ངག་ཡིད་ཀྱིས་བརྗོད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པས། དྲན་པ་བསྟེན་པ་ནི་དམིགས་པ་ལས་གཡེང་བའི་བརྗེད་ངས་འགོག་པའི་ཆེད་དུ་ཡིན་པས་དེ་འགོག་པའི་དམིགས་པ་མ་བརྗེད་པ་ནི་ཡིད་


JLD013_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དམིགས་པ་བརྗོད་པ་སྟེ། ཡང་ཡང་དམིགས་པ་ཡིད་ལ་བྱེད་པའོ། །དཔེར་ན་ཤེས་པའི་དོན་འགའ་ཞིག་བརྗེད་ཀྱིས་དོགས་པ་ན། ཡང་ཡང་ཡིད་ལ་དྲན་པར་བྱས་ན་བརྗེད་དཀའ་བ་དང་འདྲའོ། །དེས་ན་དམིགས་པ་བར་བར་དུ་དྲན་པར་བྱེད་པ་ནི་དྲན་པ་སྟོབས་ལྡན་སྐྱེ་བ་ལ་དགོས་ལ། སེམས་དམིགས་པ་ལས་གཞན་དུ་མི་གཡེང་བར་ཚིར་རེ་བཟུང་ནས་བྱ་ར་བྱེད་པ་ནི་བྱིང་རྒོད་རྟོགས་པའི་ཤེས་བཞིན་མཐུ་ལྡན་དུ་འགྲོ་བའི་ཐབས་ཡིན་པས། དེ་འདྲ་བ་དེ་ལ་ཡང་རྟོག་པ་ཡིན་སྙམ་ནས་བཀག་ན་དྲན་པ་དང་ཤེས་བཞིན་སྟོབས་ལྡན་སྐྱེ་བར་ཤིན་ཏུ་དཀའ་བར་ཤེས་པར་བྱའོ། །གསུམ་པ་ཐུན་གྱི་ཚད་བསྟན་པ་ནི། འོ་ན་དྲན་པས་སེམས་དམིགས་པ་ལ་བཏགས་པ་དེ་ལ་འདི་ཙམ་བར་དུ་འཇོག་ཅེས་པའི་ཐུན་ཚད་ངེས་པ་ཡོད་དམ་མེད་ཅེ་ན། འདི་ལ་བོད་ཀྱི་བརྒྱུད་པ་སོ་སོའི་བླ་མ་གོང་མ་ཐམས་ཅད་ཐུན་ཆུང་ལ་གྲངས་མང་བར་བྱ་དགོས་གསུང་ངོ་། །དེའི་རྒྱུ་མཚན་ཡང་ཁ་ཅིག་ན་རེ། ཐུན་ཆུང་ངེ་བའི་སྒོམ་དང་བཟང་གྱེས་བྱས་ན་རྟིང་མ་རེས་ཀྱང་བསྒོམ་པ་ལ་བྲོད་ལ་ཐུན་རིངས་ན་སུན་པར་འགྱུར་བར་འདོད་ཅིང༌། གཞན་དག་ནི། ཐུན་རིངས་ན་བྱིང་རྒོད་ཀྱི་དབང་དུ་འགྲོ་སླ་བས་ཏིང་ངེ་འཛིན་སྐྱོན་མེད་སྐྱེ་དཀའ་བར་བཞེད་དོ། །ཉན་ས་ལ་སོགས་པའི་གཞུང་ཆེ་བ་རྣམས་ནས་ཐུན་གྱི་ཚད་གསལ་བར་བཟུང་བ་མི་སྣང་ཡང༌། སྒོམ་རིམ་ཐ་མ་ལས། དེ་ལྟ་བུའི་རིམ་པ་འདིས་ཆུ་ཚོད་གཅིག་གམ་མེལ་ཚེ་ཐུན་ཕྱེད་དམ་ཐུན་གཅིག་


JLD013_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གམ་ཇི་སྲིད་ནུས་པ་དེ་སྲིད་དུ་འཇུག་པར་བྱའོ། །ཞེས་གསུངས་ལ། འདི་ཞི་གནས་གྲུབ་ཟིན་ནས་ལྷག་མཐོང་བསྒོམ་པའི་དུས་ཀྱི་ཐུན་ཚད་ཀྱི་སྐབས་སུ་གསུངས་སྣང་ཡང༌། ཐོག་མར་ཞི་གནས་བསྒྲུབ་པའི་སྐབས་སུ་ཡང་འདྲ་བར་མངོན་པས་དེ་ལྟར་བྱའོ། །དེ་ཡང་སྔར་བཤད་པ་ལྟར་གྱི་དྲན་པ་དང་ཤེས་བཞིན་གྱི་སྐྱོང་ལུགས་དམིགས་པ་དྲན་པ་དང་བྱ་ར་བྱེད་པའི་ལྟ་རྟོག་བར་བར་དུ་བྱེད་ན་ཐུན་ཅུང་རིང་ཡང་སྐྱོན་དུ་མི་འགྱུར་མོད། འོན་ཀྱང་ལས་དང་པོ་པ་ཕལ་ཆེ་བ་ལ་ཐུན་རིངས་ན། ཡང་ན་བརྗེད་ངས་སྐྱེས་ནས་ཡེངས་ནས་འགྲོ་ཞིང་། དེའི་ཚེ་སེམས་བྱིང་བའམ་རྒོད་པ་གང་བྱུང་ཡང་ཡུན་རིང་པོ་ཞིག་ནས་ངོ་ཤེས་པ་ཙམ་མ་གཏོགས་པ་མྱུར་པོར་ངོས་མི་ཟིན་ལ། ཡང་ན་དྲན་པ་མ་བརྗེད་ཀྱང་བྱིང་རྒོད་ཀྱི་དབང་དུ་འགྲོ་སླ་ཞིང་བྱིང་རྒོད་བྱུང་བ་རྣམས་མྱུར་པོར་ངོས་མི་ཟིན་པར་སྣང་ངོ་། །དེ་གཉིས་ཀྱི་སྔ་མས་ནི་དྲན་པ་སྟོབས་ལྡན་སྐྱེ་བ་ལ་བར་དུ་གཅོད་པར་འགྱུར་ལ། ཕྱི་མས་ནི་ཤེས་བཞིན་སྟོབས་ལྡན་སྐྱེ་བ་ལ་བར་དུ་གཅོད་པས་བྱིང་རྒོད་གཅོད་པ་ཤིན་ཏུ་དཀའ་བར་འགྱུར་རོ། །ཁྱད་པར་དུ་དམིགས་པ་བརྗེད་ནས་ཡེངས་ཏེ་བྱིང་རྒོད་བྱུང་བ་ངོས་མི་ཟིན་པ་ནི། དམིགས་པ་མ་བརྗེད་པའི་ངང་ནས་བྱིང་རྒོད་མྱུར་པོར་ངོས་མི་ཟིན་པ་ལས་ཆེས་ཤིན་ཏུ་ངན་པ་ཡིན་པས། ཡེངས་ནས་འགྲོ་བའི་དྲན་པ་ཉམས་པ་འགོག་པའི་གཉེན་པོ་སྔར་བཤད་པ་ལྟར་གྱི་དྲན་པ་སྐྱོང་ཚུལ་གལ་ཆེ་བ་ཡིན་ནོ། །ཡེངས་ནས་འགྲོ་བའི་བརྗེད་ངས་ཆེ་བ་དང་བྱིང་རྒོད་མྱུར་པོར་ངོས་མི་ཟིན་པའི་ཤེས་བཞིན་


JLD013_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཆུང་ན་ཐུན་ཆུང་ངུ་དགོས་ལ། བརྗེད་ངས་སྐྱེ་དཀའ་ཞིང་བྱིང་རྒོད་མྱུར་དུ་རྟོགས་ནུས་པར་སྣང་ན། ཐུན་ཅུང་རིང་ཡང་སྐྱོན་མེད་པ་ལ་དགོངས་ནས་ཆུ་ཚོད་གཅིག་ལ་སོགས་པའི་ཡུན་ཚད་མ་ངེས་པར་གསུངས་ཤིང༌། མདོར་ན་རང་གི་བློའི་ནུས་པ་དང་བསྟུན་དགོས་པས་ཇི་སྲིད་ནུས་པ་དེ་སྲིད་དུ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་ལུས་དང་སེམས་ལ་གློ་བུར་བའི་གནོད་པ་མ་བྱུང་ན་མཉམ་པར་འཇོག་ལ། བྱུང་ན་ཨུ་ཚུགས་བྱས་ཏེ་མི་བསྒོམ་པར་དེ་མ་ཐག་བཞག་ནས་ཁམས་ཀྱི་བར་ཆད་བསལ་ཏེ་བསྒོམ་པ་ནི་མཁས་པ་རྣམས་ཀྱི་དགོངས་པ་ཡིན་པས། དེ་ལྟར་བྱེད་པའང་ཐུན་ཇི་ཙམ་གྱི་བར་དུ་བསྒོམ་པའི་ཡན་ལག་ཏུ་ཤེས་པར་བྱའོ། །གསུམ་པ་དམིགས་པ་ལ་གཏད་པའི་འོག་ཏུ་ཇི་ལྟར་བྱ་བ་ལ་གཉིས། བྱིང་རྒོད་བྱུང་བའི་དུས་སུ་ཇི་ལྟར་བྱ་བ་དང༌། བྱིང་རྒོད་དང་བྲལ་བའི་དུས་སུ་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། བྱིང་རྒོད་ངོས་མི་ཟིན་པའི་གཉེན་པོ་བསྟེན་པ་དང༌། ངོས་ཟིན་ཀྱང་དེ་སྤོང་བའི་ཕྱིར་དུ་མི་རྩོལ་བའི་གཉེན་པོ་བསྟེན་པའོ། །དང་པོ་ལ་གཉིས། བྱིང་རྒོད་ཀྱི་མཚན་ཉིད་གཏན་ལ་དབབ་པ་དང༌། བསྒོམ་པའི་དུས་སུ་དེ་རྟོགས་པའི་ཤེས་བཞིན་བསྐྱེད་པའི་ཐབས་སོ། །དང་པོ་ལ། རྒོད་པ་ནི། ཀུན་ལས་བཏུས་ལས། རྒོད་པ་གང་ཞེ་ན། སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ། ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །ཞེས་གསུངས་པ་ལྟར་ཏེ།འདི་ལ་གསུམ་ལས། དམིགས་པ་ནི། ཡུལ་ཡིད་དུ་འོང་ཞིང་སྡུག་པའོ། །རྣམ་པ་ནི།


JLD013_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྣམ་པར་མ་ཞི་ཞིང་ཕྱིར་ལ་འཕྲོ་བ་སྟེ་འདོད་ཆགས་ཀྱི་ཆ་ཤས་ཅིག་ཡིན་པས་ཡུལ་ལ་སྲེད་པའི་རྣམ་པས་འཇུག་པའོ། །བྱེད་ལས་ནི། སེམས་དམིགས་པ་ལ་གནས་པའི་བར་གཅོད་བྱེད་པའོ། །སེམས་ནང་དུ་དམིགས་པ་ལ་བཏགས་པ་ན་གཟུགས་སྒྲ་སོགས་ལ་ཆགས་པའི་རྒོད་པས་དབང་མེད་དུ་ཡུལ་དེ་དག་ལ་སེམས་འདྲེན་ཞིང་གཡེང་བར་བྱེད་དེ། བཤགས་བསྟོད་ལས། ཇི་ལྟ་ཇི་ལྟར་ཞི་གནས་ལ་དམིགས་ཤིང༌། །དེ་དང་དེར་ཡིད་ཡང་ཡང་གཏད་པ་ན། །དེ་དང་དེ་ལས་ཉོན་མོངས་ཞགས་པ་ནི། །ཡུལ་ལ་ཆགས་པའི་ཐག་པས་དབང་མེད་དྲངས། །ཞེས་གསུངས་པ་ལྟར་རོ། །འོ་ན་ཉོན་མོངས་གཞན་གྱི་སྒོ་ནས་སེམས་དམིགས་པ་ལས་གཞན་དུ་གཡེང་བར་བྱེད་པའི་འཕྲོ་བ་དང་དེ་བཞིན་དུ་དགེ་བའི་དམིགས་པ་གཞན་ལ་འཕྲོ་བ་དེ་རྒོད་པ་ཡིན་ནམ་ཞེ་ན། རྒོད་པ་ནི་འདོད་ཆགས་ཀྱི་ཆ་ཤས་ཅིག་ཡིན་པས་ཉོན་མོངས་གཞན་གྱི་སྒོ་ནས་གཡེང་བ་ནི་རྒོད་པ་མིན་གྱི། ཉེ་ཉོན་ཉི་ཤུའི་ནང་ཚན་གྱི་སེམས་བྱུང་རྣམ་གཡེང་ཡིན་ནོ། །དགེ་བའི་དམིགས་པ་ལ་འཕྲོ་བ་ནི་དགེ་བའི་སེམས་དང་སེམས་བྱུང་ཅི་རིགས་སུ་འགྲོ་བས་འཕྲོ་བ་ཐམས་ཅད་རྒོད་པ་མིན་ནོ། །བྱིང་བ་ནི། འགྱུར་མང་པོ་ལས་ཞུམ་པ་ཞེས་པར་ཡང་བསྒྱུར་ཏེ། ཡི་ཤི་བའི་ཞུམ་པ་དང་ནི་མི་གཅིག་གོ །དེའི་མཚན་ཉིད་ལ། གངས་རིའི་ཁྲོད་ཀྱི་བསམ་གཏན་པ་ཕལ་མོ་ཆེ་རྣམས་ནི། ཡུལ་གཞན་ལ་འཕྲོ་བ་མེད་པར་གནས་ཤིང་གསལ་དྭངས་ནི་མེད་པའི་སེམས་རྨུགས་པ་ཞིག་


JLD013_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱིང་བར་འདོད་པར་སྣང་ངོ་། །འདི་ནི་མི་རིགས་ཏེ། རྨུགས་པ་ནི་བྱིང་བའི་རྒྱུར་གསུངས་པས་དེ་གཉིས་སོ་སོ་ཡིན་པའི་ཕྱིར་ཏེ། སྒོམ་རིམ་བར་པ་ལས། དེ་ལ་གལ་ཏེ་རྨུགས་པ་དང་གཉིད་ཀྱིས་ནོན་ནས་སེམས་བྱིང་ངམ་བྱིང་དུ་དོགས་པར་མཐོང་ན། ཞེས་གསུངས་པའི་ཕྱིར་དང༌། དགོངས་འགྲེལ་ལས་ཀྱང༌། གལ་ཏེ་རྨུགས་པ་དང་གཉིད་ཀྱིས་བྱིང་བའམ་སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པར་གྱུར་ན་དེ་ནི་ནང་དུ་སེམས་རྣམ་པར་གཡེང་བ་ཡིན་ནོ། །ཞེས་རྨུགས་པ་དང་གཉིད་ཀྱི་མཐུས་སེམས་བྱིང་ན། ནང་གི་རྣམ་གཡེང་དུ་གསུངས་པའི་ཕྱིར་རོ། །ཀུན་ལས་བཏུས་ལས་ཀྱང༌། བྱིང་བ་ཉེ་ཉོན་གྱི་རྣམ་གཡེང་གི་སྐབས་སུ་བཤད་མོད་ཀྱང༌། དེར་བཤད་པའི་རྣམ་གཡེང་ལ་དགེ་བ་ཡང་བྱུང་བས་ཉོན་མོངས་ཅན་དུ་མ་ངེས་སོ། །དེས་ན་རྨུགས་པ་ནི། ཀུན་ལས་བཏུས་ལས། རྨུགས་པ་གང་ཞེ་ན། གཏི་མུག་གི་ཆར་གཏོགས་པའི་སེམས་ལས་སུ་མི་རུང་བ་ཉིད་དེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །ཞེས་གསུངས་པས། གཏི་མུག་གི་ཆ་ཤས་ལུས་དང་སེམས་ལྕི་ཞིང་ལས་སུ་མི་རུང་བ་ཡིན་ཏེ། མཛོད་འགྲེལ་ལས། རྨུགས་པ་གང་ཞེ་ན། ལུས་ལྕི་བ་ཉིད་དང་སེམས་ལྕི་བ་ཉིད་དེ། ལུས་ལས་སུ་མི་རུང་བ་ཉིད་དང་སེམས་ལས་སུ་མི་རུང་བ་ཉིད་གང་ཡིན་པའོ། །ཞེས་གསུངས་སོ། །བྱིང་བ་ནི། སེམས་ཀྱིས་དམིགས་པ་འཛིན་པའི་འཛིན་སྟངས་ལྷོད་ནས་དམིགས་པ་ཤིན་ཏུ་གསལ་བའམ་དམ་པར་མི་འཛིན་པ་ཡིན་པས། དྭངས་ཆ་ཡོད་


JLD013_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དམིགས་པའི་འཛིན་སྟངས་ཤིན་ཏུ་གསལ་བ་མེད་ན་བྱིང་བར་འགྲོ་སྟེ། སྒོམ་རིམ་བར་པ་ལས། གང་གི་ཚེ་དམུས་ལོང་ལྟ་བུའམ། མི་མུན་པར་ཞུགས་པ་ལྟ་བུའམ། མིག་བཙུམས་པ་ལྟ་བུར་སེམས་ཀྱིས་དམིགས་པ་གསལ་བར་མི་མཐོང་བ་དེའི་ཚེ་བྱིང་བར་གྱུར་བར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཞུང་ཆེ་བ་གཞན་ནས་བྱིང་བའི་མཚན་ཉིད་གསལ་བར་བཟུང་བ་མ་མཐོང་ངོ་། །བྱིང་བ་ལ་ནི་དགེ་བ་དང་ལུང་མ་བསྟན་གཉིས་ཡོད་ལ། རྨུགས་པ་ནི་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་གང་རུང་དང་གཏི་མུག་གི་ཆ་ཤས་ཁོ་ན་ཡིན་ནོ། །གཞུང་ཆེ་བ་རྣམས་ནས་ཀྱང༌། བྱིང་བ་སེལ་བ་ལ་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པ་དགའ་བའི་ཡུལ་ཡིད་ལ་བྱ་བ་དང་སྣང་བ་བསྒོམས་ནས་སེམས་གཟེངས་བསྟོད་དགོས་པར་གསུངས་པས་སེམས་ལ་མུན་པ་བབ་པ་ལྟ་བུའི་ཡུལ་མི་གསལ་བ་དང་བློའི་འཛིན་སྟངས་འཕངས་དམའ་རུ་སོང་བ་རྣམས་བཀག་ནས། དམིགས་པ་གསལ་བ་དང་འཛིན་སྟངས་ཀྱི་གྲིམས་ཆ་གཉིས་ཆར་དགོས་ཀྱི། ཡུལ་གསལ་བ་ཙམ་དང་ཡུལ་ཅན་གྱི་དྭངས་ཆ་ཙམ་གྱིས་མི་ཆོག་གོ །རྒོད་པ་རིག་པར་སླ་ལ། བྱིང་བ་ཁུངས་ཐུབ་པའི་གཞུང་ཆེ་བ་རྣམས་ནས་གསལ་བར་ངོས་མ་བཟུང་བས་ཤེས་དཀའ་བར་སྣང་ཞིང་ཤིན་ཏུ་གལ་ཡང་ཆེ་བར་སྣང་སྟེ། འདི་ལ་ཏིང་ངེ་འཛིན་སྐྱོན་མེད་དུ་འཁྲུལ་ས་ཆེ་བར་སྣང་བའི་ཕྱིར་རོ། །དེའི་ཕྱིར་བློ་ཞིབ་མོས་ཉམས་མྱོང་གི་སྟེང་ནས་སྒོམ་རིམ་དུ་གསུངས་པ་ལྟར་ལེགས་པར་བརྟགས་ལ་


JLD013_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ཟིན་པར་བྱའོ། །བྱིང་རྒོད་རྟོགས་པའི་ཤེས་བཞིན་བསྐྱེད་པའི་ཐབས་ནི། བྱིང་རྒོད་ཀྱི་གོ་བ་ཡོད་པ་ཙམ་གྱིས་མི་ཆོག་གི །བསྒོམས་པའི་ཚེ་ན་བྱིང་རྒོད་བྱུང་མ་བྱུང་ཇི་ལྟ་བ་བཞིན་ཤེས་པའི་ཤེས་བཞིན་བསྐྱེད་ཐུབ་པ་ཞིག་དགོས་སོ། །དེ་ཡང་ཤེས་བཞིན་སྟོབས་ལྡན་རིམ་གྱིས་བསྐྱེད་པས་བྱིང་རྒོད་བྱུང་བའི་དེ་མ་ཐག་ཏུ་དེ་ངོས་ཟིན་པའི་ཤེས་བཞིན་སྐྱེ་ཐུབ་པ་ལྟ་ཅི་སྨོས་ཏེ། དངོས་སུ་མ་སྐྱེས་པར་སྐྱེ་བའི་གྲབས་བྱེད་པ་ནས་རིག་པའི་ཤེས་བཞིན་སྐྱེ་དགོས་ཏེ། སྒོམ་རིམ་ཕྱི་མ་གཉིས་ལས། སེམས་བྱིང་ངམ་བྱིང་དུ་དོགས་པར་མཐོང་ན། ཞེས་པ་དང༌། སེམས་རྒོད་པའམ་རྒོད་དུ་དོགས་པར་མཐོང་བ། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཤེས་བཞིན་ཞིག་མ་སྐྱེས་ཀྱི་བར་དུ་འདི་ནས་འདིའི་བར་ལ་བྱིང་རྒོད་མེད་པའི་སྒོམ་སྐྱོན་མེད་བྱུང་ངོ་ཞེས་ཐག་བཅད་ཀྱང་སྟེང་དུ་མི་འགྲོ་སྟེ། བྱིང་རྒོད་བྱུང་ཡང་ངེས་པར་མི་ནུས་པའི་ཕྱིར་ཏེ། ཤེས་བཞིན་སྟོབས་ལྡན་མ་སྐྱེས་པའི་ཕྱིར་རོ། །དེ་ལྟར་ཡང་དབུས་མཐའ་ལས། བྱིང་དང་རྒོད་པ་རྟོགས་པ་དང༌། །ཞེས་བྱིང་རྒོད་རྟོགས་པ་ལ་ཤེས་བཞིན་དགོས་པར་གསུངས་བའི་ཕྱིར་རོ། །དེ་ལྟར་ན་བྱིང་རྒོད་བྱུང་ན་མི་རིག་པ་མི་སྲིད་པའི་ཤེས་བཞིན་མ་སྐྱེས་ན། དུས་རིང་པོར་བསྒོམ་ལོ་བྱས་ཀྱང་བྱིང་རྒོད་བྱུང་བཞིན་དུ་མི་ཚོར་བར་བྱིང་རྒོད་ཕྲ་མོས་དུས་འདའ་བ་ཡིན་ནོ། །འོ་ན་ཤེས་བཞིན་དེ་ཇི་ལྟར་བསྐྱེད་སྙམ་ན་འདི་ལ་སྔར་བསྟན་པའི་དྲན་པའི་སྐྱོང་ལུགས་དེ་རྒྱུ་གལ་ཆེ་ཤོས་ཅིག་ཡིན་ཏེ། འདི་ལྟར་དྲན་པ་རྒྱུན་ལྡན་པ་དེ་བསྐྱེད་ནུས་ན་དམིགས་པ་བརྗེད་ནས་ཡེངས་ཏེ་འགྲོ་བ་དགག་པར་


JLD013_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པས། བྱིང་རྒོད་སྐྱེས་པ་ཡུན་རིང་པོར་མི་ཚོར་བ་ལྡོག་པས། བྱིང་རྒོད་རྟོགས་སླ་བའི་ཕྱིར་ཏེ། དྲན་པ་ཉམས་པའི་དུས་ཀྱི་བྱིང་རྒོད་རིག་པ་དང་མ་ཉམས་པའི་དུས་ཀྱི་བྱིང་རྒོད་རིག་པའི་དུས་རིང་ཐུང་གཉིས་མྱོང་བ་ལ་བསྐོར་ནས་བལྟས་ན་ཆེས་གསལ་ལོ། །དེ་ལ་དགོངས་ནས་སྤྱོད་འཇུག་ལས་ཀྱང༌། གང་ཚེ་དྲན་པ་ཡིད་སྒོ་ནས། །བསྲུང་བའི་དོན་དུ་གནས་གྱུར་པ། །དེ་ཚེ་ཤེས་བཞིན་འོང་འགྱུར་ཞིང༌། །ཞེས་པ་དང༌། དབུས་མཐའི་འགྲེལ་བཤད་ལས་ཀྱང༌། ཤེས་བཞིན་ནི་དྲན་པ་མ་བརྗེད་པར་གྱུར་ན་བྱིང་བ་དང་རྒོད་པ་རྟོགས་པའོ། །ཞེས་བྱ་བ་ནི་དྲན་པ་ཉེ་བར་གནས་པ་ཤེས་བཞིན་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་དྲན་པ་མ་བརྗེད་པར་གྱུར་ན་ཞེས་བྱ་བ་སྨོས་ཏེ། ཞེས་གསུངས་སོ། །རྒྱུ་གཅིག་ནི་ཤེས་བཞིན་གྱི་སྐྱོང་ལུགས་ཐུན་མོང་མ་ཡིན་པ་ཡིན་ཏེ། དེ་ནི་སེམས་ལྷ་སྐུ་སོགས་གཟུང་བའི་རྣམ་པ་ལ་དམིགས་པའམ་མྱོང་བ་རིག་ཙམ་གསལ་ཙམ་སོགས་འཛིན་པའི་རྣམ་པ་ལ་དམིགས་ནས་སྔར་བཤད་པ་བཞིན་དྲན་པ་བསྟེན་པའི་ངང་ནས། དེ་ལས་གཞན་དུ་འཕྲོ་མི་འཕྲོ་ལ་བྱ་ར་ཐུ་རེ་བྱས་ནས་སེམས་འཛིན་པ་ཡིན་ཏེ། འདི་ནི་ཤེས་བཞིན་སྐྱོང་བའི་གནད་དུ་བཟུང་ངོ་། །དེ་ལྟར་ཡང་སྤྱོད་འཇུག་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་དེ་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །དེས་ན་འདིས་ནི་བྱིང་རྒོད་སྐྱེ་བའི་གྲབས་བྱེད་པ་ནས་རིག་པའི་ཤེས་བཞིན་བསྐྱེད་ལ། དྲན་པ་


JLD013_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་ཚུལ་གྱིས་ནི་ཡེངས་ནས་འགྲོ་བའི་བརྗེད་ངས་འགོག་པ་ཡིན་པས་ལེགས་པར་དམིགས་ཕྱེད་པ་ཞིག་དགོས་སོ། །དེ་ལྟ་མ་ཡིན་པར་བློ་དེ་རྣམས་ཐམས་ཅད་གཅིག་ཏུ་འདྲེས་ནས་དམིགས་ཕྱེད་པའི་གོ་བ་མེད་པར། དེང་སང་སྐྱོང་བ་བཞིན་དུ་བསྐྱངས་ན། རྒྱུ་ཐམ་ཐོམ་གྱིས་བསྒྲུབས་པའི་འབྲས་བུ་ཏིང་ངེ་འཛིན་ཀྱང་དེ་འདྲ་ཞིག་བྱུང་དུ་དོགས་སོ། །དེས་ན་གཞུང་ཁུངས་ཐུབ་ཆེན་མོ་རེ་དང་བསྟུན་ཏེ་ཤིན་ཏུ་ཞིབ་པའི་རྣམ་དཔྱོད་ཀྱིས་དཔྱད་ནས་ཉམས་ལེན་གྱིས་གཏན་ལ་ཕབ་པ་ཞིག་ཤིན་ཏུ་གལ་ཆེ་ཡི། སྙིང་རུས་ཙམ་ལ་རེ་བར་མི་བྱ་སྟེ། ཕར་ཕྱིན་བསྡུས་པ་ལས། བརྩོན་འགྲུས་གཅིག་པུ་བྱས་པ་ངལ་བའི་མཐའ། །ཤེས་རབ་གྲོགས་ཀྱིས་བསྐྱངས་ན་དོན་ཆེན་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ངོས་ཟིན་ཀྱང་དེ་སྤོང་བའི་ཕྱིར་དུ་མི་རྩོལ་བའི་གཉེན་པོ་བསྟེན་པ་ནི། སྔར་བཤད་པ་ལྟར་དྲན་པ་དང་ཤེས་བཞིན་གྱི་སྐྱོང་ལུགས་ལེགས་པར་བྱས་པས་དྲན་ཤེས་ཤིན་ཏུ་སྟོབས་དང་ལྡན་པ་སྐྱེས་ཏེ། བྱིང་རྒོད་ཤིན་ཏུ་ཕྲ་བའང་ཤེས་བཞིན་གྱིས་རིག་པར་ནུས་པས། བྱིང་རྒོད་བྱུང་བ་ངོས་མི་ཟིན་པའི་སྐྱོན་མེད་ཀྱང༌། དེ་གཉིས་བྱུང་མ་ཐག་ནས་འགོག་པའི་རྩོལ་བ་མི་བསྟེན་པར་དང་དུ་ལེན་པའི་མི་རྩོལ་བའམ་འདུ་མི་བྱེད་པ་ནི་ཏིང་ངེ་འཛིན་གྱི་སྐྱོན་ཤིན་ཏུ་ཆེ་བ་ཡིན་ཏེ། དེ་ལྟར་བྱས་ན་བློ་ལང་དུ་སོང་ནས་བྱིང་རྒོད་དང་བྲལ་བའི་ཏིང་ངེ་འཛིན་བསྐྱེད་པར་ཤིན་ཏུ་དཀའ་བའི་ཕྱིར་རོ། །དེས་ན་བྱིང་རྒོད་བྱུང་བ་སྤོང་བ་ལ་འདུ་མི་བྱེད་པའི་གཉེན་པོར་འདུ་བྱེད་པའམ་རྩོལ་བ་ཞེས་བཏགས་པའི་


JLD013_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པ་བསྒོམ་པར་བྱའོ། །འདི་ལ་གཉིས། སེམས་པ་ངོས་བཟུང་ཞིང་བྱིང་རྒོད་འགོག་པའི་ཚུལ་དང༌། གང་ལ་བརྟེན་ནས་བྱིང་རྒོད་སྐྱེ་བའི་རྒྱུ་ངོས་བཟུང་བའོ། །དང་པོ་ནི། ཀུན་ལས་བཏུས་ལས། སེམས་པ་གང་ཞེན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ཡང་དཔེར་ན་རྡོ་ཁབ་ལེན་གྱི་དབང་གིས་ལྕགས་རང་དབང་མེད་པར་གཡོ་བ་ལྟར། སེམས་དགེ་མི་དགེ་ལུང་མ་བསྟན་གསུམ་པོ་གང་རུང་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་བྱུང་ནི་སེམས་པ་ཡིན་པས། འདིར་ནི་བྱིང་རྒོད་གང་རུང་བྱུང་བ་ན་དེ་སྤོང་བ་ལ་སེམས་མངོན་པར་འདུ་བྱེད་པའི་སེམས་པ་བཟུང་ངོ་། །འོ་ན་དེ་ལྟར་བྱིང་རྒོད་སྤོང་བ་ལ་སེམས་མངོན་པར་བསྐུལ་ནས་བྱིང་རྒོད་འགོག་ཚུལ་ཅི་འདྲ་བ་ཞིག་བྱེད་ཅེ་ན། འདི་ལ་སེམས་བྱིང་བ་ནི། ཧ་ཅང་ནང་དུ་བསྡུས་དྲགས་ནས་དམིགས་པའི་འཛིན་སྟངས་ཤོར་བ་ཡིན་པས། དེ་ལ་ནི་སེམས་ཕྱིར་ལ་འཕྲོ་བའི་རྒྱུར་གྱུར་པ་དགའ་བའི་དངོས་པོ་ཡིད་ལ་བྱ་སྟེ། དེ་ཡང་སངས་རྒྱས་ཀྱི་སྐུ་ཤིན་ཏུ་མཛེས་པ་ལྟ་བུ་ཡིན་གྱི། ཉོན་མོངས་སྐྱེ་བའི་དགའ་བ་མིན་ནོ། །ཡང་ན་ཉི་འོད་ལ་སོགས་པའི་སྣང་བའི་མཚན་མ་ཡིད་ལ་བྱས་ལ་བྱིང་བ་སངས་པ་ན་དེ་མ་ཐག་ནས་དམིགས་པའི་འཛིན་སྟངས་དམ་པར་བྱས་ལ་བསྐྱང་སྟེ། སྒོམ་རིམ་དང་པོ་ལས། ཇི་སྟེ་གང་གི་ཚེ་རྨུགས་པ་དང་གཉིད་ཀྱིས་


JLD013_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ནོན་ཏེ་དམིགས་པ་འཛིན་པ་ལ་མི་གསལ་ཞིང་སེམས་བྱིང་བར་གྱུར་པ་དེའི་ཚེ། སྣང་བའི་འདུ་ཤེས་བསྒོམ་པའམ་མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་བྱིང་བ་བསལ་ལ་དམིགས་པ་དེ་ཉིད་དམ་དུ་བཟུང་ངོ་། །ཞེས་གསུངས་པ་ལྟར་རོ། །འདི་ལ་སྐྱོ་བའི་དམིགས་པ་བསྒོམ་པར་མི་བྱ་སྟེ། སྐྱོ་ཤས་ནི་སེམས་ནང་དུ་སྡུད་པའི་རྒྱུ་ཡིན་པའི་ཕྱིར་རོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་གང་ལ་དཔྱོད་པར་འདོད་པའི་ཡུལ་ལ་དཔྱད་ནས་སྤྲོས་ནའང་བྱིང་བ་ལྡོག་སྟེ། ཕར་ཕྱིན་བསྡུས་པ་ལས། ལྷག་མཐོང་བརྩོན་པའི་སྟོབས་ཀྱི་མཐུས། །ཞུམ་པར་གྱུར་ན་གཟེངས་ཀྱང་བསྟོད། །ཅེས་གསུངས་སོ། །དེ་ལྟར་བྱིང་བའམ་ཞུམ་པ་ནི་དམིགས་པའི་འཛིན་སྟངས་འཕངས་དམའ་རུ་སོང་བས་བྱིང་བ་དང་ཧ་ཅང་ནང་དུ་བསྡུས་པས་ན་ཞུམ་པ་ཞེས་བྱ་བ་ཡིན་པས། འཛིན་སྟངས་བསྟོད་པ་དང་དམིགས་པ་རྒྱ་བསྐྱེད་ནས་སྤྲོས་པས་ལྡོག་པ་ཡིན་ཏེ། དབུ་མ་སྙིང་པོ་ལས། ཞུམ་པ་དམིགས་པ་རྒྱ་ཆེན་དག །བསྒོམས་པས་ཡངས་པ་ཉིད་དུ་བྱ། །ཞེས་དང༌། ཞུམ་པ་ཡང་ནི་བརྩོན་འགྲུས་ཀྱི། །ཕན་ཡོན་མཐོང་བས་གཟེངས་བསྟོད་བྱ། །ཞེས་དང༌། བསླབ་བཏུས་ལས་ཀྱང༌། དེ་ལ་ཡིད་ཞུམ་ན་དགའ་བ་བསྒོམས་ནས་གཟེངས་བསྟོད་པར་བྱའོ། །ཞེས་མཁས་གྲུབ་ཆེན་པོ་རྣམས་ཀྱིས་མཐུན་པར་གསུངས་པས། བྱིང་བ་འགོག་པའི་གཉེན་པོ་གལ་ཆེ་ཤོས་ནི། དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དང་དལ་བ་ཐོབ་པ་དོན་ཆེ་བ་སོགས་ཀྱི་ཡོན་ཏན་བསམས་པ་ན། གཉིད་ཡུར་བའི་གདོང་དུ་


JLD013_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གྲང་མོ་བཏབ་ན་རིག་པ་སིང་ཡེར་གྱིས་འགྲོ་བ་ལྟར་འགྲོ་ཐུབ་པ་ཞིག་དགོས་ཏེ། འདི་ནི་ཕན་ཡོན་གྱི་ཕྱོགས་རྣམས་ལ་སོ་སོར་རྟོག་པའི་དཔྱད་སྒོམ་གྱིས་མྱོང་བ་ཐོན་པ་ལ་རག་ལས་སོ། །གང་ལ་བརྟེན་ནས་བྱིང་བ་སྐྱེ་བར་འགྱུར་བའི་རྒྱུ་རྨུགས་པ་དང་གཉིད་དང་དེ་གཉིས་འདྲེན་པའི་ཆོས་སེམས་མུན་པའི་རྣམ་པ་ཅན་དུ། སྣང་བ་གོམས་པའི་གཉེན་པོ་བསྟེན་ནའང་དེ་དག་ལ་བརྟེན་པའི་བྱིང་བ་མི་སྐྱེ་ཞིང་སྐྱེས་པ་ལྡོག་པར་འགྱུར་རོ། །འདི་ལ་སྤྱོད་ལམ་ནི་འཆག་པ་དང་སྣང་བའི་མཚན་མ་ལེགས་པར་ཡིད་ལ་བཟུང་ནས་ཡང་དང་ཡང་དུ་གོམས་པར་བྱེད་པ་དང༌། སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཚུལ་ཁྲིམས་དང་གཏོང་བ་དང་ལྷ་རྗེས་སུ་དྲན་པ་དྲུག་གང་རུང་ངམ། དེ་ལས་གཞན་པའི་དང་བར་འགྱུར་བའི་དམིགས་པ་རྣམས་ཀྱིས་སེམས་ཡང་དག་པར་གཟེངས་བསྟོད་པ་དང༌། རྨུགས་གཉིད་ཀྱི་ཉེས་དམིགས་སྟོན་པའི་ཆོས་རྣམས་ཁ་ཏོན་དུ་འདོན་པ་དང་ཕྱོགས་རྣམས་དང་ཟླ་སྐར་ལ་བལྟ་བ་དང་གདོང་ཆུས་འཁྲུ་བ་སོགས་བྱ་བར་ཉན་ས་ལས་བཤད་དོ། །དེ་ཡང་བྱིང་བ་ཤིན་ཏུ་སྲབ་པ་དང་ལན་རེ་ཙམ་ལས་མི་འོང་ན་སེམས་ཀྱི་འཛིན་སྟངས་གྲིམས་པར་བྱས་ཏེ་བསྒོམ་པར་བྱ་ལ། བྱིང་བ་འཐུག་པ་དང་ཡང་ཡང་འོང་བར་སྣང་ན་ཏིང་ངེ་འཛིན་བསྒོམ་པའི་འཕྲོ་བཤོལ་ལ། གཉེན་པོ་དེ་རྣམས་ཅི་རིགས་པར་བསྟེན་ནས་བྱིང་བ་སངས་པ་དང་བསྒོམ་པར་བྱའོ། །སེམས་གང་ལ་བཟུང་བའི་ཁ་ནང་ལྟ་དང་ཕྱིར་ལྟའི་དམིགས་པ་མི་གསལ་བར་སེམས་ལ་


JLD013_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པ་བབ་པ་ལྟ་བུའི་རྣམ་པ་སྲབ་འཐུག་གང་རུང་སྣང་ན་དེ་མ་བསལ་བར་བསྒོམས་ན་བྱིང་བ་བཅད་དཀའ་བས་དེའི་གཉེན་པོར་འོད་ཀྱི་སྣང་བ་ཡང་ཡང་བསྒོམ་པར་བྱ་སྟེ། ཉན་ས་ལས། སྣང་བ་དང་ལྡན་པ་དང་འོད་དང་ལྡན་པ་དང་འོད་གསལ་བ་དང་མུན་པ་མེད་པའི་སེམས་ཀྱིས་ཞི་གནས་དང་ལྷག་མཐོང་ཡང་དག་པར་སྒོམས་ཤིག །ཁྱོད་དེ་ལྟར་ཞི་གནས་དང་ལྷག་མཐོང་གི་ལམ་ལ་སྣང་བའི་འདུ་ཤེས་བསྒོམ་པ་ན། གལ་ཏེ་དང་པོ་ཉིད་ནས་དམིགས་པ་ལ་མོས་པ་རྣམ་པར་མི་གསལ་ཞིང་སྣང་བ་ཆུང་བར་གྱུར་ན་ཡང་བསྒོམ་པ་གོམས་པར་བྱས་པའི་རྒྱུ་དེ་དང་རྐྱེན་དེས་དམིགས་པ་དེ་ལ་མོས་པ་རྣམ་པར་གསལ་བ་དང་སྣང་བ་ཆེན་པོ་ཉིད་དུ་འགྱུར་རོ། །གལ་ཏེ་དང་པོ་ཉིད་ནས་རྣམ་པར་གསལ་བ་དང་སྣང་བ་ཆེན་པོར་གྱུར་པ་ཡིན་ན་ནི། དེ་ཕྱིར་ཞིང་རྒྱ་ཆེར་ཤིན་ཏུ་རྣམ་པར་གསལ་བ་དང་ཤིན་ཏུ་སྣང་བ་ཆེན་པོ་ཉིད་དུ་ཡང་འགྱུར་རོ། །ཞེས་ཐོག་མ་ནས་དམིགས་པ་གསལ་ནའང་བསྒོམ་པར་བྱ་བར་གསུངས་ན་མི་གསལ་ན་ལྟ་ཅི་སྨོས་པའི་ཕྱིར་རོ། །སྣང་བའི་མཚན་མ་ཇི་འདྲ་བ་ཞིག་བཟུང་བ་ཡང༌། དེ་ཉིད་ལས། མར་མེའི་འོད་ལས་སམ་མེའི་ཕུང་པོའི་འོད་ལས་སམ་ཉི་མའི་དཀྱིལ་འཁོར་ལས་སྣང་བའི་མཚན་མ་ཟུངས་ཤིག །ཅེས་གསུངས་པ་ལྟར་རོ། །སྣང་བའི་མཚན་མ་བསྒོམ་པ་འདི་ནི་ཏིང་ངེ་འཛིན་གྱི་དུས་ཁོ་ནར་མ་ཟད་པས་གཞན་དུ་ཡང་བྱའོ། །རྒོད་པ་ནི་ཆགས་པའི་སྒོ་ནས་གཟུགས་སྒྲ་སོགས་ཀྱི་ཡུལ་ལ་སེམས་རྒྱུག་པ་ཡིན་པས། དེ་ལ་ནི་ཡིད་ནང་དུ་སྡུད་པའི་རྒྱུ་ཡིད་འབྱུང་


JLD013_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དངོས་པོ་ཡིད་ལ་བྱ་ལ། དེས་རྒོད་པ་ཞི་མ་ཐག་སྔར་གྱི་དམིགས་པ་ལ་སེམས་མཉམ་པར་བཞག་སྟེ། སྒོམ་རིམ་དང་པོ་ལས། གང་གི་ཚེ་སྔོན་རྒོད་པ་དང་རྩེ་བ་ལ་སོགས་པ་དྲན་ཞིང་བར་བར་དུ་སེམས་རྒོད་པར་མཐོང་བ་དེའི་ཚེ་མི་རྟག་པ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱེད་པས་རྒོད་པ་ཞི་བར་བྱའོ། །དེ་ནས་ཡང་དམིགས་པ་དེ་ཉིད་ལ་སེམས་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ལ་འབད་པར་བྱའོ། །ཞེས་དང༌། དབུ་མ་སྙིང་པོ་ལས་ཀྱང༌། རྒོད་པ་མི་རྟག་ལ་སོགས་པ། །ཡིད་ལ་བྱེད་པས་ཞི་བར་བྱ། །ཞེས་དང༌། གཡེངས་པ་གཡེངས་པའི་མཚན་མ་ལ། །ཉེས་དམིགས་བལྟ་བས་བསྡུ་བར་བྱ། །ཞེས་དང༌། བསླབ་བཏུས་ལས་ཀྱང༌། རྒོད་པར་གྱུར་ན་མི་རྟག་པ་ཡིད་ལ་བྱ་བས་རབ་ཏུ་ཞི་བར་བྱའོ། །ཞེས་གསུངས་པས། རྒོད་པ་ཤུགས་དྲག་པའམ་རྒྱུན་རིང་བ་བྱུང་ན་རེ་ཞིག་ལ་བསྒོམ་པ་གློད་ལ་སྐྱོ་ཤས་བསྒོམ་པ་གནད་དུ་འགྲོ་བ་ཡིན་གྱི། སེམས་འཕྲོས་རེས་ཀྱིས་བཀུག་ཅིང་འཇོག་པ་མིན་ནོ། །རྒོད་པ་དེ་ཙམ་དུ་ཤས་མི་ཆེ་བ་ལ་ནི་འཕྲོས་པ་དེ་བཀུག་ནས་དམིགས་པ་ལ་གདགས་པར་བྱ་སྟེ། ཕར་ཕྱིན་བསྡུས་པ་ལས། རྒོད་པར་གང་ཚེ་གྱུར་པའི་ཡིད། །ཞི་གནས་ཚུལ་གྱིས་བཟློག་པར་བྱ། །ཞེས་དང༌། མདོ་ལས། སེམས་རབ་ཏུ་འཇོག་གོ །ཞེས་གསུངས་པ་རྒོད་པའི་གཉེན་པོར་ས་སྡེ་ལས་གསུངས་པས་སོ། །སྤྱི་ཙམ་ནས་སེམས་རྒོད་ན་དམིགས་པ་ལ་རབ་ཏུ་འཇོག་པ་དང་སེམས་བྱིང་ན་དགའ་བའི་ཡུལ་ལ་རབ་


JLD013_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འཛིན་པ་གཉིས་གསུངས་ཏེ། ཉན་ས་ལས། དེ་ལྟར་སེམས་ནང་དུ་མངོན་པར་བསྡུས་པ་ན་དེ་ཞུམ་པར་གྱུར་པའམ་ཞུམ་པར་དོགས་པར་མཐོང་བ་དེའི་ཚེ་ན། རབ་ཏུ་འཛིན་པའི་མཚན་མ་དང་བར་འགྱུར་བ་གང་ཡང་རུང་བས་རབ་ཏུ་འཛིན་པར་བྱེད་ཅིང་རབ་ཏུ་དགའ་བར་བྱེད་པ་སྟེ། དེ་ནི་སེམས་རབ་ཏུ་འཛིན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་རབ་ཏུ་འཇོག་པར་བྱེད་པ་ཡིན་ཞེ་ན། རབ་ཏུ་འཛིན་པའི་དུས་ན་སེམས་རྒོད་པའམ་རྒོད་པར་དོགས་པར་མཐོང་བ་དེའི་ཚེ་ནའང་། སེམས་ནང་དུ་མངོན་པར་སྡུད་པར་བྱེད་ཅིང་ཞི་གནས་ལ་རབ་ཏུ་འཇོག་པར་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །སེམས་རྒོད་པ་ལ་ནི་དང་ཞིང་དགའ་བའི་ཡུལ་ཡིད་ལ་མི་བྱ་སྟེ། དེ་ནི་ཕྱི་རོལ་ཏུ་གཡེང་བའི་རྒྱུ་ཡིན་པའི་ཕྱིར་རོ། །བྱིང་རྒོད་སྐྱེ་བའི་རྒྱུ་ངོས་བཟུང་བ་ནི། སའི་དངོས་གཞི་ལས། བྱིང་བའི་མཚན་མ་གང་ཞེ༌ན། དབང་པོའི་སྒོ་མ་བསྲུངས་པ་དང་ཁ་ཟས་ཀྱི་ཚོད་མ་ཟིན་པ་དང་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བའི་སྦྱོར་བ་ལ་མི་བརྩོན་པ་དང་ཤེས་བཞིན་མ་ཡིན་པར་གནས་པ་དང༌། གཏི་མུག་སྤྱོད་པ་དང་གཉིད་ཆེ་བ་དང་ཐབས་མི་ཤེས་པ་དང་ལེ་ལོ་དང་ལྡན་པའི་འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པ་དང་ཞི་གནས་ལ་གོམས་པ་དང༌། ཞི་གནས་ཡོངས་སུ་བྱང་བར་མ་བྱས་པའི་ཞི་གནས་ཀྱི་ཕྱོགས་གཅིག་ཡིད་ལ་བྱེད་པ་དང་སེམས་མུན་པ་ལྟ་བུར་འདུག་པ་དང་དམིགས་པ་ལ་གཏོད་པར་མི་དགའ་བའོ། །ཞེས་གསུངས་ཏེ། བྱིང་བའི་མཚན་མ་ནི་འདིར་བྱིང་བའི་རྒྱུ་ལ་གོ་བར་བྱའོ། །དེ་ལ་ལེ་ལོ་དང་ལྡན་


JLD013_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་པ་ནི་བརྩོན་འགྲུས་དང་སེམས་དང་དཔྱོད་པ་གསུམ་ལ་ཡང་སྦྱར་རོ། །ཡང་དེ་ཉིད་ལས། རྒོད་པའི་མཚན་མ་གང་ཞེ་ན། སྔ་མ་བཞིན་དུ་དབང་པོའི་སྒོ་མ་བསྲུངས་པ་ལ་སོགས་པ་བཞི་དང༌། འདོད་ཆགས་ལ་སྤྱོད་པ་དང་ཉེ་བར་མ་ཞི་བའི་ཚུལ་ཅན་དང་སེམས་སྐྱོ་བ་མེད་པ་དང་ཐབས་མི་ཤེས་པ་དང༌། སྔ་མ་བཞིན་དུ་ཧ་ཅང་རབ་ཏུ་འཛིན་པ་དང་ལྡན་པའི་འདུན་པ་ལ་སོགས་པ་དང༌། བརྩོན་པ་ལ་མ་གོམས་པ་དང་རབ་ཏུ་འཛིན་པ་ལ་བྱང་བར་མ་བྱས་པའི་དེའི་ཕྱོགས་གཅིག་བསྒོམས་པ་དང༌། ཉེ་དུ་ལ་རྟོག་པ་ལ་སོགས་པ་རྒོད་པ་དང་མཐུན་པའི་ཆོས་གང་ཡང་རུང་བས་སེམས་རྣམ་པར་གཡེངས་པའོ། །ཞེས་གསུངས་ཏེ། རྒོད་པའི་མཚན་མ་ནི་རྒོད་པའི་རྒྱུའོ། །ཧ་ཅང་རབ་ཏུ་འཛིན་པ་ནི་དགའ་བའི་ཡུལ་ལ་སེམས་བཟུང་དྲགས་པ་སྟེ། དེ་དང་ལྡན་པའི་འདུན་པ་སོགས་སྔར་བཤད་པ་བཞིའོ། །དེ་ལྟར་ན་སྔར་ཐུན་མཚམས་ཀྱི་ཉམས་ལེན་གྱི་སྐབས་སུ་བསྟན་པའི་དབང་པོའི་སྒོ་སྡོམ་པ་སོགས་བཞི་ནི་བྱིང་རྒོད་གཉིས་ཀ་འགོག་པ་ལ་གལ་ཆེ་ཞིང༌། གཞན་ཡང་རྒྱུ་དེ་རྣམས་ཤེས་པར་བྱས་ནས་དེ་དག་འགོག་པ་ལ་བརྩོན་པར་བྱས་ན་བྱིང་རྒོད་གཅོད་པ་ལ་ཤིན་ཏུ་ཕན་ཆེ་བར་གསལ་ལོ། །དེས་ན་བྱིང་རྒོད་ཆ་ཕྲ་མོ་ཡང་ཤེས་བཞིན་གྱིས་རིག་པར་བྱ་ལ་དེ་གཉིས་ཇི་འདྲ་ཞིག་ཡིན་ཀྱང་དང་དུ་མི་བླང་བར་རྣམ་པ་ཐམས་ཅད་དུ་དགག་དགོས་ཏེ། དེ་མ་བྱས་ན་མངོན་པར་འདུ་མི་བྱེད་པ་ཞེས་པའི་ཏིང་ངེ་འཛིན་གྱི་སྐྱོན་ཡིན་པར་དབུས་མཐའ་ལས་


JLD013_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར་རོ། །དེས་ན་རྒོད་པ་དང་རྣམ་པར་གཡེང་བ་སོགས་ཕྲ་མོ་རྣམས་ཐོག་མའི་དུས་སུ་བཅད་ཀྱང་མི་ཆོད་པས་གཅད་པར་མི་བྱའོ་སྙམ་ནས་ཡལ་བར་འདོར་བ་དང༌། དེ་རྣམས་ཤུགས་དྲག་པ་དང་ཧ་ཅང་རྒྱུན་རིང་བའི་ལུ་གུ་རྒྱུད་མེད་ན། ཤུགས་ཞན་པ་དང་རྒྱུན་ཐུང་ངེ་བས་ནི་ལས་མི་གསོག་པས་བཅད་མི་དགོས་སོ་སྙམ་ནས། དེ་དག་སྤོང་བའི་ཕྱིར་དུ་མངོན་པར་འདུ་མི་བྱེད་པ་དེ་དག་གིས་ནི་ཏིང་ངེ་འཛིན་རྣམ་དག་བསྒྲུབ་པའི་ཚུལ་མི་ཤེས་བཞིན་དུ་ཤེས་པར་བཅོས་ནས་ཏིང་ངེ་འཛིན་དོན་དུ་གཉེར་བ་རྣམས་བསླུ་བ་ཡིན་ཏེ། རྗེ་བཙུན་བྱམས་པ་ལ་སོགས་པས་ཏིང་ངེ་འཛིན་བསྒྲུབ་པའི་ཚུལ་གཏན་ལ་ཕབ་པའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། །དེ་ལྟར་བྱིང་རྒོད་འགོག་པ་ལ་ཡང་། ཕལ་ཆེ་བ་ལ་ཐོག་མར་རྒོད་པ་དང་རྣམ་པར་གཡེང་བས་བར་དུ་གཅོད་པས། དེ་གཅོད་པ་ལ་འབད་དགོས་ལ། དེ་ལྟར་འབད་པས་རྒོད་པ་དང་གཡེང་བ་རགས་པ་ཞིག་ལོག་པ་ན་གནས་ཆ་ཅུང་ཟད་རྙེད་པར་འགྱུར་ཞིང་། དེའི་ཚེ་ནི་བྱིང་བའི་ཟོན་བྱ་བ་ལ་འབད་དོ། །རིག་པ་ལ་ཤུགས་བཏོན་ནས་བྱིང་ཟོན་བྱས་པ་ན། སླར་ཡང་རྒོད་པ་སྔར་ལས་ཕྲ་བ་ཞིག་གིས་གནས་པ་ལ་བར་དུ་གཅོད་པར་འགྱུར་བས། དེ་གཅོད་པ་ལ་འབད་ཅིང་དེ་ལོག་པ་ན་གནས་ཆ་ཆེ་རུ་འགྲོ་ལ། དེའི་ཚེ་ཡང་བྱིང་བ་སྐྱེ་བར་འགྱུར་བས་བྱིང་བ་གཅོད་པ་ལ་འབད་དོ། །མདོར་ན་འཕྲོ་རྒོད་ལས་སེམས་བླན་ཏེ་ནང་དུ་དམིགས་པ་ལ་གདགས་ལ་གནས་ཆ་བཙལ། གནས་ཆ་ནམ་བྱུང་རེས་ཀྱིས་བྱིང་ཟོན་ཆེན་པོ་བྱས་ཏེ་གསལ་


JLD013_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངར་གདོན། དེ་གཉིས་རེ་མོས་སུ་བྱས་ནས་ཏིང་ངེ་འཛིན་སྐྱོན་མེད་བསྒྲུབ་པར་བྱ་ཡི། འཛིན་སྟངས་ཀྱི་ངར་དང་ལྡན་པའི་གསལ་ཆ་མེད་པའི་དྭངས་པ་ཙམ་གྱིས་གནས་ཆ་ལ་རེ་བར་མི་བྱའོ། །གཉིས་པ་བྱིང་རྒོད་དང་བྲལ་བའི་དུས་སུ་ཇི་ལྟར་བྱ་བ་ནི། སྔར་བཤད་པ་ལྟར་བྱིང་རྒོད་ཕྲ་མོ་ཡང་བཅད་དེ་བསྒོམས་པས། ཡང་ན་བྱིང་བ་དང་ཡང་ན་རྒོད་པར་འགྱུར་བའི་མི་མཉམ་པ་མེད་པར་སེམས་མཉམ་པ་ཉིད་དུ་འཇུག་པར་འགྱུར་བའི་ཚེ། འདུ་བྱེད་པའམ་རྩོལ་ན་ཏིང་ངེ་འཛིན་གྱི་སྐྱོན་ཡིན་པས་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ། །དེ་ལྟར་ཡང་སྒོམ་རིམ་བར་པ་ལས། གང་གི་ཚེ་བྱིང་བ་དང་རྒོད་པ་མེད་པར་གྱུར་ཏེ་དམིགས་པ་དེ་ལ་སེམས་རྣལ་དུ་འདུག་པར་མཐོང་བ་དེའི་ཚེ། རྩོལ་བ་གློད་ལ་བཏང་སྙོམས་སུ་བྱ་ཞིང་དེའི་ཚེ་ཇི་སྲིད་འདོད་ཀྱི་བར་དུ་འདུག་པར་བྱའོ། །ཞེས་སོ། །འོ་ན་འདུ་བྱེད་པའམ་རྩོལ་བ་བྱས་པས་སྐྱོན་དུ་འགྱུར་ལུགས་དེ་ཇི་འདྲ་ཡིན་ཞེ་ན། འདི་ནི་སེམས་རྒོད་ན་ནང་དུ་འགུགས་པ་དང་བྱིང་ན་གཟེངས་བསྟོད་དེ་བསྒོམས་པས་ཐུན་འཚམས་པ་རེ་ལ་བྱིང་རྒོད་མི་འབྱུང་བའི་གདེང་ཐོབ་པའི་དུས་སུ་ཐོག་མའི་དུས་བཞིན་དུ་བྱིང་ཟོན་དང་རྒོད་པའི་ཟོན་ཆེན་པོ་བྱས་ཤིང་སྐྱོང་བ་ཡིན་ཏེ། དེ་ལྟར་བྱས་ན་སྒོམ་རིམ་ཕྱི་མ་གཉིས་ལས། གལ་ཏེ་སེམས་མཉམ་པར་ཞུགས་པ་ལ་རྩོལ་བ་བྱས་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ཞེས་གསུངས་པ་ལྟར། གཡེང་བར་འགྱུར་བས་དེའི་ཚེ་གློད་ཤེས་དགོས་


JLD013_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ཡང་རྩོལ་བ་གློད་པ་ཡིན་གྱི་འཛིན་སྟངས་ཀྱི་ངར་གཏོང་བ་མིན་ནོ། །དེས་ན་བཏང་སྙོམས་བསྒོམ་པ་འདི་བྱིང་རྒོད་མ་བྱུང་བའི་སྐབས་ཐམས་ཅད་དུ་བྱེད་པ་མིན་གྱི་བྱིང་རྒོད་ཀྱི་དབལ་ཆོགས་པ་ནས་ཡིན་ཏེ། བྱིང་རྒོད་ཀྱི་དབལ་མ་ཆོགས་པའི་དུས་སུ་བཏང་སྙོམས་ཉིད་མེད་པའི་ཕྱིར་རོ། །འོ་ན་བཏང་སྙོམས་དེ་ཇི་འདྲ་ཞིག་ཡིན་སྙམ་ན། སྤྱིར་བཏང་སྙོམས་ལ་ཚོར་བ་བཏང་སྙོམས་དང་ཚད་མེད་བཞིའི་ཡ་གྱལ་གྱི་བཏང་སྙོམས་དང་འདུ་བྱེད་ཀྱི་བཏང་སྙོམས་གསུམ་གསུངས་པ་ལས། འདི་ནི་འདུ་བྱེད་བཏང་སྙོམས་ཡིན་ལ། དེའི་ངོ་བོ་ནི་ཉན་ས་ལས། དེ་ལ་བཏང་སྙོམས་གང་ཞེ་ན། ཞི་གནས་དང་ལྷག་མཐོང་གི་ཕྱོགས་ཀྱི་དམིགས་པ་ལ་སེམས་ཀུན་ནས་ཉོན་མོངས་པ་མེད་པའི་སེམས་མཉམ་པ་ཉིད་དང་རྣལ་དུ་འབབ་པ་དང་རང་གི་ངང་གིས་འཇུག་པ་དང་སེམས་ཉམས་བདེ་བ་དང་སེམས་ལས་སུ་རུང་བའི་རྗེས་སུ་རྩོལ་བ་མེད་པའི་བྱ་བས་གཏོད་པ་གང་ཡིན་པའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་འདྲ་བའི་བཏང་སྙོམས་ཐོབ་པའི་ཚེ་ཏིང་ངེ་འཛིན་བསྒོམ་པ་ན་བྱིང་རྒོད་མ་བྱུང་བའི་སྐབས་སུ་བཏང་སྙོམས་དེ་མངོན་དུ་བྱས་ལ་རྩོལ་བ་མི་དྲག་པར་གཞག་པར་བྱའོ། །འདིའི་དམིགས་པའི་མཚན་མ་ནི། དེ་ཉིད་ལས། དེ་ལ་བཏང་སྙོམས་ཀྱི་མཚན་མ་གང་ཞེ་ན། དམིགས་པ་གང་གིས་སེམས་བཏང་སྙོམས་སུ་བྱེད་པ་དང་དམིགས་པ་དེ་ཉིད་ལ་བརྩོན་འགྲུས་ཧ་ཅང་ལྷག་པར་རྩོམ་པར་མི་བྱེད་པ་གང་ཡིན་པའོ། །ཞེས་གསུངས་པ་ལྟར་རོ། །བཏང་སྙོམས་བསྒོམ་པའི་དུས་ཀྱང༌།


JLD013_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལས། དེ་ལ་བཏང་སྙོམས་ཀྱི་དུས་གང་ཞེ་ན། ཞི་གནས་དང་ལྷག་མཐོང་གི་ཕྱོགས་ལ་སེམས་བྱིང་བ་དང་རྒོད་པ་མེད་པའི་ཚེ་སྟེ། ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཏིང་ངེ་འཛིན་སྐྱོན་མེད་བསྐྱེད་བའི་ཚུལ་བཤད་པ་དེ་རྣམས་ནི་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་རྗེ་བཙུན་བྱམས་པས་གསུངས་པ་ལྟར་ཡིན་ཏེ། ཇི་སྐད་དུ། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་པར་འགྱུར། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བ་འོ། །ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུ་འོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པ་འོ། །ཞེས་གསུངས་སོ། །དེ་ལ་དེར་གནས་ནི་མི་མཐུན་ཕྱོགས་བསལ་བའི་དོན་དུ་བརྩོན་འགྲུས་རྩོམ་པ་དེར་གནས་པ་སྟེ། དེ་ལ་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་སྐྱེའོ། །དེ་ཡང་མངོན་ཤེས་ལ་སོགས་པའི་དོན་ཐམས་ཅད་འགྲུབ་པར་བྱེད་པའི་རྫུ་འཕྲུལ་གྱི་རྐང་པའམ་གནས་ཡིན་པས་དོན་རྣམས་ཐམས་ཅད་འབྱོར་པར་བྱེད་པའོ། །དེ་འདྲ་བའི་ཏིང་ངེ་འཛིན་དེ་ཇི་ལྟར་བྱས་པས་བསྐྱེད་ན། ཉེས་པ་ལྔ་སྤོང་བའི་ཕྱིར་དུ་འདུ་བྱེད་པའི་འདུ་བྱེད་བརྒྱད་བསྟེན་པའི་རྒྱུ་ལས་སྐྱེའོ། །ཉེས་པ་ལྔ་ནི། སྦྱོར་བའི་ཚེ་ན་ལེ་ལོ་ཉེས་པ་ཡིན་ཏེ། ཏིང་ངེ་འཛིན་ལ་མི་སྦྱོར་བའི་ཕྱིར་རོ། །ཏིང་


JLD013_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་ལ་བརྩོན་པའི་ཚེ་ན་གདམས་པ་བརྗེད་པ་ཉེས་པ་སྟེ། དམིགས་པ་བརྗེད་ན་སེམས་དམིགས་པ་ལ་མཉམ་པར་བཞག་པ་མེད་པའི་ཕྱིར་རོ། །མཉམ་པར་བཞག་པ་ལ་བྱིང་རྒོད་ཉེས་པ་སྟེ། དེ་གཉིས་ཀྱིས་སེམས་ལས་སུ་རུང་བ་མེད་པར་བྱེད་པའི་ཕྱིར་རོ། །བྱིང་རྒོད་བྱུང་བའི་ཚེ་མི་རྩོལ་བ་ཉེས་པ་སྟེ། དེས་དེ་གཉིས་ཞི་བར་མི་བྱེད་པས་སོ། །བྱིང་རྒོད་དང་བྲལ་བའི་ཚེ་འདུ་བྱེད་པའི་སེམས་པ་ཉེས་པ་ཡིན་ཏེ། བྱིང་རྒོད་གཉིས་གཅིག་ཏུ་བྱས་ན་ལྔ་ཡིན་ལ་སོ་སོར་ཕྱེ་ནས་ཉེས་པ་དྲུག་ཏུ་ཡང་སྒོམ་རིམ་རྣམས་ནས་གསུངས་སོ། །དེ་དག་གི་གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་ལས་ལེ་ལོའི་གཉེན་པོར་བཞི་སྟེ། དད་པ་དང་འདུན་པ་དང་རྩོལ་བ་དང་ཤིན་སྦྱངས་སོ། །དེ་ནས་བརྗེད་ངས་དང་བྱིང་རྒོད་དང་འདུ་མི་བྱེད་པ་དང་འདུ་བྱེད་པའི་གཉེན་པོར་ནི་རིམ་པ་ལྟར་དྲན་པ་དང་བྱིང་རྒོད་རྟོགས་པའི་ཤེས་བཞིན་དང་འདུ་བྱེད་པའི་སེམས་པ་དང་རྣལ་དུ་འཇོག་པའི་བཏང་སྙོམས་ཡིན་ཏེ། དེ་དག་ནི་སྔར་རྒྱས་པར་བཤད་ཟིན་ཏོ། །འདི་དག་ནི་ཏིང་ངེ་འཛིན་བསྒྲུབ་པའི་གདམས་པ་མཆོག་ཡིན་པས། སློབ་དཔོན་ཆེན་པོ་ཀཱ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་དང་གཞན་ཡང་རྒྱ་གར་གྱི་མཁས་པ་ཆེན་པོ་རྣམས་ཀྱིས་ཏིང་ངེ་འཛིན་བསྒྲུབ་པའི་སྐབས་དུ་མར་བཤད་ཅིང༌། ལམ་སྒྲོན་གྱི་འགྲེལ་པར་ཡང་ཞི་གནས་བསྒྲུབ་པའི་སྐབས་སུ་བཤད་པས། ལམ་རིམ་པའི་བླ་མ་གོང་མ་རྣམས་ཀྱིས་ཀྱང་རགས་རིམ་རེ་བཤད་སྣང་ནའང་བསམ་གཏན་བསྒོམ་པར་འདོད་པ་རྣམས་ཀྱིས་ཇི་ལྟར་བྱེད་མི་ཤེས་པར་སྣང་བས་རྒྱས་པར་


JLD013_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་ཕབ་པ་ཡིན་ནོ། །འདི་ནི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དྲན་པ་དང་ཤེས་བཞིན་གྱིས་བྱིང་རྒོད་དང་བྲལ་བར་བྱས་ཏེ་སྐྱོང་བའི་གདམས་ངག་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པས། མཚན་ཉིད་ཀྱི་ཐེག་པའི་སྒོས་ཆོས་ཡིན་གྱི་སྔགས་ལ་མི་དགོས་སོ་སྙམ་དུ་གཟུང་བར་མི་བྱ་སྟེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེར་ཡང་གསུངས་པས་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། དཔལ་སམྦུ་ཊིའི་བརྟག་པ་དང་པོའི་རབ་བྱེད་གཉིས་པ་ལས། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ་འགོག་པ་ལ་གནས་པ་ཡང་དག་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྟེ། འདུན་པ་དེས་ཤིན་ཏུ་ཞུམ་པ་དང་གཟེངས་མཐོ་བ་མ་ཡིན་པར་བསྒོམ་པ་དང༌། ཞེས་བརྩོན་འགྲུས་དང་དཔྱོད་པ་དང་སེམས་ཀྱི་ཏིང་ངེ་འཛིན་གསུམ་ལ་ཡང་དེ་ལྟར་གསུངས་སོ། །སྔར་བཤད་པའི་ཏིང་ངེ་འཛིན་ལས་སུ་རུང་བ་དེ་ཉིད་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་བསྒྲུབ་པའི་གཞིར་གྱུར་པས་རྐང་པ་དང་འདྲ་བས་རྫུ་འཕྲུལ་གྱི་རྐང་པ་ཡིན་ལ། དེ་འགྲུབ་པ་ལ་སྒོ་བཞི་སྟེ་འདུན་པ་དྲག་པོས་ཐོབ་པ་དང་། བརྩོན་འགྲུས་རྒྱུན་རིང་པོས་ཐོབ་པ་དང་། དམིགས་པ་རྣམ་པར་འབྱེད་པས་ཏིང་ངེ་འཛིན་ཐོབ་པ་ལ་འདུན་པའི་ཏིང་ངེ་འཛིན་ནས་བརྩོན་འགྲུས་དང་དཔྱོད་པའི་ཏིང་ངེ་འཛིན་ཞེས་ཟེར་ལ། སྔོན་གྱི་ཏིང་ངེ་འཛིན་གྱི་ས་བོན་སེམས་ལ་ཡོད་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཐོབ་པ་ལ་སེམས་ཀྱི་


JLD013_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ཞེས་བྱ་བར་དབུས་མཐའི་འགྲེལ་བཤད་སོགས་ལས་བཤད་དོ། །ཤིན་ཏུ་ཞུམ་པ་ནི་གློད་དྲགས་པ་ཡིན་ལ། ཤིན་ཏུ་གཟེངས་མཐོ་བ་ཞེས་སྦྱར་བ་ནི་བསྒྲིམས་དྲགས་པ་སྟེ་དེ་གཉིས་དང་བྲལ་བར་བསྐྱང་དགོས་པའི་དོན་ནོ། །གཉིས་པ་དེ་ལ་བརྟེན་ནས་སེམས་གནས་སྐྱེ་བའི་རིམ་པ་ལ་གསུམ། སེམས་གནས་སྐྱེ་བའི་རིམ་པ་དངོས། དེ་སྟོབས་དྲུག་གིས་འགྲུབ་ལུགས། དེ་ལ་ཡིད་ལ་བྱེད་པ་བཞི་ཡོད་པའི་ཚུལ་ལོ། །དང་པོ་ལ་སེམས་དགུ་ལས། དེ་དང་དེ་ལ་སེམས་འཇོག་པ་ནི། ཕྱི་རོལ་གྱི་དམིགས་པ་ཐམས་ཅད་ལས་སེམས་ཡང་དག་པར་བསྡུས་ཏེ་ནང་དུ་དམིགས་པ་ལ་གཏོད་པར་བྱེད་པ་སྟེ། མདོ་སྡེའི་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །ཞེས་གསུངས་སོ། །རྒྱུན་དུ་འཇོག་པ་ནི། དང་པོར་གཏད་པའི་སེམས་དེ་ཉིད་གཞན་དུ་མི་གཡེང་བར་དམིགས་པ་དེ་ལ་རྒྱུན་དུ་འཇོག་པ་སྟེ། དེའི་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་སོ། །བླན་ཏེ་འཇོག་པ་ནི། བརྗེད་ངས་ཀྱིས་ཡེངས་ཏེ་ཕྱི་རོལ་དུ་གཡེངས་ན་དེ་ཤེས་པར་བྱས་ནས་སླར་ཡང་དམིགས་པ་དེ་ཉིད་ལ་འདོགས་པ་སྟེ། རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ནི་བླན་པར་བྱ། །ཞེས་སོ། །ཉེ་བར་འཇོག་པ་ནི། སྒོམ་རིམ་དང་པོ་ལས། སེམས་སྔ་མ་གཡེང་བ་ཤེས་ནས་སྤོང་བ་དང་སེམས་འདི་རྣམ་གཡེང་སྤངས་ནས་དམིགས་པ་དེ་ཉིད་ལ་འབད་པས་འཇོག་པ་ལ་བཤད་ལ། ཤེར་ཕྱིན་མན་ངག་ལས། སེམས་རང་བཞིན་གྱིས་རྒྱ་ཆེ་བ་ལས་ཡང་དང་ཡང་དུ་བསྡུས་ཏེ་ཕྲ་བར་བྱས་


JLD013_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོང་ནས་གོང་དུ་འཇོག་པ་ལ་བཤད་དེ། བློ་ལྡན་གོང་ནས་གོང་དུ་ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །ཞེས་གསུངས་པ་དང་མཐུན་ནོ། །ཉན་ས་ལས། དང་པོར་དྲན་པ་ཉེ་བར་བཞག་སྟེ་སེམས་ཕྱི་རོལ་ཏུ་མི་གཡོ་བ་ལ་བཤད་དེ། དྲན་པའི་སྟོབས་བསྐྱེད་ནས་བརྗེད་ངས་ཀྱིས་ཕྱི་རོལ་ཏུ་གཡེང་བར་མི་བྱེད་པའོ། །དུལ་བར་བྱེད་པ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་ཏིང་ངེ་འཛིན་ལ་དགའ་བར་བྱེད་པ་སྟེ། དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །ཞེས་གསུངས་སོ། །ཉན་ས་ལས་ནི། གཟུགས་སོགས་ཡུལ་ལྔ་དང་དུག་གསུམ་དང་སྐྱེས་པ་དང་བུད་མེད་ཀྱི་མཚན་མ་གང་རུང་གིས་སེམས་གཡེངས་ན་དང་པོ་ནས་དེ་དག་ལ་ཉེས་དམིགས་སུ་བཟུང་ནས་མཚན་མ་བཅུ་པོ་དེ་དག་གིས་སེམས་འཕྲོར་མི་སྟེར་བ་ལ་བཤད་དོ། །ཞི་བར་བྱེད་པ་ནི། རྣམ་གཡེང་ལ་སྐྱོན་དུ་བལྟས་ནས་ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད་པ་སྟེ། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །ཞེས་སོ། །ཉན་ས་ལས་ནི། འདོད་པའི་རྣམ་རྟོག་ལ་སོགས་པའི་རྣམ་རྟོག་དང་འདོད་པ་ལ་འདུན་པའི་སྒྲིབ་པ་ལ་སོགས་པའི་ཉེ་བའི་ཉོན་མོངས་ཀྱིས་སེམས་འཁྲུགས་ན། དང་པོ་ནས་དེ་ལ་ཉེས་དམིགས་སུ་བཟུང་ནས་རྣམ་རྟོག་དང་ཉེ་ཉོན་དེ་དག་ལ་སེམས་འཕྲོར་མི་སྟེར་བ་ལ་བཤད་དོ། །རྣམ་པར་ཞི་བར་བྱེད་པ་ནི། ཆགས་སེམས་དང་ཡིད་མི་བདེ་དང་རྨུགས་པ་དང་གཉིད་ལ་སོགས་པ་བྱུང་བ་རྣམས་ཉེ་བར་


JLD013_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་བྱེད་པ་སྟེ། ཆགས་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །ཞེས་སོ། །ཉན་ས་ལས་ནི། བརྗེད་ངས་སྐྱེས་ནས་སྔར་བཤད་པའི་རྣམ་རྟོག་དང་ཉེ་ཉོན་བྱུང་ན་བྱུང་ངོ་ཅོག་དང་དུ་མི་ལེན་པར་སྤོང་བ་ལ་བཤད་དོ། །རྩེ་གཅིག་ཏུ་བྱེད་པ་ནི། འབད་མེད་དུ་འཇུག་པའི་ཕྱིར་དུ་འབད་པར་བྱེད་པ་སྟེ། དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་འཐོབ། །ཅེས་སོ། །དེ་ཡང་ཉན་ས་ལས། མངོན་པར་འདུ་བྱེད་པ་དང་བཅས་པས་བར་དུ་ཆད་པ་མེད་པ་དང༌། རྒྱུན་ཆགས་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་དེ། དེ་ལྟར་ན་རྒྱུད་གཅིག་ཏུ་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་ཞིང༌། སེམས་བརྒྱད་པའི་མིང་འདོགས་ཀྱང་རྒྱུད་གཅིག་ཏུ་བྱེད་པ་ཞེས་གསུངས་ཏེ། མིང་གིས་དོན་གོ་སླ་བར་སྣང་ངོ་། །མཉམ་པར་འཇོག་པ་ནི། སེམས་མཉམ་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པ་ལ་སྒོམ་རིམ་ནས་གསུངས་ལ། རྒྱུད་གཅིག་ཏུ་བྱེད་པ་གོམས་པས་ལྷུན་གྲུབ་ཏུ་རང་གི་ངང་གིས་འཇུག་ཅིང་རང་དབང་ཐོབ་པ་ལ་ཤེར་ཕྱིན་མན་ངག་ལས་གསུངས་སོ། །དེ་ལྟར་ཡང༌། དེ་གོམས་པ་ལས་འདུ་མི་བྱེད། །ཅེས་སོ། །ཉན་སར་ཏིང་ངེ་འཛིན་དུ་བྱེད་པ། ཞེས་གསུངས་ཤིང་། དེའི་དོན་ཡང་དེ་ཉིད་ལས། ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ལྷུན་གྱིས་གྲུབ་པར་འཇུག་པ་དང་རང་གི་ངང་གིས་འཇུག་པའི་ལམ་ཐོབ་ཅིང༌། མངོན་པར་འདུ་བྱེད་པ་མེད་པ་དང་ལྷུན་གྱིས་གྲུབ་པ་དེ་ཉིད་ཀྱིས་དེའི་སེམས་


JLD013_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཡེང་བ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇུག་པར་འགྱུར་ཏེ། དེ་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ནོ། །ཞེས་གསལ་བར་གསུངས་སོ། །སེམས་དགུའི་མིང་འདོགས་དེ་དག་ནི། སྒོམ་རིམ་དང་པོ་ལས། ཞི་གནས་ཀྱི་ལམ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་བཤད་དེ། ཞེས་སོགས་དྲངས་པ་ལྟར་བྱས་པའོ། །དེ་སྟོབས་དྲུག་གིས་འགྲུབ་ལུགས་ནི། སྟོབས་ནི་དྲུག་སྟེ། ཐོས་པའི་སྟོབས་དང་བསམ་པའི་སྟོབས་དང་དྲན་པའི་སྟོབས་དང་ཤེས་བཞིན་གྱི་སྟོབས་དང་བརྩོན་འགྲུས་ཀྱི་སྟོབས་དང་ཡོངས་སུ་འདྲིས་པའི་སྟོབས་སོ། །དེ་དག་གིས་སེམས་གང་འགྲུབ་པའི་ཚུལ་ནི། ཐོས་པའི་སྟོབས་ཀྱིས་ནི་འཇོག་པའི་སེམས་འགྲུབ་སྟེ། སེམས་དམིགས་པ་ལ་འཇོག་པའི་གདམས་ངག་གཞན་ལ་ཐོས་པ་ཙམ་གྱི་རྗེས་སུ་འབྲངས་ནས་དང་པོར་དམིགས་པ་ལ་བཏགས་པ་ཙམ་ཡིན་གྱི། རང་གིས་ཡང་ཡང་བསམས་ནས་གོམས་པ་མིན་པའི་ཕྱིར་རོ། །བསམ་པའི་སྟོབས་ཀྱིས་ནི་རྒྱུན་དུ་འཇོག་པའི་སེམས་འགྲུབ་སྟེ། དང་པོར་དམིགས་པ་ལ་བཏགས་པ་དེའི་རྒྱུན་ཡང་ཡང་བསམས་ནས་བསྐྱངས་པ་ལས། རྒྱུན་ཅུང་ཟད་འཐུད་པར་ནུས་པ་ཐོག་མར་ཐོབ་པའི་ཕྱིར་རོ། །དྲན་པའི་སྟོབས་ཀྱིས་ནི་བླན་ཏེ་འཇོག་པའི་སེམས་དང་ཉེ་བར་འཇོག་པའི་སེམས་གཉིས་འགྲུབ་སྟེ། དམིགས་པ་ལས་ཡེངས་ནས་གཡེངས་པ་ན་སྔར་གྱི་དམིགས་པ་དྲན་ནས་ནང་དུ་སྡུད་པ་དང༌། དང་པོ་ནས་དྲན་པའི་ཤུགས་བསྐྱེད་དེ་དམིགས་པ་ལས་གཡེང་བར་མི་བྱེད་པའི་ཕྱིར་རོ། །ཤེས་བཞིན་གྱི་སྟོབས་ཀྱིས་ནི་དུལ་


JLD013_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་སེམས་དང་ཞི་བར་བྱེད་པའི་སེམས་གཉིས་འགྲུབ་སྟེ། རྣམ་རྟོག་དང་ཉེ་ཉོན་གྱི་མཚན་མ་ལ་འཕྲོ་བའི་ཉེས་དམིགས་ཤེས་བཞིན་གྱིས་རིག་ནས་ཉེས་དམིགས་སུ་བལྟས་པས་དེ་གཉིས་ལ་འཕྲོར་མི་སྟེར་བའི་ཕྱིར་རོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་རྣམ་པར་ཞི་བར་བྱེད་པ་དང་རྩེ་གཅིག་ཏུ་བྱེད་པའི་སེམས་གཉིས་འགྲུབ་སྟེ། རྣམ་རྟོག་དང་ཉེ་ཉོན་བྱུང་བ་ཕྲ་མོ་ཡང་རྩོལ་བས་སྤོང་བས་དང་དུ་མི་ལེན་ཅིང༌། དེ་ལྟར་བྱས་པས་བྱིང་རྒོད་ལ་སོགས་པས་ཏིང་ངེ་འཛིན་ལ་བར་བཅད་པར་མི་ནུས་པར་རྒྱུན་ཆགས་སུ་སྐྱེ་བའི་ཏིང་ངེ་འཛིན་འགྲུབ་པའི་ཕྱིར་རོ། །འདྲིས་པའི་སྟོབས་ཀྱིས་ནི་མཉམ་པར་འཇོག་པའི་སེམས་འགྲུབ་སྟེ། སྔ་མ་རྣམས་ལ་གོམས་པ་ཆེས་པའི་སྟོབས་ཀྱིས་འབད་མེད་དུ་ངང་གིས་འཇུག་པའི་ཏིང་ངེ་འཛིན་སྐྱེ་བའི་ཕྱིར་རོ། །དེ་དག་ནི་ཉན་སའི་དགོངས་པ་ཇི་ལྟ་བ་བཞིན་ཡིན་པས། དེ་ལས་གཞན་དུ་འཆད་པ་སྣང་ཡང་ཡིད་བརྟན་པར་མི་བྱའོ། །དེ་ལ་སེམས་དགུ་པ་ཐོབ་ན་ནི་དཔེར་ན་གཞུང་ལ་སོགས་པ་འདོན་པ་ལ་ཆེས་ཤིན་ཏུ་གོམས་ན་དང་པོར་འདོན་པའི་ཀུན་སློང་བྱུང་ནས་བཏོན་ན་བར་སྐབས་སུ་སེམས་གཞན་དུ་གཡེངས་ཀྱང༌། ཁ་ཏོན་དེ་ཉིད་མི་འཆད་པར་རྩོལ་མེད་དུ་འོང་བ་ལྟར། དང་པོར་སེམས་དམིགས་པ་ལ་གཏོད་པའི་དྲན་པས་ལན་ཅིག་མཉམ་པར་བཞག་ན་དེ་ནས་དྲན་ཤེས་ན་རེ་རྒྱུན་ལྡན་དུ་བསྟེན་པ་མ་བྱུང་ཡང༌། ཏིང་ངེ་འཛིན་དེ་འཕྲོ་མི་འཆད་པར་རྒྱུན་ཆགས་སུ་རྒྱུན་རིང་པོར་འཇུག་ཐུབ་པ་ཞིག་འབྱུང་ངོ་། །དྲན་ཤེས་རྒྱུན་ལྡན་ན་རེ་བསྟེན་པའི་རྩོལ་བ་མི་དགོས་པས་མངོན་པར་འདུ་བྱེད་པའམ་འབད་རྩོལ་མེད་པ་ཞེས་ཟེར་བ་ཡིན་ནོ། །དེ་སྐྱེ་བ་ལ་སྔོན་དུ་དྲན་པ་དང་ཤེས་


JLD013_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྩོལ་བས་ན་རེ་བསྟེན་ན། བྱིང་རྒོད་སོགས་ཀྱི་མི་མཐུན་ཕྱོགས་ཀྱིས་བར་གཅོད་མི་ནུས་པར་ཐུན་རིང་པོ་འཁྱོངས་པའི་ཏིང་ངེ་འཛིན་ཞིག་སྐྱེ་དགོས་ལ། དེ་ཡང་སེམས་བརྒྱད་པ་ཡིན་ཏེ། འདི་དང་དགུ་པ་གཉིས་བྱིང་རྒོད་ལ་སོགས་པའི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ཀྱིས་བར་གཅོད་མི་ནུས་པར་འདྲ་ཡང༌། འདི་ལ་དྲན་པ་དང་ཤེས་བཞིན་བར་མ་ཆད་དུ་བསྟེན་དགོས་པས་མངོན་པར་འདུ་བྱེད་པའམ་འབད་རྩོལ་དང་བཅས་པ་ཞེས་ཟེར་བ་ཡིན་ནོ། །དེ་སྐྱེ་བ་ལ་བྱིང་རྒོད་སོགས་ཕྲ་མོ་ཡང་སྐྱེས་ཙམ་ནས་དང་དུ་མི་ལེན་པར་འགོག་པ་ཞིག་དགོས་པས་སེམས་བདུན་པ་དགོས་སོ། །དེ་སྐྱེ་བ་ལ་རྣམ་རྟོག་དང་ཉེ་ཉོན་གྱིས་གཡེང་བ་ལ་ཉེས་དམིགས་སུ་ཤེས་ནས་དེ་དག་ལ་མི་འཕྲོ་བར་བྱ་ར་བྱེད་པའི་ཤེས་བཞིན་སྟོབས་ལྡན་དགོས་པས་སེམས་ལྔ་པ་དང་དྲུག་པ་དགོས་ཏེ། དེ་གཉིས་ནི་ཤེས་བཞིན་སྟོབས་སུ་གྱུར་པས་བསྒྲུབས་པའི་ཕྱིར་རོ། །དེ་འདྲ་བ་དེ་སྐྱེ་བ་ལ་ཡང་དམིགས་པ་ལ་ཡེངས་ནའང་མྱུར་དུ་དམིགས་པ་དྲན་པ་དང་དང་པོ་ནས་དམིགས་པ་ལས་གཡེང་བར་མི་བྱེད་པའི་དྲན་པ་དགོས་པས་སེམས་གསུམ་པ་དང་བཞི་པ་དགོས་ཏེ། དེ་གཉིས་ནི་དྲན་པ་དེ་གཉིས་ཀྱིས་བསྒྲུབས་པ་ཡིན་པའི་ཕྱིར་རོ། །དེ་སྐྱེ་བ་ལ་ཡང་ཐོག་མར་སེམས་དམིགས་པ་ལ་འདོགས་པ་དང༌། བཏགས་པ་དེའི་རྒྱུན་མི་གཡེང་བ་དགོས་པས་སེམས་དང་པོ་གཉིས་སྔོན་དུ་སྐྱེ་བ་ཡིན་ནོ། །དེ་ལྟར་ན་མདོར་བསྡུ་ན་དང་པོར་གདམས་ངག་ཐོས་པའི་རྗེས་སུ་འབྲངས་ལ་སེམས་མཉམ་པར་འཇོག་ཚུལ་ལེགས་པར་


JLD013_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། དེ་ནས་དེ་ལྟར་བཞག་པ་དེ་ཡང་ཡང་བསམས་ལ་རྒྱུན་ཅུང་ཟད་འཐུད་ཐུབ་པའི་སྒོ་ནས་རྒྱུན་བསྐྱང༌། དེ་ནས་དྲན་པ་ཉམས་ནས་གཡེངས་ན་མྱུར་དུ་བསྡུ་ལ་དམིགས་པ་བརྗེད་པ་མྱུར་དུ་དྲན་པ་དང༌། དེ་ནས་ཀྱང་དྲན་པ་ཤུགས་ཅན་བསྐྱེད་ལ་དང་པོ་ནས་དམིགས་པ་ལས་མི་ཡེངས་པའི་དྲན་པའི་སྟོབས་བསྐྱེད། དྲན་པ་སྟོབས་ཅན་གྲུབ་པ་དང་དམིགས་པ་ལས་གཞན་དུ་གཡེང་བའི་བྱིང་རྒོད་སོགས་ཀྱི་སྐྱོན་མཐོང་བའི་སྒོ་ནས་བྱ་ར་བྱེད་པའི་ཤེས་བཞིན་དྲག་པོ་བསྐྱེད། དེ་ནས་བརྗེད་ངས་ཕྲ་མོས་གཡེངས་ནའང་དེ་མ་ཐག་རིག་ནས་རྒྱུན་གཅོད་པ་དང་བཅད་ནས་མི་མཐུན་ཕྱོགས་ཀྱིས་བར་མ་བཅད་པའི་རྒྱུན་ཇེ་རིང་དུ་གཏོང་བའི་རྩོལ་བའི་སྟོབས་བསྐྱེད། དེ་སྐྱེས་པ་ན་འབད་ནས་བསྒོམས་པས་གོམས་པ་ཀློང་དུ་གྱུར་ནས་འབད་རྩོལ་མེད་པར་ཏིང་ངེ་འཛིན་དུ་འགྲོ་བའི་སེམས་དགུ་པ་འགྲུབ་པ་ཡིན་ནོ། །དེས་ན་སེམས་དགུ་པ་མ་ཐོབ་པའི་གོང་ཡན་ཆད་དུ་རྣལ་འབྱོར་པས་སེམས་ཏིང་ངེ་འཛིན་ལ་འཇོག་པའི་རྩོལ་བ་ཕར་བྱ་དགོས་ལ་སེམས་དགུ་པ་ཐོབ་ནས་ཆེད་དུ་མཉམ་པར་འཇོག་པའི་རྩོལ་བ་མ་བྱས་ཀྱང་སེམས་ཏིང་ངེ་འཛིན་དུ་ཧྲིལ་ཧྲིལ་འགྲོ་བར་འགྱུར་རོ། །དེ་ལྟ་བུའི་སེམས་དགུ་པ་འདི་ཐོབ་ཀྱང་ཤིན་སྦྱངས་མ་ཐོབ་ན་འོག་ནས་འཆད་པ་ལྟར་ད་དུང་ཞི་གནས་ཐོབ་པར་ཡང་མི་འཇོག་ན་ལྷག་མཐོང་ཐོབ་པ་ལྟ་ཅི་སྨོས། འོན་ཀྱང་འདི་འདྲའི་ཏིང་ངེ་འཛིན་བདེ་གསལ་མི་རྟོག་པས་བརྒྱན་པ་ཞིག་རྙེད་ན་མཉམ་གཞག་དང་རྗེས་ཐོབ་འདྲེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པར་འདོད་ཅིང༌། ཁྱད་པར་དུ་ཉན་ཐོས་ཀྱི༌ས་ནས་བཤད་པའི་སེམས་


JLD013_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་འདི་ལ་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་ཡོངས་སུ་རྫོགས་པ་བྱུང་བར་འདོད་པ་ཤིན་ཏུ་མང་བར་སྣང་སྟེ་འོག་ཏུ་བཤད་པར་བྱའོ། །དེ་ལ་ཡིད་བྱེད་བཞི་ཡོད་པའི་ཚུལ་ནི། ཉན་ས་ལས། དེ་ལ་སེམས་གནས་པ་དགུ་པོ་དེ་དག་ལ་ཡིད་ལ་བྱེད་པ་བཞི་ཡོད་པར་རིག་པར་བྱ་སྟེ། བསྒྲིམས་ཏེ་འཇུག་པ་དང་བར་དུ་འཆད་ཅིང་འཇུག་པ་དང་སྐབས་སུ་འཆད་པ་མེད་པར་འཇུག་པ་དང་ལྷུན་གྱིས་གྲུབ་པར་འཇུག་པའོ། །དེ་ལ་འཇོག་པར་བྱེད་པ་དང་ཡང་དག་པར་འཇོག་པར་བྱེད་པ་ལ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །བསྡུས་ཏེ་འཇོག་པར་བྱེད་པ་དང་ཉེ་བར་འཇོག་པར་བྱེད་པ་དང་དུལ་བར་བྱེད་པ་དང་ཞི་བར་བྱེད་པ་དང་ཉེ་བར་ཞི་བར་བྱེད་པ་ལ་ནི་སྐབས་སུ་འཆད་ཅིང་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །རྒྱུད་གཅིག་ཏུ་བྱེད་པ་ལ་ནི་སྐབས་སུ་འཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །ཏིང་ངེ་འཛིན་དུ་བྱེད་པ་ལ་ནི་རྩོལ་བ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །ཞེས་སེམས་དང་པོ་གཉིས་ཀྱི་དུས་སུ་ནི་འབད་པས་བསྒྲིམ་དགོས་པས་བསྒྲིམས་ཏེ་འཇུག་པ་དང༌། དེ་ནས་སེམས་ལྔའི་སྐབས་སུ་ནི་བྱིང་རྒོད་ཀྱིས་བར་དུ་བཅད་ནས་ཐུན་རིང་པོ་སྐྱོང་མི་ནུས་པས་སྐབས་སུ་འཆད་ཅིང་འཇུག་པ་དང༌། དེ་ནས་སེམས་བརྒྱད་པ་ལ་ནི་བྱིང་རྒོད་ཀྱིས་བར་གཅོད་མི་ནུས་པར་ཐུན་རིང་པོ་སྐྱོང་ཐུབ་པས་སྐབས་སུ་འཆད་པ་མེད་པར་འཇུག་པ་དང༌། དེ་ནས་སེམས་དགུ་པ་ལ་ནི་བར་ཡང་མི་འཆད་ཅིང་རྩོལ་བ་ཡང་རྒྱུན་པར་བསྟེན་མི་དགོས་པས་རྩོལ་བ་མེད་པར་


JLD013_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཡིད་བྱེད་འཇོག་གོ །འོ་ན་སེམས་དང་པོ་གཉིས་ཀྱི་སྐབས་སུ་འཆད་ཅིང་འཇུག་པ་ཡོད་ལ། སེམས་བར་པ་ལྔའི་སྐབས་སུ་ཡང་བསྒྲིམ་དགོས་པ་ཡོད་པ་ལ་དང་པོ་གཉིས་ལ་འཆད་ཅིང་འཇུག་པའི་ཡིད་བྱེད་ཡོད་པར་མི་འཆད་པ་དང༌། བར་པ་ལྔ་ལ་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ཡོད་པར་མི་འཆད་པ་ཅི་ཞེ་ན། སེམས་དང་པོ་གཉིས་ལ་ནི་སེམས་ཏིང་ངེ་འཛིན་དུ་འགྲོ་བ་དང་དེར་མི་འགྲོ་བ་གཉིས་ཕྱི་མ་ཆེས་རིང་ལ། བར་པ་ལྔ་ལ་ནི་ཏིང་ངེ་འཛིན་ལ་གནས་པ་ཆེས་རིང་བས་ཕྱི་མ་ལ་ཏིང་ངེ་འཛིན་གྱི་བར་བཅད་པའི་ཐ་སྙད་མཛད་ལ་སྔ་མ་ལ་མ་མཛད་དོ། །དེའི་ཕྱིར་དེ་གཉིས་ཀ་ལ་བསྒྲིམས་ཏེ་འཇུག་པ་ཡོད་པར་ནི་འདྲ་མོད་ཀྱང་སྐབས་སུ་འཆད་ཅིང་འཇུག་པ་ཡོད་མེད་མི་འདྲ་བས་བསྒྲིམས་ཏེ་འཇུག་པ་ཡོད་པའི་ཡིད་བྱེད་དུ་སེམས་ལྔ་པོ་དེ་མ་བཞག་གོ །དེ་ལྟར་ན་སྔར་བཤད་པའི་ཚོགས་ལ་གནས་པར་བྱས་ནས་ཏིང་ངེ་འཛིན་བསྒྲུབ་པའི་བརྩོན་འགྲུས་རྒྱུན་ལྡན་དུ་བསྟེན་ན་ཞི་གནས་འགྲུབ་ཀྱི། ལན་རེ་རེ་གཉིས་གཉིས་ཙམ་བསྒྲུབས་ནས་སླར་ཡང་སྦྱོར་བ་དོར་ན་མི་འགྲུབ་པར་གསུངས་ཏེ། ཕར་ཕྱིན་བསྡུས་པ་ལས། རྒྱུན་མི་འཆད་པའི་རྣལ་འབྱོར་གྱིས། །བསམ་གཏན་བསྒྲུབ་ལ་བརྩོན་པར་བྱ། །ཡང་དང་ཡང་ཞིང་ངལ་བསོ་ན། །གཙུབས་པས་མེ་ཕྱིན་མི་འགྱུར་ཏེ། །རྣལ་འབྱོར་ཚུལ་ལའང་དེ་བཞིན་དུ། །ཁྱད་པར་མ་ཐོབ་གཏང་མི་བྱ། །ཞེས་གསུངས་སོ། །བསྒོམས་པས་ཞི་གནས་གྲུབ་པའི་ཚད་ལ་གསུམ། ཞི་གནས་གྲུབ་པ་དང་མ་གྲུབ་པའི་ས་མཚམས་བསྟན་པ་དང༌། ཞི་གནས་ལ་བརྟེན་ནས་


JLD013_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བགྲོད་ཚུལ་སྤྱིར་བསྟན་པ་དང༌། ཁྱད་པར་དུ་འཇིག་རྟེན་པའི་ལམ་བགྲོད་ཚུལ་བསྟན་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་བསྟན་པ་དང༌། ཡིད་བྱེད་དང་ལྡན་པའི་རྟགས་དོགས་གཅོད་དང་བཅས་པའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་ཏིང་ངེ་འཛིན་སྐྱོང་ཚུལ་ལེགས་པར་ཤེས་ནས་བསྐྱངས་པས། སེམས་དགུ་རིམ་པ་བཞིན་སྐྱེས་ཏེ་སེམས་དགུ་པ་བྱིང་རྒོད་ཕྲ་མོ་དང་བྲལ་བར་ཐུན་རིང་པོ་སྐྱོང་ནུས་ཤིང༌། དེ་ཡང་དྲན་པ་དང་ཤེས་བཞིན་རྒྱུན་ལྡན་དུ་བསྟེན་པའི་འབད་རྩོལ་ལ་མི་བལྟོས་པའི་ལྷུན་གྲུབ་ཏུ་འཇུག་པའི་ཏིང་ངེ་འཛིན་ཐོབ་ན་ཞི་གནས་ཐོབ་པ་ཡིན་ནམ་མིན་སྙམ་ན། བཤད་པར་བྱ་སྟེ། ཏིང་ངེ་འཛིན་འདི་ཐོབ་པ་ལ་ཤིན་ཏུ་སྦྱངས་པ་ཐོབ་པ་དང་མ་ཐོབ་པ་གཉིས་སུ་ཡོད་པས་གལ་ཏེ་ཤིན་སྦྱངས་མ་ཐོབ་ན་ཞི་གནས་རྗེས་མཐུན་པ་ཡིན་གྱི། ཞི་གནས་དངོས་མིན་པས་ཞི་གནས་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་སེམས་ལ་དམིགས་པའི་སེམས་ནང་དུ་ཡིད་ལ་བགྱིད་པ་ན་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ། ཞི་གནས་ནི་མ་ཡིན་ཏེ། ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། །ཞེས་གསལ་བར་གསུངས་ཤིང༌། མདོ་སྡེའི་རྒྱན་ལས་ཀྱང༌། དེ་གོམས་པ་ལས་འདུ་མི་བྱེད། །དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་


JLD013_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཞེས་གསུངས་ཏེ། ཡིད་ལ་བྱེད་པ་ནི་སྐབས་འདིར་ཞི་གནས་ལ་ཟེར་བ་ཡིན་ཏེ། ཉན་ས་ནས་གསུངས་པ་འོག་ཏུ་འཆད་པ་ལྟར་རོ། །སྒོམ་རིམ་བར་པ་ལས་ཀྱང༌། དེ་ལྟར་ཞི་གནས་གོམས་པར་བྱས་པ་དེའི་ལུས་དང་སེམས་གང་གི་ཚེ་ཤིན་ཏུ་སྦྱངས་པར་གྱུར་པ་དང་ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་ལ་སེམས་དབང་དུ་གྱུར་པ་དེའི་ཚེ་དེའི་ཞི་གནས་གྲུབ་པ་ཡིན་པར་རིག་པར་བྱའོ། །ཞེས་དམིགས་པ་ལ་གནས་པ་ལ་རང་དབང་ཐོབ་པ་དང་ཤིན་ཏུ་སྦྱངས་པ་གཉིས་དགོས་པར་གསུངས་སོ། །དེའི་ཕྱིར་སྒོམ་རིམ་དང་པོ་ལས། གང་གི་ཚེ་དམིགས་པ་དེ་ཉིད་ལ་མངོན་པར་འདུ་བྱེད་པ་མེད་པར་ཇི་སྲིད་འདོད་པའི་བར་དུ་སེམས་འཇུག་པར་འགྱུར་བ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། ཞེས་གསུངས་པ་ཡང་ཤིན་སྦྱངས་ཡོད་པ་ལ་དགོངས་པ་ཡིན་ཏེ། སྒོམ་རིམ་བར་པ་ལས་གསལ་བར་གསུངས་པའི་ཕྱིར་རོ། །གཞན་ཡང་དབུས་མཐའ་ནས་སྤོང་བའི་འདུ་བྱེད་བརྒྱད་བཤད་པའི་བཏང་སྙོམས་ནི་འདིའི་སེམས་དགུ་པ་དང་གནད་གཅིག་ཡིན་ལ། དེ་ཙམ་གྱིས་མི་ཆོག་པར་དེ་ལས་ཤིན་སྦྱངས་ཀྱང་གསུངས་པའི་ཕྱིར་རོ། །ཤེར་ཕྱིན་མན་ངག་ལས་ཀྱང༌། འདི་ནི་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་གནས་བཅས་ལ་ཇི་ལྟར་བསམས་པའི་དོན་ཡིད་ལ་བྱ་སྟེ། ཡིད་ཀྱི་བརྗོད་པ་སྤངས་ནས་སེམས་ཉིད་དེ་ལྟར་སྣང་བ་ལ་ལན་མང་དུ་ཡིད་ལ་བྱས་ཏེ། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་ཀྱི་བར་དུ་ཞི་གནས་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ལ། གང་གི་


JLD013_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྐྱེས་པ་དེའི་ཚེ་ཞི་གནས་ཡིན་ནོ། །ཞེས་ཤིན་ཏུ་གསལ་བར་གསུངས་ཏེ། དེ་དག་ཐམས་ཅད་ཀྱང་མདོ་སྡེ་དགོངས་འགྲེལ་གྱི་དོན་གཏན་ལ་ཕབ་པའོ། །འོ་ན་ཤིན་ཏུ་སྦྱངས་པ་མ་སྐྱེས་པའི་གོང་གི་ཏིང་ངེ་འཛིན་དེ་ས་གང་གིས་བསྡུས་པ་ཡིན་ཞེ་ན། ཏིང་ངེ་འཛིན་དེ་ནི་འདོད་པ་ཁམས་ཀྱི་སས་བསྡུས་པ་ཡིན་ཏེ། ཁམས་གསུམ་གྱི་ས་དགུ་གང་རུང་གིས་བསྡུས་ལ། བསམ་གཏན་དང་པོའི་ཉེར་བསྡོགས་ཡན་ཆད་མ་ཡིན་པའི་ཕྱིར་ཏེ། ཉེར་བསྡོགས་ཐོབ་ན་ཞི་གནས་ངེས་པར་ཐོབ་དགོས་པའི་ཕྱིར་རོ། །འདོད་པའི་ས་ལ་དེ་འདྲ་བའི་ཏིང་ངེ་འཛིན་ཡོད་ཀྱང་མཉམ་པར་མ་བཞག་པའི་ས་ཡིན་གྱི། མཉམ་པར་བཞག་པའི་ས་ཞེས་མི་འཇོག་པའི་རྒྱུ་མཚན་ནི། འགྱོད་པ་མེད་པ་དང་དགའ་བདེ་མཆོག་དང་ཤིན་ཏུ་སྦྱངས་པས་མ་བསྒྲུབས་པའི་ཕྱིར་རོ། །དེ་ལྟར་ཡང་སའི་དངོས་གཞི་ལས། ཅིའི་ཕྱིར་དེ་ཁོ་ན་ལ་མཉམ་པར་བཞག་པའི་ས་ཞེས་བྱ་ལ། གང་འདོད་པའི་ཁམས་ཀྱི་རྩེ་གཅིག་པ་ཉིད་ནི་མ་ཡིན་ཞེ་ན། འདི་ལྟར་ཏིང་ངེ་འཛིན་དེ་ནི་འགྱོད་པ་མེད་པ་དང་མཆོག་ཏུ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་བདེ་བས་མངོན་པར་བསྒྲུབས་པ་ཡིན་ལ། འདོད་པ་ན་སྤྱོད་པ་ནི་དེ་ལྟ་མ་ཡིན་ཏེ། འདོད་པའི་ཁམས་ན་ཡང་དག་པའི་ཆོས་ཉེ་བར་སེམས་པ་མེད་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་ཤིན་ཏུ་སྦྱངས་པ་མ་ཐོབ་ན་དྲན་པ་ནར་མར་མ་བསྟེན་ཡང་སེམས་མི་རྟོག་པར་རང་ཤུགས་ཀྱིས་འགྲོ་ཞིང༌། དེ་ཡང་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་དང་འདྲེ་ཐུབ་པ་ལྟར་སྣང་བའི་ཏིང་ངེ་


JLD013_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ནི་འདོད་སེམས་རྩེ་གཅིག་པ་ཞེས་བྱ་བ་ཡིན་གྱི། ཞི་གནས་དངོས་སུ་འཇོག་ཏུ་མི་རུང་བར་ཤེས་པར་བྱའོ། །འོ་ན་ཤིན་ཏུ་སྦྱངས་པ་ཐོབ་ལུགས་དེ་ཅི་འདྲ་ཞིག་ཡིན། དེ་ཐོབ་ནས་ཞི་གནས་སུ་འགྲོ་ལུགས་ཀྱང་ཇི་འདྲ་ཡིན་སྙམ་ན། དེ་ལ་ཤིན་ཏུ་སྦྱངས་པ་ནི། ཀུན་ལས་བཏུས་ལས། ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་པའི་ཕྱིར་ལུས་དང་སེམས་ལས་སུ་རུང་བ་ཉིད་དེ། སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །ལུས་དང་སེམས་ཀྱི་གནས་ངན་ལེན་ནི། ལུས་དང་སེམས་དགེ་བའི་བྱ་བ་བསྒྲུབ་པ་ལ་ཇི་ལྟར་འདོད་པ་ལྟར་དུ་བཀོལ་དུ་མི་རུང་བ་ཡིན་ལ། དེའི་གཉེན་པོ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ནི། ལུས་སེམས་ཀྱི་གནས་ངན་ལེན་གཉིས་དང་བྲལ་བས་ལུས་དང་སེམས་དགེ་བའི་བྱ་བ་ལ་བཀོལ་བ་ལ་ཤིན་ཏུ་ལས་སུ་རུང་བའོ། །དེ་ཡང་ཉོན་མོངས་སྤོང་བ་ལ་དགའ་བ་ལ་བར་དུ་གཅོད་ཅིང་ཉོན་མོངས་པའི་ཕྱོགས་སུ་གྱུར་པའི་ལུས་ཀྱི་གནས་ངན་ལེན་ཉོན་མོངས་སྤོང་བ་ལ་རྩོལ་བ་ན། ལུས་ལྕི་བ་ལ་སོགས་པའི་ལས་སུ་མི་རུང་བ་དང་བྲལ་ནས་ལུས་ལྡང་བ་ཡང་བ་ནི་ལུས་ལས་སུ་རུང་བའོ། །དེ་བཞིན་དུ་ཉོན་མོངས་སྤོང་བ་ལ་དགའ་བ་ལ་བར་དུ་གཅོད་བྱེད་ཉོན་མོངས་ཀྱི་ཕྱོགས་སུ་གྱུར་པའི་སེམས་ཀྱི་གནས་ངན་ལེན་ཉོན་མོངས་སྤོང་བའི་ཕྱིར་དུ་རྩོལ་བ་ན། དགེ་བའི་དམིགས་པ་ལ་གཏོད་པ་ལ་དགའ་མགུར་འཇུག་ཏུ་མི་རུང་བ་དང་བྲལ་ནས་སེམས་དམིགས་པ་ལ་ཐོགས་པ་མེད་པར་འཇུག་པ་ནི་


JLD013_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་སུ་རུང་བའོ། །དེ་ལྟར་ཡང་སློབ་དཔོན་བློ་བརྟན་གྱིས། དེ་ལ་ལུས་ལས་སུ་རུང་བ་ནི། ལུས་ཀྱི་རང་གི་བྱ་བ་རྣམས་ལ་ལྡང་བ་ཡང་བ་གང་ལས་འབྱུང་བའོ། །སེམས་ལས་སུ་རུང་བ་ནི། ཡང་དག་པར་ཡིད་ལ་བྱེད་པ་ལ་ཞུགས་པའི་སེམས་ཀྱི་སིམ་པ་དང་ཡང་བར་འགྱུར་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་དུ་གྱུར་པ་གང་ཡིན་པ་སྟེ། དེ་དང་ལྡན་ན་དམིགས་པ་ལ་ཐོགས་པ་མེད་པར་འཇུག་པས་དེའི་ཕྱིར་སེམས་ལས་སུ་རུང་བ་ཞེས་བྱའོ། །ཞེས་གསུངས་ཏེ། མདོར་ན་ཤིན་སྦྱངས་ཐོབ་ན་ཉོན་མོངས་སྤོང་བ་ལ་རྩོལ་བར་འདོད་ཀྱང༌། ལས་ལ་ངན་རང་གི་བྱ་བ་ལ་འཇུག་པ་ལྟར་མཚེར་སྣང་གིས་འཇུག་པར་དཀའ་བའི་ལུས་སེམས་ལས་སུ་མི་རུང་བ་ལོག་ནས། ལུས་སེམས་ཤིན་ཏུ་བཀོལ་བདེ་བ་དང་ལྡན་པར་འགྱུར་རོ། །དེ་ལྟ་བུའི་ལུས་དང་སེམས་ལས་སུ་རུང་བ་ཡོངས་སུ་རྫོགས་པ་དེ་ཡང་ཏིང་ངེ་འཛིན་ཐོག་མ་རྙེད་པ་ནས་ཆ་ཕྲ་མོ་རེ་འབྱུང་བས་དེ་ཇེ་ཆེར་སོང་བ་ལས་མཐར་ཤིན་ཏུ་སྦྱངས་པ་དང་རྩེ་གཅིག་པའི་ཞི་གནས་སུ་འགྱུར་ལ། དེ་ཡང་དང་པོ་ཕྲ་བས་རིག་དཀའ་ཞིང་ཕྱིས་ནས་ནི་རིག་པར་སླ་བ་འབྱུང་སྟེ། ཉན་ས་ལས། དེའི་དང་པོ་ཁོ་ནར་ཡང་དག་པའི་སྦྱོར་བ་ལ་རྩོམ་པའི་ཚེ་སེམས་ཤིན་ཏུ་སྦྱངས་པ་དང་ལུས་ཤིན་ཏུ་སྦྱངས་པ་དང་སེམས་དང་ལུས་ལས་སུ་རུང་བ་འབྱུང་བ་ནི་ཕྲ་བ་སྟེ་བརྟག་པར་དཀའ་བ་ཡིན་ནོ། །ཞེས་དང༌། དེའི་སེམས་རྩེ་གཅིག་པ་ཉིད་དང་སེམས་དང་ལུས་ཤིན་ཏུ་སྦྱངས་པ་དེ་ཉིད་མངོན་པར་འཕེལ་བ་ན། འདི་ལྟ་སྟེ། རྒྱུ་གཅིག་


JLD013_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཅིག་ཏུ་བརྒྱུད་དེ་ལེན་པའི་ཚུལ་གྱིས་རགས་ཤིང་བརྟག་པར་སླ་བའི་སེམས་རྩེ་གཅིག་པ་ཉིད་དང་སེམས་དང་ལུས་ཤིན་ཏུ་སྦྱངས་པ་འདྲེན་པར་བྱེད་དེ། ཞེས་གསུངས་སོ། །མཚན་ཉིད་ཡོངས་སུ་རྫོགས་ཤིང་བརྟག་པར་སླ་བའི་ཤིན་སྦྱངས་དེ་སྐྱེ་བའི་སྔ་ལྟས་ནི། ཏིང་ངེ་འཛིན་བསྒོམ་པ་ལ་བརྩོན་པའི་གང་ཟག་དེའི་ཀླད་པ་ལྕི་བེམ་པ་སྙམ་བྱེད་པ་སྐྱེ་སྟེ། མི་བདེ་བའི་ལྕི་བ་ནི་མ་ཡིན་ནོ། །དེ་སྐྱེས་མ་ཐག་ཏུ་ཉོན་མོངས་སྤོང་བ་ལ་དགའ་བའི་བར་གཅོད་བྱེད་པའི་སེམས་ཀྱི་གནས་ངན་ལེན་དང་བྲལ་བར་འགྱུར་ཞིང༌། དེའི་གཉེན་པོ་སེམས་ཤིན་ཏུ་སྦྱངས་པ་སྔོན་ལ་སྐྱེ་སྟེ། ཉན་ས་ལས། ཇི་ཙམ་ན་དེའི་རགས་ཤིང་བརྟག་པར་སླ་བའི་སེམས་རྩེ་གཅིག་པ་ཉིད་དང་སེམས་དང་ལུས་ཤིན་ཏུ་སྦྱངས་པ་རིང་པོ་མི་ཐོགས་པར་སྐྱེ་བར་འགྱུར་བའི་སྔ་ལྟས་སུ་དེའི་ཀླད་པ་ལྕི་བར་སྣང་བ་སྐྱེ་བར་འགྱུར་ཏེ། དེ་ཡང་གནོད་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་སྐྱེས་མ་ཐག་ཏུ་སྤོང་བ་ལ་དགའ་བའི་བར་གཅོད་བྱེད་པ་ཉོན་མོངས་པ་རྣམས་ཀྱི་ཕྱོགས་སུ་གྱུར་པ་སེམས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་སྤོང་བར་འགྱུར་ཞིང༌། དེའི་གཉེན་པོ་སེམས་ལས་སུ་རུང་བ་དང་སེམས་ཤིན་ཏུ་སྦྱངས་པ་ཡང་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་དེ་སྐྱེས་པའི་མཐུ་ལ་བརྟེན་ནས་ལུས་ཤིན་ཏུ་སྦྱངས་པ་སྐྱེ་བའི་རྒྱུར་གྱུར་པའི་རླུང་ལུས་ལ་རྒྱུ་བར་འགྱུར་རོ། །རླུང་དེ་ལུས་ཀྱི་ཆ་རྣམས་ལ་ཁྱབ་པར་བརྒྱུས་པ་ན། ལུས་ཀྱི་གནས་ངན་ལེན་དང་བྲལ་

ཤོག་ལྷེབ་ ༧༠༡ ནས་ ༨༠༠ བར།


JLD013_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཞིང་ལུས་ཀྱི་གནས་ངན་ལེན་གྱི་གཉེན་པོ་ལུས་ཤིན་ཏུ་སྦྱངས་པ་སྐྱེ་སྟེ། དེ་ཡང་ལུས་ཐམས་ཅད་རྒྱས་ནས་ལས་སུ་རུང་བའི་རླུང་གི་མཐུས་གང་བ་བཞིན་དུ་སྣང་བར་འགྱུར་ཏེ། ཉན་ས་ལས། དེ་སྐྱེས་པས་ལུས་ཤིན་ཏུ་སྦྱངས་པ་སྐྱེ་བ་དང་མཐུན་པ་འབྱུང་བ་ཆེན་པོའི་རླུང་དག་ལུས་ལ་རྒྱུ་བར་འགྱུར་ཏེ། དེ་དག་རྒྱུ་བའི་དུས་ན་སྤོང་བ་ལ་དགའ་བའི་བར་གཅོད་བྱེད་པ་ཉོན་མོངས་པའི་ཕྱོགས་སུ་གྱུར་པ་ལུས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་དང་འབྲལ་བར་འགྱུར་ཞིང༌། དེའི་གཉེན་པོ་ལུས་ཤིན་ཏུ་སྦྱངས་པ་ལུས་ཐམས་ཅད་རྒྱས་ཏེ་གང་བ་བཞིན་དུ་སྣང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལ་ལུས་ཤིན་ཏུ་སྦྱངས་པ་ནི། ལུས་ཀྱི་ནང་གི་རེག་བྱ་ཆེས་ཡིད་དུ་འོང་བ་ཞིག་ཡིན་གྱི་སེམས་བྱུང་ནི་མིན་ཏེ། སློབ་དཔོན་བློ་བརྟན་གྱིས། ལུས་ཀྱི་རེག་བྱའི་ཁྱད་པར་དགའ་བས་ཟིན་ན་ལུས་ཤིན་ཏུ་སྦྱངས་པར་རིག་པར་བྱ་སྟེ། ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་ལུས་ཤིན་སྦྱངས་ཐོག་མར་སྐྱེས་པའི་ཚེ་ན་རླུང་གི་མཐུས་ལུས་ལ་བདེ་བའི་ཉམས་ཆེན་པོ་སྐྱེས་པ་ལ་བརྟེན་ནས་སེམས་ལ་ཡང་དགའ་བདེའི་ཉམས་ཆེས་ཕུལ་དུ་བྱུང་བ་འབྱུང་བར་འགྱུར་རོ། །དེའི་རྗེས་སུ་ཤིན་སྦྱངས་ཐོག་མར་སྐྱེས་པའི་ཤུགས་དེ་རིམ་གྱིས་ཆུང་དུ་འགྲོ་སྟེ། དེ་ཡང་ཤིན་སྦྱངས་ཟད་ནས་འགྲོ་བ་མིན་གྱི། རགས་པ་དེས་སེམས་ཧ་ཅང་གཡོ་བས་དེ་ལོག་ནས་


JLD013_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་མ་ལྟར་སྲབ་པའི་ཤིན་ཏུ་སྦྱངས་པ་མི་གཡོ་བ་ཏིང་ངེ་འཛིན་དང་མཐུན་པ་འབྱུང་བ་ཡིན་ནོ། །སེམས་དགའ་ཡལ་ཡལ་བ་དེ་ཡང་ལོག་ནས། དེ་ནས་སེམས་དམིགས་པ་ལ་བརྟན་པར་གནས་ཤིང་དགའ་བ་ཆེན་པོས་བསྐྱོད་པའི་མ་ཞི་བ་དང་བྲལ་བའི་ཞི་གནས་འཐོབ་པ་ཡིན་ཏེ། ཉན་ས་ལས། དང་པོར་དེ་སྐྱེས་པར་གྱུར་པ་དེའི་ཚེ་ན་སེམས་དགའ་བ་དང་སེམས་ཤིན་ཏུ་ཉམས་བདེ་བ་དང་སེམས་མཆོག་ཏུ་དགའ་བ་དང་ལྡན་པ་ལ་དམིགས་པ་དང་མངོན་པར་དགའ་བ་དང་བཅས་པར་ཡང་སྣང་བར་འགྱུར་རོ། །དེའི་འོག་ཏུ་ཤིན་ཏུ་སྦྱངས་པའི་ཤུགས་དང་པོ་སྐྱེས་པ་གང་ཡིན་པ་དེ་ཁད་ཀྱིས་ཁད་ཀྱིས་ཤིན་ཏུ་ཕྲ་བར་འགྱུར་ཞིང༌། ལུས་ལ་ཤིན་ཏུ་སྦྱངས་པ་གྲིབ་མ་ལྟ་བུ་དང་ལྡན་པར་འགྱུར་རོ། །སེམས་དགའ་བ་གང་ཡིན་པ་དེ་ཡང་སྤོང་བར་འགྱུར་ཞིང་། སེམས་ཞི་གནས་ཀྱིས་ཉེ་བར་བརྟན་ཅིང་རབ་ཏུ་ཞི་བའི་རྣམ་པས་དམིགས་པ་ལ་འཇུག་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུ་བྱུང་ནས་ཞི་གནས་ཐོབ་པའམ། ཡིད་ལ་བྱེད་དང་བཅས་ཞེས་བྱ། །ཞེས་གསུངས་པ་ལྟར། ཡིད་ལ་བྱེད་པ་ཐོབ་པ་ཞེས་པའི་གྲངས་སུ་ཆུད་པར་འགྱུར་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་ཐོབ་པས་མཉམ་པར་བཞག་པའི་ས་པའི་ཡིད་བྱེད་ཆུང་ཤོས་ཐོབ་པའི་ཕྱིར་རོ། །དེ་ལྟར་ཡང་ཉན་ས་ལས། དེའི་འོག་ཏུ་རྣལ་འབྱོར་པ་ལས་དང་པོ་པ་དེ་ཡིད་ལ་བྱེད་པ་དང་བཅས་པ་ཡིན་ཏེ། ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེས་དང་པོར་


JLD013_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ན་སྤྱོད་པ་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་ཆུང་ངུ་ཐོབ་པའི་ཕྱིར་ཏེ། དེས་ན་ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱའོ། །ཞེས་གསུངས་སོ། །མཉམ་པར་བཞག་པའི་ས་ནི་ཁམས་གོང་མ་གཉིས་ཀྱི་སའི་མིང་གི་རྣམ་གྲངས་སོ། །གཉིས་པ་ལ། ཡིད་བྱེད་དང་ལྡན་པའི་རྟགས་ནི། གང་དང་ལྡན་ན་ཡིད་བྱེད་ཐོབ་པའོ། །ཞེས་རང་དང་གཞན་གྱིས་རིག་པར་བྱ་བའི་རྟགས་དང་མཚན་མ་ནི། དེ་ལྟ་བུ་ཐོབ་པ་དེས་གཟུགས་ཀྱི་སས་བསྡུས་པའི་སེམས་དང་ལུས་དང་སེམས་ཤིན་ཏུ་སྦྱངས་པ་དང་སེམས་རྩེ་གཅིག་པ་བཞི་པོ་ཆུང་ངུ་ཐོབ་པ་དང༌། ཞི་རགས་ཀྱི་རྣམ་པ་ཅན་ནམ་བདེན་པའི་རྣམ་པ་ཅན་གྱི་ལམ་གྱིས་ཉོན་མོངས་པ་རྣམ་པར་སྦྱོང་བ་ལ་ནུས་པ་དང་ལྡན་པར་འགྱུར་བ་དང༌། ནང་དུ་མཉམ་པར་བཞག་པ་ན་མྱུར་བ་མྱུར་བར་ལུས་སེམས་ཤིན་སྦྱངས་སྐྱེ་བར་འགྱུར་བ་དང་། འདོད་པ་ལ་འདུན་པ་ལ་སོགས་པའི་སྒྲིབ་པ་ལྔ་ཕལ་ཆེར་མི་འབྱུང་བ་དང༌། མཉམ་གཞག་ལས་ལངས་པའི་ཚེ་ཡང་ལུས་སེམས་ཤིན་སྦྱངས་འགའ་རེ་དང་ལྡན་པ་རྣམས་ཡིན་ནོ། །དེ་ལྟར་ཡང་ཉན་ས་ལས། ལས་དང་པོ་པ་ཡིད་ལ་བྱེད་པ་དང་བཅས་པ་དེའི་རྟགས་ནི་འདི་དག་ཡིན་ཏེ། དེས་གཟུགས་ན་སྤྱོད་པའི་སེམས་ཆུང་ངུ་ཐོབ་པ་དང་། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དང་། སེམས་རྩེ་གཅིག་པ་ཆུང་ངུ་ཐོབ་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་སྦྱོར་བའི་སྐལ་བ༌ཡོད་ཅིང༌ནུས་པ་དང་། དེའི་སེམས་ཀྱི་རྒྱུད་འཇམ་པར་འགྱུར་བ་དང་། ཞི་གནས་ཀྱིས་ཉེ་


JLD013_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བར་དཀྲིས་པ་དང༌། ཞེས་དང༌། དེ་ནང་དུ་ཡང་དག་འཇོག་ལ་འདུག་སྟེ་སེམས་གཏོད་པར་བྱེད་པ་ན་མྱུར་བ་མྱུར་བར་སེམས་དང་ལུས་ཤིན་ཏུ་སྦྱངས་པར་འགྱུར་བ་དང༌། ལུས་ཀྱི་གནས་ངན་ལེན་དག་གིས་ཤིན་ཏུ་གནོད་པར་མི་འགྱུར་བ་དང་སྒྲིབ་པ་རྣམས་ཤས་ཆེར་ཀུན་ཏུ་མི་རྒྱུ་བ་དང༌། ཞེས་པ་དང༌། ལངས་ཏེ་རྒྱུ་བ་ན་ཡང་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཁ་ཅིག་དང་ལྡན་པར་འགྱུར་བ་དང་། དེ་ལྟ་བུ་དང་མཐུན་པ་དག་ནི་ཡིད་ལ་བྱེད་པ་དང་བཅས་པའི་རྟགས་དང་མཚན་མ་ཡོངས་སུ་བྱང་བ་དག་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །དེ་ལྟར་རྟགས་དེ་དག་དང་ལྡན་པའི་ཡིད་བྱེད་དེ་ཐོབ་ནས་ནི་ཞི་གནས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་བ་ཆེས་སླ་སྟེ། འདི་ལྟར་སེམས་རྩེ་གཅིག་པའི་ཞི་གནས་ལ་མཉམ་པར་བཞག་པའི་མཇུག་ཏུ་མྱུར་པོར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་འདྲེན་པར་ནུས་པས་ཤིན་ཏུ་སྦྱངས་པ་འཕེལ་བར་འགྱུར་ལ། ཤིན་སྦྱངས་ཇི་ཙམ་འཕེལ་བ་ཙམ་གྱིས་ཀྱང་རྩེ་གཅིག་པའི་ཞི་གནས་འཕེལ་བས་ཕན་ཚུན་གཅིག་གིས་གཅིག་སྤེལ་བར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་ཉན་ས་ལས། ཇི་ལྟ་ཇི་ལྟར་དེའི་ལུས་དང་སེམས་ཤིན་ཏུ་སྦྱངས་པ་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་དམིགས་པ་ལ་སེམས་རྩེ་གཅིག་པ་ཉིད་རྣམ་པར་འཕེལ་བར་འགྱུར་ལ། ཇི་ལྟ་ཇི་ལྟར་སེམས་རྩེ་གཅིག་པ་ཉིད་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཡང་རྣམ་པར་འཕེལ་བར་འགྱུར་ཏེ། ཆོས་གཉིས་པོ་འདི་ལྟ་སྟེ། སེམས་རྩེ་གཅིག་པ་ཉིད་དང་ཤིན་ཏུ་སྦྱངས་


JLD013_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ནི་གཅིག་ལ་གཅིག་བརྟེན་པ་དང་གཅིག་ལ་གཅིག་རག་ལས་པ་ཡིན་ནོ། །ཞེས་གསུངས་སོ། །མདོར་ན་སེམས་ལས་སུ་རུང་བ་ན་རླུང་སེམས་འཇུག་པ་གཅིག་ཏུ་སོང་བས་རླུང་ལས་སུ་རུང་བར་འགྱུར་ལ། དེའི་ཚེ་ལུས་ཤིན་ཏུ་སྦྱངས་པ་ཁྱད་པར་དུ་འཕགས་པ་འབྱུང་ཞིང༌། དེ་བྱུང་བ་ན་སེམས་ཀྱི་སྟེང་དུ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་དང༌། དེས་ཀྱང་རླུང་ལས་སུ་རུང་བ་ཁྱད་པར་ཅན་དུ་བསྒྲུབས་པས་ལུས་དང་སེམས་ཤིན་སྦྱངས་འདྲེན་པ་སྟེ་སྔར་བཤད་པ་ལྟར་རོ། །དོགས་པ་བཅད་པ་ནི། དེ་ལྟར་དྲན་པ་དང་ཤེས་བཞིན་ལ་རྒྱུན་པའི་འབད་རྩོལ་མ་བྱས་ཀྱང༌། སེམས་ཏིང་ངེ་འཛིན་དུ་འགྲོ་བའི་མི་རྟོག་པའི་སེམས་དགུ་པའི་སྐབས་སུ་བཤད་པ་དང༌། དེ་ཡང་བྱིང་བ༌ཕྲ་མོ་ནས་ཀྱང་བཀག་པའི་གསལ་ཆའི་ངར་དང་ལྡན་པ་དང་། སྔར་ལུས་ཤིན་སྦྱངས་ཀྱི་སྐབས་སུ་བཤད་པ་ལྟར་རླུང་ལས་སུ་རུང་བའི་མཐུས་ལུས་དང་སེམས་ལ་ཕུལ་དུ་བྱུང་བའི་བདེ་བ་སྟེར་བའི་ཏིང་ངེ་འཛིན་སྔར་རྟགས་ཀྱི་སྐབས་སུ་བཤད་པ་ལྟར། འདོད་པ་ལ་འདུན་པ་སོགས་ཀྱི་ཉེ་བའི་ཉོན་མོངས་རྣམས་ཀྱང་ཕལ་ཆེར་མི་རྒྱུ་བ་དང་། མཉམ་གཞག་ལས་ལངས་པའི་ཚེ་ཡང་ཤིན་ཏུ་སྦྱངས་པ་དང་མི་འབྲལ་བའི་ཡོན་ཏན་དང་ལྡན་པ་དེ་སྐྱེས་པ་ན་ལམ་ལྔའི་སྐབས་གང་དུ་འཇོག་ཅེ་ན། འདི་འདྲ་བའི་ཏིང་ངེ་འཛིན་སྐྱེས་ན་ནི་སྤྱིར་ཐེག་པ་ཆེན་པོའི་ལམ་དུ་འཇོག་ཅིང༌། ཁྱད་པར་དུ་ཤིན་སྦྱངས་སྐྱེ་བ་དང་རྗེས་སུ་མཐུན་པའི་རླུང་གིས་


JLD013_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐམས་ཅད་བདེ་བས་གང་བ་ལྟར་སྣང་བ་ལ་བརྟེན་པའི་ལུས་དང་སེམས་ལ་བདེ་ཉམས་ཆེན་པོ་སྐྱེ་བ་དང་། དེ་ཡང་མི་རྟོག་པ་དང་ཆེས་གསལ་བའི་ཁྱད་པར་དང་ལྡན་པར་མཐོང་ནས། རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་མཚན་ཉིད་ཡོངས་སུ་རྫོགས་པའི་རྣལ་འབྱོར་དུ་འདོད་པ་སྔོན་དང་ད་ལྟར་གྱི་དུས་ན་ཤིན་ཏུ་མང་བར་བྱུང་ཞིང་སྣང་ངོ་། །འོན་ཀྱང་རྗེ་བཙུན་མ་ཕམ་པ་དང་འཕགས་པ་ཐོགས་མེད་ལ་སོགས་པའི་གཞུང་ཆེ་བ་དང༌། དབུ་མའི་སྒོམ་རིམ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རིམ་པ་གསལ་བར་སྟོན་པའི་ཚད་ལྡན་གྱི་གཞུང་ལ་བརྟེན་ནས་དཔྱད་ན་ནི། འདི་འདྲ་བའི་ཏིང་ངེ་འཛིན་དེ་ཐེག་པ་ཆེན་པོ་ལྟ་ཅི་སྨོས། ཐེག་པ་དམན་པའི་ལམ་དུ་ཡང་བཞག་པར་མི་ནུས་ཏེ། ཉན་ཐོས་ཀྱི་ས་ལས། བསམ་གཏན་དང་པོའི་དངོས་གཞི་བསྒྲུབ་པའི་ཞི་རགས་ཀྱི་རྣམ་པ་ཅན་དུ་ལྟ་བའི་འཇིག་རྟེན་པའི་ལམ་རྣམས་ཀྱང་ཏིང་ངེ་འཛིན་འདི་ལ་བརྟེན་ནས་བསྒྲུབ་པར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཕྱི་རོལ་པའི་དྲང་སྲོང་འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་པ་མན་ཆད་ཀྱི་ས་འོག་མ་ལ་ཆགས་པ་དང་འབྲལ་བར་བྱེད་པ་རྣམས་ཀྱིས་ཀྱང་། འདི་ལ་བརྟེན་ནས་ལམ་གོང་མར་བགྲོད་དགོས་པས་ཕྱི་པ་དང་ནང་པ་གཉིས་ཀའི་ཏིང་ངེ་འཛིན་ཐུན་མོང་བ་ཡིན་ནོ། །འདི་ཡང་བདག་མེད་པ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ལྟ་བ་དང་སྲིད་པ་མཐའ་དག་གི་སྐྱོན་ལེགས་པར་རྟོགས་ནས་འཁོར་བ་ལ་ཡིད་འབྱུང་ཞིང་ཐར་པ་དོན་གཉེར་གྱི་ངེས་འབྱུང་གི་བསམ་པས་ཟིན་ན་ཐར་པའི་


JLD013_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་འགྱུར་ཞིང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་ན་ནི་ཐེག་པ་ཆེན་པོའི་ལམ་དུ་ཡང་འགྱུར་ཏེ། དཔེར་ན་དུད་འགྲོ་ལ་ཟན་ཆངས་གཅིག་སྟེར་བའི་སྦྱིན་པ་དང་ཚུལ་ཁྲིམས་སྣ་གཅིག་བསྲུངས་པ་ཡང་བསམ་པ་དེ་དག་གིས་ཟིན་ན་རིམ་པ་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཚོགས་སུ་འགྱུར་བ་དང་འདྲའོ། །འོན་ཀྱང་འདིར་ནི་ལམ་གཞན་ཞིག་གིས་ཟིན་པའི་སྒོ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འགྲོ་མི་འགྲོ་དཔྱོད་པ་མིན་གྱི། ཏིང་ངེ་འཛིན་དེ་རང་གི་ངོ་བོའི་སྒོ་ནས་ལམ་གང་དུ་འགྲོ་དཔྱོད་པ་ཡིན་ནོ། །དབུ་མ་པ་དང་སེམས་ཙམ་པ་ཡང་ལྷག་མཐོང་གི་ལྟ་བའི་ཡུལ་ཇི་ལྟར་གཏན་ལ་འབེབས་པ་ལ་མི་མཐུན་པ་ཡོད་ཀྱང་། སྤྱིར་ཞི་ལྷག་གི་ངོས་འཛིན་དང་དེ་དག་གི་རྟོགས་པ་རྒྱུད་ལ་བསྐྱེད་ལུགས་ཀྱི་སྤྱི་ལ་མི་མཐུན་པ་མེད་དོ། །དེས་ན་འཕགས་པ་ཐོགས་མེད་ཀྱིས་བྱང་ས་དང་གཏན་ལ་དབབ་པ་བསྡུ་བ་དང་ཀུན་ལས་བཏུས་དང་ཉན་ཐོས་ཀྱི༌ས་རྣམས་སུ་ཞི་གནས་དང་ལྷག་མཐོང་གཉིས་སོ་སོར་བྱས་པའི་ནང་ནས་ཞི་གནས་བསྒྲུབ་པ་ན་སེམས་དགུའི་རིམ་པས་བསྒྲུབ་པར་གསུངས་ཤིང༌། དེ་ཡང་ཉན་ཐོས་ཀྱི་སར་རྒྱས་པར་གཏན་ལ་ཕབ་པ་ཡིན་པས་ཏིང་ངེ་འཛིན་དེ་དག་ལྷག་མཐོང་གི་སྒྲུབ་ལུགས་སུ་མི་བཞེད་དེ། གཞུང་དེ་དག་ཏུ་ལྷག་མཐོང་སེམས་དགུ་ལས་ལོགས་སུ་བཤད་ཅིང་དེའི་སྒྲུབ་ལུགས་ཀྱང་ཉན་སར་ཟུར་དུ་བཤད་པའི་ཕྱིར་རོ། །དེ་བཞིན་དུ་དབུ་མའི་སྒོམ་རིམ་རྣམས་དང་ཤེར་ཕྱིན་


JLD013_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ལས་ཀྱང༌། སེམས་དགུ་ཞི་གནས་ཀྱི་ལམ་དང་ལྷག་མཐོང་གི་ལམ་ཟུར་དུ་གསུངས་ལ། བྱམས་ཆོས་ནས་གསུངས་པ་རྣམས་ཀྱང་ཐོགས་མེད་ཀྱིས་བཀྲལ་བ་ལས་ལོགས་ན་མེད་པས་ཤིང་རྟ་ཆེན་པོ་ཐམས་ཅད་འདི་ལ་དགོངས་པ་གཅིག་ཏུ་སྣང་ངོ་། །གལ་ཏེ་ཉན་ས་ནས་བཤད་པ་དེ་ལ་བདེ་བ་དང་གསལ་བ་འོང་དུ་ཆུག་ཀྱང༌། མི་རྟོག་པ་ཟབ་མོ་མེད་པས་ཞི་གནས་ཙམ་ཡིན་ལ། མི་རྟོག་པ་ཡོད་ན་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དུ་འགྱུར་རོ་སྙམ་ན། མི་རྟོག་པ་ཟབ་མོ་ཞེས་པའི་ཟབ་མོའི་དོན་གང་ཡིན། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལྟ་བའི་ཕུ་ཐག་བཅད་ནས་དེ་ནས་དེའི་སྟེང་དུ་མི་རྟོག་པར་བཞག་པ་ལ་བྱེད་དམ། གང་དུ་ཡང་མི་རྟོག་མི་དཔྱོད་པར་བཞག་པ་ཙམ་ལ་བྱེད། དང་པོ་ལྟར་ན། དེ་འདྲ་བ་དེ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དུ་ཁོ་བོ་ཅག་ཀྱང་འདོད་དོ། །ཁྱེད་དེ་ལྟར་འདོད་ན་ནི་ཡིན་ལུགས་ཀྱི་ལྟ་བའི་གོ་བ་ཡོད་པ་དང་མེད་པ་གཉིས་སོ་སོར་ཕྱེ་ལ༌ལྟ་བ་ཡོད་པའི་གང་ཟག་ལྟ་ཐོག་ཏུ་བཞག་ནས་མི་རྟོག་པ་སྐྱོང་བ་རྣམས་ནི་ཟབ་མོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །ལྟ་བའི་གོ་བ་མེད་པའི་གང་ཟག་ཅིར་ཡང་མི་རྟོག་པར་བསྒོམ་པ་རྣམས་ཀྱི་སྒོམ་ནི། ཟབ་མོ་སྟོང་པ་ཉིད་བསྒོམ་པ་མ་ཡིན་ནོ་ཞེས་སོ་སོར་ཕྱེ་ནས་སྒྲོག་པར་རིགས་ཀྱི། ཅི་ཡང་མི་སེམས་པར་བསྒོམ་ཚད་ཐམས་ཅད་དམིགས་མེད་དམ་མཚན་མེད་དམ་སྟོང་པ་ཉིད་ལ་བསམ་གཏན་པའོ་ཞེས་སྨྲ་བར་མི་བྱའོ། །གལ་ཏེ་སྟོང་པ་ཉིད་ཁོང་དུ་ཆུད་པའི་ལྟ་བ་ཡོད་དམ་མེད་ཀྱང་བླ་ཡི། སེམས་ཅིར་ཡང་མི་རྟོག་ཅིར་ཡང་


JLD013_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

མི་དཔྱོད་པར་འཇོག་པའི་སྒོམ་ཐམས་ཅད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དུ་འདོད་ན་ནི། སྔར་བཤད་པའི་ཉན་ཐོས་ཀྱི་སར་གསུངས་པའི་ཞི་གནས་ཀྱི་ཕྱོགས་ཀྱི་ཏིང་ངེ་འཛིན་འདི་རྣམས་ཀྱང་མི་འདོད་བཞིན་དུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དུ་ཁས་བླང་དགོས་ཏེ། དེ་དག་ཀྱང་ཏིང་ངེ་འཛིན་ལ་བཞག་པའི་ཚེ་ན་དྲན་པ་དང་ཤེས་བཞིན་མཐུ་ཆུང་དུ་སོང་ན་བྱ་ར་བྱེད་པ་སོགས་ཀྱི་སྐབས་འགའ་ཞིག་མ་གཏོགས་པ་འདི་ནི་འདི་ཡིན་ནོ་འདི་ནི་འདི་མིན་ནོ། །ཞེས་ཅུང་ཟད་ཙམ་ཡང་མི་རྟོག་པར་སྐྱོང་བ་ཡིན་པའི་ཕྱིར་རོ། །དེས་ན་ཞི་གནས་བསྒྲུབ་པའི་ཏིང་ངེ་འཛིན་རྣམས་རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ལ་དམིགས་པར་དགོངས་འགྲེལ་ལས་གསུངས་སོ། །ཉན་ས་ལས་ཀྱང་། དེ་དེའི་ཚེ་ན་རྣམ་པར་རྟོག་པ་མེད་པས་གཟུགས་བརྙན་དེ་ལ་དམིགས་པར་བྱེད་ཅིང༌། དེ་དམིགས་པ་དེ་ལ་ཕྱོགས་གཅིག་ཁོ་ནས་དྲན་པ་རྩེ་གཅིག་ཏུ་འཇོག་པར་བྱེད་ཀྱི། རྣམ་པར་ལྟ་བར་མི་བྱེད་ཅིང་རྣམ་པར་འབྱེད་པར་མི་བྱེད་རབ་ཏུ་རྣམ་པར་འབྱེད་པར་མི་བྱེད་ཡོངས་སུ་རྟོག་པར་མི་བྱེད་ཡོངས་སུ་དཔྱོད་པར་མི་བྱེད་པ་ཡིན་ནོ། །ཞེས་ཞི་ལྷག་གཉིས་ཀྱི་ནང་ནས་ཞི་གནས་ལ་དེ་ལྟར་བཤད་པའི་ཕྱིར་དང༌། ཡང་དེ་ཉིད་ལས། དེ་ལྟར་ཞི་གནས་ཀྱི་སེམས་ཐོབ་པ་དང་གལ་ཏེ་བརྗེད་ངས་པ་དང་མ་གོམས་པའི་ཉེས་པས་མཚན་མ་དང་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་དག་གིས་སྣང་བར་འགྱུར་སྒོ་སྟོན་པར་འགྱུར་དམིགས་པར་བྱེད་པར་འགྱུར་ན། དེ་བྱུང་ངོ་ཅོག་ལ་འདི་ལྟ་སྟེ། ཉེས་


JLD013_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སྔར་མཐོང་བ་དེ་ཉིད་ཀྱི་དབང་དུ་བྱས་ཏེ་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་བྱས་ཏེ། དེ་ལྟར་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པས་དམིགས་པ་དེ་རྣམ་པར་བཤིག་ཅིང༌། རྣམ་པར་བསལ་ན་སྣང་བ་མེད་པ་ཉིད་ལ་ཉེ་བར་བཞག་པར་འགྱུར་རོ། །ཞེས་གསུངས་ཏེ། འདི་ནི་ཞི་གནས་ཙམ་ཞིག་བསྒྲུབ་པའི་སྐབས་སུ་གསུངས་ལ། ཞི་གནས་བསྒྲུབ་པའི་སྐབས་སུ་ནི་དཔྱད་ནས་སྐྱོང་བ་མེད་པར་འཇོག་པའི་སྒོམ་ཉིད་དུ་གཞུང་ཚད་ལྡན་རྣམས་ནས་གསུངས་པས། ཅིར་ཡང་མི་རྟོག་པའི་སྒོམ་ཐམས་ཅད་སྟོང་པ་ཉིད་བསྒོམ་པའི་ཉམས་ལེན་དུ་འདོད་པ་ནི་མཁས་པའི་བཞད་གད་ཀྱི་གནས་ཡིན་ལ། ཁྱད་པར་དུ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པའི་སྒོམ་དུ་གསུངས་པ་གང་ཡིན་ཐམས་ཅད་སྟོང་ཉིད་བསྒོམ་པར་འདོད་པའང༌ཉན་སའི་ལུང་དེས་ལེགས་པར་བཀག་པ་ཡིན་ནོ། །གཞན་ཡང་སྒོམ་རིམ་དང་པོ་ལས། ཞི་གནས་ཀྱི་ངོ་བོ་ཉིད་ནི་སེམས་རྩེ་གཅིག་པ་ཙམ་དུ་ཟད་པའི་ཕྱིར་རོ། །འདི་ནི་ཞི་གནས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་ནོ། །ཞེས་པ་དང༌། ཤེར་ཕྱིན་མན་ངག་ལས་ཀྱང༌། སྣ་ཚོགས་སྣང་བའི་སེམས་དེ་ཉིད་ལ་དམིགས་ནས་ཡིད་ཀྱི་བརྗོད་པ་སྤངས་ལ་ཞི་གནས་བསྒོམ་པར་བྱ་སྟེ། ཞེས་གསུངས་ཏེ། ཡིད་ཀྱི་བརྗོད་པ་ནི་འདི་ནི་འདིའོ་ཞེས་རྣམ་པར་རྟོག་པའོ། །གཞན་ཡང་སྔར་དཀོན་མཆོག་སྤྲིན་ལས། ཞི་གནས་སེམས་རྩེ་གཅིག་པ་ཉིད་ལ་བཤད་པ་ལ་སོགས་པ་མདོ་དང་ཤིང་རྟ་ཆེན་པོའི་གཞུང་མང་དུ་དྲངས་ནས་ཞི་གནས་ནི་ཅིར་ཡང་མི་རྟོག་པ་ལ་ལན་མང་དུ་བཤད་ཟིན་ཏོ། །དེས་ན་


JLD013_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་བསྒོམ་པའི་མི་རྟོག་པ་ཞིག་དང་སྟོང་པ་ཉིད་ཅུང་ཟད་ཀྱང་མ་རྟོགས་པའི་མི་རྟོག་པ་གཉིས་ཡོད་པས། བདེ་གསལ་མི་རྟོག་པ་བྱུང་ཚད་ཐམས་ཅད་སྟོང་པ་ཉིད་ཀྱི་སྒོམ་དུ་གཟུང་བར་མི་བྱའོ། །དེ་ལྟར་ན་འདི་རྣམས་ཀྱང་ཕྱོགས་ཙམ་བསྟན་པ་སྟེ། ལེགས་པར་འབད་ནས་བྱམས་པ་དང་ཐོགས་མེད་ལ་སོགས་པས་བཀྲལ་བའི་ཞི་གནས་དང་ལྷག་མཐོང་གི་སྒྲུབ་ལུགས་ཤེས་པར་བྱ་སྟེ། དེ་ལྟར་མ་བྱས་ན་ཞི་གནས་སུ་ཡང་མ་སླེབས་པའི་མི་རྟོག་པར་འཇོག་པའི་ཏིང་ངེ་འཛིན་འགའ་ཞིག་ལ་སྲིད་པའི་རྩ་བ་གཅོད་པའི་ལྷག་མཐོང་དུ་འཁྲུལ་ནས། དེ་ལ་དམིགས་མེད་དུ་རློམ་ནས་དུས་རྣམས་འདས་པས་རང་གཞན་བསླུ་བར་གདོན་མི་ཟའོ། །མཁས་གྲུབ་ཚད་ལྡན་རྣམས་ཀྱི་གཞུང་ནས་ཞི་གནས་གསར་དུ་བསྒྲུབ་པ་ན་འཇོག་སྒོམ་མི་རྟོག་པར་འཇོག་པ་ཁོ་ན་དང༌། ལྷག་མཐོང་དང་པོར་བསྒྲུབ་པ་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སོ་སོར་ཕྱེ་ནས་དཔྱད་དེ་བསྒོམ་པར་གསུངས་སྣང་བ་ལ། རྟོག་པ་ཐམས་ཅད་བདེན་འཛིན་དུ་བཟུང་ནས་དེ་ཐམས་ཅད་དོར་ཏེ། གཞུང་ཚད་ལྡན་རྣམས་ལས་ལེགས་པར་གོ་བཟློག་ནས། བདག་མེད་པའི་ལྟ་བ་མ་ནོར་བ་མ་རྙེད་ཀྱང༌། ཅིར་ཡང་མི་རྟོག་པ་ལྷག་མཐོང་ཟབ་མོའི་དོན་སྒོམ་པར་བྱེད་པ་ནི། རྒྱ་ནག་གི་མཁན་པོ་ཧྭ་ཤང་གི་ལུགས་གཞན་དང་མ་འདྲེས་པ་ཁོ་ནར་སྣང་སྟེ། སྒོམ་རིམ་གསུམ་ཞིབ་ཏུ་ལྟོས་ཤིག་དང་ཤེས་པར་འགྱུར་རོ། །གཉིས་པ་ཞི་གནས་ལ་བརྟེན་ནས་ལམ་བགྲོད་པའི་ཚུལ་སྤྱིར་བསྟན་པ་ནི། དེ་ལྟར་སྔར་བཤད་བའི་མི་རྟོག་


JLD013_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་ཡིད་ལ་བྱེད་པ་ཐོབ་པ་དེས་གསལ་བ་དང༌། མི་རྟོག་པ་ལ་སོགས་པའི་ཁྱད་པར་ཅན་གྱི་མི་རྟོག་པ་དེ་ཙམ་ཞིག་བསྐྱང་བར་བྱའམ་ཞེ་ན། འདི་འདྲ་བའི་ཏིང་ངེ་འཛིན་རྒྱུད་ལ་བསྐྱེད་པ་ནི་ཉོན་མོངས་པ་འཇོམས་པའི་ལྷག་མཐོང་བསྐྱེད་པའི་ཕྱིར་ཡིན་པས། དེ་ལ་བརྟེན་ནས་ལྷག་མཐོང་མ་བསྐྱེད་ན་ཏིང་ངེ་འཛིན་དེ་ལ་ཅི་ཙམ་གོམས་པར་བྱས་ཀྱང༌། འདོད་པའི་ཁམས་ཀྱི་ཉོན་མོངས་རྣམས་ཀྱང་སྤོང་བར་མི་ནུས་ན། ཉོན་མོངས་པ་ཐམས་ཅད་སྤོང་བ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་ལྷག་མཐོང་བསྒོམ་པར་བྱ་དགོས་སོ། །དེ་ཡང་ཉོན་མོངས་མངོན་གྱུར་སྤོང་བའི་འཇིག་རྟེན་པའི་ལམ་གྱིས་བགྲོད་པའི་ལྷག་མཐོང་དང༌། ཉོན་མོངས་ཀྱི་ས་བོན་རྩ་བ་ནས་སྤོང་བའི་འཇིག་རྟེན་ལས་འདས་པའི་ལམ་གྱིས་བགྲོད་པའི་ལྷག་མཐོང་གཉིས་ལས་གཞན་པའི་ལམ་གོང་དུ་བགྲོད་ཐབས་མེད་དེ། ཉན་ས་ལས། དེ་ལྟར་ཡིད་ལ་བྱེད་པ་ཐོབ་པའི་རྣལ་འབྱོར་པ་སྤོང་བའི་དགའ་བ་ཆུང་ངུ་ལ་ཞུགས་པ་དེའི་གོང་དུ་བགྲོད་པར་བྱ་བ་ནི་གཞན་མེད་དེ༌གཉིས་ཁོ་ནར་ཟད་དོ། །གཉིས་གང་ཞེ་ན་འདི་ལྟ་སྟེ། འཇིག་རྟེན་པའི་དང༌། འཇིག་རྟེན་ལས་འདས་པའིའོ། །ཞེས་གསུངས་སོ། །དེ་ལྟར་ཞི་གནས་སམ་ཡིད་བྱེད་ཐོབ་པ་དེས་འཇིག་རྟེན་པའི་ལམ་གྱི་ལྷག་མཐོང་ངམ། འཇིག་རྟེན་ལས་འདས་པའི་ལམ་གྱིས་འགྲོ་བའི་ལྷག་མཐོང་གང་བསྒོམ་ཡང་དེ་བསྒོམ་འདོད་པ་དེས། སྔར་ཐོབ་པའི་ཞི་གནས་དེ་ལ་ལན་མང་དུ་སྒོམ་པར་བྱེད་ལ། དེ་ལྟར་བསྒོམས་པ་ན་ཤིན་ཏུ་སྦྱངས་པ་དང་སེམས་རྩེ་གཅིག་པ་དེ་ཤིན་ཏུ་འཕེལ་ཞིང་ཞི་གནས་དེ་ཡང་ཤིན་


JLD013_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྟན་པར་འགྱུར་རོ། །གཞན་ཡང་ཞི་ལྷག་གི་མཚན་མ་རྣམས་ལ་ཡང་མཁས་པར་བྱེད་ལ། དེའི་འོག་ཏུ་ལམ་གཉིས་གང་ཡང་རུང་བས་འགྲོ་འདོད་པ་དེ་ལ་རྩོམ་པར་བྱེད་དེ། ཉན་ས་ལས། དེ་ལ་ལས་དང་པོ་པའི་རྣལ་འབྱོར་པ་ཡིད་ལ་བྱེད་པ་དང་བཅས་པ་དེ་ནི་བདག་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་བགྲོད་པས་འགྲོ་བར་བྱའོ་སྙམ་ནས་ཡིད་ལ་བྱེད་པ་དེ་ཉིད་ལ་ལན་མང་དུ་བྱེད་དོ། །ཇི་ལྟ་ཇི་ལྟར་ལན་མང་དུ་བྱེད་པ་དེ་ལྟ་དེ་ལྟར་ཉིན་མཚན་དེ་དང་དེ་དག་འདས་པས་དེའི་ཤིན་ཏུ་སྦྱངས་པ་དང་སེམས་རྩེ་གཅིག་པ་ཉིད་དེ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་རོ། །གང་གི་ཚེ་དེ་ཡི་ཡིད་ལ་བྱེད་པ་དམ་ཞིང་བརྟན་ལ་སྲ་བ་དང་དམིགས་པ་ཡོངས་སུ་དག་པ་ལ་མོས་པ་འཇུག་པར་འགྱུར་བ་དང་ཞི་གནས་དང་ལྷག་མཐོང་གི་ཕྱོགས་ཀྱི་མཚན་མ་རྣམས་ཀྱང་ཡོངས་སུ་ཟིན་པར་གྱུར་པ་དེའི་ཚེ་ན༌དེ་འཇིག་རྟེན་པའི་ལམ་མམ་འཇིག་རྟེན་ལས་འདས་པའི་ལམ་གང་གིས་འགྲོ་བར་འདོད་པ་དེ་ལ་སྦྱོར་བ་རྩོམ་པར་བྱེད་དོ། །ཞེས་གསུངས་སོ། །དེ་ལ་འཇིག་རྟེན་པའི་ལྷག་མཐོང་ནི། ས་འོག་མ་ལ་རགས་པ་དང༌ས་གོང་མ་ལ་ཞི་བར་ལྟ་བའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་སྒོམ་མོ། །འཇིག་རྟེན་ལས་འདས་པའི་ལྷག་མཐོང་ཉན་སར་གསུངས་པ་ནི། བདེན་བཞི་ལ་མི་རྟག་པ་ལ་སོགས་པ་བཅུ་དྲུག་གི་རྣམ་པ་ཅན་དུ་བལྟ་བའི་སྒོམ་སྟེ། གཙོ་བོ་ནི་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བའོ། །དེ་ལྟར་སྔར་བཤད་པའི་ཞི་གནས་ཀྱི་ཡིད་བྱེད་དེ་ཐོབ་པ། ཚེ་དེ་ལ་འཇིག་རྟེན་


JLD013_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་ལམ་གྱིས་མི་འགྲོ་ལ་འཇིག་རྟེན་པའི་ལམ་གྱིས་འགྲོ་བའི་གང་ཟག་ཇི་འདྲ་ཡོད་པ་ནི། ཉན་ས་ལས། དེ་ལ་གང་དག་ཚེ་འདི་ལ་འཇིག་རྟེན་པའི་ལམ་ཁོ་ནས་འགྲོ་བར་འགྱུར་ཞིང་འཇིག་རྟེན་ལས་འདས་པའི་ལམ་གྱིས་མ་ཡིན་པའི་གང་ཟག་དུ་ཡོད་ཅེ་ན། སྨྲས་པ། བཞི་སྟེ། འདི་ལྟ་སྟེ། འདི་ལས་ཕྱི་རོལ་པ་ཐམས་ཅད་དང་། ཆོས་འདི་པ་ཡིན་ཀྱང༌སྔོན་ཞི་གནས་སྤྱོད་སྤྱོད་པ་དབང་པོ་རྟུལ་པོ་དང་། དེ་བཞིན་དུ་དབང་པོ་རྣོ་ཡང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དང༌། བྱང་ཆུབ་སེམས་དཔའ་ཕྱི་མ་ལ་བྱང་ཆུབ་ཐོབ་པར་འདོད་ཅིང་ཚེ་འདི་ལ་མ་ཡིན་པ་སྟེ། ཞེས་གསུངས་པ་ལྟར་རོ། །དེ་ལ་ཕྱི་རོལ་པའི་རྣལ་འབྱོར་པ་སྔར་བཤད་པའི་ཞི་གནས་ཐོབ་པ་ཐམས་ཅད་ནི་གང་ཟག་གི་བདག་མེད་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བ་མེད་དེ། དེ་དག་བདག་མེད་པ་ལ་མི་མོས་པའི་ཕྱིར་རོ། །དེའི་ཕྱིར་ཡང་ན་ཞི་གནས་མི་རྟོག་པ་དེ་ཉིད་ཙམ་ཞིག་སྐྱོང་ལ། ཡང་ན་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་བསྒོམ་པ་ཙམ་བྱེད་པས་འཇིག་རྟེན་པའི་ལམ་ཁོ་ནས་འགྲོ་བའོ། །ཆོས་འདི་པ་སངས་རྒྱས་པ་ཡིན་ཀྱང་སྔོན་ཞི་གནས་ཀྱི་འཇོག་སྒོམ་ཙམ་ཞིག་ལ་གོམས་པ་ཤས་ཆེར་བསྟེན་བསྟེན་པའི་དབང་པོ་རྟུལ་པོ་ཡིན་ན་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་མེད་པའི་དོན་ལ་དཔྱད༌ནས་བསྒོམ་པ་ལ་མི་དགའ་བའམ། དགའ་ཡང་བདག་མེད་པའི་དོན་གོ་མི་ནུས་པས་ཚེ་དེ་ལ་འཇིག་རྟེན་པའི་ལམ་ཁོ་


JLD013_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲོ་བ་ཡིན་ཏེ། ཡང་ན་གནས་ཆ་དེ་ཁོ་ན་སྐྱོང་བར་བྱེད་ལ། ཡང་ན་ནི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་ཙམ་ཞིག་བསྒོམ་པའི་ཕྱིར་རོ། །ནང་པ་སངས་རྒྱས་པ་དབང་རྣོན་བདག་མེད་པའི་དོན་ཁོང་དུ་ཆུད་ཀྱང་བདེན་པ་མངོན་སུམ་དུ་རྟོགས་པའི་དགེ་རྩ་མ་སྨིན་པ་ཡིན་ནའང་ཚེ་དེ་ལ་འཇིག་རྟེན་ལས་འདས་པའི་ཟག་མེད་ཀྱི་འཕགས་ལམ་བསྐྱེད་མི་ནུས་པས་འཇིག་རྟེན་པའི་ལམ་ཁོ་ནས་འགྲོ་བ་ཞེས་བྱ་ཡི། བདག་མེད་པ་ལ་དམིགས་པའི་ལྷག་མཐོང་བསྒོམ་པར་མི་ནུས་པ་མིན་ནོ། །བྱང་སེམས་འཚང་རྒྱ་བ་ལ་སྐྱེ་བ་གཅིག་གིས་ཐོགས་པ་ཡང་སྲིད་པ་ཐ་མ་པ་སྐྱེ་བ་ཕྱི་མའི་དུས་དེར་སྦྱོར་ལམ་ནས་བཟུང་སྟེ་ལམ་བཞི་རྒྱུད་ལ་བསྐྱེད་ཀྱི། སྐྱེ་བ་གཅིག་གིས་ཐོགས་པའི་དུས་སུ་འཕགས་ལམ་མི་བསྐྱེད་པས་ཚེ་དེ་ལ་འཇིག་རྟེན་པའི་ལམ་གྱིས་འགྲོ་བ་ཞེས་བྱ་ཡི། བདག་མེད་པའི་དོན་མ་རྟོགས་པ་མིན་ནོ། །འདི་ནི་མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་གསུངས་པ་དང་མཐུན་པའི་ཐེག་དམན་གྱི་གཞུང་གི་འཚང་རྒྱ་ཚུལ་ཡིན་གྱི། སློབ་དཔོན་འཕགས་པ་ཐོགས་མེད་རང་གི་བཞེད་པ་མིན་ནོ། །དེ་ལྟར་ན་ཕྱི་རོལ་པ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བསྒོམས་ནས་ཉོན་མོངས་མངོན་གྱུར་སྤོང་བ་དང༌། ནང་པ་སངས་རྒྱས་པ་བདག་མེད་པའི་དོན་བསྒོམས་ནས་ཉོན་མོངས་རྩ་བ་ནས་སྤོང་བ་གང་ཡིན་ཀྱང་། ཐོག་མར་སྔར་བཤད་པའི་ཞི་གནས་ཀྱི་


JLD013_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་དེ་ཐོབ་དགོས་པས། སྔར་བཤད་པའི་ཞི་གནས་དེ་ནི་ཕྱི་ནང་གཉིས་ཀའི་རྣལ་འབྱོར་པ་རྣམས་ཀྱི་ཉོན་མོངས་སྤོང་བའི་གཞིར་དགོས་ལ། དེར་མ་ཟད་ཐེག་ཆེན་པ་དང་ཐེག་དམན་པ་གཉིས་ཀྱི་རྣལ་འབྱོར་པ་གང་གིས་ཀྱང་ཏིང་ངེ་འཛིན་དེ་བསྒྲུབ་དགོས་ཤིང༌། ཐེག་ཆེན་པ་ལའང་སྔགས་དང་ཕར་ཕྱིན་ཐེག་པའི་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཀྱང་ཞི་གནས་བསྒྲུབ་དགོས་པས། ཞི་གནས་འདི་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་ལམ་བགྲོད་པའི་གཞིར་ཤིན་ཏུ་གལ་ཆེའོ། །སྔགས་ཀྱི་གཞུང་རྣམས་ནས་བཤད་པའི་ཞི་གནས་ཀྱང་ལྷའི་སྐུ་ལ་དམིགས་པའམ་ཕྱག་མཚན་ནམ་ཡི་གེ་ལ་སོགས་པ་ལ་དམིགས་ནས་སྐྱོང་བ་ལ་སོགས་པ་དམིགས་པའི་ཁྱད་པར་དང་བསྐྱེད་པའི་ཐབས་འགའ་ཞིག་གི་ཁྱད་པར་མ་གཏོགས་པ་ཏིང་ངེ་འཛིན་གྱི་སྐྱོན་ལེ་ལོ་ལ་སོགས་པ་ལྔ་སྤོང་དགོས་པ་དང༌། དེ་དག་གི་གཉེན་པོ་དྲན་པ་དང་ཤེས་བཞིན་ལ་སོགས་པ་བསྟེན་ཚུལ་དང༌། དེ་ནས་སེམས་དགུ་པ་འཐོབ་པ་དང་དེ་ལས་ཤིན་སྦྱངས་སྐྱེ་བ་ལ་སོགས་པ་ཐམས་ཅད་ཐུན་མོང་བ་ཡིན་པས་ཏིང་ངེ་འཛིན་འདི་ནི་ཤིན་ཏུ་རྒྱ་ཆེ་བ་ཡིན་ནོ། །དེ་ལ་དགོངས་ནས་མདོ་སྡེ་དགོངས་འགྲེལ་ལས། ཐེག་པ་ཆེ་ཆུང་གི་ཏིང་ངེ་འཛིན་ཐམས་ཅད་ཞི་ལྷག་གི་ཏིང་ངེ་འཛིན་དུ་འདུ་བར་གསུངས་པས་ཏིང་ངེ་འཛིན་ལ་མཁས་པར་འདོད་པས་ཞི་ལྷག་གཉིས་ལ་མཁས་པར་བྱའོ། །དེ་འདྲ་བའི་ཏིང་ངེ་འཛིན་ཞི་གནས་ཀྱི་ཡིད་བྱེད་དེ་བསྐྱེད་པའི་དགོས་པ་ཤིན་ཏུ་མང་ཡང་། གཙོ་བོའི་དགོས་པ་ནི་ལྷག་མཐོང་གི་རྟོགས་པ་བསྐྱེད་པའི་ཆེད་ཡིན་ལ། ལྷག་


JLD013_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལ་ཡང་ཉོན་མོངས་མངོན་གྱུར་ཙམ་ཞིག་སྤོང་བའི་ཞི་རགས་ཀྱི་རྣམ་པ་ཅན་ཕྱི་རོལ་པ་དང་ནང་པ་ཐུན་མོང་བ་དང་། ནང་པའི་ཡང་ཐེག་པ་ཆེ་ཆུང་ཐུན་མོང་བའི་ལྷག་མཐོང་ཞིག་དང་ཉོན་མོངས་པའི་ས་བོན་གཏན་ནས་སྤོང་བའི་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་ནང་པ་སངས་རྒྱས་པ་ཁོ་ནའི་ཁྱད་ཆོས་སུ་གྱུར་པ་གཉིས་ཡོད་པ་ལས། སྔ་མ་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་གྱི་མེད་མི་རུང་མིན་ལ། ཕྱི་མ་ནི་མེད་དུ་མི་རུང་བའི་ཡན་ལག་ཡིན་པས། རྣམ་གྲོལ་དོན་དུ་གཉེར་བས་ནི་བདག་མེད་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ལྷག་མཐོང་བསྐྱེད་པར་བྱའོ། །དེ་ཡང་འདི་ལྟར་སྔར་བཤད་པ་ལྟར་གྱི་ཞི་གནས་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་སས་བསྡུས་པ་ཞིག་ཐོབ་ན་དེ་ཡན་ཆད་ཀྱི་བསམ་གཏན་ནམ་གཟུགས་མེད་ཀྱི་ཞི་གནས་མ་ཐོབ་ཀྱང༌། དེ་ལ་བརྟེན་ནས་ལྷག་མཐོང་བསྒོམས་པས་འཁོར་བའི་འཆིང་བ་མཐའ་དག་ལས་གྲོལ་བའི་ཐར་པ་འཐོབ་པར་ནུས་ལ། བདག་མེད་པའི་དེ་ཁོ་ན་ཉིད་མ་རྟོགས་ཤིང་མ་བསྒོམས་ན་སྔར་བཤད་པའི་ཞི་གནས་དང་དེ་ལ་བརྟེན་ནས་འཇིག་རྟེན་པའི་ལྷག་མཐོང་གིས་ཅི་ཡང་མེད་པ་མན་ཆད་ཀྱི་ཉོན་མོངས་མངོན་གྱུར་ཐམས་ཅད་སྤངས་པའི་སྲིད་རྩེའི་སེམས་ཐོབ་ཀྱང་འཁོར་བ་ལས་མི་ཐར་བའི་ཕྱིར་རོ། །དེ་ལྟར་ཡང༌བསྔགས་འོས་བསྔགས་བསྟོད་ཀྱི་ལན་མི་ལྡོན་པར་བསྟོད་པ་ལས། ཁྱོད་ཀྱི་ཆོས་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་


JLD013_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། །སྡུག་བསྔལ་ཡང་འབྱུང་སྲིད་པ་བསྒྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང༌། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ནི་བཟློག་པར་བགྱིད། །ཅེས་གསུངས་སོ། །དེས་ན་རྒྱུན་ཞུགས་དང་ཕྱིར་འོང་ཐམས་ཅད་ཀྱི་འཕགས་པའི་ལམ་འཐོབ་པའི་ལྷག་མཐོང་གི་རྟེན་དུ་གྱུར་པའི་ཞི་གནས་ནི། སྔར་བཤད་པའི་ཞི་གནས་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པ་དེ་ཡིན་ལ། དེ་བཞིན་དུ་ཅིག་ཅར་བའི་དགྲ་བཅོམ་པ་ཐམས་ཅད་ཀྱང་སྔར་བཤད་པའི་ཞི་གནས་དེ་ལ་བརྟེན་ནས་ལྷག་མཐོང་བསྒོམས་པས་དགྲ་བཅོམ་པ་ཐོབ་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །སྔར་བཤད་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྔོན་དུ་མ་ཐོབ་ན་ཇི་ལྟ་བའམ་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་གི་རྟོགས་པ་དངོས་ནི་སྐྱེ་མི་སྲིད་པར་འོག་ཏུ་སྟོན་པར་འགྱུར་རོ། །དེའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྣལ་འབྱོར་པས་ཀྱང་ཞི་རགས་ཀྱི་རྣམ་པ་ཅན་གྱི་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་དང་དེས་བསྒྲུབས་པའི་ཞི་གནས་མི་བསྐྱེད་ཀྱང་། ཞི་གནས་ཅིག་བསྐྱེད་དགོས་ཏེ། དེ་ཡང་ཐོག་མར་སྐྱེ་བའི་མཚམས་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་ཀྱི་རིམ་པ་དང་པོའི་སྐབས་སུ་སྐྱེ་བ་ཡིན་ནོ། །མདོར་བསྡུ་ན་སྔོན་དུ་ཞི་གནས་ཅིག་བསྐྱེད་ནས་དེ་ནས་དེ་ལ་བརྟེན་ནས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་གིས་སྲིད་རྩེའི་བར་དུ་ལམ་རིམ་ཅན་དུ་བགྲོད་པ་དང༌། བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་རྣམ་པ་ཅན་གྱི་ལྷག་


JLD013_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གིས་ཐར་པའམ་ཐམས་ཅད་མཁྱེན་པའི་ལམ་ལྔ་བགྲོད་དགོས་པ་ནི། རྒྱལ་བའི་བསྟན་པ་སྤྱིའི་ཕྱག་རྒྱས་བཏབ་པ་ཡིན་པས་རྣལ་འབྱོར་པ་གང་གིས་ཀྱང་འདའ་བར་བྱ་བ་མ་ཡིན་ནོ། །ཞེས་བྱ་བ་ནི་ཞི་གནས་ལ་བརྟེན་ནས་ལམ་གོང་ནས་གོང་དུ་བགྲོད་པའི་ཚུལ་སྤྱིར་བསྟན་པའོ། །གསུམ་པ་ཁྱད་པར་དུ་འཇིག་རྟེན་པའི་ལམ་བགྲོད་ཚུལ་བསྟན་པ་ལ་གཉིས། ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བགྲོད་པའི་སྔོན་དུ་ཞི་གནས་འཐོབ་དགོས་པར་བསྟན་པ་དང༌། ཞི་གནས་ལ་བརྟེན་ནས་འདོད་པ་ལ་ཆགས་པ་དང་བྲལ་བར་བྱེད་པའི་ཚུལ་ལོ། །དང་པོ་ནི། མཚན་ཉིད་སོ་སོར་རིག་པའི་སྒོ་ནས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བསྒོམས་པས་ནི་སྔོན་དུ་ཞི་གནས་སྔར་བཤད་པ་དེ་ཐོབ་པ་ཞིག་དགོས་ཏེ། མདོ་སྡེའི་རྒྱན་ལས། དེ་ཡིས་དེ་ནི་སྤེལ་བྱས་ནས། །འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེས་འཐོབ་བོ། །ཞེས་སྔར་བཤད་པའི་སེམས་དགུ་པ་ཤིན་སྦྱངས་དང་བཅས་པ་ཐོབ་པ་དེས་ཏིང་ངེ་འཛིན་དེ་སྤེལ་བ་ལ་བརྟེན་ནས་དངོས་གཞི་བསྒྲུབ་པར་གསུངས་པའི་ཕྱིར་རོ། །དེ་ཡང་སེམས་དགུ་པ་ནས་བཟུང་སྟེ་ཡིད་བྱེད་མ་ཐོབ་པའི་བར་དུ་ནི་ཡིད་ལ་བྱེད་པའི་ལས་དང་པོ་པ་ཡིན་ལ། ཡིད་བྱེད་ཐོབ་ནས་ཉོན་མོངས་སྦྱོང་བར་འདོད་པས་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་བསྒོམ་པ་ནི་ཉོན་མོངས་རྣམ་པར་སྦྱོང་བའི་ལས་དང་པོ་པར་གསུངས་པས། མཚན་ཉིད་སོ་སོར་རིག་པ་བསྒོམ་པས་སྔོན་དུ་ཡིད་བྱེད་ཐོབ་པ་ཡིན་ཏེ། ཉན་ས་


JLD013_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དེ་ལ་ཡིད་ལ་བྱེད་པའི་ལས་དང་པོ་པ་ནི་རྩེ་གཅིག་ཏུ་བྱ་བ་ཉིད་ལ་ཇི་སྲིད་དུ་ཡིད་ལ་བྱེད་པ་མ་ཐོབ་ཅིང༌། སེམས་རྩེ་གཅིག་པ་ཉིད་ལ་མ་རེག་གི་བར་དུ་ལས་དང་པོ་པ་ཡིན་ནོ། །དེ་ལ་ཉོན་མོངས་རྣམ་པར་སྦྱོང་བའི་ལས་དང་པོ་པ་ནི། ཡིད་ལ་བྱེད་པ་ཐོབ་པ་ཉོན་མོངས་པ་རྣམས་ལས་སེམས་སྦྱོང་བར་འདོད་པའི་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་གང་ཡིན་པ་ལ་བརྩམས་ཤིང༌། ལེན་པ་ལ་གོམས་པ་གང་ཡིན་པ་སྟེ། ཞེས་གསུངས་ཤིང༌། རྣལ་འབྱོར་གྱི་གནས་བཞི་པའི་འགོར་ཡང་ཡིད་བྱེད་ཐོབ་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆགས་བྲལ་གྱི་ལམ་བསྒོམ་པར་གསུངས་པས་སོ། །སྔར་བཤད་པའི་ཞི་གནས་དེ་སྔོན་དུ་བསྒྲུབས་ནས། དེ་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷག་མཐོང་བསྒྲུབས་ནས་ཉོན་མོངས་སྤོང་བའི་ཚུལ་ཤིན་ཏུ་རྒྱས་པར་བཤད་པ་འདི་མངོན་པའི་བསྟན་བཅོས་གཞན་རྣམས་སུ་ཡང་གསལ་བར་མ་བྱུང་བས། སྔོན་གྱི་ཆོས་མངོན་པ་གོང་འོག་ལ་མཁས་པར་སྦྱངས་པའི་གོང་མ་རྣམས་ཀྱིས་ཀྱང་རྩེ་གཅིག་པའི་ཞི་གནས་སྔོན་དུ་བསྒྲུབ་པ་དང༌། དེ་ལ་བརྟེན་ནས་ཉོན་མོངས་སྤོང་བའི་ཚུལ་འདི་གསལ་བར་མ་ཐོན་སྣང་ངོ་། །དེས་ན་ཉན་ས་ནས་བཤད་པ་འདི་ལེགས་པར་མ་ངེས་ན། བསམ་གཏན་དང་གཟུགས་མེད་ཀྱི་ལམ་གྱི་དམའ་ཤོས་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཡིན་ལ། དེ་ལ་ཡིད་བྱེད་དྲུག་བཤད་པའི་ཐོག་མ་མཚན་ཉིད་སོ་སོར་


JLD013_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཡིན་པས། ཉེར་བསྡོགས་ཀྱིས་བསྡུས་པའི་སེམས་ཐོག་མར་སྐྱེ་བ་ནི་མཚན་ཉིད་སོ་སོར་རིག་པ་ཡིན་ནོ་སྙམ་དུ་འཁྲུལ་པ་སྐྱེ་བར་འགྱུར་རོ། །དེ་ལྟར་བཟུང་ན་ཤིན་ཏུ་མི་འཐད་དེ། འདི་ལྟར་ཞི་གནས་མ་ཐོབ་པར་བསམ་གཏན་དང་པོའི་ཉེར་བསྡོགས་སྐྱེ༌ས་མེད་ལ། ཉེར་བསྡོགས་དེ་མ་ཐོབ་ན་ཞི་གནས་མི་འཐོབ་པའི་ཕྱིར་དང་། མཚན་ཉིད་སོ་སོར་རིག་པ་དཔྱད་སྒོམ་ཡིན་པས། དེ་བསྒོམས་པས་ཞི་གནས་སྔར་མ་ཐོབ་པ་གསར་དུ་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །སྔར་སའི་དངོས་གཞིའི་ལུང་དྲངས་པ་ལྟར་འདོད་པའི་རྩེ་གཅིག་པ་ལ་ཤིན་སྦྱངས་མེད་ལ། ཤིན་སྦྱངས་མ་ཐོབ་ན་ཞི་གནས་མ་གྲུབ་པར་དགོངས་འགྲེལ་ལ་སོགས་པ་ལས་གསུངས་པའི་ཕྱིར། ཉེར་བསྡོགས་དང་པོ་མ་ཐོབ་ན་ཞི་གནས་མི་འཐོབ་བོ། །དེས་ན་ཉེར་བསྡོགས་དང་པོའི་ཡིད་བྱེད་དྲུག་གི་ཐོག་མ་ནི་ཉེར་བསྡོགས་ཀྱིས་བསྡུས་པའི་ལྷག་མཐོང་བསྒོམ་པའི་འགོ་ཡིན་གྱི། ཉེར་བསྡོགས་དང་པོ་ཙམ་གྱི་ཐོག་མ་མིན་ཏེ། དེའི་གོང་དུ་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་འགྲོ་དགོས་པས་སོ། །ཉེར་བསྡོགས་དང་པོས་བསྡུས་པའི་ཏིང་ངེ་འཛིན་མ་ཐོབ་གོང་གི་ཏིང་ངེ་འཛིན་ཐམས་ཅད་འདོད་སེམས་རྩེ་གཅིག་པ་ཁོ་ན་ཡིན་པས། གཞུང་ཆེ་བ་རྣམས་ནས་བཤད་པ་དང་བསྟུན་ན་ལྷག་མཐོང་ལྟ་ཞོག་ཞི་གནས་འཐོབ་པ་ཡང་ཤིན་ཏུ་ཉུང་བར་སྣང་ངོ་། །ཞི་གནས་ལ་བརྟེན་ནས་འདོད་པ་ལ་ཆགས་པ་དང་བྲལ་བར་བྱེད་པའི་ཚུལ་ནི། སྔར་བཤད་པའི་ཞི་གནས་གསལ་བ་དང་མི་རྟོག་པ་ལ་སོགས་པའི་ཁྱད་པར་དུ་མ་དང་ལྡན་པ་དེ་ཙམ་ཞིག་ལ་གོམས་པར་བྱས་ནས་ལྷག་མཐོང་གཉིས་གང་ཡང་མ་


JLD013_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ན། འདོད་པ་ཁམས་ཀྱི་ཉོན་མོངས་མངོན་གྱུར་བ་ཡང་རེ་ཞིག་ལ་འགོག་པར་མི་ནུས་ན་ཉོན་མོངས་པའི་ས་བོན་དང་ཤེས་བྱའི་སྒྲིབ་པ་སྤོང་བ་ལྟ་ཅི་སྨོས། དེའི་ཕྱིར་འདོད་པ་ལས་ཆགས་པ་དང་བྲལ་བའི་བསམ་གཏན་དང་པོ་འཐོབ་པར་འདོད་ན་ཞི་གནས་དེ་ལ་བརྟེན་ནས་ལྷག་མཐོང་བསྒོམ་པར་བྱའོ། །འོ་ན་སྔར་ཞི་གནས་ཙམ་ལ་གོམས་པར་བྱས་ན་ཉོན་མོངས་པ་མངོན་གྱུར་འགོ་གནོན་པར་བཤད་པ་དང་ཇི་ལྟར་མི་འགལ་ཞེ་ན། སྐྱོན་མེད་དེ། སྔར་གྱི་དེ་ནི་འཇིག་རྟེན་པའི་ལྷག་མཐོང་ཞི་གནས་ཀྱི་ཁོངས་སུ་བསྡུས་པའི་དབང་དུ་བྱས་ལ། འདིར་ནི་ལྷག་མཐོང་གཉིས་ཀའི་སྔོན་དུ་འགྲོ་བའི་ཉེར་བསྡོགས་དང་པོས་བསྡུས་པའི་ཞི་གནས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །ཆགས་བྲལ་བསྒྲུབ་པའི་ལྷག་མཐོང་དེ་ལ་ཡང་བདེན་པའི་རྣམ་པ་ཅན་དང་ཞི་རགས་ཀྱི་རྣམ་པ་ཅན་གཉིས་ཀྱིས་ཆགས་པ་དང་བྲལ་བར་བྱེད་པའི་ཚུལ་གཉིས་ལས། འདིར་ནི་ལམ་ཕྱི་མའི་སྒོ་ནས་ཆགས་བྲལ་བསྒྲུབ་ཚུལ་སྟོན་པ་ཡིན་ནོ། །འདི་ལ་རྟེན་ནི། བདག་མེད་ཀྱི་ལྟ་བ་ཅུང་ཟད་ཀྱང་མེད་པའི་ཕྱི་རོལ་པ་དང༌། ཆོས་འདི་པ་བདག་མེད་པའི་ལྟ་བ་དང་ལྡན་པ་གཉིས་ཀས་བསྒོམ་པ་ཡོད་དོ། །དེས་ལམ་ཇི་འདྲ་ཞིག་བསྒོམས་པས་ཉོན་མོངས་སྤོང་བ་ནི། ཉན་ས་ལས། དེ་ལ་འདོད་པའི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་རབ་ཏུ་བརྩོན་པའི་རྣལ་འབྱོར་པ་ནི་ཡིད་ལ་བྱེད་པ་རྣམ་པ་བདུན་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་རྗེས་སུ་འཐོབ་བོ། །བདུན་པོ་དེ་དག་ཀྱང་གང་ཞེ་ན། སྨྲས་པ། མཚན་ཉིད་


JLD013_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་རིག་པ་དང་། མོས་པ་ལས་བྱུང་བ་དང་། རབ་ཏུ་དབེན་པ་དང་། དགའ་བ་སྡུད་པ་དང་། དཔྱོད་པའི་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པ་དང་། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་ཐ་མ་ནི་འདོད་པ་ལ་ཆགས་པ་དང་བྲལ་ནས་དངོས་གཞི་ལ་ཞུགས་པའི་དུས་ཀྱི་ཡིད་བྱེད་ཡིན་པས་བསྒྲུབ་བྱ་ཡིན་ལ། སྔ་མ་དྲུག་ནི་སྒྲུབ་བྱེད་ཡིན་ནོ། །གལ་ཏེ་འདིར་བདག་མེད་པའི་དོན་བསྒོམས་ནས་ཉོན་མོངས་སྤོང་བར་མི་བྱེད་ན། ཇི་འདྲ་བ་ཞིག་གཏན་ལ་ཕབ་ནས་དེའི་དོན་བསྒོམས་ཏེ་ཉོན་མོངས་སྤོང་བ་ཡིན་ཞེ་ན། དེ་ལ་ལམ་འདིས་འདོད་པ་ཁམས་ཀྱི་ཉོན་མོངས་མངོན་གྱུར་པ་གཞན་ཡང་སྤོང་མོད་ཀྱང༌། འདོད་པ་ལ་ཆགས་པ་དང་བྲལ་བར་བྱེད་པ་ཞེས་གསུངས་པས་གཙོ་བོར་འདོད་ཆགས་ཀྱི་གཉེན་པོའི་སྒོ་ནས་སྤོང་བ་ཡིན་ནོ། །དེ་ཡང་འདོད་ཆགས་ནི་འདིར་འདོད་པའི་ཡོན་ཏན་ལྔ་ལ་འདུན་ཞིང་ཆགས་པ་ཡིན་པས། དེའི་གཉེན་པོར་འདོད་ཡོན་ལ་སྒོ་དུ་མ་ནས་ཉེས་དམིགས་སུ་བལྟས་ཏེ། འདོད་ཆགས་དེ་ཡི་འཛིན་སྟངས་ཀྱི་ལྡོག་ཕྱོགས་བཟུང་བའི་སྒོ་ནས་གོམས་པར་བྱས་པས་འདོད་པ་ལས་ཆགས་པ་དང་འབྲལ་བར་བྱེད་པའོ། །འདི་ཡང་འདོད་པའི་སྐྱོན་དང་བསམ་གཏན་དང་པོའི་ཡོན་ཏན་ཕྱིན་ཅི་མ་ལོག་པར་སོ་སོར་རིག་པ་མཚན་ཉིད་སོ་སོར་རིག་པའི་ངེས་པ་བརྟན་པོ་ཡོད་ཀྱང༌། སྔོན་དུ་ཞི་གནས་གྲུབ་པ་མེད་ན་སྐྱོན་ཡོན་དེ་གཉིས་དཔྱོད་པ་ལ་ཇི་ཙམ་གོམས་པར་བྱས་ཀྱང་


JLD013_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་སྤོང་མི་ནུས་ལ། ཡང་ཞི་གནས་གྲུབ་ཀྱང་སོ་སོར་རིག་པས་དཔྱོད་པ་མ་བྱས་ན་དེ་ལ་ཇི་ཙམ་བསྒོམས་ཀྱང་ཉོན་མོངས་སྤོང་མི་ནུས་པས། ཞི་ལྷག་གཉིས་ཀ་བསྒོམས་པའི་སྒོ་ནས་སྤང་དགོས་པ་ཡིན་ཏེ། འདི་ནི་ཉོན་མོངས་སྤོང་བ་ཐམས་ཅད་ཀྱི་རྣམ་པར་བཞག་པའོ། །དེ་ལྟར་ན་ས་གོང་འོག་གི་སྐྱོན་ཡོན་སོ་སོར་འབྱེད་པའི་མཚན་ཉིད་རབ་ཏུ་རིག་པ་ནི་རེས་འགའ་ཐོས་པ་དང་རེས་འགའ་བསམ་བྱུང་དུ་འགྱུར་བས་ཐོས་བསམ་འདྲེས་མའོ། །དེ་ལྟར་གོམས་པས་ཐོས་བསམ་ལས་འདས་ནས་བསྒོམ་པའི་རྣམ་པས་མཐའ་གཅིག་ཏུ་ཞི་རགས་ཀྱི་དོན་དེ་ལ་མོས་པར་བྱེད་པ་ནི་མོས་པ་ལས་བྱུང་བའི་ཡིད་བྱེད་དོ། །འདིར་ཉན་ས་ལས། མཚན་མ་དེ་ཉིད་ལ་དམིགས་ནས་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་དོ། །ཞེས་གསུངས་ཤིང༌། ཡིད་བྱེད་དྲུག་པའི་སྐབས་སུ་ཡང་ཞི་ལྷག་བསྒོམ་པར་གསུངས་ལ། ཡིད་བྱེད་དང་པོའི་སྐབས་སུ་དོན་ལ་སོགས་པའི་གཞི་དྲུག་ལ་དམིགས་པར་གསུངས་པ་དེ། སྐབས་གཞན་དུ་ལྷག་མཐོང་དུ་ལན་མང་པོར་གསུངས་པས་འདི་དག་བདག་མེད་པའི་ལྟ་བ་བསྒོམ་པ་མིན་ཡང་ལྷག་མཐོང་དུ་མི་འགལ་ལོ། །དེས་ན་ཡིད་བྱེད་འདི་རྣམས་ཀྱི་སྐབས་སུ་ཞི་ལྷག་གཉིས་ཀྱི་ཚུལ་དུ་བསྒོམས་ནས། ཉོན་མོངས་སྤོང་བ་ཡིན་པས་དེའི་བསྒོམ་ཚུལ་ནི། ཞི་རགས་སོ་སོར་ཕྱེ་བའི་དོན་དེ་ཉིད་ལ་ཡང་དང་ཡང་དུ་དཔྱོད་པ་ནི་ལྷག་མཐོང་བསྒོམ་པ་ཡིན་ལ། ཡང་དཔྱད་པའི་མཐར་ཞི་རགས་ཀྱི་དོན་དེ་ལ་རྩེ་གཅིག་ཏུ་འཇོག་པ་ནི་ཞི་གནས་བསྒོམ་པའོ། །དེ་ལྟར་བསྒོམ་པའི་ཡིད་བྱེད་གཉིས་པ་དང་དང་པོ་ནི་སུན་འབྱིན་པའི་གཉེན་པོའོ། །དེ་ལྟར་


JLD013_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ལྷག་གཉིས་རེ་མོས་སུ་བསྒོམ་པ་གོམས་པ་ལ་བརྟེན་ནས་འདོད་པའི་ཉོན་མོངས་ཆེན་པོའི་གཉེན་པོ་སྐྱེས་པ་ན་རབ་ཏུ་དབེན་པའི་ཡིད་བྱེད་ཅེས་བྱའོ། །ཡང་ཞི་ལྷག་སྤེལ་མར་བསྒོམས་པས་ཉོན་མོངས་འབྲིང་སྤོང་བར་ནུས་པ་ན་དགའ་བ་སྡུད་པའི་ཡིད་བྱེད་དོ། །དེ་ནས་དགེ་བ་ལ་སྦྱོར་བ་ལ་གེགས་བྱེད་པའི་འདོད་པའི་ཉོན་མོངས་ཏིང་ངེ་འཛིན་ལ་གནས་པ་དང༌དེ་ལས་ལངས་པའི་སྐབས་སུ་མི་རྒྱུ་བར་མཐོང་བ་ན། ད་ནི་ཁོ་བོས་ཉོན་མོངས་སྤངས་སོ་སྙམ་དུ་རྟོག་པ་རྩིང་པོ་མི་བྱེད་པར་དཔྱོད་པར་བྱེད་དེ། ཅི་བདག་འདོད་པ་ལ་འདུན་པའི་ཆགས་པ་དང་མ་བྲལ་བཞིན་དུ་མི་རྒྱུ་བ་ཡིན་ནམ། འོན་ཏེ་ཆགས་པ་དང་བྲལ་ནས་མི་རྒྱུ་བ་ཡིན་སྙམ་ནས་དེ་སད་པའི་ཕྱིར་དུ་ཆགས་ཡུལ་ཤིན་ཏུ་སྡུག་པ་ཞིག་ལ་དམིགས་པ་ན་ཆགས་པ་སྐྱེ་བར་མཐོང་ནས། དེ་སྤང་པའི་ཕྱིར་དུ་བསྒོམ་པ་ལ་དགའ་བར་བྱེད་པ་ནི་དཔྱོད་པའི་ཡིད་བྱེད་དོ། །འདིས་ནི་མ་སྤངས་པ་ལ་སྤངས་སོ་སྙམ་པའི་ང་རྒྱལ་སྤོང་ངོ་། །དེ་ནས་ཡང་སྔར་ལྟར་ཞི་རགས་ཀྱི་དོན་ལ་སོ་སོར་དཔྱོད་པ་དང་དཔྱད་པའི་མཐར་རྩེ་གཅིག་ཏུ་འཇོག་པ་གཉིས་ཀ་བྱས་ཤིང་བསྒོམས་པས། འདོད་པའི་ཉོན་མོངས་ཆུང་ངུའི་གཉེན་པོར་སྐྱེས་པ་ན་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །ཡིད་བྱེད་གསུམ་པ་དང་བཞི་པ་དང་དྲུག་པ་ནི་ཉོན་མོངས་སྤོང་བའི་གཉེན་པོའོ། །དེ་ལྟར་ཉོན་མོངས་པ་ཆུང་ངུ་སྤངས་པ་ན་འདོད་པའི་ཉོན་མོངས་མངོན་གྱུར་ཐམས་ཅད་བཅོམ་ནས་རེ་ཞིག་ལ་ཅུང་ཟད་ཀྱང་མི་རྒྱུ་བར་བྱེད་དེ། ས་བོན་གཏན་བཅོམ་པ་ནི་མིན་ནོ། །ཚུལ་


JLD013_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ཅི་ཡང་མེད་པ་མན་ཆད་ལ་ཆགས་པ་དང་བྲལ་བར་བྱེད་ལ། སྲིད་རྩེའི་ཉོན་མོངས་ནི་མངོན་གྱུར་ཀྱང་འགོག་མི་ནུས་པས་འཁོར་བ་ལས་བརྒལ་བར་མི་ནུས་སོ། །འོན་ཀྱང་བསམ་གཏན་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་ཡང་འཐོབ་པར་བྱེད་དེ། འདི་དག་ནི་ཚིག་མངས་པས་འཇིགས་པས་མ་བྲིས་ཏེ། རྒྱས་པར་ཉན་ས་ན་བཞུགས་པས་དེར་བལྟ་བར་བྱའོ། །བསམ་གཏན་ལ་སོགས་པའི་དངོས་གཞི་བསྒྲུབ་ཚུལ་འདི་རྣམས་ད་ལྟ་མེད་པས་དེ་དག་གིས་གོལ་སར་འཁྲིད་ས་མེད་མོད་ཀྱང༌། འདི་རྣམས་ལ་ཚིག་སྤྱི་ཙམ་དུ་མ་སོང་བའི་གོ་བ་སྐྱེས་ན་ཏིང་ངེ་འཛིན་གཞན་གྱི་གོལ་ས་གཅོད་པ་ལ་ཤིན་ཏུ་ཕན་པར་སྣང་ངོ་། །དེ་ལྟ་བུའི་བསམ་གཏན་བཞི་དང་གཟུགས་མེད་བཞིའི་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལྔ་ནི་ཕྱི་རོལ་པ་དང་ཐུན་མོང་བ་ཡིན་པས་དེ་འདྲ་བའི་ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་ཀྱང༌། དེ་ཙམ་གྱིས་འཁོར་བ་ལས་མི་གྲོལ་བར་མ་ཟད་དེ་དག་གིས་ཀྱང་འཁོར་བར་འཆིང་བས། ཞི་གནས་ཙམ་གྱིས་ཆོག་ཤེས་མི་བྱ་བར་སོ་སོར་རྟོག་པའི་ལྷག་མཐོང་བདག་མེད་པའི་ལྟ་བ་བཙལ་བར་བྱའོ། །བསམ་གཏན་དང་པོ་ལ་སོགས་པའི་དངོས་གཞི་བསྒྲུབ་ལུགས་རྣམས་རྒྱས་པར་མ་ཤེས་ནའང༌། སྔར་བཤད་པའི་ཞི་གནས་སམ་ཡིད་ལ་བྱེད་པ་ཞེས་བྱ་བ་དེའི་བསྒྲུབ་ལུགས་ཤིན་ཏུ་ཟབ་པའི་མདོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་སེམས་འཇོག་ཚུལ་དགུ་གསུངས་པ་དབུ་མའི་སྒོམ་རིམ་དུ་བཀོད་པ་སྔར་དྲངས་པ་དང༌། དེའི་དགོངས་པ་མདོ་སྡེའི་རྒྱན་དུ་བཀྲལ་བ་དང༌། འཕགས་པ་ཐོགས་མེད་ཀྱིས་བྱང་ས་དང་མངོན་པ་གོང་མ་དང་


JLD013_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་དབབ་པ་བསྡུ་བར་མདོར་བསྡུས་ཏེ་གསུངས་ཤིང༌། བསྡུ་བ་ལས་ཞི་ལྷག་གཉིས་ཉན་ས་ལ་ཞལ་འཕངས་མཛད་པ་ལྟར། ཉན་ས་ན་རྒྱས་པར་བཀྲལ་བ་དང༌། དེ་རྣམས་ཀྱི་དོན་དབུ་མའི་སྒོམ་རིམ་དང༌། ཤེར་ཕྱིན་མན་ངག་ཏུ་གསུངས་པ་དང༌། གཞན་ཡང་དབུས་མཐའ་ནས་སྤོང་བའི་འདུ་བྱེད་བརྒྱད་ཉེས་པ་ལྔ་སྤོང་ཚུལ་དང་བཅས་པས་ཞི་གནས་བསྒྲུབ་ལུགས་གསུངས་པ་རྣམས་ཀྱི་སྙིང་པོ་རྣམས་ལེགས་པར་བརྟགས་ཏེ་རང་བཟོ་དང་བྲལ་བར་བསྟན་པ་ཙམ་རེ་ངེས་པར་ཤེས་པར་བྱ་དགོས་ཏེ། འདི་རྣམས་བསམ་གཏན་པ་ཁ་ཅིག་ལ་ནི་མིང་ཙམ་ཡང་མི་འདུག་ལ། ཁ་ཅིག་ལ་སྔོན་གཞུང་ཆེ་བ་ལ་སྦྱངས་པའི་དུས་སུ་ཚིག་ཙམ་ཡོད་ཀྱང༌དོན་ལེགས་པར་མ་གོ་བས། ཕྱིས་ཉམས་ལེན་གྱི་ཚེ་དགོས་པ་མེད་པར་མཐོང་ནས་རྩིས་མེད་དུ་དོར་ཏེ་བསྐྱངས་པས། གོ་བ་ལེགས་པར་དམིགས་མ་ཕྱེད་པའི་རྟགས་སུ། ཞི་གནས་ཀྱི་ཕྱོགས་སུ་བསྡུར་རུང་བའི་ཏིང་ངེ་འཛིན་རེ་ཐོབ་པ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དུ་འཛིན་པར་སྣང་ལ། ཕྱི་ནང་གཉིས་ཀའི་ཏིང་ངེ་འཛིན་ཐུན་མོང་བ་སེམས་དགུ་པ་ཙམ་ཞིག་ཐོབ་ན། རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་མཚན་ཉིད་ཚང་བ་བྱུང་བར་འདོད་པ་དང༌། མཉམ་རྗེས་འདྲེས་ནས་མི་རྟོག་པའི་ཡེ་ཤེས་རྒྱུན་མི་འཆད་དུ་འདོད་པ་མང་ངོ་། །སྔར་བཤད་པ་རྣམས་ལ་ངེས་པ་ལེགས་པར་རྙེད་ན་ནི། དམིགས་མེད་དང༌མཚན་མེད་དང་ངེས་དོན་བསྒོམ་པ་ལ་སོགས་པའི་མིང་སྙན་སྙན་བཏགས་པ་ཙམ་གྱིས་


JLD013_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུལ་བར། ཏིང་ངེ་འཛིན་དེའི་དོན་གང་དུ་སོང་ཤེས་ནས་ལམ་གྱི་གོལ་ས་དང་མ་གོལ་ས་ཤེས་པར་འགྱུར་བས། གཞུང་ཚད་ལྡན་དེ་དག་ནས་གསུངས་པའི་ཏིང་ངེ་འཛིན་གྱི་བསྒྲུབ་པའི་རིམ་པ་ལ་མཁས་པར་བྱའོ། །འདིར་སྨྲས་པ། མདོ་དང་དགོངས་འགྲེལ་བསྟན་བཅོས་ཆེན་མོ་ལས། །ལེགས་གསུངས་ཏིང་འཛིན་བསྒྲུབ་པའི་རིམ་པ་ནི། །རྗོད་བྱེད་བརླིང་བས་བློ་གྲོས་ཆུང་རྣམས་ཀྱིས། །ཇི་བཞིན་མ་རྟོགས་རང་གི་བློ་ཡི་སྐྱོན། །གཞན་ལ་བསྒོས་པས་གཞུང་བཟང་དེ་དག་ལ། །མི་རྟོག་སྐྱོང་བའི་གདམས་པ་མེད་སྙམ་ནས། །ཡོད་པའི་གཞུང་དུ་མ་བཙལ་མེད་པའི་སར། །འབད་པ་དུ་མས་ཚོལ་ཞིང་རྙེད་པར་སེམས། །དེ་འདྲས་ཕྱི་རོལ་པ་དང་ནང་པ་ཡི། །ཏིང་འཛིན་རྣམས་ཀྱང་ཕྱེད་པར་མི་འགྱུར་ན། །ཐེག་པ་མཆོག་དང་ཐེག་པ་དམན་པ་དང༌། །རྡོ་རྗེའི་ཐེག་དང་ཕ་རོལ་ཕྱིན་པ་ཡི། །ཏིང་ངེ་འཛིན་གྱི་ཁྱད་པར་གང་ཡིན་པ། །ཇི་བཞིན་ཕྱེད་པར་འགྱུར་བ་སྨོས་ཅི་དགོས། །ཚུལ་དེ་མཐོང་ནས་གཞུང་ལུགས་ཆེན་མོ་ཡི། །ཏིང་འཛིན་སྐྱོང་ཚུལ་གོ་སླའི་ངག་གིས་བཤད། །གཞུང་ལུགས་ཆེ་ལ་ལོ་མང་སྦྱངས་པ་ཡི། །གྲོགས་དག་རང་གི་ནོར་བུ་རིན་པོ་ཆེ། །དོར་ནས་གཞན་གྱི་མཆིང་བུ་མ་ལེན་པར། །རང་ལ་རིན་ཆེན་ཡོད་པ་མཁྱེན་པར་མཛོད། །ཁྱེད་ཀྱིས་སྦྱངས་པའི་གཞུང་ལས་གདམས་པའི་དོན། །ལོགས་སུ་མེད་པ་གཟིགས་ནས་ཐུབ་དབང་གིས། །མང་དུ་ཐོས་པ་ནགས་ན་བདེ་འོ་ཞེས། །གསུངས་པ་དེ་ཡི་དོན་ལའང་དཔྱོད་པར་རིགས། །ཅིར་ཡང་མི་རྟོག་འཇོག་པའི་ཞི་གནས་ལམ། །དང་པོར་བསྒྲུབ་པའི་ཚུལ་དང་གྲུབ་པའི་ཚད། །ལེགས་པར་དམིགས་


JLD013_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གོ་བ་མ་རྙེད་ཀྱང༌། །སྙིང་རུས་ཙམ་ལ་རེ་བའི་བསམ་གཏན་པ། །དེ་དག་གིས་ཀྱང་ད་དུང་མཁས་པ་ལ། །བརྟེན་ནས་སྐྱོང་ཚུལ་ཇི་བཞིན་ཤེས་པར་མཛོད། །དེ་ལྟ་མིན་ན་རྒྱལ་བའི་བསྟན་པ་ལ། །རེ་ཞིག་ངལ་བསོ་བྱས་ན་གནོད་པ་ཆུང༌། །དེ་ལྟར་བྱམས་པ་ཐོགས་མེད་ཀྱི། །གཞུང་གིས་ཞི་གནས་བསྒྲུབ་པའི་ཚུལ། །བཤད་པ་འདི་ཡང་རྒྱལ་བ་ཡི། །བསྟན་པ་རིང་དུ་གནས་ཕྱིར་རོ། །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པས། བསམ་གཏན་གྱི་ངོ་བོ་ཞི་གནས་ལ་ཇི་ལྟར་བསླབ་པའི་ཚུལ་བཤད་ཟིན་ཏོ།། །།དེ་ལྟར་བཤད་ཟིན་པ་ལྟར་སེམས་དམིགས་པ་གཅིག་ལ་ཇི་ལྟར་འདོད་པ་ལྟར་བཞག་པས་གར་བཞག་ཏུ་སྡོད་པའི་མི་རྟོག་པ་དང༌། དེ་ཡང་བྱིང་བ་དང་བྲལ་བའི་གསལ་བ་དང༌། ཕན་ཡོན་གྱི་ཁྱད་པར་དགའ་བདེ་དང་བཅས་པའི་ཞི་གནས་དེ་ཙམ་གྱིས་ཆོག་ཤེས་མི་བྱ་བར། དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ངེས་པའི་ཤེས་རབ་བསྐྱེད་ནས་ལྷག་མཐོང་བསྒོམ་པར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་ཏིང་ངེ་འཛིན་དེ་ཙམ་ནི་མུ་སྟེགས་དང་ཡང་ཐུན་མོང་བ་ཡིན་པས། དེ་ཙམ་ལ་གོམས་པར་བྱས་ཀྱང་དེ་རྣམས་ཀྱི་ལམ་བཞིན་དུ་ཉོན་མོངས་པའི་ས་བོན་མི་སྤོང་བས་སྲིད་པ་ལས་གྲོལ་བར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་སྒོམ་རིམ་དང་པོ་ལས། དེ་ལྟར་དམིགས་པ་ལ་སེམས་བརྟན་པར་བྱས་ནས་ཤེས་རབ་ཀྱིས་རྣམ་པར་དཔྱད་པར་བྱ་སྟེ། འདི་ལྟར་ཤེས་པའི་སྣང་བ་བྱུང་བས་ཀུན་ཏུ་རྨོངས་པའི་ས་བོན་ཤིན་ཏུ་སྤོང་བར་འགྱུར་


JLD013_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ལྟ་མ་ཡིན་ན་མུ་སྟེགས་ཅན་རྣམས་བཞིན་དུ་ཏིང་ངེ་འཛིན་ཙམ་གྱིས་ཉོན་མོངས་པ་སྤོང་བར་མི་འགྱུར་རོ། །མདོ་སྡེ་ལས་ཇི་སྐད་དུ། འཇིག་རྟེན་དག་ནི་ཏིང་འཛིན་སྒོམ་བྱེད་ཀྱང༌། །དེ་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ནི་ཉོན་མོངས་ཕྱིར་ཞིང་རབ་འཁྲུག་སྟེ། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམས་བཞིན། །ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་སོ། །དེ་ལ་ཏིང་འཛིན་སྒོམ་བྱེད་ཀྱང་། ཞེས་པ་ནི་སྔར་བཤད་པའི་མི་རྟོག་པ་དང་གསལ་བ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་ཏིང་ངེ་འཛིན་ནོ། །དེ་བསྒོམས་ཀྱང་བདག་འཛིན་སྤོང་མི་ནུས་པ་ནི། དེ་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །ཅེས་པའོ། །བདག་འཛིན་མ་སྤངས་པས་ད་གདོད་ཡང་ཉོན་མོངས་སྐྱེ་བར་འགྱུར་བ་ནི། ཉོན་མོངས་ཕྱིར་ཡང་རབ་ཏུ་འཁྲུག །ཅེས་པའོ། །འོ་ན་ཇི་འདྲ་ཞིག་བསྒོམས་པས་ཐར་པ་འཐོབ་སྙམ་ན། ལུང་དེའི་མཇུག་དེ་མ་ཐག་ཉིད་དུ་སྔར་དྲངས་པ་ལྟར། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །ཅེས་སོགས་ཏེ། གལ་ཏེ་བདག་མེད་པའི་ཆོས་ལ་སོ་སོར་བརྟགས་ནས་བདག་མེད་ཀྱི་དོན་གོ་བའི་ཤེས་རབ་བསྐྱེད་པ་དང༌། སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི། །ཞེས་བདག་མེད་པའི་ལྟ་བ་རྙེད་ནས་ལྟ་བ་དེ་སྐྱོང་ཞིང་བསྒོམ་པ་ནི། དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །ཞེས་མྱ་ངན་ལས་འདས་པའམ་ཐར་པའི་འབྲས་བུ་ཐོབ་པའི་རྒྱུ་དེ་ཡིན་ནོ། །ཞེས་པའོ། །འོ་ན་དེ་བསྒོམས་པས་ཐར་པ་འཐོབ་པ་ལྟར། དེ་མེད་པར་གཞན་ཞིག་བསྒོམས་པས་ཀྱང་ཐར་པ་འཐོབ་བམ་སྙམ་ན། རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་དེ་ལས་གཞན་པའི་ལམ་བསྒོམས་


JLD013_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་མེད་ན་སྡུག་བསྔལ་དང་ཉོན་མོངས་ཞི་བར་མི་འགྱུར་རོ། །ཞེས་བདག་མེད་པའི་ཤེས་རབ་ཁོ་ན་སྲིད་པའི་རྩ་བ་གཅོད་བྱེད་དུ་ཤིན་ཏུ་གསལ་བར་བསྟན་པ་འདི་དབུ་མའི་སྒོམ་རིམ་དུའང༌། ཧྭ་ཤང་ལ་གནོད་བྱེད་དུ་དྲངས་པས་འདི་ལ་ངེས་པ་རྙེད་དགོས་ཏེ། མུ་སྟེགས་ཀྱི་དྲང་སྲོང་རྣམས་ལའང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དུ་མ་ཡོད་ཀྱང་། བདག་མེད་པའི་ལྟ་བ་མེད་པས་འཁོར་བ་ལས་ཅུང་ཟད་ཀྱང་བརྒལ་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་སྔར་དྲངས་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་གསུང་རབ་ནས་བཤད་པའི་དེ་ཁོ་ན་ཉིད་མི་ཤེས་པར་ཏིང་ངེ་འཛིན་ཙམ་གྱིས་ཆོག་ཤེས་བྱས་ནས་དེ་ལ་ཟབ་མོའི་དོན་བསྒོམ་པའི་ལམ་དུ་མངོན་པའི་ང་རྒྱལ་བྱས་པས་འཁོར་བ་ལས་མི་གྲོལ་བ་དང༌། ངས་དེ་ལ་དགོངས་ནས་གཞན་ལས་ཐོས་པ་ནི་རྒ་ཤི་ལས་གྲོལ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཞེས་སྟོན་པ་རང་གིས་རང་གི་དགོངས་པ་བླངས་ནས་གསལ་བར་བཤད་དེ། གཞན་ལས་ཐོས་པ་ནི་གཞན་ལས་བདག་མེད་འཆད་པ་ཐོས་པའོ། །དེས་ན་ཕྱི་ནས་བཤེས་གཉེན་དམ་པ་ལ་བདག་མེད་པའི་དོན་ཉན་པའི་ཐོས་བསམ་མ་བྱས་པར་ནང་ནས་སྐྱེའོ་སྙམ་དུ་འཛིན་པ་དགག་པའི་ཕྱིར་དུ་གཞན་ལས་ཐོས་པ་ནི་ཞེས་སོགས་གསུངས་པར་གདོན་མི་ཟའོ། །སྤྱིར་རྒྱལ་བའི་གསུང་རབ་ཐམས་ཅད་ནི་ལ་ལས་དངོས་སུ་དེ་ཁོ་ན་ཉིད་སྟོན། དངོས་སུ་མི་སྟོན་པ་རྣམས་ཀྱང་བརྒྱུད་ནས་དེ་ལ་གཞོལ་ཞིང་འབབ་པ་ཁོ་ན་ཡིན་ལ། དེ་ཁོ་ན་ཤེས་


JLD013_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣང་བ་མ་བྱུང་བར་དུ་རྨོངས་པའི་མུན་པ་མི་ལྡོག་ཅིང༌། བྱུང་ན་ལྡོག་པས་སེམས་རྩེ་གཅིག་པའི་ཞི་གནས་ཙམ་གྱིས་ནི་ཡེ་ཤེས་དག་པར་མི་འགྱུར་ལ་རྨོངས་པའི་མུན་པའང་མི་ལྡོག་གོ །དེའི་ཕྱིར་དེ་ཁོ་ན་ཉིད་བདག་མེད་པའི་དོན་ངེས་པའི་ཤེས་རབ་བཙལ་བར་བྱའོ་སྙམ་དུ་ཤེས་རབ་གདོན་མི་ཟ་བར་བཙལ་བར་བྱ་དགོས་ཏེ། སྒོམ་རིམ་བར་པ་ལས། དེ་ནས་ཞི་གནས་གྲུབ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ་འདི་སྙམ་དུ་བསམ་པར་བྱའོ། །བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུངས་པ་སྟེ། མངོན་སུམ་དུའམ་བརྒྱུད་པས་དེ་ཁོ་ན་མངོན་དུ་གསལ་བར་བྱེད་པ་དང་དེ་ཁོ་ན་ལ་གཞོལ་བ་ཉིད་དོ། །དེ་ཁོ་ན་ཤེས་ན་སྣང་བ་བྱུང་བས་མུན་པ་བསལ་བ་བཞིན་དུ་ལྟ་བའི་དྲ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཞི་གནས་ཙམ་གྱིས་ནི་ཡེ་ཤེས་དག་པར་མི་འགྱུར་ཞིང༌། སྒྲིབ་པའི་མུན་པའང་སེལ་བར་མི་འགྱུར་གྱི། ཤེས་རབ་ཀྱིས་དེ་ཁོ་ན་ལེགས་པར་བསྒོམས་ན་ཡེ་ཤེས་རྣམ་པར་དག་པར་འགྱུར། དེ་ཁོ་ན་རྟོགས་པར་འགྱུར། ཤེས་རབ་ཁོ་ནས་སྒྲིབ་པ་ཡང་དག་པར་སྤོང་བར་འགྱུར་ཏེ། དེ་ལྟ་བས་ན་བདག་གིས་ཞི་གནས་ལ་གནས་ཏེ་ཤེས་རབ་ཀྱིས་དེ་ཁོ་ན་ཡོངས་སུ་བཙལ་བར་བྱའོ། །ཞི་གནས་ཙམ་གྱིས་ནི་ཆོག་པར་འཛིན་པར་མི་བྱའོ། །དེ་ཁོ་ན་ཇི་ལྟ་བུ་ཞེ་ན། དོན་དམ་པར་དངོས་པོ་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱིས་སྟོང་པ་ཉིད་དེ། ཞེས་སོ། །དེ་ཁོ་ན་ཉིད་དེ་ཡང་ཕར་ཕྱིན་རྣམས་ཀྱི་ནང་ནས་ཤེར་ཕྱིན་གྱིས་རྟོགས་པ་ཡིན་གྱི། བསམ་གཏན་ལ་སོགས་པས་


JLD013_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་མི་ནུས་པས་བསམ་གཏན་ཙམ་ལ་ཤེར་ཕྱིན་དུ་མ་འཁྲུལ་བར་བྱས་ནས་ཤེས་རབ་བསྐྱེད་དགོས་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་པ་ལགས། སྤྱན་རས་གཟིགས་དབང་ཕྱུག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ནོ། །ཞེས་སོ། །དེ་ལ་དགོངས་ནས་སྔར་དྲངས་པ་ལྟར་ཐེག་པ་ཆེན་པོ་ལ་དད་པ་བསྒོམ་པའི་མདོ་ལས་ཀྱང༌། ཤེས་རབ་མི་གནས་ན་བྱང་སེམས་རྣམས་ཀྱི་ཐེག་ཆེན་ལ་དད་པ་ཐེག་ཆེན་ལ་ཇི་ལྟར་བྱས་ཀྱང་ངེས་པར་འབྱུང་བར་ང་མི་སྨྲའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་གཉིས་པ་ལྷག་མཐོང་ལ་བསླབ་པའི་ཚུལ་ལ་བཞི། ལྷག་མཐོང་གི་ཚོགས་བསྟེན་པ་དང༌། ལྷག་མཐོང་གི་རབ་ཏུ་དབྱེ་བ་དང༌། ལྷག་མཐོང་བསྒོམ་པའི་ཚུལ་དང༌། བསྒོམས་པས་ལྷག་མཐོང་གྲུབ་པའི་ཚད་དོ། །དང་པོ་ནི། གསུང་རབ་ཀྱི་གནད་ཕྱིན་ཅི་མ་ལོག་པར་མཁྱེན་པའི་མཁས་པ་བསྟེན་ནས་དྲི་མ་མེད་པའི་གཞུང་ལུགས་མཉན་ཏེ། ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་བསྐྱེད་པ་ནི་ལྷག་མཐོང་གི་རྒྱུའི་ཚོགས་མེད་དུ་མི་རུང་བ་ཡིན་ཏེ། ཡིན་ལུགས་ཀྱི་དོན་ལ་ཕུ་ཐག་ཆོད་པའི་ལྟ་བ་མེད་ན་ཇི་ལྟ་བ་རྟོགས་པའི་ལྷག་མཐོང་གི་རྟོགས་པ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་འདྲ་བའི་ལྟ་བའང་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་ཞིག་གིས་བཙལ་དགོས་པས་དྲང་ངེས་ཀྱི་ཁྱད་པར་


JLD013_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས་ངེས་དོན་གྱི་གསུང་རབ་ཀྱི་དོན་ཁོང་དུ་ཆུད་དགོས་ལ། འདི་ཡང་ཚད་མར་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཞིག་གིས་དགོངས་པ་བཀྲལ་བའི་བསྟན་བཅོས་ལ༌མ་བརྟེན་ན་དམུས་ལོང་ལོང་ཁྲིད་མེད་པར་ཉམ་ང་བའི་ཕྱོགས་སུ་འགྲོ་བ་དང་འདྲ་བས་དགོངས་འགྲེལ་ཕྱིན་ཅི་མ་ལོག་པ་ལ་བརྟེན་པར་བྱའོ། །ཇི་འདྲ་བ་ཞིག་ལ་བརྟེན་པར་བྱ་བའི་དགོངས་པ་འགྲེལ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་བསྟན་པའི་སྙིང་པོ་ཡོད་མེད་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་ཟབ་མོའི་དོན་འགྲེལ་བར་མདོ་རྒྱུད་དུ་མ་ནས་ཤིན་ཏུ་གསལ་བར་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཅེས་ས་གསུམ་ན་ཡོངས་སུ་གྲགས་པ་དེ་ཡིན་པས། དེའི་གཞུང་ལ་བརྟེན་ནས་སྟོང་ཉིད་རྟོགས་པའི་ལྟ་བ་བཙལ་བར་བྱའོ། །འདི་ལ་གསུམ། དྲང་དོན་དང་ངེས་དོན་གྱི་གསུང་རབ་ངོས་གཟུང་བ་དང༌། ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བའི་ཚུལ་ཇི་ལྟར་བྱུང་བ་དང༌། སྟོང་པ་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པའི་ཚུལ་ལོ། །དང་པོ་ནི། དེ་ཁོ་ན་ཉིད་རྟོགས་པར་འདོད་པ་རྣམས་ཀྱིས་ནི་རྒྱལ་བའི་གསུང་རབ་ལ་བརྟེན་དགོས་ལ། གསུང་རབ་ཀྱང་གདུལ་བྱ་སྣ་ཚོགས་ཀྱི་བསམ་པའི་དབང་གིས་སྣ་ཚོགས་པ་ཡིན་པས་ན། ཇི་འདྲ་བ་ཞིག་ལ་བརྟེན་ནས་ཟབ་མོའི་དོན་བཙལ་བར་བྱ་སྙམ་ན། ངེས་པའི་དོན་གྱི་གསུང་རབ་ལ་བརྟེན་ནས་དེ་ཁོ་ན་ཉིད་རྟོགས་པར་བྱ་དགོས་སོ། །འོ་ན་ཇི་འདྲ་བ་ཞིག་ངེས་དོན་དང་ཇི་འདྲ་བ་ཞིག་དྲང་དོན་ཡིན་སྙམ་ན། འདི་ནི་བརྗོད་


JLD013_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སྒོ་ནས་བཞག་སྟེ། དོན་དམ་པ་སྟོན་པ་ནི་ངེས་པའི་དོན་དང་ཀུན་རྫོབ་སྟོན་པ་ནི་དྲང་བའི་དོན་གྱི་གསུང་རབ་ཏུ་བཟུང་ངོ་། །དེ་ལྟར་ཡང་བློ་གྲོས་མི་ཟད་པས་བསྟན་པ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་སྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་སྣ་ཚོགས་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཟབ་མོ་བལྟ་དཀའ་བ་རྟོགས་པར་དཀའ་བ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་སོ། །འོ་ན་ཀུན་རྫོབ་བསྟན་པས་དྲང་དོན་དུ་འགྲོ་བའི་ཀུན་རྫོབ་སྟོན་ལུགས་དེ་ཇི་འདྲ་ཞིག་ཡིན་ལ། དོན་དམ་བསྟན་པས་ངེས་དོན་དུ་འགྲོ་བའི་དོན་དམ་སྟོན་ལུགས་ཀྱང་ཇི་ལྟར་བསྟན་པ་ཞིག་ཡིན་སྙམ་ན། འདི་ཡང་མདོ་དེ་ལས་ཤིན་ཏུ་གསལ་བར་བསྟན་ཏེ། དེ་ཉིད་ལས། མདོ་སྡེ་གང་དག་བདག་དང་སེམས་ཅན་དང་སྲོག་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ལས་སྐྱེས་པ་དང་ཤེད་བུ་དང་བྱེད་པ་པོ་དང་ཚོར་བ་པོ་སྐད་སྣ་ཚོགས་ཀྱིས་བཤད་པར་བྱ་བ་བདག་པོ་མེད་པ་ལ་བདག་པོ་ལྟ་བུར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་བྱེད་པ་མེད་པ་དང་སྐྱེ་བ་མེད་པ་དང་མ་སྐྱེས་པ་དང་སེམས་ཅན་མེད་པ་དང་སྲོག་མེད་པ་དང་གང་ཟག་མེད་པ་དང་བདག་པོ་མེད་པ་


JLD013_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཐར་པའི་སྒོ་སྟོན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་བདག་མེད་པ་དང་སྐྱེ་བ་མེད་པ་སོགས་སྤྲོས་པ་རྣམ་པར་བཅད་པའི་ཚུལ་གྱིས་སྟོན་པ་རྣམས་ངེས་དོན་དང་བདག་ལ་སོགས་པ་སྟོན་པ་དྲང་དོན་དུ་གསུངས་པས། བདག་མེད་པ་དང་སྐྱེ་བ་མེད་པ་སོགས་དོན་དམ་དང༌། སྐྱེ་བ་སོགས་ཀུན་རྫོབ་ཡིན་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་སོ། །དབུ་མ་སྣང་བ་ལས་ཀྱང༌། དེ་ལྟ་བས་ན་དོན་དམ་པ་བརྗོད་པ་ཁོ་ན་ངེས་པའི་དོན་ཡིན་ལ། བཟློག་པ་ནི་དྲང་བའི་དོན་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང༌། ངེས་པའི་དོན་གང་ཡིན་པ་དེ་ནི་དོན་དམ་པའོ། །ཞེས་གསུངས་ལ། སྐྱེ་བ་མེད་པ་ལ་སོགས་པའང་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ངེས་པའི་དོན་ནོ་ཞེས་བསྟན་ཏེ། དེ་ལྟ་བས་ན་སྐྱེ་བ་མེད་པ་ལ་སོགས་པ་ཁོ་ན་དོན་དམ་པའོ་ཞེས་བྱ་བར་ངེས་སོ། །ཞེས་གསུངས་སོ། །དེའི་ཕྱིར་དབུ་མ་རིགས་པའི་ཚོགས་དགོངས་འགྲེལ་དང་བཅས་པ་རྣམས་ནི་ངེས་པའི་དོན་ཇི་ལྟ་བ་བཞིན་སྟོན་པར་བཟུང་སྟེ། སྐྱེ་འགག་ལ་སོགས་པའི་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བའི་དོན་དམ་པ་རྒྱས་པར་གཏན་ལ་འབེབས་པ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་སྟོན་པ་དེ་གཉིས་ལ་དྲང་


JLD013_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་དང་ངེས་པའི་དོན་ཞེས་བྱ་སྙམ་ན། འདིའི་དོན་གཞན་དུ་དྲང་བར་མི་ནུས་པས་ན། ངེས་པའི་དོན་ནམ་དོན་ངེས་པ་ཞེས་བྱ་སྟེ། དོན་དེ་དེ་ཁོ་ན་ཉིད་ཀྱི་དོན་ཡིན་པས་གཏན་ལ་དབབ་བྱའི་མཐར་ཐུག་པའི་ཕྱིར། དེ་ཕན་ཆད་དུ་དྲང་དུ་མེད་པ་དང་དེ་ལས་གཞན་དུ་གང་ཟག་གཞན་གྱིས་དྲང་དུ་མི་རུང་སྟེ། སྒྲུབ་བྱེད་ཚད་མ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ཡང་དབུ་མ་སྣང་བ་ལས། ངེས་པའི་དོན་ཡང་གང་ལ་བྱ་ཞེ་ན། ཚད་མ་དང་བཅས་པ་དང་དོན་དམ་པའི་དབང་དུ་མཛད་ནས་བཤད་པ་གང་ཡིན་པ་སྟེ། དེ་ནི་དེ་ལས་ལོགས་ཤིག་ཏུ་གཞན་གྱིས་གང་དུའང་དྲང་བར་མི་ནུས་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་གསུངས་པའི་ཤུགས་ཀྱིས་ནི་དྲང་བའི་དོན་ཤེས་པར་ནུས་ཏེ། འདིའི་དོན་ཇི་ལྟར་བསྟན་པ་ལྟར་བཟུང་དུ་མི་རུང་བར་དགོངས་པ་བཤད་ནས་དོན་གཞན་ལ་དྲང་དགོས་པའམ། སྒྲ་ཇི་བཞིན་པར་བཟུང་བས་ཆོག་ཀྱང་དེ་ཙམ་ཞིག་ནི་མཐར་ཐུག་པའི་དེ་ཁོ་ན་ཉིད་མ་ཡིན་གྱི། དེ་ལས་གཞན་དུ་ད་དུང་དེའི་དེ་ཁོ་ན་ཉིད་བཙལ་དགོས་པས་ན་དྲང་བའི་དོན་ནམ་དོན་དྲང་དགོས་པའོ། །ངེས་དོན་གྱི་མདོ་སྡེ་རྣམས་སྒྲ་ཇི་བཞིན་པ་ཡིན་པས་མདོ་སྡེ་དེ་ལས་སྐྱེ་བ་མེད་པ་དང་གང་ཟག་མེད་པ་སོགས་བྱུང་ན་སྐྱེ་བ་དང་གང་ཟག་ཡེ་མེད་དུ་བཟུང་དགོས་ཏེ། དེ་ལྟ་མ་ཡིན་ན་སྒྲ་ཇི་བཞིན་པ་མ་ཡིན་པར་འགྱུར་བས་དྲང་དོན་དུ་ཐལ་ལོ་ཞེས་ཟེར་བའང་འཐད་པར་མི་སྣང་སྟེ། དེ་ལྟར་གསུང་བ་པོའི་སྟོན་པས་སྐྱེ་བ་སོགས་འགོག་པ་ན་དོན་དམ་པའི་ཁྱད་པར་སྦྱར་བའི་


JLD013_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་གྱི་མདོ་སྡེ་དུ་མ་སྣང་ལ། ཁྱད་པར་སྦྱར་བ་གཅིག་བྱུང་ན། མ་བྱུང་བའི་སྐབས་སུ་ཡང་ཐུན་མོང་གི་ཆོས་ཡིན་པས་སྦྱར་དགོས་ལ། དེ་ཡང་ཆོས་དེའི་དེ་ཁོ་ན་ཉིད་ཡིན་པས་དེ་ལྟར་སྟོན་པ་དེ་ངེས་དོན་མིན་པར་ག་ལ་འགྱུར། དེ་ལྟ་མ་ཡིན་ན་སྐྱེ་བའི་སྤྱི་ཁེགས་པས་ཁྱད་པར་ཚིག་ཀྱང་ཁེགས་དགོས་པས་དེ་ལྟར་སྟོན་པའི་ངེས་དོན་གྱི་མདོ་ཉིད་ཀྱང་རྣམ་པར་བཞག་མི་ནུས་པའི་ཕྱིར་རོ། །དེས་ན་མདོའམ་བསྟན་བཅོས་དེའི་སྤྱིའི་ལུགས་གོང་འོག་ཏུ་སྨོས་པ་མི་སྦྱོར་བར་ཚིག་ཅུང་ཟད་རེའི་ངོ་གདོང་གི་བསྟན་ཚོད་སྒྲ་ཇི་བཞིན་པར་བཟུང་དུ་མི་རུང་བས་ངེས་དོན་གྱི་གསུང་རབ་ཡིན་པ་མི་འཇིག་ལ། ཚིག་དེའི་བསྟན་ཚོད་སྒྲ་ཇི་བཞིན་པར་བཟུང་དུ་རུང་བས་ཀྱང་དྲང་དོན་མ་ཡིན་པར་མི་འགྱུར་བར་ཤེས་པར་བྱའོ། །གཉིས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བའི་ཚུལ་ཇི་ལྟར་བྱུང་བ་ནི། དེ་ལྟར་ཆོས་ཐམས་ཅད་ལ་རང་བཞིན་གྱིས་སྐྱེ་བ་དང་འགག་པ་སོགས་ཅི་ཡང་མེད་པར་སྟོན་པའི་ཤེར་ཕྱིན་གྱི་མདོ་ལ་སོགས་པའི་གསུང་རབ་ཕྱིན་ཅི་མ་ལོག་པར་འགྲེལ་བའི་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བའི་རིམ་པ་ཇི་ལྟར་བྱུང་སྙམ་ན། འདི་ལ་འཕགས་པ་ལྷ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པ་དང་ཞི་བ་འཚོ་ལ་སོགས་པའི་དབུ་མ་པ་ཆེན་པོ་རྣམས་ཀྱིས་ཀྱང་སློབ་དཔོན་དང་འདྲ་བར་ཚད་མར་མཛད་པས། ཡབ་སྲས་གཉིས་ཀ་དབུ་མ་པ་གཞན་རྣམས་ཀྱི་ཁུངས་ཡིན་པས་སྔ་རབས་པ་


JLD013_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དེ་གཉིས་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་དང༌། གཞན་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་པ་ཞེས་ཐ་སྙད་བྱེད་དོ། །དེ་ལ་སྔ་རབས་པའི་དགེ་བའི་བཤེས་གཉེན་ཁ་ཅིག་ན་རེ། ཐ་སྙད་འཇོག་ཚུལ་གྱི་སྒོ་ནས་མིང་བཏགས་པའི་དབུ་མ་པ་ནི་གཉིས་ཏེ། ཐ་སྙད་དུ་ཕྱི་རོལ་ཡོད་པར་འདོད་པ་མདོ་སྡེ་སྤྱོད་པའི་དབུ་མ་པ་དང༌། ཐ་སྙད་དུ་ཕྱི་རོལ་མེད་པར་འདོད་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པའོ། །དོན་དམ་འདོད་ཚུལ་གྱི་སྒོ་ནས་མིང་བཏགས་པའང་གཉིས་ཏེ། སྣང་སྟོང་གཉིས་ཚོགས་དོན་དམ་བདེན་པར་འདོད་པ་སྒྱུ་མ་རིགས་གྲུབ་པ་དང་སྣང་བ་ལ་སྤྲོས་པ་རྣམ་པར་བཅད་པ་ཙམ་དོན་དམ་བདེན་པར་འདོད་པ་རབ་ཏུ་མི་གནས་པར་སྨྲ་བའོ། །དེ་གཉིས་ཀྱི་སྔ་མ་ནི་སློབ་དཔོན་ཞི་བ་འཚོ་དང་ཀ་མ་ལ་ཤཱི་ལ་ལ་སོགས་པ་ཡིན་པར་འདོད་ལ། སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པའི་ཐ་སྙད་ནི་རྒྱ་གར་བའི་སློབ་དཔོན་ཁ་ཅིག་ཀྱང་འདོད་དོ། །སྤྱིར་དབུ་མ་པར་ཁས་འཆེ་བའི་རྒྱ་བོད་ཀྱི་སློབ་དཔོན་འགའ་རེ་དེ་ལྟར་དུ་འདོད་པ་ཡོད་མོད་ཀྱང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་དབུ་མ་པ་ཆེན་པོ་རྣམས་ཀྱི་ལུགས་ཇི་ལྟར་ཡིན་གཏན་ལ་དབབ་པར་བྱ་ཡི། ཕྲ་མོ་རྣམས་སུ་ཞིག་གིས་བཤད་པར་ནུས། གཞན་ཡང་དོན་དམ་འདོད་ཚུལ་གྱི་སྒོ་ནས་གཉིས་སུ་བཞག་པ་ནི་རྨོངས་པ་ངོ་མཚར་བསྐྱེད་པའི་རྣམ་གཞག་གོ་ཞེས་ལོ་ཙཱ༌བ་ཆེན་པོ་བློ་ལྡན་ཤེས་རབ་གསུང་བ་ནི་ཤིན༌ཏུ་ལེགས་ཏེ། དེ་དག་གི་འདོད་པ་ནི་


JLD013_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཤེས་རྗེས་དཔག་གིས་གཞལ་བའི་དོན་ཙམ་དོན་དམ་བདེན་པར་འདོད་པར་སྣང་ལ། རིགས་ཤེས་ཀྱི་གཞལ་བྱ་ནི་དོན་དམ་བདེན་པ་དང་མཐུན་པས་དོན་དམ་ཞེས་བཏགས་པར་དབུ་མ་རྒྱན་དང་སྣང་བ་གཉིས་ཀ་ནས་གསུངས་པའི་ཕྱིར་རོ། །དབུ་མ་པ་ཆེན་པོ་གཞན་རྣམས་ཀྱང་རིགས་པས་སྤྲོས་པ་བཅད་པའི་དོན་དེ་ཙམ་ནི་དོན་དམ་བདེན་པར་མི་བཞེད་པས་ལེགས་པ་མ་ཡིན་ནོ། །འདི་ལ་སློབ་དཔོན་ཡེ་ཤེས་སྡེ་ན་རེ། སློབ་དཔོན་འཕགས་པ་ཡབ་སྲས་ཀྱིས་དབུ་མའི་བསྟན་བཅོས་མཛད་པ་ལས་ཕྱིའི་དོན་ཡོད་མེད་ཀྱི་ཚུལ་གསལ་བར་མ་མཛད་ལ། དེའི་འོག་ཏུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྣམ་པར་རིག་པ་ཙམ་གྱི་ལུགས་སུན་ཕྱུང་སྟེ། ཐ་སྙད་དུ་ཕྱིའི་དོན་ཡོད་པའི་ལུགས་རྣམ་པར་བཞག་གོ །དེ་ནས་སློབ་དཔོན་ཞི་བ་འཚོས་རྣལ་འབྱོར་སྤྱོད་པའི་གཞུང་ལ་བརྟེན་ནས་ཐ་སྙད་དུ་ཕྱི་རོལ་མེད་པ་དང་དོན་དམ་པར་སེམས་རང་བཞིན་མེད་པར་སྟོན་པའི་དབུ་མའི་ཚུལ་མི་འདྲ་བ་ཞིག་མཛད་པས་དབུ་མ་པ་རྣམ་པ་གཉིས་སུ་བྱུང་ཞིང༌།སྔ་མ་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་ཞེས་པ་དང་ཕྱི་མ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བཏགས་སོ་ཞེས་འཆད་པ་ནི་བྱུང་བའི་རིམ་པ་དེ་ལྟར་དུ་མངོན་ནོ། །འོན་ཀྱང་སློབ་དཔོན་ཟླ་བ་གྲགས་པ་ནི་ཐ་སྙད་དུ་ཕྱི་རོལ་ཡོད་པར་བཞེད་ཀྱང་གྲུབ་མཐའ་སྨྲ་བ་གཞན་དང་སྒོ་མི་བསྟུན་པས་མདོ་སྡེ་སྤྱོད་པ་ཞེས་བྱར་མི་རུང་ལ། དེ་བཞིན་དུ་བྱེ་བྲག་ཏུ་སྨྲ་བ་དང་མཐུན་པར་འདོད་པའང་ཤིན་ཏུ་མི་རིགས་སོ། །གངས་རིའི་ཁྲོད་ཀྱི་ཕྱི་དར་གྱི་མཁས་པ་རྣམས་དབུ་མ་པ་ལ་ཐལ་


JLD013_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང་རང་རྒྱུད་པ་གཉིས་ཀྱི་ཐ་སྙད་བྱེད་པ་ནི་ཚིག་གསལ་དང་མཐུན་པས་རང་བཟོར་མི་བསམ་མོ། །དེས་ན་ཐ་སྙད་དུ་ཕྱི་རོལ་འདོད་མི་འདོད་གཉིས་སུ་ངེས་ལ་དོན་དམ་པ་སྟོང་པ་ཉིད་ངེས་པའི་ལྟ་བ་རྒྱུད་ལ་བསྐྱེད་ཚུལ་གྱི་སྒོ་ནས་མིང་འདོགས་ནའང་ཐལ་རང་གཉིས་སུ་ངེས་པ་ཡིན་ནོ། །འོ་ན་སློབ་དཔོན་དེ་དག་སུ་ཡི་རྗེས་སུ་འབྲངས་ནས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་འཚོལ་སྙམ་ན། ཇོ་བོ་ཆེན་པོ་སློབ་དཔོན་ཟླ་བ་གྲགས་པའི་ལུགས་ལ་གཙོ་བོར་མཛད་པར་སྣང་བའི་རྗེས་སུ་འབྲངས་ནས་གདམས་ངག་འདིའི་བླ་མ་གོང་མ་ཆེན་པོ་རྣམས་ཀྱང་ལུགས་དེ་ལ་གཙོ་བོར་འཛིན་པ་ཡིན་ནོ། །སློབ་དཔོན་ཟླ་བ་གྲགས་པས་ནི། རྩ་ཤེའི་འགྲེལ་བྱེད་རྣམས་ཀྱི་ནང་ནས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་འཕགས་པའི་དགོངས་པ་ཡོངས་སུ་རྫོགས་པར་བཀྲལ་བར་གཟིགས་ནས། ལུགས་དེ་གཞིར་འཇོག་ཅིང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིའང་ལེགས་བཤད་མང་པོ་ཞིག་བླངས་ལ་ཅུང་ཟད་མི་འཐད་པར་སྣང་བ་རྣམས་སུན་ཕྱུང་ནས། འཕགས་པའི་དགོངས་པ་འགྲེལ་བར་མཛད་དོ། །སློབ་དཔོན་འདི་གཉིས་ཀྱི་འགྲེལ་པ་རྣམས་ནི་འཕགས་པ་ཡབ་སྲས་ཀྱི་གཞུང་འཆད་པ་ལ་ཆེས་ཕུལ་དུ་བྱུང་བར་མཐོང་བས་ན། འདིར་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་གྲགས་པའི་རྗེས་སུ་འབྲངས་ནས་འཕགས་པའི་དགོངས་པ་གཏན་ལ་དབབ་པར་བྱའོ། །གསུམ་པ་སྟོང་པ་ཉིད་ཀྱི་


JLD013_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་གཏན་ལ་འབེབས་པའི་ཚུལ་ལ་གཉིས། དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་པ་དང༌། དེ་ཁོ་ན་ཉིད་གཏན་ལ་དབབ་པ་དངོས་སོ། །དང་པོ་ནི། འདིར་ཐོབ་པར་བྱ་བའི་དེ་ཁོ་ན་ཉིད་མྱ་ངན་ལས་འདས་པ་ནི་གང་ཡིན། དེ་ཐོབ་པར་བྱེད་པའི་ཐབས་དེ་ཁོ་ན་ཉིད་ལ་འཇུག་པའང་ཇི་འདྲ་ཞིག་གི་སྒོ་ནས་འཇུག་པ་ཡིན་སྙམ་ན། ཕྱི་དང་ནང་གི་ཆོས་སྣ་ཚོགས་པ་དེ་ཁོ་ན་མ་ཡིན་བཞིན་དུ་དེ་ཁོ་ན་ཉིད་དུ་སྣང་བ་འདི་ཐམས་ཅད་བག་ཆགས་དང་བཅས་པ་ཉེ་བར་ཞི་བས། བདག་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པ་ནི་འདིར་ཐོབ་པར་བྱ་བའི་དེ་ཁོ་ན་ཉིད་ཆོས་ཀྱི་སྐུའོ། །དེ་ཁོ་ན་ཉིད་ལ་ཇི་ལྟར་འཇུག་པའི་རིམ་པ་ནི། དང་པོར་འཁོར་བའི་ཉེས་སྐྱོན་བསམས་ནས་ཡིད་སུན་ཏེ། དེ་ལ་འདོར་འདོད་སྐྱེས་པ་ཞིག་དགོས། དེ་ནས་དེ་རྒྱུ་མ་ལོག་ན་མི་ལྡོག་པར་མཐོང་ནས། འཁོར་བའི་རྩ་བ་གང་ཡིན་སྙམ་སྟེ་དེའི་རྩ་བ་རྩད་བཅད་ནས། འཇིག་ལྟའམ་མ་རིག་པ་འཁོར་བའི་རྩ་བར་འགྲོ་ལུགས་ལ་ངེས་པ་གཏིང་ཐག་པ་ནས་འདྲོངས་ནས། དེ་སྤོང་བར་འདོད་པ་བཅོས་མ་མ་ཡིན་པ་སྐྱེས་པ་ཞིག་དགོས། དེ་ནས་འཇིག་ལྟ་ལྡོག་པ་དེ་དེས་བཟུང་བའི་བདག་མེད་པ་རྟོགས་པའི་ཤེས་རབ་སྐྱེ་བ་ལ་རག་ལས་པར་མཐོང་ནས་བདག་དེ་དགག་དགོས་པར་མཐོང་སྟེ། བདག་དེ་ཡོད་པ་ལ་གནོད་བྱེད་དང་མེད་པའི་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་ལ་བརྟེན་ནས་ངེས་པ་རྙེད་པ་ཞིག་ཐར་པ་དོན་དུ་གཉེར་ན་མེད་པའི་ཐབས་མེད་དོ། །དེ་ལྟར་བདག་དང་བདག་གི་བ་ལ་རང་བཞིན་ཅུང་ཟད་ཀྱང་མེད་པར་ངེས་པའི་


JLD013_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་རྙེད་ནས་དེའི་དོན་གོམས་པར་བྱས་པས་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ཡང་ཚིག་གསལ་ལས། གལ་ཏེ་ཉོན་མོངས་པ་རྣམས་དང་ལས་དང་ལུས་རྣམས་དང་བྱེད་པ་པོ་དང་འབྲས་བུ་རྣམས་ཏེ། འདི་དག་ཐམས་ཅད་དེ་ཁོ་ན་ཉིད་མ་ཡིན་གྱི། འོན་ཀྱང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟར་དེ་ཁོ་ན་ཉིད་མ་ཡིན་བཞིན་དུ་བྱིས་པ་རྣམས་ལ་དེ་ཁོ་ན་ཉིད་ཀྱི་རྣམ་པར་སྣང་བ་ཡིན་ན། ཡང་འདིར་དེ་ཁོ་ན་ཉིད་ནི་གང་ཞིག་ཡིན་ལ་དེ་ཁོ་ན་ཉིད་ལ་འཇུག་པའང་ཇི་ལྟར་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ནང་དང་ཕྱིའི་དངོས་པོ་མ་དམིགས་པས་ནང་དང་ཕྱི་ལ་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པ་འདི་ནི་འདིར་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་ལ་འཇུག་པ་ནི། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་བྱ་བ་ལ་སོགས་པས་དབུ་མ་ལ་འཇུག་པ་ལས་བཙལ་བར་བྱའོ། །ཞེས་པ་དང༌། འདི་ན་རྣལ་འབྱོར་པ་དེ་ཁོ་ན་ཉིད་ལ་འཇུག་པར་འདོད་ཅིང་ཉོན་མོངས་པ་དང་སྐྱོན་མ་ལུས་པ་རབ་ཏུ་སྤོང་བར་འདོད་པ་ནི། འཁོར་བ་འདི་ཅིའི་རྩ་བ་ཅན་ཡིན་ཞེས་དེ་ལྟར་ཉེ་བར་རྟོག་པར་བྱེད་ལ། དེ་དེ་ལྟར་ཉེ་བར་རྟོག་པ་ན་འཁོར་བ་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཉིད་དུ་མཐོང་ཞིང་། བདག་ནི་འཇིག་ཚོགས་ལ་ལྟ་བ་དེའི་དམིགས་པ་ཡིན་པར་མཐོང་ལ། བདག་མ་དམིགས་པས་འཇིག་ཚོགས་ལ་ལྟ་བ་སྤོང་ཞིང་དེ་སྤངས་


JLD013_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉོན་མོངས་པ་དང་སྐྱོན་མ་ལུས་པ་ལྡོག་པར་མཐོང་བས། གང་ཞིག་བདག་ཏུ་འཛིན་པའི་ཡུལ་བདག་ཅེས་བྱ་བ་འདི་ཅི་ཞིག་ཅེས་ཆེས་ཐོག་མར་བདག་ཁོ་ན་ལ་ཉེ་བར་རྟོག་པར་བྱེད་དོ། །ཞེས་གསུངས་སོ། །ཆོས་ཅན་སོ་སོ་བ་དཔག་ཏུ་མེད་པ་ལ་རང་བཞིན་འགོག་པའི་རིགས་པ་དུ་མ་གསུངས་ཀྱང༌། རྣལ་འབྱོར་པས་འཇུག་པའི་ཚེ་ནི་མདོར་བསྡུས་ནས་བདག་དང་བདག་གི་བ་ལ་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམ་པ་འདི་ནི་རྩ་ཤེའི་རབ་བྱེད་བཅོ་བརྒྱད་པའི་དོན་ཡིན་པར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གསུངས་པ་ལ་བརྟེན་ནས་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་ཡིན་ཏེ། དབུ་མ་ལ་འཇུག་པའི་གང་ཟག་གི་བདག་མེད་སྟོན་པ་རྣམས་ཀྱང་རབ་བྱེད་བཅོ་བརྒྱད་པ་ཉིད་རྒྱས་པར་འཆད་པ་ཡིན་ནོ། །གལ་ཏེ་འདིར་ནི་ཐེག་ཆེན་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་སྟོན་པ་མ་ཡིན་ནམ། དེས་ན་བདག་དང་བདག་གིར་འཛིན་པ་ཟད་པ་ཙམ་ནི་ཐོབ་བྱའི་དེ་ཁོ་ན་ཉིད་དུ་མི་རིགས་ཤིང༌། བདག་དང་བདག་གི་བ་ལ་རང་བཞིན་མེད་པར་གཏན་ལ་ཕབ་པ་ཙམ་ལའང་ཆོས་ཀྱི་བདག་མེད་གཏན་ལ་ཕབ་པ་མེད་པས། དེ་ཁོ་ན་ཉིད་ལ་འཇུག་པའི་ལམ་དུ་མི་རིགས་སོ་སྙམ་ན། སྐྱོན་མེད་དེ། བདག་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པ་ལ་གཉིས་ལས་ཉོན་མོངས་སླར་མི་སྐྱེ་བའི་ཚུལ་གྱིས་གཏན་སྤངས་པ་ནི་ཐེག་དམན་ལའང་ཡོད་མོད་ཀྱང༌། ཕྱི་དང་ནང་གི་ཆོས་ཀྱི་སྤྲོས་པའི་མཚན་མ་ཐམས་ཅད་གཏན་མ་དམིགས་པས་སྤངས་པ་ནི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་དང༌། བདག་ལ་རང་བཞིན་མེད་པར་རྟོགས་པ་ན་དེའི་


JLD013_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཏུ་གྱུར་པའི་ཕུང་པོ་རྣམས་ལའང་རང་བཞིན་ཡོད་པར་འཛིན་པ་ལྡོག་པར་འགྱུར་བའི་ཕྱིར་ཏེ། ཤིང་རྟ་ཚིག་ན་འཁོར་ལོ་ལ་སོགས་པ་དེའི་ཡན་ལག་རྣམས་ཀྱང་འཚིག་པ་བཞིན་ནོ། །དེ་ཡང་ཚིག་གསལ་ལས། བརྟེན་ནས་བརྟགས་པ་མ་རིག་པའི་ཕྱིན་ཅི་ལོག་དང་ལྡན་པ་རྣམས་བདག་ཏུ་མངོན་པར་ཞེན་པའི་གཞིར་གྱུར་པ་ཕུང་པོ་ལྔ་པོ་འདི་དག་གང་གི་ཉེ་བར་ལེན་པ་ཉིད་དུ་སྣང་བ་འདི་ཅི་ཕུང་པོའི་མཚན་ཉིད་ཡོད་པ་ཞིག་གམ། འོན་ཏེ་ཕུང་པོའི་མཚན་ཉིད་མེད་པ་ཞིག་ཅེས་ཐར་པ་འདོད་པ་རྣམས་ཀྱིས་རྣམ་པར་དཔྱོད་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་དཔྱོད་པ་ན་ཐར་པ་འདོད་པ་རྣམས་ཀྱིས་མ་དམིགས་པ་དེའི་ཕྱིར་དེ་རྣམས་ལ། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །བདག་མ་དམིགས་པའི་ཕྱིར་བདག་ཏུ་གདགས་པའི་གཞི་བདག་གི་བའང་ཤིན་ཏུ་ཆེས་དམིགས་པར་མི་འགྱུར་རོ། །ཇི་ལྟར་ཤིང་རྟ་ཚིག་ན་དེའི་ཡན་ལག་དག་ཀྱང་ཚིག་པས་མ་དམིགས་པ་དེ་བཞིན་དུ། རྣལ་འབྱོར་པ་དག་གིས་གང་གི་ཚེ་བདག་མེད་པར་རྟོགས་པ་དེ་ཉིད་ཀྱི་ཚེ་ཕུང་པོའི་དངོས་པོ་བདག་གི་བའང་བདག་མེད་པར་རྟོགས་པར་འགྱུར་རོ། །ཞེས་བདག་ལ་རང་བཞིན་མེད་པར་རྟོགས་པའི་ཚེ་བདག་གི་བ་ཕུང་པོ་ལའང་བདག་སྟེ་རང་བཞིན་མེད་པར་རྟོགས་པར་གསུངས་སོ། །འཇུག་འགྲེལ་ལས་ཀྱང༌། གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ཟག་གི་བདག་མེད་པ་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་གདགས་


JLD013_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་ཕུང་པོ་རང་བཞིན་མེད་པར་མ་རྟོགས་ན་གང་ཟག་གི་བདག་མེད་མི་རྟོགས་པར་གསུངས་པའི་ཕྱིར་རོ། །གལ་ཏེ་གང་ཟག་ལ་རང་བཞིན་མེད་པར་རྟོགས་པའི་བློ་དེ་ཉིད་ཀྱིས་ཕུང་པོ་རང་བཞིན་མེད་པར་རྟོགས་པ་ཡིན་ན། བདག་མེད་གཉིས་རྟོགས་པའི་བློ་གཉིས་གཅིག་ཏུ་འགྱུར་བའི་སྐྱོན་ཡོད་དོ། །ཆོས་དང་གང་ཟག་གཉིས་སོ་སོ་བ་ཡིན་པས་དེ་གཉིས་རང་བཞིན་མེད་པར་རྟོགས་པའི་བློ་གཉིས་ཀྱང་སོ་སོ་བ་ཡིན་ཏེ། དཔེར་ན་བུམ་པ་དང་ཀ་བ་མི་རྟག་པར་རྟོགས་པའི་བློ་བཞིན་ནོ། །གང་ཟག་རང་བཞིན་མེད་པར་རྟོགས་པའི་བློ་དེ་ཉིད་ཀྱིས་ཕུང་པོ་རང་བཞིན་མེད་པར་མ་རྟོགས་ན་གང་ཟག་གི་བདག་མེད་རྟོགས་པའི་ཚེ། ཕུང་པོ་རང་བཞིན་མེད་པར་རྟོགས་པར་ཇི་ལྟར་འཇོག་སྙམ་ན། དྲི་བ་དང་པོ་ཁས་མི་ལེན་པས་དྲི་བ་འོག་མ་བཤད་པར་བྱའོ། །གང་ཟག་རང་བཞིན་མེད་པར་རྟོགས་པའི་བློ་དེ་ཉིད་ཀྱིས་ཕུང་པོ་རང་བཞིན་མེད་དོ་སྙམ་དུ་མི་འཛིན་ཀྱང་། བློ་དེས་གཞན་ལ་ལྟོས་མེད་དུ་ཕུང་པོ་རང་བཞིན་མེད་པར་ངེས་པའི་ངེས་ཤེས་འདྲེན་ནུས་པས་ན། ཕུང་པོ་ལ་རང་བཞིན་སྒྲོ་འདོགས་པའི་སྒྲོ་འདོགས་གཅོད་པར་ནུས་པ་ཡིན་ནོ། །དེའི་ཕྱིར་གང་ཟག་རང་བཞིན་མེད་པར་རྟོགས་པའི་ཚེ། ཕུང་པོའང་རང་བཞིན་མེད་པར་རྟོགས་པར་གསུངས་སོ། །འདི་ཡང་བུདྡྷ་པཱ་ལི་ཏ་ལས། འདི་ལྟར་བདག་ཅེས་བྱ་བ་གང་ཡིན་པ་དེ་བདག་གི་ཞེས་བྱ་ན། བདག་དེ་ཡང་མེད་དེ། དེ་མེད་ན་དེའི་འདི་


JLD013_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བྱ་བར་ཇི་ལྟར་འཐད་པར་འགྱུར། ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། དཔེར་ན་མོ་གཤམ་གྱི་བུ་མི་སྲིད་པར་ངེས་པ་ན་བློ་དེས་དེའི་རྣ་བ་ལ་སོགས་པ་མེད་དོ་སྙམ་དུ་མི་འཛིན་ཀྱང་དེའི་རྣ་བ་ཡོད་པར་འཛིན་པའི་སྒྲོ་འདོགས་གཅོད་ནུས་པ་ལྟར། བདག་དེ་ཁོ་ནར་མེད་པར་ངེས་ན་དེའི་མིག་ལ་སོགས་པ་དེ་ཁོ་ནར་ཡོད་པར་འཛིན་པ་ལྡོག་པར་འགྱུར་བའི་ཕྱིར་རོ། །འོ་ན་རང་སྡེ་གང་ཟག་བཏགས་ཡོད་དུ་འདོད་པའི་དངོས་པོར་སྨྲ་བ་རྣམས་ཀྱིས་ཀྱང་གང་ཟག་དོན་དམ་པར་གྲུབ་པར་མི་འདོད་པས། དེ་དག་གིས་ཀྱང་མིག་ལ་སོགས་པ་རྣམས་རང་བཞིན་མེད་པར་རྟོགས་པར་འགྱུར་རོ་ཞེ་ན། དེ་ལྟ་ན་མིག་དང་མྱུ་གུ་ལ་སོགས་པའི་རགས་པ་རྣམས་དེ་དག་གིས་བཏགས་ཡོད་དུ་འདོད་པས་རང་བཞིན་མེད་པར་རྟོགས་པར་འགྱུར་རོ། །དེ་ལྟའོ་སྙམ་ན། དེ་ལྟར་འདོད་ན་རང་གི་ཁས་བླངས་པ་དང་ཡང་འགལ་ལ། མྱུ་གུ་ལ་སོགས་པ་རྣམས་བདེན་མེད་དུ་བསྒྲུབ་མི་དགོས་པར་འགྱུར་བ་དང་། དགེ་མི་དགེའི་ལས་ལམ་ཡོངས་སུ་རྫོགས་པ༌ཡང་རྒྱུན་ལ་འཇོག་ཅིང༌། རྒྱུན་ཡང་རང་བཞིན་མེད་པར་འདོད་ན། འགྲེལ་པ་དོན་གསལ་ལས། རྨི་ལམ་དང་འདྲ་བ་ཉིད་ཡིན་ན་མི་དགེ་བ་བཅུ་དང་སྦྱིན་པ་ལ་སོགས་པ་མེད་པས་གཉིད་མ་ལོག་པའི་གནས་སྐབས་ན༌ཡང་གཉིད་ལོག་པའི་གནས་སྐབས་བཞིན་དུ་འགྱུར་བ་མ་ཡིན་ནམ། ཞེས་དེ་དག་རྨི་ལམ་དང་འདྲ་བའི་བདེན་མེད་དུ་དབུ་མ་པས་སྨྲས་པ་ལ་རྒོལ་བའི་དོན་མེད་དོ། །དེས་ན་དངོས་པོར་སྨྲ་བ་རྣམས་ཀྱི་རང་ལུགས་ཀྱི་དོན་དམ་དང་ཀུན་རྫོབ་ཏུ་གྲུབ་མ་གྲུབ་


JLD013_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབུ་མ་པའི་ལུགས་ཀྱི་ཀུན་རྫོབ་དང་དོན་དམ་དུ་གྲུབ་མ་གྲུབ་རྣམས་ཆེས་མི་མཐུན་པས། དེ་དག་གིས་ཀུན་རྫོབ་ཏུ་འདོད་པ་རྣམས་དབུ་མ་པས་གཞལ་ན་དོན་དམ་དུ་གྲུབ་པ་དང༌། དེ་དག་གིས་དོན་དམ་པར་གྲུབ་པར་འདོད་པ་རྣམས་དབུ་མ་པ་ལྟར་ན་ཀུན་རྫོབ་ཏུ་གྲུབ་པར་འགྱུར་བ་ལ་འགལ་བ་ཅི་ཡང་མེད་པས་དེ་རྣམས་ཕྱེད་པར་བྱའོ། །གཞན་ཡང་དེ་དག་གི་གང་ཟག་བཏགས་ཡོད་དང་སློབ་དཔོན་འདིའི་གང་ཟག་བཏགས་ཡོད་གཉིས་མིང་འདྲ་ཡང་དོན་མི་འདྲ་སྟེ། སློབ་དཔོན་འདི་ནི་དེ་དག་ལ་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་མེད་པར་བཞེད་པའི་ཕྱིར་ཏེ། ཆོས་ཀྱི་བདག་མེད་མ་རྟོགས་ན་གང་ཟག་གི་བདག་མེད་མ་རྟོགས་པར་བཞེད་པའི་ཕྱིར་རོ། །དེས་ན་ཕུང་པོ་རྫས་ཡོད་ཀྱི་གྲུབ་མཐའ་མ་དོར་བར་དུ་གང་ཟག་ཀྱང་རྫས་ཡོད་དུ་འཛིན་པར་སློབ་དཔོན་འདི་བཞེད་པས་དེ་དག་གིས་གང་ཟག་དོན་དམ་པར་མེད་པར་རྟོགས་པ་མིན་ནོ། །གཉིས་པ་དེ་ཁོ་ན་གཏན་ལ་དབབ་པ་དངོས་ལ་གསུམ། རིགས་པའི་དགག་བྱ་ངོས་བཟུང་བ་དང༌། དེ་འགོག་པ་དེ་ཐལ་རང་གང་གིས་བྱེད་པ་དང༌། བྱེད་པ་དེ་ལ་བརྟེན་ནས་ལྟ་བ་རྒྱུད་ལ་བསྐྱེད་པའི་ཚུལ་ལོ། །དང་པོ་ལ་གསུམ། དགག་བྱ་ལེགས་པར་ངོས་ཟིན་དགོས་པའི་རྒྱུ་མཚན་དང༌། དགག་བྱ་ངོས་མ་ཟིན་པར་འགོག་པའི་གཞན་ལུགས་དགག་པ་དང༌། རང་གི་ལུགས་ཀྱི་དགག་བྱ་ངོས་འཛིན་པའི་ཚུལ་ལོ། །དང་པོ་ནི། དཔེར་ན། གང་ཟག་འདི་མི་འདུག་སྙམ་དུ་ངེས་པ་ལ་མེད་རྒྱུའི་གང་ཟག་དེ་ཤེས་དགོས་པ་ལྟར། བདག་མེད་པ་


JLD013_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་བཞིན་མེད་པ་ཞེས་པའི་དོན་ངེས་པ་ལའང་མེད་རྒྱུའི་བདག་དང་རང་བཞིན་དེ་ལེགས་པར་ངོས་ཟིན་དགོས་ཏེ། དགག་པར་བྱ་བའི་སྤྱི་ལེགས་པར་མ་ཤར་ན་དེ་བཀག་པའང་ཕྱིན་ཅི་མ་ལོག་པར་མི་ངེས་པའི་ཕྱིར་ཏེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དགག་བྱའི་མི་འདྲ་བའི་ཁྱད་པར་ནི་མཐའ་ཡས་ཀྱང་དགག་བྱ་མདོར་བསྡུས་པའི་རྩ་བ་ནས་བཀག་ན་དགག་བྱ་ཐམས་ཅད་ཀྱང་ཁེགས་པར་འགྱུར་རོ། །འདི་ཡང་དགག་བྱའི་གནད་མཐར་གཏུགས་པའི་ཕྲ་བ་ནས་མ་ཁེགས་པར་ལྷག་མ་ལུས་ན་ཡོད་པའི་མཐར་ལྟུང་ཞིང༌། དངོས་པོར་མངོན་པར་ཞེན་པ་བསྐྱེད་པས་སྲིད་པ་ལས་གྲོལ་བར་མི་ནུས་སོ། །ཧ་ཅང་ཐལ་ཆེས་ནས་དགག་པར་བྱ་བའི་ཚོད་མ་ཟིན་པར་བཀག་ན་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་རིམ་པ་སུན་ཕྱུང་བས་ཆད་པའི་མཐར་ལྟུང་ཞིང་ལྟ་བ་དེ་ཉིད་ཀྱིས་ངན་འགྲོར་འཁྲིད་པར་བྱེད་དོ། །དེའི་ཕྱིར་དགག་བྱ་ལེགས་པར་ངོས་ཟིན་པ་གལ་ཆེ་སྟེ། འདི་ངོས་མ་ཟིན་ན་ཡང་ན་རྟག་ལྟ་དང་ཡང་ན་ཆད་ལྟ་གདོན་མི་ཟ་བར་བསྐྱེད་པའི་ཕྱིར་རོ། །གཉིས་པ་དགག་བྱ་ངོས་མ་ཟིན་པར་འགོག་པའི་གཞན་ལུགས་དགག་པ་ལ་གཉིས། དགག་བྱ་ངོས་འཛིན་ཧ་ཅང་ཁྱབ་ཆེས་པ་དགག་པ་དང༌། དགག་བྱ་ངོས་འཛིན་ཁྱབ་ཆུངས་པ་དགག་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང༌། དེ་མི་འཐད་པར་བསྟན་པའོ། །དང་པོ་


JLD013_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ད་ལྟ་དབུ་མའི་དོན་སྨྲ་བར་འདོད་པ་ཕལ་མོ་ཆེ༌ན་རེ། སྐྱེ་བ་ལ་སོགས་པ་དེ་ཁོ་ན་ཉིད་དུ་གྲུབ་མ་གྲུབ་དཔྱོད་པའི་རིགས་པས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཁེགས་པ་ཡིན་ཏེ། ཇི་འདྲ་ཞིག་ཁས་བླངས་པ་ལའང་རིགས་པས་དཔྱད་པ་བྱས་ན་བརྟག་བཟོད་པ་རྡུལ་ཙམ་ཡང་མེད་པའི་ཕྱིར་དང༌། ཡོད་མེད་ལ་སོགས་པའི་མུ་བཞི་པོ་ཐམས་ཅད་བཀག་པས་ན་དེར་མ་འདུས་པའི་ཆོས་མེད་པའི་ཕྱིར་རོ། །གཞན་ཡང་དེ་ཁོ་ན་ཉིད་གཟིགས་པའི་འཕགས་པའི་ཡེ་ཤེས་ཀྱིས་སྐྱེ་འགག་དང་བཅིངས་གྲོལ་སོགས་ཅི་ཡང་མེད་པར་གཟིགས་པས་ན་དེས་གཞལ་བ་ལྟར་ཡིན་དགོས་པས་སྐྱེ་བ་སོགས་མེད་དོ། །གལ་ཏེ་སྐྱེ་བ་སོགས་འདོད་ན་དེ་ལ་དེ་ཉིད་དཔྱོད་པའི་རིགས་པས་དཔྱད་བཟོད་དམ་མི་བཟོད། བཟོད་ན་ནི་རིགས་པས་དཔྱད་བཟོད་ཀྱི་དངོས་པོ་ཡོད་པས་བདེན་དངོས་སུ་འགྱུར་རོ། །དཔྱད་མི་བཟོད་ན་ནི་རིགས་པས་ཁེགས་པའི་དོན་ཡོད་པ་ཇི་ལྟར་འཐད། དེ་བཞིན་དུ་སྐྱེ་བ་ལ་སོགས་པ་ཡོད་པར་འདོད་ན་ཚད་མས་གྲུབ་བམ་མ་གྲུབ། དང་པོ་ལྟར་ན་དེ་ཁོ་ན་ཉིད་གཟིགས་པའི་ཡེ་ཤེས་ཀྱིས་ནི་སྐྱེ་བ་མེད་པར་གཟིགས་པས་དེས་གྲུབ་པར་མི་འཐད་ལ། ཐ་སྙད་པའི་མིག་གི་ཤེས་པ་ལ་སོགས་པས་གྲུབ་པར་འདོད་ན་ནི་དེ་དག་ཚད་མ་ཡིན་པ་བཀག་པའི་ཕྱིར། དེ་དག་སྒྲུབ་བྱེད་ཀྱི་ཚད་མར་མི་འཐད་དེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་


JLD013_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་དང༌། འཇུག་པར་ཡང༌། རྣམ་ཀུན་འཇིག་རྟེན་ཚད་མིན། ཞེས་གསུངས་པའི་ཕྱིར་རོ། །ཚད་མས་མ་གྲུབ་ཀྱང་ཡོད་པར་འདོད་པ་ནི་རང་ཡང་མི་འདོད་ཅིང་རིགས་པ༌ཡང་མིན་པས་མི་འཐད་དོ། །གལ་ཏེ་སྐྱེ་བ་ཁས་ལེན་ན་དོན་དམ་པར་མི་འདོད་པས་ཀུན་རྫོབ་ཏུ་འདོད་དགོས་ན། དེ་ནི་མི་རིགས་ཏེ། འཇུག་པ་ལས། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་ན། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་དོན་དམ་པར་སྐྱེ་བ་འགོག་པའི་རིགས་པས་ཐ་སྙད་དུ༌ཡང་འགོག་པར་གསུངས་པའི་ཕྱིར་རོ། །གཞན་ཡང་བདག་གཞན་ལ་སོགས་པ་བཞི་པོ་གང་རུང་ལས་མི་སྐྱེ་ཡང་སྐྱེ་བར་འདོད་ན་ནི་དོན་དམ་པར་སྐྱེ་བ་འགོག་པ་ལ་མུ་བཞིར་བརྟགས་ནས་བཀག་པས་མི་ཁེགས་པར་འགྱུར་ཏེ། དེ་དག་གང་ཡང་མིན་པའི་སྐྱེ་བ་ཡོད་པའི་ཕྱིར་རོ། །མུ་བཞི་གང་རུང་ལས་སྐྱེ་ན་གཞན་གསུམ་མི་འདོད་པས་གཞན་ལས་སྐྱེ་དགོས་ན། དེ་ནི་མི་རིགས་ཏེ། འཇུག་པ་ལས། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་གསུངས་པས་སོ། །དེའི་ཕྱིར་སྐྱེ་བ་འགོག་པ་ལ་དོན་དམ་པའི་ཁྱད་པར་ཡང་སྦྱར་བར་མི་བྱ་སྟེ། ཚིག་གསལ་ལས་དོན་དམ་པའི་ཁྱད་པར་སྦྱོར་བ་བཀག་པའི་ཕྱིར་རོ། །འདི་ལའང་ཁ་ཅིག་ནི་སྐྱེ་བ་ལ་སོགས་པ་ཐ་སྙད་དུའང་མི་འདོད་ཟེར་ལ། ཁ་ཅིག་ནི་ཐ་སྙད་དུ་ཡོད་པར་འདོད་ཅིང༌། ཐམས་ཅད་ཀྱང་འདི་སྐད་དུ་རིགས་


JLD013_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པས་རང་བཞིན་འགོག་པ་ནི་སློབ་དཔོན་འདི་ཡི་ལུགས་ལ་བསྙོན་དུ་མེད་དེ། བདེན་པ་གཉིས་ཅར་དུ་རང་བཞིན་གྱིས་གྲུབ་པ་བཀག་པའི་ཕྱིར་རོ། །དེ་ལྟར་རང་བཞིན་མེད་ན་དེ་ནས་ཅི་ཞིག་ཡོད། དེའི་ཕྱིར་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་བ་ནི་དབུ་མ་རང་རྒྱུད་པ་ཁོ་ནའི་ལུགས་ཡིན་ནོ་ཞེས་མགྲིན་པ་བསལ་ནས་འཆད་པར་བྱེད་དོ། །གཉིས་པ་དེ་མི་འཐད་པར་བསྟན་པ་ལ་གཉིས། ལུགས་དེས་དབུ་མའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཀག་པར་བསྟན་པ་དང༌། གནོད་བྱེད་བརྗོད་པ་རྣམས་ཀྱིས་སུན་མི་ཕྱིན་པར་བསྟན་པའོ། །དང་པོ་ལ་གསུམ། དབུ་མ་པའི་ཁྱད་ཆོས་ངོས་བཟུང་བ་དང༌། ལུགས་དེས་དེ་ཇི་ལྟར་བཀག་པའི་ཚུལ་དང༌། དེ་ལ་དབུ་མ་པས་ལན་ཇི་ལྟར་བཏབ་པའོ། །དང་པོ་ནི། རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་གསུངས་པ་ལྟར། ཐེག་པ་མཆོག་གིས་འགྲོ་བའི་གདུལ་བྱ་རྣམས་ཀྱིས་འབྲས་བུའི་སྐབས་སུ་ཆོས་སྐུ་དམ་པ་དང་གཟུགས་སྐུ་དམ་པ་གཉིས་འཐོབ་པ་ནི། ལམ་གྱི་སྐབས་སུ་སྔར་བཤད་པ་ལྟར་ཐབས་དང་ཤེས་རབ་ཡ་མ་བྲལ་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ལ་རག་ལས་ལ། དེ་ཡང་ཀུན་རྫོབ་པའི་རྒྱུ་འབྲས་རྣམས་ཀྱི་རྒྱུ་འདི་ལས་ཕན་ཡོན་དང་ཉེས་དམིགས་ཀྱི་འབྲས་བུ་འདི་དང་འདི་འབྱུང་བའི་རྒྱུ་འབྲས་ཀྱི་འབྲེལ་པ་ལ་ངེས་པ་གཏིང་ཐག་པ་ནས་འདྲོངས་པ་ཇི་སྙེད་པ་ལ་ངེས་པ་ཐོབ་པ་དང༌། ཆོས་ཐམས་


JLD013_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་རྡུལ་ཙམ་ཡང་མེད་པར་ངེས་པ་གཏིང་ནས་རྙེད་པའི་ཇི་ལྟ་བ་ལ་ངེས་པ་ཐོབ་པ་ལ་ངེས་པར་ལྟོས་ཏེ། འདི་གཉིས་ཀ་མེད་ན་ཐབས་དང་ཤེས་རབ་གཉིས་ཀའི་ལམ་ཆ་ཚང་བ་ལ་སྙིང་ཐག་པ་ནས་སློབ་པ་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་འབྲས་བུའི་སྐབས་སུ་སྐུ་གཉིས་འཐོབ་པའི་རྒྱུ་ལམ་གྱི་གནད་མི་འཕྱུག་པ་གཞིའི་ལྟ་བ་གཏན་ལ་འབེབས་ཚུལ་ལ་རག་ལས་པའི་ལྟ་བ་གཏན་ལ་འབེབས་ཚུལ་ནི་དེ་མ་ཐག་ཏུ་བཤད་པའི་བདེན་གཉིས་ལ་ངེས་པ་རྙེད་པ་འདི་ཡིན་ནོ། །འདི་ནི་དབུ་མ་པ་མ་གཏོགས་པ་གང་ཟག་གཞན་སུའི་ངོར་ཡང་འགལ་བ་འདུ་བར་མཐོང་ནས་མི་འགལ་བར་འཆད་མི་ཤེས་པ་ལ་ཕྲ་ཞིང་མཛངས་ལ་ཤིན་ཏུ་རྒྱ་ཆེ་བའི་རྣམ་དཔྱོད་དང་ལྡན་པའི་མཁས་པ་དབུ་མ་པ་ཞེས་པ་དེས། བདེན་པ་གཉིས་རྟོགས་པའི་ཐབས་ལ་མཁས་པས་འགལ་བའི་དྲི་ཙམ་ཡང་མེད་པར་གཏན་ལ་ཕབ་ནས་རྒྱལ་བའི་དགོངས་པའི་མཐར་ཐུག་པ་རྙེད་དེ། དེ་ལ་བརྟེན་ནས་རང་གི་སྟོན་པ་དང་བསྟན་པ་ལ་ཤིན་ཏུ་གུས་པ་རྨད་དུ་བྱུང་བ་སྐྱེས་པས་དྲངས་པའི་ངག་ཚིག་རྣམ་པར་དག་པས། ཤེས་ལྡན་དག །རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་ཀྱི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཡིན་གྱི། དོན་བྱེད་པའི་ནུས་པས་སྟོང་པའི་དངོས་པོ་མེད་པའི་དོན་ནི་མ་ཡིན་ནོ། །ཞེས་སྐད་གསངས་མཐོན་པོས་ཡང་དང་ཡང་དུ་སྒྲོགས་པར་མཛད་དོ། །རང་གི་སྡེ་པ་དངོས་པོར་སྨྲ་བའི་མཁས་པ་རིག་གནས་དུ་མ་ལ་ཆེས་ཤིན་ཏུ་སྦྱངས་པ་རྣམས་ཀྱང་དབུ་མའི་ལྟ་བ་ཁས་


JLD013_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལེན་ཅིང་དབུ་མ་པ་ལ་རྩོད་པ་ནི། ཆོས་ཐམས་ཅད་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཅི་ཡང་མེད་པའི་སྟོང་པ་ཡིན་ན། བཅིངས་གྲོལ་སོགས་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འཇོག་ས་མེད་སྙམ་པ་འདི་ཁོ་ན་ཡིན་ཏེ། རྩ་ཤེ་ལས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་རང་བཞིན་གྱིས་སྟོང་ན་སྐྱེ་འཇིག་དང་བདེན་བཞི་མི་འཐད་པར་འགྱུར་ཞེས་པ་དང༌། རྩོད་ཟློག་ལས། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །ཞེས་ཚིག་ལ་རང་བཞིན་མེད་ན་རང་བཞིན་འགོག་པ་དང་རང་བཞིན་མེད་པ་བསྒྲུབ་པར་མི་ནུས་སོ། །ཞེས་རང་བཞིན་མེད་ན་བསྐྱེད་བྱ་སྐྱེད་བྱེད་དང་འགོག་པ་དང་བསྒྲུབ་པའི་བྱ་བྱེད་མི་འཐད་དོ་སྙམ་ནས་རྩོད་པ་བྱེད་དེ། འདིས་ནི་རང་བཞིན་འགོག་པའི་རིགས་པས་བྱ་བྱེད་ཐམས་ཅད་བཀག་པར་གོ་ནས་རྩོད་པའོ། །དེས་ན་དངོས་པོར་སྨྲ་བ་དང་དབུ་མ་པ་གཉིས་གྲུབ་མཐའ་ཐུན་མོང་མ་ཡིན་པ་ལ་རྩོད་པ་ན་རང་བཞིན་གྱིས་སྟོང་པ་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་བཞག་ཏུ་རུང་མི་རུང་འདི་ཁོ་ན་ལ་རྩོད་པས་ན། རང་གི་ངོ་བོས་གྲུབ་པའི་རང་བཞིན་རྡུལ་ཙམ་མེད་པ་ལ་བསྐྱེད་བྱ་དང་སྐྱེད་བྱེད་དང་འགོག་པ་དང་བསྒྲུབ་པ་སོགས་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་ཁས་བླངས་པས་ཆོག་པ་ནི་དབུ་མ་པའི་ཁྱད་ཆོས་ཡིན་ཏེ། རྩ་ཤེའི་རབ་བྱེད་ཉེར་བཞི་པ་ལས། སྐྱོན་དུ་ཐལ་བར་འགྱུར་བ་ནི། །སྟོང་ལ་


JLD013_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པ་མ་ཡིན་པས། །ཁྱོད་ནི་སྟོང་ཉིད་སྤོང་བྱེད་པ། །གང་དེ་ང་ལ་མི་འཐད་དོ། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །ཞེས། གལ་ཏེ་འདི་དག་ཀུན་སྟོང་ན། །ཞེས་སོགས་ཀྱི་སྐྱོན་རང་བཞིན་མེད་པར་སྨྲ་བ་ལ་མི་འབྱུང་བར་མ་ཟད་རང་བཞིན་གྱིས་སྟོང་པའི་ཕྱོགས་ལ་སྐྱེ་འཇིག་སོགས་རུང་ལ། རང་བཞིན་གྱིས་མི་སྟོང་པའི་ཕྱོགས་ལ་མི་རུང་བར་གསུངས་སོ། །དེ་ལྟར་ཡང༌ཚིག་གསལ་ལས། ཁོ་བོ་ཅག་གི་ཕྱོགས་ལ་ནི་ཅི་སྐད་སྨྲས་པའི་སྐྱོན་དུ་ཐལ་བ་མི་འཇུག་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་བདེན་པ་ལ་སོགས་པ་རྣམ་པར་བཞག་པ་ཐམས་ཅད་ཆེས་ཤིན་ཏུ་འཐད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། གང་ལ་སྟོང་པ་ཉིད་རུང་བ། །ཞེས་སོགས་ཀྱི་གཞུང་བཀོད་ནས་བཤད་པ་མཛད་དོ། །དབུ་མ་རྩ་བར་རབ་བྱེད་ཉེར་དྲུག་པས་རྟེན་འབྲེལ་བཅུ་གཉིས་ཀྱི་ལུགས་འབྱུང་གི་སྐྱེ་རིམ་དང་ལུགས་ལྡོག་གི་འགག་རིམ་བསྟན་ལ། རབ་བྱེད་ཉེར་ལྔས་གཙོ་ཆེར་རང་བཞིན་འགོག་པར་མཛད་དོ། །རབ་བྱེད་ཉེར་བཞི་པ་འཕགས་པའི་བདེན་པ་བརྟག་པས། རང་བཞིན་གྱིས་མི་སྟོང་པ་ལ་འབྱུང་འཇིག་སོགས་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་མི་རུང་བའི་ཚུལ་དང་རང་བཞིན་གྱིས་སྟོང་པ་ལ་དེ་དག་ཐམས་ཅད་རུང་བའི་ཚུལ་རྒྱས་པར་གཏན་ལ་ཕབ་པས་ན། རབ་བྱེད་འདི་རབ་བྱེད་གཞན་ཐམས་ཅད་ལ་འཁྱེར་ཤེས་དགོས་པ་ཡིན་ནོ། །དེས་ན་ད་ལྟ་དབུ་མའི་དོན་


JLD013_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བར་འདོད་པ་རྣམས་རང་བཞིན་མེད་པ་ལ་བསྐྱེད་བྱ་སྐྱེད་བྱེད་སོགས་ཀྱི་རྒྱུ་འབྲས་མི་རུང་བས་ཁྱབ་པར་སྨྲ་བ་ནི་དངོས་པོར་སྨྲ་བའི་ལུགས་ཡིན་པས། མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་པ་རྒྱུ་དང་རྐྱེན་འདི་དང་འདི་ལ་བརྟེན་ནས་འབྲས་བུ་འདི་དང་འདི་སྐྱེ་བ་དང་འགག་པའི་རྒྱུ་འབྲས་ཀྱི་རྣམ་གཞག་ཉིད་ལ་བརྟེན་ནས་རང་བཞིན་གྱིས་སྟོང་པ་དང་དབུ་མའི་ལམ་བཙལ་དགོས་པ་ཡིན་ཏེ། རབ་བྱེད་ཉེར་བཞི་པ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་རྟེན་འབྱུང་ལ་རང་བཞིན་གྱིས་སྟོང་པས་ཁྱབ་པར་གསུངས་པ་འདི་ལ། རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་ལ་རང་བཞིན་གྱིས་གྲུབ་པས་ཁྱབ་བོ་ཞེས་བཟློག་ནས་མ་སྨྲ་ཞིག །དེ་བཞིན་དུ་རྩོད་ཟློག་ལས་ཀྱང༌། གང་ལ་སྟོང་ཉིད་འདི་སྲིད་པ། །དེ་ལ་དོན་རྣམས་ཐམས་ཅད་སྲིད། །གང་ལ་སྟོང་ཉིད་མི་སྲིད་པ། །དེ་ལ་ཅི་ཡང་མི་སྲིད་དོ། །གང་ཞིག་སྟོང་དང་རྟེན་འབྱུང་དང༌། །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་དང༌། སྟོང་ཉིད་བདུན་ཅུ་པ་ལས་ཀྱང༌། དངོས་པོ་ཐམས་ཅད་རང་བཞིན་གྱིས། །སྟོང་པ་ཡིན་པས་དངོས་རྣམས་ཀྱི། །རྟེན་འབྱུང་ཕྱིར་ནི་དེ་བཞིན་གཤེགས། །མཚུངས་པ་མེད་པས་ཉེ་བར་བསྟན། །ཞེས་དང༌། རིགས་པ་དྲུག་ཅུ་པ་ལས་ཀྱང༌། གང་དག་གིས་ནི་མ་བརྟེན་པར། །བདག་གམ་འཇིག་རྟེན་མངོན་ཞེན་པ། །དེ་དག་ཀྱེ་མ་


JLD013_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་མི་རྟག །ལ་སོགས་ལྟ་བས་འཕྲོག་པ་ཡིན། །གང་དག་བརྟེན་ནས་དངོས་པོ་རྣམས། །དེ་ཉིད་དུ་ནི་གྲུབ་འདོད་པ། །དེ་དག་ལ་ཡང་རྟག་སོགས་སྐྱོན། །དེ་དག་ཇི་ལྟར་འབྱུང་མི་འགྱུར། །གང་དག་བརྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོག །ཅེས་དང༌། འཇིག་རྟེན་ལས་འདས་པར་བསྟོད་པ་ལས་ཀྱང༌། སྡུག་བསྔལ་རང་གིས་བྱས་པ་དང༌། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་རྟོག་གེ་པ་ཡིས་འདོད། །ཁྱོད་ཀྱིས་རྟེན་ཅིང་འབྲེལ་པར་གསུངས། །རྟེན་ཅིང་འབྲེལ་པར་གང་བྱུང་བ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །དངོས་པོ་རང་དབང་ཡོད་མིན་ཞེས། །མཉམ་མེད་ཁྱོད་ཀྱི་སེང་གེའི་སྒྲ། །ཞེས་རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རང་བཞིན་གྱིས་སྟོང་པ་ཁོ་ནར་གསུངས་ཏེ། རྟེན་འབྲེལ་གྱི་དོན་རང་བཞིན་མེད་པའི་སྟོང་ཉིད་ཀྱི་དོན་དུ་འཆར་བ་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ཐུན་མོང་མ་ཡིན་པའོ། །དེས་ན་རང་བཞིན་མེད་པའི་སྟོང་ཉིད་དབུ་མ་པའི་ངོས་ནས་བྱེད་ཅིང་རྟེན་འབྲེལ་རྒྱུ་འབྲས་ཀྱི་རྣམ་གཞག་རང་གི་ལུགས་ལ་བྱར་མ་བདེ་ནས་གཞན་ངོ་ལ་སོགས་པ་ལ་སྐྱེལ་བ་ནི་རྟེན་འབྲེལ་གྱི་དོན་མ་ཡིན་ཏེ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ། ཞེས་རང་བཞིན་མེད་པ་གང་གི་ལུགས་ཡིན་པའི་ལུགས་དེ་ལ་འཁོར་འདས་ཀྱི་རྟེན་འབྲེལ་ཐམས་ཅད་འཐད་པར་གསུངས་པའི་ཕྱིར་རོ། །འོ་ན་སྟོང་ཉིད་འདོད་པའི་ཕྱོགས་ལ་འཁོར་འདས་ཐམས་ཅད་རུང་ལུགས་ཇི་འདྲ་ཡིན་སྙམ་ན། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་སྨྲ་བས་ནི། རྒྱུ་རྐྱེན་


JLD013_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས་དེར་སྨྲ་སྟེ་འདི་འཆད་པར་འགྱུར་རོ། །དེ་ལྟ་ན་དེ་ལ་རྟེན་འབྲེལ་འཐད་ལ། དེ་འཐད་ན་སྡུག་བསྔལ་ཡང་འཐད་དེ། རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ལ་སྡུག་བསྔལ་བཞག་དགོས་ཀྱི། བརྟེན་ནས་མ་བྱུང་བ་ལ་སྡུག་བསྔལ་མི་རུང་བའི་ཕྱིར་རོ། །སྡུག་བདེན་ཡོད་ན་དེ་གང་ལས་བྱུང་བའི་ཀུན་འབྱུང་དང་སྡུག་བསྔལ་དེ་འགགས་པའི་འགོག་པ་དང་དེར་འགྲོ་བའི་ལམ་འཐད་པས་བདེན་བཞི་ཡོད་དོ། །བདེན་བཞི་ཡོད་ན་དེ་དག་ཤེས་པ་དང་སྤོང་བ་དང་མངོན་སུམ་དུ་བྱེད་པ་དང་ལམ་བསྒོམ་པ་རུང་ལ། དེ་དག་ཡོད་ན་དཀོན་མཆོག་གསུམ་ལ་སོགས་པ་ཐམས་ཅད་རུང་ངོ་། །དེ་ལྟར་ཡང༌། ཚིག་གསལ་ལས། གང་ལ་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་འདི་རུང་བ་དེ་ལ་ཇི་སྐད་སྨྲས་པ་དེ་དག་ཐམས་ཅད་རུང་བར་འགྱུར་རོ། །ཇི་ལྟར་འགྱུར་ཞེ་ན། གང་གི་ཕྱིར་ཁོ་བོ་ཅག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྟོང་པ་ཉིད་ཅེས་སྨྲ་སྟེ། དེའི་ཕྱིར་གང་ལ་སྟོང་པ་ཉིད་འདི་རུང་བ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་རུང་ལ། གང་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་རུང་བ་དེ་ལ་འཕགས་པའི་བདེན་པ་བཞི་རྣམས་རིགས་པར་འགྱུར་རོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་སྡུག་བསྔལ་དུ་འགྱུར་གྱི། རྟེན་ཅིང་འབྲེལ་པར་མི་འབྱུང་བ་ནི་མ་ཡིན་ནོ། །དེ་ནི་རང་བཞིན་མེད་པས་སྟོང་པར་འགྱུར་རོ། །སྡུག་བསྔལ་ཡོད་ན་ནི་སྡུག་བསྔལ་ཀུན་འབྱུང་དང་སྡུག་བསྔལ་འགོག་པ་དང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་རུང་བར་འགྱུར་རོ། །དེའི་ཕྱིར་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་སྤངས་པ་དང༌། འགོག་པ་མངོན་


JLD013_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་བ་དང་ལམ་བསྒོམ་པའང་རུང་ངོ་། །སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོངས་སུ་ཤེས་པ་ལ་སོགས་པ་ཡོད་ན་ནི་འབྲས་བུ་རྣམས་རུང་བར་འགྱུར་རོ། །འབྲས་བུ་རྣམས་ཡོད་ན་འབྲས་བུ་ལ་གནས་པ་དག་རུང་ངོ་། །འབྲས་བུ་ལ་གནས་པ་དག་ཡོད་ན་ནི་ཞུགས་པ་དག་རུང་བར་འགྱུར་རོ། །འབྲས་བུ་ལ་གནས་པ་དང་ཞུགས་པ་དག་ཡོད་ན་ནི་དགེ་འདུན་རུང་ངོ་། །འཕགས་པའི་བདེན་པ་རྣམས་ཡོད་ན་དམ་པའི་ཆོས་ཀྱང་རུང་བར་འགྱུར་རོ། །དམ་པའི་ཆོས་དང་དགེ་འདུན་ཡོད་ན་ནི་སངས་རྒྱས་ཀྱང་རུང་བར་འགྱུར་རོ། །དེའི་ཕྱིར་དཀོན་མཆོག་གསུམ་ཡང་རུང་བར་འགྱུར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་པོ་ཐམས་ཅད་ཁྱད་པར་དུ་རྟོགས་པ་ཐམས་ཅད་ཀྱང་རུང་ལ། ཆོས་དང་ཆོས་མ་ཡིན་པ་དག་དང་དེའི་འབྲས་བུ་དང་འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཀྱང་རུང་བར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་གང་ལ་སྟོང་པ་ཉིད་རུང་བ་དེ་ལ་ཐམས་ཅད་རུང་བར་འགྱུར་རོ། །གང་ལ་སྟོང་པ་ཉིད་མི་རུང་བ་དེ་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པས་ཐམས་ཅད་མི་རུང་བར་འགྱུར་རོ། །ཞེས་གསུངས་པས། རུང་མི་རུང་ནི་དེ་དག་ཡོད་པ་དང་མེད་པ་ལ་གོ་བར་བྱའོ། །སྔར་དྲངས་པའི་རྩོད་ཟློག་གི་རྩོད་པ་དེའི་ལན་དུའང་རང་བཞིན་མེད་པ་ལ་བྱ་བྱེད་འཐད་པའི་ལན་སློབ་དཔོན་གྱིས་གསལ་བར་མཛད་དེ། རྩོད་ཟློག་ལས། དངོས་རྣམས་བརྟེན་ནས་འབྱུང་བ་གང༌། །དེ་ནི་སྟོང་ཉིད་ཅེས་བྱ་དང༌། །གང་ཞིག་བརྟེན་ནས་འབྱུང་བ་དེ། །རང་བཞིན་མེད་


JLD013_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པར་སྨྲ། །ཞེས་གསུངས་ཤིང༌། དེའི་རང་འགྲེལ་ལས་ཀྱང༌། ཁྱོད་ཀྱིས་ནི་དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་དོན་ཁོང་དུ་མ༌ཆུད་པར་ཁྱོད་ཀྱི་ཚིག་རང་བཞིན་མེད་པ་ཡིན་པའི་ཕྱིར། དངོས་པོ་རྣམས་ཀྱི་རང་བཞིན་འགོག་པ་མི་འཐད་དོ་ཞེས་ཀླན་ཀ་ཚོལ་བ་སྨྲ་བར་བྱེད་དེ། འདིར་ནི་དངོས་པོ་རྣམས་བརྟེན་ནས་བྱུང་བ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་དག་ནི་རང་བཞིན་དང་བཅས་པ་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་ན་ནི་རྒྱུ་དང་རྐྱེན་མེད་ཀྱང་ཡོད་པར་འགྱུར་བ་ཞིག་ན། དེ་ལྟ་ཡང་མ་ཡིན་པ་དེའི་ཕྱིར་རང་བཞིན་མེད་པ་ཡིན་ཏེ། དེས་ན་སྟོང་པའོ་ཞེས་བྱ་བར་འཆད་དོ། །དེ་བཞིན་དུ་ངའི་ཚིག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ་དེའི་ཕྱིར་རང་བཞིན་མེད་དོ། །རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པའོ་ཞེས་བྱ་བ་འཐད་པ་ཡིན་ནོ། །ཇི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པའི་ཕྱིར་རང་བཞིན་སྟོང་པ་ཡིན་ཀྱང་། སྦྲང་རྩི་དང་ཆུ་དང་འོ་ཐུག་འཛིན་པ་དང་ལེན་པ་དང་གྲང་བ་དང་རླུང་དང་ཉི་མ་ཡོངས་སུ་སྐྱོབ་པར་ནུས་པ་དེ་བཞིན་དུ། ངའི་ཚིག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་མེད་པ་ཡིན་ཀྱང་། དངོས་པོ་རྣམས་རང་བཞིན་མེད་པར་རབ་ཏུ་བསྒྲུབ་པར་ནུས་པ་ཡིན་པས། དེ་ལ་ཁྱོད་ཀྱི་ཚིག་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་རང་


JLD013_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འགོག་པ་འཐད་པ་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ་། །ཞེས་རང་བཞིན་གྱིས་གྲུབ་ན་རྒྱུ་རྐྱེན་ལ་མི་ལྟོས་པ་དང༌། རྒྱུ་རྐྱེན་ལ་ལྟོས་ན་རང་བཞིན་མེད་པས་ཁྱབ་པའི་རྗེས་སུ་འགྲོ་ལྡོག་དང༌། རང་བཞིན་མེད་པའི་ཚིག་གིས་དགག་སྒྲུབ་ཀྱི་བྱ་བ་བྱེད་ནུས་པར་ཤིན་ཏུ་གསལ་བར་གསུངས་སོ། །རྒྱུ་རྐྱེན་ལ་བརྟེན་ནས་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བའི་ཆོས་སྐྱེ་བ་དང་འགག་པའི་རྟེན་འབྲེལ་དང་རང་བཞིན་མེད་པ་གཉིས་གཞི་མཐུན་དུ་འདུ་བ་ལྟ་ཅི་སྨོས་ཏེ། དེ་འདྲ་བའི་རྟེན་འབྲེལ་དེ་ཉིད་རང་བཞིན་མེད་པ་རྟོགས་པའི་རྒྱུ་མཚན་བླ་ན་མེད་པར་འགྲོ་བ་འདི་ནི་མཁས་པ་དབུ་མ་པ་ཁོ་ནའི་ཁྱད་ཆོས་སུ་ཤེས་པར་བྱ་ཡི། བརྟེན་ནས་སྐྱེ་བ་དང་བརྟེན་ནས་འགག་པ་ལ་རང་གི་ངོ་བོས་གྲུབ་པས་ཁྱབ་པར་བཟུང་ནས། རང་བཞིན་འགོག་པའི་རིགས་པས་སྐྱེ་བ་དང་འགག་པའི་རྟེན་འབྲེལ་བཀག་ན་ནི་ལྷ་བདུད་དུ་བབས་པ་ལྟར་གྱུར་ནས་དབུ་མའི་དོན་ཇི་ལྟ་བ་བཞིན་རྙེད་པའི་གེགས་ཆེན་པོར་འགྱུར་བ་ཡིན་ནོ། །དེ་ལྟར་ན་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་རྡུལ་ཙམ་ཡང་མེད་པའི་ངེས་པ་དྲངས་པ་ན། རྒྱུ་འབྲས་ཀྱི་འབྲེལ་བ་ལ་རང་ལུགས་ཀྱི་ངེས་པ་དྲང༌ས་མེད་པར་གཞན་ངོ་སོགས་ལ་སྐྱེལ་དགོས་ཤིང༌། རྒྱུ་འབྲས་ལ་རང་ལུགས་ཀྱི་ངེས་པ་ལེགས་པར་དྲངས་པ་ན་རང་བཞིན་མེད་པ་ལ་རང་ལུགས་ཀྱིས་ངེས་པ་དྲང༌ས་མེད་པར་སོང་ནས། རང་བཞིན་མེད་པ་ལ་དགོངས་པ་ལེན་པ་སྐད་བྱེད་ན། ད་དུང་དབུ་མའི་ལྟ་བ་མ་རྙེད་པར་ཤེས་པར་གྱིས་ལ། ལྟ་བ་རྙེད་པའི་རྒྱུར་


JLD013_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླངས་པའི་ཚུལ་ཁྲིམས་དག་པར་བསྲུང་བ་གཞིར་བཞག་ནས་ཚོགས་བསག་པ་དང་སྒྲིབ་པ་སྦྱང་བའི་སྒོ་དུ་མ་ལ་འབད་པ་དང་མཁས་པ་བསྟེན་ནས་ཐོས་པ་དང་བསམ་པ་ལ་བརྩོན་པར་བྱའོ། །དེ་འདྲ་བའི་སྣང་སྟོང་ལ་ངེས་པ་འདྲེན་པ་གཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་ཤིན་ཏུ་རྙེད་དཀའ་བ་ལ་དགོངས་ནས། རྩ་ཤེའི་རབ་བྱེད་ཉེར་བཞི་པ་ལས། དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། རེ་ཞིག་ལུས་འདི་མི་གཙང་ཉིད། །རགས་ཤིང་མངོན་སུམ་སྤྱོད་ཡུལ་བ། །རྟག་ཏུ་སྣང་བའང་གང་གི་ཚེ། །སེམས་ལ་གནས་པ་མ་ཡིན་པ། །དེ་ཚེ་དམ་ཆོས་གནས་མེད་པ། །ཕྲ་ཟབ་མངོན་སུམ་མ་ཡིན་པ། །ཟབ་མོ་དེ་ཀོ་ཇི་ལྟ་བུར། །སེམས་ལ་བདེ་བླག་འཇུག་པར་འགྱུར། །ཆོས་འདི་ཟབ་ཕྱིར་སྐྱེ་བོ་ཡིས། །ཤེས་པར་དཀའ་བར་ཐུགས་ཆུད་དེ། །དེས་ན་ཐུབ་པ་སངས་རྒྱས་ནས། །ཆོས་བསྟན་པ་ལས་ལོག་པར་གྱུར། །ཞེས་བསྟན་བཅོས་དང་གསུང་རབ་རྣམས་ནས་ཤིན་ཏུ་རྟོགས་དཀའ་བར་གསུངས་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་གཞུང་ཚད་ལྡན་ཁ་ཅིག་ནས་བུམ་པ་ལ་སོགས་པ་རང་གི་ཡན་ལག་དང་གཅིག་ཐ་དད་དཔྱོད་པའི་རིགས་པས་རང་བཞིན་མེད་པ་གཏན་ལ་འབེབས་པར་གསུངས་པའི་དོན་ལ་འཁྲུལ་ནས། བུམ་པ་ལ་སོགས་པ་རྣམས་མཆུ་དང་མགྲིན་པ་ལ་སོགས་པ་རང་གི་ཡན་ལག་གང་ཡིན་དཔྱད་པ་ན་དེ་དག་གང་རུང་དུའང་མ་རྙེད་པ་ན་བུམ་པ་མི་འདུག་གོ་སྙམ་དུ་ངེས་


JLD013_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདྲེན་ལ། དེ་ནས་དཔྱོད་མཁན་ལའང་དེ་ལྟར་དཔྱད་པ་ན་དཔྱོད་མཁན་ཡང་མི་འདུག་གོ་སྙམ་དུ་ངེས་པར་འགྱུར་རོ། །དེའི་ཚེ་དཔྱོད་མཁན་མི་རྙེད་ན་བུམ་པ་ལ་སོགས་པ་མེད་དོ་སྙམ་དུ་སུ་ཞིག་གིས་ཤེས་སྙམ་ནས། ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཞེས་ཟེར་བ་ལྟར་གྱི་རིགས་པ་ལྟར་སྣང་རེས་ངེས་པ་ཕྱིན་ཅི་ལོག་ཏུ་དྲངས་པ་ལ་ལྟ་བ་རྙེད་པར་འཇོག་ན་འདི་སླ་ཤོས་ཅིག་ཏུ་སྣང་ངོ་། །དེའི་ཕྱིར་བློ་གྲོས་དང་ལྡན་པ་དག་གིས་ནི་ངེས་དོན་གྱི་གསུང་རབ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་དབུ་མའི་གཞུང་རྣམ་པར་དག་པ་རྣམས་ནས་སྟོང་པ་ཉིད་ཀྱི་དོན་རྟེན་འབྲེལ་གྱི་དོན་དུ་གསུངས་པ་མཁས་པ་དབུ་མ་པའི་ཁྱད་ཆོས། ཁྱད་པར་དུ་སློབ་དཔོན་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་གྲགས་པས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ལྷག་མ་མ་ལུས་པར་བཀྲལ་བའི་ཕྲ་བའི་གནས། རྟེན་འབྲེལ་ལ་བརྟེན་ནས་རང་བཞིན་མེད་པ་ལ་ངེས་པ་སྟེར་ལུགས་དང་རང་བཞིན་གྱིས་སྟོང་པའི་དངོས་པོ་རྣམས་རྒྱུ་འབྲས་སུ་འཆར་ཚུལ་ལ་གཞན་གྱིས་བཀྲི་བར་མི་ནུས་པའི་ངེས་པ་དྲང་བར་བྱའོ། །གཉིས་པ་ལུགས་དེས་དེ་ཇི་ལྟར་བཀག་པའི་ཚུལ་ནི། དེ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས། ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་རྡུལ་ཙམ་ཡང་མེད་པ་དང༌། རང་བཞིན་གྱིས་གྲུབ་ན་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་བྱར་མེད་པ་དང༌། རྣམ་གཞག་དེ་མི་བྱར་མི་རུང་བས་བཅིངས་གྲོལ་ལ་སོགས་པའི་རྣམ་གཞག་ཐམས་ཅད་འཇོག་པས་ངེས་པར་རང་བཞིན་མེད་པ་ཁས་བླང་དགོས་པ་ལ། ཁྱེད་ཅག་དངོས་པོ་རྣམས་ལ་རང་གི་ངོ་


JLD013_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བོས་གྲུབ་པའི་རང་བཞིན་མེད་ན་གཞན་ཅི་ཞིག་ཡོད། དེས་ན་བཅིངས་གྲོལ་དང་སྐྱེ་འགག་སོགས་འགོག་པ་ལ་དོན་དམ་པ་སོགས་ཀྱི་ཁྱད་པར་སྦྱོར་མི་དགོས་པས་རང་བཞིན་འགོག་པའི་རིགས་པས་འགོག་པ་ཡིན་ནོ་ཞེས་སྨྲ་བ་ན། རང་བཞིན་མེད་པ་ལ་བཅིངས་གྲོལ་དང་འབྱུང་འཇིག་སོགས་བཞག་པས་ཆོག་པ་ཇི་ལྟར་མ་བཀག་པ་སོམས་ཤིག །གལ་ཏེ་སློབ་དཔོན་གྱི་བཞེད་པ་ནི། བཅིངས་གྲོལ་སོགས་འཁོར་འདས་ཀྱི་རྣམ་གཞག་རྣམས་ཐ་སྙད་དུ་ཡིན་ལ། ཁོ་བོས་ཀྱང་ཐ་སྙད་དུ་དེ་དག་འདོད་པས་སྐྱོན་མེད་དོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་སློབ་དཔོན་ཟླ་བའི་བཞེད་པ་ནི། ཐ་སྙད་དུའང་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པ་ཡིན་པར་ཁྱེད་ཀྱང་འདོད་ལ། དེ་ལྟར་ན་རང་བཞིན་འགོག་པའི་རིགས་པས་ཐ་སྙད་དུའང་རང་བཞིན་དེ་དགག་དགོས་པའི་ཕྱིར་དང༌། རང་བཞིན་འགོག་པའི་རིགས་པས་བཅིངས་གྲོལ་སོགས་ཀྱང་འགོག་པར་འདོད་པའི་ཕྱིར་ཐ་སྙད་དུའང་བཅིངས་གྲོལ་སོགས་བཀག་པར་ཤིན་ཏུ་གསལ་ལོ། །མདོར་ན་རང་བཞིན་མེད་པ་དང་བཅིངས་གྲོལ་དང་སྐྱེ་འགག་སོགས་འགལ་བར་འདོད་ན། རང་བཞིན་གྱིས་སྟོང་པའི་སྟོང་པ་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འཐད་པ་བདེན་པ་གཉིས་གང་དུའང་མི་རུང་བས་དབུ་མ་པའི་ཁྱད་ཆོས་གཅིག་པུ་དེ་ཁྱེད་ཀྱིས་བཀག་པ་ཡིན་ནོ། །དེ་དག་འགལ་བར་མི་འདོད་ན་ནི་རང་བཞིན་འགོག་པའི་རིགས་པས་དགག་བྱ་ལ་ཁྱད་པར་ཅི་ཡང་སྦྱར་མི་དགོས་པར་སྐྱེ་འགག་དང་བཅིངས་གྲོལ་སོགས་འགོག་པར་འདོད་པ་ལ་རྒྱུ་མཚན་ཡང་དག་པ་ཅི་ཡང་མེད་


JLD013_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེས་ན་རང་བཞིན་འགོག་པའི་རིགས་པས་རྒྱུ་འབྲས་འགོག་ན་ནི་རང་བཞིན་མེད་པ་ལ་འབྱུང་འཇིག་སོགས་མི་རུང་བར་འདོད་པ་ཡིན་པས་དེ་ལྟ་ན། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་སོགས་རབ་བྱེད་ཉེར་བཞི་པ་ནས་དངོས་སྨྲའི་རྩོད་པ་བཀོད་པ་དང༌། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་ལྡོག་པར་མི་ནུས་སོ། །ཞེས་རྩོད་ཟློག་ནས་དངོས་པོར་སྨྲ་བའི་རྩོད་པ་བཀོད་པ་དང་ཁྱད་པར་ཅི་ཡང་མེད་པ་ཤིན་ཏུ་གསལ་བ་ཡིན་ནོ། །གལ་ཏེ་རང་བཞིན་གྱིས་སྟོང་མི་སྟོང་གཉིས་ཀ་ལ་འབྱུང་འཇིག་སོགས་མི་རུང་བ། ཁོ་བོ་ཅག་རང་བཞིན་གྱིས་སྟོང་མི་སྟོང་གང་དུའང་ཁས་མི་ལེན་པས་སྐྱོན་མེད་དོ་སྙམ་ན། དེ་ནི་གཞུང་གི་དོན་དུ་གཏན་མི་རུང་སྟེ། འགྲེལ་པ་ཚིག་གསལ་ལས། ཁོ་བོ་ཅག་ལ་འབྱུང་འཇིག་སོགས་མི་འཐད་པའི་སྐྱོན་མེད་པར་མ་ཟད་བདེན་པ་བཞི་ལ་སོགས་པ་འཐད་པ་ཡིན་ནོ་ཞེས་བསྒྲུབས་ཤིང༌། རྩ་བར་ཡང་རང་བཞིན་གྱིས་སྟོང་པའི་ཕྱོགས་ལ་དེ་དག་རུང་བ་དང་མི་སྟོང་པའི་ཕྱོགས་ལ་མི་རུང་བར་ལེགས་པར་ཕྱེ་ནས་གསུངས་པའི་ཕྱིར་དང༌། དབུ་མ་ལ་འཇུག་པ་ལས་ཀྱང༌། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་


JLD013_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐམས་ཅད་སྟོང་ན་ཡང༌། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་བཅིངས་གྲོལ་སོགས་རིགས་པས་འགོག་ན་དོན་དམ་དུ་དགག་པ་བྱེད་པ་མི་རུང་བས་ཀུན་རྫོབ་ཏུ་དགག་དགོས་ལ། དེའི་ཚེ་ཐ་སྙད་དུ་ཡང་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འགོག་པ་དེ་འདྲ་བའི་དབུ་མ་པ་དེ་ནི་སྔོན་མེད་པ་ཞིག་གོ །གསུམ་པ་དེ་ལ་དབུ་མ་པས་ལན་ཇི་ལྟར་བཏབ་པ་ནི། དངོས་པོ་རང་བཞིན་གྱིས་སྟོང་ན་འཁོར་འདས་ཀྱི་རྒྱུ་འབྲས་བཞག་ཏུ་མི་རུང་བར་རྩོད་པ་འདི་ལ། མགོན་པོ་ཀླུ་སྒྲུབ་ནི། དབུ་མ་པས་ཕར་ལ་འཕང་རྒྱུའི་སྐྱོན་ཚུར་ལ་འཕངས་པ་ཡིན་པས་བཟློག་ནས་སྐྱོན་འཕེན་པར་བཞེད་པ་ཡིན་ཏེ། རྩ་ཤེའི་རབ་བྱེད་ཉེར་བཞི་པ་ལས། ཁྱོད་ནི་རང་གི་སྐྱོན་རྣམས་ནི། །ང་ལ་སྐྱོན་དུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །གལ་ཏེ་དངོས་རྣམས་རང་བཞིན་ལས། །ཡོད་པར་རྗེས་སུ་ལྟ་བྱེད་ན། །དེ་ལྟ་ཡིན་ན་དངོས་པོ་ཀུན། །རྒྱུ་རྐྱེན་མེད་པར་ཁྱོད་ལྟ་འོ། །ཞེས་དང༌། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་སོགས་ཀྱིས་གསུངས་སོ། །དེས་ན་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་ན་གཞན་ཅི་ཞིག་ཡོད་ཅེས་སྨྲ་བ་འདིས་ནི་གདོན་མི་ཟ་བར་མྱུ་གུ་རང་བཞིན་མེད་པ་དང་མྱུ་གུ་མེད་པ་གཉིས་ཀྱི་ཁྱད་པར་མ་ཕྱེད་པར་གསལ་ལ། དེའི་ཕྱིར་མྱུ་གུ་ཡོད་པ་དང་མྱུ་གུ་རང་གི་ངོ་བོས་གྲུབ་པ་གཉིས་ཀྱང་མི་ཕྱེད་པས། ཡོད་ན་


JLD013_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོས་ཡོད་པ་དང༌། རང་གི་ངོ་བོས་གྲུབ་པ་མེད་ན་མེད་པར་འདོད་པར་གསལ་ཏེ། དེ་ལྟ་མ་ཡིན་ན་རང་གི་ངོ་བོས་གྲུབ་པ་འགོག་པའི་རིགས་པས་ཡོད་ཙམ་དང་སྐྱེ་བ་དང་འགག་པ་ཙམ་ལ་སོགས་པ་ཅིའི་ཕྱིར་འགེགས་པར་སྨྲ། དེ་ལྟར་ཇི་སྲིད་དུ་མྱུ་གུ་ལ་སོགས་པ་རྣམས་ཡོད་པར་འདོད་པ་དེ་སྲིད་དུ་རང་གི་ངོ་བོས་གྲུབ་པའི་ཡོད་པར་སྨྲ་ལ། རང་གི་ངོ་བོས་གྲུབ་པ་གཏན་མེད་ན་གཏན་མེད་དུ་སྨྲ་ན་ནི་མཐའ་གཉིས་སུ་ལྟུང་བར་གདོན་མི་ཟ་བས་དངོས་པོར་སྨྲ་བའི་གོ་ལུགས་དང་ཁྱད་མེད་པ་ཡིན་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། དངོས་པོ་ཡོད་པར་སྨྲ་བའི་ལྟར་ན། ཇི་སྲིད་དུ་དངོས་པོ་དེའི་ཡོད་པ་ཉིད་ཡིན་པ་དེ་སྲིད་དུ་རང་གི་ངོ་བོ་ཡང་ཡིན་པ་ཉིད་ལ། གང་གི་ཚེ་རང་གི་ངོ་བོ་དང་བྲལ་བ་དེའི་ཚེ་དེ་ལ་དངོས་པོ་དེ་རྣམས་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར། བོང་བུའི་རྭ་དང་འདྲ་བས་གཉིས་སུ་སྨྲ་བ་ལས་མ་འདས་པའི་ཕྱིར། འདིའི་མངོན་པར་འདོད་པ་ཐམས་ཅད་འགྲིགས་དཀའ་བར་འགྱུར་རོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །རང་བཞིན་ཡོད་མེད་དང་ཡོད་མེད་བཞི་པོ་འདི་དཔལ་ལྡན་ཟླ་བ་གྲགས་པས་ཕྱེ་བ་འདི་མ་རྟོགས་ཕྱིན་ཆད་གདོན་མི་ཟ་བར་མཐའ་གཉིས་སུ་ལྟུང་བས་མཐའ་བྲལ་དབུ་མའི་དོན་མི་རྟོགས་པ་ཡིན་ཏེ། འདི་ལྟར་རང་གི་ངོ་བོས་གྲུབ་པ་ཡེ་མེད་དུ་ནམ་སོང་བ་ན་ཆོས་དེ་ཡེ་མེད་དུ་འགྲོ༌ལ། དེ་ལྟ་ན་རང་བཞིན་གྱིས་སྟོང་པའི་སྟོང་པ་ལ་རྒྱུ་འབྲས་བཞག༌ས་གཏན་མེད་པས་ཆད་པའི་མཐར་ལྟུང་ལ། ཡང་ཆོས་དེ་ཡོད་པར་འདོད་ཕྱིན་ཆད་


JLD013_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོས་གྲུབ་པར་ཁས་བླང་དགོས་པར་འགྱུར་ལ། དེ་ལྟ་ན་རྒྱུ་འབྲས་རང་བཞིན་མེད་བཞིན་དུ་དེར་སྣང་བའི་སྒྱུ་མ་ལྟ་བུར་བྱ༌ས་མི་འོང་བས་རྟག་པའི་མཐར་ལྟུང་བ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་ལ་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་ཡང་གདོད་མ་ནས་མེད་པར་རྟོགས་པས་ཡོད་མཐར་མི་ལྟུང་བ་ཡིན་ལ། དེ་ལྟ་ནའང་མྱུ་གུ་ལ་སོགས་པའི་དངོས་པོ་རྣམས་དོན་བྱེད་པའི་ནུས་པས་སྟོང་པའི་དངོས་མེད་དུ་མི་འགྲོ་བར་རང་རང་གི་བྱ་བ་བྱེད་པ་ལ་མཐུ་ཡོད་པར་ངེས་པའི་ངེས་ཤེས་འདྲོངས་ན་མེད་པའི་མཐའ་སྤོང་བ་ཡིན་ནོ། །རང་བཞིན་མེད་པ་དང་མེད་པ་གཉིས་གསལ་བར་འབྱེད་པ་ཚིག་གསལ་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། གལ་ཏེ་དེ་ལྟར་ཁྱོད་ཀྱིས་དངོས་པོ་རྣམས་རང་བཞིན་མེད་པར་རྣམ་པར་བཞག་ན། འོ་ན་ནི་གང་བཅོམ་ལྡན་འདས་ཀྱིས་རང་གི་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་རང་ཉིད་ཀྱིས་མྱོང་བར་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་དེ་ཐམས་ཅད་ཚུལ་འདིས་བསལ་བར་འགྱུར་ལ་ལས་དང་འབྲས་བུ་ལ་སྐུར་པ་བཏབ་པའི་ཕྱིར་ན་ཁྱོད་མེད་པ་པའི་གཙོ་བོར་གྱུར་པ་ཡིན་ནོ། །བརྗོད་པར་བྱ་སྟེ། ཁོ་བོ་ཅག་མེད་པ་པ་མ་ཡིན་ཏེ། ཁོ་བོ་ཅག་ནི་ཡོད་པ་དང་མེད་པ་གཉིས་སུ་སྨྲ་བ་བཀག་ནས་གཉིས་སུ་མེད་པའི་ལམ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་གསལ་བར་བྱེད་པ་ཡིན་ནོ། །ཁོ་བོ་ཅག་ནི་ལས་དང་བྱེད་པ་པོ་དང་འབྲས་བུ་ལ་སོགས་པ་མེད་དོ་ཞེས་སྨྲ་བའང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདི་དག་རང་བཞིན་མེད་དོ་ཞེས་རྣམ་པར་འཇོག་པ་ཡིན་ནོ། །ཅི་སྟེ་རང་བཞིན་མེད་པ་རྣམས་


JLD013_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱ་བ་བྱེད་པ་མི་འཐད་པའི་ཕྱིར་ཉེས་པ་སོ་ན་འདུག་པ་ཉིད་དོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། རང་བཞིན་དང་བཅས་པ་རྣམས་ཁོ་ན་ལ་བྱ་བ་མ་མཐོང་བའི་ཕྱིར་དང༌། རང་བཞིན་མེད་པ་རྣམས་ཁོ་ན་ལ་བྱ་བ་མཐོང་བའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལ་རང་བཞིན་མེད་པ་ཡིན་ན་རང་བཞིན་འགོག་པ་དེས་ལས་ལས་རྣམ་སྨིན་འབྱུང་བ་བསལ་བར་འགྱུར་རོ་ཞེས་དངོས་སྨྲ་བས་སྨྲས་པ་ནི་རང་བཞིན་འགོག་པའི་རིགས་པས་རྒྱུ་འབྲས་བཀག་པར་འདོད་པ་དང་འདོད་པ་ཁྱད་མེད་པར་སོང་བའོ། །རྒྱུ་འབྲས་བཀག་ན་ཆད་ལྟ་བའི་གཙོ་བོར་འགྱུར་རོ་ཞེས་པ་ནི་དབུ་མ་པ་དང་དངོས་པོར་སྨྲ་བ་གཉིས་ཀས་འདོད་པར་འདྲ་ཡང༌། དབུ་མ་པ་ནི་རྒྱུ་འབྲས་བཀག་པ་མི་འདོད་ལ། དངོས་སྨྲ་བས་ནི་རང་བཞིན་འགོག་ན་རྒྱུ་འབྲས་ཀྱང་ངེས་པར་འགོག་དགོས་སྙམ་ནས་དབུ༌མ་པ་ལ་མེད་པ་པའམ་ཆད་ལྟ་བ་ཞེས་ཟེར་རོ། །བོད་ཀྱི་དབུ་མ་པར་ཁས་འཆེ་བ་ཕལ་ཆེ་བ་ནི། རང་བཞིན་འགོག་ན་རིགས་པ་དེས་རྒྱུ་འབྲས་ཀྱང་དགག་དགོས་པར་འདོད་པ་དངོས་སྨྲ་བ་རྣམས་དང་མཐུན་པར་སྣང་ལ། འོན་ཀྱང་རྒྱུ་འབྲས་རིགས་པས་འགོག་པ་དབུ་མའི་ལུགས་སུ་བྱས་ནས་དེ་ལ་མོས་པར་སྣང་ངོ་། །རྩོད་པ་དེའི་ལན་དུ་ཁོ་བོ་ཅག་ནི་མེད་པ་པ་མ་ཡིན་ཏེ། ཡོད་མེད་གཉིས་སུ་སྨྲ་བ་བསལ་ནས་ཐར་པའི་ལམ་གསལ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་ནས་ཡོད་མེད་དུ་སྨྲ་བ་སེལ་ཚུལ་ནི་ལྷག་མས་བསྟན་ནོ། །དེ་ལ་ཁོ་བོ་ཅག་ནི་ལས་འབྲས་སོགས་མེད་དོ་ཞེས་མི་སྨྲ་ཞེས་པས་ནི་མེད་པར་


JLD013_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་སེལ་བ་ཡིན་ཏེ། ལས་འབྲས་སོགས་མེད་པར་འདོད་ན་མེད་པ་པར་འགྱུར་བ་ལས་ཁོ་བོ་ནི་དེ་མི་འདོད་ཅེས་པའོ། །འོ་ན་ཅི་སྨྲས་ཞེས་འདྲི་བ་ལ། ལས་འབྲས་སོགས་འདི་དག་རང་བཞིན་མེད་དོ་ཞེས་འཇོག་པའམ་འདོད་པ་ཡིན་ནོ་ཞེས་སྨྲས་པས་ནི་ཡོད་པར་སྨྲ་བ་སེལ་བ་ཡིན་ནོ། །རང་བཞིན་མེད་པ་ལ་བྱ་བྱེད་མི་འཐད་པས་ཉེས་པ་སོ་ན་འདུག་གོ་ཞེས་པ་ནི་ཁྱོད་ཀྱིས་མེད་པར་མི་སྨྲ་ཡི། རང་བཞིན་མེད་པར་སྨྲའོ་ཞེས་སྨྲས་ཀྱང་སྔར་བཀོད་པའི་སྐྱོན་རང་བཞིན་མེད་ན་རྒྱུ་འབྲས་མི་འཐད་པ་ད་དུང་སྤོང་མི་ནུས་ཞེས་དངོས་པོར་སྨྲ་བས་རྩོད་པ་སྟེ། ཁོའི་ལུགས་ལ་རང་བཞིན་མེད་པ་དང་མེད་པ་གཉིས་ཁྱད་མེད་པས་དེ་ལྟར་རྩོད་པའོ། །དེའི་ལན་དུ་རྒྱུས་འབྲས་བུ་བསྐྱེད་པ་སོགས་ཀྱི་བྱ་བྱེད་རྣམས་རང་བཞིན་ཡོད་པ་ལ་མི་རུང་བ་དང་རང་བཞིན་མེད་པ་ཁོ་ན་ལ་དེ་དག་རུང་བར་གསུངས་སོ། །བཞི་བརྒྱ་པའི་འགྲེལ་པ་ལས་ཀྱང༌། བདག་ནི་དངོས་པོ་མེད་པར་སྨྲ་བ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ཡིན་པའི་ཕྱིར་རོ། །ཅི་ཁྱོད་དངོས་པོར་སྨྲ་བ་ཞིག་གམ་ཞེ་ན། མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཁྱོད་ཅི་སྨྲ་བ་ཞིག་ཅེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བའོ། །ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གང་ཞིག་ཅེ་ན། རང་བཞིན་མེད་པའི་དོན་ཏེ་རང་བཞིན་གྱིས་མ་སྐྱེས་པའི་དོན་དང་སྒྱུ་མ་དང་སྨིག་རྒྱུ་དང་གཟུགས་བརྙན་དང་དྲི་ཟའི་གྲོང་ཁྱེར་དང་སྤྲུལ་པ་དང་རྨི་ལམ་དང་མཚུངས་པའི་རང་བཞིན་ཅན་གྱི་འབྲས་བུ་འབྱུང་བའི་དོན་དང་སྟོང་པ་ཉིད་དང་བདག་མེད་པའི་དོན་ནོ། །ཞེས་རྟེན་འབྲེལ་དུ་འདོད་


JLD013_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

པས་དངོས་པོ་ཡོད་མེད་ཀྱི་མཐའ་གཉིས་སུ་སྨྲ་བ་སེལ་ཚུལ་བསྟན་ནོ། །དེ་ཡང་རྟེན་འབྲེལ་གྱི་དོན་རང་བཞིན་གྱིས་མ་སྐྱེས་པ་ལ་བཤད་པས་ནི་དངོས་པོ་ཡོད་པར་སྨྲ་བ་སེལ་ལ། སྒྱུ་མ་ལ་སོགས་པ་དང་འདྲ་བའི་འབྲས་བུ་འབྱུང་བ་རྟེན་འབྲེལ་གྱི་དོན་དུ་བསྟན་པས་ནི་དངོས་པོ་མེད་པར་སྨྲ་བ་སེལ་བ་ཡིན་ནོ། །དེས་ན་དངོས་པོ་ནི་རང་བཞིན་ལ་བྱེད་པ་དང་དོན་བྱེད་ནུས་པ་ལ་བྱེད་པ་གཉིས་ལས། དངོས་པོ་ཡོད་པར་སྨྲ་བའི་དངོས་པོ་ནི་རང་བཞིན་གྱིས་གྲུབ་པ་ཁོ་ན་ལ་བྱ་ལ། དངོས་པོ་མེད་པར་སྨྲ་བའི་དངོས་པོ་ནི་དོན་བྱེད་པའི་དངོས་པོ་ལ་བྱ་སྟེ། དེ་གཉིས་སེལ་བ་ན་རང་བཞིན་བཀག་ཅིང་སྒྱུ་མ་ལྟ་བུའི་རྒྱུ་འབྲས་ཡོད་པར་བསྟན་པའི་ཕྱིར་རོ། །གཞན་ཡང་བཞི་བརྒྱ་པའི་འགྲེལ་པ་ལས། ཡང་ཅི་འདས་པའི་ཡུལ་ཅན་གྱི་དྲན་པ་མེད་དམ། མེད་དོ་ཞེས་དེ་སྐད་དུ་སུ་སྨྲ། ཁོ་བོ་ཅག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སེལ་བ་མ་ཡིན་ནོ། །དེ་ཇི་ལྟར་ཡོད་པ་དེ་ལྟར་ནི་ངེས་ན། དྲན་པ་ཞེས་བྱ་ལོག་པ་ཡི། །དོན་ལ་ལོག་པ་ཁོ་ན་འབྱུང༌། །ཞེས་སློབ་དཔོན་ཉིད་རྣམ་པར་འཇོག་པར་མཛད་དོ། །དེའི་ཕྱིར་དྲན་པའི་དམིགས་པ་ནི་འདས་པའི་དངོས་པོ་ཡིན་ནོ། །གལ་ཏེ་རང་གི་ངོ་བོས་ཡོད་ན་ནི་དེའི་དྲན་པ་དེ་ཡོད་པའི་དོན་ལ་དམིགས་པའི་ཕྱིར་རང་གི་ངོ་བོས་གྲུབ་པ་ཞིག་ན། གང་གི་ཚེ་འདས་པའི་དངོས་པོ་དེ་རང་བཞིན་མེད་པ་དེའི་ཚེ་དེ་ལ་དམིགས་པའི་དྲན་པའང་རང་བཞིན་མེད་པ་ཡིན་ཏེ། དེའི་ཕྱིར་ལོག་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ལོག་པ་ཞེས་བྱ་བ་ནི་རང་བཞིན་མེད་པ་དང་རྟེན་


JLD013_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་དང་དོན་གཞན་མ་ཡིན་པ་སྟེ་དངོས་པོ་མེད་པའི་དོན་ནི་ལོག་པའི་དོན་མ་ཡིན་ནོ། །འདས་པའི་དངོས་པོ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ཏེ། དྲན་པར་བྱ་བ་ཡིན་པའི་ཕྱིར་དང་། དེའི་འབྲས་བུ་མཐོང་བའི་ཕྱིར་རོ། །རང་གི་ངོ་བོས་ཡོད་པའང་མ་ཡིན་ཏེ། རྟག་པ་ཉིད་དུ་ཐལ་བའི་ཕྱིར་དང་། དངོས་སུ་འཛིན་པར་ཐལ་བའི་ཕྱིར་རོ། །ཞེས་འདས་པ་ལ་སོགས་པ་འདི་དག་ཡེ་མེད་ཀྱང་མིན་ལ་རང་གི་ངོ་བོས་གྲུབ་པའང་མིན་པ་དང་། ལོག་པའམ་རྫུན་པའི་དོན་རྟེན་འབྲེལ་གྱི་དོན་ཡིན་གྱི། དངོས་པོ་མེད་པའི་དོན་མིན་པར་གསུངས་པས། ཆོས་འདི་རྣམས་རང་གི་ངོ་བོས་གྲུབ་པར་འདོད་ན་དངོས་པོར་སྨྲ་བའམ་ཡོད་པའི་མཐར་ལྟུང་བ་ཡིན་གྱི། དེ་དག་ཡོད་པ་ཙམ་དུ་སྨྲ་བ་ནི་དངོས་པོར་སྨྲ་བའམ་ཡོད་སྨྲ་བ་མིན་ནོ། །དེ་བཞིན་དུ་ཕྱི་ནང་གི་དངོས་པོ་རྣམས་དོན་བྱེད་པའི་ནུས་པས་སྟོང་པའི་དངོས་མེད་དུ་འདོད་ན་དངོས་པོ་མེད་པར་སྨྲ་བའམ་མེད་མཐར་ལྟུང་བ་ཡིན་གྱི། དེ་དག་ལ་རང་བཞིན་མེད་པར་སྨྲས་པས་མེད་མཐར་ལྟུང་བ་མིན་ནོ། །དེ་ལྟར་ཡེ་མེད་པ་དང་རང་བཞིན་མེད་པ་དང་། རང་གི་ངོ་བོས་གྲུབ་པ་དང་ཡོད་པ་ཙམ་གྱི་ཁྱད་མ་ཕྱེད་པར་ཡོད་མེད་ཀྱི་མཐར་ལྟུང་བ་འགེགས་པ་ན། ཁོ་བོ་ཅག་མེད་པར་མི་སྨྲ་ཡི་ཡོད་པ་མ་ཡིན་ཞེས་ཟེར་རོ། །ཡོད་པར་མི་སྨྲ་ཡི་མེད་པ་མ་ཡིན་ཞེས་ཟེར་བ་ཡིན་ནོ། །ཞེས་སྨྲ་བ་ཙམ་ལ་རེ་བས་ནི་འགལ་འདུ་ཤ་སྟག་སྨྲ་ཞིང་དབུ་མའི་དོན་ཡང་ཅུང་ཟད་ཀྱང་མི་ཤོད་དེ། གཞན་ལ་དགག་པ་བྱེད་པའི་ཚེ༌ན་རང་བཞིན་ཡོད་མེད་གཉིས་ལ་སོགས་པའི་བརྟག་པ་བྱས་


JLD013_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགོག་པས། དེ་གཉིས་སུ་ཁ་ཚོན་ཆོད་དགོས་པར་རང་ཉིད་ཀྱིས་ཁས་བླངས་བཞིན་དུ་དེ་གཉིས་གང་ཡང་མིན་པའི་དོན་འདོད་པའི་ཕྱིར་རོ། །འདི་ལྟར་གཞི་གང་ཡང་རུང་བ་ཞིག་ལ་རང་བཞིན་ཡོད་དམ་མེད་ཅེས་བརྟག་པ་བྱེད་པས་ནི་དེ་གཉིས་སུ་ཁ་ཚོན་ཆོད་པར་འདོད་དགོས་ཏེ། དེར་མ་འདུས་པའི་ཕུང་གསུམ་ཡོད་ན་རང་བཞིན་ཡོད་པ་དང་མེད་པ་གཉིས་གང་ཡིན་ཞེས་བརྟག་པ་བྱ་བར་མི་རིགས་ཏེ། དཔེར་ན་ཁ་དོག་ཏུ་ཡོད་ན་སྔོན་པོར་ཡོད་དམ་སེར་པོར་ཡོད་ཅེས་འདྲི་བ་དང་འདྲའོ། །དེ་ལྟར་རང་བཞིན་ཡོད་མེད་གཉིས་སུ་ཁ་ཚོན་ཆོད་པའང་སྤྱིར་ཤེས་བྱ་ལ་ཡོད་མེད་གཉིས་སུ་ཁ་ཚོན་ཆོད་པ་ལ་རག་ལས་ཏེ། དཔེར་ན་བདེན་པ་ལ་བདེན་པའི་གཅིག་དང་དུ་མའི་ཁ་ཚོན་ཆོད་པ་སྤྱིར་གཅིག་དང་དུ་མ་གཉིས་སུ་ཁ་ཚོན་ཆོད་པ་ལ་ལྟོས་པ་བཞིན་ནོ། །དེ་ལྟར་ཁ་ཚོན་ཆོད་ན་ནི་ཕུང་གསུམ་ལྡོག་དགོས་པས་དེ་གཉིས་གང་ཡང་མིན་པའི་ཆོས་འདོད་པ་ནི་བབ་ཅོལ་ཏེ། རྩོད་ཟློག་ལས། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དེ་ལྟར་འདོད་པ་དེས་ནི་ཆོས་གང་ལ༌ཡང་ཕུང་གསུམ་ལྡོག་པའི་གྲངས་ངེས་བཟོ༌ས་མེད་པས་ཐེ་ཚོམ་ཟ་བ་ཁོ་ནར་འགྱུར་ཏེ། ཡོད་མེད་ལ་སོགས་པའི་གཅིག་རྣམ་པར་བཅད་པས་ཅིག་ཤོས་ཡོངས་སུ་མི་གཅོད་པའི་ཕྱིར་རོ། །ཡིན་མིན་ལ་སོགས་པ་འགའ་ཞིག་ལ་ཕུང་གསུམ་མེད་པར་འདོད་ན་ནི་ཡོད་མེད་ལའང་ཀུན་ནས་མཚུངས་པར་འགྱུར་བའི་ཕྱིར་རོ། །དེ་འདྲ་བ་དེ་ནི་དབུ་མའི་གཞུང་ལས་ཡོད་མིན་མེད་མིན་ཞེས་གསུངས་པའི་ཚིག་ཙམ་ལ་འཁྲུལ་པར་སྣང་བས། དེ་འདོད་ན་ནི་ཡོད་པའམ་


JLD013_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཞེས་སྨྲར་མི་རུང་བ་བཞིན་དུ། ཡོད་མིན་མེད་མིན་ཡང་སྨྲ་བར་མི་རིགས་ཏེ། མུ་བཞི་ཀ་ལ་དེ་ལྟར་གསུངས་པའི་ཕྱིར་རོ། །དེས་ན་རྩ་ཤེ་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་མེད་གཉིས་ཀ་ལ། །མཁས་པས་གནས་པར་མི་བྱ་འོ། །ཞེས་གསུངས་པའང་ཡོད་མེད་ཙམ་ལ་མི་ཟེར་གྱི། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པར་ཁས་བླངས་པ་ལ་རྟག་ཆད་ཀྱི་ལྟ་བར་འགྱུར་བར་གསལ་བར་གསུངས་ཏེ། ཚིག་གསལ་ལས། གཞུང་སྔ་མའི་ཡོད་མེད་དུ་འཛིན་པ་དངོས་པོ་ཡོད་མེད་དུ་ལྟ་བ་ལ་བཤད་ནས་དེའི་འོག་ཏུ། ཡང་ཅིའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་ཡོད་ན་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་ཞེ་ན་འདི་ལྟར། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །གང་ཞིག་རང་བཞིན་གྱིས་ཡོད་པར་བརྗོད་པ་དེ་ནི་རང་བཞིན་ལ་ལྡོག་པ་མེད་པས་ནམ་ཡང་མེད་པ་མ་ཡིན་ཏེ། དེ་ལྟ་ནའང་རང་བཞིན་ཡོད་པ་ཉིད་དུ་ཁས་བླངས་པས་རྟག་པར་ལྟ་བར་ཐལ་བར་འགྱུར་ལ། སྔོན་གནས་པའི་སྐབས་སུ་དངོས་པོའི་རང་བཞིན་ཁས་བླངས་ནས་དེ་ལྟར་དེ་ཕྱིས་ཞིག་པས་མེད་དོ་ཞེས་ཁས་བླངས་པས་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །ཞེས་རང་བཞིན་གྱིས་ཡོད་པ་ཁས་བླངས་པ་ལ་རྟག་ལྟ་དང་སྔར་གྱི་རང་བཞིན་དེ་ཉིད་ཕྱིས་ཞིག་པར་འདོད་ན་མེད་ལྟར་གསུངས་ཀྱི། ཡོད་པ་ཙམ་དང་ཞིག་པ་ཙམ་ལ་མ་གསུངས་སོ། །བུད་དྷ༌པཱ་ལི་ཏ་ལས་ཀྱང༌། ཡོད་ཅེས་བྱ་བ་དང་མེད་ཅེས་


JLD013_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ནོག་འདུག་༽བྱ་བ་རྟག་ཆད་དུ་ལྟ་བར་བཤད་པ་དེ་དག་ཉིད། གང་ཞིག་རང་བཞིན་གྱིས་ཡོད་པ། །ཞེས་སོགས་ཀྱིས་རྟག་ཆད་དུ་འགྲོ་ལུགས་བསྟན་པར་གསལ་བར་བཤད་དོ། །མདོར་ན་རང་བཞིན་མེད་པའི་སྟོང་ཉིད་ནི་སྟོང་པ་ཉིད་དམ་པ་མ་ཡིན་ནོ་ཞེས་སྨྲ་ཞིང་དེ་འགོག་ན། ཤེར་ཕྱིན་སྤངས་པའི་ཆོས་སྤོང་གིས་ངན་འགྲོར་འགྲོ་ལ། རང་བཞིན་མེད་པ་ལ་མོས་ནའང་རང་བཞིན་མེད་ན་ཅི་ཞིག་ཡོད་སྙམ་ནས་ཆོས་ཐམས་ཅད་གཏན་ཡོད་པ་མ་ཡིན་པར་འདོད་ནའང་ཆད་ལྟའི་གཡང་དུ་ལྟུང་བར་འགྱུར་རོ། །དེ་ལྟར་ཡང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་པའི་འགྲེལ་པ་ཚིག་གསལ་ལས། རེ་ཞིག་གལ་ཏེ་ཐམས་ཅད་སྟོང་པ་སྟེ་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེས་རྟོག་ན་དེའི་ཚེ་འདི་ལོག་པར་ལྟ་བར་འགྱུར་ཏེ། ཇི་སྐད་དུ། ཆོས་འདི་ལོག་པར་བཟུང་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་འཛའ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །ཞེས་བཤད་དོ། །ཅི་སྟེ་ཡང་ཐམས་ཅད་ལ་སྐུར་པ་འདེབས་པར་མི་འདོད་ན་ནི། དེའི་ཚེ་ཇི་ལྟར་དངོས་པོ་འདི་དག་དམིགས་སུ་ཟིན་ཀྱང་སྟོང་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་རང་བཞིན་མེད་པའི་དོན་ནི་སྟོང་པ་ཉིད་ཀྱི་དོན་མ་ཡིན་ནོ། །ཞེས་འདི་ངེས་པར་སྟོང་པ་ཉིད་སྤོང་བར་འགྱུར་ཏེ། དེ་ལྟར་སྤངས་ནས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱིས་ངེས་པར་ངན་འགྲོར་འགྲོ་བར་འགྱུར་རོ། །ཇི་སྐད་དུ། རིན་པོ་ཆེའི་ཕྲེང་བ་ལས། གཞན་ཡང་འདི་ནི་ལོག་བཟུང་ན། །བླུན་པོ་མཁས་


JLD013_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ང་རྒྱལ་ཅན། །སྤོང་བས་མ་རུངས་བདག་ཉིད་ཅན། །མནར་མེད་པར་ནི་སྤྱིའུ་ཚུགས་འགྲོ། །ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ཁོ་བོ་ཅག་དངོས་པོ་རྣམས་སྔར་ཁས་བླངས་ནས་ཕྱིས་མེད་པར་ལྟ་ན་མེད་ལྟ་བར་འགྱུར་ཡང་ཁོ་བོ་ཅག་ནི་གདོད་མ་ནས་དེ་དག་ཡོད་པར་མི་འདོད་པས་ཅི་ཞིག་ཆད་པའི་ཆད་ལྟ་བར་འགྱུར་ཏེ། སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་དེ་འདྲ་བ་ལ་ཆད་ལྟ་བར་གསུངས་ཤིང༌། ཚིག་གསལ་ལས་ཀྱང༌། རྣལ་འབྱོར་པ་ཀུན་རྫོབ་ཀྱི་བདེན་པ་མི་ཤེས་པ་ཙམ་གྱིས་བསྐྱེད་པ་རང་བཞིན་མེད་པར་རྟོགས་ནས་དེའི་སྟོང་པ་ཉིད་དོན་དམ་པའི་མཚན་ཉིད་ཅན་རྟོགས་པ་ནི་མཐའ་གཉིས་སུ་ལྟུང་བར་མི་འགྱུར་ཏེ། གང་ཞིག་ད་ལྟ་མེད་པར་གྱུར་པ་དེའི་ཚེ་ན་ནི་ཅི་ཞིག་ཡོད་པར་འགྱུར། ཞེས་དེ་ལྟར་སྔར་དངོས་པོའི་རང་བཞིན་མ་དམིགས་པས་ཕྱིས་ཀྱང་མེད་པ་ཉིད་དུ་མི་རྟོགས་ལ། ཞེས་གསུངས་པའི་ཕྱིར་རོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཆད་ལྟ་བ་ལ་གང་ཆད་རྒྱུའི་དངོས་པོ་སྔར་ཁས་བླངས་པ་དགོས་ན་ནི་འཇིག་རྟེན་རྒྱང་པན་པས་ཀྱང་ཚེ་སྔ་ཕྱི་དང་ལས་འབྲས་སོགས་སྔར་ཁས་བླངས་ནས་ཕྱིས་མེད་པར་མི་སྨྲ་ཡི། དེ་དག་གདོད་མ་ནས་ཡོད་པར་མི་འདོད་པས་ཆད་ལྟ་བ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེས་ན། སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་པ་ནི། དངོས་པོ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་འདོད་པའི་དངོས་སྨྲ་བ་ལ་རྟག་ཆད་ཀྱི་ལྟ་བ་གདོན་མི་ཟ་བར་འབྱུང་བའི་


JLD013_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡིན་ཏེ། རང་བཞིན་དེ་དུས་ཀུན་ཏུ་མི་འགྱུར་བར་འདོད་ན་ནི་རྟག་ལྟར་འགྱུར་ལ། དུས་སྔ་མ་ན་ཡོད་པ་དུས་ཕྱི་མར་ཞིག་པར་འདོད་ན་ནི་ཆད་ལྟར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དུས་སྔ་མར་ཡོད་པའི་རང་བཞིན་དུས་ཕྱི་མར་ཞིག་པར་འཛིན་པའི་ཆད་ལྟ་བ་མེད་པར་སྟོན་པ་ན། དངོས་པོ་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་རྡུལ་ཙམ་ཡང་ཁས་མི་ལེན་པ་རྒྱུ་མཚན་དུ་འགྲོ་བ་ཡིན་གྱི། ཆད་ལྟ་ཐམས་ཅད་དེས་སྤོང་བ་མིན་ནོ། །ལས་འབྲས་མེད་པར་འདོད་པའི་ཆད་ལྟ་བ་དང་མི་འདྲ་བའི་ཚུལ་གཞན་ནི་ཚིག་གསལ་ལས་རྒྱས་པར་གསུངས་ཏེ། འདི་ལྟར་ཆད་ལྟ་བ་ནི་ལས་འབྲས་དང་འཇིག་རྟེན་ཕ་རོལ་མེད་པར་འདོད་ལ་དབུ་མ་པ་ནི་དེ་དག་རང་བཞིན་མེད་པར་འདོད་པས་དམ་བཅའ་ལ་ཁྱད་པར་ཡོད་དོ། །དབུ་མ་པ་ནི་ལས་འབྲས་སོགས་དེ་དག་རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རང་བཞིན་མེད་པར་སྨྲ་ལ། མེད་པ་པས་ནི་ལས་འབྲས་སོགས་དེ་དག་རྟེན་འབྲེལ་ཡིན་པར་མི་འདོད་པས་དེ་རྒྱུ་མཚན་དུ་མི་བྱེད་ཀྱི། ད་ལྟར་གྱི་སེམས་ཅན་འདི་འཇིག་རྟེན་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བ་མ་མཐོང་བ་རྒྱུ་མཚན་དུ་བྱས་ནས་མེད་པར་སྨྲ་བས་རྒྱུ་མཚན་ལ་ཁྱད་པར་ཆེ་སྟེ། ཚིག་གསལ་ལས། འདིར་ཁ་ཅིག །དབུ་མ་པ་ནི་མེད་པ་པ་དང་ཁྱད་པར་མེད་པ་ཡིན་ཏེ། གང་གི་ཕྱིར་དགེ་བ་དང་མི་དགེ་བའི་ལས་དང་བྱེད་པ་པོ་དང་འབྲས་བུ་དང་འཇིག་རྟེན་ཐམས་ཅད་རང་བཞིན་གྱིས་སྟོང་པར་སྨྲ་བ་ཡིན་ལ། མེད་པ་པ་དག་


JLD013_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་དག་མེད་དོ་ཞེས་སྨྲ་བར་བྱེད་པ་ཡིན་པ་དེའི་ཕྱིར། དབུ་མ་པ་ནི་མེད་པ་པ་དང་ཁྱད་པར་མེད་དོ་ཞེས་རྒོལ་བར་བྱེད་དོ། །དེ་ལྟར་ཡང་མ་ཡིན་ཏེ། དབུ་མ་པ་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ལ་སོགས་པ་ཐམས་ཅད་རང་བཞིན་མེད་པར་སྨྲ་བར་བྱེད་དོ། །མེད་པ་པ་དག་གིས་ནི་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སྒོ་ནས་འཇིག་རྟེན་ཕ་རོལ་ལ་སོགས་པ་དངོས་པོ་མེད་པར་རྟོགས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འཇིག་རྟེན་འདིའི་དངོས་པོའི་རྣམ་པ་རང་བཞིན་གྱིས་དམིགས་ནས་དེ་འཇིག་རྟེན་ཕ་རོལ་ནས་འདིར་འོང་བ་དང་འཇིག་རྟེན་འདི་ནས་ཕ་རོལ་ཏུ་འགྲོ་བ་མ་མཐོང་ནས་འཇིག་རྟེན་འདིར་དམིགས་པའི་དངོས་པོ་དང་འདྲ་བའི་དངོས་པོ་གཞན་དག་ལ་སྐུར་པ་འདེབས་པར་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །གལ་ཏེ་དབུ་མ་པ་དང་ཆད་ལྟ་བ་གཉིས་རྒྱུ་མཚན་མི་མཚུངས་པ་དེ་ལྟ་ན༌ཡང་ལས་འབྲས་དང་འཇིག་རྟེན་སྔ་ཕྱི་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པར་རྟོགས་པར་འདྲ་བའི་ཕྱིར། རང་བཞིན་མེད་པའི་ལྟ་བ་འདི་མཚུངས་སོ་སྙམ་ན། འདི་ཡང་མི་འདྲ་སྟེ། ཁོ་ཡིས་རང་བཞིན་མེད་པ་ནི་ཡེ་མེད་དུ་འདོད་པས་བདེན་གཉིས་གང་དུའང་ཁས་མི་ལེན་ལ། དབུ་མ་པས་ནི་ལས་འབྲས་སོགས་དེ་དག་ཡོད་པར་ཀུན་རྫོབ་ཏུ་ཁས་ལེན་པའི་ཕྱིར་ཏེ། ཚིག་གསལ་ལས། གལ་ཏེ་དེ་ལྟ་ནའང་དེ་དག་གིས་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་ཉིད་


JLD013_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མེད་པ་ཉིད་དུ་རྟོགས་པའི་ཕྱིར། རེ་ཞིག་ལྟ་བ་འདིའི་སྒོ་ནས་མཚུངས་པ་ཡོད་དོ་ཞེ་ན། མེད་དེ། དབུ་མ་པ་དག་གིས་ཀུན་རྫོབ་ཏུ་ཡོད་པར་ཁས་བླངས་པའི་ཕྱིར་ལ། དེ་དག་གིས་ཁས་མ་བླངས་པའི་ཕྱིར་མི་མཚུངས་པ་ཉིད་དོ། །ཞེས་གསུངས་སོ། །དེས་ནི་ཀུན་རྫོབ་ཏུ་ཡང་ལས་འབྲས་སོགས་ཁས་མི་ལེན་པའི་དབུ་མ་པར་འདོད་པ་ནི་འཇིག་རྟེན་རྒྱང་པན་པ་དང་ལྟ་བ་འདྲ་བར་བསྟན་ཏོ། །འདིར་སློབ་དཔོན་གྱིས་ཆད་ལྟ་བ་དང་མི་འདྲ་བའི་རྒྱུ་མཚན་དུ། དེ་ལ་ཁས་ལེན་ཡོད་ལ་ཁོ་བོ་ལ་མེད་པས་ཞེས་ཀྱང་མ་གསུངས་ལ། དེ་དག་མེད་པར་འདོད་ལ་ཁོ་བོ་ཅག་དེ་ལྟར་མེད་པར་མི་སྨྲ་ཡི་ཡོད་པ་མ་ཡིན་པར་འདོད་ཅེས་མི་གསུང་བར། རང་བཞིན་མེད་པར་སྨྲས་པ་དང་དེའི་རྒྱུ་མཚན་དུ་རྟེན་འབྲེལ་འགོད་པ་དང་། རྣམ་གཞག་དེ་རྣམས་ཡོད་པར་ཀུན་རྫོབ་ཏུ་བཞེད་པར་གསུངས་པ་ཡིན་ནོ། །གལ་ཏེ་ལས་འབྲས་སོགས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པར་ནི་འཐད་ལ། ཆད་ལྟ་བས་ཀྱང་དེ་དག་མེད་པར་འདོད་པ་ན་དེ་དག་ལ་རང་བཞིན་མེད་པར་འདོད་པས་ན། རང་བཞིན་མེད་པའི་ཆ་ནས་དབུ་མ་པ་དང་མཚུངས་སོ་སྙམ་ན། འདི་ཡང་ཆེས་ཤིན་ཏུ་མི་འདྲ་སྟེ། དཔེར་ན། ནོར་བརྐུས་པའི་མི་ཞིག་ལ་གཅིག་གིས་ནི་དེས་བརྐུས་པར་མི་ཤེས་བཞིན་དུ་འདིས་བརྐུས་སོ་ཞེས་བརྫུན་གྱི་སྒོ་ནས་སྨྲ་ལ། གཅིག་གིས་ནི་རྐུན་མ་དེས་ནོར་བརྐུ་བ་མཐོང་ནས་འདིས་བརྐུས་སོ་ཞེས་སྨྲ་བ་ན་དེ་གཉིས་ཀས་ནོར་འདི་བརྐུས་སོ་ཞེས་སྨྲས་པ་ལྟར་དུ་རྐུན་མ་དེས་ཀྱང་བརྐུས་མོད་ཀྱང༌།


JLD013_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནི་བརྫུན་སྨྲ་ལ་ཅིག་ཤོས་ནི་བདེན་པར་སྨྲ་བས་མི་མཚུངས་པ་བཞིན་ནོ། །དེ་ཡང་ཚིག་གསལ་ལས། གལ་ཏེ་དངོས་པོ་མཚུངས་སོ་ཞེ་ན། གལ་ཏེ་ཡང་དངོས་པོ་མ་གྲུབ་པར་མཚུངས་པ་དེ་ལྟ་ཡིན་ནའང་རྟོགས་པ་པོ་ཐ་དད་པས་མི་མཚུངས་པ་ཉིད་དོ། །དཔེར་ན་བརྐུ་བྱས་པའི་མི་གཅིག་ལ་གཅིག་གིས་ནི་ཡང་དག་པར་མི་ཤེས་བཞིན་དུ་དེ་དང་མི་མཛའ་བས་སྦུད་ནས་འདིས་བརྐུས་སོ་ཞེས་དེ་ལ་ལོག་པར་སྨྲ་བར་བྱེད་ལ། གཞན་ནི་དེ་དངོས་སུ་མཐོང་ནས་སུན་འབྱིན་པར་བྱེད་དོ། །དེ་ལ་དངོས་པོ་ཐ་དད་པ་མེད་པ་དེ་ལྟ་ན༌ཡང་རྟོགས་པ་པོ་ཐ་དད་པས་གཅིག་ལ་ནི་དེ་བརྫུན་དུ་སྨྲ་བ་ཞེས་བརྗོད་ལ། གཞན་ལ་ནི་བདེན་པར་སྨྲ་བ་ཞེས་བྱའོ། །གཅིག་ལ་ནི་ཡང་དག་པར་བརྟགས་པ་ན་གྲགས་པ་མ་ཡིན་པ་དང་ཁ་ན་མ་ཐོ་བར་འགྱུར་ལ། གཞན་ལ་ནི་མ་ཡིན་པ་དེ་བཞིན་དུ། འདིར་ཡང་དངོས་པོའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་རིག་པ་རྣམས་ཁོང་དུ་ཆུད་པ་དང་སྨྲ་བ་ན། མེད་པ་པ༌དངོས་པོའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་རིག་པ་མ་ཡིན་པ་དག་དང་ལྷན་ཅིག་ཤེས་པ་དང་བརྗོད་པ་དག་མཚུངས་པ་མ་ཡིན་ནོ། །ཞེས་གསུངས་སོ། །འདིས་ནི་ཁ་ཅིག་རང་བཞིན་མེད་པར་གོ་བ་ན་ལས་འབྲས་སོགས་རིགས་པས་བཀག་པར་གོ་ནས་རྒྱུ་འབྲས་རང་ལུགས་ལ་བཞག་ཏུ་མེད་པ་དེ་ཡང་། སྣང་ཕྱོགས་ཀུན་རྫོབ་པ་ལ་ལོག་པར་ཞུགས་པ་ཡིན་ཀྱང༌སྟོང་ཕྱོགས་ཀྱི་ལྟ་བ་མ་ནོར་བ་རྙེད་པར་སྨྲ་བའང་ལེགས་པར་བཀག་པ་ཡིན་ནོ། །དེས་ན་སྟོང་པ་དོན་བྱེད་ནུས་སྟོང་གི་སྟོང་པར་མ་སོང་བར་རང་བཞིན་མེད་ཀྱང་རྒྱུ་འབྲས་ཀྱི་རྟེན་


JLD013_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་འཇོག༌ས་ཡོད་པ་ཞིག་དགོས་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། དེ་ལྟར་ན་ཡང་དོན་གང་ཞིག །སྐྱེས་པ་ལ་ནི་འོང་བ་དང༌། །དེ་བཞིན་འགགས་ལ་འགྲོ་བ་མེད། །དེ་ལ་ངེས་པར་རང་བཞིན་མེད་དོ། །གལ་ཏེ་དེ་ལ་རང་བཞིན་མེད་ན་ཅི་ཞིག་ཡོད་ཅེ་ན། བརྗོད་པར་བྱ་སྟེ། གང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་རྒྱུ་བྱས་པའི་ངོ་བོ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡོད་ལ། ཞེས་གསུངས་ཏེ། འདིས་ནི་རང་བཞིན་མེད་ན་དེ་ནས་ཅི་ཞིག་ཡོད་ཅེས་པའི་ལན་གསལ་བར་མཛད་དོ། །སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཀྱང་ཡོད་པ་དང་ངོ་བོས་གྲུབ་པའི་ཁྱད་པར་གསལ་བར་ཕྱེ་ནས་ལན་མཛད་དེ། རབ་བྱེད་ཉི་ཤུ་པའི་འགྲེལ་པ་ལས། སྨྲས་པ། གལ་ཏེ་དུས་ཀྱང་མེད། རྒྱུ་དང་འབྲས་བུ་དང་ཚོགས་པའང་མེད་ན་གཞན་ཅི་ཞིག་ཡོད། དེ་ལྟ་བས་ན་དེ་ནི་མེད་པ་པར་སྨྲ་བ་ཉིད་ཡིན་ནོ། །བཤད་པ། མ་ཡིན་ཏེ། ཇི་ལྟར་ཁྱོད་དུས་ལ་སོགས་པ་དག་ངོ་བོ་ཉིད་ལས་ཡོད་པར་ཡོངས་སུ་རྟོག་པར་བྱེད་པ་དེ་ལྟར་མི་འཐད་པར་ཟད་ཀྱི། དེ་དག་བརྟེན་ནས་གདགས་པར་ནི་གྲུབ་བོ། །ཞེས་དངོས་པོར་སྨྲ་བ་འདོད་པ་ལྟར་གྱི་རང་གི་ངོ་བོས་གྲུབ་པ་མི་འཐད་དོ་ཞེས་བཀག་པ་ཡིན་གྱི། བརྟེན་ནས་གདགས་པར་ནི་གྲུབ་བོ་ཞེས་རྟེན་འབྲེལ་ཡོད་པར་གསུངས་པའི་ཕྱིར་རོ། །དེ་ལྟར་ན་རང་བཞིན་ཡོད་མེད་དང་ཡོད་མེད་བཞི་པོ་དེ་ཕྱེད་ན་ལོག་རྟོག་དཔག་ཏུ་མེད་པ་ལྡོག་པར་འགྱུར་ཞིང་། རང་བཞིན་ཡོད་པ་འགོག་པའི་རིགས་པ་རྣམས་ལ་ཡོད་པ་ཙམ་འགོག་པར་འཁྲུལ་པ་མི་སྐྱེ་བས། དངོས་


JLD013_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སྨྲ་བ་མཁས་པ་རྣམས་ལ་དབུ་མ་པས་ལན་འདེབས་པའི་གཙོ་བོ་ནི་བཞི་པོ་དེའི་སྒོ་ནས་ཡིན་པས་ཅུང་ཟད་བཤད་པ་ཡིན་ནོ། །གཉིས་པ་གནོད་བྱེད་བརྗོད་པ་རྣམས་ཀྱིས་སུན་མི་ཕྱིན་པར་བསྟན་པ་ལ་བཞི། རིགས་པས་དཔྱད་བཟོད་མི་བཟོད་བརྟགས་ནས་བཀག་པས་སུན་འབྱིན་མི་ནུས་པ་དང༌། ཚད་མས་གྲུབ་མ་གྲུབ་བརྟགས་ནས་འགོག་པས་སུན་འབྱིན་མི་ནུས་པ་དང༌། མུ་བཞིའི་སྐྱེ་བ་ཡིན་མིན་བརྟགས་ནས་འགོག་པས་སུན་འབྱིན་མི་ནུས་པ་དང༌། དངོས་པོ་ཡོད་མེད་སོགས་ཀྱི་མུ་བཞི་ཀ་འགོག་པ་གནོད་བྱེད་དུ་མི་རུང་བར་བསྟན་པའོ། །དང་པོ་ནི། གཟུགས་ལ་སོགས་པའི་ཆོས་འདི་དག་དོན་ཡིན་ལུགས་ལ་ཡོད་དམ་མེད་སྐྱེའམ་མི་སྐྱེ་ཞེས་པ་ལ་སོགས་པའི་སྒོ་ནས་ཚུལ་བཞིན་དུ་དཔྱོད་པ་ནི། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པ་དང་མཐར་ཐུག་དཔྱོད་པའི་རིགས་པ་ཞེས་བྱ་བ་ཡིན་ལ། རིགས་པ་དེས་གཟུགས་སོགས་ཀྱི་སྐྱེ་བ་དཔྱད་བཟོད་པར་ནི་ཁོ་བོ་ཅག་མི་འདོད་པས་བདེན་དངོས་སུ་ཐལ་བའི་སྐྱོན་མེད་དོ། །གལ་ཏེ་དེ་དག་རིགས་པས་དཔྱད་མི་བཟོད་ན་རིགས་པས་ཁེགས་པའི་དོན་ཡོད་པར་ཇི་ལྟར་འཐད་སྙམ་ན། འདི་ནི་རིགས་པས་དཔྱད་མི་བཟོད་པ་དང་རིགས་པས་གནོད་པ་གཉིས་གཅིག་ཏུ་འཁྲུལ་པ་སྟེ། དེ་འདྲ་བ་མང་པོ་ཞིག་ན་རེ། དེ་ཉིད་དཔྱོད་པའི་རིགས་པས་འགོག་མོད་འོན་ཀྱང་སྐྱེ་བ་སོགས་ཡོད་དོ་ཞེས་སྨྲ་བ་ནི་བབ་ཅོལ་ཡིན་པས་ཁོ་བོ་ཅག་མི་འདོད་དོ། །རིགས་པས་དཔྱད་བཟོད་མི་བཟོད་ཀྱི་དོན་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པ་དེས་རྙེད་མ་རྙེད་ཡིན་ལ།


JLD013_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བཞི་བརྒྱ་པའི་འགྲེལ་པ་ལས། ཁོ་བོ་ཅག་གི་རྣམ་པར་དཔྱོད་པ་ནི་རང་བཞིན་ཚོལ་བ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པ་ལྟར། གཟུགས་སོགས་ལ་སྐྱེ་འགག་ལ་སོགས་པའི་རང་བཞིན་ཡོད་མེད་འཚོལ་བ་ཡིན་ནོ། །དེ་ལྟ་ན་གཟུགས་ལ་སོགས་པ་ལ་རང་གི་ངོ་བོས་གྲུབ་པའི་སྐྱེ་འགག་ཡོད་མེད་བཙལ་བ་ཡིན་གྱི། རིགས་པ་དེས་སྐྱེ་འགག་ཙམ་ཚོལ་བ་མིན་ནོ། །དེས་ན་རིགས་པ་དེ་ལ་དེ་ཉིད་ལ་དཔྱོད་པ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་དུ་སྐྱེ་འགག་སོགས་གྲུབ་མ་གྲུབ་དཔྱོད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་རིགས་པ་དེས་དཔྱད་པའམ་བཙལ་བ་ན་སྐྱེ་བ་ལ་སོགས་པ་ཅུང་ཟད་ཀྱང་མ་རྙེད་པ་ལ་དཔྱད་མི་བཟོད་པ་ཞེས་ཟེར་ལ་རིགས་པ་དེས་མ་རྙེད་པ་ཙམ་གྱིས་ཁེགས་པ་མིན་གྱི། ཡོད་ན་རིགས་པ་དེས་འགྲུབ་དགོས་པ་ལས་དེས་མ་གྲུབ་ན་ཁེགས་པ་ཡིན་ནོ། །གཟུགས་ལ་སོགས་པའི་སྐྱེ་འགག་རྣམས་ཀྱང་ཐ་སྙད་པའི་ཤེས་པས་འགྲུབ་པ་ཡིན་གྱི། དེ་དག་ཡོད་ཀྱང་རིགས་ཤེས་ཀྱིས་མི་འགྲུབ་པས། དེས་མ་རྙེད་པས་དེ་དག་ཇི་ལྟར་ཁེགས་ཏེ། དཔེར་ན་མིག་གི་ཤེས་པས་སྒྲ་མ་རྙེད་ཀྱང་དེས་མི་ཁེགས་པ་བཞིན་ནོ། །དེས་ན་སྐྱེ་འགག་ལ་སོགས་པ་རང་གི་ངོ་བོས་གྲུབ་པའམ་དེ་ཁོ་ནར་གྲུབ་ན་རིགས་པ་དེས་དེ་རྙེད་དགོས་ཏེ། རིགས་པ་དེས་གཟུགས་སོགས་ལ་རང་གི་ངོ་བོས་གྲུབ་པའི་སྐྱེ་འགག་ཡོད་མེད་ཚུལ་བཞིན་དུ་དཔྱོད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུ་དེས་སྐྱེ་བ་སོགས་མ་རྙེད་པས་རང་གི་ངོ་བོས་གྲུབ་པའམ་དེ་ཁོ་ནར་གྲུབ་པའི་སྐྱེ་འགག་སོགས་འགོག་པ་ཡིན་ཏེ། རང་གི་ངོ་བོས་གྲུབ་ན་དེས་རྙེད་དགོས་པ་ལས་


JLD013_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྙེད་པའི་ཕྱིར་རོ། །དཔེར་ན་ཤར་ཕྱོགས་སུ་བུམ་པ་ཡོད་ན་རྙེད་པར་ངེས་པའི་འཚོལ་མཁན་གྱིས་ཤར་དུ་བུམ་པ་བཙལ་བའི་ཚེ་མ་རྙེད་ན་དེས་ཤར་ན་བུམ་པ་ཡོད་པ་ཁེགས་པ་ཡིན་གྱི། བུམ་པ་ཡོད་པ་ཙམ་དེས་ཇི་ལྟར་ཁེགས། དེ་བཞིན་དུ་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་ཡོད་ན་རྙེད་པར་ངེས་པའི་དབུ་མ་པའི་རིགས་པས་བཙལ་བ་ན་སྐྱེ་བ་མ་རྙེད་པ་དེས་རང་བཞིན་ནམ་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་ཁེགས་པ་ཡིན་གྱི། སྐྱེ་བ་ཙམ་ཇི་ལྟར་ཁེགས། དེ་ལྟར་ཡང་བཞི་བརྒྱ་པའི་འགྲེལ་པ་ལས། དེའི་ཕྱིར་དེ་ལྟར་རིགས་པས་རྣམ་པར་དཔྱད་པ་ན་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ལ་ཡོད་པའི་ངོ་བོ་མེད་པས་རང་གི་ངོ་བོས་གྲུབ་པ་མེད་དོ། །གལ་ཏེ་འདི་རྣམས་རང་གི་ངོ་བོས་འགྲུབ་པར་འགྱུར་ན་ནི། དེའི་ཚེ་འཐད་པས་རྣམ་པར་དཔྱད་པ་ན་ཆེས་གསལ་བར་ཇི་ལྟར་གནས་པའི་རང་གི་ངོ་བོས་ཡོད་པ་ཉིད་དུ་དམིགས་པར་འགྱུར་ན། དམིགས་པའང་མ་ཡིན་ཏེ། དེའི་ཕྱིར་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་གྲུབ་བོ། །ཞེས་གསལ་བར་གསུངས་སོ། །གཟུགས་སྒྲ་ལ་སོགས་པ་ཀུན་རྫོབ་པ་འདི་རྣམས་ཡོད་དུ་ཆུག་ཀྱང་དེ་ཁོ་ན་ལ་དཔྱོད་པའམ་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་གཏན་མི་འགྲུབ་པས་དེ་དག་ལ་རིགས་པའི་བརྟག་པ་མི་འཇུག་གོ་ཞེས་སློབ་དཔོན་འདིས་ཡང་ཡང་གསུངས་ཤིང༌། རིགས་པའི་དཔྱད་པ་བྱས་ནས་རིགས་པ་དེས་མ་རྙེད་པ་ན་ཀུན་རྫོབ་པ་དེ་དག་འཇིག་པ་ལ་ཀུན་རྫོབ་འཇོག་པ་ལ་མི་མཁས་པ་ཞེས་མང་དུ་གསུངས་པ་ཡིན་ནོ། །གལ་ཏེ་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་འདི་དག་དགག་པར་ནུས་ན་གཟུགས་དང་ཚོར་བ་ལ་སོགས་པའི་ཀུན་རྫོབ་


JLD013_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་དག་ལ་རིགས་པའི་བརྟག་པ་ཤིན་ཏུ་གཞུག་དགོས་པ་ཡིན་ན། དེ་འདྲ་བ་ནི་སློབ་དཔོན་འདིའི་གཞུང་ལས་རྣམ་པ་ཐམས་ཅད་དུ་བཀག་པས་ན། རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་མ་རྙེད་པའི་དོན་རིགས་པས་གནོད་པའི་དོན་དུ་འདོད་པ་ནི་དབུ་མའི་ཚུལ་ལས་ཆེས་ཆེར་འཁྱམས་པ་ཡིན་ནོ། །དེ་བཞིན་དུ་འཕགས་པའི་མཉམ་གཞག་གིས་ཀྱང་གཟུགས་སོགས་ཀྱི་སྐྱེ་འགག་མ་གཟིགས་པ་ཡིན་གྱི། དེས་སྐྱེ་འགག་སོགས་མེད་པར་གཟིགས་པ་ག་ལ་ཡིན། རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་ཀྱང་སྐྱེ་བ་ལ་སོགས་པ་མ་རྙེད་པ་ཡིན་གྱི། སྐྱེ་འགག་སོགས་མེད་པར་འཇལ་བ་མིན་ནོ། །དེའི་ཕྱིར་རིགས་པས་དཔྱད་མི་བཟོད་པ་དང་རིགས་པས་གནོད་པ་གཉིས་དང་། འཕགས་པའི་མཉམ་གཞག་གི་ཡེ་ཤེས་ཀྱིས་སྐྱེ་འགག་མ་གཟིགས་པ་དང་མེད་པར་གཟིགས་པ་གཉིས་དང༌། རང་བཞིན་ཡོད་མེད་དཔྱོད་པའི་རིགས་ཤེས་ཀྱིས་སྐྱེ་འགག་མ་རྙེད་པ་དང་སྐྱེ་འགག་མེད་པར་རྙེད་པ་གཉིས་མ་ཕྱེད་པར་གཅིག་ཏུ་བཟུང་བ་འདིས་ད་ལྟ་བ་རྣམས་ལྟ་ཅི་སྨོས་ཏེ། སྔོན་གྱི་མཁས་པ་འགའ་རེ་ལའང་འཁྲུལ་པ་བསྐྱེད་སྣང་བས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཞིབ་ཏུ་དཔྱོད་ལ་དེ་དག་ཕྱེད་པར་གྱིས་ཤིག །དེ་ལྟར་ན་ཁོ་བོ་ནི་དོན་དམ་པའི་ཡུལ་ཅན་གྱི་ཚད་མ་ལས་ཐ་སྙད་པའི་ཤེས་པ་རྣམས་སྟོབས་ཆེ་བ་དང་ཐ་སྙད་པའི་ཤེས་པས་དོན་དམ་པའི་ཡུལ་ཅན་གྱི་ཚད་མ་ལ་གནོད་པར་འདོད་པ་མ་ཡིན་ནོ། །འོན་ཀྱང་དེ་ཁོ་ན་ལ་དཔྱོད་པའི་རིགས་པས་ཐ་སྙད་པའི་གཟུགས་ཚོར་ལ་སོགས་པ་ལ་


JLD013_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་ནས་དེས་མ་རྙེད་པ་ན་རིགས་པ་དེ་དག་གིས་ཁེགས་པར་འདོད་ན་ནི། དེས་ཕར་ལ་མི་ཁེགས་པར་མ་ཟད། དེ་ལྟར་འགོག་མཁན་ལ་འཇིག་རྟེན་གྲགས་པའི་ཚད་མས་གནོད་པ་ཡིན་ཏེ། དབུ་མ་ལ་འཇུག་པ་ལས། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། །ཁྱོད་དང་འཇིག་རྟེན་འདིར་རྩོད་གྱིས་ཤིག་དང༌། །ཕྱི་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ། །ཞེས་གསུངས་ཤིང༌། དེའི་འགྲེལ་པར་ཡང༌། ཁོ་བོ་ཅག་ནི་འཇིག་རྟེན་གྱི་ཀུན་རྫོབ་བཟློག་པར་བྱ་བའི་ཕྱིར་ཤིན་ཏུ་ཚེགས་ཆེ་བར་གནས་པར་གྱུར་གྱིས་ཁྱོད་ཀྱིས་འཇིག་རྟེན་གྱི་ཀུན་རྫོབ་སོལ་ཞིག །གལ་ཏེ་ཁྱོད་ལ་འཇིག་རྟེན་གྱིས་གནོད་པར་མི་འགྱུར་ན་ངས་ཀྱང་ཁྱོད་ལ་སྟོངས་གདབ་པར་བྱའོ། །འཇིག་རྟེན་གྱིས་ནི་གནོད་པའང་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཁོ་བོ་ཅག་ནི་འཇིག་རྟེན་གྱི་ཀུན་རྫོབ་བཟློག་པའི་ཕྱིར་དུ་ཤིན་ཏུ་ཚེགས་ཆེ་བར་གནས་ཞེས་པ་ནི། མིག་གི་ཤེས་པ་ལ་སོགས་པའི་ཡུལ་ཅན་འཁྲུལ་པ་དང་གཟུགས་ལ་སོགས་པའི་ཡུལ་གྱི་འཁྲུལ་སྣང་འདི་སྦྱང་བའི་ཕྱིར་དུ་ལམ་ལ་འབད་པ་ལ་ཟེར་བས་དེ་དག་རིགས་པའི་དགག་བྱར་མི་འདོད་ཀྱི། ལམ་གོམས་པའི་དགག་བྱར་བྱེད་པའོ། །ཁྱོད་ཀྱིས་འཇིག་རྟེན་གྱི་ཀུན་རྫོབ་སོལ་ཞིག་ཅེས་སོགས་ནི། དབུ་མ་པས་གཞན་དབང་རྫས་ཡོད་འགོག་ན་ངས་ཀྱང་ཁྱོད་ཀྱི་ཀུན་རྫོབ་རིགས་པས་དགག་གོ་ཞེས་མགོ་བསྒྲེ་བྱས་པ་ལ་ཁོ་བོས་གཞན་དབང་གི་རང་བཞིན་འགོག་ནུས་པ་ལྟར། ཁྱོད་ཀྱིས་ཀུན་རྫོབ་རིགས་པས་འགོག་ནུས་ན་ཁོ་བོས་ཀྱང་ཁྱོད་ལ་དེའི་


JLD013_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བྱའོ་ཞེས་པ་སྟེ། འདིས་ནི་རིགས་པས་ཁེགས་ན་ཁོ་བོ་འདི་བཟློག་པའི་ཕྱིར་དུ་ལམ་བསྒོམ་པའི་དཀའ་སྤྱད་མི་དགོས་པས་འདོད་པ་ཡིན་ནོ་ཞེས་སྟོན་པས་ན། ཀུན་རྫོབ་པ་རྣམས་རིགས་པས་མི་ཁེགས་པར་བསྟན་ནོ། །མི་ཁེགས་པར་མ་ཟད་བཀག་ན་འཇིག་རྟེན་གྱི་གྲགས་པས་གནོད་དོ་ཞེས་གསུངས་པས་དེ་འདྲ་བའི་རིགས་པ་ལྟར་སྣང་ལ་ནི་ཐ་སྙད་པའི་ཤེས་པས་གནོད་པས་དེ་དག་ལས་སྟོབས་ཆེ་བའང་འདོད་པ་ཡིན་ནོ། །དེས་ན་དངོས་པོར་སྨྲ་བ་རྣམས་ཀྱིས་ཀྱང་རིགས་པའི་དཔྱད་པ་བཅུག་ནས་ཕྱི་རོལ་གྱི་དོན་ལ་སོགས་པའི་ཀུན་རྫོབ་པ་རྣམས་བཀག་པ་ན་རིགས་པ་དེས་མི་རྙེད་པ་ཡིན་གྱི་ཁེགས་པ་ནི་མ་ཡིན་ནོ། །ཁ་ཅིག །གཟུགས་སོགས་ཐ་སྙད་དུ་མི་འགོག་པའི་དོན་གནག་རྫི་ལ་སོགས་པ་འཇིག་རྟེན་པ་རང་དགའ་བའི་ངོར་མི་འགོག་པ་ཡིན་གྱི། དེ་ཉིད་ལ་དཔྱོད་པའི་རིགས་པས་འགོག་པར་སྨྲ་བ་ནི་ཤིན་ཏུ་མི་འཐད་དེ། རྟོག་ལྡན་ལ་དེ་ཉིད་དཔྱོད་པའི་རིགས་པས་འགོག་མི་འགོག་ལ་དོགས་པ་ཡོད་ཀྱི། གྲུབ་མཐས་བློ་མ་བསྒྱུར་བའི་ངོར་མི་འགོག་པ་ལ་དོགས་པ་མེད་པའི་ཕྱིར་དང༌། དེ་ཉིད་དཔྱོད་པའི་རིགས་པས་འགོག་ན་དགག་པ་དེ་ཐ་སྙད་དུ་བྱ་དགོས་པའི་ཕྱིར་རོ། །དེ་ཉིད་དཔྱོད་པའི་རིགས་པས་སྐྱེ་བ་ཐམས་ཅད་མི་འགོག་པ་ནི་སློབ་དཔོན་ཟླ་བ་གྲགས་པས་ཀྱང་གསལ་བར་གསུངས་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། གལ་ཏེ་རྣམ་པར་དཔྱད་པ་འདིས་སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ལས་འདུས་བྱས་སྐྱེ་བ་མེད་པར་


JLD013_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་འདོད་ན་ནི། དེའི་ཚེ་དེ་སྒྱུ་མ་ལྟ་བུ་ཉིད་དུ་མི་འགྱུར་གྱི། མོ་གཤམ་གྱི་བུ་ལ་སོགས་པ་དག་གིས་ཉེ་བར་གཞལ་བར་འགྱུར་བ་ཞིག་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པར་ཐལ་བར་འགྱུར་བའི་འཇིགས་པས་དེ་དག་དང་བསྟུན་པར་མི་བྱེད་ཀྱི། དེ་དང་མི་འགལ་བ་སྒྱུ་མ་ལ་སོགས་པ་དག་དང་ནི་བྱེད་དོ། །ཞེས་གསལ་བར་གསུངས་སོ། །རྣམ་པར་དཔྱོད་པ་འདིས་ཞེས་པ་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པའོ། །སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ཞེས་པ་ནི་དགག་བྱ་ལ་ཁྱད་པར་མ་སྦྱར་བར་སྐྱེ་བ་ཡིན་ཚད་ཐམས་ཅད་བཀག་ཅེས་པའོ། །མོ་གཤམ་ཞེས་སོགས་ཀྱི་དོན་ནི་སྐྱེ་བ་ཐམས་ཅད་བཀག་ན་མོ་གཤམ་གྱི་བུ་དང་རི་བོང་གི་རྭ་ལ་སོགས་པ་བཞིན་དུ། དོན་བྱེད་པ་ཐམས་ཅད་ཀྱིས་སྟོང་པའི་དངོས་མེད་དུ་འགྱུར་ལ། དེ་ལྟ་ན་རྟེན་འབྲེལ་མེད་པའི་སྐྱོན་དུ་འགྱུར་བའི་འཇིགས་པས་དོན་བྱེད་པའི་ནུས་པ་ཐམས་ཅད་དང་བྲལ་བའི་མོ་གཤམ་གྱི་བུ་ལ་སོགས་པའི་སྐྱེ་བ་མེད་པ་དང་མི་འདྲ་ཡི། སྒྱུ་མ་ལ་སོགས་པ་དང་འདྲ་བས་ན་བདེན་པའམ་རང་བཞིན་གྱིས་སྐྱེ་བ་འགོག་ཅེས་པའོ། །ཡང་བཞི་བརྒྱ་པའི་འགྲེལ་པ་ལས། གལ་ཏེ་མིག་ལ་སོགས་པ་རྣམས་མི་སྲིད་ན་དེའི་ཕྱིར་ཇི་ལྟར་མིག་ལ་སོགས་པའི་དབང་པོ་འདི་རྣམས་ལས་ཀྱི་རྣམ་པར་སྨིན་པའི་ངོ་བོར་རྣམ་པར་བཞག་ཅེ་ན། ཅི་ཁོ་བོ་ཅག་གིས་འདི་རྣམས་ཀྱི་རྣམ་པར་སྨིན་པའི་ངོ་བོ་ཉིད་བཀག་གམ། གལ་ཏེ་མིག་ལ་སོགས་པ་རྣམས་འགོག་པར་བསྒྲུབ་པས་དེ་ཇི་ལྟར་མ་བཀག་ཅེ་ན། ཁོ་བོ་ཅག་གི་རྣམ་པར་དཔྱོད་པ་ནི་རང་བཞིན་ཚོལ་བ་ལྷུར་བྱེད་


JLD013_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་ཕྱིར་རོ། །ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི །མིག་ལ་སོགས་པ་བྱས་ཤིང་རྟེན་ཅིང་འབྲེལ་པར་འབྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་གོ །དེའི་ཕྱིར་དེ་ཡོད་པས་གང་ཞིག་རྣམ་པར་སྨིན་པ་ཉིད་དུ་བསྙད་པ་མིག་ལ་སོགས་པ་ཡོད་པ་ཉིད་དོ། །ཞེས་རིགས་པས་འདི་ཙམ་ཞིག་འགོག་ལ། འདི་ཙམ་ཞིག་མི་འགོག་ཅེས་ཤིན་ཏུ་གསལ་བར་གསུངས་པས། འདི་ལྟར་འབྱེད་པ་ནི་སྐབས་གཅིག་ཏུ་གསུངས་ན། མ་གསུངས་པ་ཐམས་ཅད་ལ༌ཡང་འདྲ་བས་ཅི་ནས་ཀྱང་སྦྱར་དགོས་སོ། །དེས་ན་རང་གི་ངོས་ནས་བཙལ་བ་ཡུལ་སྟེང་དུ་ཡོད་པའི་རང་གི་ངོ་བོས་ཡོད་པ་རིགས་པས་འགོག་ལ། ཡོད་པ་ཙམ་མི་འགོག་པ་ནི་རིགས་པ་རྣམས་རང་བཞིན་ཚོལ་བ་ལྷུར་བྱེད་པར་གསུངས་པས། རིགས་པ་ནི་རང་བཞིན་ཡོད་མེད་འཚོལ་བ་ཡིན་པས་དེས་བཀག་པའང་རང་བཞིན་བཀག་ཅེས་པའི་དོན་ཡིན་པས་འདི་གཉིས་ཕྱེད་པར་བྱའོ། །དེ་འདྲ་བའི་ལས་འབྲས་རྣམས་མི་འགོག་པར་མ་ཟད་དབུ་མ་པས་དེ་ཁས་བླང་དགོས་པར་གསུངས་ཏེ། ལུང་དེའི་འཕྲོས་ཉིད་ནས། དེའི་ཕྱིར་མཁས་པས་འཇིག་རྟེན་པའི་དོན་ལ་ཇི་སྐད་བཤད་པའི་རྣམ་པར་དཔྱད་པ་དེ་ཁོ་ན་ཉིད་མཐོང་བ་དང་རྗེས་སུ་མཐུན་པ་མ་བཅུག་པར་ལས་རྣམས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཁས་བླངས་ཏེ། སྤྲུལ་པ་ལས་སྤྲུལ་པ་འབྱུང་བའི་ཚུལ་དུ་འཇིག་རྟེན་པ་ཐམས་ཅད་ཁས་བླང་བར་བྱའོ། །


JLD013_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །དེ་ལྟར་ན་རང་གིས་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་བྱས་པའི་དོན་དམ་གཏན་ལ་འབེབས་པའི་རིགས་པས་ཀུན་རྫོབ་པའི་རྣམ་པར་བཞག་པ་ལ་གནོད་ན་ནི། བདེན་པ་གཉིས་རྣམ་པར་འཇོག་པའི་རྣམ་གཞག་ལ་ནང་འགལ་བྱུང་བ་ཡིན་པས། བདེན་པ་གཉིས་རྣམ་པར་འཇོག་པ་ལ་ཕུལ་དུ་བྱུང་བའི་མཁས་པར་ཇི་ལྟར་རུང༌། རྣམ་གཞག་དེ་གཉིས་ལ་ནང་འགལ་ཅུང་ཟད་ཀྱང་མེད་ན་ནི་དོན་དམ་གཏན་ལ་འབེབས་པའི་རིགས་པས་ཀུན་རྫོབ་པའི་རྣམ་པར་བཞག་པ་སུན་འབྱིན་པ་འགལ་བ་ཡིན་ནོ། །ཚིག་གསལ་ལས་ཀྱང༌། ཁྱོད་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་ལ་མི་མཁས་པས་ལ་ལར་འཐད་པ་བཅུག་ནས་རིགས་པ་མ་ཡིན་པ་ལས་དེ་རྣམ་པར་འཇིག་པར་བྱེད་པ་ཡིན་ནོ། །ཁོ་བོ་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་ལ་མཁས་པའི་ཕྱིར་འཇིག་རྟེན་པའི་ཕྱོགས་ཉིད་ལ་གནས་ཏེ། ཀུན་རྫོབ་ཀྱི་ཕྱོགས་གཅིག་བསལ་བའི་ཕྱིར་བཀོད་པའི་འཐད་པ་གཞན་འཐད་པ་གཞན་གྱིས་ཟློག་པར་བྱེད་ཅིང་། འཇིག་རྟེན་པའི་རྒན་རབས་ལྟར་འཇིག་རྟེན་པའི་ཆོས་ལུགས་ལས་ཉམས་པ་ཁྱོད་ཁོ་ན་ཟློག་པར་བྱེད་པ་ཡིན་གྱི། ཀུན་རྫོབ་ནི་མ་ཡིན་ནོ། །ཞེས་ཀུན་རྫོབ་ལས་ཉམས་པའི་གྲུབ་མཐའ་སྨྲ་བ་ཁོ་ན་འགོག་གི །ཀུན་རྫོབ་མི་འགོག་གོ་ཞེས་གསུངས་ཤིང༌། དེ་ཉིད་ལ་དཔྱོད་པའི་རིགས་པའི་དཔྱད་པ་བཅུག་ནས་ཀུན་རྫོབ་པ་རྣམས་འཇིག་པ་ལ་བདེན་གཉིས་འཇོག་པ་ལ་མི་མཁས་པར་གསུངས་པས། ཀུན་རྫོབ་པའི་གཟུགས་སོགས་རིགས་པས་


JLD013_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་ནི་སློབ་དཔོན་འདིའི་དགོངས་པ་གཏན་མ་ཡིན་ནོ། །མདོར་ན་དབུ་མ་པར་མ་ཟད་རང་སྡེ་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་བྱེད་པའི་འཕགས་ཡུལ་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ལུགས་ལ། གང་ཟག་གཞན་གྱིས་ཁོའི་བདེན་གཉིས་ཀྱི་རྣམ་གཞག་ལ་འགལ་འདུ་བསྒྲིགས་པ་ཡོད་མོད་ཀྱང༌། ཁོ་རང་གིས་རྣམ་གཞག་བྱས་པའི་བདེན་པ་གཉིས་ཀྱི་དོན་དམ་པའི་ཕྱོགས་ཀྱི་རིགས་པས་ཀུན་རྫོབ་པའི་དོན་རྣམས་སུན་འབྱིན་པར་འདོད་པ་ནི་གཅིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཁོ་བོ་ཅག་སྨྲའོ། །གཉིས་པ་ཚད་མས་གྲུབ་མ་གྲུབ་བརྟགས་ནས་འགོག་པས་སུན་འབྱིན་མི་ནུས་པ་ནི། གཟུགས་ལ་སོགས་པ་ཁས་ལེན་པ་ནི་ཚད་མས་མ་གྲུབ་པར་མི་འདོད་ཀྱི། ཚད་མས་གྲུབ་པ་ཡིན་ནོ། །འོ་ན། རྣམ་ཀུན་འཇིག་རྟེན་ཚད་མིན། ཞེས་གསུངས་པ་ཇི་ལྟར་འཐད་སྙམ་ན། འདིས་ནི་འཇིག་རྟེན་པའི་མིག་ལ་སོགས་པའི་ཤེས་པ་རྣམས་དེ་ཁོ་ན་ཉིད་ལ་ཚད་མ་ཡིན་པ་བཀག་གི་ཡུལ་ཐམས་ཅད་ལ་ཚད་མ་ཡིན་པ་བཀག་པ་མིན་ནོ། །དེ་ལྟར་ཡང༌འཇུག་འགྲེལ་ལས། དེ་ལྟར་ན་དེ་ཁོ་ན་ཉིད་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི། འཕགས་པ་མ་ཡིན་པ་དག་ནི་མ་ཡིན་ནོ། །ཅི་སྟེ་འཇིག་རྟེན་གྱི་གནོད་པ་བརྗོད་པར་འདོད་པས་དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་ལ་འཇིག་རྟེན་གྱི་མཐོང་བའང་ཚད་མར་ཁས་ལེན་ན་དེ་ལྟ་ཡིན་དང༌། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་


JLD013_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །ཞེས་གསུངས་ལ། དེའི་ཕྱི་འགྲེལ་དུ། མིག་ལ་སོགས་པ་དག་ཁོ་ནས་དེ་ཁོ་ན་ཉིད་ངེས་པའི་ཕྱིར་འཕགས་པའི་ལམ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཚུལ་ཁྲིམས་དང་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པ་ལ་བསྒྲིམ་པ་འབྲས་བུ་དང་བཅས་པ་མ་ཡིན་པར་འགྱུར་བ་ཞིག་ན་དེ་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་གསུངས་པས་སོ། །རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས་ཀྱང༌། དེ་རྣམས་ཀྱི་ཡོད་པ་ཉིད་དུ་ལྟ་བ་ནི་དེ་ཉིད་མཐོང་བ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་སོགས་དྲངས་པས་ན། ཡུལ་ཁྱད་པར་ཅན་དེ་ཁོ་ན་ཉིད་ལ་ཚད་མ་ཡིན་པ་བཀག་གི་ཡུལ་གཞན་ལ་མ་ཡིན་པ་ཆེས་ཤིན་ཏུ་གསལ་བར་སྣང་ངོ་། །དེ་ལྟར་མ་བྱས་ན་འབྲེལ་མེད་དུའང་འགྱུར་ཏེ། མིག་ལ་སོགས་པའི་ཤེས་པ་འདི་དག་ཐ་སྙད་པའི་དོན་གཟུགས་སྒྲ་སོགས་ལ་ཚད་མ་ཡིན་ན་དེ་ཁོ་ན་ཉིད་བལྟ་བའི་ཕྱིར་དུ་འཕགས་ལམ་བཙལ་མི་དགོས་པར་ཐལ་ལོ་ཞེས་སྨྲ་ན་ནི། མིག་གི་ཤེས་པས་གཟུགས་ཤེས་ན་སྒྲ་ཉན་པ་ལ་རྣ་བ་དོན་མེད་དུ་ཐལ་ཞེས་པ་དང་འདྲ་ལ། གཟུགས་སྒྲ་སོགས་བལྟ་བའི་ཕྱིར་དུ་འཕགས་ལམ་འཚོལ་བ་དོན་མེད་དུ་ཐལ་ཟེར་ན་ནི་ཤིན་ཏུ་འདོད་པས་དེས། མི་འདོད་པ་ཅི་ཞིག་བསྒྲུབ། འོ་ན་བཞི་བརྒྱ་པའི་འགྲེལ་པ་ལས། གང་ཡང་འདིས་དབང་


JLD013_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་པར་ཤེས་པ་འདི་མངོན་སུམ་ཉིད་དུ་སྒྲོ་བཏགས་ནས་གཞན་ཚད་མ་ཉིད་དུ་རྟོགས་པར་བྱེད་པ་དེ་ཡང་ཆེས་ཤིན་ཏུ་མ་འབྲེལ་བ་ཞིག་གོ །མི་བསླུ་བའི་ཤེས་པ་ནི་འཇིག་རྟེན་ན་ཚད་མ་ཉིད་དུ་མཐོང་ན་རྣམ་པར་ཤེས་པའང་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཡིན་པའི་ཕྱིར་བརྫུན་པ་བསླུ་བའི་ཆོས་ཅན་དང་སྒྱུ་མ་ལྟ་བུར་གསུངས་སོ། །གང་ཞིག་བརྫུན་པ་བསླུ་བའི་ཆོས་ཅན་དང་སྒྱུ་མ་ལྟ་བུ་ཡིན་པ་དེ་ནི་མི་བསླུ་བ་མ་ཡིན་ཏེ། རྣམ་པ་གཞན་དུ་གནས་པའི་དངོས་པོ་ལ་རྣམ་པ་གཞན་དུ་སྣང་བའི་ཕྱིར་རོ། །དེ་ལྟར་གྱུར་པ་ནི་ཚད་མ་ཉིད་དུ་བརྟག་པར་རིགས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་ཚད་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་མིག་ལ་སོགས་པའི་ཤེས་པ་རྣམས་ཚད་མ་ཡིན་པ་སྤྱིར་བཀག༌པ་ཇི་ལྟར་དྲང་སྙམ་ན། འདི་ནི། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་སོགས་དང་མི་འདྲ་བར་དོགས་པའི་གནས་ཤིན་ཏུ་ཆེ་བས་ཞིབ་ཏུ་བཤད་པར་བྱའོ། །དེ་ལྟར་མིག་གི་ཤེས་པ་ལ་སོགས་པ་རྣམས་མངོན་སུམ་ཡིན་པ་དང་ཚད་མ་ཡིན་པ་བཀག་པ་ནི་རྟོག་གེ་པའི་འདོད་པ་བཀག་པ་ཡིན་པས། ཐོག་མར་དེའི་འདོད་ལུགས་བརྗོད་ན། བཞི་བརྒྱ་པའི་འགྲེལ་པ་ལས། རྟོག་གེ་པ་འདི་ནི་འཇིག་རྟེན་པའི་དོན་ལ་གཏན་མ་བྱང་བའི་ཕྱིར་བྱིས་པ་གཞོན་ནུ་ལྟར་ཇེ་དང་པོ་ཁོ་ན་ནས་སྦྱང་བར་བྱ་བར་འགྱུར་བ་ཡིན་པས་དེ་བསྟན་པར་བྱ་བའི་ཕྱིར་ཁྱོད་ཀྱི་མངོན་སུམ་གང་ཞིག་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱའོ། །སྨྲས་


JLD013_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཤེས་པ་མངོན་སུམ་ཡིན་ནོ། །ཤེས་པ་ཇི་འདྲ་བ་ཞིག །གང་རྟོག་པ་དང་བྲལ་བའོ། །རྟོག་པའང་ཅི་ཞིག །གང་དོན་ལ་མིང་དང་རིགས་སུ་ལྷག་པར་སྒྲོ་འདོགས་པར་ཞུགས་པའི་འདུ་ཤེས་གཡེར་པོ་སྟེ་དེ་དང་བྲལ་བའི་ཕྱིར་དབང་པོའི་རྣམ་པར་ཤེས་པ་ལྔ་ནི་ཡུལ་གྱི་རང་གི་མཚན་ཉིད་བརྗོད་དུ་མེད་པ་ཙམ་ཞིག་ལ་འཇུག་པའི་ཕྱིར་མངོན་སུམ་གྱི་སྒྲས་བརྗོད་པར་བྱ་སྟེ། ཞེས་གསུངས་པ་ལྟར། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཤེས་པ་ནི་མངོན་སུམ་ཉིད་དུ་འདོད་དོ། །དེ་ལ་མ་འཁྲུལ་བ་ནི་ཡུལ་གྱི་རང་གི་མཚན་ཉིད་ཇི་ལྟར་གནས་པ་ལྟར་འཛིན་པར་བྱེད་པས་དབང་པོའི་ཤེས་པའི་མངོན་སུམ་ལྔ་ཀས་རང་མཚན་འཇལ་བས་ན་གཟུགས་སྒྲ་ལ་སོགས་པའི་རང་གི་མཚན་ཉིད་ནི་མངོན་སུམ་ལྔ་པོ་དེ་དག་གི་གཞལ་བྱ་ཡིན་པས། དེ་དག་ཚད་མར་འགྲོ་ས་ཡང་ཡུལ་ལྔ་པོ་དེའི་རང་གི་མཚན་ཉིད་ཡིན་པར་འདོད་དོ། །སློབ་དཔོན་འདི་ནི་འཆད་པར་འགྱུར་བ་ལྟར་རང་གི་ངོ་བོས་གྲུབ་པའམ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་ཐ་སྙད་དུའང་མི་བཞེད་པས་དབང་པོའི་ཤེས་པ་དེ་རྣམས་རང་མཚན་ལ་ཚད་མར་ག་ལ་བཞེད། དེས་ན་འདིར་དེ་དག་ཚད་མ་ཡིན་པ་བཀག་པ་ནི་དེ་རྣམས་ཡུལ་ལྔའི་རང་གི་མཚན་ཉིད་ལ་ཚད་མར་འདོད་པ་འགོག་པ་ཡིན་ལ། འགོག་ཚུལ་ནི། བཅོམ་ལྡན་འདས་ཀྱིས་རྣམ་ཤེས་རྣམས་བརྫུན་པ་བསླུ་བར་གསུངས་པ་དེས་འགེགས་སོ། །དེ་ཡང་བསླུ་བར་གསུངས་པས་མི་བསླུ་བ་བཀག་ནས་ཚད་མ་ཡིན་པ་འགོག་སྟེ། མི་བསླུ་བ་ནི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འོ་ན་བསླུ་ལུགས་གང་ཡིན་


JLD013_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ན། རྣམ་པ་གཞན་དུ་གནས་པའི་དངོས་པོ་ལ་རྣམ་པ་གཞན་དུ་སྣང་བ། ཞེས་གསུངས་པ་འདི་ཡིན་ཏེ། དབང་ཤེས་རྣམས་ལ་གཟུགས་སྒྲ་སོགས་ཡུལ་ལྔ་པོ་དེ་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་རང་གི་མཚན་ཉིད་དུ་སྣང་བས་ན་དེ་དག་རང་གི་མཚན་ཉིད་ལ་ཚད་མ་མ་ཡིན་ནོ་ཞེས་པ་སྟེ། མདོར་ན་དབང་པོའི་ཤེས་པ་དེ་དག་ཡུལ་ལྔའི་རང་མཚན་ལ་ཚད་མ་མ་ཡིན་ཏེ། ཡུལ་ལྔའི་རང་མཚན་སྣང་བ་ལ་ལྟོས་ཏེ་བསླུ་བའི་ཕྱིར་ཏེ། ཡུལ་ལྔ་རང་གི་མཚན་ཉིད་ཀྱིས་སྟོང་བཞིན་དུ་རང་མཚན་དུ་སྣང་བའི་ཕྱིར། དཔེར་ན་ཟླ་གཉིས་སྣང་བའི་ཤེས་པ་བཞིན་སྙམ་དུ་དགོངས་པའོ། །འདི་ལ་དངོས་པོར་སྨྲ་བས་ནི་གཟུགས་སྒྲ་སོགས་ལ་རང་གི་མཚན་ཉིད་དུ་གྲུབ་པའི་རང་བཞིན་མེད་ན་དེ་དག་དོན་བྱེད་པའི་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་དངོས་མེད་དུ་འདོད་པས། ཡུལ་ལྔའི་རང་མཚན་ལ་མངོན་སུམ་ཚད་མར་མ་སོང་ན་ཡུལ་ལྔ་ལ་ཚད་མར་འགྲོ་ས་མེད་ལ། ཡུལ་ལྔ་ལ་ཚད་མར་སོང་ནའང་དེའི་རང་གི་མཚན་ཉིད་ལ་ཚད་མར་འགྲོ་བར་འདོད་དོ། །སློབ་དཔོན་འདི་ནི་རང་གི་མཚན་ཉིད་དམ་ངོ་བོས་གྲུབ་ན་བདེན་པར་འགྱུར་བས་ཡུལ་བདེན་པར་གྲུབ་པ་རྣམ་པར་འཇོག་པའི་ཚད་མ་ལ་རང་མཚན་ལ་ཚད་མར་སོང་བ་དགོས་ཀྱང་། ཡུལ་ནི་བརྫུན་པ་ཡིན་པས་དེ་རྣམ་པར་འཇོག་པའི་ཚད་མ་ལ་རང་གི་མཚན་ཉིད་ལ་ཚད་མར་སོང་བ་མི་དགོས་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། འཇིག་རྟེན་པའི་མཐོང་བས་དེ་ཁོ་ན་ཉིད་མཐོང་བ་བསལ་བ་རིགས་པའང་མ་ཡིན་ཏེ། དེ་ནི་འཇིག་རྟེན་ཁོ་ན་ལས་ཚད་མ་ཉིད་ཡིན་པའི་ཕྱིར་


JLD013_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེས་དམིགས་པའི་དོན་ཡང་བརྫུན་པ་བསླུ་བའི་ཆོས་ཅན་ཉིད་དུ་བསྒྲུབ་པའི་ཕྱིར་རོ། །ཞེས་སོ། །དེའི་ཕྱིར་རང་མཚན་ལ་ཚད་མ་ཡིན་པ་བཀག་པས་ཚད་མ་ཙམ་ཁེགས་མི་དགོས་པས་ན་ཐ་སྙད་པའི་ཤེས་པ་རྣམས་ལ་ཚད་མ་སྤྱིར་འགོག་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་མི་བསླུ་བའི་ཤེས་པ་ནི་འཇིག་རྟེན་ན་ཚད་མ་ཉིད་དུ་མཐོང་ན་ཞེས་གསུངས་པ་མི་རིགས་ཏེ། ཐ་སྙད་པའི་ཤེས་པ་གང་ཡིན་ཐམས་ཅད་ལ་ཚད་མ་ཁེགས་པའི་ཕྱིར་དང༌། ཚིག་གསལ་ལས་ཀྱང༌། དེའི་ཕྱིར་དེ་ལྟར་ཚད་མ་བཞི་ལས་འཇིག་རྟེན་གྱིས་དོན་རྟོགས་པར་རྣམ་པར་འཇོག་པ་ཡིན་ནོ། །ཞེས་མངོན་སུམ་དང་རྗེས་དཔག་དང་ལུང་དང་ཉེར་འཇལ་གྱི་ཚད་མའི་རྣམ་གཞག་མཛད་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །ཚད་མ་དང་གཞལ་བྱ་ངོ་བོ་ཉིད་ཀྱིས་གྲུབ་པ་བཀག་གི །ཚད་མ་དང་གཞལ་བྱ་ལྟོས་ནས་བཞག་པའི་རྟེན་འབྲེལ་མི་འགོག་སྟེ། དེ་ཉིད་ལས། དེ་དག་ཀྱང་ཕན་ཚུན་ལྟོས་པས་འགྲུབ་པར་འགྱུར་ཏེ། ཚད་མ་དག་ཡོད་ན་གཞལ་བྱའི་དོན་དག་ཏུ་འགྱུར་ལ། གཞལ་བྱའི་དོན་དག་ཡོད་ན་ཚད་མ་དག་ཏུ་འགྱུར་གྱི། ཚད་མ་དང་གཞལ་བྱ་གཉིས་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་རབ་རིབ་ལ་སོགས་པའི་ཕྱི་ནང་གི་འཁྲུལ་རྒྱུས་བསླད་པའི་གནོད་པ་མེད་ན། མ་རིག་པས་བསླད་པའི་དབང་གིས་དབང་ཤེས་ལ་སོགས་པ་རྣམས་རང་བཞིན་མེད་བཞིན་རང་བཞིན་ཡོད་པའི་ཡུལ་འཛིན་པར་སྣང་བའི་འཁྲུལ་པས་ནི་ཐ་སྙད་པའི་ཕྱིན་ཅི་མ་ལོག་པ་ལ་མི་གནོད་དོ། །འཇུག་པ་ལས་ཀྱང༌། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་


JLD013_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་ཐ་སྙད་པའི་ཤེས་པ་དང་ཡུལ་ལ་ཐ་སྙད་པའི་ཤེས་པ་ཉིད་ལ་ལྟོས་ཏེ་ཕྱིན་ཅི་ལོག་མ་ལོག་གཉིས་གཉིས་སུ་བཞག་གོ །དབང་པོ་ལ་གནོད་པའི་རྒྱུ་ནང་ན་ཡོད་པ་ནི། འཇུག་འགྲེལ་ལས། དེ་ལ་རབ་རིབ་དང་མིག་སེར་ལ་སོགས་པ་དང་དཱ་དྷུ་ར་ཟོས་པ་ལ་སོགས་པ་རྣམས་ནི་དབང་པོ་ལ་གནོད་པའི་རྐྱེན་ནང་ན་ཡོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཕྱི་རོལ་ན་ཡོད་པ་ནི། དེ་ཉིད་ལས། ཏིལ་མར་དང་ཆུ་དང་མེ་ལོང་དང་ཕུག་ལ་སོགས་པ་ནས་བརྗོད་པའི་སྒྲ་ལ་སོགས་པ་རྣམས་དང་ཉི་མའི་འོད་ཟེར་ཡུལ་དང་དུས་ཁྱད་པར་ཅན་ཉེ་བར་གྱུར་པ་ལ་སོགས་པ་རྣམས་ནི། དབང་པོ་ལ་གནོད་པར་བྱེད་པའི་རྐྱེན་ཕྱི་རོལ་ན་ཡོད་པ་ཡིན་ཏེ། དེ་དག་ནི་དབང་པོ་ལ་གནོད་པར་བྱེད་པ་ནང་ན་ཡོད་པ་དག་མེད་པར་གཟུགས་བརྙན་དང་བྲག་ཆ་དང་སྨིག་རྒྱུ་ལ་ཆུ་ལ་སོགས་པར་འཛིན་པའི་རྒྱུར་འགྱུར་རོ། །དེ་བཞིན་དུ་མིག་འཕྲུལ་མཁན་ལ་སོགས་པས་རབ་ཏུ་སྦྱར་བའི་སྔགས་དང་སྨན་ལ་སོགས་པ་དག་ཀྱང་ཤེས་པར་བྱའོ། །ཡིད་ཀྱི་གནོད་པར་བྱེད་པ་ནི་དེ་དག་དང༌། ཡང་དག་པ་མ་ཡིན་པར་བྱས་པའི་གྲུབ་པའི་མཐའ་ལ་སོགས་པ་དག་དང་རྗེས་སུ་དཔག་པ་ལྟར་སྣང་བ་དག་སྟེ། ཞེས་གྲུབ་མཐའ་ངན་པ་དང་


JLD013_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་ལྟར་སྣང་རྣམས་ཡིད་ཀྱི་ཤེས་པ་སློད་པའི་རྒྱུར་གསུངས་ཏེ། རྨི་ལམ་ལ་སོགས་པའི་ཡིད་སློད་པའི་རྒྱུ་གཉིད་ལ་སོགས་པའང་ཡིན་ནོ། །དེས་ན་མ་རིག་པའི་འཛིན་སྟངས་ཀྱི་ཡུལ་ནི་འོག་ནས་འཆད་པ་ལྟར་ཐ་སྙད་དུའང་མེད་མོད་ཀྱང་མ་རིག་པས་བསླད་པའི་གནོད་པ་ནི་འདིར་གནོད་པའི་རྒྱུར་མི་བཟུང་ངོ་། །གལ་ཏེ་དབང་པོའི་ཤེས་པ་ལྔ་པོ་འཁྲུལ་རྒྱུ་གཞན་གྱི་གནོད་པ་མེད་པ་འདི་དག་ཐ་སྙད་དུ་མ་འཁྲུལ་ན་འདི་དག་ལ་སྣང་བའི་རང་གི་མཚན་ཉིད་ཐ་སྙད་དུ་ཡོད་དགོས་ལ། དེ་ཡང་སློབ་དཔོན་འདི་བཞེད་པ་མ་ཡིན་ནོ། །དེས་ན་འཁྲུལ་པར་འདོད་དགོས་ལ་དེ་ལྟ་ན་ཤེས་པ་དེ་དག་གཟུགས་སྒྲ་སོགས་ཐ་སྙད་དུ་རྣམ་པར་འཇོག་པའི་ཚད་མར་མི་འཐད་དེ། ཐ་སྙད་དུ་གཟུགས་སོགས་ལ་འཁྲུལ་བའི་ཕྱིར་རོ་ཞེ་ན། བརྗོད་པར་བྱ་སྟེ། འདི་ལ་སློབ་དཔོན་ལེགས་ལྡན་འབྱེད་ནི། གཟུགས་སོགས་ལ་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཡོད་པར་བཞེད་པ་ཡིན་ཏེ། སེམས་ཙམ་པས་ཀུན་བརྟགས་ལ་རང་གི་མཚན་ཉིད་དུ་གྲུབ་པའི་ངོ་བོ་མེད་པས་མཚན་ཉིད་ངོ་བོ་ཉིད་མེད་པར་འདོད་པ་འགོག་པ་ན། ཀུན་བརྟགས་ལ་འདོགས་བྱེད་དང་བཏགས་པ་གཉིས་ཀྱི་བརྟག་པ་བྱས་ནས་ངོ་བོ་དང་ཁྱད་པར་དུ་འདོགས་པའི་སྒྲ་དང་བློ་ལ་ཐ་སྙད་དུ་རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པར་འདོད་ན། གཞན་དབང་གི་དངོས་པོ་ལ་སྐུར་པ་བཏབ་པར་འགྱུར་རོ། །ཞེས་བཀག་པས་ན་གཞན་དབང་ལ་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་བཞེད་པར་གསལ་ལོ། །དེ་ལྟར་ཡང་རབ་བྱེད་ཉེར་ལྔ་པའི་ཤེས་རབ་སྒྲོན་མེ་ལས།


JLD013_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གལ་ཏེ་གཟུགས་ཞེས་བྱ་བར་ཡིད་ལ་བརྗོད་པ་དང་ཚིག་ཏུ་བརྗོད་པའི་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་མེད་དོ་ཞེ་ན་ནི། དངོས་པོ་ལ་སྐུར་པ་འདེབས་པ་ཡིན་ཏེ། ཡིད་ལ་བརྗོད་པ་དང་ཚིག་ཏུ་བརྗོད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །ཞེས་གསུངས་ཤིང༌། དེའི་འགྲེལ་བཤད་དུ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས། འདིས་ནི་རྣལ་འབྱོར་སྤྱོད་པ་པ་དག་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེས་ཟེར་བ་དེ། གལ་ཏེ་གཟུགས་ཞེས་བྱ་བར་ངོ་བོ་ཉིད་དང་ཁྱད་པར་དུ་ཡིད་ལ་བརྗོད་པ་རྣམ་པར་རྟོག་པ་དང་ཚིག་ཏུ་བརྗོད་པ་ཐ་སྙད་འདོགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེ་ན་ནི། ཀུན་རྫོབ་ཏུ་གཞན་གྱི་དབང་གི་དངོས་པོ་ལ་སྐུར་པ་འདེབས་པ་ཡིན་པས་མི་རུང་བར་སྟོན་ཏེ། ཞེས་སྒྲ་དང་བློས་བསྡུས་པའི་གཞན་དབང་ལ་ཐ་སྙད་དུ་མཚན་ཉིད་ངོ་བོ་ཉིད་མེད་དོ་ཞེས་འདོད་ན་སྐུར་འདེབས་སུ་གསུངས་པའི་ཕྱིར་རོ། །དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པའི་མཚན་ཉིད་ནི་རང་གི་མཚན་ཉིད་དམ་རང་བཞིན་ཡིན་ལ། སེམས་ཙམ་པས་དེ་མེད་པ་དེ་ཀུན་བརྟགས་ལ་འདོད་ཀྱི། གཞན་དབང་ལ་མཚན་ཉིད་དེ་ཡོད་པས་རང་བཞིན་ཡོད་ལ། འོན་ཀྱང་གཞན་ལས་སྐྱེ་བས་རང་ལས་སྐྱེ་བའི་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པ་ཞེས་བྱའོ་ཞེས་འདོད་པ་ཡིན་ནོ། །མདོ་དགོངས་འགྲེལ་ལས་ཀྱང་དེ་བཞིན་དུ་བཤད་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དགོངས་པ་ཅན་དུ་གསུངས་པ་ལ། སློབ་དཔོན་ཀ་མ་ལ་ཤཱི་ལས་ནི་མདོ་དེས་ངོ་བོ་ཉིད་མེད་


JLD013_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་གྱི་དགོངས་པ་བསྟན་པས་དབུ་མའི་ལམ་མཐའ་གཉིས་དང་བྲལ་བ་རབ་ཏུ་བསྟན་པའི་ཕྱིར་ངེས་པའི་དོན་ཁོ་ན་གཞུང་འཛུགས་པར་མཛད་པ་ཡིན་ནོ། །ཞེས་གཞན་དབང་ལ་དོན་དམ་པར་ངོ་བོ་ཉིད་སྒྲོ་བཏགས་པ་ཀུན་བརྟགས་ཡིན་པས་དེ་མེད་པ་དང་ཐ་སྙད་དུ་གཞན་དབང་ལ་རང་གི་མཚན་ཉིད་ཡོད་པས་དེས་སྐུར་འདེབས་སེལ་བས་དབུ་མའི་དོན་བསྟན་པར་བཞེད་དེ། སློབ་དཔོན་འདི་ཡང་ཐ་སྙད་དུ་རང་གི་མཚན་ཉིད་ཡོད་པར་བཞེད་པའོ། །འཇུག་འགྲེལ་དུ་ནི། དཔེར་ན། སྦྲུལ་དེ་ཐག་པ་ལ་ཀུན་བརྟགས་ཡིན་ལ་སྦྲུལ་དངོས་ལ་ཡོངས་གྲུབ་ཏུ་འགྲོ་བ་དང་འདྲ་བར། རང་བཞིན་ཡང་རྟེན་འབྲེལ་བྱས་པ་ཅན་གྱི་གཞན་དབང་ལ་ཀུན་བརྟགས་ཡིན་ལ་སངས་རྒྱས་ཀྱི་ཡུལ་དུ་ནི་ཡོངས་གྲུབ་ཏུ་འཇོག་པའི་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་ཤེས་པར་བྱས་ནས་མདོའི་དགོངས་པ་བཤད་པར་བྱའོ་ཞེས། མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང༌། །ཞེས་པའི་འགྲེལ་པར་གསུངས་པས། མདོ་དགོངས་འགྲེལ་གྱི་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་དྲང་དོན་དུ་བཞེད་པར་གསལ་ལ། རང་ལུགས་ཀྱི་ཀུན་བརྟགས་ནི་གཞན་དབང་ལ་རང་བཞིན་ཡོད་པ་ལ་མཛད་པས། གཞན་དབང་ལ་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་མི་བཞེད་པ་ཡིན་ནོ། །སེམས་ཙམ་པ་རྣམས་ཀྱིས་ཀུན་བརྟགས་མ་གཏོགས་པ་གཞན་དབང་དང་ཡོངས་གྲུབ་གཉིས་མཚན་ཉིད་ངོ་བོ་ཉིད་མེད་པར་མི་འདོད་པས། དེ་གཉིས་ལ་རང་གི་ངོ་བོས་གྲུབ་པའི་མཚན་ཉིད་དམ་རང་བཞིན་འདོད་པ་ནི་མདོ་དགོངས་འགྲེལ་ལ་གཙོ་བོར་བརྟེན་པར་སྣང་ལ། དེའི་ཕྱིར་དེ་གཉིས་

ཤོག་ལྷེབ་ ༨༠༡ ནས་ ༩༠༠ བར།


JLD013_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པར་གྲུབ་པར་འདོད་པ་ལ། སློབ་དཔོན་སངས་རྒྱས་བསྐྱངས་དང་སློབ་དཔོན་ཟླ་བ་གྲགས་པ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཡོད་ན་བདེན་པར་གྲུབ་པར་བཞེད་ལ། སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པས་ནི་དེ་ཙམ་གྱིས་དོན་དམ་པར་གྲུབ་པར་མི་འགྱུར་བར་བཞེད་པ་ཡིན་ནོ། །གཞན་ཡང་སེམས་ཙམ་པས་རྡུལ་ཕྲ་རབ་རེ་རེ་བ་དབང་ཤེས་ཀྱི་ཡུལ་མ་ཡིན་ཏེ། མི་སྣང་བའི་ཕྱིར་ཞེས་པ་དང༌། དུ་མ་འདུས་པའང་དེའི་ཡུལ་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར། ཟླ་བ་གཉིས་སུ་སྣང་བ་བཞིན་ནོ་ཞེས་སྨྲས་པའི་ལན་དུ། རྟོག་གེ་འབར་བ་ལས། མ་བསགས་པའི་ཕྲ་རབ་འབའ་ཞིག་པ་དབང་པོའི་ཡུལ་མིན་པར་བསྒྲུབ་ན་གྲུབ་པ་ལ་བསྒྲུབ་པ་ཡིན། ཞེས་གསུངས་ནས། ཕྱི་མའི་ལན་དུ་ཡང་གལ་ཏེ་རིགས་གཅིག་པའི་རྡུལ་ཕྲ་རབ་འདུས་པ་ཕྱོགས་སུ་བྱས་ནས་དེ་ནི་རྒྱུ་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་སྨྲ་བར་བྱེད་ན་ནི། གཏན་ཚིགས་གཞན་ལ་མ་གྲུབ་པ་ཉིད་ཡིན་ཏེ། གང་འདི་ལྟར་རིགས་གཅིག་པའི་ཕྲ་རབ་ཀྱི་ངོ་བོ་གཞན་དང་གཞན་གྱིས་དེ་ལ་ཕན་བཏགས་པའི་སྦྱོར་བ་དང་ལྡན་པས་དེ་ཡུལ་གྱི་ངོ་བོའི་ཡན་ལག་ཏུ་བྱས་ནས་རྡུལ་ཕྲ་རབ་ཏུ་འདུས་པར་སྣང་བའི་རྣམ་པ་ཅན་གྱི་བློ་འབྱུང་བ་ཡིན་ཏེ། རིགས་གཅིག་པའི་ཕྲ་རབ་ཏུ་བསགས་པ་ཉིད་ལས་བུམ་པ་ལ་སོགས་པའང་རྫས་སུ་བདག་ཅག་འདོད་དེ་ཕྲ་རབ་བཞིན་ནོ། །གང་གི་ཕྱིར་ཕྲ་རབ་ཀྱང་རྫས་བརྒྱད་འདུས་པའི་བདག་ཉིད་ཡིན་ལ། དེ་རྫས་ཉིད་དུ་མངོན་པར་འདོད་པ་ལྟར་འདུས་པའི་


JLD013_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི་བུམ་པ་ལ་སོགས་པའང་རྫས་ཉིད་ཡིན་ཏེ། འབའ་ཞིག་ནི་མ་གྲུབ་པ་ཉིད་དོ། །ཞེས་རྡུལ་ཕྲ་རབ་བསགས་པའི་རེ་རེ་ནས་དབང་ཤེས་ཀྱི་རྒྱུ་དང་། དེ་ཡང་རྫས་ཡོད་དུ་བཞེད་པ་དང་། རྡུལ་ཕྲ་བའི་ཡང་མཐར་ཐུག་པར་ཡང་བཞེད་པར་སྣང་བས། རྡུལ་ཆ་མེད་དམིགས་རྐྱེན་དུ་བཞེད་དོ། །དེའི་ཕྱིར་དབང་པོའི་ཤེས་པ་ཕྱི་ནང་གི་འཁྲུལ་རྒྱུ་སྔར་བཤད་པ་རྣམས་ཀྱིས་མ་བསླད་པ་མ་འཁྲུལ་བར་བཞེད་ཅིང་། ཐ་སྙད་དུ་མདོ་སྡེ་པ་དང་མཐུན་པའི་དམིགས་རྐྱེན་བཞེད་པ་ཡིན་ནོ། །འཇུག་འགྲེལ་ལས་ནི། ཁ་ཅིག་གིས། མདོ་སྡེ་པ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲས་པ་དེ་ཉིད་དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཏུ་འདོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི། དབུ་མའི་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲས་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །ཡང་གང་དག །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་གང་དོན་དམ་པར་སྨྲས་པ་དེ་དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཏུ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་ཀྱང་བསྟན་བཅོས་ཀྱི་དེ་ཉིད་ཡོངས་སུ་མ་ཤེས་པ་ཁོ་ན་སྟེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་འཇིག་རྟེན་པའི་ཆོས་དང་མཚུངས་པར་མི་རིགས་པའི་ཕྱིར་ཏེ། ལུགས་འདི་ནི་ཐུན་མོང་མ་ཡིན་པའོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །ཞེས་གསུངས་པས། སྡེ་པ་དེ་དག་གི་གྲུབ་མཐའ་ཐུན་མོང་མ་ཡིན་པས་བཏགས་པའི་གཟུང་འཛིན་ཆ་མེད་སོགས་ཐ་སྙད་དུའང་མི་བཞེད་དོ། །བཞི་བརྒྱ་པའི་འགྲེལ་པ་ལས་ཀྱང༌། བྱེ་བྲག་པ་ལྟར་རང་གི་སྡེ་པ་རྣམས་ཀྱིས་རྫས་ཀྱི་རྡུལ་ཕྲ་རབ་ཁས་བླང་བར་མི་རིགས་སོ། །ཞེས་རྡུལ་ཆ་མེད་ཁས་མི་བླང་


JLD013_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུངས་སོ། །སྡེ་པ་གཉིས་ཀྱིས་དོན་དམ་དུ་འདོད་པ་རྣམས་དབུ་མ་པས་ཀུན་རྫོབ་ཏུ་ཁས་མི་ལེན་པ་ནི་ཆ་མེད་ལ་སོགས་པའི་དངོས་པོ་ལ་བྱ་ཡི། དེ་གཉིས་ཀྱིས་བདེན་པར་གང་འདོད་དབུ་མ་པས་ཀུན་རྫོབ་ཏུ་ཁས་མི་བླང་བར་སྟོན་པ་མིན་ཏེ། གཟུགས་སྒྲ་ལ་སོགས་པ་དེ་དག་གིས་བདེན་པར་འདོད་ཀྱང་དབུ་མ་པས་ཀུན་རྫོབ་ཏུ་འདོད་པ་བཞིན་ནོ། །བཞི་བརྒྱ་པའི་འགྲེལ་པ་ལས། དབང་པོའི་རྡུལ་ཕྲ་རབ་ཚོགས་པའི་སྐབས་ཀྱི་རེ་རེ་ནས་དབང་ཤེས་ཀྱི་རྒྱུར་འདོད་པ་བཀག་ཅིང་། དབང་པོ་རྣམས་ཀྱང་རྡུལ་ཕྲ་རབ་དང་དེ་ཉིད་དང་གཞན་དུ་མ་གྲུབ་པས། དེ་དག་ལ་བརྟེན་ནས་བཏགས་པ་རྣམ་ཤེས་ཀྱི་རྟེན་ཡིན་ལ། དེ་བཞིན་དུ་ཡུལ་རྣམས་ཀྱང་བརྟེན་ནས་བཏགས་པའི་བཏགས་ཡོད་དབང་ཤེས་ཀྱི་ཡུལ་དུ་གསུངས་ཤིང༌། ཤེས་པ་རྣམས་མངོན་སུམ་བཏགས་པ་བ་དང་ཡུལ་རྣམས་མངོན་སུམ་མཚན་ཉིད་པར་བཞེད་པས། སློབ་དཔོན་འདི་དང་སློབ་དཔོན་ལེགས་ལྡན་འབྱེད་གཉིས་ཕྱི་རོལ་གྱི་དོན་བཞེད་པར་འདྲ་ཡང་དབང་པོ་དང་ཡུལ་རྣམས་ཀྱི་འཇོག་ཚུལ་མི་འདྲ་བར་སྣང་ངོ་། །སྔར་དབང་ཤེས་རང་གི་མཚན་ཉིད་ལ་ཚད་མ་ཡིན་པ་འགོག་པའི་སྐབས་སུ། རྣམ་པ་གཞན་དུ་གནས་པའི་དངོས་པོ་ལ་རྣམ་པ་གཞན་དུ་སྣང་བའི་ཕྱིར་རོ། །ཞེས་གསུངས་པས། དབང་པོའི་ཤེས་པ་ལ་གཟུགས་སྒྲ་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ལ་སྣང་བ་ལྟར་གྱི་རང་གི་མཚན་ཉིད་ཐ་སྙད་དུ་ཡང་མེད་པས་ན། སློབ་དཔོན་འདི་ཐ་སྙད་དུ་ཡང་འདི་དག་འཁྲུལ་པར་བཞེད་པ་ཡིན་ནོ། །དེ་ལྟ་


JLD013_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་དབང་པོའི་ཤེས་པ་རྣམས་ཐ་སྙད་དུ་གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམས་རྣམ་པར་འཇོག་པའི་ཚད་མར་མི་འཐད་པ་མེད་དེ། དེ་རྣམས་འཁྲུལ་པར་འཇོག་པའི་རྒྱུ་མཚན་སྣང་བ་ལྟར་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་མེད་པ་ནི། རང་བཞིན་ཡོད་མེད་དཔྱོད་པའི་རིགས་པའི་ཤེས་པས་འགྲུབ་པ་ཡིན་གྱི། ཐ་སྙད་པའི་ཚད་མས་གཏན་མི་འགྲུབ་པས་ཐ་སྙད་པའི་ཤེས་པ་ལ་ལྟོས་ཏེ་འཁྲུལ་པ་མ་ཡིན་ནོ། །ཟླ་བ་གཉིས་སྣང་དང་གཟུགས་བརྙན་ལ་སོགས་པ་སྣང་བའི་ཤེས་པ་ནི་སྣང་བ་ལྟར་གྱི་དོན་ཟླ་བ་གཉིས་དང་བྱད་བཞིན་ལ་སོགས་པ་མེད་པར་ཐ་སྙད་པའི་ཚད་མ་ཉིད་ཀྱིས་རིགས་པའི་ཤེས་པ་ལ་ལྟོས་མེད་དུ་འགྲུབ་པས་ན། དེ་དག་དང་སྔ་མ་རྣམས་ལ་ཡང་དག་དང་ལོག་པའི་ཀུན་རྫོབ་ཀྱི་རྣམ་དབྱེ་ཡང་འཐད་པ་ཡིན་ནོ། །གལ་ཏེ་རིགས་པའི་ཤེས་པ་དང་ཐ་སྙད་པའི་ཚད་མ་ལ་བརྟེན་ནས་འཁྲུལ་པར་རྟོགས་པའི་ཁྱད་པར་ཡོད་དུ་ཆུག་ཀྱང་། བྱད་བཞིན་ལ་སོགས་པར་སྣང་བའི་དོན་མེད་པ་ལྟར་རང་གི་མཚན་ཉིད་དུ་སྣང་བའི་དོན་ཡང་མེད་ལ། རང་གི་མཚན་ཉིད་ཀྱིས་སྟོང་པའི་གཟུགས་སོགས་ཡོད་པ་ལྟར། བྱད་བཞིན་ལ་སོགས་པས་སྟོང་པའི་གཟུགས་བརྙན་ལ་སོགས་པའང་ཡོད་དོ། །དེའི་ཕྱིར་དེ་དག་ལ་ཐ་སྙད་པའི་བློ་རང་དགའ་བ་ལ་ལྟོས་ནས་ཀྱང་ཕྱིན་ཅི་ལོག་མ་ལོག་གི་ཁྱད་པར་མེད་དོ་སྙམ་ན། འོ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་དང་བྱད་བཞིན་དུ་སྣང་བ་ལྟར་གྱི་དོན་གཉིས་ཀ་ཐ་སྙད་དུ་མེད་པར་འདྲ་ལ། གཟུགས་སོགས་དང་གཟུགས་བརྙན་སོགས་གཉིས་ཀ་ཐ་སྙད་དུ་ཡོད་པར་འདྲ་བ་ལ།


JLD013_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་འགྲེལ་ལས། བརྟེན་ནས་འབྱུང་བ་གཟུགས་བརྙན་དང་བྲག་ཆ་ལ་སོགས་པ་ཅུང་ཟད་ཅིག་ནི་བརྫུན་ཡང་མ་རིག་པ་དང་ལྡན་པ་རྣམས་ལ་སྣང་ལ། སྔོན་པོ་ལ་སོགས་པ་གཟུགས་དང་སེམས་དང་ཚོར་བ་ལ་སོགས་པ་ཅུང་ཟད་ཅིག་ནི་བདེན་པར་སྣང་སྟེ། རང་བཞིན་ནི་མ་རིག་པ་དང་ལྡན་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་མི་སྣང་ངོ་། །དེའི་ཕྱིར་དེ་དང་གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ནོ། །ཞེས་སྔོན་པོ་ལ་སོགས་པ་ཀུན་རྫོབ་བདེན་པར་འཇོག་པ་དང་གཟུགས་བརྙན་སོགས་ཀུན་རྫོབ་བདེན་པར་མི་འཇོག་པའི་ཁྱད་པར་མི་འཐད་དོ་ཞེས་བརྗོད་ན་ལན་ཅི་ཡོད། དེ་གཉིས་ག་ཐ་སྙད་པའི་ཤེས་པ་ལ་སྣང་བར་འདྲ་ཡང་གཟུགས་བརྙན་ལ་སོགས་པ་ནི་འཇིག་རྟེན་པའི་ཤེས་པ་ཉིད་ཀྱིས་བརྫུན་པར་རྟོགས་པས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པར་མི་འཇོག་ལ། སྔོན་པོ་ལ་སོགས་པ་ནི་བརྫུན་པ་ཡིན་ཀྱང་དེ་བརྫུན་པར་འཇིག་རྟེན་པའི་ཤེས་པས་ཁོང་དུ་ཆུད་པར་མི་ནུས་པས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པར་འཇོག་གོ་སྙམ་ན། དེ་ལྟར་ཡུལ་དེ་གཉིས་ལ་ཐ་སྙད་པའི་ཤེས་པ་ལ་ལྟོས་ཏེ་བདེན་བརྫུན་འཐད་པ་བཞིན་དུ། ཡུལ་ཅན་གཉིས་ཀྱང་ཐ་སྙད་པའི་ཤེས་པ་ལ་ལྟོས་ཏེ་ཕྱིན་ཅི་ལོག་མ་ལོག་འཐད་པ་ཡིན་ནོ། །གལ་ཏེ་ཐ་སྙད་པའི་ཤེས་པ་ལ་ལྟོས་ཏེ་ཕྱིན་ཅི་མ་ལོག་པ་ཡིན་ན་ཐ་སྙད་དུ་འཁྲུལ་བ་དང་འགལ་ལོ་སྙམ་ན། ཐ་སྙད་དུ་འཁྲུལ་སའི་ཐ་སྙད་དང་ཤེས་པ་གང་ལ་ལྟོས་ནས་ཕྱིན་ཅི་མ་ལོག་པར་བཞག་པའི་ཐ་སྙད་པའི་ཤེས་པ་གཉིས་གཅིག་ཡིན་


JLD013_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ན་འགལ་བ་ཡིན་ཀྱང་ཐ་སྙད་དེ་གཉིས་ནི་སོ་སོ་བ་ཡིན་པས་ཅི་ཞིག་འགལ། འདི་ལྟར་གཟུགས་སོགས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་རིགས་པས་འགོག་པ་ནི། དོན་དམ་དུ་མི་རུང་བས་ཐ་སྙད་དུ་བྱ་དགོས་ལ། དེ་འདྲ་བའི་ཐ་སྙད་པའི་ཤེས་ངོ་དེར་ནི་དབང་པོའི་ཤེས་པ་རྣམས་འཁྲུལ་པ་ཡིན་ལ། དེ་ལས་གཞན་པའི་ཐ་སྙད་པའི་ཤེས་པ་རང་དགའ་བ་རྣམས་ཀྱི་ངོར་ནི་འཁྲུལ་པ་མ་ཡིན་པས་མི་འགལ་ཏེ། དཔེར་ན་འཇིག་རྟེན་པའི་ཐ་སྙད་ལ་མི་ལ་ལ་ཡོད་མི་ལ་ལ་མེད་ཅེས་པ་བཞིན་ཏེ། ལ་ལ་ཞེས་པའི་ཚིག་གཅིག་ཡིན་ཀྱང་ཡོད་པའི་ལ་ལ་དང་མེད་པའི་ལ་ལ་གཉིས་དོན་གཅིག་ལ་མི་འཇོག་པ་བཞིན་ནོ། །དེ་ཡང་མ་འཁྲུལ་བ་ནི་འཇིག་རྟེན་པའི་ཤེས་པ་རང་དགའ་བ་ལ་ལྟོས་ནས་འཇོག་གི་དབུ་མ་པས་མ་འཁྲུལ་བར་མི་འདོད་དེ། འཇིག་རྟེན་ཉིད་ལས་བདེན་ཡིན། ཞེས་སོགས་གསུངས་པ་ལྟར་རོ། །དེའི་ཕྱིར་དབུ་མ་པས་དེ་དག་འཁྲུལ་པར་འཇོག་ལ་དེ་ལྟ་ནའང་ཡུལ་བརྫུན་པ་འཇོག་པ་མི་འགལ་ཏེ། ཡུལ་བདེན་པ་འཇོག་ན་ནི་ཡུལ་ཅན་འཁྲུལ་པས་འཇོག་པར་འདོད་པ་འགལ་བ་ཡིན་ནོ། །ཐ་སྙད་དུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འདོད་པས་ན་ཐ་སྙད་དུ་བརྫུན་པ་ཡིན་ཀྱང་ཀུན་རྫོབ་བདེན་པར་འཇོག་པའང་མི་འགལ་ཏེ། མ་རིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་གསུངས་པའི་མ་རིག་པའི་ཀུན་རྫོབ་དེའི་ངོར་བདེན་པ་དང་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པ་འགོག་པ་གང་གི་ངོར་བཞག་པའི་ཀུན་རྫོབ་པ་དེའི་ངོར་བརྫུན་པ་གཉིས་མི་འགལ་བའི་ཕྱིར་རོ། །ཀུན་རྫོབ་ཏུ་ཡང་བརྫུན་པ་དེ་ཀུན་རྫོབ་བདེན་པ་མ་ཡིན་ནོ། །ཞེས་གསུངས་


JLD013_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཐ་སྙད་པའི་ཚད་མས་བརྫུན་པར་རྟོགས་པ་ལ་བྱ་ཡི། ཐ་སྙད་དུ་བརྫུན་པ་ཡིན་པ་ཙམ་ལ་བྱར་མི་རུང་ངོ་། །དེ་ལྟར་དབུ་མ་པས་ཐ་སྙད་དུ་རང་གི་ལུགས་ལ་འཁོར་འདས་ཀྱི་རྣམ་གཞག་མང་པོ་ཞིག་འཇོག་པ་དང༌། དངོས་པོར་སྨྲ་བ་རྣམས་ཀྱིས་རང་གི་འདོད་པ་ཐུན་མོང་མ་ཡིན་པས་བཏགས་པའི་དོན་རྣམས་ཐ་སྙད་དུ་ཡོད་པའི་འགོག་ཚུལ་འདི་དག་ཤིན་ཏུ་དཀའ་བས་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་ཕྱིན་ཅི་མ་ལོག་པར་རྟོགས་པ་སྲིད་མཐར་སྣང་ངོ་། །འདི་ལྟར་དངོས་སྨྲ་བའི་འདོད་པ་རྣམས་ཀུན་རྫོབ་ཏུ་ཡོད་པ་འགོག་པ་ན་རིགས་པའི་དཔྱད་པ་བྱས་ནས་དགག་དགོས་ལ། རང་གིས་ཀུན་རྫོབ་ཏུ་སྐྱེ་འགག་ལ་སོགས་པ་ཡོད་པར་ཁས་ལེན་པ་ལའང་རྟོག་ལྡན་གྱིས་ཁས་ལེན་མི་ལེན་ནི་སྒྲུབ་བྱེད་ཡོད་མེད་ཡིན་ལ། དེ་ཡང་རིགས་པའི་རྗེས་སུ་འབྲངས་པ་ལ་ལྟོས་སོ་སྙམ་ནས་རིགས་པས་དཔྱད་པ་ན་རང་གིས་ཁས་བླངས་པའི་ཀུན་རྫོབ་པ་རྣམས་དང༌། དངོས་པོ་སྨྲ་བ་རྣམས་ཀྱིས་ཀུན་བརྟགས་པ་གཉིས་རིགས་པས་གནོད་ན་གནོད་མཉམ་དང་མི་གནོད་ན་མི་གནོད་མཉམ་དུ་སོང་ནས། དབང་ཕྱུག་དང་གཙོ་བོ་ལ་སོགས་པ་ཐ་སྙད་དུ་མེད་པར་འདོད་ན་གཟུགས་ལ་སོགས་པའང་མེད་པར་ཁས་བླང་དགོས་པ་དང༌། དེ་དག་ཐ་སྙད་དུ་ཡོད་ན་དབང་ཕྱུག་ལ་སོགས་པའང་ཡོད་པར་ཁས་ལེན་དགོས་པ་གཉིས་མཚུངས་པར་མཐོང་སྟེ། ཆོས་གང་ལའང་རང་གི་ལུགས་ཀྱིས་འདི་ཡིན་དང་འདི་མིན་གྱི་ངོས་བཟུང་ངམ་ཁས་ལེན་ཅི་ཡང་བྱར་མི་རུང་བ་ལ་དབུ་མའི་དེ་


JLD013_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་རྙེད་པར་རློམ་ཞིང་དེ་འདྲ་བའི་གོ་བ་དེ་དང་རྗེས་སུ་མཐུན་པའི་ཅིར་ཡང་མི་འཛིན་པར་འཇོག་པ་ལ་ལྟ་བ་རྣམ་པར་དག་པའི་དོན་བསྒོམ་པར་འདོད་པ་ཤིན་ཏུ་མང་བར་སྣང་ངོ་། །འདི་འདྲ་བ་འདི་དག་ནི་མཁས་པ་མགུ་བར་བྱེད་པའི་གཏམ་དུ་མི་སྣང་སྟེ། སྔར་བཤད་པ་ལྟར་རིགས་པའི་དགག་བྱ་ངོས་མ་ཟིན་པར་རང་བཞིན་འགོག་པའི་རིགས་པས་ཐ་སྙད་པའི་རྣམ་པར་བཞག་པ་ཐམས་ཅད་འཇིག་པར་བྱེད་པས། ཡང་དག་པའི་ལྟ་བ་དང་ལོག་པའི་ལྟ་བ་རྣམས་ནོར་ན་ནོར་མཉམ་དང་མ་ནོར་ན་མ་ནོར་བ་མཉམ་པོར་སོང་བའི་ཕྱིན་ཅི་ལོག་གི་ལྟ་བ་ཆེན་པོ་ཡིན་པའི་ཕྱིར་རོ། །དེས་ན་འདི་འདྲ་བ་ལ་རིང་དུ་གོམས་ཀྱང་ཡང་དག་པའི་ལྟ་བ་ལ་ཅུང་ཟད་ཙམ་ཡང་ཉེ་རུ་མི་འགྲོ་བར་མ་ཟད་རིང་དུ་འགྲོ་སྟེ། འཁོར་འདས་ཀྱི་རྟེན་འབྲེལ་གྱི་རྣམ་པར་བཞག་པ་ཐམས་ཅད་རང་གི་ལུགས་ལ་རུང་བའི་རྟེན་འབྱུང་གི་ལམ་དང་ཆེས་ཤིན་ཏུ་འགལ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དབུ་མ་ལ་འཇུག་པ་ལས། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བཏགས་པ་དང༌། །སྒྱུ་མ་སྨིག་རྒྱུ་སོགས་ལ་བཏགས་པ་གང༌། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་མུ་སྟེགས་པའི་འདོད་པ་ཐུན་མོང་མ་ཡིན་པ་དང་སྔར་དྲངས་པ་ལྟར་རང་སྡེ་དངོས་པོར་སྨྲ་བ་རྣམས་ཀྱི་འདོད་པ་ཐུན་མོང་མ་ཡིན་པས་བཏགས་པ་རྣམས་རང་གི་ཀུན་རྫོབ་ཏུ་ཡང་མེད་དོ། །ཞེས་གསུངས་པའི་དོན་བཤད་པར་བྱའོ། །དེ་ལ་ཐ་སྙད་དུ་ཡོད་པར་འདོད་པ་དང་མེད་པར་འདོད་པ་ནི་ཅི་འདྲ་བ་ཞིག་གི་སྒོ་ནས་འཇོག་པ་ཡིན་སྙམ་ན། ཐ་སྙད་པའི་


JLD013_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ལ་གྲགས་པ་ཡིན་པ་དང་། ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པ་དང༌། དེ་ཁོ་ན་ཉིད་ལའམ་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་གནོད་པ་མི་འབབ་པ་ཞིག་ནི་ཐ་སྙད་དུ་ཡོད་པར་འདོད་ལ། དེ་དག་ལས་བཟློག་པ་ནི་མེད་པར་འདོད་དོ། །དེ་ལ་ཐ་སྙད་པའི་ཤེས་པ་ནི། ཆོས་གང་ལའང་ཇི་ལྟར་སྣང་བ་ལྟར་གྱི་རྗེས་སུ་འཇུག་པ་ཙམ་ཡིན་གྱི། སྣང་བའི་དོན་དེ་བློ་ལ་དེ་ལྟར་སྣང་བ་ཙམ་ཡིན་ནམ། འོན་ཏེ་དོན་གྱི་ཡིན་ཚུལ་ལ་དེ་ལྟར་གྲུབ་པ་ཡིན་སྙམ་དུ་མི་དཔྱོད་པའི་ཤེས་པ་མ་བརྟགས་པར་འཇུག་པ་རྣམས་སོ། །དེ་ཉིད་ལ་མ་དཔྱད་པའི་ཤེས་པ་ཞེས་བྱ་ཡི། བརྟག་པ་ཡེ་མི་བྱེད་པ་ནི་མིན་ནོ། །འདི་ནི་འཇིག་རྟེན་པའམ་ཐ་སྙད་པའི་ཤེས་པ་ལ་ཇི་ལྟར་སྣང་ཞིང་གྲགས་པ་ལྟར་འཇུག་གི །ཡིན་ལུགས་ཇི་ལྟར་ཡིན་དཔྱད་ནས་འཇུག་པ་མིན་པའི་ཕྱིར་འཇིག་རྟེན་གྱི་གྲགས་པ་ཞེས་བྱ་བའང་ཡིན་པས་འདི་འདྲའི་ཤེས་པ་ནི་གྲུབ་མཐས་བློ་བསྒྱུར་མ་བསྒྱུར་ཐམས་ཅད་ལ་འོང་བས་ཇི་འདྲ་ཞིག་གི་རྒྱུད་ལ་འདུག་ཀྱང་འཇིག་རྟེན་པའི་གྲགས་པའམ་མ་དཔྱད་པའི་ཤེས་པ་ཞེས་བྱ་ཡི། གྲུབ་མཐས་བློ་མ་བསྒྱུར་བའི་འཇིག་རྟེན་པ་ཁོ་ནའི་རྒྱུད་ལ་ཡོད་པར་མི་བཟུང་ངོ་། །གྲུབ་མཐས་བློ་བསྒྱུར་བ་ལའང་། ཇི་ལྟར་ཐ་སྙད་དུ་གྲགས་པ་ལྟར་རམ་འོན་ཏེ་དེ་ཁོ་ན་ཉིད་དུ་དེ་ལྟར་གནས་སམ་ཞེས་དཔྱོད་པའི་བློ་མང་པོ་ཡོད་ཀྱང་དེའི་ཤེས་པ་ཐམས་ཅད་ཡིན་ཚུལ་ཇི་ལྟར་ཡིན་དཔྱོད་པའི་ཤེས་པ་ཡིན་ག་ལ་དགོས། དེས་ན་འཇིག་རྟེན་གྱི་


JLD013_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ཇི་ལྟར་ཡིན་ནི་འཇིག་རྟེན་གྱི་རྒན་པོ་གྲུབ་མཐའ་དང་བྲལ་བ་ཁོ་ན་ལ་འདྲི་བ་མ་ཡིན་གྱི། རྒོལ་ཕྱི་རྒོལ་གྱི་རྒྱུད་ཀྱི་མ་དཔྱད་པའི་བློའི་འཇུག་ཚུལ་ལ་ཇི་ལྟར་འདུག་བལྟས་པས་ཆོག་པ་ཡིན་ནོ། །ཤེས་པ་དེ་ལ་གྲགས་པ་ནི་སྣང་བའམ་མྱོང་བའི་ཐ་སྙད་འདོགས་པའི་གཞིར་གྱུར་པ་རྣམས་སོ། །ལས་འབྲས་དང་ས་ལམ་ལ་སོགས་པ་ཕལ་པ་ལ༌མ་གྲགས་པ་རྣམས་ཀྱང་ཐོས་པ་དང་མྱོང་བ་ལ་སོགས་པས་ཡུལ་དུ་བྱས་པའི་ཚེ་ཡིན་ཚུལ་ལ་ཇི་ལྟར་ཡིན་མི་དཔྱོད་པའི་ཤེས་པ་རང་ག་བ་ལའང་སྣང་བ་ཡིན་པས་འཇིག་རྟེན་གྱི་གྲགས་པ་མ་ཡིན་པའི་སྐྱོན་མེད་དོ། །ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་ནི། དཔེར་ན། ཐག་པ་ལ་སྦྲུལ་ལོ་སྙམ་པ་དང་སྨིག་རྒྱུ་ལ་ཆུའོ་སྙམ་དུ་འཛིན་པ་ན་ཡིན་ལུགས་ལ་ཇི་ལྟར་ཡིན་དཔྱོད་པ་མེད་པའི་བློས་བཟུང་བ་ཡིན་མོད་ཀྱང༌། དེས་བཟུང་བའི་དོན་ལ་ཐ་སྙད་པའི་ཚད་མས་གནོད་པས་དེ་དག་ཐ་སྙད་དུའང་མེད་པ་ཡིན་ནོ། །རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་གནོད་པ་མི་འབབ་པ་ནི་ཐ་སྙད་དུ་འཇོག་པའི་དོན་རྣམས་ཐ་སྙད་པའི་ཚད་མས་གྲུབ་དགོས་ཀྱང་། རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པའི་ཤེས་པས་ནི་རྣམ་པ་ཐམས་ཅད་དུ་མི་གནོད་པ་ངེས་པར་དགོས་ཀྱི། རིགས་པ་དེས་ཡོད་པར་གྲུབ་ན་ནི་རང་གི་ངོ་བོས་ཡོད་པར་གྲུབ་པ་ཡིན་པས་ཐ་སྙད་པའི་དོན་ཡིན་པར་འགལ་བ་ཡིན་ནོ། །དེའི་ཕྱིར་རིགས་ཤེས་ཀྱིས་མི་གནོད་པ་དང་དེས་གྲུབ་པ་གཉིས་གཅིག་ཏུ་བཟུང་ནས། ཐ་སྙད་དུ་དགེ་སྡིག་ལས་བདེ་སྡུག་འབྱུང་བ་དང༌། དབང་


JLD013_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་དང་གཙོ་བོ་ལས་བདེ་སྡུག་འབྱུང་བ་གཉིས་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་དུ་འཛིན་པའི་ལོག་རྟོག་གི་གནས་མེད་དེ། དབང་ཕྱུག་དང་གཙོ་བོས་བདེ་སྡུག་བསྐྱེད་པ་དང་དགེ་མི་དགེས་བདེ་སྡུག་བསྐྱེད་པ་གཉིས་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་མི་འགྲུབ་པར་མཚུངས་ཀྱང༌། རིགས་པས་གནོད་མི་གནོད་རྣམ་པ་ཐམས་ཅད་དུ་མི་མཚུངས་པའི་ཕྱིར་རོ། །དེ་ལ་རང་གཞན་གྱི་སྡེ་པ་དངོས་པོར་སྨྲ་བ་རྣམས་ཀྱི་འདོད་པ་ཐུན་མོང་མ་ཡིན་པས་ཀུན་བརྟགས་པའི་གཟུང་འཛིན་ཆ་མེད་དང་བདག་དང་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྣམས་ནི། དེ་དག་གིས་རྣམ་པར་འཇོག་པ་ན་དེ་འདྲ་བའི་རང་གི་ངོ་བོས་གྲུབ་པ་ཡིན་མིན་རིགས་པས་དཔྱད་ནས། དེ་ནས་དེ་ལྟར་དཔྱོད་པའི་རིགས་པས་དོན་དེ་དག་རྙེད་པར་བསམས་ནས་བཞག་པ་ཡིན་པས། དེ་འདྲ་དེ་ལ་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པའི་དཔྱད་པ་གཞན་གྱིས་བྱས་པ་ཁས་བླང་དགོས་པ་ཡིན་ཏེ། དོན་དེ་རིགས་པས་དཔྱད་བཟོད་དུ་འདོད་པའི་ཕྱིར་རོ། །དེ་ལྟར་དཔྱད་པ་ན་རིགས་པ་དྲི་མ་མེད་པའི་བརྟག་པའི་ཁུར་བཟོད་པ་མི་འབྱུང་བས་དེ་དག་རིགས་པས་མ་རྙེད་པ་ན་ཁེགས་པར་འགྱུར་ཏེ། དེ་དག་ཡོད་ན་རིགས་པ་དེ་དག་གིས་རྙེད་དགོས་པའི་ཕྱིར་རོ། །གཟུགས་སྒྲ་ལ་སོགས་པ་རྣམས་ནི་ཐ་སྙད་པའི་ཤེས་པ་ཕྱི་ནང་གི་འཁྲུལ་རྒྱུའི་གནོད་པ་མེད་པ་རྣམས་ལ་ཇི་ལྟར་གྲགས་པ་དེ་ལྟར་བཞག་པ་ཙམ་ཡིན་གྱི། དེ་དག་ལ་ཅི་འདི་དག་ཐ་སྙད་ཙམ་མམ༌འོན་ཏེ་དོན་གྱི་ཡིན་ཚུལ་ལ་དེ་ལྟར་གྲུབ་བམ་


JLD013_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་དཔྱད་ནས་དེ་ལྟར་དཔྱོད་པ་དེས་རང་གི་ངོ་བོས་གྲུབ་པའི་རང་བཞིན་རྙེད་པའི་ལུགས་སུ་བྱས་ནས་ཁས་བླངས་པ་མིན་པས། དེ་དག་ལ་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པའི་དཔྱད་པ་བྱར་མེད་དེ། དོན་དེ་དག་རིགས་པས་དཔྱད་བཟོད་དུ་མི་འདོད་པའི་ཕྱིར་རོ། །དཔེར་ན་འདི་ལུག་ཡིན་ནོ་ཞེས་སྨྲས་པ་ན་འོ་ན་རྟ་ཡིན་ནམ་གླང་པོ་ཡིན་ཞེས་དཔྱོད་དུ་མི་རུང་བ་དང་འདྲ་བ་ཡིན་ནོ། །འཇིག་རྟེན་ན་ཐོག་མ་མེད་པ་ནས་གྲགས་པའི་དོན་ཡིན་ཀྱང་རིགས་པས་གནོད་པས་ན་ཐ་སྙད་དུའང་མེད་པ་ནི། མ་རིག་པས་དངོས་པོ་རྣམས་ལ་རང་གི་ངོ་བོ་སྒྲོ་བཏགས་པ་དང༌། འཇིག་ལྟས་རང་གི་ངོ་བོས་གྲུབ་པའི་ང་དང་ང་ཡི་བ་འཛིན་པ་དང༌། ཁ་སང་གི་རི་དེ་རིང་གི་རི་ཡིན་པར་འཛིན་པ་སོགས་ཀྱི་ཡུལ་རྣམས་ཡིན་པས་འཇིག་རྟེན་ན་གང་གྲགས་ཐམས་ཅད་དབུ་མ་པས་ཀུན་རྫོབ་ཏུ་འདོད་པ་མིན་ནོ། །ཁ་ཅིག་གཟུགས་སྒྲ་སོགས་དང་མུ་སྟེགས་ཀྱིས་བཏགས་པ་རྣམས་ཐ་སྙད་དུ་ཡོད་མེད་མི་མཚུངས་པའི་རྒྱུ་མཚན་དུ། སྔ་མ་འཇིག་རྟེན་ཐམས་ཅད་ལ་གྲགས་པ་དང་ཕྱི་མ་གྲུབ་མཐའ་སྨྲ་བ་ཁོ་ན་ལ་གྲགས་པའི་ཕྱིར་རོ། །ཞེས་སྨྲ་བ་ནི་རྣམ་པར་མ་ཕྱེད་པ་ཡིན་ཏེ། གཞན་དུ་ན་ཐ་སྙད་དུ་གཟུགས་སོགས་སྒྱུ་མ་ལྟ་བུ་ཡིན་པ་མེད་དགོས་ལ་རང་གི་ངོ་བོས་གྲུབ་པ་ཡོད་དགོས་པར་འགྱུར་བ་སོགས་མང་ལ། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས་ཀྱང༌། དེ་ཡང་ཕྱིན་ཅི་ལོག་ནི་བདེ་བ་ལ་སོགས་པ་ཉིད་དུ་འཛིན་པ་གང་ཡིན་པ་སྟེ། ཀུན་རྫོབ་ཏུ་ཡང་བདག་ཉིད་དེར་དངོས་པོ་དེ་རྣམ་པར་མི་གནས་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ནི་སྡུག་བསྔལ་ལ་སོགས་པ་


JLD013_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་འཛིན་པ་སྟེ། དངོས་པོ་དེ་ཀུན་རྫོབ་ཏུ་བདག་ཉིད་དེར་ཡོད་པ་ཉིད་ཀྱི་ཕྱིར་རོ། །ཞེས་རྟག་སོགས་བཞི་པོ་འཇིག་རྟེན་ལ་ཐུན་མོང་དུ་གྲགས་ཀྱང་དེར་འཛིན་པ་ཀུན་རྫོབ་ཏུ་ཕྱིན་ཅི་ལོག་ཏུ་བཤད་ལ། མི་རྟག་སོགས་བཞི་པོ་འཇིག་རྟེན་ཀུན་ལ་མ་གྲགས་ཀྱང་དེར་འཛིན་པ་ཕྱིན་ཅི་མ་ལོག་པར་གསུངས་སོ། །དེ་ལྟར་ཕུང་པོ་མི་རྟག་སོགས་སུ་འཛིན་པའི་རྟོག་པ་ནི་སྣང་ཡུལ་ལ་འཁྲུལ་ཡང་ངེས་པའི་འཛིན་སྟངས་ལ་ཚད་མའི་གནོད་པ་མེད་པས་ཕྱིན་ཅི་མ་ལོག་པའམ་མ་འཁྲུལ་བ་ཞེས་བྱ་ལ། དབང་པོའི་ཤེས་པ་རྣམས་ནི་སྣང་ཡུལ་ལ་འཁྲུལ་ཞིང་མ་འཁྲུལ་བའི་ཆ་གཞན་ཡང་མེད་པས་མ་འཁྲུལ་བ་ཞེས་མི་བྱའོ། །དབང་ཤེས་རྣམས་སྣང་བ་ལ་འཁྲུལ་བར་འདྲ་ཡང་འཇིག་རྟེན་པའི་ངོར་སྣང་བ་དང་རྗེས་སུ་མཐུན་པའི་དོན་ཡོད་པ་དང་མེད་པའི་སྒོ་ནས་གཟུགས་བརྙན་སོགས་སྣང་བའི་དབང་ཤེས་རྣམས་ལོག་པའི་ཀུན་རྫོབ་ཡིན་ལ། དེ་ལས་གཞན་པའི་དབང་ཤེས་གནོད་མེད་རྣམས་ཡང་དག་ཀུན་རྫོབ་ཡིན་ནོ། །ཕུང་པོ་རྟག་པ་ལ་སོགས་པར་འཛིན་པའི་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ནི་ཐ་སྙད་དུ་མེད་པས་འགོག་པར་ནུས་ཀྱང་། མི་རྟག་པ་ལ་སོགས་པར་འཛིན་པའི་ཡུལ་ནི་ཐ་སྙད་དུ་ཡོད་པས་རིགས་པས་དགག་པར་མི་ནུས་སོ། །དོན་དམ་པར་རམ་རང་གི་ངོ་བོས་གྲུབ་པའི་རྟག་སོགས་བཞི་མི་སྲིད་པ་བཞིན་དུ་དེ་གཉིས་སུ་གྲུབ་པའི་མི་རྟག་སོགས་བཞི་ཡང་མི་སྲིད་པས། དེ་ཁོ་ན་ལ་ལྟོས་ནས་ནི་དེ་བརྒྱད་ཡོད་པར་འཛིན་པ་ལ་ཕྱིན་ཅི་ལོག་མ་ལོག་གི་རྣམ་དབྱེ་མེད་པ་ལ་དགོངས་ནས།


JLD013_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་རྟག་མི་རྟག་དང་བདེ་སྡུག་དང་བདག་ཡོད་མེད་གང་ལ་སྤྱོད་ནའང་མཚན་མ་ལ་སྤྱོད་པར་གསུངས་སོ། །གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་སྒྲོ་འདོགས་པའི་མ་རིག་པའི་འཛིན་སྟངས་རིགས་པས་སུན་འབྱིན་པ་དང་ཐ་སྙད་པའི་དོན་རྣམས་མི་འགོག་པ་གཉིས་འགལ་ཏེ། འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་གཟུགས་སྒྲ་སོགས་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པར་འཇོག་པར་གསུངས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། གཟུགས་སྒྲ་སོགས་ཀུན་རྫོབ་བདེན་པར་འཇོག་པའི་བདེན་པ་ནི་བསམ་པའི་དབང་གིས་བདེན་པ་ཡིན་ལ། བསམ་པ་དེ་ཡང་བདེན་འཛིན་ལ་བྱ་དགོས་པས་རང་བཞིན་སྒྲོ་འདོགས་པའི་མ་རིག་པའི་ངོར་བདེན་པ་ཡིན་ནོ། །དེས་ན་ཉོན་མོངས་ཅན་གྱི་མ་རིག་པ་སྤངས་པའི་དགྲ་བཅོམ་གཉིས་དང་ས་བརྒྱད་པ་ཡན་ཆད་ཀྱི་བྱང་སེམས་རྣམས་ལ་ནི་སྣང་བ་འདི་དག་བཅོས་མའི་རང་བཞིན་ཡིན་གྱི། བདེན་པར་ནི་མ་ཡིན་ཏེ། བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ་ཞེས་བདེན་འཛིན་མེད་པ་རྣམས་ལ་ཀུན་རྫོབ་ཙམ་དུ་གསུངས་པའི་རྒྱུ་མཚན་ནི་དེ་ཡིན་ནོ། །དེའི་ཕྱིར་གཟུགས་སྒྲ་སོགས་བདེན་པ་དེ་མ་རིག་པའི་ངོར་ཡིན་ཀྱང་གཟུགས་སྒྲ་སོགས་མ་རིག་པ་དེས་འཇོག་པ་མིན་ཏེ། དཔེར་ན། ཐག་པ་ལ་སྦྲུལ་འཛིན་གྱི་ལོག་ཤེས་ཀྱི་ངོ་ན་ཐག་པ་དེ་སྦྲུལ་ཡིན་ཀྱང་ལོག་ཤེས་དེས་ཐག་པ་རྣམ་པར་འཇོག་པ་མིན་པ་བཞིན་ནོ། །གཟུགས་སྒྲ་སོགས་རྣམ་པར་འཇོག་པའི་བློ་ནི་གནོད་པ་མེད་པའི་མིག་ལ་སོགས་པའི་


JLD013_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དྲུག་པོ་རྣམས་ཡིན་པས་འདི་དག་གིས་གྲུབ་པའི་དོན་ཐ་སྙད་དུ་ཡོད་པས་རིགས་པས་མི་འགོག་ལ། མ་རིག་པས་ཇི་ལྟར་བཟུང་བ་ལྟར་ཀུན་རྫོབ་ཏུ་ཡང་མེད་དེ། འདི་ནི་དངོས་པོ་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་སྒྲོ་འདོགས་པ་ཡིན་ལ། དེ་འདྲ་བའི་རང་བཞིན་ནི་ཐ་སྙད་དུའང་མེད་པའི་ཕྱིར་རོ། །དེའི་ཕྱིར་རིགས་པས་ཀྱང་ཐ་སྙད་དུ་འགོག་སྟེ། འདི་རིགས་པས་མ་ཁེགས་ན་ཐ་སྙད་དུ་དངོས་པོ་རྣམས་སྒྱུ་མ་ལྟ་བུར་མི་འགྲུབ་བོ། །གཏི་མུག་འདིས་སྒྲོ་བཏགས་པའི་རང་བཞིན་ལ་སྡུག་མི་སྡུག་ལ་སོགས་པའི་ཁྱད་པར་རྣམས་སྒྲོ་བཏགས་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེ་བར་འགྱུར་བས་འདི་དག་གི་འཛིན་སྟངས་ཀྱང་རིགས་པས་སུན་དབྱུང་བར་ནུས་པ་ཡིན་ནོ། །དེ་ལྟར་ཡང༌བཞི་བརྒྱ་པའི་འགྲེལ་པ་ལས། འདོད་ཆགས་ལ་སོགས་པ་དག་ཀྱང་གཏི་མུག་གིས་ཀུན་ཏུ་བཏགས་པའི་དངོས་པོའི་རང་བཞིན་ཁོ་ན་ལ་སྡུག་པ་དང་མི་སྡུག་པ་ལ་སོགས་པའི་ཁྱད་པར་སྒྲོ་འདོགས་པར་འཇུག་པ་ཉིད་ཀྱི་ཕྱིར། གཏི་མུག་ལས་ཐ་མི་དད་པར་འཇུག་པར་འགྱུར་ཞིང་གཏི་མུག་ལ་བརྟེན་པར་ཡང་འགྱུར་ཏེ་གཏི་མུག་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་ཉོན་མོངས་དེ་དག་ནི་ཐོག་མ་མེད་པ་ནས་ཞུགས་པའི་ལྷན་སྐྱེས་ཡིན་ཀྱང་འཛིན་སྟངས་རིགས་པས་སུན་དབྱུང་བར་ནུས་པས། དེ་དག་གི་ཞེན་ཡུལ་ཐ་སྙད་དུའང་མེད་དོ། །དེའི་ཕྱིར་ལྷན་སྐྱེས་ཀྱི་བློའི་ཡུལ་ལ་རིགས་པས་དགག་ནུས་མི་ནུས་གཉིས་ཡོད་དེ། གཟུགས་སྒྲ་ལ་སོགས་པ་འདི་དག་རྣམ་པར་འཇོག་པའི་ཐ་སྙད་


JLD013_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚད་མ་ལྷན་སྐྱེས་འདི་དག་གི་ཡུལ་ནི་ཐ་སྙད་དུ་ཡོད་པས་རིགས་པས་འགོག་པ་མིན་ནོ། །དེ་ལྟར་ན་སློབ་དཔོན་སངས་རྒྱས་བསྐྱངས་དང་སློབ་དཔོན་ཟླ་བ་གྲགས་པའི་ལུགས་ལ་ཐ་སྙད་དུའང་རང་གི་ངོ་བོས་གྲུབ་པའི་རང་བཞིན་འགོག་པས་ན། ཐ་སྙད་པའི་དོན་རྣམས་རྣམ་པར་འཇོག་པ་ཆེས་དཀའ་བར་སྣང་ཞིང་དེ་དག་གནོད་མེད་དུ་ལེགས་པར་འཇོག་མི་ཤེས་ན་སྤྱོད་ཕྱོགས་ལ་ངེས་པ་ལེགས་པོར་རྙེད་པ་མི་འོང་བས། ཕལ་ཆེར་སྐུར་འདེབས་ཀྱི་ལྟ་བར་འགྱུར་བར་སྣང་བས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་འདི་པའི་ལུགས་ཀྱི་ཀུན་རྫོབ་རྣམ་པར་འཇོག་ཚུལ་ལ་མཁས་པར་བྱ་སྟེ། འདིར་ནི་ཚིག་མངས་སུ་དོགས་ནས་དེ་ཙམ་ལས་མ་སྤྲོས་སོ། །གསུམ་པ་མུ་བཞིའི་སྐྱེ་བ་ཡིན་མིན་བརྟགས་ནས་འགོག་པས་སུན་འབྱིན་མི་ནུས་པར་བསྟན་པ་ནི། རང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་བཀག་པས་སྐྱེ་བ་ཁེགས་ན་མུ་བཞིའི་སྐྱེ་བ་འདི་པའི་ལུགས་ལ་ཐ་སྙད་དུའང་མེད་པས་སྐྱེ་བ་འགོག་པ་ལ་ཁྱད་པར་སྦྱར་མི་དགོས་ལ། མི་ཁེགས་ན་མུ་བཞིའི་སྐྱེ་བ་བཀག་པས་དོན་དམ་གྱི་སྐྱེ་བའང་མི་ཁེགས་པར་འགྱུར་རོ་ཞེས་སྨྲ་བའི་སྔ་མ་མི་འདོད་པས་ཕྱི་མའི་ལན་བཤད་པར་བྱ་སྟེ། དོན་དམ་གྱི་སྐྱེ་བ་ཁས་ལེན་ན་དེ་ཉིད་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་འདོད་དགོས་ལ། དེའི་ཚེ་རིགས་པས་བདག་དང་གཞན་ལ་སོགས་མུ་བཞི་གང་ལས་སྐྱེ་དཔྱད་དགོས་པས་དོན་དམ་གྱི་སྐྱེ་བ་འདོད་པས་མུ་བཞི་གང་རུང་གི་དཔྱད་པ་ངེས་པར་ཁས་བླང་དགོས་སོ། །རྒྱུ་དང་རྐྱེན་འདི་ལ་བརྟེན་ནས་འདི་འབྱུང་གི་སྐྱེ་བ་ཙམ་ཞིག་འདོད་པས་ནི་དེ་ཁོ་ནའི་སྐྱེ་བ་ཁས་


JLD013_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

མ་བླངས་ལ། དེ་མ་བླངས་པས་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་བདག་དང་གཞན་ལ་སོགས་པ་གང་ལས་སྐྱེ་ཞེས་ཇི་ལྟར་དཔྱོད་དེ་རིགས་པས་དཔྱད་བཟོད་དུ་འདོད་མི་དགོས་པའི་ཕྱིར་རོ། །གཞན་ཡང་བརྟེན་ནས་སྐྱེ་བ་ཉིད་ཀྱིས་མུ་བཞིའི་སྐྱེ་བ་འགོག་པ་ཡིན་ཏེ། འཇུག་པ་ལས། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཟླ་བ་གྲགས་པ་ནི། བརྟེན་ནས་སྐྱེ་བ་མུ་བཞིའི་སྐྱེ་བ་འགོག་བྱེད་དུ་བཞེད་ལ། ཁྱེད་ནི་མུ་བཞི་གང་ལས་ཀྱང་མི་སྐྱེ་ན་སྐྱེ་བ་ཙམ་ཡང་མེད་དོ་ཞེས་འདོད་པས། ཟླ་གྲགས་གང་བཞེད་པ་ལས་ལྡོག་ནས་སྨྲ་བར་སྣང་ངོ་། །ཡང་དེ་ཉིད་ལས། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི །རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས། །དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པའང་ཁྱེད་ལྟར་ན་འགལ་བ་སྨྲས་པར་འགྱུར་རོ། །དེས་ན་བརྟེན་ནས་སྐྱེས་པའི་རྟེན་འབྲེལ་ནི་མཐའ་བཞི་དང་བྲལ་བ་ཡིན་པས་མཐའ་དང་བྲལ་བ་དེ་མཐའ་བཞིའི་གང་ཡིན་ཞེས་མ་འདྲི་ཞིག །འདི་དག་ཀྱང་རང་བཞིན་གྱིས་མ་སྐྱེས་པ་དང་མ་སྐྱེས་པ་གཉིས་ཀྱི་ཁྱད་མ་ཕྱེད་པས་ནོངས་སོ། །འོ་ན། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་ན། །ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། འདི་ནི་རྫས་སུ་


JLD013_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའམ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་ཁས་ལེན་ན་ཐ་སྙད་དུའང་རིགས་པ་དེ་དག་གིས་འགོག་པར་སྟོན་པ་ཡིན་གྱི། སྐྱེ་བ་ཙམ་འགོག་པ་གཏན་མིན་ཏེ། གཞུང་དེའི་མཚམས་སྦྱོར་དུ། གང་ཞིག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུར་གྱུར་པ་རྫས་ཀྱི་བདག་ཉིད་སྐྱེ་བར་འགྱུར་བར་བྱ་དགོས་སོ་ཞེས་སྨྲ་ན། དེ་ལྟ་ནའང་དེ་སྐད་དུ་སྨྲ་བ་ལ་ཚིག་ཙམ་ཞིག་ལྷག་མ་ལུས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་སྐབས་སུ་ཞེས་སོགས་དྲངས་ནས། དེའི་འགྲེལ་པར་ཡང་། དེའི་ཕྱིར་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ནི་བདེན་པ་གཉིས་ཆར་དུ་ཡང་ཡོད་པ་མ་ཡིན་ནོ། །ཞེས་མི་འདོད་བཞིན་དུའང་ཁས་བླང་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་ནི་དོན་དམ་པའི་སྐྱེ་བ་ཡིན་པས་དེ་འདོད་ན་ཐ་སྙད་དུ་འདོད་ཀྱང་རུང་སྟེ་དོན་དམ་པའི་སྐྱེ་བ་འགོག་པ་ལྟར་དགག་དགོས་པ་ནི་སློབ་དཔོན་འདིའི་བཞེད་པ་དམ་པ་ཡིན་པས། ཐ་སྙད་དུའང་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་ཁས་བླང་བར་མི་བྱ་སྟེ། འཇུག་པ་ལས། མོ་གཤམ་བུ་ལ་རང་གི་བདག་ཉིད་ཀྱིས། །སྐྱེ་བ་དེ་ཉིད་དུ་མེད་འཇིག་རྟེན་དུའང༌། །ཡོད་མིན་དེ་བཞིན་དངོས་འདི་ཀུན་ངོ་བོ། །ཉིད་ཀྱིས་འཇིག་རྟེན་དེ་ཉིད་དུ་མ་སྐྱེས། །ཞེས་གསུངས་པས་སོ། །རང་བཞིན་གྱིས་མ་སྐྱེས་པའམ་སྐྱེ་བའི་རང་བཞིན་མེད་པ་ལ་སྐྱེ་བ་མེད་པས་ཁྱབ་པར་བཟུང་ནས་བརྟེན་ནས་སྐྱེ་བ་དང་རང་བཞིན་གྱིས་མ་སྐྱེས་པ་གཉིས་འགལ་བར་བརྩད་པ་ལ་རྣ་བ་དང་སྙིང་མེད་པ་ཞེས་གསུངས་ཏེ། རང་བཞིན་གྱིས་མ་སྐྱེས་ཞེས་བརྗོད་པའི་རང་བཞིན་ཞེས་པ་དེ་མ་ཐོས་པར་མ་སྐྱེས་པར་བཟུང་འདུག་པ་ལ་


JLD013_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ནས་རྣ་བ་མེད་པ་དང༌། རང་བཞིན་ཞེས་པའི་ཚིག་དེའི་དོན་ལ་གོ་རྒྱུ་མ་བྱུང་བ་ལ་དགོངས་ནས་སྙིང་མེད་པ་ཞེས་གསུངས་པའོ། །དེ་ལྟར་ཡང་རིགས་པ་དྲུག་ཅུ་པའི། བརྟེན་ནས་སྐྱེས་པ་མ་སྐྱེས་པར། །དེ་ཉིད་མཁྱེན་པའི་མཆོག་གིས་གསུངས། །ཞེས་པའི་འགྲེལ་པར། རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ན་དངོས་པོ་རྣམས་རང་བཞིན་དུ་དམིགས་པར་མི་འགྱུར་ཏེ། གང་བརྟེན་ནས་སྐྱེས་པ་དེ་ནི་གཟུགས་བརྙན་བཞིན་དུ་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་རོ། །གལ་ཏེ་བརྟེན་ནས་སྐྱེས་པ་གང་ཡིན་པ་དེ་ནི་སྐྱེས་པ་ཁོ་ན་མ་ཡིན་ནམ། དེ་ཇི་ལྟར་མ་སྐྱེས་པའི་སྒྲས་བརྗོད་པར་བྱ་བར་འགྱུར། ཅི་སྟེ་མ་སྐྱེས་སོ་ཞེས་བརྗོད་ན། འོན་ཏེ་བརྟེན་ནས་སྐྱེའོ་ཞེས་བརྗོད་པར་མི་བྱའོ། །དེའི་ཕྱིར་ཕན་ཚུན་འགལ་བ་ཉིད་ཀྱི་ཕྱིར་འདི་མི་རིགས་སོ་ཞེ་ན། ཀྱེ་མ་ཀྱི་ཧུད་རྣ་བ་དང་སྙིང་མེད་པས་ཀྱང་བརྒལ་བར་འགྱུར་བ་འདི་ནི་ཁོ་བོ་ཅག་ལ་དཀའ་བ་ཞིག་བབ་བོ། །གང་གི་ཚེ་ཁོ་བོ་ཅག་གིས་གང་བརྟེན་ནས་སྐྱེ་བ་དེ་གཟུགས་བརྙན་བཞིན་དུ་རང་བཞིན་གྱིས་མ་སྐྱེས་སོ་ཞེས་སྨྲས་པ་དེའི་ཚེ་རྒོལ་བའི་གོ་སྐབས་ག་ལ་ཡོད། ཅེས་གསུངས་པས་ཁྱད་པར་དེ་དག་ཕྱེད་པ་གཅེས་སོ། །མ་དྲོས་པས་ཞུས་པ་ལས་ཀྱང༌། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་རྐང་པ་དང་པོས། རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་གསུངས་ནས་མ་སྐྱེས་ལུགས་སྟོན་པ་ནི་རྐང་པ་གཉིས་པས། དེ་ལ་སྐྱེ་བའི་རང་


JLD013_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡོད་མ་ཡིན། །ཞེས་དགག་བྱ་ལ་ཁྱད་པར་སྦྱར་བ་སྟེ་རང་བཞིན་གྱིས་མ་སྐྱེས་པའོ། །དེ་ལྟ་བུ་མི་ཤེས་ཤིང་ཚིག་དེ་དག་ཐོས་པ་འགའ་ཞིག་སྐྱེས་པ་ཁོ་ནས་མ་སྐྱེས་ལ་བརྟེན་པ་ཁོ་ནས་མ་བརྟེན་པའོ་ཞེས་པའི་ཚུལ་གྱི་འགལ་འདུ་འབའ་ཞིག་སྨྲ་བའི་སྨྲ་ཁམ་གང་ཆེ་ལ་ལྟ་བ་མཐོ་བར་བྱེད་པར་སྣང་ངོ་། །ཚིག་གསལ་དུ་དྲངས་པའི་ལང་གཤེགས་ལས་ཀྱང༌། བློ་གྲོས་ཆེན་པོ། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པའོ། །ཞེས་གསུངས་ཞེས་ཤིན་ཏུ་གསལ་བར་གསུངས་སོ། །སྐྱེ་བ་སོགས་འགོག་པ་ལ་དོན་དམ་གྱི་ཁྱད་པར་སྦྱོར་མི་སྦྱོར་གྱི་ལན་ཡང་དོན་གྱིས་སོང་མོད་ཀྱི། འོན་ཀྱང་དེ་ལ་དམིགས་ཀྱིས་ཕྱེ་བའི་ལན་ནི་འོག་ནས་སྟོན་ནོ། །དེ་དག་གིས་ནི་སུན་འབྱིན་དེ་དག་ཐམས་ཅད་ཀྱིས་རང་བཞིན་མེད་པ་ལ་རྒྱུ་འབྲས་སོགས་རྣམ་པར་འཇོག་པའི་ཚུལ་སུན་འབྱིན་མི་ནུས་པར་བསྟན་པ་ཡིན་ལ། སྤྱིར་སུན་འབྱིན་ལྟར་སྣང་གི་མཐར་ཐུག་པ་ནི་རང་གིས་ཕ་རོལ་པོ་ལ་དགག་པ་ཇི་ལྟར་བྱས་པའི་དཔྱད་པ་དེ་དག་སུན་འབྱིན་བྱེད་ལའང་ལྷག་མ་མེད་པར་འཇུག་པ་ཞིག་ལ་བྱེད་པ་ཡིན་པས། ཁྱེད་ཅག་གིས་བཀོད་པ་ནི་སུན་འབྱིན་ལྟར་སྣང་གི་མཐར་ཐུག་པ་ཡིན་ཏེ། རིགས་པས་གནོད་མི་གནོད་ལ་སོགས་པའི་བརྟག་པ་བྱས་ནས་གཞན་གྱི་ཕྱོགས་ཇི་ལྟར་འགོག་པ་བཞིན། ཕྱིར་ལ་བཟློག་ནས་དེ་ལྟར་སུན་འབྱིན་པའི་རིགས་པའང་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་ཁྱོད་ནི་གཟུགས་ལ་སོགས་པ་ཡོད་པར་ཁས་ལེན་པས། དེ་ལ་དཔྱད་པ་དེ་དག་འཇུག་པ་ཡིན་གྱི། ཁོ་བོ་ཅག་ལ་རང་ལུགས་ཀྱི་ཕྱོགས་


JLD013_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་དཔྱད་པ་དེ་དག་མི་འཇུག་གོ་སྙམ་ན། འདིས་སྐྱོན་དེ་དག་སྤོང་མི་ནུས་པ་ནི་ཐལ་འགྱུར་དང་རང་རྒྱུད་གང་གིས་གཏན་ལ་འབེབས་པའི་སྐབས་ནས་སྟོན་པར་འགྱུར་རོ། །བཞི་པ་དངོས་པོ་ཡོད་མེད་སོགས་ཀྱི་མུ་བཞི་ག་འགོག་པ་གནོད་བྱེད་དུ་མི་རུང་བར་བསྟན་པ་ནི། དབུ་མའི་གཞུང་རྣམས་ནས་དངོས་པོའམ་རང་བཞིན་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་ཀ་མིན་པའི་མུ་བཞི་ཐམས་ཅད་བཀག་ལ། དེར་མ་འདུས་པའི་ཆོས་ཀྱང་མེད་པས་རིགས་པས་ཐམས་ཅད་འགོག་གོ་སྙམ་ན། འདི་ནི་སྔར་བསྟན་པ་ལྟར་དངོས་པོ་ལ་གཉིས་ལས་རང་གི་ངོ་བོས་གྲུབ་པའི་དངོས་པོ་ནི་བདེན་པ་གཉིས་གང་དུ་ཡོད་པར་འདོད་ཀྱང་འགོག་ལ། དོན་བྱེད་ནུས་པའི་དངོས་པོ་ནི་ཐ་སྙད་དུ་འགོག་པ་མ་ཡིན་ནོ། །དངོས་པོ་མེད་པའང་འདུས་མ་བྱས་རྣམས་ལ་རང་གི་ངོ་བོས་གྲུབ་པའི་དངོས་མེད་དུ་འདོད་ན་ནི་དེ་འདྲ་བའི་དངོས་མེད་ཀྱང་འགོག་གོ །དེ་བཞིན་དུ་དེ་འདྲ་བའི་དངོས་པོ་ཡོད་མེད་གཉིས་ཆར་ཡང་འགོག་ལ། གཉིས་ཀ་མ་ཡིན་པ་རང་གི་ངོ་བོས་གྲུབ་པའང་འགོག་པས་མུ་བཞི་འགོག་ཚུལ་ཐམས་ཅད་ནི་དེ་ལྟར་དུ་ཤེས་པར་བྱའོ། །དེ་འདྲ་བའི་ཁྱད་པར་སྦྱར་རྒྱུ་མེད་པར་མུ་བཞི་ཀ་འགོག་ན་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་འགོག་པའི་ཚེ་དེ་གཉིས་ཀ་མ་ཡིན་ཏེ་ཞེས་བཀག་ནས། སླར་ཡང་གཉིས་ཀ་མ་ཡིན་པའང་མ་ཡིན་ཞེས་བཀག་ན་ནི་ཁས་བླངས་དངོས་སུ་འགལ་བ་ཡིན་ལ། དེ་ལྟར་ཡིན་ཀྱང་སྐྱོན་མེད་དོ་ཞེས་བསྙོན་ན་ནི་ཁོ་བོ་ཅག་སྨྱོན་པ་དང་ལྷན་ཅིག་ཏུ་མི་རྩོད་དོ། །གཞན་ཡང་ཕུང་པོ་ལ་རང་གི་ངོ་


JLD013_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

བོས་གྲུབ་པའི་རང་བཞིན་ནམ་བདག་བཀག་པ་ན་རང་བཞིན་ནམ་བདག་མེད་དོ་སྙམ་པའི་ཤེས་རབ་སྐྱེ་ལ། ཤེས་རབ་དེའི་ཡུལ་རང་བཞིན་མེད་པ་དེ་ཡང་འགོག་ན་ནི་དབུ་མ་པའི་ལྟ་བ་སུན་འབྱིན་པ་ཡིན་ཏེ། ཆོས་རྣམས་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱི་ཡུལ་སུན་འབྱིན་པའི་ཕྱིར་རོ། །རང་བཞིན་ཡོད་མེད་གཉིས་ཀ་སུན་འབྱིན་པར་འདོད་པ་དེ་ལ་འདི་འདྲི་བར་བྱ་སྟེ། ཕུང་པོ་ལ་རང་བཞིན་མེད་དོ་སྙམ་དུ་ངེས་པའི་ཤེས་རབ་ཀྱི་ཡུལ་རང་བཞིན་མེད་པ་དེ་ཇི་ལྟར་བྱས་པས་སུན་འབྱིན་པ་སྨྲོས་ཤིག །རྩ་ཤེ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པས། མི་སྟོང་པ་ཅི་ཡང་མེད་པས་རང་བཞིན་མེད་པའི་སྟོང་པའང་ཡོད་པ་མ་ཡིན་ནོ་སྙམ་ན། འདིར་སྟོང་མི་སྟོང་ནི་རང་བཞིན་གྱིས་སྟོང་མི་སྟོང་ལ་གཞུང་གི་འགོ་མཇུག་ཐམས་ཅད་དུ་མཛད་དོ། །དེ་ལྟ་ན་རང་བཞིན་གྱིས་མི་སྟོང་པ་ནི་རང་བཞིན་གྱིས་གྲུབ་པ་ཡིན་ལ། རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པས་རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་པའང་མེད་དོ་ཞེས་སྨྲ་བ་འདི་ལས་བཞད་གད་ཆེ་བ་ཅི་ཞིག་ཡོད། གཞན་ཡང་མྱུ་གུ་ལྟ་བུ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་དོ་སྙམ་དུ་འཛིན་པའི་ངེས་པ་དེས་ནི་མྱུ་གུ་ལ་རང་བཞིན་མི་འདུག་གོ་སྙམ་དུ་འཛིན་གྱི། རང་བཞིན་མེད་པ་དེ་འདུག་གོ་ཞེའམ་མི་འདུག་གོ་སྙམ་པ་གཉིས་གང་དུའང་མི་འཛིན་པ་ནི། མིག་ཚུམས་ལ་ཁ་ནང་དུ་ཕྱོགས་པར་གྱིས་ལ་རྟོགས་ཤིག་དང་ཆེས་རིག་པར་སླའོ། །དེ་ལྟ་ན་རང་བཞིན་མེད་པ་ལ་


JLD013_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་བཟུང་དུ་མི་རུང་བ་ཡིན་པས། རང་བཞིན་མེད་པ་ཡོད་པར་འཛིན་པ་བཟློག་པའི་ཕྱིར་དུ་རིགས་པས་སྟོང་ཉིད་ཡོད་པ་འགོག་པ་དེ་འཐད་པ་ཞིག་ཡིན་ནའང་། བློ་གཞན་ཞིག་གིས་རང་བཞིན་མེད་པ་ཡོད་པར་བཟུང་བའི་བློ་དེའི་ཡུལ་འགོག་པར་འདོད་དགོས་ཀྱི། མྱུ་གུ་ལ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱི་ཡུལ་འགོག་པ་ནི་ཆེས་ཤིན་ཏུ་མི་འཐད་དོ། །ཁོ་བོ་ཅག་ནི་མྱུ་གུ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་བཀག་པ་ན་རང་བཞིན་མེད་དོ་སྙམ་དུ་ངེས་པར་འགྱུར་ལ། དེ་ནས་བློ་གཞན་ཞིག་གིས་རང་བཞིན་མེད་པ་དེ་ཉིད་ཡོད་དོ་སྙམ་དུ་འཛིན་པ་ནའང་དེའི་ཡུལ་རིགས་པས་འགོག་པ་མིན་གྱི། སྟོང་ཉིད་དེ་རང་གི་ངོ་བོས་གྲུབ་པར་འདོད་ན་འགོག་པ་ཡིན་ནོ། །འོ་ན་རང་བཞིན་མེད་པ་དེ་ལ་རང་བཞིན་ཡོད་དོ་སྙམ་དུ་འཛིན་པ་ཇི་ལྟར་སྐྱེ་སྙམ་ན། མྱུ་གུའི་རང་བཞིན་མེད་པ་ལ་དམིགས་ནས་མྱུ་གུའི་རང་བཞིན་དུ་མ་གྲུབ་ཀྱང་མྱུ་གུ་རང་བཞིན་མེད་པ་དེའི་རང་བཞིན་དུ་ཡོད་དོ་སྙམ་དུ་འཛིན་པ་སྐྱེ་སྟེ། དཔེར་ན་བུམ་པ་མེད་པ་ལ་བུམ་པ་ཡོད་པར་བདེན་སྙམ་པ་མི་སྐྱེ་ཡང་བུམ་མེད་དུ་བདེན་སྙམ་པ་སྐྱེ་བ་བཞིན་ནོ། །དེ་ལྟར་བྱས་ན་རང་བཞིན་གྱིས་མི་སྟོང་པ་ཅུང་ཟད་ཀྱང་མེད་པས། མྱུ་གུའི་རང་བཞིན་མེད་པའི་སྟོང་པ་ལ་ཡང་རང་གི་ངོ་བོས་གྲུབ་པ་མེད་དོ། །ཞེས་བརྗོད་ན་རྒྱུ་མཚན་ཡང་དག་ཏུ་འགྲོ་བ་ཡིན་ནོ། །བཞི་བརྒྱ་པའི་འགྲེལ་པར་ཡང༌། སྟོང་པ་ཉིད་རང་གི་ངོ་བོས་གྲུབ་པ་འགོག་པ་ཡིན་པར་གསུངས་ཏེ། ཇི་སྐད་དུ། གལ་ཏེ་སྟོང་པ་ཉིད་ཅེས་བྱ་བ་རང་གི་ངོ་བོས་གྲུབ་པ་འགའ་ཞིག་ཡོད་ན་ནི་དངོས་


JLD013_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་རང་བཞིན་དང་བཅས་པར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། སྟོང་མིན་མེད་པར་སྟོང་པ་ནི། །གང་ལས་འབྱུང་བ་ཉིད་དུ་འགྱུར། །ཇི་ལྟ་བུར་ན་ཅིག་ཤོས་ནི། །མེད་པར་གཉེན་པོ་འབྱུང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟ་མ་ཡིན་པར་རང་བཞིན་མེད་པའི་སྟོང་ཉིད་ཡོད་པ་འགོག་ན་རང་བཞིན་མེད་པ་མེད་པར་འགྱུར་ལ། དེ་ལྟ་ན་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་པར་འགྱུར་བས། རང་བཞིན་རྣམ་པ་ཐམས་ཅད་དུ་འགོག་ཏུ་མི་རུང་ངོ་། །དེ་ལྟར་ཡང༌རྩོད་ཟློག་ལས། གལ་ཏེ་རང་བཞིན་མེད་ཉིད་ཀྱིས། །ཇི་སྟེ་རང་བཞིན་མེད་ལ་བཟློག །རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་གྲུབ་པར་འགྱུར། །ཞེས་པའི་རང་འགྲེལ་ལས། ཇི་ལྟར་སྒྲ་མ་འབྱིན་ཞེས་བྱ་བ་ལྟ་བུ་སྒྲས་སྒྲ་ཟློག་པར་བྱེད་པ་དེ་བཞིན་དུ། གལ་ཏེ་ཚིག་རང་བཞིན་མེད་པ་ཉིད་ཀྱིས་དངོས་པོ་རང་བཞིན་མེད་པ་རྣམས་ལ་ཟློག་པར་བྱེད་ན་ནི། དེས་ན་དཔེ་འདི་འཐད་པར་ཡང་འགྱུར་བ་ཞིག་ན། འདི་ནི་ཚིག་རང་བཞིན་མེད་པ་ཉིད་ཀྱིས་དངོས་པོ་རྣམས་ཀྱི་རང་བཞིན་འགོག་པར་བྱེད་དོ། །གལ་ཏེ་ཚིག་རང་བཞིན་མེད་པ་ཉིད་ཀྱིས་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་འགོག་པར་བྱེད་ན་ནི། རང་བཞིན་མེད་པ་ཉིད་བཀག་པ་ཉིད་ཀྱི་ཕྱིར། དངོས་པོ་རྣམས་རང་བཞིན་དང་བཅས་པར་འགྱུར་ལ། རང་བཞིན་དང་བཅས་པའི་ཕྱིར་སྟོང་པ་མ་ཡིན་པར་འགྱུར་རོ། །ཞེས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ། །དེས་ན་སྔར་རྩ་ཤེའི་ལུང༌། སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་པའི་དེ་མ་ཐག་ཏུ། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་


JLD013_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་པའི་སྟོང་པ་ཉིད་དུ་ལྟ་བ་ཞེས་པའང་རང་བཞིན་གྱིས་སྟོང་ངོ་སྙམ་དུ་ལྟ་བ་ལ་མི་ཟེར་གྱི། རང་བཞིན་གྱིས་སྟོང་པའི་སྟོང་པ་ལ་བདེན་པར་བཟུང་བའམ་དངོས་པོར་ལྟ་བ་ལ་གསུངས་པ་ཡིན་ཏེ། བུད་དྷ་པཱ་ལི་ཏ་ལས། གང་དག་དངོས་པོ་རྣམས་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་ཡིན་ནོ་ཞེས་མངོན་པར་ཞེན་པ་དེ་དག་ལ། སྟོང་པ་ཉིད་ཅེས་བརྗོད་པ་རྟེན་ཅིང་འབྲེལ་པར་འབྱུང་བ་འདིས་རྒྱུ་དང་རྐྱེན་གྱི་དབང་གིས་དངོས་པོར་གདགས་པ་ཡིན་གྱི། དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །ཞེས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་དུ་རབ་ཏུ་བསྟན་པ་ན་མངོན་པར་ཞེན་པ་དེ་བཟློག་པར་ནུས་ཀྱི། གང་དག་སྟོང་པ་ཉིད་ལ་དངོས་པོ་ཉིད་དུ་མངོན་པར་ཞེན་པ་དེ་དག་ལ་ནི། གཞན་གང་གིས་ཀྱང་མངོན་པར་ཞེན་པ་དེ་བཟློག་པར་མི་ནུས་ཏེ། དཔེར་ན་ཅི་ཡང་མེད་དོ་ཞེས་སྨྲས་པ་ན་ཅི་ཡང་མེད་པ་དེ་ཉིད་བྱིན་ཅིག་ཅེས་ཟེར་བ་གང་ཡིན་པ་དེ་ལ། མེད་པ་ཉིད་འཛིན་དུ་གཞུག་པར་ཇི་ལྟར་ནུས་པ་བཞིན་ཏེ། ཞེས་དཔེ་དང་བཅས་ཏེ་གསལ་བར་གསུངས་པའི་ཕྱིར་རོ། །དེ་ལྟར་མ་བྱས་ན་དཔེ་ཡང་མི་འགྲིག་སྟེ། ཁ་ཅིག་གིས་འགའ་ལ་ནོར་བསླང་ཞེས་བརྗོད་པ་ན་ནོར་མེད་ཅེས་བརྗོད་པའི་ཚེ། འདི་ལ་ནོར་མི་འདུག་གོ་སྙམ་དུ་འཛིན་པ་སྐྱོན་མ་ཡིན་གྱི། ནོར་མེད་པ་དེ་ལ་ནོར་དུ་བཟུང་ན་དེའི་ཚེ་ནོར་མེད་པར་ངེས་པ་སྐྱེ༌ས་མེད་པ་ལྟར། དངོས་པོ་རྣམས་ལ་རང་བཞིན་ཡོད་མེད་འདྲི་བ་ལ་རང་བཞིན་མེད་


JLD013_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་བརྗོད་པ་ན། རང་བཞིན་མེད་དོ་སྙམ་དུ་བཟུང་ན་སྨྲ་བ་པོས་དེ་བསྐྱེད་པར་འདོད་པས་དེ་སྐྱོན་ག་ལ་ཡིན། འོན་ཀྱང་དངོས་པོའི་རང་བཞིན་མེད་པ་དེ་ཉིད་ལ་རང་བཞིན་དུ་བཟུང་ན་སྐྱོན་ཡིན་ནོ། །ཁྱེད་ལྟར་ན། ནོར་མེད་ཅེས་བརྗོད་པའི་ཚེ་ནོར་མེད་སྙམ་དུ་བཟུང་ནའང་དགག་དགོས་ཞེས་པར་འགྱུར་བས། ཁོ་བོ་ཅག་གིས་བརྗོད་པ་ལ་བརྟེན་ན་མཛེས་སོ། །ཚིག་གསལ་དུའང་སྟོང་ཉིད་ལ་དངོས་པོར་ཞེན་པ་ལ་གསུངས་པས་ན་སྟོང་པ་ཉིད་འགོག་པའང་མ་ཡིན་ལ། སྟོང་པ་ཉིད་དུ་བལྟ་བ་ཙམ་ལ་སྐྱོན་ཡོད་པའང་མ་ཡིན་ནོ། །དེས་ན་སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། བདག་དང་བདག་མེད་བལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །ཅེས་གསུངས་ཤིང༌། གཞན་ཡང་གསུང་རབ་དང་བསྟན་བཅོས་ནས་སྟོང་པ་དང་བདག་མེད་པར་བལྟ་བ་རྣམས་མི་རུང་བར་གསུངས་པ་རྣམས་ཀྱང་སྔར་བཤད་པ་ལྟར་ཤེས་དགོས་ཏེ། དེ་ལྟ་མ་ཡིན་ན། ཤཱ་རིའི་བུས་སྤྱན་རས་གཟིགས་ལ་ཤེར་ཕྱིན་ཟབ་མོ་ལ་སྤྱོད་པར་འདོད་པས་ཇི་ལྟར་བསླབ་པར་བྱ་བ་དྲིས་པའི་ལན་དུ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་དང༌། སྡུད་པ་ལས་ཀྱང༌། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང༌། འཇུག་པ་ལས་ཀྱང༌། དེ་ཕྱིར་བདག་དང་བདག་གིས་སྟོང་


JLD013_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བས། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་གསུངས་པ་སོགས་ཤིན་ཏུ་མང་བས་དེ་དག་དང་འགལ་བར་འགྱུར་རོ། །དེས་ན་རྒུད་པ་ཐམས་ཅད་ཀྱི་རྩ་བ་ནི་རང་བཞིན་སྒྲོ་འདོགས་པའི་མ་རིག་པ་ཡིན་ལ། དེ་དང་འཛིན་སྟངས་དངོས་སུ་འགལ་བའི་སྒོ་ནས་དེ་དྲུངས་འབྱིན་པ་ནི་རང་བཞིན་མེད་པའམ་བདག་མེད་པ་རྟོགས་པའི་ཤེས་རབ་ཉག་གཅིག་ཡིན་ན། དེའི་འཛིན་སྟངས་སུན་འབྱིན་ན་དེ་ཁོ་ན་ཉིད་ཀྱི་ལྟ་བ་བཀག་པ་ནི་མི་འདོད་བཞིན་དུའང་ཁས་བླང་དགོས་ཏེ། ཞི་སྒོ་གཉིས་པ་མེད་པ་དང༌། །ཞེས་པའི་བཞི་བརྒྱ་པའི་འགྲེལ་པ་ལས། ཆགས་པ་ཡོངས་སུ་ཟད་པ་ནི་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུ་ཡིན་ལ། རང་བཞིན་མེད་པར་བལྟ་བ་ལས་མ་གཏོགས་པར་ཆོས་འགའ་ཞིག་དེ་ལྟར་ཆགས་པ་ཡོངས་སུ་ཟད་པའི་རྒྱུ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་བདག་མེད་པ་འདི་ནི་ཞི་བའི་སྒོ་གཉིས་པ་མེད་པར་འགྱུར་ཏེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱ་བ་ལ་འདི་གཅིག་པུ་ཁོ་ན་ཟླ་མེད་པའི་སྒོ་ཡིན་ནོ། །གལ་ཏེ་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཞེས་བྱ་བ་རྣམ་པར་ཐར་པའི་སྒོ་གསུམ་ཡོད་མོད་ཀྱི། དེ་ལྟ་ནའང་བདག་མེད་པར་ལྟ་བ་ཁོ་ན་གཙོ་བོ་ཡིན་ཏེ། ཆོས་མ་ལུས་པ་བདག་མེད་པར་རིག་ཅིང་དངོས་པོ་ཐམས་ཅད་ལ་ཆགས་པ་མ་ལུས་པར་ཟད་པ་ལ་འགར་ཡང་འགའ་ཞིག་གི་དོན་དུ་གཉེར་བའམ་མཚན་མར་དམིགས་པ་ག་ལ་ཡོད།


JLD013_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་བདག་མེད་པ་འདི་ནི་ཞི་བའི་སྒོ་གཉིས་པ་མེད་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་ཚོགས་ལས། རང་བཞིན་མེད་པས་སྟོང་ལ་སྟོང་པ་ནི། །ཡིན་དང་མཚན་མས་ཅི་ཞིག་བྱེད་པར་འགྱུར། །མཚན་མ་ཐམས་ཅད་ལོག་པར་འགྱུར་བའི་ཕྱིར། །མཁས་པས་ཅི་སྟེ་སྨོན་ལམ་འདེབས་པར་འགྱུར། །ཞེས་བཤད་དོ། །ཞེས་རྣམ་པར་ཐར་པའི་སྒོ་གསུམ་བཤད་པ་དང་རང་བཞིན་གྱིས་སྟོང་པར་བལྟ་བའི་ལྟ་བ་ཉག་གཅིག་ཐར་པའི་སྒོར་བཤད་པའི་འགལ་བ་སྤངས་ནས། ལུང་དང་རིགས་པས་དེ་ཉིད་ཐར་པའི་སྒོར་བསྒྲུབས་སོ། །རང་བཞིན་རྣམ་པར་བཅད་པ་ཙམ་གྱིས་ཡུལ་དེ་སུན་དབྱུང་ཡང་ཅི་དགོས་ཏེ། དེ་ལྟར་རྟོགས་པ་དེ་ནི་བདག་གཉིས་སུ་མཚན་མར་འཛིན་པའི་གཉེན་པོ་ཡིན་གྱི། དེ་ལ་མཚན་མར་འཛིན་པའི་དྲི་ཙམ་ཡང་མེད་པའི་ཕྱིར་རོ། །འདི་འདྲ་བའི་རྟོག་པ་ལའང་སྐྱོན་དུ་བལྟས་ནས་བཟང་རྟོག་དང་ངན་རྟོག་གང་ཡིན་ཀྱང་འགོག་ན་ནི། རྒྱ་ནག་གི་མཁན་པོ་ཧྭ་ཤང་གི་གཞུང་འཛུགས་འདོད་པར་གསལ་བ་ཡིན་ནོ། །གཉིས་པ་དགག་བྱ་ངོས་འཛིན་ཁྱབ་ཆུངས་པ་དགག་པ་ནི། ཁ་ཅིག་ན་རེ། དགག་བྱ་ནི་རང་བཞིན་ཡིན་ལ། དེ་ཡང་ཁྱད་པར་གསུམ་དང་ལྡན་པ་སྟེ། ངོ་བོ་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་དང་། གནས་སྐབས་གཞན་དུ་མི་འགྱུར་བ་དང་། རྣམ་འཇོག་གཞན་ལ་མི་ལྟོས་པའོ། །དེ་ཡང་དབུ་མའི་རྩ་བ་ལས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་ན་ནི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་བལྟོས་


JLD013_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །སྤྱིར་མྱུ་གུ་ལ་སོགས་པའི་ཕྱི་ནང་གི་དངོས་པོ་རྣམས་རང་བཞིན་དེ་འདྲ་བ་ཞིག་ཏུ་གྲུབ་པར་འདོད་ན་དབུ་མ་པས་དགག་པར་བྱ་དགོས་མོད་ཀྱང་། འདིར་དགག་བྱ་ངོས་འཛིན་པ་ནི། གང་ཞིག་བཀག་ན་ཆོས་རྣམས་རང་བཞིན་མེད་པ་ཉིད་དུ་རྟོགས་པའི་དབུ་མའི་ལྟ་བ་རྒྱུད་ལ་སྐྱེ་བའི་དགག་བྱའི་རྩ་བ་དེ་ངོས་འཛིན་པ་ཡིན་ནོ། །དེ་ལྟར་ན་འདུས་བྱས་རྣམས་རྒྱུ་རྐྱེན་གྱིས་བསྐྱེད་པ་དང་གཞན་དུ་འགྱུར་བ་ནི་རང་གི་སྡེ་པ་རྣམས་ཀྱིས་གྲུབ་ཟིན་པས། དེ་དག་ལ་རང་བཞིན་མེད་པ་བསྒྲུབ་མི་དགོས་པར་འགྱུར་བ་དང༌། དེ་དག་གིས་ཀྱང་དངོས་པོ་རྣམས་རང་བཞིན་མེད་པར་རྟོགས་པར་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པས། དེ་ཐུན་མོང་མ་ཡིན་པའི་དགག་བྱ་ག་ལ་ཡིན། རང་གི་ངོ་བོས་གྲུབ་པའི་རང་བཞིན་དུ་གྲུབ་ན་རྒྱུ་རྐྱེན་ལ་མི་བལྟོས་པ་དང་གཞན་དུ་མི་འགྱུར་བ་སོགས་སུ་འགྱུར་དགོས་སོ་ཞེས་འཕངས་པ་ནི་དབུ་མའི་གཞུང་རྣམས་སུ་དུ་མ་ཞིག་ཡོད་ཀྱང་། དེ་དག་ནི་ཁྱབ་བྱེད་ཀྱི་ངོས་ནས་སྐྱོན་བརྗོད་པ་ཡིན་གྱི། དགག་བྱ་རང་གི་ངོ་བོའི་སྒོ་ནས་ངོས་བཟུང་བ་མིན་ནོ། །གཞན་ཡང་དོན་དམ་པར་དང་ཡང་དག་པར་གྲུབ་པ་དང་བདེན་པར་གྲུབ་ནའང་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་སོགས་སུ་འགྱུར་དགོས་ནའང་། དེ་དག་ནི་དོན་དམ་པར་གྲུབ་པ་སོགས་ཀྱི་དོན་མིན་ཏེ། དཔེར་ན་བུམ་པ་ལ་མི་རྟག་པས་ཁྱབ་ཀྱང་མི་རྟག་པ་བུམ་པའི་དོན་དུ་མི་རུང་གི། ལྟོ་ལྡིར་བ་དེའི་དོན་དུ་བཞག་དགོས་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་གྲུབ་པ་སོགས་ཡིན་ན་ཆ་མེད་པའི་དངོས་པོར་འགྱུར་དགོས་ནའང་། ཆ་མེད་ཀྱི་དངོས་པོ་


JLD013_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རྩ་བའི་དགག་བྱར་མི་འདོད་དེ། དེ་ནི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་འཛིན་པས་བཏགས་པ་ཙམ་ཡིན་པས། འཛིན་པ་དེ་ལུས་ཅན་འཁོར་བར་འཆིང་བའི་རྩ་བ་མིན་པའི་ཕྱིར་དང༌། དེ་དག་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམས་ཀྱང་ཐོག་མ་མེད་པའི་མ་རིག་པའི་འཛིན་པ་ལ་ཅི་ཡང་མི་གནོད་པས། དེ་དག་གི་དོན་མངོན་སུམ་དུ་རྟོགས་པ་མཐར་ཐུག་ཀྱང་ལྷན་སྐྱེས་ཀྱི་ཉོན་མོངས་རྣམས་ལྡོག་པར་མི་འགྱུར་བའི་ཕྱིར་རོ། །དེས་ན་ལྟ་བས་གཏན་ལ་འབེབས་པའི་དུས་སུ་ལྷན་སྐྱེས་ཀྱི་མ་རིག་པས་ཇི་ལྟར་བཟུང་བའི་དོན་མེད་པར་གཏན་ལ་འབེབས་པ་གཙོ་བོར་བཟུང་ནས། དེའི་ཡན་ལག་ཏུ་ཀུན་བརྟགས་ཀྱི་འཛིན་པའི་ཡུལ་རྣམས་སུན་འབྱིན་པ་མ་ཤེས་པར། ལྷན་སྐྱེས་ཀྱི་མ་རིག་པའི་འཛིན་སྟངས་སུན་འབྱིན་པ་དོར་ནས་གང་ཟག་གི་བདག་འགོག་པ་ན་རྟག་གཅིག་རང་དབང་ཅན་གྱི་བདག་དང༌། ཆོས་ཀྱི་བདག་འགོག་པ་ན་གཟུང་བ༌རྡུལ་ཕྲན་ཆ་མེད་དང་། འཛིན་པ་སྐད་ཅིག་ཆ་མེད་དང་། རང་བཞིན་ཁྱད་པར་གསུམ་ལྡན་ལ་སོགས་པ་གྲུབ་མཐའ་སྨྲ་བ་ཁོ་ནས་བཏགས་པ་རྣམས་འགོག་པ་ནི་རྣམ་པ་ཐམས་ཅད་དུ་མི་རུང་སྟེ། དེ་ལྟ་མིན་ན་ལྟ་བས་གཏན་ལ་འབེབས་པའི་དུས་སུ་དེ་ཙམ་ཞིག་ལས་གཏན་ལ་མ་ཕབ་པས་བསྒོམ་པའི་ཚེ་ཡང་དེ་ཙམ་ཞིག་སྒོམ་དགོས་ཏེ། ལྟ་བས་གཏན་ལ་འབེབས་པ་ནི་བསྒོམ་པའི་དོན་དུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བསྒོམས་ནས་མངོན་དུ་གྱུར་པ་དང་གོམས་པ་དེ་མཐར་ཐུག་ནའང་དེ་ཙམ་ཞིག་ཏུ་ཟད་ལ། དེ་ལྟར་ཀུན་བརྟགས་ཀྱི་འཛིན་པས་བཏགས་པ་ཙམ་གྱི་བདག་གཉིས་མེད་པར་མཐོང་


JLD013_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

བས། ལྷན་སྐྱེས་ཀྱི་ཉོན་མོངས་རྣམས་ལྡོག་པར་འདོད་ན་ཧ་ཅང་ཐལ་ཏེ། འཇུག་པ་ལས། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང༌། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །ཞེས་གསུངས་ཤིང༌། འགྲེལ་པ་ལས་ཀྱང༌། ཕན་ཚུན་འབྲེལ་པ་མེད་པའི་དོན་འདི་ཉིད་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་བཤད་པ། རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པ་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་གསུངས་ཏེ། འདི་གང་ཟག་གི་བདག་མེད་ལ་གསུངས་ཀྱང་ཆོས་ཀྱི་བདག་མེད་ལའང་མཚུངས་ཏེ། བདག་མེད་རྟོགས་ཚེ་ཀུན་བརྟགས་བདག་སྤོང་ཞིང༌། །འདི་ནི་མ་རིག་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་མ་རིག་པ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །ཞེས་སྦྱར་རོ། །འོ་ན་སློབ་དཔོན་གྱིས་སྔར་བཤད་པ་ལྟར་མ་བཅོས་པ་དང་གཞན་ལ་བལྟོས་པ་མེད་པ་རང་བཞིན་གྱི་མཚན་ཉིད་དུ་གསུངས་པ་དེ་བརྟག་པ་མཐའ་བཟུང་གི་སྒོ་ནས་གསུངས་སམ་རང་བཞིན་དེ་འདྲ་བ་ཞིག་ཡོད་པ་ཡིན་ཞེ་ན། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་གསུངས་པ་དེ་ལ་རང་བཞིན་ཞེས་བཞག་པ་ཡིན་ཏེ། བཅོས་མ་མིན་པ་དང་གཞན་ལ་རག་ལས་པ་མིན་པའོ། །དེ་ནི་ཡོད་དེ། འཇུག་འགྲེལ་ལས། ཁྱད་པར་དུ་མཛད་པ་རྣམ་པ་དེ་ལྟ་བུའི་རང་བཞིན་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་ཞིག་ཡོད་དམ་ཞེ་ན། གང་གི་དབང་དུ་མཛད་ནས་བཅོམ་


JLD013_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ། །ཞེས་རྒྱས་པར་གསུངས་པ་ཆོས་ཉིད་ཅེས་བྱ་བ་ནི་ཡོད་དོ། །ཆོས་ཉིད་ཅེས་བྱ་བ་འདི་ཡང་ཅི་ཞིག །མིག་ལ་སོགས་པ་འདི་དག་གི་རང་བཞིན་ནོ། །དེ་དག་གི་རང་བཞིན་ཡང་གང་ཞིག་ཅེ་ན། དེ་དག་གི་བཅོས་མ་མ་ཡིན་པ་ཉིད་དང་གཞན་ལ་ལྟོས་པ་མེད་པ་གང་ཡིན་པ་སྟེ་མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་པས་རྟོགས་པར་བྱ་བའི་རང་གི་ངོ་བོའོ། །ཇི་དེ་ཡོད་དམ་མེད་དོ་ཞེས་དེ་སྐད་སུ་སྨྲ། གལ་ཏེ་མེད་ན་ནི་ཅིའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པའི་ལམ་སྒོམ་པར་འགྱུར་ཏེ། གང་གི་ཕྱིར་ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་དཀའ་བ་བརྒྱ་ཕྲག་རྩོམ་པ་ཡིན་ནོ། །ཞེས་མདོའི་ཤེས་བྱེད་དང་བཅས་པས་བསྒྲུབས་སོ། །འོ་ན་སྔར་ཆོས་ཐམས་ཅད་ལ་རང་བཞིན་གྲུབ་པ་མ་བཀག་གམ་སྙམ་ན། ནང་གི་བློས་བཏགས་པ་མིན་པའི་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ནི་རྡུལ་ཙམ་ཡང་མེད་དོ་ཞེས་ཁོ་བོ་ཅག་གིས་ལན་དུ་མར་མ་སྨྲས་སམ། དེས་ན་དེ་འདྲ་བའི་རང་བཞིན་དུ་ནི་ཆོས་གཞན་རྣམས་ལྟ་ཅི་སྨོས། ཆོས་ཉིད་དོན་དམ་པའི་བདེན་པ་དེ་ཡང་གྲུབ་པ་ཅུང་ཟད་ཀྱང་མེད་དེ། ཚིག་གསལ་ལས། དུས་གསུམ་དུའང་མེ་ལ་མི་འཁྲུལ་བ་གཉུག་མའི་ངོ་བོ་མ་བཅོས་པ་གང་ཞིག་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བ་མ་ཡིན་པ་གང་ཞིག་ཆུའི་ཚ་བའམ་ཚུ་རོལ་དང་ཕ་རོལ་ལམ་རིང་པོ་དང་ཐུང་ངུ་ལྟར་རྒྱུ་དང་རྐྱེན་ལ་བལྟོས་པ་དང་བཅས་པར་མ་གྱུར་པ་གང་ཡིན་པ་དེ་རང་


JLD013_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡིན་པར་བརྗོད་དོ། །ཅི་མེའི་རང་གི་ངོ་བོ་དེ་ལྟ་བུར་གྱུར་པ་དེ་ཡོད་དམ་ཞེ་ན། དེ་ནི་རང་གི་ངོ་བོས་ཡོད་པའང་མ་ཡིན་ལ་མེད་པའང་མ་ཡིན་ནོ། །དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་ཉན་པ་པོ་རྣམས་ཀྱི་སྐྲག་པ་སྤང་བར་བྱ་བའི་ཕྱིར་སྒྲོ་བཏགས་ནས་ཀུན་རྫོབ་ཏུ་དེ་ཡོད་དོ་ཞེས་བརྗོད་པར་བྱའོ། །ཞེས་རང་བཞིན་དེ་ཡང་རང་གི་ངོ་བོས་གྲུབ་པ་བཀག་ནས་ཐ་སྙད་དུ་ཡོད་པར་གསུངས་སོ། །གལ་ཏེ་ཉན་པ་པོའི་སྐྲག་པ་སྤང་བའི་ཕྱིར་དུ་སྒྲོ་བཏགས་ནས་བསྟན་པར་གསུངས་པས་ཡོད་པར་མི་བཞེད་དོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། དགོས་པ་དེའི་ཕྱིར་དུ་བཏགས་ནས་གསུངས་པ་ནི་ཆོས་གཞན་རྣམས་ཀྱང་ཡིན་པས་དེ་དག་ཀྱང་མེད་པར་འགྱུར་རོ། །གོང་དུ་དྲངས་པ་ལྟར་དོན་དེ་མེད་ན་ཚངས་སྤྱོད་དོན་མེད་དུ་ཐལ་བའི་གནོད་པ་བརྗོད་ནས་བསྒྲུབས་ཤིང༌། ཡང་འཇུག་འགྲེལ་ལས། རང་བཞིན་འདི་ནི་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་དོན་འདི་ཁས་ལེན་དུ་གཞུག་པར་ནུས་པས་རང་བཞིན་འདི་ནི་གཉིས་ཀ་ལ་གྲུབ་པ་ཉིད་དུའང་རྣམ་པར་བཞག་གོ །ཞེས་གསུངས་པའི་ཕྱིར་རོ། །གཞན་དུ་ན་དབུ་མ་པའི་ལུགས་ལ་གྲོལ་བ་ཐོབ་པ་མི་སྲིད་པར་འདོད་དགོས་ཏེ། མྱ་ངན་ལས་འདས་པ་ཐོབ་པ་ནི་མྱང་འདས་དེ་མངོན་སུམ་དུ་བྱས་པ་ཡིན་ལ། མྱང་འདས་དེ་ཡང་འགོག་པའི་བདེན་པར་བཤད་ཅིང་། དེ་ཡང་དོན་དམ་པའི་བདེན་པར་གསུངས་པའི་ཕྱིར་དང་། དོན་དམ་པའི་བདེན་པ་མེད་པའི་ཕྱིར་རོ། །མྱང་འདས་


JLD013_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་ཚེ་ནི་དོན་དམ་པ་འགོག་པའི་བདེན་པ་མངོན་སུམ་དུ་བྱ་དགོས་པར་རིགས་པ་དྲུག་ཅུ་པའི་འགྲེལ་པར་འབད་པ་དུ་མས་བསྒྲུབས་སོ། །དེ་ལྟར་ན་མིག་ལ་སོགས་པའི་འདུས་བྱས་འདི་དག་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་དུའང་མ་གྲུབ་ལ། ཆོས་ཉིད་ལ་རང་བཞིན་དུ་བཞག་པ་དེར་ཡང་མ་གྲུབ་པས་རང་བཞིན་གང་དུའང་མ་གྲུབ་པ་དང་། དོན་དམ་པའི་བདེན་པ་ནི་ཆོས་ཉིད་ལ་རང་བཞིན་དུ་བཞག་པ་དེར་གྲུབ་ཀྱང་། རང་བཞིན་དེར་འཇོག་བྱེད་བཅོས་མ་མིན་པ་དང༌གཞན་ལ་མི་ལྟོས་པ་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་དེར་ཅུང་ཟད་ཀྱང་མེད་པས་ཐ་སྙད་དུ་གྲུབ་པ་ཙམ་མོ། །བཅོས་མ་ནི་སྔར་མེད་གསར་དུ་འབྱུང་བའི་བྱས་པ་དང་། གཞན་ལ་བལྟོས་པ་ནི་རྒྱུ་རྐྱེན་ལ་བལྟོས་པའོ། །གཟུགས་སོགས་རྣམས་རང་བཞིན་གཉིས་གང་དུའང་མ་གྲུབ་པས། ཆོས་ཉིད་ལ་རང་བཞིན་དུ་བྱས་པའི་རང་བཞིན་དེ་བལྟ་བའི་ཕྱིར་དུ་ལམ་བསྒོམ་པས་ན་ཚངས་སྤྱོད་ཀྱང་དོན་མེད་དུ་མི་འགྱུར་བར་གསུངས་ཤིང༌། ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་གཏན་མི་འདོད་པ་དང་གློ་བུར་དུ་རང་བཞིན་ཁས་བླངས་པ་གཉིས་མི་འགལ་བར་བཤད་དེ། འཇུག་འགྲེལ་ལས། ཀྱེ་མ་མ་ལ་གང་ཞིག་དངོས་པོ་ཅུང་ཟད་ཀྱང་མི་འདོད་ཅིང་། གློ་བུར་དུ་བཅོས་མ་མ་ཡིན་པ་དང་གཞན་ལ་ལྟོས་པ་མེད་པའི་རང་བཞིན་ཡང་འདོད་པ་ཁྱོད་ནི་ཕན་ཚུན་འགལ་བའི་དོན་བརྗོད་པ་ཞིག་གོ །བརྗོད་པར་བྱ་སྟེ། ཁྱོད་ཀྱིས་བསྟན་བཅོས་ཀྱི་དགོངས་པ་མ་རིག་པ་ཞིག་སྟེ། འདི་ཡི་དགོངས་པ་ནི། གལ་ཏེ་མིག་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་རྟེན་ཅིང་འབྲེལ་པར་འབྱུང་བ་བྱིས་པ་


JLD013_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་སྐྱེ་བོས་གཟུང་བར་བྱ་བ་གང་ཡིན་པ་འདི་ཉིད་དེ་རྣམས་ཀྱི་རང་བཞིན་ཡིན་ན་ནི། རང་བཞིན་དེ་ཕྱིན་ཅི་ལོག་ཏུ་གྱུར་པས་ཀྱང་རྟོགས་པའི་ཕྱིར། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ན། གང་གི་ཕྱིར་འདི་ཉིད་རང་བཞིན་མ་ཡིན་པ་དེའི་ཕྱིར་དེ་བལྟ་བའི་དོན་དུ་ཚངས་པར་སྤྱོད་པ་དོན་དང་བཅས་པར་འགྱུར་རོ། །དེ་ཡང་བདག་གིས་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་བཅོས་མ་མིན་པ་དང་གཞན་ལ་མི་ལྟོས་པ་ཉིད་དུ་བརྗོད་དོ། །གང་ཞིག་བྱིས་པའི་སྐྱེ་བོས་བལྟ་བར་བྱ་བ་མ་ཡིན་པ་དེ་ཉིད་ནི་རང་བཞིན་ཡིན་པར་རིགས་ལ། དེ་ཙམ་གྱིས་དོན་དམ་པ་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པའང་མ་ཡིན་ཏེ། དེ་ནི་རང་བཞིན་གྱིས་ཞི་བ་ཉིད་ཡིན་བའི་ཕྱིར་རོ། །ཞེས་གསུངས་སོ། །འདིར་དངོས་པོ་ཡོད་མེད་ནི་སྔར་གཉིས་སུ་སྨྲ་བའི་སྐབས་སུ་བཤད་པ་ལྟར་རང་གི་ངོ་བོས་ཡོད་པ་དང་ཡེ་མེད་ཡིན་ནོ། །ད་ལྟ་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་དུ་གྲུབ་པ་རྡུལ་ཙམ་ཡང་མེད་པར་གཏན་ལ་ཕབ་པའི་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་ནི། གཟུགས་སོགས་ཀྱི་ཆོས་འདི་དག་ཁྱད་གཞིར་བྱས་པའི་སྟེང་དུ་ཁྱད་ཆོས་སུ་ཡོད་པས་བློ་གཅིག་གི་ཡུལ་ན་དེ་གཉིས་ཀ་ཡོད་པ་མི་འགལ་ཞིང་གཉིས་སྣང་དེ་མ་ལོག་པས་སྟོང་ཉིད་དེ་དོན་དམ་བདེན་པ་བཏགས་པ་བར་འགྱུར་རོ། །གང་གི་ཚེ་རང་བཞིན་མེད་པར་རྟོགས་པའི་ལྟ་བ་དེ་ཉིད་གོམས་པས་དོན་དེ་མངོན་སུམ་དུ་རྟོགས་པའི་ངོར་ནི་རང་བཞིན་མེད་བཞིན་དུ་རང་བཞིན་དུ་སྣང་བའི་འཁྲུལ་སྣང་ཐམས་ཅད་ལྡོག་པས་ན། ཆོས་ཉིད་དེ་མངོན་སུམ་དུ་བྱས་པའི་ཤེས་པས་


JLD013_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་གཟུགས་སོགས་དེ་མི་དམིགས་པས། དེ་ལྟ་བུའི་ཆོས་ཉིད་དང་ཆོས་ཅན་གཉིས་བློ་དེའི་ངོ་ན་མེད་པས་དེ་གཉིས་ཆོས་ཉིད་དང་ཆོས་ཅན་དུ་འཇོག་པ་ནི་ཐ་སྙད་པའི་བློ་གཞན་ཞིག་གི་ངོས་ནས་བཞག་དགོས་སོ། །དེ་ལྟར་ན་དོན་དམ་པའི་བདེན་པ་ནི་རང་གི་ངོ་བོས་གྲུབ་པའི་སྤྲོས་པ་ཐམས་ཅད་ཞི་བའི་སྟེང་དུ་རང་བཞིན་མེད་བཞིན་དུ་དེར་སྣང་བའི་འཁྲུལ་སྣང་གི་སྤྲོས་པ་ཐམས་ཅད་ཀྱང་རྣམ་པར་ལོག་པ་ཙམ་ལ་འཇོག་པས། དེ་ཁས་བླངས་ཀྱང་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཁས་བླང་ག་ན་དགོས། ཚིག་གསལ་ལས་ཀྱང༌། དངོས་པོའི་རྣམ་པ་མ་རིག་པའི་རབ་རིབ་ཀྱི་མཐུས་དམིགས་པ་ནི་མ་གཟིགས་པའི་ཚུལ་གྱིས་བདག་ཉིད་གང་གིས་འཕགས་པ་མ་རིག་པའི་རབ་རིབ་དང་བྲལ་བ་རྣམས་ཀྱི་ཡུལ་དུ་འགྱུར་ཏེ། ངོ་བོ་དེ་ཉིད་དེ་དག་གི་རང་བཞིན་དུ་རྣམ་པར་བཞག་གོ །ཞེས་དང༌། དངོས་པོ་རྣམས་ཀྱི་རང་བཞིན་དུ་གྱུར་པ་སྐྱེ་བ་མེད་པ་དེ་ཡང་ཅི་ཡང་མ་ཡིན་པ་ཉིད་ཀྱིས་དངོས་པོ་མེད་པ་ཙམ་ཡིན་པས་ངོ་བོ་མེད་པའི་ཕྱིར། དངོས་པོའི་རང་བཞིན་དུ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །གང་དག་དོན་དམ་པའི་བདེན་པ་དགག་བྱ་བདག་གཉིས་ལ་སོགས་པའི་སྤྲོས་པ་རྣམ་པར་བཅད་པ་ཙམ་ལ་མི་འཇོག་པར་སྔོ་སེར་ལ་སོགས་པ་ལྟར། ཡིན་ལུགས་རྟོགས་པའི་བློ་མ་འཁྲུལ་བའི་ཡུལ་དུ་རང་དབང་དུ་གྲུབ་པའི་ཚུལ་གྱིས་འཆར་བ་དང་དེ་ལྟར་ཡོད་པར་ངེས་པ་ནི་ཟབ་མོའི་དོན་རྟོགས་པའི་ལྟ་བ་ཡིན་པར་འདོད་ཅིང༌། སེམས་ཅན་རྣམས་ཀྱིས་གང་ལ་བདག་གཉིས་


JLD013_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཞེན་པའི་གཞི་ཕྱི་ནང་གི་ཆོས་འདི་རྣམས་རང་བཞིན་མེད་པར་རྟོགས་པ་ནི་ཡང་དག་པའི་ལྟ་བའི་གོལ་སར་འདོད་པ་ནི། ཐེག་པ་ཆེ་ཆུང་གི་གསུང་རབ་ཐམས་ཅད་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། སེམས་ཅན་ཐམས་ཅད་འཁོར་བར་འཆིང་བའི་རྩ་བ་བདག་ཏུ་འཛིན་པ་ལྡོག་དགོས་པར་ནི་འདོད་ལ། དེས་བདག་ཏུ་བཟུང་བའི་གཞི་དེ་རང་བཞིན་མེད་པར་རྟོགས་པས་དེ་མི་ལྡོག་པར། དེ་དང་འབྲེལ་མེད་ཀྱི་ཆོས་གཞན་ཞིག་བདེན་པར་ཡོད་པར་རྟོགས་པས་བདག་ཏུ་འཛིན་པ་ལྡོག་པར་འདོད་པའི་ཕྱིར་རོ། །འདི་ནི་དཔེར་ན་ཤར་ཕྱོགས་ན་སྦྲུལ་མེད་བཞིན་དུ་ཡོད་པར་བཟུང་ནས་སྐྲག་སྟེ་སྡུག་བསྔལ་བར་གྱུར་པའི་སྡུག་བསྔལ་ལྡོག་པ་ལ། ཤར་ཕྱོགས་སུ་སྦྲུལ་ཅུང་ཟད་ཀྱང་མ་གྲུབ་བོ་སྙམ་དུ་བཟུང་བས་སྦྲུལ་འཛིན་དེ་མི་ལྡོག་གི །ནུབ་ཕྱོགས་ན་ཤིང་སྡོང་ཡོད་དོ་སྙམ་དུ་ཟུངས་ཤིག་དང་དེས་སྦྲུལ་འཛིན་དང་སྡུག་བསྔལ་དེ་ལྡོག་པར་འགྱུར་རོ་ཞེས་ཟེར་བ་དང་ཁྱད་པར་ཅི་ཡང་མི་སྣང་ངོ་། །དེ་ལྟར་ན་བདག་ལེགས་སུ་འདོད་པ་དག་གིས་ནི་དེ་འདྲ་བ་དེ་རྒྱང་རིང་དུ་སྤངས་ནས། འཁོར་བར་འཆིང་བྱེད་རྒུད་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པའི་འཛིན་སྟངས་སུན་འབྱིན་པའི་ཐབས་ངེས་པའི་དོན་གྱི་གསུང་རབ་དང༌། དེའི་དོན་གཞན་དུ་དྲང་དུ་མི་རུང་བར་ངེས་པ་གཏིང་ཚུགས་པར་བྱེད་པའི་རིགས་པའི་ཚོགས་རྒྱ་ཆེ་བ་གསལ་བར་གསུངས་པའི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་བརྟེན་ནས་སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་གྱིས་ཤིག །དགག་བྱ་ལ་ལོག་རྟོག་འགོག་པ་དེ་དག་ནི་


JLD013_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མའི་ལྟ་བ་རྙེད་པའི་གོལ་ས་གཅོད་པ་ལ་ཤིན་ཏུ་གནད་ཆེ་བ་ཡིན་པས་སྤྲོས་ཏེ་བཤད་པ་ཡིན་ནོ། །གསུམ་པ་རང་ལུགས་ཀྱི་དགག་བྱ་ངོས་བཟུང་བ་ལ་གསུམ། དངོས་ཀྱི་དོན་དགག༌བྱ་ངོས་བཟུང་བ་དང༌། དེ་དགག་བྱ་གཞན་ལ་སྦྱོར་མི་སྦྱོར་གྱི་ཚུལ་དང༌། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་མི་སྦྱོར་བཤད་པའོ། །དང་པོ་ནི། སྤྱིར་དགག་བྱ་ལ་ལམ་གྱི་དགག་བྱ་དང་རིགས་པའི་དགག་བྱ་གཉིས་ཡོད་དོ། །དེ་ལ་དང་པོ་ནི་དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་པ་ལྟར། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སོ། །འདི་ནི་ཤེས་བྱ་ལ་ཡོད་པའི་དགག་བྱ་ཡིན་ཏེ། འདི་མེད་ན་ལུས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་བའི་ཕྱིར་རོ། །རིགས་པའི་དགག་བྱ་ནི། རྩོད་ཟློག་ལས། ཡང་ན་ཁ་ཅིག་སྤྲུལ་པ་ཡི། །བུད་མེད་ལ་ནི་བུད་མེད་སྙམ། །ལོག་འཛིན་འབྱུང་བ་སྤྲུལ་པ་ཡིས། །འགོག་བྱེད་འདི་ནི་དེ་ལྟ་ཡིན། །ཞེས་པའི་རང་འགྲེལ་ལས། ཡང་ན་སྐྱེས་བུ་ཁ་ཅིག་སྤྲུལ་པའི་བུད་མེད་རང་བཞིན་གྱིས་སྟོང་པ་ཡིན་ལ་དོན་དམ་པར་བུད་མེད་དོ་སྙམ་དུ་ལོག་པར་འཛིན་པར་འགྱུར་རོ། །དེའི་ཕྱིར་དེ་ལོག་པར་འཛིན་པ་དེས་འདོད་ཆགས་བསྐྱེད་པ་ལ། དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་སྤྲུལ་པ་ཞིག་སྤྲུལ་ལ་དེས་དེའི་ལོག་པར་འཛིན་པ་དེ་ཟློག་པར་བྱེད་དོ། །དེ་བཞིན་དུ་ངའི་ཚིག་སྟོང་པ་སྤྲུལ་པ་ལྟ་བུས་དངོས་པོ་ཐམས་ཅད་ལ་རང་བཞིན་མེད་


JLD013_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོང་པ། སྤྲུལ་པའི་བུད་མེད་དང་འདྲ་བ་དག་ལ་རང་བཞིན་ཡོད་པར་འཛིན་པ་གང་ཡིན་པ་དེ་ཟློག་པར་བྱེད་དོ། །ཞེས་གསུངས་པ་ལྟར། ཕྱིན་ཅི་ལོག་གི་འཛིན་པ་ལ་དགག་བྱར་གསུངས་པ་དང་དེས་བཟུང་བའི་རང་བཞིན་ཡོད་པ་ལ་དགག་བྱར་མཛད་པ་གཉིས་ཡོད་དོ། །འོན་ཀྱང་དགག་བྱའི་གཙོ་བོ་ནི་ཕྱི་མ་ཡིན་ཏེ། ཡུལ་ཅན་ཕྱིན་ཅི་ལོག་ལྡོག་པ་ལ་དེས་གཟུང་བའི་ཡུལ་ཐོག་མར་དགག་དགོས་པས་སོ། །འདི་ཡང་རྟེན་འབྲེལ་གྱིས་གང་ཟག་དང་ཆོས་ཀྱི་སྟེང་དུ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་པ་འགོག་པ་ལྟ་བུ་རྣམས་ཡིན་ནོ། །དགག་བྱ་འདི་ནི་ཤེས་བྱ་ལ་མེད་པ་ཞིག་དགོས་ཏེ། ཡོད་ན་དགག་པར་མི་ནུས་པའི་ཕྱིར་རོ། །དེ་ལྟ་ཡིན་ནའང་ཡོད་པར་འཛིན་པའི་སྒྲོ་འདོགས་སྐྱེ་བས་དགག་དགོས་ལ། འགོག་པའང་ཐོ་བས་བུམ་པ་བཤིག་པ་ལྟ་བུ་མིན་གྱི། མེད་པ་ལ་མེད་པར་ངོ་ཤེས་པའི་ངེས་ཤེས་བསྐྱེད་པ་སྟེ། མེད་པར་ངེས་པ་སྐྱེས་ན་ཡོད་པར་འཛིན་པའི་འཁྲུལ་ཤེས་ལྡོག་པ་ཡིན་ནོ། །དེ་བཞིན་དུ་རིགས་པས་བསྒྲུབ་པའང་ས་བོན་གྱིས་མྱུ་གུ་བསྐྱེད་པ་ལྟར་སྔར་མེད་ཅིག་གསར་དུ་བསྒྲུབ་པ་མིན་གྱི། ཆོས་དེ་ཇི་ལྟར་ཡིན་པ་ལ་དེ་ལྟར་ཡིན་པར་ངོ་ཤེས་པར་བྱེད་པའི་ངེས་ཤེས་བསྐྱེད་པ་ཡིན་ནོ། །རྩོད་ཟློག་ལས་ཀྱང༌། ཚིག་མེད་པར་ཡང་མེད་པ་ཡི། །འགོག་པ་འགྲུབ་པར་འགྱུར་ཞེས་པ། །དེ་ལ་ཚིག་ནི་མེད་ཅེས་པར། །གོ་བར་བྱེད་ཀྱི་སེལ་བྱེད་མིན། །ཞེས་གསུངས་ཤིང༌། དེའི་རང་འགྲེལ་ལས་ཀྱང༌། ཁྱོད་ཀྱིས་ཚིག་དག་མེད་པར་ཡང་སྟེ། ཚིག་མ་གཏོགས་པར་ཡང་


JLD013_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་འགོག་པ་འགྲུབ་ན། དེ་ཅི་དངོས་པོ་ཐམས་ཅད་ལ་རང་བཞིན་མེད་པ་ཡིན་ནོ་ཞེས་སྨྲས་པའི་ཁྱོད་ཀྱི་ཚིག་དེས་ཅི་ཞིག་བྱེད་ཅེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། དངོས་པོ་ཐམས་ཅད་རང་བཞིན་མེད་པའོ་ཞེས་བྱ་བའི་ཚིག་འདི་ནི་དངོས་པོ་རྣམས་རང་བཞིན་མེད་པ་ཉིད་དུ་བྱེད་པ་མ་ཡིན་གྱི། འོན་ཀྱང་རང་བཞིན་མེད་པ་ལ་དངོས་པོ་རྣམས་རང་བཞིན་མེད་པའོ་ཞེས་གོ་བར་བྱེད་པ་ཡིན་ནོ། །དཔེར་ན་འགའ་ཞིག་ན་རེ། ལྷས་བྱིན་ཁྱིམ་ན་མེད་བཞིན་དུ་ལྷ་སྦྱིན་ཁྱིམ་ན་ཡོད་དོ་ཞེས་ཟེར་བ་དང༌། དེ་མེད་པ་ལ་ཁ་ཅིག་ན་རེ་མེད་དོ་ཞེས་ཟེར་བ་ན་ཚིག་དེས་ལྷ་སྦྱིན་མེད་པར་མི་བྱེད་ཀྱི། ལྷ་སྦྱིན་ཁྱིམ་ན་མི་སྲིད་པར་སྟོན་པ་འབའ་ཞིག་ཏུ་ཟད་དོ། །དེ་བཞིན་དུ་དངོས་པོ་རྣམས་ཀྱི་རང་བཞིན་མེད་དོ་ཞེས་བྱ་བའི་ཚིག་དེ་ཡང་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་དུ་བྱེད་པ་མ་ཡིན་གྱི། འོན་ཀྱང་དངོས་པོ་ཐམས་ཅད་རང་བཞིན་མེད་པ་སྒྱུ་མའི་སྐྱེས་བུ་ལྟར་སྐྱེས་བུ་ཡང་དག་པའི་ངོ་བོ་དང་བྲལ་བ་རྣམས་ལ་རྨོངས་པའི་ཕྱིར། བྱིས་པ་སྐྱེ་བོ་མ་རིག་པས་རྨོངས་པ་རྣམས་ཀྱིས་རང་བཞིན་དང་བཅས་པ་ཉིད་དུ་སྒྲོ་བཏགས་པ་རྣམས་ལ་རང་བཞིན་ཡོད་པ་མ་ཡིན་པར་གོ་བར་བྱེད་པ་ཡིན་པས། དེ་ལ་རང་བཞིན་ཡོད་པ་མ་ཡིན་ན་ཚིག༌མེད་པའང་ཚིག་མ་གཏོགས་པར་ཡང་རང་བཞིན་ཡོད་པ་མ་ཡིན་པར་རབ་ཏུ་གྲུབ་པ་ཡིན་ན། རང་བཞིན་མེད་དོ་ཞེས་བྱ་བའི་ཚིག་དེས་ཅི་ཞིག་བྱེད་ཅེས་སྨྲས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ནོ། །ཞེས་གསལ་བར་གསུངས་པ་ལྟར་ཤེས་པར་བྱའོ། །དེའི་ཕྱིར་ཡོད་ན་འགོག་མི་ནུས་ལ་


JLD013_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་དགག་མི་དགོས་པས་དགག་སྒྲུབ་དང་བྲལ་བ་ཡིན་པས། དགག་སྒྲུབ་ཀྱི་རིགས་པའི་དཔྱོད་པ་མང་པོ་བྱེད་པ་ནི་ཐ་སྙད་ཀྱི་ཚིག་ཙམ་ལ་འབྱམས་པར་འདོད་པ་ནི། རིགས་པ་དང་ལམ་གྱི་དགག་སྒྲུབ་གང་ལའང་དོན་སྤྱི་མ་ཤར་བཞིན་དུ་འགལ་འདུའི་བབ་ཅོལ་སྨྲ་བ་ཡིན་ཏེ། རང་གིས་ཡོད་ན་དགག་མི་ནུས་པ་དང་མེད་ན་དགག་མི་དགོས་པའི་རྒྱུ་མཚན་བསྟན་ནས། ཕ་རོལ་པོ་དགག་སྒྲུབ་ཀྱི་དཔྱད་པ་བྱེད་པ་འགོག༌བཞིན་དུ་དགག་སྒྲུབ་བྱ་མི་ཉན་པར་འདོད་པའི་ཕྱིར་དང༌། རྒྱུ་མཚན་བཀོད་པ་དེས་ཀྱང་ཕ་རོལ་པོ་དགག་སྒྲུབ་བྱ་དགོས་པར་འདོད་པ་ལ་དགག་པ་བྱ་བར་མི་རིགས་ཏེ། ཡོད་ན་དགག་མི་ནུས་ལ་མེད་ན་དགག་མི་དགོས་པའི་ཕྱིར་རོ། །རིགས་པ་དམ་པས་འགོག་པ་ནི་ཕྱིན་ཅི་ལོག་གི་འཁྲུལ་པའི་རྟོག་པ་ལྡོག་པའི་ཕྱིར་ཡིན་ལ། རིགས་པས་བསྒྲུབ་པ་ནི་ཕྱིན་ཅི་མ་ལོག་པའི་ངེས་པ་བསྐྱེད་པའི་ཐབས་ཡིན་པས། ཕྱིན་ཅི་ལོག་གི་བློ་སྣ་ལྡོག་པར་འདོད་པ་དང་ཕྱིན་ཅི་མ་ལོག་པའི་བློ་སྣ་བསྐྱེད་པར་འདོད་པས་ཀླུ་སྒྲུབ་ལ་སོགས་པའི་རིགས་པའི་ཚོགས་ཀྱི་རྗེས་སུ་འབྲངས་ནས་དགག་སྒྲུབ་ཕྱིན་ཅི་མ་ལོག་པར་ངེས་པའི་བློ་བསྐྱེད་པར་བྱའོ། །དེ་ལྟར་རིགས་པ་རྣམས་ཀྱིས་འགོག་པ་ནི་ཕྱིན་ཅི་ལོག་གི་འཛིན་སྟངས་སུན་ཕྱུང་བའི་སྒོ་ནས་ཕྱིན་ཅི་མ་ལོག་པའི་ངེས་པ་བསྐྱེད་པའི་ཕྱིར་ཡིན་ན། བློ་ཇི་འདྲ་ཞིག་གི་འཛིན་སྟངས་ཀྱི་ཡུལ་རིགས་པས་སུན་འབྱིན་པ་ཡིན་ཞེ་ན། སྤྱིར་དགག་བྱ་འཛིན་པའི་རྟོག་པ་ལ་མཐའ་ཡས་པ་ཞིག་ཡོད་ཀྱང་ཉེས་སྐྱོན་ཐམས་ཅད་ཀྱི་རྩ་བར་གྱུར་པའི་


JLD013_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཅི་ལོག་གི་རྟོག་པ་གང་ཡིན་པ་དེ་ལེགས་པར་ངོས་བཟུང་ནས་དེའི་ཞེན་ཡུལ་སུན་དབྱུང་བར་བྱ་སྟེ། དེ་ལོག་ན་ཉེས་སྐྱོན་ཐམས་ཅད་ལྡོག་པར་འགྱུར་བའི་ཕྱིར་རོ། །དེ་ཡང་འདོད་ཆགས་ལ་སོགས་པ་གཞན་གྱི་གཉེན་པོ་གསུངས་པ་ནི་ཕྱོགས་རེའི་གཉེན་པོ་ཡིན་ལ། མ་རིག་པའི་གཉེན་པོ་གསུངས་པ་ནི་མཐའ་དག་གི་གཉེན་པོར་འགྱུར་བས། མ་རིག་པ་ནི་ཉེས་སྐྱོན་ཐམས་ཅད་ཀྱི་གཞི་ཡིན་ཏེ། ཚིག་གསལ་ལས། སངས་རྒྱས་རྣམས་ཀྱི་མདོ་ཡི་སྡེ་སོགས་བདེན་པ་གཉིས་བརྟེན་བསྟན་པ་རྣམ་པ་དགུ །འཇིག་རྟེན་རྣམས་ཀྱི་སྤྱོད་ངོར་རྒྱ་ཆེ་གང་ཞིག་འདིར་ནི་ཡང་དག་བསྒྲགས་གྱུར་པ། །དེར་ནི་འདོད་ཆགས་བསལ་ཕྱིར་གསུངས་པས་ཞེ་སྡང་ཟད་པར་བྱེད་མི་འགྱུར། །ཞེ་སྡང་བསལ་བར་བྱ་ཕྱིར་གསུངས་པས་ཀྱང་ནི་འདོད་ཆགས་ཟད་པར་བྱེད་འགྱུར་མིན། །གང་ཞིག་ང་རྒྱལ་སོགས་ཟད་བྱ་ཕྱིར་གསུངས་པ་དེས་ཀྱང་དྲི་མ་གཞན་མི་འཇོམས། །དེ་ཕྱིར་དེ་ནི་ཆེས་ཁྱབ་མ་ཡིན་གསུང་དེ་དག་དང་དེ་དག་དོན་ཆེན་མིན། །གཏི་མུག་ཟད་པར་བྱ་ཕྱིར་གསུངས་པ་གང་ཡིན་དེས་ནི་ཉོན་མོངས་མ་ལུས་འཇོམས། །ཉོན་མོངས་མཐའ་དག་གཏི་མུག་ལ་ནི་ཡང་དག་བརྟེན་པར་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་སོ། །འོ་ན་གཏི་མུག་དེ་ཇི་འདྲ་ཞིག་ཡིན་སྙམ་ན། ཕྱི་ནང་གི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རང་བཞིན་སྒྲོ་འདོགས་པའི་བློ་ནི་འདིར་མ་རིག་པ་སྟེ། བཞི་བརྒྱ་པའི་འགྲེལ་པ་ལས། རྣམ་པར་ཤེས་པ་དངོས་པོའི་རང་གི་ངོ་བོས་ལྷག་པར་སྒྲོ་འདོགས་པར་བྱེད་པ། ཉོན་


JLD013_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ཅན་གྱི་མི་ཤེས་པའི་དབང་གིས་དངོས་པོ་རྣམས་ལ་ཆགས་པ་དང་ལྡན་ཞིང་། འཁོར་བར་འཇུག་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་འགགས་པ་ལས་འཁོར་བ་ལྡོག་པར་རྣམ་པར་བཞག་གོ་ཞེས་བསྟན་པའི་ཕྱིར་བཤད་པ། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཇི་སྐད་བཤད་པའི་ཚུལ་གྱིས་ཡུལ་རང་བཞིན་མེད་པར་མཐོང་བས་ཆགས་པའི་རྒྱུ་རྣམ་པར་ཤེས་པ་སྲིད་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་ལྡོག་པ་ལས། ཉན་ཐོས་དང་རང་སངས་རྒྱས་དང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་ལྡོག་པར་རྣམ་པར་བཞག་གི །ཞེས་གསུངས་སོ། །དེ་ཉིད་བདེན་འཛིན་ཞེས་པའང་ཡིན་ཏེ། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང༌། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་པའི་བཞི་བརྒྱ་པའི་འགྲེལ་པ་ལས། གཏི་མུག་ནི་དེ་རྣམས་ལ་ཇི་ལྟར་བདེན་པར་རྟོག་པ་ལས་རྨོངས་པ་ཉིད་ཀྱི་ཕྱིར། དངོས་པོ་བདེན་པའི་རང་གི་ངོ་བོར་ལྷག་པར་སྒྲོ་འདོགས་པར་རབ་ཏུ་འཇུག་གོ་ཞེས་སོ། །དེ་ལྟར་མ་རིག་པ་འཁོར་བའི་རྩ་བ་ཡིན་ན། འཇུག་པ་དང་ཚིག་གསལ་དུ་འཇིག་ལྟ་འཁོར་བའི་རྩ་བར་བཤད་པ་མི་འཐད་དེ། གཙོ་བོའི་རྒྱུ་གཉིས་མེད་པའི་ཕྱིར་རོ་ཞེ་ན། མ་རིག་པ་དང་འཇིག་ལྟའི་བཞེད་ཚུལ་སློབ་


JLD013_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གཞན་གྱི་བཞེད་པ་ནི་སྐྱེས་བུ་འབྲིང་གི་སྐབས་སུ་བཤད་ཟིན་པས། འདིར་སློབ་དཔོན་ཟླ་བ་གྲགས་པའི་བཞེད་པ་ནི། དབུ་མ་པ་གཞན་རྣམས་ཤེས་སྒྲིབ་ཏུ་བཞེད་པའི་དངོས་པོ་བདེན་པར་འཛིན་པ་ནི་མ་རིག་པར་བཞེད་ལ། དེ་ཡང་ཉོན་མོངས་ཅན་གྱི་མ་རིག་པར་བཞེད་དེ། སྔར་དྲངས་པ་ལྟར་བཞི་བརྒྱ་པའི་འགྲེལ་པ་ལས་ཉོན་མོངས་ཅན་དུ་བཤད་ཅིང༌། འཇུག་འགྲེལ་ལས་ཀྱང༌། འདིས་སེམས་ཅན་རྣམས་ཇི་ལྟར་གནས་པའི་དངོས་པོ་ལྟ་བ་ལ་རྨོངས་པར་བྱེད་པས་ན་གཏི་མུག་སྟེ། མ་རིག༌པ་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ། རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་བོ། །ཞེས་དང༌། དེ་ལྟར་ན་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་གོ །ཞེས་རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་དང་པོར་བཤད་པས་ན་ཉོན་མོངས་ཡིན་གྱི་ཤེས་སྒྲིབ་མིན་ནོ། །འོ་ན་ཤེས་བྱའི་སྒྲིབ་པ་གང་ལ་བྱེད་ཅེ་ན། འདི་ནི་འོག་ཏུ་སྟོན་པར་འགྱུར་རོ། །དེས་ན་ཡན་ལག་བཅུ་གཉིས་ཀྱི་དང་པོའི་མ་རིག་པ་འདི་འཁོར་བའི་རྩ་བ་ཡིན་པ་ལ་འཇིག་ལྟ་ཡང་འཁོར་བའི་རྩ་བ་ཡིན་པར་བཤད་པ་ནི་མ་རིག་པ་སྤྱི་དང་འཇིག་ལྟ་བྱེ་བྲག་ཡིན་པས་འགལ་བ་མེད་དོ། །དེ་ལ་མ་རིག་པ་ནི་རིག་པའི་བཟློག་ཕྱོགས་ཡིན་ལ་རིག་པའང་གང་རུང་རུང་ལ་མི་བྱ་ཡི་བདག་མེད་པའི་དེ་ཁོ་ན་ཉིད་རིག་པའི་ཤེས་རབ་བོ། །དེའི་བཟློག་ཕྱོགས་ནི་ཤེས་རབ་དེ་མེད་པ་ཙམ་དང་དེ་ལས་གཞན་པ་ཙམ་ལ་མི་རུང་བས་དེའི་འགལ་ཟླ་འཛིན་པའོ། །དེ་ནི་


JLD013_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཏུ་སྒྲོ་འདོགས་པ་ཡིན་ལ། དེ་ཡང་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པ་དང་གང་ཟག་གི་བདག་ཏུ་སྒྲོ་འདོགས་པ་གཉིས་ཡིན་པས། ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་གཉིས་ཀ་མ་རིག༌པ་ཡིན་ནོ། །དེའི་ཕྱིར་འཇིག་ལྟ་ཉོན་མོངས་གཞན་ཐམས་ཅད་ཀྱི་རྩ་བར་བསྟན་པ་ན་མ་རིག་པ་རྩ་བར་མ་བསྟན་པ་མ་ཡིན་ལ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་ཆོས་ཀྱི་བདག་ཏུ་རྨོངས་པའི་མ་རིག་པ་གང་ཟག་གི་བདག་ཏུ་རྨོངས་པའི་རྒྱུར་བསྟན་པ་ན། མ་རིག་པའི་ནང་ཚན་གཉིས་རྒྱུ་འབྲས་སུ་འགྲོ་ཚུལ་སྟོན་པས་ན། འཇིག་ལྟ་མ་རིག་པ་ལས་གཞན་པའི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་བསྟན་པ་ལ་འགལ་བ་མེད་དོ། །སློབ་དཔོན་གྱི་དགོངས་པ་དེ་ལྟར་བཤད་མི་ཤེས་ན་འཁོར་བའི་རྩ་བ་གཉིས་སུ་བཤད་པའི་འགལ་བ་སྤང་ཤིན་ཏུ་དཀའོ། །དེ་ལྟ་བུའི་མ་རིག་པ་ངོས་འཛིན་ལུགས་དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་བཞེད༌པ་ཡིན་ཏེ། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །ཡང་དག་མཐོང་ཕྱིར་དངོས་སྟོང་པར། །ལེགས་ཤེས་མ་རིག་མི་འབྱུང་བ། །དེ་ནི་མ་རིག་འགག་པ་ཡིན། །དེ་ཕྱིར་ཡན་ལག་བཅུ་གཉིས་འགག །ཅེས་གསུངས་ཤིང༌། རྩ་ཤེའི་རབ་བྱེད་ཉེར་དྲུག་པ་ལས་ཀྱང༌། མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀུན་འབྱུང་མི་འགྱུར། །མ་རིག་འགགས་པར་འགྱུར་བ་ནི། །ཤེས་


JLD013_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འགྱུར། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །ཅེས་གསུངས་པ་དང་ཡང་མཐུན་ལ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་ཕུང་པོར་འཛིན་པ་འཁོར་བའི་རྩ་བར་གསུངས་པ་དང་ཤིན་ཏུ་འགྲིག་པ་ཡིན་ནོ། །འཕགས་པ་ལྷའི་བཞེད་པ་ཡིན་པར་ནི། ལུས་ལ་ལུས་དབང་ཇི་བཞིན་དུ། །ཞེས་སོགས་དང༌། འཁོར་བའི་རྩ་བ་རྣམ་ཤེས་ཏེ། །ཞེས་སོགས་སྔར་དྲངས་པས་གསལ་བར་བསྟན་ཏོ། །སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་སུ་དགག་བྱ་འགོག་པའི་རིགས་པ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་གཏི་མུག་གིས་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པར་སྒྲོ་བཏགས་པའི་རང་བཞིན་དེ་བཀག་ནས་ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་མེད་པ་སྟོན་པར་མཛད་པ་ཡིན་པས། མ་རིག་པའི་འཛིན་སྟངས་སུན་དབྱུང་བ་ཁོ་ནའི་དོན་དུ་རིགས་པ་སྣ་ཚོགས་པ་གསུངས་པ་ཡིན་པར། བུད་དྷ་པཱ་ལི་ཏ་ལས། ཅི་རྟེན་ཅིང་འབྲེལ་པར་འབྱུང་བ་རྗེས་སུ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། བཤད་པ། སློབ་དཔོན་ཐུགས་རྗེའི་བདག་ཉིད་ཅན་གྱིས་སེམས་ཅན་རྣམས་སྡུག་བསྔལ་སྣ་ཚོགས་ཀྱི་ཉེན་པར་གཟིགས་ནས་དེ་དག་རྣམ་པར་གྲོལ་བར་བྱ་བའི་ཕྱིར། དངོས་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་རབ་ཏུ་བསྟན་པར་བཞེད་པས། རྟེན་ཅིང་འབྲེལ་པར་འབྱུང་བ་རྗེས་སུ་བསྟན་པར་བརྩམས་ཏེ། ཡང་དག་མ་ཡིན་མཐོང་བ་འཆིང༌། །ཡང་དག་མཐོང་བ་རྣམ་པར་གྲོལ། །ཞེས་གསུངས་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་ཡང་དག་པ་


JLD013_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་ཉིད་གང་ཡིན་བཤད་པ། ངོ་བོ་ཉིད་མེད་པ་ཉིད་དེ་མི་མཁས་པ་གཏི་མུག་གི་མུན་པས་བློ་གྲོས་ཀྱི་མིག་བསྒྲིབས་པ་ནི། དངོས་པོ་རྣམས་ལ་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ན་དེ་དག་ལ་འདོད་ཆགས་དང་ཞེ་སྡང་དག་སྐྱེད་པར་བྱེད་དོ། །གང་གི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའི་སྣང་བས་གཏི་མུག་གི་མུན་པ་བསལ་ཞིང་། ཤེས་རབ་ཀྱི་མིག་གིས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་མཐོང་བ་དེའི་ཚེ་ན་གནས་མེད་པ་ལ་དེའི་འདོད་ཆགས་དང་ཞེ་སྡང་དག་མི་སྐྱེའོ། །ཞེས་གསུངས་ཤིང༌། རབ་བྱེད་ཉེར་དྲུག་པའི་མཚམས་སྦྱོར་དུ། འདིར་སྨྲས་པ། ཁྱོད་ཀྱིས་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱིས་དོན་དམ་པ་ལ་འཇུག་པ་ནི་བཤད་ཟིན་ན། ད་ཁྱོད་ཀྱིས་ཉན་ཐོས་ཀྱི་གཞུང་ལུགས་ཀྱིས་དོན་དམ་པ་ལ་འཇུག་པ་སྟོན་ཅིག །འདིར་བཤད་པ། མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །ཞེས་སོགས་གསུངས་ཤིང༌། རབ་བྱེད་ཉེར་བདུན་པའི་མཚམས་སྦྱོར་དུའང༌། འདིར་སྨྲས་པ། ད་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་མཐུན་པའི་མདོ་སྡེའི་མཐའ་ལ་བརྟེན་ནས་ལྟ་བའི་རྣམ་པ་མི་སྲིད་པ་སྟོན་ཅིག །འདིར་བཤད་པ། འདས་པའི་དུས་ན་བྱུང་ཞེས་དང༌། །ཞེས་སོགས་གསུངས་པས་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱང་ཡན་ལག་བཅུ་གཉིས་ཀྱི་དང་པོའི་མ་རིག་པ་དངོས་པོ་ལ་རང་བཞིན་སྒྲོ་འདོགས་པ་ལ་བཞེད་པ་དང་། ཉན་རང་ལའང་ཆོས་ཀྱི་བདག་མེད་རྟོགས་པ་བཞེད་པར་གསལ་ལོ། །དེས་ན་ཉན་རང་ལ་ཆོས་རང་བཞིན་མེད་པ་རྟོགས་པའི་སྒྲུབ་བྱེད་ཆེན་པོ་ནི། ཆོས་ཀྱི་བདག་འཛིན་ཡན་ལག་བཅུ་གཉིས་ཀྱི་མ་རིག་


JLD013_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་འདི་ཡིན་པར་ཤེས་པར་གྱིས་ཤིག །བཞི་བརྒྱ་པ་ལས། རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །ཞེས་གསུངས་པའི་རྟོག་པའང་རྟོག་པ་གང་ཡིན་ཐམས་ཅད་ལ་བྱེད་པ་མ་ཡིན་གྱི། ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པར་སྒྲོ་འདོགས་པའི་རྟོག་པ་ཡིན་ཏེ། དེའི་འགྲེལ་པ་ལས། རྟོག་པ་ནི་ཡང་དག་པ་མ་ཡིན་པའི་རང་བཞིན་གྱི་དོན་སྒྲོ་འདོགས་པ་སྟེ། ཞེས་གསུངས་ཤིང༌། དེ་ཡང་ཉོན་མོངས་ཅན་གྱི་མ་རིག་པར་བཞེད་པས་འདི་འདིའོ་སྙམ་དུ་གང་རྟོག་ཐམས་ཅད་ཀྱི་ཡུལ་རིགས་པས་འགོག་པར་འདོད་པ་ནི་ཞིབ་མོར་ཡེ་མ་བརྟགས་པའོ། །དེ་ལྟ་མ་ཡིན་ན་སོ་སོའི་སྐྱེ་བོ་ལ་དེ་ཁོ་ན་ཉིད་ཀྱི་དོན་ལྐོག་ཏུ་གྱུར་པས་སྟོང་པ་ཉིད་ཀྱི་དོན་རྟོག་པ་མིན་པས་འཛིན་པའི་ཐབས་ནི་མེད་ལ། རྟོག་པ་གང་ཡིན་ཐམས་ཅད་ཀྱི་ཡུལ་ལ་རིགས་པས་གནོད་ན། ངེས་ཤེས་ཀྱི་ཡུལ་ལའང་འཁྲུལ་བའི་ལོག་ཤེས་རང་བཞིན་སྒྲོ་འདོགས་པ་ལྟར་འགྱུར་རོ། །དེ་ལྟ་ན་ནི་མྱ་ངན་ལས་འདས་པའི་སར་འཁྲིད་པའི་ཡང་དག་པའི་ལྟ་བ་མེད་པར་འགྱུར་དགོས་པས། དབུ་མའི་གཞུང་རྣམས་ལ་ཐོས་བསམ་ལ་སོགས་པ་བྱེད་པ་ཐམས་ཅད་དོན་མེད་དུ་འགྱུར་ཏེ། བཞི་བརྒྱ་པ་ལས། བདག་ནི་མྱ་ངན་འདས་འགྱུར་ཞེས། །སྟོང་མིན་སྟོང་ལྟར་མཐོང་མིན་ཏེ། །ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་པས་སོ། །སྔར་བཤད་པའི་མ་རིག་པའི་འཛིན་སྟངས་ཀྱི་ཞེན་ཡུལ་དེ་ཉིད་གཞིར་བཞག་ནས་རང་དང་གཞན་གྱི་སྡེ་པ་དངོས་པོར་སྨྲ་བ་རྣམས་ཀྱིས་ཁྱད་པར་དུ་


JLD013_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞིག་སྒྲོ་བཏགས་པ་གྲུབ་མཐའི་དབང་གིས་བཞག་པ་ཐམས་ཅད་ནི། མ་རིག་པའི་འཛིན་སྟངས་ཀྱི་ཡུལ་དེ་ཉིད་སུན་ཕྱུང་བ་ན་རྩ་བ་ཆད་པའི་ལྗོན་པ་ལྟར་མཐའ་དག་ལྡོག་པར་འགྱུར་བས། ཤེས་རབ་ཅན་གྱིས་ནི་ལྷན་སྐྱེས་ཀྱི་མ་རིག་པའི་ཞེན་ཡུལ་དགག་བྱའི་རྩ་བར་ཤེས་པར་བྱ་ཡི། ཀུན་བརྟགས་གྲུབ་མཐའ་སྨྲ་བ་འབའ་ཞིག་གིས་བཏགས་པ་ཙམ་དགག་པ་ལ་ལྷུར་བླང་བར་མི་བྱ་སྟེ། འདི་ལྟར་དགག་བྱ་འགོག་པ་ནི་བྱ་བས་ཕོངས་ནས་བྱེད་པ་མིན་གྱི། དགག་བྱ་དེའི་ཡུལ་ཅན་གྱི་ལོག་རྟོག་དེས་སེམས་ཅན་འཁོར་བར་འཆིང་བར་མཐོང་ནས་དེའི་ཡུལ་སུན་འབྱིན་པ་ཡིན་ལ། སེམས་ཅན་ཐམས་ཅད་འཁོར་བར་འཆིང་བ་ནི་ལྷན་སྐྱེས་ཀྱི་མ་རིག་པ་ཡིན་པའི་ཕྱིར་དང༌། ཀུན་བརྟགས་ཀྱི་མ་རིག་པ་ནི་གྲུབ་མཐའ་སྨྲ་བ་དེ་དག་ཁོ་ན་ལ་ཡོད་པས་འཁོར་བའི་རྩ་བར་མི་འཐད་པའི་ཕྱིར་རོ། །འདི་ལ་ངེས་པ་དམིགས་ཕྱེད་པར་རྙེད་པ་ཤིན་ཏུ་གལ་ཆེའོ། །དེ་ལྟར་དགག་བྱ་འཛིན་པའི་ལོག་རྟོག་མཐར་གཏུགས་པ་ནི་ཡན་ལག་བཅུ་གཉིས་ཀྱི་དང་པོ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན་ལ། ཀུན་བརྟགས་ཀྱི་དགག་བྱ་རྣམས་ཀྱང་སྔ་མ་གཞིར་བྱས་ནས་སྒྲོ་འདོགས་པ་ཁོ་ན་ཡིན་པས་ན། དབང་ཤེས་ལ་སོགས་པ་རྟོག་མེད་ཀྱི་ཤེས་པའི་འཛིན་སྟངས་ཐམས་ཅད་ནི་ནམ་ཡང་རིགས་པས་སུན་འབྱིན་པ་མིན་ནོ། །དེའི་ཕྱིར་རིགས་པས་འཛིན་སྟངས་སུན་དབྱུང་བར་བྱ་བའི་བློ་ནི་ཡིད་ཤེས་རྟོག་པ་ཁོ་ན་དང་། དེ་ཡང་བདག་ཏུ་འཛིན་པ་གཉིས་སམ་དེ་དག་གིས་བཏགས་པའི་ཡུལ་ལ་ཁྱད་པར་སྒྲོ་འདོགས་


JLD013_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟོག་པ་རྣམས་ཡིན་གྱི། རྟོག་པ་གང་ཡིན་ཐམས་ཅད་ལ་མི་བྱའོ། །འོ་ན་མ་རིག་པ་དེས་རང་བཞིན་སྒྲོ་འདོགས་པའི་ཚུལ་དེ་ཇི་འདྲ་བ་ཞིག་ཡིན་སྙམ་ན། སྤྱིར་སློབ་དཔོན་འདིའི་གཞུང་ནས་ཀུན་རྫོབ་ཙམ་དུ་གྲུབ་པའི་དོན་རྣམས་ལའང་རང་བཞིན་ནམ་རང་གི་ངོ་བོ་ཞེས་པ་ལ་སོགས་པའི་ཐ་སྙད་མཛད་པ་མང་དུ་སྣང་ན༌ཡང་། འདིར་ནི་གང་ཟག་གམ་ཆོས་གང་ཡང་རུང་བའི་ཡུལ་རྣམས་ལ་བློའི་དབང་གིས་བཞག་པ་མིན་པར་ཆོས་དེ་རྣམས་ལ་རང་རང་གི་ངོས་ནས་གནས་ཚུལ་ལམ་སྡོད་ཚུལ་ཅིག་ཡོད་པར་འཛིན་པ་འདི་ཡིན་ལ། དེས་ཇི་ལྟར་བཟུང་བའི་ཞེན་ཡུལ་ཆོས་རྣམས་ཀྱི་རང་རང་གི་སྡོད་ལུགས་དེ་ལ་ནི་བདག་གམ་རང་བཞིན་ཞེས་བརྟག་པ་མཐའ་བཟུང་གི་སྒོ་ནས་ངོས་བཟུང་བར་བྱ་སྟེ། འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་པའི་བཞི་བརྒྱ་པའི་འགྲེལ་པ་ལས། འདི་ན་གང་རང་གི་ངོ་བོ་དང་རང་བཞིན་དང་རང་དབང་དང་གཞན་ལ་རག་མ་ལས་པ་ཉིད་ཡིན་པ་དེ་ལ་ནི། ཞེས་དེ་དག་རྣམ་གྲངས་སུ་གསུངས་པ་ལྟར་རོ། །དེ་ལ་གཞན་ལ་རག་མ་ལས་ཞེས་པ་ནི་རྒྱུ་རྐྱེན་ལ་རག་མ་ལས་པ་མ་ཡིན་གྱི་ཡུལ་ཅན་ཐ་སྙད་པའི་ཤེས་པ་ལ་གཞན་ཞེས་བྱ་སྟེ་དེའི་དབང་གིས་བཞག་པ་མིན་པས་གཞན་ལ་རག་མ་ལས་པའོ། །དེས་ན་རང་དབང་བ༌ཞེས་བྱ་སྟེ་ཡུལ་དེ་དག་གི་རང་རང་གི་གནས་ལུགས་སམ་སྡོད་ལུགས་ཐུན་མོང་མིན་པའི་ངོ་བོའོ། །དེ་ཉིད་ལ་རང་གི་ངོ་བོ་དང་རང་གི་རང་བཞིན་ཞེས་བྱའོ། །དེ་ཡང་དཔེར་ན་ཐག་པ་ལ་སྦྲུལ་དུ་བཏགས་པ་དེ་སྦྲུལ་འཛིན་གྱི་བློའི་ངོས་ནས་ཇི་ལྟར་བཏགས་པ་དེ་


JLD013_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས་སྦྲུལ་དེ་རང་གི་ངོ་བོའི་སྒོ་ནས་ཇི་ལྟར་ཡིན་དཔྱད་པ་ན་ཡུལ་སྟེང་དུ་སྦྲུལ་ཉིད་མ་གྲུབ་པས་དེའི་ཁྱད་པར་དཔྱད་དུ་མེད་པ་དེ་བཞིན་དུ། ཆོས་འདི་རྣམས་ཀྱང་ཐ་སྙད་པའི་བློའི་ངོ་ན་ཇི་ལྟར་སྣང་བའི་སྣང་ཚུལ་ལ་དཔྱད་པ་བཞག་ནས་ཆོས་དེ་རྣམས་ཀྱི་རང་གི་གནས་ལུགས་ཇི་ལྟ་བུ་ཡིན་སྙམ་དུ་ཡུལ་སྟེང་དུ་དཔྱད་པ་ན་ཅིར་ཡང་མ་གྲུབ་པ་ཡིན་པ་ལ། དེ་ལྟར་དུ་མི་འཛིན་པར་ཐ་སྙད་པའི་ཤེས་པའི་དབང་གིས་བཞག་པ་མིན་པར་ཆོས་དེ་དག་ལ་རང་རང་གི་ངོས་ནས་གཞལ་བའི་གནས་ལུགས་རེ་ཡོད་པར་འཛིན་པ་སྟེ། བཞི་བརྒྱ་པའི་འགྲེལ་པ་ལས། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི་གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །ཞེས་རང་གི་ངོ་བོས་མ་གྲུབ་པའི་ཚུལ་དེ་ལྟར་གསུངས་སོ། །དེས་ན་ནང་གི་བློའི་དབང་གིས་བཞག་པ་མིན་པར་རང་གི་ངོ་བོའི་སྒོ་ནས་ཡུལ་གྱི་སྟེང་དུ་གྲུབ་པ་དེ་ལ་བདག་གམ་རང་བཞིན་ཞེས་ཟེར་ལ། དེ་ཉིད་ཁྱད་པར་གྱི་གཞི་གང་ཟག་གི་སྟེང་དུ་མེད་པ་ནི་གང་ཟག་གི་བདག་མེད་དང༌། མིག་སྣ་ལ་སོགས་པའི་ཆོས་ཀྱི་སྟེང་དུ་མེད་པ་ནི་ཆོས་ཀྱི་བདག་མེད་དུ་གསུངས་པས། རང་བཞིན་དེ་གང་ཟག་དང་ཆོས་ཀྱི་སྟེང་དུ་ཡོད་པར་འཛིན་པ་ནི་བདག་གཉིས་ཀྱི་འཛིན་པར་ཤུགས་ཀྱིས་རྟོགས་པར་ནུས་སོ། །བཞི་བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་


JLD013_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་ཞེས་བྱ་བའོ། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་དེ་གང་ཟག་གི་བདག་ཏུ་འཛིན་པ་ཡིན་པ་མི་རིགས་ཏེ། གཞན་དུ་ན་གང་ཟག་གཞན་ལ་དམིགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའང་གང་ཟག་གི་བདག་འཛིན་དུ་འགྱུར་ལ། དེ་འདོད་ན་ནི་འཇིག་ཚོགས་ལ་ལྟ་བར་འགྱུར་དགོས་ན། དེ་ལ་ནི་ངའོ་སྙམ་དུ་མི་འཛིན་པས་འཇིག་ལྟར་མི་རིགས་པའི་ཕྱིར་རོ་ཞེ་ན། གང་ཟག་ལ་རང་བཞིན་ཡོད་པར་འཛིན་པ་ནི་སྔར་བཤད་པ་ལྟར་གང་ཟག་རང་བཞིན་ཡོད་པ་གང་ཟག་གི་བདག་ཏུ་གསུངས་པས། གང་ཟག་གི་བདག་འཛིན་དུ་འདོད་དགོས་སོ། །འོན་ཀྱང་གང་ཟག་གི་བདག་ཏུ་འཛིན་པ་ལ་འཇིག་ལྟས་མ་ཁྱབ་པ་ཡིན་ནོ། །འོ་ན་འཇིག་ལྟའི་བདག་འཛིན་ལ་ཇི་འདྲ་ཞིག་དགོས་སྙམ་ན། འཇིག་ལྟ་ཀུན་བརྟགས་ཀྱི་བདག་འཛིན་ལ་མང་པོས་བཀུར་བའི་སྡེ་པ་འགའ་ཞིག༌གིས་ཕུང་པོ་ལ་དམིགས་ནས་བདག་ཏུ་འཛིན་པ་ལྟར་ངེས་པ་མི་སྣང་ཡང༌། འཇིག་ལྟ་ལྷན་སྐྱེས་ནི། འཇུག་པར་ཕུང་པོ་དམིགས་པ་ཡིན་པ་བཀག་ཅིང་འགྲེལ་པར་བརྟེན་ནས་བཏགས་པའི་བདག་དམིགས་པར་གསུངས་པས། ཕུང་པོ་ལ་དམིགས་པར་མི་བྱེད་ཀྱི༌གང་ཟག་ཙམ་ཞིག་དམིགས་པའོ། །དེ་ཡང་ངའོ་སྙམ་པའི་འཛིན་པ་སྐྱེ་བའི་གཞིར་གྱུར་པའི་གང་ཟག་ཅིག་དགོས་པས་རྒྱུད་གཞན་གྱི་གང་ཟག་ནི་དམིགས་


JLD013_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནོ། །དམིགས་པ་དེ་ལ་ཇི་ལྟར་འཛིན་པའི་རྣམ་པ་ནི། འཇུག་འགྲེལ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ང་ཡི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པ། ཞེས་གསུངས་པས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་པ་ཙམ་དུ་འཛིན་པ་མིན་གྱི། ངའོ་སྙམ་དུ་འཛིན་པ་ཞིག་དགོས་སོ། །ཡང་འཇུག་འགྲེལ་ལས། འཇིག་ཚོགས་ལ་ལྟ་བ་ཁོ་ན་སྤང་བར་བྱ་བ་ཡིན་ལ། དེ་ཡང་བདག་གི་བདག་མེད་པ་ཉིད་ཁོང་དུ་ཆུད་པ་ལས་སྤོང་བར་འགྱུར་བས། ཞེས་དམིགས་པར་གྱུར་པའི་བདག་དེའི་བདག་མེད་པ་སྟེ། རང་བཞིན་མེད་པ་རྟོགས་པས་འཛིན་སྟངས་འགལ་བའི་སྒོ་ནས་སྤོང་བར་གསུངས་པས་ཤེས་རབ་དེའི་ལྡོག་ཕྱོགས་འཛིན་དགོས་སོ། །དེ་ཡང་གང་ཟག་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པ་ཡིན་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངའོ་སྙམ་དུ་འཛིན་པའོ། །ང་ཡིར་འཛིན་པའི་འཇིག་ལྟ་ཡང་དེས་མཚོན་ནས་ཤེས་པར་བྱའོ། །ང་དང་ངའིའོ་སྙམ་དུ་མི་འཛིན་པའི་གང་ཟག་རྫས་སུ་ཡོད་པར་འཛིན་པ་ནི་གང་ཟག་གི་བདག་ཏུ་རྨོངས་པའི་མ་རིག་པ་ཡིན་པས་ཉོན་མོངས་མ་ཡིན་པར་མི་འགྱུར་རོ། །དེ་ལྟར་ན་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཙམ་ལ་བདག་ཏུ་བཞག་པ་དང་ངའོ་སྙམ་པ་ཙམ་གྱི་བློའི་ཡུལ་ལ་བདག་ཏུ་བྱས་པ་གཉིས་ལས། དང་པོ་ནི་རིགས་པའི་དགག་བྱ་ཡིན་ལ་ཕྱི་མ་ནི་ཐ་སྙད་དུ་འདོད་པས་མི་འགོག་གོ །དེས་ནི་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་མི་འགོག་པར་སྟོན་གྱི། དེའི་རྣམ་པའི་འཛིན་སྟངས་ནི་རང་གི་ངོ་བོས་གྲུབ་པའི་


JLD013_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡིན་པས་དེ་མི་འགོག་པ་མིན་ཏེ། དཔེར་ན་སྒྲ་རྟག་འཛིན་གྱི་དམིགས་པ་སྒྲ་མི་འགོག་ཀྱང་དེའི་ཞེན་ཡུལ་སྒྲ་རྟག་པ་འགོག་པ་མི་འགལ་བ་བཞིན་ནོ། །དེ་ལྟར་ན་འཕགས་པ་ཡབ་སྲས་དང་སློབ་དཔོན་གཉིས་ཀྱི་གཞུང་ནས་རང་བཞིན་གྱིས་ཡོད་ན་དང༌། རང་གི་ངོ་བོས་ཡོད་ན་དང་རང་གི་མཚན་ཉིད་ཀྱིས་ཡོད་ན་དང༌། རྫས་སུ་ཡོད་ན་ཞེས་དགག་པ་གསུངས་པའི་རང་བཞིན་ལ་སོགས་པ་ནི་སྔར་བསྟན་པ་དེ་ལྟར་དུ་རིག་པར་བྱ་ལ། དེ་དག་མེད་པར་སྟོན་པའི་ཚིག་རྣམས་ཀྱི་དོན་ཡང་མ་རིག་པས་ཞེན་པ་ལྟར་གྱི་དོན་མེད་པར་སྟོན་པ་དེ་ལྟར་དུ་གོ་བར་བྱའོ། །གཉིས་པ་དེ་དགག་བྱ་གཞན་ལ་སྦྱོར་བ་དང་མི་སྦྱོར་བའི་ཚུལ་ནི། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་གཏན་མེད་པ་རྣམས་མེད་དོ་ཞེས་སྨྲ་བ་ན་ཁྱད་པར་དེ་སྦྱོར་མི་དགོས་པ་དེ་བཞིན་དུ། ཤེས་བྱ་ལ་ཡོད་ཀྱང་ཡུལ་དུས་འགའ་ཞིག་ན་ཡོད་པ་འགའ་ཞིག་ན་མེད་པ་རྣམས་ཀྱང་ཡུལ་དུས་དེ་དང་དེར་མེད་པར་བརྗོད་པ་ནའང་ཁྱད་པར་དེ་སྦྱར་མི་དགོས་སོ། །གཞན་ཡང་དབུ་མ་པས་ཐ་སྙད་དུ་གྲུབ་པར་མི་འདོད་པ་རང་གཞན་གྱི་སྡེ་པ་དངོས་པོར་སྨྲ་བའི་འདོད་པ་ཐུན་མོང་མ་ཡིན་པས་སྒྲོ་བཏགས་པ་རྣམས་འགོག་པ་ནའང་དེ་དག་ལ་བསམ་ངོ་ན་སྦྱར་དགོས་པའི་སྐབས་འགའ་རེ་མ་གཏོགས་པ་དོན་ལ་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཞེས་པའི་ཁྱད་པར་གསར་དུ་སྦྱར་མི་དགོས་ཏེ། དེ་དག་ལ་དོན་དེ་གྲུབ་མཐའ་སྨྲ་བ་དེ་དག་གིས་ཁས་བླངས་ཟིན་པའི་ཕྱིར་རོ། །འདི་དག་ལས་གཞན་པ་དབུ་མ་པས་ཐ་སྙད་དུ་རྣམ་པར་འཇོག་པའི་


JLD013_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྣམས་ལ་ནི། ཇི་འདྲ་ཞིག་ཡིན་ཀྱང་དེ་དག་འགོག་པའི་སྐབས་སུ་ནི་ཁྱད་པར་དེ་མ་སྦྱར་ན། འགོག་མཁན་གྱི་རིགས་པ་ཉིད་ལའང་སྐྱོན་མཚུངས་པར་འཇུག་པས་སུན་འབྱིན་ལྟར་སྣང་འབའ་ཞིག་ཏུ་འགྱུར་བས་སྦྱར་དགོས་སོ། །གཞན་ཡང་སྔར་བཤད་པ་ལྟར་དབུ་མ་པས་ཐ་སྙད་དུ་འཇོག་པའི་དོན་རྣམས་ལ་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པ་དང་ཐ་སྙད་པའི་ཚད་མས་མི་གནོད་པ་དགོས་ཏེ། དེ་ལྟ་མ་ཡིན་ན་དབང་ཕྱུག་ལ་སོགས་པ་ཐ་སྙད་དུ་ཁས་མི་ལེན་ལ་གཟུགས་སྒྲ་ལ་སོགས་པ་ཁས་ལེན་པའི་ཁྱད་པར་གཏན་མི་རུང་བས། འདི་འདྲ་བ་ནི་ལམ་ཡིན་ནོ། །འདི་འདྲ་བ་ནི་ལམ་མ་ཡིན་ནོ། །གྲུབ་མཐའ་འདི་ལྟར་དུ་འཐད་དོ། །འདི་ལྟར་དུ་མི་འཐད་དོ་ཞེས་པ་ལ་སོགས་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་གཞག་གང་ཡང་བྱེད་ཐབས་མེད་པས་རང་བཞིན་གྱིས་སྟོང་པ་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འཐད་པའི་ཁྱད་ཆོས་མི་རུང་བའི་ཕྱིར་རོ། །དེ་ལྟར་ཚད་མས་མི་གནོད་ཀྱང་དེ་འགོག་པར་འདོད་ན་ནི་མཁས་པའི་བཞད་གད་ཀྱི་གནས་ཡིན་ནོ། །དེས་ན་དེ་དག་འགོག་པར་གསུངས་པའི་སྐབས་སུ་ནི་གདོན་མི་ཟ་བར་ཁྱད་པར་དེ་སྦྱར་བར་བྱའོ། །འདི་ཡང་བཞི་བརྒྱ་པའི་འགྲེལ་པ་དང་རིགས་པ་དྲུག་ཅུ་པའི་འགྲེལ་པར་ནི། དགག་བྱ་འགོག་པ་ན་ཁྱད་པར་དེ་སྦྱར་བ་ཆེས་མང་བར་སྣང་ལ། རྩ་ཤེའི་གཞུང་དང༌། བུད་དྷ་པཱ་ལི་ཏ་དང༌། ཚིག་གསལ་དང༌། འཇུག་པ་རྩ་འགྲེལ་དུའང་སྦྱར་བའི་སྐབས་དུ་མ་སྣང་བས་ཚིག་ཚོགས་ཆེ་བ་ལ་གཟིགས་པ་དང་། མ་


JLD013_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཡང་སྦྱར་བ་དེ་རྣམས་ཀྱི་གནད་ཀྱིས་རྟོགས་སླ་བ་ལ་དགོངས་ནས་མ་སྦྱར་བའི་སྐབས་སུའང་སྦྱར་དགོས་པ་ཡིན་ཏེ། དེ་དག་ལ་སྦྱོར་མི་སྦྱོར་གྱི་ཁྱད་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གཞན་ཡང་རྣམ་པར་དཔྱད་པ་ན་ཡོད་པ་མ་ཡིན་ནོ་ཞེས་རྣམ་པར་དཔྱད་པའི་ཁྱད་པར་སྦྱར་བའང་མང་དུ་འབྱུང་སྟེ། དེ་ཡང་སྔར་བཤད་པ་ལྟར་རང་གི་ངོ་བོས་གྲུབ་ན་ཡིན་ཚུལ་དཔྱོད་པའི་རིགས་པས་རྙེད་དགོས་པ་ལས་མ་རྙེད་པས་རང་གི་ངོ་བོས་གྲུབ་པའི་དོན་མེད་ཅེས་པ་ཡིན་པས། རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་ཅེས་པ་དང་གནད་གཅིག་ཏུ་རྟོགས་པར་བྱ་སྟེ། བཞི་བརྒྱ་པའི་འགྲེལ་པ་ལས། གལ་ཏེ་དངོས་པོ་འདི་དག་མགལ་མེའི་འཁོར་ལོ་དང་སྤྲུལ་པ་ལ་སོགས་པ་ལྟར་བསླུ་བས་དངོས་པོ་མེད་པར་མི་འགྱུར་ན་ནི། དེའི་ཚེ་ངེས་པར་འཐད་པས་རྣམ་པར་དཔྱད་པ་ན་ས་ལེ་སྦྲམ་ལ་སོགས་པ་ལྟར་རང་གི་ངོ་བོ་ཆེས་གསལ་བར་དམིགས་པར་འགྱུར་ན། དེ་དག་ནི་ཕྱིན་ཅི་ལོག་ཙམ་གྱི་རྒྱུ་ཅན་ཡིན་པས། རྣམ་པར་དཔྱོད་པའི་མེས་བསྲེགས་པ་ན་རང་གི་ངོ་བོ་མེད་པར་མི་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་མི་སྦྱོར་བཤད་པ་ནི། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་བ་དབུ་མ་རང་རྒྱུད་པ་ཁོ་ནའི་ལུགས་སུ་སྨྲ་བ་ནི་ཆེས་མི་རིགས་ཏེ། འཇུག་འགྲེལ་དུ་རྒྱལ་བའི་ཡུམ་དྲངས་པ་ལས། ཚེ་དང་ལྡན་པ་རབ་འབྱོར། ཡང་ཅི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། ཐོབ་པའང་ཡོད་མངོན་པར་རྟོགས་པའང་ཡོད་མོད་


JLD013_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། ཐོབ་པ་དང་མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་ལ། རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི། དོན་དམ་པར་ནི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དོ། །ཞེས་གསུངས་པ་ལྟར་དུ་ཁས་བླང་དགོས་པར་འཇུག་འགྲེལ་ལས་གསུངས་པ་དེ་རང་རྒྱུད་པའི་མདོ་ཡིན་ཞེས་སྨྲའམ། དེ་བཞིན་དུ་ངེས་དོན་གྱི་མདོ་རྣམས་ནས་དོན་དམ་པའི་ཁྱད་པར་སྦྱར་བ་ཤིན་ཏུ་མང་བར་སྣང་ངོ་། །སྟོང་ཉིད་བདུན་ཅུ་པ་ལས་ཀྱང༌། གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་པའམ་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་སྙད་དབང་གིས། །གསུངས་ཀྱི་ཡང་དག་དབང་གིས་མིན། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། བདག་དང་བདག་གིར་ཡོད་ཅེས་པ། །འདི་ནི་དམ་པའི་དོན་དུ་མེད། །ཅེས་པ་དང༌། གང་གི་ས་བོན་བརྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཅེས་དང༌། དེ་བཞིན་སྒྱུ་འདྲའི་འཇིག་རྟེན་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང༌། །དམ་པའི་དོན་དུ་སྐྱེ་བ་དང༌། །འཇིག་པ་ཉིད་ནི་ཡོད་མ་ཡིན། །ཞེས་དོན་དམ་པ་དང་བདེན་པ་དང་ཡང་དག་པ་དགག་བྱ་ལ་སྦྱར་ནས་གསུངས་པ་མང་ལ། དེ་དག་མ་སྦྱར་བའི་ཚེ་ཡང་རང་གི་ངོ་བོ་དང་རང་བཞིན་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པའི་ཁྱད་པར་སྦྱར་བ་ནི་ཤིན་ཏུ་མང་ངོ་། །བུད་དྷ་པཱ་ལི་


JLD013_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ལས་ཀྱང༌། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་འབྱུང་བས། དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་གང་གིས་བུམ་པ་ཡོད་དོ་སབ་མ་ཡོད་དོ་ཞེས་བརྗོད་པ་དེ་ཉིད་ཀྱིས་བུམ་པ་ཆག་གོ་སབ་མ་ཚིག་གོ་ཞེས་དེ་དག་མི་རྟག་པར་ཡང་བརྗོད་དོ། །གང་གི་ཚེ་དེ་ཁོ་ན་བསམ་པ་བརྩམ་པ་དེའི་ཚེ་ནི་བུམ་པ་དང་སབ་མ་དག་བརྟེན་ནས་གདགས་པར་བྱ་བ་ཡིན་པས་མི་འཐད་ན་དེ་དག་ཆག་པ་དང་ཚིག་པ་ལྟ་འཐད་པར་ག་ལ་འགྱུར། གཞན་ཡང་དེ་བཞིན་གཤེགས་པའང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དབང་གིས་དེ་བཞིན་གཤེགས་པ་བགྲེས་སོ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ་ཞེས་མི་རྟག་པར་ཡང་བརྗོད་དོ། །གང་གི་ཚེ་དོན་དམ་པ་བསམ་པ་དེའི་ཚེ་ནི་དེ་བཞིན་གཤེགས་པ་ཉིད་མི་འཐད་ན་བགྲེས་པ་དང་མྱ་ངན་ལས་འདས་པ་དག་ལྟ་འཐད་པར་ག་ལ་འགྱུར་ཏེ། ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པས་ཀྱང་བདེན་པའི་སྐྱེ་བ་འགོག་པ་ཡིན་གྱི། སྐྱེ་བ་ཙམ་འགོག་པ་མིན་པར་གསུངས་ཏེ། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། རྣམ་པ་གང་དུ་གཟུགས་བརྙན་དམིགས་པ་བརྟེན་ནས་སྐྱེས་པ་བརྫུན་པར་གྱུར་པ་ཁོ་ན་དམིགས་བཞིན་པ་དེ་མ་སྐྱེས་པར་ཁོ་བོ་ཅག་མི་སྨྲའོ། །འོན་ཀྱང་བདག་ཉིད་གང་དུ་དེ་འབྱུང་བ་མེད་པར་རྣམ་པར་བཞག་པ་དེ་ཉིད་དུ་དེ་མ་སྐྱེས་པར་སྨྲའོ། །དེ་བདག་ཉིད་གང་དུ་སྐྱེ་བ་མེད་པར་རྣམ་པར་བཞག་ཅེ་ན། བདེན་པར་གྱུར་པར་མངོན་པར་འདོད་པའི་


JLD013_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དུ་ཡིན་གྱི། བརྫུན་པའི་ངོ་བོར་མ་ཡིན་ཏེ་དེ་ནི་ངོ་བོ་དེར་རྟེན་ཅིང་འབྲེལ་པར་འབྱུང་བར་ཁས་བླངས་པའི་ཕྱིར་རོ། །ཞེས་བརྫུན་པ་སྒྱུ་མ་ལྟ་བུའི་སྐྱེ་བ་མི་འགོག་པ་དང་བདེན་པའི་སྐྱེ་བ་འགོག་པས་བརྟེན་ནས་སྐྱེས་པ་དང་རང་བཞིན་གྱིས་མ་སྐྱེས་པ་གཉིས་མི་འགལ་བར་གསུངས་ཏེ། དེ་ཉིད་ལས། དེའི་ཕྱིར་དེ་ལྟར་ན་སྐྱེས་པ་དང་མ་སྐྱེས་པ་འདི་གཉིས་ཡུལ་ཐ་དད་པ་ཉིད་ཀྱི་ཕྱིར་ཕན་ཚུན་འགལ་བར་ག་ལ་འགྱུར། ཞེས་པ་དང༌། གང་གི་ཚེ་ཁོ་བོ་ཅག་གིས་གང་བརྟེན་ནས་སྐྱེས་པ་དེ་གཟུགས་བརྙན་བཞིན་དུ་རང་བཞིན་གྱིས་མ་སྐྱེས་སོ། །ཞེས་སྨྲས་པ་དེའི་ཚེ་རྒོལ་བའི་གོ་སྐབས་ག་ལ་ཡོད། ཅེས་བརྟེན་ནས་སྐྱེས་པ་དང་རང་བཞིན་གྱིས་མ་སྐྱེས་པ་འགལ་བར་བརྩད་པའི་ལན་དུ་གསུངས་སོ། །འཇུག་པ་ལས་ཀྱང༌། དེ་ཕྱིར་དེ་ལྟའི་རིམ་པས་དངོས་གདོད་ནས། །དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིག་བྱ། །ཞེས་མ་སྐྱེས་པ་ལ་དེ་ཁོ་ན་ཉིད་ཀྱི་ཁྱད་པར་སྦྱར་བ་དང༌། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང༌། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཅི་བཞིན། །དེ་བཞིན་དངོས་པོ་ཐམས་ཅད་འགྱུར་བས་ན། །མོ་གཤམ་བུ་དང་མཚུངས་པར་ཐལ་མི་འགྱུར། །ཞེས་ཕྱི་ནང་གི་དངོས་པོ་ཐམས་ཅད་དེ་ཁོ་ནར་མེད་པ་དང་ཐ་སྙད་དུ་ཡོད་པར་གསུངས་པས། དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བ་མ་ཡིན་ནོ། །མདོར་ན་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་བ་གཏན་མི་འདོད་ན་དོན་དམ་པར་འདི་དང་འདི་ཡིན་ལ་ཀུན་རྫོབ་ཏུ་འདི་དང་འདིའོ་ཞེས་པའི་བདེན་


JLD013_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་རྣམ་དབྱེ་བྱར་མེད་པར་འགྱུར་བས། དེ་འདྲ་བའི་དབུ་མ་པ་ནི་གང་ནས་ཀྱང་མ་བཤད་པས་ལོག་པར་རྟོག་པ་ཁོ་ནའོ། །ཚིག་གསལ་ལས། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་བ་བཀག་པ་ནི་བདག་སྐྱེ་འགོག་པ་ལ་ཡིན་གྱི། སྐྱེ་བ་ཙམ་ལ་མིན་པ་ནི་འགྲེལ་པ་དེ་ན་ཤིན་ཏུ་གསལ་ལ། འཇུག་འགྲེལ་ལས་ཀྱང༌། སློབ་དཔོན་གྱིས་ཁྱད་པར་མ་མཛད་པར། བདག་ལས་མ་ཡིན། ཞེས་སྤྱིར་སྐྱེ་བ་བཀག་པ་ཡིན་ནོ། །གང་ཞིག་དངོས་པོ་རྣམས་ནི་དོན་དམ་པར་བདག་ལས་སྐྱེ་བ་མ་ཡིན་ཏེ། ཡོད་པའི་ཕྱིར། སེམས་པ་ཅན་བཞིན་ནོ། །ཞེས་ཁྱད་པར་དུ་བྱེད་པ་དེའི་དོན་དམ་པར་ཞེས་བྱ་བའི་ཁྱད་པར་དོན་མེད་དོ་ཞེས་བྱ་བར་བསམ་པར་བྱའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །དེས་ན་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་མི་སྦྱོར་གྱི་སྒོ་ནས་མི་ཕྱེད་ཀྱང་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཐ་སྙད་དུ་འགོག་མི་འགོག་གི་ཁྱད་ཡོད་པས། རང་གི་ངོ་བོས་གྲུབ་པའི་རང་བཞིན་ཕྱི་ནང་གི་ཆོས་རྣམས་ལ་འགོག་པ་ན། ཐལ་འགྱུར་བ་ལྟར་ན་དོན་དམ་པའམ་ཡང་དག་པར་རམ་བདེན་པར་ཞེས་པའི་ཁྱད་པར་གསར་དུ་བསྣན་མི་དགོས་ཏེ། རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་ན་དོན་དམ་པ་སོགས་སུ་གྲུབ་དགོས་པས་སོ། །རང་རྒྱུད་པ་རྣམས་ལྟར་ན་དེ་དག་ལ་དོན་དམ་པར་སོགས་མ་སྦྱར་ན་དགག་མི་ནུས་པས། དོན་དམ་པའམ་ཡང་དག་པའམ་བདེན་པར་ཞེས་སྦྱོར་བ་ཡིན་ནོ། །འོན་ཀྱང་སྐྱེ་འགག་དང་བཅིངས་གྲོལ་སོགས་ལ་དོན་དམ་པའམ་


JLD013_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོས་གྲུབ་པ་སོགས་ཀྱི་ཁྱད་པར་གང་ཡང་མ་སྦྱར་བར་དགག་ནུས་པ་ནི་དབུ་མ་པ་གཉིས་ཀ་མི་འདོད་དོ། །འོ་ན་དོན་དམ་པར་མེད་པའི་དོན་གང་ཡིན་སྙམ་ན། དེ་ལ་དོན་ནི་ཤེས་པར་བྱ་བའོ། །དམ་པ་ནི་མཆོག་ཅེས་བྱ་བ་སྟེ་གཉིས་ཀ་གཞི་མཐུན་ནོ། །ཡང་ན་དམ་པ་ནི་མི་རྟོག་ཡེ་ཤེས་ཡིན་ལ་དེའི་དོན་ནམ་ཡུལ་ཡིན་པས་དོན་དམ་མོ། །ཡང་ན་དོན་དམ་པ་མངོན་སུམ་དུ་རྟོགས་པའི་མི་རྟོག་ཡེ་ཤེས་དེ་དང་རྗེས་སུ་མཐུན་པའི་ཤེས་རབ་ལ་དོན་དམ་པ་ཞེས་བྱ་སྟེ། འདིར་ནི་ས་ལ་སོགས་པ་དག །དོན་དམ་པར་ནི་འབྱུང་བ་མིན། །ཞེས་པའི་འགྲེལ་པར། རྟོག་གེ་འབར་བ་ལས། དོན་དམ་པ་ཞེས་བྱ་བ་ལ་དོན་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་པའི་ཕྱིར་དོན་ཏེ། བརྟག་པར་བྱ་བ་དང་གོ་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །དམ་པ་ཞེས་བྱ་བ་ནི་མཆོག་ཅེས་བྱ་བའི་ཚིག་གི་སྒྲ་ཡིན་ནོ། །དོན་དམ་ཞེས་བསྡུ་བ་ནི་དེ་དོན་ཡང་ཡིན་ལ་དམ་པའང་ཡིན་པས་དོན་དམ་པའོ། །ཡང་ན་དམ་པའི་དོན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དམ་པའི་དོན་ནོ། །ཡང་ན་དོན་དམ་པ་དང་མཐུན་པ་སྟེ། དོན་དམ་པ་རྟོགས་པ་དང་རྗེས་སུ་མཐུན་པའི་ཤེས་རབ་ལ་དོན་དམ་པ་དེ་ཡོད་པས་དོན་དམ་པ་དང་མཐུན་པའོ། །ཞེས་གསུངས་ལ། དོན་དམ་པ་དེར་ཡོད་པ་མ་ཡིན་ཞེས་པའམ་མེད་དོ་ཞེས་བརྗོད་པའི་དོན་དམ་པ་ནི་ཕྱི་མ་དེ་ཡིན་ཏེ། དེ་ཉིད་ལས། འོ་ན་དོན་དམ་པ་ནི་གང་དག་བློ་ཐམས་ཅད་ལས་འདས་པ་ཡིན་ལ། དངོས་པོའི་ངོ་བོ་ཉིད་དགག་པ་ནི་ཡི་གེའི་ཡུལ་ཡིན་


JLD013_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེའི་ཕྱིར་དགག་པ་མེད་པར་མི་འགྱུར་རམ་ཞེ་ན། དོན་དམ་པ་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་པའི་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་སྤྲོས་པ་མེད་པའོ། །གཉིས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ་སྤྲོས་པ་དང་བཅས་པ་སྟེ། འདིར་དེ་དམ་བཅའ་བའི་ཁྱད་པར་ཉིད་དུ་བཟུང་བས་ཉེས་པ་མེད་དོ། །ཞེས་གསུངས་པས། དེ་ཁོ་ན་ཉིད་ལ་ཚུལ་བཞིན་དུ་དཔྱོད་པའི་ཐོས་བསམ་གྱི་ཤེས་རབ་ཡན་ཆད་ལ་བཟུང་གི །འཕགས་པའི་རྗེས་ཐོབ་ཁོ་ན་ལ་མི་བྱའོ། །དབུ་མ་སྣང་བ་ལས་ཀྱང༌། གང་ཡང་དོན་དམ་པར་སྐྱེ་བ་མེད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལའང་དོན་ནི་འདི་ཡིན་པར་འདོད་དེ། ཡང་དག་པའི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པ་ཐམས་ཅད་ནི་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་ཡིན་པའི་ཕྱིར། དོན་དམ་པ་ཞེས་བྱ་སྟེ་འདིའི་དོན་དམ་པ་ཡིན་པའི་ཕྱིར་རོ། །མངོན་སུམ་དང་བརྒྱུད་པས་བྱས་པའི་ཁྱད་པར་ནི་ཡོད་དེ། དེ་དག་གི་དབང་གིས་དངོས་པོ་འདི་དག་ཐམས་ཅད་མ་སྐྱེས་པ་ཁོ་ནར་ཤེས་སོ། །དེས་ན་འདི་སྐད་དུ་དོན་དམ་པར་སྐྱེ་བ་མེད་དོ་ཞེས་བྱ་བ་ནི། འདི་དག་ཡང་དག་པའི་ཤེས་པས་སྐྱེ་བར་མ་གྲུབ་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཞེས་གསུངས་པ་དང་མཐུན་པར་སྣང་ངོ་། །དབུ་མ་རྒྱན་གྱི་དཀའ་འགྲེལ་ལས་ཀྱང༌། འོ་ན་ཇི་ལྟར་རང་བཞིན་མེད་པ་ཉིད་ཡིན་སྙམ་པ་ལ་ཡང་དག་པར་ན་ཞེས་བྱ་བ་སྨོས་ཏེ། ཡང་དག་


JLD013_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བའི་སྒྲས་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པས་རྟོགས་པར་བྱ་བ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ལ་བྱ་སྟེ། དེ་ཁོ་ན་ཉིད་ཀྱིས་རྣམ་པར་དཔྱད་ན་སྟོང་ཞེས་བྱ་བའི་ཐ་ཚིག་གོ །འདིས་ནི་དེ་ཁོ་ན་ཉིད་དུ་དང་དོན་དམ་པར་ཞེས་བྱ་བ་ལ་སོགས་པ་རྣམ་པར་བཤད་དོ། །ཡང་ན་ཡང་དག་པའི་ཤེས་པ་ཁོ་ན་ཡང་དག་པ་ལ་སོགས་པའི་སྒྲར་བརྗོད་དེ། དེའི་དམིགས་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཤེས་པའི་བསམ་པའི་དབང་གིས་རང་བཞིན་མེད་པ་ཡིན་གྱི། ཀུན་རྫོབ་ཀྱི་ཤེས་པའི་དབང་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་ཏེ། རང་བཞིན་མེད་པ་ལ་ཡང་དག་པ་སོགས་ཀྱི་ཁྱད་པར་སྦྱོར་བ་ནི། ཤེས་རབ་སྒྲོན་མེ་དང༌། རྟོག་གེ་འབར་བ་གཉིས་སུ་ཡང་མང་དུ་གསུངས་ལ། ཁྱད་པར་དུ་རབ་བྱེད་བཅོ་ལྔ་པའི་འགྲེལ་པ་ཤེས་རབ་སྒྲོན་མེ་ལས། འདིར་ཡང་གལ་ཏེ་ངོ་བོ་ཉིད་མེད་པ་ཡིན་ན་ནི་ཇི་ལྟར་དངོས་པོ་ཡིན། ཇི་སྟེ་དངོས་པོ་ཡིན་ན་ནི་ངོ་བོ་ཉིད་མེད་པ་མ་ཡིན་པས་དམ་བཅས་པ་ལ་དེ་ཉིད་ཀྱིས་དོན་དེ་ལ་སྐུར་པ་བཏབ་པའི་སྐྱོན་ཡོད་དོ། །ཞེས་དངོས་པོ་རྣམས་ངོ་བོ་ཉིད་མེད་དོ་ཞེས་དམ་བཅས་པ་ལ་རང་གི་ཚིག་དང་འགལ་བའི་སྐྱོན་ཡོད་པར་བརྩད་པའི་ལན་དུ། དེ་ཉིད་ལས། དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་ཁས་བླངས་ནས་ངོ་བོ་ཉིད་མེད་པ་ཉིད་དུ་དམ་མ་བཅས་པའི་ཕྱིར། དེས་ན་དམ་བཅས་པའི་དོན་ལ་སྐུར་པ་མ་བཏབ་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་པས་འདི་ལ་སྐྱོན་མེད་དོ། །ཞེས་དངོས་པོ་རྣམས་དོན་དམ་པར་


JLD013_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་མེད་པ་ཉིད་དུ་འདོད་པས། སྐུར་པ་མ་བཏབ་པར་བཞེད་པའི་ཕྱིར་ན། ཐ་སྙད་དུ་རང་གི་ངོ་བོས་གྲུབ་པའི་ངོ་བོ་ཉིད་མེད་ན་སྐུར་འདེབས་སུ་བཞེད་པར་གསལ་ལོ། །ཡང་དེ་ཉིད་ལས། དོན་དམ་པར་ནང་གི་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དེ་བྱས་པའི་ཕྱིར་དང༌། བརྗོད་པ་ཁྱད་པར་ཅན་བརྟེན་པ་ཉིད་ལ་བལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་མི་ལ་སོགས་པ་བཞིན་ནོ། །ཞེས་རང་བཞིན་འགོག་པ་ལ་དོན་དམ་པའི་ཁྱད་པར་ངེས་པར་སྦྱོར་བའི་ཕྱིར་རོ། །དེ་ལ་དོན་དམ་པར་མེད་ཅེས་པའི་དོན་ནི། ཡིན་ཚུལ་ལ་ཇི་ལྟར་ཡིན་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་རྣམ་པར་དཔྱད་ན་དེས་ཡོད་པར་མ་གྲུབ་པ་ལ་བྱེད་པ་ནི་སློབ་དཔོན་འདི་ཐམས་ཅད་མཐུན་པ་ཡིན་ནོ། །དེས་ན་སློབ་དཔོན་འདིའི་གཞུང་རྣམས་སུའང་དེ་ཁོ་ན་ཉིད་མཐོང་བ་དང་རྗེས་སུ་མཐུན་པའི་དཔྱད་པ་མ་བཅུག་པར་ཞེས་ཀུན་རྫོབ་འཇོག་པ་ན་དེ་ལྟར་གསུངས་ལ། རང་བཞིན་འགོག་པའི་ཚེ་རིགས་པས་རྣམ་པར་དཔྱད་པ་ན་མེད་དེ་ཞེས་གསུངས་པ་མང་བས་ན་དེ་དག་དང་སྔ་མ་རྣམས་འདྲའོ། །འོན་ཀྱང་རང་གི་ངོ་བོས་གྲུབ་པ་ལ་ཡིན་ཚུལ་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་ཁས་ལེན་དགོས་མི་དགོས་མི་མཐུན་ཏེ། སློབ་དཔོན་འདི་གཉིས་ཀྱིས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ལ་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་བཟོད་ཀྱིས་ཁྱབ་པས་ན། དོན་དམ་དུ་གྲུབ་པས་ཀྱང་ཁྱབ་པར་བཞེད་དེ་སྔར་མང་དུ་བཤད་པ་ལྟར་རོ། །དགག་བྱ་འགོག་པ་དེ་ཐལ་རང་གང་གིས་བྱེད་པ་ལ་གཉིས། ཐལ་རང་གི་དོན་ངོས་གཟུང་བ་དང༌། དེ་གཉིས་སུའི་རྗེས་སུ་འབྲངས་ནས་ལྟ་བ་རྒྱུད་ལ་བསྐྱེད་པའོ། །དང་པོ་ནི། སློབ་


JLD013_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་པར། ཐལ་འགྱུར་དང་རང་རྒྱུད་གཉིས་སུ་ཕྱེ་ནས་ཐལ་འགྱུར་མཛད་པའི་གསལ་ཁ་ནི་མེད་ལ། འོན་ཀྱང༌། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་འགྲེལ་པ་མཛད་པ་ན་གཞན་ལུགས་ལ་གནོད་བྱེད་བརྗོད་པའི་སྒོ་ནས་སྐྱེ་བ་བཞི་དགག་པ་མཛད་དོ། །དེ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། རང་ཕྱོགས་བསྒྲུབ་པ་དང་གཞན་ཕྱོགས་སུན་འབྱིན་པ་གང་གི་ཡང་ནུས་པ་མེད་པའི་སྐྱོན་བཀོད་ནས་སུན་ཕྱུང་ངོ་། །དེ་ལྟ་བུའི་སྐྱོན་དེ་སངས་རྒྱས་བསྐྱངས་ཀྱི་ལུགས་ལ་མི་འཇུག་པའི་རྒྱུ་མཚན་རྒྱས་པར་འགྲེལ་པ་ན། སློབ་དཔོན་ཟླ་བ་གྲགས་པས། ཕ་རོལ་པོ་ལ་དབུ་མ་པས་དབུ་མའི་ལྟ་བ་རྒྱུད་ལ་བསྐྱེད་པའི་ཐབས་སུ་ཐལ་འགྱུར་བྱ་དགོས་ཀྱི་རང་རྒྱུད་མི་འཐད་དོ། །ཞེས་དགག་པ་མཛད་ནས་ཐལ་འགྱུར་གྱི་ཕྱོགས་གསལ་བར་མཛད་དོ། །དེ་འདྲ་བའི་ཐལ་རང་གཉིས་ཀྱི་འཇོག་ཚུལ་ལ་གཉིས། གཞན་ལུགས་དགག་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། ཐལ་འགྱུར་དང་རང་རྒྱུད་ལ་འཇོག་ཚུལ་དུ་མ་ཞིག་སྣང་མོད། འོན་ཀྱང་དེ་དག་ཐམས་ཅད་སུ་ཞིག་གིས་བཤད་པར་ནུས། དེའི་ཕྱིར་དེ་དག་ལས་འགའ་ཞིག་བརྗོད་པར་བྱའོ། །འདི་ལ་ཛཱ་ཡ་ཨ་ནནྟ་ནི་འདི་ལྟར་སྨྲ་སྟེ། འཇུག་པའི་འགྲེལ་བཤད་ལས། དེ་ལ་འགའ་ཞིག་ན་རེ། གལ་ཏེ་ཐལ་འགྱུར་གཏན་ཚིགས་སུ་འདོད་ན་དེ་ཚད་མས་གྲུབ་པ་ཡིན་ནམ་འོན་ཏེ་


JLD013_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པ་ཡིན། དེ་ལ་གལ་ཏེ་ཕྱོགས་དང་པོ་ལྟར་ན་དེའི་ཚེ་གཉིས་ཀ་ལའང་གྲུབ་པ་ཡིན་པས་གཞན་གྱིས་ཁས་བླངས་པ་ཞེས་ཇི་ལྟར་བརྗོད། ཕྱོགས་གཉིས་པ་ལྟར་ན་གཞན་གྱིས་ཁས་ལེན་པར་མི་འོས་པ་ཉིད་ཡིན་པས་གཞན་གྱིས་ཁས་བླངས་པ་ཞེས་ཇི་ལྟར་བརྗོད་ཅེ་ན། དེ་ལ་ལན་ནི། ཚད་མས་གྲུབ་པ་གང་ཡིན་པ་དེ་གཉིས་ཀ་ལ་གྲུབ་པ་ཡིན་ནོ། །ཞེས་པ་དེ་ཉིད་ཁོ་བོས་མི་ཤེས་ཏེ། འདི་ལྟར་རྒོལ་བས་སྒྲུབ་བྱེད་བཀོད་པའི་དུས་ན་གང་གཏན་ཚིགས་འགོད་པ་དེ་ལ་ཚད་མས་གྲུབ་པ་ཡིན་ཀྱང་གཞན་ལ་ཚད་མས་གྲུབ་པར་དེས་ཇི་ལྟར་ཤེས་ཏེ། གཞན་གྱི་སེམས་ཀྱི་ཁྱད་པར་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །རང་ཉིད་ལའང་ཚད་མས་གྲུབ་པར་ཇི་ལྟར་ཤེས་ཏེ། འཁྲུལ་བའི་རྒྱུ་མཚན་གྱིས་དུས་རིང་པོ་ནས་བཟུང་བའི་ཕྱིར་བསླུ་བ༌སྲིད་པས་སོ། །དེའི་ཕྱིར་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་ཚད་མ་ཉིད་དུ་ཁས་བླངས་པའི་སྟོབས་ཀྱིས་དངོས་པོ་རྣམས་ཀྱི་རང་བཞིན་ཁས་ལེན་པ་ཡིན་ནོ། །དེས་ན་གཞན་གྱིས་ཁས་བླངས་པའི་སྒོ་ནས་གཞན་གྱི་ཕྱོགས་སུན་འབྱིན་པ་ཡིན་ནོ་ཞེས་ཟེར་ཏེ། ཕྱི་རྒོལ་ལ་རྟགས་ཚད་མས་གྲུབ་མ་གྲུབ་སྔ་རྒོལ་གྱིས་མི་ཤེས་ཏེ། དེའི་བསམ་པ་ནི་སྔ་རྒོལ་གྱི་ཚད་མ་གཉིས་ཀྱིས་མི་འགྲུབ་པས་སོ། །རང་གིས་ཀྱང་རྟགས་ཚད་མས་གྲུབ་པར་མི་ཤེས་ཏེ། རང་གིས་ཚད་མས་གྲུབ་པར་ཐག་བཅད་ཀྱང་བསླུ་བ་སྲིད་པས་སོ། །དེའི་ཕྱིར་གཉིས་ཀ་ལ་ཚད་མས་གྲུབ་པའི་རྟགས་མེད་པས་ཚད་མར་ཁས་བླངས་པ་ལ་ཐུག་པས་ན་ཚད་མས་མ་གྲུབ་ཀྱང་ཁས་བླངས་པའི་སྒོ་ནས་སུན་


JLD013_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་འཐད་པ་ཡིན་ནོ། །ཞེས་འཆད་དོ། །ཡང་དེ་ཉིད་ལས་གཞན་ཡང་རང་རྒྱུད་ཀྱི་གཏན་ཚིགས་ཀྱི་ཕྱོགས་ལ་གལ་ཏེ་གཏན་ཚིགས་དང་བསྒྲུབ་པར་བྱ་བ་དག་ལ་ཚད་མས་ཁྱབ་པ་གྲུབ་ན་དེའི་ཚེ་རང་རྒྱུད་སྒྲུབ་བྱེད་དུ་འགྱུར་བ་ཡིན་ལ། འོན་ཀྱང་ཁྱབ་པ་མ་གྲུབ་སྟེ། འདི་ལྟར་ཁྱབ་པ་སྒྲུབ་པར་བྱེད་པའི་ཚད་མ་ནི་མངོན་སུམ་མམ་རྗེས་སུ་དཔག་པ་ཡིན་ནོ། །དེ་ལ་རེ་ཞིག་མངོན་སུམ་གྱིས་ཁྱབ་པ་མི་འགྲུབ་སྟེ། འདི་ལྟར་ཚང་མང་དུ་མངོན་སུམ་དང་མི་དམིགས་པ་དག་གིས་མེ་དང་དུ་བ་དག་ལ་འདི་ཡོད་ན་འདི་ཡོད་ལ་འདི་མེད་ན་འདི་མེད་དོ་ཞེས་མེད་ན་མི་འབྱུང་བ་རྟོགས་ཀྱི། ཡུལ་ཐམས་ཅད་ན་ཡོད་པ་ལ་ནི་མ་ཡིན་ནོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། དེ་ཡང་ཡུལ་ངེས་པ་ཅན་ཡིན་པས་སོ། །འདི་ལྟར་རྗེས་སུ་དཔག་པའི་ཡུལ་ནི་ཐམས་ཅད་མ་ཡིན་ཏེ། གང་གི་ཕྱིར་གང་ན་བསྒྲུབ་པར་བྱ་བ་དང་འབྲེལ་བའི་རྟགས་ཡོད་པ་དེ་ཁོ་ནར་མི་རྟག་པ་ལ་སོགས་པ་ཤེས་པ་སྐྱེ་བར་འགྱུར་བ་ཡིན་གྱི། ཡུལ་དང་དུས་ཐམས་ཅད་དུ་ནི་མ་ཡིན་ནོ། །དེས་ན་འཇིག་རྟེན་པའི་ཁས་བླངས་པ་ཙམ་གྱི་སྒོ་ནས་ཁྱབ་པ་གྲུབ་པ་ཡིན་གྱི། ཚད་མས་ནི་མ་ཡིན་པས་ཐལ་འགྱུར་གྱི་གཏན་ཚིགས་ཀྱིས་གཞན་གྱི་ཕྱོགས་སུན་འབྱིན་པ་ཇི་ལྟར་མི་རིགས་ཞེས་པའོ། །ཞེས་དུ་བ་ཡོད་པ་ལ་མེ་ཡོད་པ་དང༌། བྱས་པ་ལ་མི་རྟག༌པས་ཁྱབ་པ་ཚད་མས་གྲུབ་ན་རང་རྒྱུད་འཐད་ཀྱང་མི་འགྲུབ་སྟེ། ཚད་མས་འགྲུབ་ན་ནི་ཡུལ་དུས་ཐམས་ཅད་ཀྱི་དུ་བ་དང་བྱས་པ་ལ་མེ་ཡོད་པ་དང་མི་རྟག་པས་ཁྱབ་པ་གྲུབ་དགོས་པ་ལ། ཁྱབ་པ་བསྒྲུབ་པའི་མངོན་སུམ་དང་རྗེས་དཔག་གིས་


JLD013_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་མང་དང་བུམ་པའི་སྟེང་ཙམ་དུ་འགྲུབ་པས་ན་ཉི་ཚེ་བ་ཡིན་པའི་ཕྱིར་རོ། །དེས་ན་ཁྱབ་པའང་ཁས་བླངས་པ་ཙམ་གྱིས་འགྲུབ་དགོས་པ་ཡིན་ནོ་ཞེས་ཟེར་ཏེ། འདིས་ནི་ཚུལ་གསུམ་ཚད་མས་གྲུབ་པའི་རྟགས་ཀྱིས་བྱེད་ན་རང་རྒྱུད་དང༌། ཚུལ་གསུམ་ཁས་བླངས་ཀྱི་མཐར་ཐུག་པ་ཙམ་གྱིས་བྱེད་ན་ཐལ་འགྱུར་དུ་འདོད་པར་སྣང་ངོ་། །པཎྜི་ཏ་དེའི་སློབ་མ་ལོ་ཙཱ་བ་དག་ཀྱང་འདི་སྐད་དུ། དབུ་མ་པ་ལ་གཞན་གྱི་འདོད་པ་འགོག་པ་ཙམ་མ་གཏོགས་པའི་རང་གི་དམ་བཅའ་བ་མེད་ཅིང་། ཆོས་ཅན་ལ་སོགས་པ་གཉིས་ཀ་ལ་གྲགས་པའི་ཐུན་མོང་བ་མ་གྲུབ་པས་རང་རྒྱུད་མི་འཐད་དོ། །རིགས་པས་རྣམ་པར་དཔྱད་པའི་འབྲས་བུ་ཡང་གཞན་གྱི་གྲུབ་མཐའ་འདོར་བ་ཙམ་ཞིག་ཡིན་ལ། དེ་ལས་གཞན་པའི་རང་འདོད་མེད་པས། རང་རྒྱུད་ཀྱི་གཏན་ཚིགས་རྣམ་པ་ཐམས་ཅད་དུ་བརྗོད་པར་མི་བྱའོ། །དེས་ན་ཐལ་འགྱུར་ཁོ་ན་ཡིན་ལ། དེ་ལའང་བསྒྲུབ་པའི་ཐལ་འགྱུར་ནི་རང་རྒྱུད་ཀྱི་མཐར་ཐུག་པས་སུན་འབྱིན་གྱི་ཐལ་བ་ཁོ་ནའོ། །འདི་ཡང་རྟགས་དང་ཁྱབ་པ་གཉིས་ཁས་བླངས་པའམ་ཁས་བླངས་པའི་མཐར་ཐུག་པའི་ཐལ་བ་ཡིན་པས་ཡང་དག་པའི་ཚད་མ་མ་ཡིན་ནོ། །འདི་ལ་བརྟེན་ནས་གཞན་གྱི་ཁས་ལེན་ནམ་སྤྲོས་པ་གཅོད་པ་ནི་བཞིའི་སྒོ་ནས་བྱེད་དེ། དེ་ལ་འགལ་བ་བརྗོད་པའི་ཐལ་འགྱུར་ནི། ཕ་རོལ་པོ་སྐྱེ་བ་དོན་བཅས་དང་ཐུག་བཅས་སུ་འདོད་ཅིང་བདག་སྐྱེ་འདོད་པ་ལ་བདག་ལས་སྐྱེ་ན་ཡོད་པ་སྐྱེ་བས་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བས་དོན་བཅས་དང་ཐུག་བཅས་འདོད་པ་མི་རིགས་ལ། དེར་འདོད་ན་བདག་ལས་སྐྱེ་བ་འདོད་པ་མི་རིགས་སོ། །


JLD013_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འགལ་འདུ་བརྗོད་པ་ན་ཕ་རོལ་པོས་དེར་ཤེས་ནས་གྲུབ་མཐའ་འདོར་བ་ཙམ་གྱི་འབྲས་བུ་ཅན་ནོ། །གཞན་གྲགས་ཀྱི་རྗེས་དཔག་ནི། བདག་ལས་སྐྱེ་བར་འདོད་པའི་མྱུ་གུ་ནི་བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །ཞེས་གཞན་ལ་གྲགས་པའི་ཆོས་ཅན་དང་རྟགས་ལ་སོགས་པ་བརྗོད་ནས་ཕ་རོལ་པོ་འགོག་པའོ། །བདག་ལས་སྐྱེ་བ་མེད་དེ་ཞེས་སྨྲས་ཀྱང་གཞན་གྱི་བདག་སྐྱེ་འགོག་པ་ཙམ་ཡིན་གྱི། རང་གིས་བདག་ལས་སྐྱེ་བ་མེད་པ་མི་བསྒྲུབ་པས་དམ་བཅའ་མེད་དོ། །སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པ་ནི། ཕ་རོལ་པོས་རང་གི་ཕྱོགས་བསྒྲུབ་པའི་ཕྱིར་དུ་དཔེ་རྟགས་གང་བཀོད་པ་ཐམས་ཅད་སྔ་མ་དང་འདྲ་བར་མ་གྲུབ་པར་འགྱུར་བའོ། །རྒྱུ་མཚན་མཚུངས་པའི་མགོ་སྙོམས་ནི། འདི་ཁས་ལེན་ན་འདི་ཁས་ལེན་ཞེས་རྒྱུ་མཚན་ཁྱད་པར་མེད་པའི་སྒོ་ནས་མགོ་སྙོམས་པའོ། །འོ་ན་ཁྱོད་ལ་ཕ་རོལ་པོའི་ཁས་ལེན་འགོག་འདོད་ཡོད་དམ་མེད། ཡོད་ན་དེ་ཉིད་དམ་བཅའ་ཡིན་པས་དེ་བསྒྲུབ་པའི་རང་རྒྱུད་ཀྱི་རྟགས་ཡོད་པར་འགྱུར་རོ། །མེད་ན་གཞན་གྱི་ཁས་ལེན་འགོག་པའི་རིགས་པ་བརྗོད་པ་མི་འཐད་དོ་ཞེ་ན། དོན་དམ་ལ་དཔྱོད་པའི་སྐབས་སུ་རང་བཞིན་མེད་པའམ་སྐྱེ་བ་མེད་པ་ཞེས་པའི་བསྒྲུབ་བྱ་འདོད་ན་རང་རྒྱུད་ཀྱི་དམ་བཅའ་དང་རྟགས་འདོད་དགོས་པ་ལས་དེ་མི་འདོད་པས་སྐྱོན་མེད་དོ། །འདོད་པ་ཡོད་པ་ཙམ་གྱིས་དམ་བཅའ་ཡོད་ན་ཐམས་ཅད་དུ་དམ་བཅའ་ཡོད་པར་འགྱུར་རོ་ཞེས་འཆད་དོ། །འདིས་ནི་རང་ལ་ཕྱོགས་བསྒྲུབ་རྒྱུ་མེད་


JLD013_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གཞན་ཕྱོགས་འགོག་པ་ཙམ་དང་། འདོད་པ་ཡོད་ཀྱང་དམ་བཅའ་མེད་པ་དང་། རང་ཕྱོགས་མེད་པ་ཡང་དོན་དམ་པ་ལ་དཔྱོད་པའི་སྐབས་སུ་རང་བཞིན་མེད་པ་ལ་སོགས་པའི་དམ་བཅའ་མི་འཇོག་པ་ལ་བྱེད་ཀྱི། ཁས་ལེན་གང་ཡིན་ཐམས་ཅད་མེད་པར་ནི་མི་འདོད་པས། དོན་དམ་པ་ལ་དཔྱོད་པའི་སྐབས་སུ་རང་བཞིན་མེད་པའི་བསྒྲུབ་བྱ་ཁས་བླངས་ནས་དེ་རང་ལུགས་སུ་བསྒྲུབ་པ་ནི་རང་རྒྱུད་པ་དང༌། དེ་ལྟར་ཁས་མི་ལེན་པར་གཞན་གྱི་འདོད་པ་འགོག་པ་ཙམ་བྱེད་པ་ནི་ཐལ་འགྱུར་བར་བྱེད་པར་སྣང་ངོ་། །ད་ལྟ་དབུ་མ་ཐལ་འགྱུར་བར་འདོད་པ་དག་ནི། དོན་དམ་པ་དང་ཐ་སྙད་པ་གང་ལས་བརྩམས་པའི་ཁས་ལེན་ནི་ཐ་སྙད་དུ་ཡང་རང་ལུགས་ལ་མེད་དེ། གལ་ཏེ་དེ་འདྲ་བའི་དམ་བཅའ་ཡོད་ན་དེ་སྒྲུབ་བྱེད་ཀྱི་དཔེ་དང་རྟགས་ཀྱང་འདོད་དགོས་ལ། དེ་ལྟར་ན་རང་རྒྱུད་པར་འགྱུར་རོ། །དེས་ན་ཐལ་འགྱུར་བ་ལ་རང་ལུགས་གང་ཡང་མེད་དེ། རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་དེ། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་དང༌། རིགས་པ་དྲུག་ཅུ་པ་ལས་ཀྱང༌། ཆེ་བའི་བདག་ཉིད་ཅན་དེ་དག །རྣམས་ལ་ཕྱོགས་མེད་རྩོད་པ་མེད། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་དང༌། བཞི་བརྒྱ་པ་ལས་ཀྱང༌། ཡོད་དང་མེད་དང་ཡོད་མེད་ཅེས། གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་


JLD013_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

ནའང༌། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་དབུ་མ་པ་ལ་ཕྱོགས་དང་དམ་བཅའ་མེད་པར་གསུངས་པའི་ཕྱིར་རོ། །ཚིག་གསལ་ལས། དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བར་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་དང༌། ཐལ་བར་འགྱུར་བ་བཟློག་པའི་དོན་དང་ཡང་ཕ་རོལ་པོ་ཉིད་འབྲེལ་བ་ཡིན་གྱི། ཁོ་བོ་ཅག་ནི་མ་ཡིན་ཏེ་རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ། །ཞེས་དང༌། འཇུག་པ་ལས་ཀྱང༌། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་སུན་ནི་འབྱིན་བྱེད་དམ། །འོན་ཏེ་ཕྲད་ནས་འབྱིན་ཞེས་སྨྲས་ཟིན་ཉེས་པ་འདིར་གང་ལ། །ངེས་པར་ཕྱོགས་ཡོད་དེ་ལ་འགྱུར་གྱི་བདག་ལ་ཕྱོགས་འདི་ནི། །ཡོད་པ་མིན་པས་ཐལ་བར་འགྱུར་བ་འདི་ནི་སྲིད་མ་ཡིན། །ཞེས་རང་ལ་ཕྱོགས་མེད་པས་སྐྱོན་མི་འཇུག་པར་གསུངས་པའི་ཕྱིར་རོ། །དེས་ན་རྣམ་གཞག་དེ་དག་ཐམས་ཅད་ནི་དབུ་མ་པས་གཞན་གྱི་ངོར་བྱས་པའི་རྣམ་གཞག་ཙམ་སྟེ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་ལ། རྩོད་ཟློག་ལས་ཀྱང༌། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་པ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་གཞན་ཕྱོགས་བཀག་པ་ཡང་མེད་པར་གསུངས་པའི་ཕྱིར་རོ་ཞེས་སྨྲ་བར་བྱེད་དོ། །སྔོན་གྱི་དབུ་མ་པ་སློབ་དཔོན་ཟླ་བའི་རྗེས་སུ་འབྲང་


JLD013_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བོད་ཀྱི་མཁས་པ་ཁ་ཅིག་ནི། དེ་ལྟར་དབུ་མ་པ་ལ་རང་ལུགས་ཀྱི་ཕྱོགས་དང་དེ་དག་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་འདོད་པའི་ལུགས་རྣམས་ལེགས་པར་སུན་ཕྱུང་ནས། རང་གི་ལུགས་ནི། རིགས་པས་རྣམ་པར་དཔྱད་པའི་རང་གི་མཚན་ཉིད་ཀྱིས་གཞལ་བྱ་དང་ཚད་མའི་རྣམ་གཞག་ཁས་ལེན་པའི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་མངོན་རྗེས་གཉིས་ཀ་བཀག་ནས། ཐ་སྙད་དུ་མ་དཔྱད་པའི་འཇིག་རྟེན་གྲགས་པའི་ཚད་མ་དང་གཞལ་བྱ་ཁས་བླངས་ནས། དབུ་མ་པ་རང་གིས་ཕྱི་རྒོལ་ལ་བསྒྲུབ་པའི་ངག་བཀོད་པའི་སྒོ་ནས་གཏན་ཚིགས་ཡང་དག་གིས་བདེན་པར་མེད་པའི་དོན་སྒྲུབ་པར་བྱེད་དོ། །དེ་ལྟ་ན་ཡང་རང་རྒྱུད་པར་མི་འགྱུར་བ་ནི་མ་དཔྱད་པའི་འཇིག་རྟེན་གྲགས་པའི་ཚད་མའི་སྒོ་ནས་འཇོག་པའི་ཕྱིར་རོ་ཞེས་འཆད་དོ། །གཉིས་པ་དེ་དགག་པ་ལ་བཞི་ལས། ལུགས་དང་པོ་དགག་པ་ནི། འཇུག་པའི་འགྲེལ་བཤད་ཀྱི་ལུགས་རྟགས་ཁྱབ་ཚད་མས་མ་གྲུབ་པའི་རྟགས་ཚད་མས་མ་གྲུབ་པའི་རྒྱུ་མཚན་དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་རྟགས་རྒོལ་ཕྱི་རྒོལ་གཉིས་ཀས་ཚད་མས་གྲུབ་ཟིན་དགོས་སོ་ཞེས་འདོད་པའི་ལུགས་ལ་ཡང་། ཕྱི་རྒོལ་ལ་གྲུབ་པ་སྔ་རྒོལ་གྱིས་མ་ཤེས་ན་རྟགས་སུ་མི་འདོད་པ་མ་ཡིན་པས། རྒྱུ་མཚན་དེས་ཕྱི་རྒོལ་ལ་ཚད་མས་གྲུབ་པ་དགོས་པ་མི་ཁེགས་པའི་ཕྱིར་དང༌། ཕྱི་རྒོལ་གྱི་གཞན་སེམས་མི་ཤེས་པས་གཞན་ལ་ཚད་མས་གྲུབ་པ་མི་ཤེས་པར་འཇོག་ན། གཞན་གྱིས་དོན་དེ་ཁས་བླངས་པར་ཡང་མི་ཤེས་པས་ཕ་རོལ་པོའི་ཁས་བླངས་ཀྱི་སྒོ་ནས་འགོག་པ་སོགས་ཀྱང་མི་འཐད་པའི་ཕྱིར་


JLD013_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཕ་རོལ་པོས་ཁོ་བོ་འདི་ལྟར་འདོད་དོ་ཞེས་པའི་ཚིག་མངོན་སུམ་དུ་ངེས་ཀྱང་ཇི་ལྟར་སྨྲས་པ་ལྟར་ཁས་ལེན་པར་མ་ངེས་པའི་ཕྱིར་དང་། གཞན་སེམས་མི་ཤེས་པའི་ཕྱིར་རོ། །ཁྱབ་པ་ཚད་མས་མ་གྲུབ་པའི་རྒྱུ་མཚན་ཡང་མི་འཐད་དེ། ཚང་མང་གི་སྟེང་དུ་དུ་ཡོད་ལ་མེ་ཡོད་ཀྱིས་ཁྱབ་པ་བསྒྲུབ་པ་ན། རྟོགས་པར་བྱ་བའི་གཞི་ནི་ཚང་མང་ཡིན་ལ། དེའི་སྟེང་དུ་རྟོགས་པར་བྱ་བའི་དོན་ནི་དུ་ཡོད་ལ་མེ་ཡོད་ཀྱིས་ཁྱབ་པ་ཙམ་ཡིན་གྱི། ཚང་མང་གི་དུ་ཡོད་ལ་ཚང་མང་གི་མེ་ཡོད་ཀྱིས་ཁྱབ་པར་འཛིན་པ་གཏན་མིན་པས། ཡུལ་དུས་ཕྱོགས་རེ་བའི་ཁྱབ་པ་བཟུང་བ་ག་ལ་ཡིན། དེ་ལྟ་མ་ཡིན་ན་དེ་འདྲ་བའི་ཁྱབ་པ་དེ་ངེས་པའི་གཞི་ཚང་མང་དུ་མི་རུང་བས། གཞི་འདིའི་སྟེང་དུ་ངེས་དགོས་པའི་གཞི་བསྟན་དགོས་སོ། །དཔེར་ན་སྒྲའི་སྟེང་དུ་ངེས་པར་བྱ་རྒྱུའི་བསྒྲུབ་བྱའི་ཆོས་མི་རྟག་པ་དེ་སྒྲ་བུམ་གཉིས་ཀ་ལ་རྗེས་སུ་འགྲོ་བ་དགོས་ཀྱི། སྒྲའི་ཆ་ཤས་སུ་གྱུར་པའི་མི་རྟག་པར་བཞག་ཏུ་མི་རུང་བ་དང་འདྲའོ། །རིགས་པ་དེས་ཁྱབ་པ་བསྒྲུབ་པའི་རྗེས་དཔག་ལའང་ཚད་མ་མེད་པར་འདོད་པ་མི་རིགས་པར་ཤེས་པར་བྱའོ། །དེ་ལྟར་ཚད་མས་མ་གྲུབ་པས་རྒོལ་ཕྱི་རྒོལ་གྱིས་ཁས་བླངས་པ་ཙམ་གྱིས་འགྲུབ་པ་ཡིན་ཞེས་སྨྲ་བ་ཡང་རིགས་པ་མ་ཡིན་ཏེ། ཁས་བླངས་པ་ཙམ་རྒྱུ་མཚན་དུ་བྱེད་ན་ཕ་རོལ་པོ་མི་ཁེགས་པར་འགྱུར་ཏེ། དེའི་ཁས་བླངས་པས་ནི་དོན་དེ་གྲུབ་ལ། ཚད་མ་ནི་རང་གཞན་གཉིས་ཀ་ལ་མེད་པའི་ཕྱིར་རོ། །འོན་ཏེ་ཁས་བླངས་ལ་ཁྱད་པར་ཕྱེ་ནས་འདི་འདྲ་བས་འགྲུབ་ལ་འདིས་མི་འགྲུབ་ཅེས་འབྱེད་ན་ནི། དེ་ལྟར་འབྱེད་པའང་ཁས་བླངས་ཀྱི་རྒྱུ་མཚན་གྱིས་འབྱེད་ན་ནི་བསྒྲུབ་བྱ་དང་མཚུངས་ལ། ཚད་མ་ཡོད་མེད་ཀྱིས་འབྱེད་


JLD013_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་ཚད་མ་མེད་པར་འདོད་པ་ཉམས་སོ། །ལུགས་གཉིས་པ་དགག་པ་ནི། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་རང་བཞིན་མེད་པའི་དམ་བཅའ་ཁས་མི་ལེན་པ་རང་རྒྱུད་ཀྱི་དམ་བཅའ་མི་འཇོག་པའི་དོན་དུ་འདོད་པ་དེ། རང་བཞིན་ཡོད་མེད་དཔྱོད་པའི་རིགས་ཤེས་ཀྱིས་དམ་བཅའ་དེ་མི་འགྲུབ་པས་དམ་བཅའ་དེ་ཁས་མི་ལེན་པ་ཡིན་ནམ། འོན་ཏེ་དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་ཡིན་པའི་ཕྱིར་ཞེས་རྟགས་སུ་བཀོད་ནས་དམ་བཅའ་ཁས་མི་ལེན་པར་འདོད་པ་ཡིན། དང་པོ་ལྟར་ན་རང་བཞིན་མེད་པར་དམ་བཅས་པའི་དོན་དེ་རིགས་ཤེས་ཀྱིས་མི་འགྲུབ་ན། རང་བཞིན་ཡོད་པར་དམ་བཅས་པའི་དོན་དེ་ཡང་རིགས་ཤེས་ཀྱིས་མི་ཁེགས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གལ་ཏེ་དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་རང་བཞིན་ཡོད་པར་དམ་བཅས་པའི་དོན་ཡང་མི་ཁེགས་སོ་སྙམ་ན། དེ་ནི་ཤིན་ཏུ་མི་རིགས་ཏེ། སྔར་རིགས་པ་རྣམས་ཀྱིས་རྣམ་པར་དཔྱད་པ་དེ་གཞན་ལུགས་འགེགས་པ་ཡིན་ནོ་ཞེས་སྨྲས་པའི་ཕྱིར་དང༌། མ་དཔྱད་པའི་ཤེས་པས་གཞན་གྱི་ལུགས་རྣམས་དགག་པར་མི་ནུས་པའི་ཕྱིར་དང༌། གཞན་དུ་ན་རང་ལུགས་ཀྱི་དམ་བཅའ་མི་འདོད་ཅེས་དམིགས་ཀྱིས་བསལ་ཅི་དགོས་ཏེ། གཞན་ལུགས་འགོག་པའི་ཐལ་འགྱུར་ཡང་མི་འདོད་པའི་ཕྱིར་རོ། །གཞན་གྱི་གྲུབ་མཐའ་ལ་སུན་འབྱིན་པའི་ཐལ་འགྱུར་བྱེད་ན་ནི། རང་བཞིན་ཡོད་པ་བཀག་པ་ཉིད་རང་བཞིན་མེད་པ་བསྒྲུབས་པ་ཡིན་པར་སྔར་རྩོད་ཟློག་རྩ་འགྲེལ་ནས་གསུངས་པ་ལྟར་ཡིན་པས་དེ་ལ་ཕུང་གསུམ་མེད་དོ། །དེ་ལྟ་མིན་ན་རང་བཞིན་མེད་པ་བསྒྲུབས་པ་ཡིན་གྱི། རང་བཞིན་ཡོད་པ་བཀག་པ་མིན་ནོ་ཞེས་བཟློག་ནས་སྨྲས་ན་ལན་ཅི་ཡོད། རང་བཞིན་མེད་པ་ཡོངས་སུ་གཅོད་ན་རང་བཞིན་གདོན་མི་ཟ་བར་རྣམ་


JLD013_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅད་དགོས་པས་སོ་སྙམ་ན། དེ་ལྟ་ན་རང་བཞིན་ཡོད་པ་རྣམ་པར་བཅད་ནའང་གདོན་མི་ཟ་བར་རང་བཞིན་མེད་པ་ཡོངས་སུ་གཅོད་དགོས་པ་མཚུངས་པ་ཡིན་ནོ། །གལ་ཏེ་དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་ཡིན་པའི་ཕྱིར་ན། རང་བཞིན་མེད་པ་སོགས་ཀྱི་དམ་འཆའ་བ་མི་རུང་ངོ་སྙམ་ན། དེའི་རྒྱུ་མཚན་ད་དུང་སྨྲོས་ཤིག །ཅི་སྟེ་དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་གྲུབ་ན་ནི། དོན་དམ་པར་གྲུབ་དགོས་པའི་ཕྱིར་ཁས་མི་ལེན་ནོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་ཀྱང་མི་འདོད་ན་ནི། དབུ་མ་པའི་རིགས་པས་རྣམ་པར་དཔྱོད་པའི་དུས་མི་སྲིད་པར་འདོད་དགོས་ལ། སྐབས་དེ་འཇོག་ན་ནི་དཔྱོད་པ་པོ་དང་དཔྱོད་པའི་རིགས་པ་དང་དཔྱོད་པའི་གཞི་དང་གང་དང་ལྷན་ཅིག་དཔྱོད་པའི་ཕྱི་རྒོལ་སོགས་ཀྱང་ངེས་པར་འདོད་དགོས་པས། དེའི་སྐབས་སུ་གྲུབ་པ་ཐམས་ཅད་དོན་དམ་པར་གྲུབ་ག་ལ་དགོས། ཐལ་བ༌ཙམ་ནི་གཞན་གྱིས་ཁས་བླངས་པའམ་ཁས་བླངས་པའི་མཐར་ཐུག་པ་ཡིན་པས། ཚད་མ་མེད་ཀྱང་ཐལ་བ་བྱེད་དོ་ཞེས་སྨྲ་བ་ཡང་ཡིད་ཚིམ་པར་བྱེད་པ་མ་ཡིན་པས། སྔར་ལུགས་དང་པོར་བཀག་པ་བཞིན་དུ་དགག་པར་བྱ་བ་ཡིན་ནོ། །གཞན་ཡང་དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་ཁས་ལེན་མེད་ལ་ཐ་སྙད་དུ་ཁས་ལེན་ཡོད་དོ་ཞེས་རྣམ་པར་འཇོག་ནའང་འཐད་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་ནི་དོན་དམ་དུ་མི་རུང་བས་ཐ་སྙད་དུ་བྱ་དགོས་པས་དེ་ནི་འགལ་བའི་ཕྱིར་དང༌། དེ་ཁོ་ན་ཉིད་ལ་དཔྱོད་


JLD013_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་སུ་མེད་པ་དོན་དམ་དུ་མེད་པའི་དོན་ཡིན་ན། དོན་དམ་དུ་ཁས་ལེན་ཡོད་པར་འདོད་པའི་དབུ་མ་པ་སུ་ཡང་མེད་པས། དེ་ཐལ་འགྱུར་བའི་ཁྱད་ཆོས་སུ་མི་རུང་བའི་ཕྱིར་རོ། །ལུགས་གསུམ་པ་དགག་པ་ནི། དབུ་མ་པ་ལ་ཐ་སྙད་དུའང་ཁས་ལེན་མེད་དོ་ཞེས་སྨྲ་བ་ནི་སྔར་བཤད་པ་ལྟར་རིགས་པའི་དགག་བྱ་ལེགས་པར་ངོས་མ་ཟིན་པས། རང་བཞིན་འགོག་པའི་རིགས་པ་རྣམས་ཀྱིས་ཕར་ལ་བཀག་པ་ན། ཚུར་ལ་བཟློག་པའི་ཚེ་རང་གི་ལུགས་ལའང་ཇི་ལྟ་བ་བཞིན་མཚུངས་པར་འཇུག་པར་མཐོང་སྟེ། རང་གི་ལུགས་བཞག་ན་སྐྱོན་སྤོང་ཡེ་མ་ཤེས་པས་འཁོར་འདས་ཀྱི་རྟེན་འབྲེལ་ཐམས་ཅད་དབང་ཕྱུག་དང་ཡོད་མེད་འདྲ་བར་སོང་བ་ཡིན་ནོ། །དེའི་ཕྱིར་དེ་ནི་དབུ་མ་པ་ལ་སྐུར་པ་འདེབས་ཤིང་ཤིན་ཏུ་ཐ་ཆད་པ་ཡིན་ལ། དེ་དགག་པའང་སྔར་མང་དུ་བཤད་ཟིན་ཏོ། །དབུ་མ་པ་ལ་ཁས་ལེན་ཡོད་མེད་དཔྱོད་པས་ནི་དབུ་མ་ཞེས་པ་གང་དང་ལྡན་ན་དབུ་མ་པར་འཇོག་པ་ཁས་བླང་དགོས་པས། དོན་དམ་པར་རྡུལ་ཙམ་ཡང་མ་གྲུབ་པ་དང༌། ཐ་སྙད་དུ་ཐམས་ཅད་སྒྱུ་མ་ལྟ་བུའི་རྟེན་འབྲེལ་གྱི་དོན་རྟོགས་པ་འདོད་དགོས་པས་ཁས་བླང་བར་བྱ་བ་ཡོད་ལ། དེ་ཡང་དེ་གཉིས་ཀྱི་ལྡོག་ཕྱོགས་དོན་དམ་པར་ཡོད་པ་དང་ཐ་སྙད་དུ་མེད་པར་འདོད་པའི་སྨྲ་བ་ངན་པ་བཀག་ནས་བཞག་དགོས་པས། དགག་སྒྲུབ་ཀྱི་དོན་རྟོགས་པའི་ཚད་མ་ཡོད་པ་དང་། རང་གིས་རྟོགས་པ་ལྟར་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་པའི་དབུ་མ་པའི་ངག་དམིགས་པའི་ཕྱིར་དང༌། དེ་དག་རྣམ་པར་བཞག་པ་ལ་རྒོལ་བ་རྣམས་ཀྱིས་ཆོས་དང་མཐུན་པའི་ཀླན་ཀ་ཅུང་ཟད་ཀྱང་མེད་པས་


JLD013_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འདི་ནི་ཆེས་ཡོངས་སུ་དག་པ་ཡིན་ནོ། །དེ་ལྟ་ན་མཁས་པ་དབུ་མ་པའི་སྐྱོན་དང་བྲལ་བའི་ལུགས་རང་གིས་འཇོག་མ་ཤེས་ནའང་། དེ་མེད་ཅེས་སྐུར་པ་མི་གདབ་པར་རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་པ་ཁས་བླངས་པ་ཉིད་ཀྱིས་ལྟ་ངན་གྱི་དྲ་བ་མཐའ་དག་གཅོད་པ་ལ་ཁོངས་གཟོ་བའི་བློ་གྲོས་ཅན་རྣམས་ཀྱིས་ནི། དབུ་མ་པའི་ལུགས་རྣམ་པར་བཞག་ནས་འགལ་འདུ་ཐམས་ཅད་དང་བྲལ་བར་བྱ་ཡི་བསྙོན་འདིངས་པ་ལ་རེ་བར་མི་བྱའོ། །ཚིག་གསལ་ལས་ཀྱང༌། དེ་ལྟར་ཁོ་བོ་ཅག་གི་ཕྱོགས་ཆེས་ཡོངས་སུ་དག་ཅིང་རྣམ་པར་བཞག་པ་ཐམས་ཅད་དང་མི་འགལ་བར་རྣམ་པར་གནས་པ་ཡིན་པ་དང་། རང་གི་ཕྱོགས་རགས་པ་ཤིན་ཏུ་ཉེ་བ་སྐྱོན་དང་ལྡན་པ་དེ་དག་དང་འགལ་བ་ལ་ཤིན་ཏུ་བླུན་པས་སྐྱོན་དང་ཡོན་ཏན་ཇི་ལྟར་གནས་པ་དག་མ་མཐོང་བ། ཁྱོད་ནི་རང་གི་སྐྱོན་རྣམས་ནི། །ཞེས་སོགས་སྔར་དྲངས་པ་ལྟར་གསུངས་པའི་དབུ་མ་པའི་ལུགས་དོན་དམ་པ་གཏན་ལ་འབེབས་པའི་ཚད་མ་དང་ཐ་སྙད་པའི་ཚད་མའི་ལམ་ནས་འོངས་པའི་རྣམ་གཞག་སྐྱོན་གདགས་སུ་མེད་པས་ཆེས་དག་ཅིང་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་བཞག་པས་ཆོག་པ་ལ་ངེས་པ་རྙེད་པར་བྱའོ། །དེ་ལྟ་མ་ཡིན་པར་དབུ་མ་པ་ལ་རང་གི་ལུགས་མེད་དོ་ཞེས་སྨྲ་བ་ལ་སྐྱོན་གདགས་སུ་མེད་ན། ཚིག་སྨྲས་པ་གང་ཡིན་པ་དེ་ཐམས་ཅད་ནི་རྫུན་གྱི་ཚིག་ཡིན་ནོ། །ཞེས་པ་ལ་ཡང་སུན་ཅུང་ཟད་ཀྱང་འབྱིན་པར་མི་ནུས་པར་འགྱུར་ཏེ། རྒྱུ་མཚན་ཐམས་ཅད་ནས་མཚུངས་པའི་ཕྱིར་རོ། །ཁས་ལེན་མེད་


JLD013_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨྲས་པ་ལ་ཁས་ལེན་ཡོད་པའི་དཔྱད་པ་བྱར་མེད་པས། དེའི་ཕྱིར་སྐྱོན་དགལ་དུ་མེད་དེ་ཅི་ཡང་ཁས་མ་བླངས་པའི་ཕྱིར་རོ་ཞེས་ཀྱང་སྨྲ་མི་ནུས་ཏེ། དེ་ལྟ་ན་སྨྲ་བ་ཐམས་ཅད་རྫུན་ཡིན་ནོ་ཞེས་སྨྲས་པ་ལའང་ཚིག་ཐམས་ཅད་རྫུན་ཡིན་ནོ། །ཞེས་སྨྲས་པས་ཚིག་དེ་ཉིད་བདེན་ཚིག་ཡིན་པའི་དཔྱད་པ་བྱར་མེད་པས། རང་ཚིག་གི་འགལ་བ་བསྟན་པར་མི་ནུས་པའི་ཕྱིར་དང༌། འཇུག་པ་ལས། གལ་ཏེ་བདག་འགའ་དངོས་པོར་འགྲུབ་འགྱུར་ན། །སེམས་ལྟར་གྲུབ་དངོས་བརྗོད་དུ་མེད་མི་འགྱུར། །ཞེས་གནས་མ་བུ་པས་ཕུང་པོ་དང་གཅིག་ཐ་དད་གང་དུའང་བརྗོད་དུ་མེད་པའི་བདག་རྫས་ཡོད་ཁས་བླངས་པ་ལ་ཡང་། རྫས་ཡོད་ཡིན་ན་ཕུང་པོ་དང་གཅིག་ཐ་དད་གང་རུང་དུ་སྨྲ་དགོས་ཀྱི། དེ་དག་ཏུ་བརྗོད་དུ་མེད་པ་མི་འཐད་ཅེས་སུན་འབྱིན་པར་མི་ནུས་ཏེ། ཁོ་བོ་ཅག་གིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་རྫས་སུ་ཡོད་ཅེས་སྨྲས་པ་ལ་དེ་ཉིད་དང་གཞན་གང་རུང་དུ་བརྗོད་དུ་ཡོད་དགོས་སོ།།ཞེས་པའི་དཔྱད་པ་བྱར་མེད་པའི་ཕྱིར་རོ་ཞེས་ལན་བཏབ་པས་ཆོག་པའི་ཕྱིར་རོ། །གང་ཟག་རྫས་སུ་ཡོད་ཅེས་སྨྲ་ན་ཕུང་པོ་དང༌དེ་ཉིད་དང་གཞན་དུ་མེད་པ་འགལ་བས་དེ་དག་ཏུ་བརྗོད་དུ་མེད་པ་མི་འཐད་པས་དཔྱད་པ་དེ་འཇུག་གོ་ཞེས་སྨྲ་ན་ནི། ཅི་ཡང་ཁས་མི་ལེན་ན་ཁས་ལེན་མེད་དོ་ཞེས་པའང་ཞེ་བས་སྨྲ་མི་རུང་བར་ཀུན་ནས་མཚུངས་སོ། །ཁོ་བོ་ལ་ནོར་མེད་དོ་ཞེས་སྨྲས་པ་ན་ནོར་མེད་པའི་ནོར་དེ་བྱིན་ཅིག་ཅེས་པ་དང༌། ཁོ་བོ་ལ་ཁས་ལེན་མེད་དོ་ཞེས་སྨྲས་པ་ན་ཁས་ལེན་མེད་པ་དེ་ཉིད་


JLD013_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་ནོ་ཞེས་སྨྲ་བ་གཉིས་ཀྱང་མཚུངས་སོ་ཟེར་བ་ནི། ཕྱོགས་སྔ་མ་མ༌གོ་བར་སྨྲ་བ་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་ཁས་ལེན་མེད་པ་དེ་ཉིད་ཁས་ལེན་ནོ་ཞེས་མི་སྨྲའོ། །འོ་ན་ཅི་ཞིག་སྨྲས་སྙམ་ན། ཁས་ལེན་མེད་དོ་ཞེས་ཞེ་བས་སྨྲ་བ་དེས་ཁས་ལེན་མེད་པར་ཁས་བླང་དགོས་སོ་ཞེས་སྟོན་པ་ཡིན་པས། རང་ཚིག་གི་བསལ་བ་སྤོང་བར་མི་ནུས་སོ། །ཁྱོད་ཀྱིས་སྨྲས་པ་དེ་འདྲ་བ་དེ་དབུ་མ་པའི་ལུགས་མིན་ན་ནི་འཕགས་པ་ཡབ་སྲས་ལ་སོགས་པའི་ལུང་དྲངས་ནས་བསྒྲུབ་པ་འགལ་ཞིང་། ཟླ་གྲགས་ཀྱི་ལུགས་སུ་ཡང་བཞག་ཏུ་མེད་ལ། སངས་རྒྱས་པ་གཞན་གྱི་ལུགས་སུའང་མི་རུང་བས་ཆོས་འདི་ལས་ཕྱི་རོལ་ཏུ་འགྱུར་རོ། །དབུ་མ་པ་དང་དེའི་ནང་ནས་ཀྱང་ཟླ་བ་གྲགས་པའི་ལུགས་སུ་སྨྲ་ན་ནི་དེ་དག་ལ་རང་ལུགས་མེད་པ་འགལ་བ་ཡིན་ནོ། །དེ་བཞིན་དུ་ཁས་བླངས་ལས་གྲོལ་དུ་རེ་ནས་རྣམ་གཞག་རྣམས་གཞན་ངོ་ཁོ་ནར་འཇོག་པར་སྨྲ་བའང་མི་རིགས་ཏེ། གཟུགས་ལ་སོགས་པ་ཡོད་པ་གཞན་ངོ་ཙམ་དུ་ཁས་བླང་དགོས་སོ། །ཞེས་པ་ལ་ཡང་གཟུགས་སོགས་ཡོད་པ་དེས་ཁས་མི་ལེན་ཀྱང་གཞན་ངོར་བཞག་པ་ནི་ཤིན་ཏུ་ཡང་ཁས་བླང་དགོས་པའི་ཕྱིར། ཁས་བླངས་ལས་གྲོལ་བ་མེད་དོ། །དེའི་ཚེ་གང་གི་ངོར་བཞག་པའི་གཞན་དང་འཇོག་པ་པོ་རང་ལ་སོགས་པ་རྣམས་ཁས་བླང་དགོས་པས་གཞན་ངོ་ཙམ་དུ་ཁས་བླངས་སོ་ཞེས་སྨྲས་པས་ནི། རང་ལུགས་མེད་པ་ལ་མི་ཕན་པར་མ་ཟད་གནོད་པ་ཡང་ཡིན་ནོ། །གལ་ཏེ་རང་ལུགས་མེད་པ་དང་གཞན་ངོ་ཙམ་དུ་ཁས་བླངས་སོ་ཞེས་པའང་ཁོ་བོས་དེ་ལྟར་


JLD013_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྨྲས་ཀྱི། ཁྱེད་ཅག་གི་ངོ་ན་སྣང་བ་ཡིན་ནོ། །ཞེས་འཇིག་རྟེན་རྒྱང་པན་པས་ཀྱང་བསྙོན་པར་མི་ནུས་པའི་མངོན་སུམ་ལ་བསྙོན་ན་ནི། ཁྱེད་རང་གིས་གང་སྨྲས་མི་ཚོར་ལ་ཁོ་བོ་ཅག་གིས་ཐོས་པ་ལ་སོགས་པ་ཁྱེད་ཀྱིས་རིག་པ་དེ་ནི་ངོ་མཚར་རོ། །དེ་ལྟ་ཡིན་ན་ཁས་ལེན་མེད་པ་སོགས་ཀྱི་ཚིག་ངེས་པ་ཅན་ཅི་ཞིག་བྱ་དགོས་ཏེ། ཇི་འདྲ་ཞིག་སྨྲས་ཀྱང་མཐར་དེ་ལ་བསྙོན་པས་ཆོག་པས་སྐྱོན་དགལ་དུ་མེད་པའི་ཕྱིར་རོ། །གལ་ཏེ་ཐལ་འགྱུར་ཡང་གཞན་ངོ་ཙམ་དུ་འཇོག་གི་རང་གི་ལུགས་ལ་མི་འདོད་དོ་ཞེས་སྨྲ་ན་ནི། རང་རྒྱུད་ཀྱི་ལུགས་བཀག་ནས་ཐལ་འགྱུར་གྱི་གཞུང་འཛུགས་པའི་ཟླ་བ་གྲགས་པའི་ལུགས་ལ་དད་པས་ཅི་ཞིག་བྱ་སྟེ། རང་རྒྱུད་རང་ལུགས་ལ་མི་རུང་བ་བཞིན་དུ་ཐལ་འགྱུར་ཡང་མི་རུང་ལ། ཐལ་འགྱུར་གཞན་ངོར་རུང་བ་བཞིན་དུ་རང་རྒྱུད་ཀྱང་དགོས་པའི་དབང་གིས་གཞན་ངོར་བྱེད་པ་འོང་བའི་ཕྱིར་རོ། །གང་ཞིག་སེམས་ཙམ་གཞན་ངོར་འདོད་ཀྱི། རང་ལུགས་ལ་མི་འདོད་པ་དེ་ནི་སེམས་ཙམ་པར་བཞག་ཏུ་མི་རུང་བ་བཞིན་དུ། དབུ་མའི་དོན་ཐལ་འགྱུར་གྱིས་གཏན་ལ་འབེབས་པའི་ཐལ་འགྱུར་རང་གི་ལུགས་ལ་མི་རུང་ལ། གཞན་ངོ་ཙམ་དུ་འཇོག་པ་དེ་ཡང་ཐལ་འགྱུར་བར་མི་རུང་ཞིང་རང་རྒྱུད་པའང་མིན་པས། ཁོ་བོ་ཅག་ནི་དབུ་མ་པ་མ་ཡིན་ནོ་ཞེས་གསལ་བར་བསྟན་པ་ཡིན་ནོ། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་པའི་དོན་ཡང་རྣམ་གཞག་ཐམས་ཅད་གཞན་ངོར་བྱེད་པའི་ཁུངས་སུ་མི་རུང་སྟེ། ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པ་ནི་རང་བཞིན་ཡོད་


JLD013_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པའི་ཤེས་ངོར་འཇོག་གི །ཐ་སྙད་པའི་ཤེས་པ་རང་དགའ་བའི་ངོར་མི་འཇོག་པའི་ཕྱིར་ཏེ། དེས་རང་བཞིན་མེད་པ་འགྲུབ་ན་རིགས་ཤེས་དོན་མེད་དུ་ཐལ་བར་འགྱུར་བའི་ཕྱིར་དང༌། གཞུང་ཉིད་ལས་ཀྱང༌། ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས། ཞེས་གསུངས་པས། གཟུགས་ལ་སོགས་པ་རྣམས་ཡོད་པར་འཇོག་པ་འཇིག་རྟེན་པའི་ངོར་འཇོག་པར་གསུངས་པའི་ཕྱིར་རོ། །ཀུན་རྫོབ་ཁས་མ་བླངས་ཞེས་གསུངས་པ་ནི། སེམས་ཙམ་པས་གཞན་དབང་ཁས་བླངས་པ་ལྟར་མ་བླངས་ཞེས་བའི་དོན་ཡིན་གྱི། ཀུན་རྫོབ་དེ་རང་ལུགས་ལ་ཁས་མི་ལེན་ཞེས་པ་མིན་ཏེ། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཞེས་གསུངས་པའི་ཕྱིར་རོ། །གཞུང་དེའི་མཚམས་སྦྱོར་དུ་ཡང༌། ཁྱོད་ཀྱིས་འཐད་པའམ་རིགས་པས་གཞན་དབང་སེལ་ན་ཁྱེད་རང་གི་རིགས་པ་རྣམས་ཀྱིས་ངས་ཀྱང་ཁྱེད་ཀྱི་ཀུན་རྫོབ་སེལ་ལོ་ཞེས་བརྩད་པའི་ལན་ཡིན་པས། གཞན་དབང་རིགས་པས་དཔྱད་བཟོད་ཀྱི་དངོས་པོར་ཁྱེད་འདོད་པ་ལྟར་ཀུན་རྫོབ་པ་རྣམས་དེ་ལྟར་ངེད་མི་འདོད་པས་རིགས་པས་འགོག་ནུས་མི་ནུས་མི་མཚུངས་སོ་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །འཇིག་རྟེན་གྱི་ངོར་བྱས་ཞེས་པ་ནི་རང་ལུགས་མིན་པའི་གཞན་ངོ་ལ་ཟེར་བ་མ་ཡིན་གྱི། ཐ་སྙད་པའི་ཤེས་པ་གནོད་མེད་རྣམས་ལ་བྱེད་པ་ཡིན་ཏེ། ཀུན་རྫོབ་པའི་དོན་རྣམས་ཡོད་པར་འཇོག་པ་ཐམས་ཅད་ནི་དེའི་ངོར་བཞག་དགོས་པའི་ཕྱིར་དང༌། དབུ་མ་པ་རང་གི་རྒྱུད་ལ་ཡང་ཐ་སྙད་འཇོག་པའི་ཚད་མ་དེ་རྣམས་ཡོད་པའི་ཕྱིར་


JLD013_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེས་ན་མེད་ཀྱང་ཞེས་པ་ནི་རང་གི་མཚན་ཉིད་ཀྱིས་མེད་པ་ལ་བྱའོ། །རང་གི་མཚན་ཉིད་ཀྱིས་མེད་ཀྱང་དེར་ཡོད་དོ་ཞེས་བྱ་བ་དང༌། མེད་ཀྱང་ཡོད་དོ་ཞེས་ནི་བྱར་མི་རུང་སྟེ། འདི་ནི་རང་གི་ཐ་སྙད་པའི་དོན་རྣམས་ཀྱི་འཇོག་ཚུལ་ཡིན་ལ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུའང་མེད་པའི་ཕྱིར་དང༌། འདིའི་འགྲེལ་པར་དེའི་ཤེས་བྱེད་དུ། འཇིག་རྟེན་ན་ཡོད་པ་དང་མེད་པར་འདོད་པ་ནི་ང་ཡང་དེ་ལྟར་འདོད། ཅེས་དྲངས་པས་ན་མེད་པར་མི་རུང་བའི་ཕྱིར་རོ། །དེས་ན་དོན་དམ་དུ་མེད་ཀྱང་ཐ་སྙད་དུ་ཡོད་དོ་ཞེས་མང་དུ་འབྱུང་བ་ལྟར་ཡིན་པས། མེད་ཀྱང་ཡོད་དོ་ཞེས་པ་དོན་ཐ་དད་དུ་སོང་བ་ལ་སྐྱོན་ཅི་ཡང་མེད་དོ། །འོ་ན་རྩོད་ཟློག་ནས། ཕྱོགས་དང་དམ་བཅའ་མེད་པར་བཤད་པའི་དོན་གང་ཡིན་པའང་བཤད་དགོས་ལ། མྱུ་གུ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་དོ་ཞེས་དམ་འཆའ་ན་ནི། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་དང༌། དཔེར་ན་གཟུགས་བརྙན་བཞིན་ཞེས་པའི་དཔེ་ཡང་འདོད་དགོས་ལ། དེ་ལྟར་ཕྱོགས་ཆོས་དང་ཁྱབ་པའི་ཚུལ་གཉིས་ཀྱི་གཏན་ཚིགས་དང་། དེས་བསྒྲུབ་པར་བྱ་བའི་བསྒྲུབ་བྱ་དང་དེ་རྟོགས་པའི་རྗེས་དཔག་སྦྱོར་བའི་ངག་ལ་བརྟེན་ནས་ཕྱི་རྒོལ་ལ་བསྐྱེད་པར་འདོད་ན། དེའི་ཚེ་རང་རྒྱུད་ཀྱི་མིང་ལ་སྡང་བ་ཙམ་དུ་ཟད་པས་རང་རྒྱུད་འགོག་པའི་ངལ་བས་ཅི་བྱ་སྙམ་ན། དེ་ལ་དམ་བཅའ་དང་ཕྱོགས་མེད་པར་བཤད་པའང་ཁྱེད་ཅག་གིས་དྲངས་པ་ལྟར་ཡང་ཡོད་ལ། ཁས་བླངས་བཞག་དགོས་པ་ཡང་དུ་མ་ཞིག་གསུངས་ཡོད་པས་དེ་ཙམ་ཞིག་དྲངས་ནས་ཕྱོགས་མེད་པར་བསྒྲུབ་ག་ལ་ནུས། འོན་ཀྱང་རང་


JLD013_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པའི་དམ་བཅའ་ཡོད་ན་རང་རྒྱུད་པར་འགྱུར་རོ་ཞེས་པའི་དོགས་པ་སྐྱེ་བ་ནི་ཤིན་ཏུ་བདེན་པ་ཞིག་སྟེ། འདི་ནི་ཆེས་ཤིན་ཏུ་ཕྲ་བའི་དཀའ་གནས་སུ་སྣང་བའི་ཕྱིར་རོ། །དེའི་ལན་ནི་རང་ལུགས་འཇོག་པའི་སྐབས་སུ་འཆད་པར་འགྱུར་རོ། །དེ་ལ་རྩོད་ཟློག་ལས་དམ་བཅའ་མེད་པར་གསུངས་པ་ནི། དངོས་པོ་རང་བཞིན་མེད་དོ་ཞེས་དབུ་མ་པས་སྨྲས་པ་ལ། དངོས་སྨྲ་བས་དེ་ལྟར་དམ་འཆའ་བའི་ཚིག་དེ་ལ་རང་བཞིན་ཡོད་ན་དངོས་པོ་ཐམས་ཅད་ལ་རང་བཞིན་མེད་པ་མི་འཐད་ལ། རང་བཞིན་མེད་ན་རང་བཞིན་ཡོད་པ་འགོག་མི་ནུས་སོ་ཞེས་བརྩད་པ་ལས་འཕྲོས་པ་ཡིན་ལ། རང་བཞིན་མེད་པ་ལ་ཡང་དགག་སྒྲུབ་ཀྱི་བྱ་བྱེད་འཐད་པར་སྔར་རྩོད་ཟློག་རྩ་འགྲེལ་དྲངས་པ་ལྟར་ཡིན་ནོ། །དེས་ན་དམ་བཅའ་ཡོད་མེད་ནི་སྤྱིར་ཡོད་མེད་རྩོད་པ་མ་ཡིན་གྱི། དངོས་པོ་ཐམས་ཅད་ལ་རང་བཞིན་མེད་དོ་ཞེས་དམ་བཅས་པའི་ཚིག་ལ་རང་བཞིན་ཡོད་མེད་རྩོད་པ་ཡིན་པས། དེ་འདྲ་བའི་དམ་བཅས་པའི་ཚིག་དེ་ལ་རང་བཞིན་ཡོད་པར་ཁས་བླངས་ན། དངོས་པོ་ཐམས་ཅད་རང་བཞིན་མེད་པར་དམ་བཅས་པ་དང་འགལ་བའི་སྐྱོན་ངེད་ལ་ཡོད་ནའང༌། ངེད་དེ་ལྟར་མི་འདོད་པས་སྐྱོན་དེ་ང་ལ་མེད་ཅེས་པའི་དོན་ཡིན་པས། དམ་བཅའ་མེད་པའི་སྒྲུབ་བྱེད་དུ་མི་རུང་སྟེ། རང་བཞིན་མེད་པ་དང་མེད་པ་གཉིས་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །གལ་ཏེ་མངོན་སུམ་ལ་སོགས་པའི། །ཞེས་སོགས་ཀྱིས་མངོན་སུམ་ལ་སོགས་པས་འགའ་


JLD013_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དམིགས་པ་མེད་པར་གསུངས་པ༌ཡང༌། སྔར་ཚིག་གསལ་གྱི་ལུང་དྲངས་པ་ལྟར་ཚད་མ་དང་གཞལ་བྱ་ལ་རང་གི་ངོ་བོས་གྲུབ་པའི་དམིགས་བྱ་དང་དམིགས་བྱེད་མེད་པར་སྟོན་པ་ཡིན་གྱི། རྟེན་འབྱུང་གི་ཚད་མ་དང་གཞལ་བྱ་མེད་པར་སྟོན་པ་མིན་ནོ། །དེ་ཡང་ཁོའི་བསམ་པ་ལ། དངོས་པོའི་རང་གི་མཚན་ཉིད་མངོན་སུམ་གྱིས་གྲུབ་ནས་འགོག་ན་འཐད་ནའང༌། དབུ་མ་པས་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པའོ་ཞེས་སྨྲ་བ་ན། མངོན་སུམ་དང་དེས་ཡུལ་འཇལ་བ་ཡང་དངོས་པོའི་ནང་དུ་འདུས་པས་རང་བཞིན་གྱིས་སྟོང་དགོས་ལ། དེ་ལྟ་ན་མེད་པ་ཡིན་པས་དེས་མི་འགོག་གོ་སྙམ་དུ་བསམས་པ་ཡིན་ཏེ། གཞུང་དེ་ནི། རྩོད་ཟློག་ལས། རེ་ཞིག་དངོས་པོ་མངོན་སུམ་གྱིས། །དམིགས་ནས་ཟློག་པར་བྱེད་ཡིན་ན། །གང་གིས་དངོས་རྣམས་དམིགས་འགྱུར་བ། །མངོན་སུམ་དེ་ནི་མེད་པ་ཡིན། །ཞེས་པ་དེའི་ལན་ཡིན་ལ། དེའི་འགྲེལ་པར་ཡང་། གལ་ཏེ་ཁྱོད་ཀྱིས་དངོས་པོ་ཐམས་ཅད་མངོན་སུམ་གྱིས་དམིགས་ནས་དངོས་པོ་ཐམས་ཅད་སྟོང་པའོ། །ཞེས་ཟློག་པར་བྱེད་ན་ནི་རུང་ན། དེ་ཡང་འཐད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་ཀྱི་ནང་དུ་ནི་མངོན་སུམ་གྱི་ཚད་མའང་འདུས་པའི་ཕྱིར་སྟོང་པ་ཡིན་ལ། དངོས་པོ་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ཡང་སྟོང་པ་ཡིན་ནོ། །དེའི་ཕྱིར་ཚད་མས་དམིགས་པ་མེད་དོ། །མི་དམིགས་ན་འགོག་པར་ཡང་མི་འཐད་པས། དེ་ལ་དངོས་པོ་ཐམས་ཅད་ནི་སྟོང་པའོ། །ཞེས་སྨྲས་པ་གང་ཡིན་པ་དེ་འཐད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་


JLD013_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །ཞེས་སོགས་གསུངས་པ་ནི་དེའི་འགྲེལ་པ་ལས། སྟོང་པ་ཉིད་དུ་སྨྲ་བ་ལ་ཡུན་རིང་པོས་ཀྱང་སུན་འབྱིན་བརྗོད་མི་ནུས་པར་བསྟན་ལ། ཁྱེད་ནི་སྟོང་པ་ཉིད་དུའང་མི་འདོད་དོ་ཞེས་སྨྲ་བས་ན། འདོད་པ་གང་ཡང་མེད་པའི་ཁུངས་སུ་ཇི་ལྟར་རུང༌། འཇུག་འགྲེལ་ལས། གང་གི་ཕྱིར་བཏགས་པར་ཡོད་པར་སྨྲ་བ་རྣམས་ལ་གཉིས་སུ་སྨྲ་བ་འདི་མི་རིགས་པ་དེ་ཉིད་ཀྱི་ཕྱིར། གཉིས་ལ་བརྟེན་ནས་སུན་འབྱིན་པ་དང་ལན་སྨྲ་བས་དབུ་མ་པ་ལ་རྣམ་པ་ཐམས་ཅད་དུ་གླགས་མི་རྙེད་དོ། །ཇི་སྐད་དུ། འཕགས་པ་ལྷས། ཡོད་དང་མེད་དང༌། ཞེས་སོགས་རྐང་པ་བཞི་དྲངས་སོ། །དེ་ལྟར་རང་གི་ངོ་བོས་གྲུབ་པའི་རྫས་ཡོད་ཁེགས་པའི་བཏགས་ཡོད་དུ་འདོད་པ་རྣམས་ལ་དངོས་པོ་ཡོད་པར་སྨྲ་བ་རང་གི་ངོ་བོས་གྲུབ་པར་འདོད་པ་དང༌། དངོས་པོ་མེད་པར་སྨྲ་བ་གཟུགས་སོགས་ཀྱི་དངོས་པོ་རྣམས་ཀྱི་དོན་བྱེད་པ་ཐམས་ཅད་ཁེགས་པར་འདོད་པ་གཉིས་ཀྱིས་སུན་མི་ཕྱིན་པའི་ཤེས་བྱེད་དུ་དྲངས་པས་ན། རང་ལུགས་མེད་པའི་ཁུངས་སུ་མི་རུང་ལ། ཡོད་མེད་ལ་སོགས་པའི་ཕྱོགས་ཀྱང་གཉིས་སུ་སྨྲ་བའི་ཕྱོགས་ལྟ་བུ་ཡིན་པར་ཤིན་ཏུ་གསལ་བས། སྔར་མུ་བཞི་འགོག་པ་དང་ཡོད་མེད་དུ་སྨྲ་བ་སེལ་ཚུལ་གྱི་སྐབས་སུ་བཤད་པ་བཞིན་ཡིན་ནོ། །རིགས་པ་དྲུག་ཅུ་པ་ལས་གསུངས་པ་ནི་ལུང་དེའི་འགྲེལ་པར། གང་གི་ཚེ་དེ་ལྟར་དངོས་པོ་མེད་པས་བདག་དང་གཞན་གྱི་ཕྱོགས་མི་སྲིད་པ་དེའི་ཚེ། དེ་ལྟར་མཐོང་བ་རྣམས་ཀྱི་ཉོན་མོངས་པ་རྣམས་


JLD013_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འགག་པར་འགྱུར་རོ། །ཞེས་ཕྱོགས་མེད་པའི་རྒྱུ་མཚན་དུ་དངོས་པོ་མེད་པ་གསུངས་ལ། དེ་ཡང་རང་གི་མཚན་ཉིད་དམ་རང་བཞིན་ལ་དངོས་པོར་བཞག་པ་ཡིན་ཏེ། དོན་བྱེད་པ་ལ་བྱས་ན་དེ་མེད་པར་མཐོང་བས་ཉོན་མོངས་འགག་པར་གསུངས་པ་དང་འགལ་བས་སོ། །དེས་ན་རང་བཞིན་གྱིས་དངོས་པོ་ཁས་ལེན་པའི་ཕྱོགས་མེད་པ་ལ་ཕྱོགས་མེད་པར་གསུངས་པ་ཡིན་ཏེ། ལུང་དེའི་གོང་དུ་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། གང་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་འདི་གཏིང་མ་དཔོགས་ཤིང་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་ཡོངས་སུ་རྟོག་པར་བྱེད་པ་དེ་དག་ལ་དངོས་པོར་ཁས་ལེན་ཡོད་ན་ནི། ངེས་པ་ཁོ་ནར། འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུངས་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །ཞེས་དངོས་པོ་ལ་རང་གི་མཚན་ཉིད་སྒྲོ་འདོགས་པ་ལ་དངོས་པོར་ཁས་ལེན་དུ་གསུངས་པའི་ཕྱིར་རོ། །དེས་ན་ལུང་དེ་དག་གིས་དབུ་མ་པ་ལ་རང་ལུགས་མེད་པར་སྟོན་པ་མ་ཡིན་པས། རྩོད་ཟློག་དང་བཞི་བརྒྱ་པ་དྲངས་ནས་ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་ཚིག་གསལ་ལས་གསུངས་པའི་དོན་ནི་དེ་ལྟར་དུ་ཤེས་པར་བྱའོ། །དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་གསུངས་པ་ནི་དགག་བྱ་ལ་གཉིས་ལས། རང་བཞིན་ཡོད་པར་སྒྲོ་འདོགས་པའི་ཡུལ་གྱི་དགག་བྱ་ལ་བྱས་ན། དེ་མེད་པ་རྒྱུ་མཚན་དུ་བྱས་ནས་མི་འགོག་པར་གསུངས་པ་མི་རིགས་པས། ཡུལ་ཅན་གྱི་དགག་བྱ་སྒྲོ་འདོགས་ལ་བྱའོ། །དེའི་


JLD013_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པར། འགོག་བྱེད་ཀྱང་ཡོད་པ་མ་ཡིན་པར་གསུངས་པས་དེ་གཉིས་མེད་པ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དགག་བྱ་དང་འགོག་བྱེད་མེད་པ་ལ་དེ་ལྟར་ཡོད་པར་བཟུང་ནས་འདིས་འདི་བཀག་གོ །ཞེས་ཁྱོད་ཀྱིས་སྐུར་པ་བཏབ་བོ་ཞེས་གསུངས་པ་ཡིན་གྱི། དེ་གཉིས་སྒྱུ་མ་ལྟ་བུ་མི་བཞེད་པ་མ་ཡིན་ཏེ། རྩོད་ཟློག་ལས། སྤྲུལ་པ་ཡིས་ནི་སྤྲུལ་པ་དང༌། །སྒྱུ་མ་ཡི་ནི་སྐྱེས་བུ་ཡིས། །སྒྱུ་མས་སྒྱུ་མ་འགོག་བྱེད་ལྟར། །འགོག་པ་འདི་ཡང་དེ་བཞིན་འགྱུར། །ཞེས་དང༌། གལ་ཏེ་འཛིན་དེ་རང་བཞིན་ཡོད། །བརྟེན་ནས་འབྱུང་བར་མི་འགྱུར་རོ། །འཛིན་པ་གང་ཞིག་བརྟེན་ནས་འབྱུང༌། །དེ་ཉིད་སྟོང་ཉིད་མ་ཡིན་ནམ། །གལ་ཏེ་འཛིན་པ་རང་བཞིན་ཡོད། །འཛིན་པ་དེ་ལ་སུ་ཡིས་བཟློག །ལྷག་མ་རྣམས་ལའང་ཚུལ་དེ་ཡིན། །དེ་ཕྱིར་ཀླན་ཀ་དེ་མེད་དོ། །ཞེས་སྨིག་རྒྱུ་ལ་ཆུར་འཛིན་པ་ལ་རང་བཞིན་ཡོད་ན་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་མི་རུང་བ་དང༌། འཛིན་པ་དེ་སུས་ཀྱང་བཟློག་ཏུ་མི་རུང་བར་གསུངས་པའི་ཕྱིར་རོ། །ཚིག་གསལ་ལས། རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པའང་རང་ལུགས་མེད་པའི་ཁུངས་མ་ཡིན་ཏེ། དེ་ནི་རང་རྒྱུད་ཀྱི་དམ་བཅའ་མེད་པའི་དོན་ཡིན་པའི་ཕྱིར་རོ། །འཇུག་པ་ལས་ཕྱོགས་མེད་པར་གསུངས་པ་ནི། རང་ལུགས་ལ་སུན་དབྱུང་བྱ་དང་འབྱིན་བྱེད་གཉིས་ཀ་རང་བཞིན་གྱིས་མ་གྲུབ་པར་འདོད་པས་ཁྱེད་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་འདོད་པ་ལ་ཕྲད་ནས་སམ། མ་ཕྲད་པར་རྒྱུས་འབྲས་བུ་བསྐྱེད་ཅེས་རིགས་པའི་བརྟག་པ་བྱས་ནས། བཀག་པའི་སུན་འབྱིན་ཁོ་བོ་ཅག་ལ་མི་འཇུག་


JLD013_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རིགས་པས་བརྟག་བཟོད་དུ་འདོད་མི་དགོས་པའི་ཕྱིར་རོ་ཞེས་པའི་དོན་ཡིན་གྱི། རང་ལུགས་མེད་པ་ནི་གཏན་མ་ཡིན་ཏེ། ལུང་དེའི་འགྲེལ་པ་ལས། ཁོ་བོ་ཅག་གི་ཕྱོགས་ལ་མཚུངས་པར་ཐལ་བར་མི་འགྱུར་ཏེ། གང་གི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་ནི་སུན་འབྱིན་པས་སུན་དབྱུང་བར་བྱ་བ་ཕྲད་ནས་ཀྱང་སུན་འབྱིན་པར་མི་བྱེད་པ་ཉིད་ལ། སུན་འབྱིན་པས་སུན་དབྱུང་བར་བྱ་བ་མ་ཕྲད་པར་ཡང་སུན་འབྱིན་པར་མི་བྱེད་དེ། སུན་དབྱུང་བ་དང་སུན་འབྱིན་པ་གཉིས་ཀ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཕྲད་པ་དང་མ་ཕྲད་པའི་བསམ་པ་མི་བྱེད་དོ། །ཞེས་དངོས་སྨྲ་བས་བཀོད་པའི་རིགས་པའི་བརྟག་པ་མི་འཇུག་པའི་རྒྱུ་མཚན་དུ་རང་བཞིན་གྱིས་མ་གྲུབ་པ་བཀོད་ཀྱི། ཁས་ལེན་མེད་པ་མ་བཀོད་པའི་ཕྱིར་དང༌། དེའི་ཤེས་བྱེད་དུ་ཡུམ་གྱི་མདོ་དྲངས་པ་ལས། ཤཱ་རིའི་བུས། རབ་འབྱོར་ལ་སྐྱེས་པ་དང་མ་སྐྱེས་པའི་ཆོས་གང་གིས་མ་སྐྱེས་པའི་ཆོས་ཐོབ་པ་འཐོབ་ཅེས་དཔྱད་ནས་དྲིས་པ་ན། དེ་གཉིས་ཀས་འཐོབ་པ་བཀག་པ་ན། ཤཱ་རིའི་བུས། འོ་ན་ཐོབ་པ་དང་རྟོགས་པ་མེད་དམ་ཞེས་དྲིས་པ་ན། སྔར་དྲངས་པ་ལྟར་དེ་གཉིས་ཡོད་མོད་ཀྱི་གཉིས་ཀྱི་ཚུལ་གྱིས་ནི་མིན་ནོ། །དེ་ཡང་ཐ་སྙད་དུ་ཡིན་གྱི་དོན་དམ་པར་མེད་དོ་ཞེས་གསུངས་པ་དཔེར་མཛད་ནས། དེ་ལྟར་ཁས་བླང་བར་གསུངས་ཏེ། འཇུག་འགྲེལ་ལས། འདིས་ཇི་ལྟར་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་སྐྱེས་པའམ་མ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་འཐོབ་པར་བཀག་ཅིང༌། གཉིས་ཀྱང་དངོས་པོ་མེད་པ་ལ་མི་རིགས་


JLD013_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། མ་བརྟགས་པར་འཇིག་རྟེན་གྱི་ཐ་སྙད་དུ་ཐོབ་པར་ཁས་བླངས་པ་དེ་བཞིན་དུ། སུན་དབྱུང་བར་བྱ་བ་དང་སུན་འབྱིན་པ་དག་ཀྱང་ཕྲད་པའམ་མ་ཕྲད་པར་མ་ཡིན་མོད་ཀྱི། འོན་ཀྱང་ཐ་སྙད་དུ་སུན་འབྱིན་པས་སུན་དབྱུང་བ་སུན་འབྱིན་པར་བྱེད་དོ་ཞེས་ཤེས་པར་བྱའོ། །ཞེས་ཕྲད་མ་ཕྲད་ཀྱི་རིགས་པའི་བརྟག་པ་བྱས་ན་དེ་གཉིས་གང་ལ་ཡང་སུན་འབྱིན་པ་མེད་ཀྱང་། དེས་སུན་འབྱིན་པ་ཡོད་པ་མི་ཁེགས་པས་ཐ་སྙད་དུ་གཞན་ཕྱོགས་སུན་འབྱིན་པ་ཁས་བླང་དགོས་པར་གསལ་བར་གསུངས་པའི་ཕྱིར་རོ། །དེར་མ་ཟད་གཏན་ཚིགས་ཀྱིས་བསྒྲུབ་བྱ་འགྲུབ་པའང་བཞེད་པ་ཡིན་ཏེ། སྔར་དྲངས་པའི་དེ་མ་ཐག་ཏུ་གཞན་ཡང༌། ཇི་ལྟར་ཁྱོད་ཀྱིས་ཉི་མའི་དཀྱིལ་འཁོར་ལ་ཡོད་ཁྱད་པར་རྣམས། །གཟུགས་བརྙན་ལ་ཡང་གཟས་བཟུང་ལ་སོགས་རྣམས་ཚེ་མཐོང་འགྱུར་ལ། །ཉི་མ་དང་ནི་གཟུགས་བརྙན་རྣམ་པར་ཕྲད་དང་མ་ཕྲད་པར། །མི་རིགས་མོད་ཀྱི་བརྟེན་ནས་ཐ་སྙད་ཙམ་ཞིག་འབྱུང་འགྱུར་ཞིང༌། །མི་བདེན་བཞིན་དུའང་རང་གི་བྱད་བཞིན་མཛེས་པར་བསྒྲུབ་བྱའི་ཕྱིར། །དེ་ནི་ཡོད་པ་ཇི་ལྟར་དེ་བཞིན་འདིར་ཡང་ཤེས་རབ་གདོང༌། །སྦྱང་བར་བྱ་ལ་ནུས་པ་མཐོང་བར་གྱུར་པའི་གཏན་ཚིགས་ནི། །འཐད་པ་དང་བྲལ་ལས་ཀྱང་བསྒྲུབ་བྱ་རྟོགས་ཞེས་ཤེས་པར་བྱ། །ཇི་ལྟར་གཟུགས་བརྙན་ཞེས་བྱ་བ་ཅུང་ཟད་ཅིག་ཡོད་པ་མ་ཡིན་པའི་ཕྱིར་ན། ཉི་མའི་དཀྱིལ་འཁོར་དང་ཕྲད་པའམ་མ་ཕྲད་པར་སྐྱེ་ཞེས་བྱ་བའི་རྟོག་པ་རྣམ་པ་ཐམས་ཅད་དུ་མི་སྲིད་མོད་ཀྱི། འོན་ཀྱང་རྐྱེན་གཟུགས་


JLD013_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བ་ལས་གཟུགས་བརྙན་དུ་དམིགས་པ་ན་རྟོགས་པར་འདོད་པའི་དོན་ངེས་པར་བྱེད་པ་དེ་བཞིན་དུ། རང་བཞིན་གྱིས་སྟོང་པའི་སུན་འབྱིན་པས་སུན་དབྱུང་བྱ་སུན་འབྱིན་པ་དང༌། རང་བཞིན་གྱིས་སྟོང་ཞིང་འཐད་པ་དང་བྲལ་བའི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་བསྒྲུབ་པ་ཡིན་ལ། གཉིས་སུ་ཐལ་བར་ཡང་མི་འགྱུར་བས། རང་གི་ཚིག་ལའང་ཐལ་བ་མཚུངས་པར་མི་རིགས་སོ་ཞེས་ཤེས་པར་བྱའོ། །ཞེས་རང་ལ་ཕར་བཀག་པའི་རིགས་པའི་མགོ་བསྒྲེ་མི་འཇུག་པའི་ལན་དེ་ལྟར་གསུངས་ཀྱི། རང་ལུགས་མེད་དོ་ཞེས་མ་གསུངས་སོ། །གཞན་ཡང་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་འདོད་པ་ལ་རྒྱུས་ཕྲད་ནས་སམ། མ་ཕྲད་པར་འབྲས་བུ་བསྐྱེད་ཅེས་བརྟག་པ་བྱས་ནས་བཀག་པའི་སྐྱོན་རང་ལ་མི་འཇུག་པ་ཡང་རང་བཞིན་མེད་པར་འདོད་པ་རྒྱུ་མཚན་དུ་བྱས་ནས་སྤོང་བ་ཡིན་གྱི། རང་ལུགས་མེད་ཅེས་བྱས་ནས་སྤོང་བ་མིན་ཏེ། འཇུག་འགྲེལ་ལས། ཁྱོད་ཀྱིས་ཇི་ལྟར་ཞེ་ན། གང་ཕྱིར་འདི་དག་གཉིས་ཅར་ཡང་ནི་སྒྱུ་མ་དང་འདྲ་དེ་ཡི་ཕྱིར། །བདག་ལ་སྐྱོན་དུ་མི་འགྱུར་འཇིག་རྟེན་པ་ཡི་དངོས་པོ་རྣམས་ཀྱང་ཡོད། །གང་གི་ལྟར་ན། རང་གི་མཚན་ཉིད་བསྐྱེད་པར་བྱ་བ་ཉིད་དང་སྐྱེད་པར་བྱེད་པ་ཉིད་ཡིན་པ་དེ་ལ་རྣམ་པར་དཔྱད་པར་འགྱུར་གྱི། གང་གི་ལྟར་ན། དངོས་པོ་རྣམས་ལོག་པར་ཀུན་བརྟགས་པས་བསྐྱེད་པ་ཉིད་ཀྱིས་སྒྱུ་མ་ལྟར་མ་སྐྱེས་པའི་རང་བཞིན་ཡིན་ཞིང་རང་བཞིན་མེད་ཀྱང་། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ལྟར་རྣམ་པར་རྟོག་པའི་ཡུལ་དུ་འགྱུར་བ་དེ་ལ་ནི་བསམ་དུ་མེད་


JLD013_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དེ། དེའི་ཕྱིར་བདག་ལ་ཇི་སྐད་བཤད་པའི་སྐྱོན་གྱི་སྐབས་ཡོད་པ་མ་ཡིན་ཞིང་། འཇིག་རྟེན་པའི་དངོས་པོ་མ་བརྟགས་པར་གྲུབ་པ་རྣམས་ཀྱང་ཡོད་པ་ཡིན་པས་ཐམས་ཅད་འགྲུབ་བོ། །ཞེས་གཞན་ལ་སྐྱོན་འཇུག་པའི་རྒྱུ་མཚན་དུ་རང་མཚན་ཁས་བླངས་པ་བཀོད་ཅིང་། རང་ལ་སྐྱོན་དེ་མེད་པའི་རྒྱུ་མཚན་དུ་སྒྱུ་མ་ལྟ་བུར་འདོད་པ་གསུངས་པས། དེ་ལྟར་ཤེས་ནས་དབུ་མའི་ལུགས་སྐྱོན་དང་བྲལ་བ་འཇོག་ཤེས་པར་གྱིས་ཤིག །སྤྱིར་ངེས་དོན་གྱི་གསུང་རབ་དང་དབུ་མའི་བསྟན་བཅོས་རྣམས་ནས་འདི་ནི་འདི་ལྟར་ཡིན་ལ་འདི་ནི་འདི་ལྟར་མིན་ནོ་འདི་དང་འདི་མེད་དོ་འདི་དང་འདི་ཡོད་དོ་ཞེས་མཐའ་ཡས་པ་ཞིག་གསུངས་པས། དེ་དག་རྩོམ་པ་པོ་དེ་དག་གི་བཞེད་པ་ཡིན་པ་ལ་དམིགས་བསལ་ཅན་གྱི་ལུང་དྲངས་ནས་བསྒྲུབ་ག་ལ་དགོས། དེ་ལྟ་མ་ཡིན་ན་འདི་ལྟར་འདོད་དོ་ཁས་ལེན་ནོ་ཞེས་མ་གསུངས་པའི་གཞུང་དེ་དག་གི་སྐབས་སུ་དེ་དག་གི་དོན་རྣམ་པར་འཆད་པ་ན་འདི་ནི་རྩོམ་པ་པོ་དེའི་ལུགས་སམ་དེའི་བཞེད་པའོ། །འདི་ནི་དེ་ལྟར་མིན་ནོ་ཞེས་རྣམ་པར་དབྱེ་མི་ནུས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་འདོད་ཅེས་པ་དང་ཁས་བླངས་ཞེས་པ་དང་དམ་བཅའ་བ་ཞེས་པའི་ཚིག་ཁྱད་པར་བ་དགོས་ནའང་མང་དུ་གསུངས་ཏེ། རྩོད་ཟློག་ལས། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་དང༌། རིགས་པ་དྲུག་ཅུ་པ་ལས་ཀྱང༌། དངོས་པོ་བྱུང་བ་ཞིག་པ་ལ། །ཇི་ལྟར་འགོག་པར་བཏགས་པ་ལྟར། །དེ་བཞིན་དམ་པ་རྣམས་ཀྱིས་ཀྱང༌། །སྒྱུ་མ་བྱས་ལྟའི་འགོག་


JLD013_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞེད། །ཅེས་དང༌། གང་དག་བརྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོག །ཅེས་དང༌། འཇིག་རྟེན་ལས་འདས་པར་བསྟོད་པ་ལས་ཀྱང༌། གང་དག་རྒྱུ་ལས་བྱུང་བ་རྣམས། །དེ་མེད་པར་ནི་ཡོད་མིན་པས། །གཟུགས་བརྙན་ཉིད་དང་མཚུངས་པ་རུ། །གསལ་བར་ཅི་ཡི་ཕྱིར་མི་འདོད། །ཅེས་དང་། ཚོར་བྱ་མེད་པར་དེ་མེད་པས། །ཚོར་བ་ཉིད་ནི་བདག་མེད་པ། །ཚོར་བ་དེ་ཡང་རང་བཞིན་གྱིས། །ཡོད་པ་མིན་པར་ཁྱོད་ཀྱིས་བཞེད། །ཅེས་དང༌། བྱེད་པ་པོ་དང་ལས་ཉིད་ཀྱང༌། །ཐ་སྙད་དུ་ནི་ཁྱོད་ཀྱིས་བསྟན། །ཕན་ཚུན་ལྟོས་པ་ཅན་ཉིད་དུ། །གྲུབ་པར་ཁྱོད་ཀྱིས་བཞེད་པ་ལགས། །ཞེས་དང༌། རེ་ཞིག་ཞིག་པའི་རྒྱུ་ལས་ཀྱང༌། །འབྲས་བུ་འབྱུང་བར་མི་རིགས་ལ། །མ་ཞིག་ལས་མིན་རྨི་ལམ་དང༌། །འདྲ་བའི་སྐྱེ་བ་ཁྱོད་ཉིད་བཞེད། །ཅེས་དང༌། རྟེན་ཅིང་འབྲེལ་པར་གང་འབྱུང་བ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་གསུངས་སོ། །འཇུག་འགྲེལ་ལས་ཀྱང༌། མཁས་པ་དག་གིས་ཕྱོགས་འདི་ནི་སྐྱོན་མེད་ཅིང་ཕན་ཡོན་དང་བཅས་པའོ་སྙམ་དུ་བསམས་ཏེ་གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་དང་། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་ཁས་བླངས་པ་ལྟར་བརྟེན་ནས་བཏགས་པ་ཁས་བླངས་པའི་ཕྱིར། ཁོ་བོ་ཅག་གི་ཕྱོགས་ལ་ཐ་སྙད་ཐམས་ཅད་ཆད་པར་ཐལ་བར་མི་འགྱུར་ལ། ཕ་རོལ་པོས་ཀྱང་འདི་ཉིད་ཁས་བླངས་བར་འོས་པ་ཡིན་ནོ། །ཞེས་ངེས་པར་ཁས་བླང་དགོས་པར་གསུངས་ཤིང་དེ་འདྲ་བ་གཞན་ཡང་མང་ངོ་། །ཡང་འཇུག་འགྲེལ་ལས། དམ་བཅའ་བ་བཞི་པོ་དེ་


JLD013_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བརྗོད་ནས། དེ་རིགས་པས་བསྒྲུབ་པའི་ཕྱིར་བཤད་པ། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །གཉིས་ཀ་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། །ཅེས་དམ་བཅའ་བཞི་བཤད་ལ། ཚིག་གསལ་ལས་ཀྱང་དེ་དང་འདྲ་བར་གསུངས་པས་ན། མགོན་པོ་ཀླུ་སྒྲུབ་དང་ཟླ་བ་གྲགས་པའི་ལུགས་ལ་རང་འདོད་དང་ཁས་ལེན་དང་དམ་བཅའ་ནི་ཡོད་པ་ཡིན་ནོ། །ལུགས་བཞི་པ་དགག་པ་ནི། འདིས་ནི་ཐ་སྙད་དུ་རང་གི་མཚན་ཉིད་ཡོད་ཀྱང་རང་མཚན་རིགས་པས་དཔྱད་བཟོད་ཐ་སྙད་དུ་འགོག་པར་སྣང་བ་མི་ལེགས་པ་ནི་སྔར་བཤད་ཟིན་ལ། དབུ་མ་པས་ཕྱི་རྒོལ་དངོས་པོར་སྨྲ་བ་ལ་གཞན་དོན་རྗེས་དཔག་གིས་བསྒྲུབས་པའི་གཉིས་ཀའི་ལུགས་ལ་གྲུབ་པའི་ཚུལ་གསུམ་པའི་རྟགས་སློབ་དཔོན་ཟླ་བ་གྲགས་པའི་ལུགས་སུ་འདོད་པ་ནི་རིགས་པ་མ་ཡིན་ཏེ། དེ་འདྲ་བ་དེ་ལ་ཚིག་གསལ་ནས་དམིགས་ཀྱིས་ཕྱེ་བའི་དགག་པ་མཛད་པའི་ཕྱིར་དང༌། དེ་འདྲ་དེ་འདོད་ན། དེ་ལ་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཀྱི་ཐ་སྙད་མི་སྦྱོར་དུ་ཆུག་ཀྱང་རང་རྒྱུད་ཀྱི་རྟགས་ཡིན་པ་བཟློག་ཏུ་མེད་པའི་ཕྱིར་རོ། །འདི་དག་ནི་ད་དུང་ཡང་འཆད་པར་འགྱུར་བས་འདིར་དེ་ཙམ་ལས་མི་སྤྲོའོ། །གཉིས་པ་རང་གི་ལུགས་བཞག་པ་ནི། ཐལ་འགྱུར་བས་རང་རྒྱུད་པའི་ལུགས་སུན་ཕྱུང་ནས་རང་གི་ལུགས་བཞག་པ་ཉིད་བརྗོད་ན་གཉིས་ཀ་རྟོགས་པར་འགྱུར་བས་དེ་བརྗོད་པར་བྱའོ། །འདི་ལ་ཚིག་གསལ་ལས་མང་དུ་གསུངས་ཀྱང་ཚིག་མངས་པས་འཇིགས་ནས་འདིར་ནི་གཙོ་བོ་རྣམས་


JLD013_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཡིན་པས། དེ་ལ་གཉིས། རང་རྒྱུད་སུན་དབྱུང་བ་དངོས་དང༌། དེ་རང་ལ་མི་མཚུངས་པའི་ཚུལ་ལོ། །དང་པོ་ལ་གཉིས། གཞི་ཆོས་ཅན་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་བསྟན་པ་དང༌། སྐྱོན་དེས་གཏན་ཚིགས་ཀྱང་མ་གྲུབ་པར་བསྟན་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། སྐབས་འདི་རྣམས་ཚིག་གསལ་ལས་གསུངས་པ་རྣམས་ཀྱི་ནང་ནས་ཀྱང་ཤིན་ཏུ་རྟོགས་དཀའ་བར་སྣང་བས་ཚིག་གསལ་གྱི་ཚིག་དྲངས་ཏེ་བཤད་ན། ཇི་སྐད་དུ། ཅི་སྟེ་ཇི་ལྟར་སྒྲ་མི་རྟག་ཅེས་བྱ་བ་ལ་ཆོས་དང་ཆོས་ཅན་གཉིས་སྤྱི་ཉིད་བཟུང་བ་ཡིན་གྱི་ཁྱད་པར་ནི་མ་ཡིན་ཏེ། ཁྱད་པར་འཛིན་ན་ནི་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་མེད་པར་འགྱུར་རོ། །འདི་ལྟར་གལ་ཏེ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་སྒྲ་འཛིན་ན་ནི་དེ་ཕ་རོལ་པོ་ལ་མ་གྲུབ་བོ། །འོན་ཏེ་ནམ་མཁའི་ཡོན་ཏན་འཛིན་ན་ནི་དེ་རང་ཉིད་སངས་རྒྱས་པ་ལ་མ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་བྱེ་བྲག་པ་སྒྲ་མི་རྟག་པར་དམ་འཆའ་བ་ནའང་བྱས་པའི་སྒྲ་འཛིན་ན་དེ་གཞན་ལ་མ་གྲུབ་བོ། །འོན་ཏེ་མངོན་པར་གསལ་བར་བྱ་བ་ཡིན་ན་ནི་དེ་རང་ལ་མ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་ཅི་རིགས་པར་འཇིག་པའང་གལ་ཏེ་རྒྱུ་དང་བཅས་པ་ཡིན་ན་ནི་དེ་སངས་རྒྱས་པ་རང་ལ་མ་གྲུབ་པ་ཡིན་ལ། འོན་ཏེ་རྒྱུ་མེད་པ་ཡིན་ན་ནི་དེ་ཕ་རོལ་པོ་ལ་མ་གྲུབ་པ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་འདིར་ཆོས་དང་ཆོས་ཅན་སྤྱི་ཙམ་ཞིག་འཛིན་པ་དེ་བཞིན་དུ་འདིར་ཡང་ཁྱད་པར་དོར་བའི་ཆོས་ཅན་ཙམ་ཞིག་འཛིན་པར་འགྱུར་རོ་ཞེ་ན། ཞེས་པའོ། །འདིའི་དོན་ནི། སངས་རྒྱས་


JLD013_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱེ་བྲག་པ་ལ་སྒྲ་མི་རྟག་ཅེས་དམ་འཆའ་བ་ན། འབྱུང་འགྱུར་གྱི་སྒྲ་ཞེས་ཆོས་ཅན་དུ་བཟུང་ན་བྱེ་བྲག་པ་ལ་མི་འགྲུབ་ལ། ནམ་མཁའི་ཡོན་ཏན་གྱི་སྒྲ་ཞེས་ཆོས་ཅན་དུ་བྱས་ན་རང་ལ་མི་འགྲུབ་བོ། །དེ་བཞིན་དུ་བྱེ་བྲག་པས་ཀྱང་གསལ་བྱེད་པ་ལ་སྒྲ་མི་རྟག་པར་དམ་འཆའ་བ་ན། བྱས་པའི་སྒྲ་ཞེས་ཆོས་ཅན་དུ་བཟུང་ན་གསལ་བྱེད་པ་ལ་མི་འགྲུབ་ལ། སྔར་ཡོད་རྐྱེན་གྱིས་གསལ་བར་བྱེད་པའི་སྒྲ་ཞེས་ཆོས་ཅན་དུ་བཟུང་ན་རང་ལ་མི་འགྲུབ་བོ། །དེས་ན་སོ་སོའི་འདོད་པ་ཐུན་མོང་མིན་པ་ཆོས་ཅན་དུ་བཟུང་དུ་མི་རུང་སྟེ། ཆོས་ཅན་ནི་རྒོལ་བ་གཉིས་ཀས་ཁྱད་པར་གྱི་ཆོས་དཔྱོད་པའི་གཞི་ཡིན་པས། གཉིས་ཀའི་མཐུན་སྣང་དུ་གྲུབ་པ་ཞིག་དགོས་པའི་ཕྱིར་རོ། །ཇི་ལྟར་ཆོས་ཅན་མཐུན་སྣང་དུ་གྲུབ་པ་དགོས་པ་དེ་བཞིན་དུ། ཆོས་མི་རྟག་པའང་ཁྱད་པར་དུ་མ་བྱས་པའི་སྤྱི་ཙམ་ཞིག་གཉིས་ཀས་གྲུབ་དགོས་ཏེ། དེ་ཡང་དཔེར་གང་བཀོད་པ་ལ་མཐུན་སྣང་དུ་གྲུབ་པ་ཞིག་བསྒྲུབ་བྱ་གྲུབ་པའི་སྔོན་དུ་དགོས་པ་ཡིན་ནོ། །དཔེ་དེ་བཞིན་དུ་དབུ་མ་པས་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དམ་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་གཞན་སྡེ་ལ་བསྒྲུབ་པ་དང༌། གཞན་ལས་སྐྱེ་བ་མེད་པར་རང་སྡེ་དངོས་པོར་སྨྲ་བ་ལ་བསྒྲུབ་པ་ན། བདེན་པའི་མིག་ལ་སོགས་པ་ཞེས་ཆོས་ཅན་དུ་བཟུང་ན་རང་ལ་མི་འགྲུབ་ལ། བརྫུན་པའི་མིག་ལ་སོགས་པ་ཞེས་ཆོས་ཅན་དུ་བཟུང་ན་ཕ་རོལ་པོ་ལ་མི་འགྲུབ་པས་ཁྱད་པར་དེ་འདྲ་བ་དོར་ཏེ། མིག་དང་གཟུགས་ཙམ་


JLD013_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཆོས་ཅན་དུ་འཇོག་སྟེ། དབུ་མ་པ་དང་དངོས་པོར་སྨྲ་བ་གཉིས་ཀྱིས་བདག་ལས་སྐྱེ་བ་ཡོད་མེད་ལ་སོགས་པའི་ཁྱད་པར་གྱི་ཆོས་དཔྱོད་པའི་གཞི་ཡིན་པས། གཉིས་ཀའི་མཐུན་སྣང་དུ་གྲུབ་དགོས་པའི་ཕྱིར་རོ་སྙམ་དུ་བསམ་པའོ། །མཐུན་སྣང་དུ་གྲུབ་པའི་དོན་ཡང་། ཕྱི་རྒོལ་ལ་ཚད་མ་ཇི་འདྲ་བ་ཞིག་གིས་གྲུབ་པའི་ཚད་མ་དེ་འདྲ་བ་ཞིག་གིས་སྔ་རྒོལ་ལའང་གྲུབ་པའོ། །གཉིས་པ་དེ་དགག་པ་ལ་གཉིས། དོན་མི་འཐད་པ་དང༌། དཔེ་བཀོད་པ་དང་མི་འདྲ་བའོ། །དང་པོ་ནི། ཚིག་གསལ་ལས། དེ་ནི་དེ་ལྟར་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་འདིར་སྐྱེ་བ་བཀག་པ་བསྒྲུབ་པར་བྱ་བའི་ཆོས་སུ་འདོད་པ་དེའི་ཚེ་དེ་ཁོ་ནར་དེའི་རྟེན་ཆོས་ཅན་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ནི་ཉམས་པར་གྱུར་པར་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དོ། །ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དག་ནི་ཐ་དད་པ་ཡིན་ནོ། །དེའི་ཕྱིར་གང་གི་ཚེ་རབ་རིབ་ཅན་གྱིས་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་ལོག་གིས་ཡོད་པ་མ་ཡིན་པ་ཡོད་པ་ཉིད་དུ་འཛིན་པ་དེའི་ཚེ་ནི་ཡོད་པར་གྱུར་པའི་དོན་ཆ་ཙམ་ཡང་དམིགས་པར་ག་ལ་འགྱུར། གང་གི་ཚེ་རབ་རིབ་ཅན་མ་ཡིན་པས་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་མ་ལོག་པས་ཡང་དག་པ་མ་ཡིན་པ་སྒྲོ་མི་འདོགས་པ་དེའི་ཚེ་ནའང་གང་གིས་ན་དེ་ཀུན་རྫོབ་ཏུ་འགྱུར་བ་ཡོད་པ་མ་ཡིན་པར་གྱུར་པའི་དོན་ཆ་ཙམ་ཡང་དམིགས་པ་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །


JLD013_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་གསུངས་སོ། །གང་གི་ཕྱིར་དེ་ལྟར་ཕྱིན་ཅི་ལོག་པ་དང་ཕྱིན་ཅི་མ་ལོག་པ་དག་ཐ་དད་པ་དེའི་ཕྱིར་ཕྱིན་ཅི་མ་ལོག་པའི་གནས་སྐབས་ན་ཕྱིན་ཅི་ལོག་ཡོད་པ་མ་ཡིན་པའི་ཕྱིར་ན། གང་ཞིག་ཆོས་ཅན་ཉིད་དུ་འགྱུར་བའི་མིག་ཀུན་རྫོབ་པ་ག་ལ་ཡོད། དེའི་ཕྱིར་གཞི་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་དང་གཞི་མ་གྲུབ་པའི་གཏན་ཚིགས་ཀྱི་སྐྱོན་ལྡོག་པ་མེད་པས་འདི་ལན་མ་ཡིན་པ་ཉིད་དོ། །ཞེས་པའོ། །འདི་ནི་གཟུགས་ཀྱི་སྐྱེ་མཆེད་ནི་བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར། མདུན་ན་གསལ་བའི་བུམ་པ་བཞིན་ནོ། །ཞེས་པའི་སྦྱོར་བ་ལ་མཚོན་ན་རྟོགས་སླ་བས་དེའི་སྟེང་ནས་བཤད་པར་བྱའོ། །ལན་གྱི་གཞུང་དེ་དག་གིས་ནི་ཆོས་ཅན་མཐུན་སྣང་དུ་མི་འགྲུབ་ལུགས་སྟོན་ལ། དེ་ཡང་ཇི་ལྟར་ཡིན་སྙམ་ན། འདིར་ཕྱི་རྒོལ་གང་དང་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་མི་འགྲུབ་པའི་མི་འགྲུབ་ལུགས་སྟོན་པའི་ཕྱི་རྒོལ་དེ་ནི་ཚིག་གསལ་ལས་གསུངས་པའི་སྐབས་འདིར་ནི་བདག་སྐྱེ་འགོག་པའི་ཕྱི་རྒོལ་ཡིན་མོད་ཀྱང༌། སྤྱིར་ནི་དངོས་པོ་རྣམས་ལ་དོན་དམ་པར་རང་བཞིན་ཡོད་པར་འདོད་པའི་དངོས་པོར་སྨྲ་བ་དང་། ཐ་སྙད་དུ་དེ་དག་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་པར་འདོད་པའི་རང་རྒྱུད་པ་གཉིས་ཀ་ཡིན་ནོ། །དབུ་མ་རང་རྒྱུད་པ་ལའང་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་ཟེར་མོད་ཀྱང་། འདིར་ནི་ཚིག་ཚོགས་བསྐྱུང་བའི་ཕྱིར་དུ་རང་བཞིན་མེད་པར་སྨྲ་བ་ཞེས་པ་ནི་ཐལ་འགྱུར་བ་ལ་གོ་བར་བྱ་ལ། རང་བཞིན་ཡོད་པར་སྨྲ་བ་ཞེས་པ་ནི་དངོས་པོར་སྨྲ་བ་དང་རང་རྒྱུད་པ་གཉིས་ཀ་ལ་གོ་བར་བྱའོ། །


JLD013_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་སྐྱེ་མཆེད་ཆོས་ཅན་དུ་བཞག་པ་དེ་འགྲུབ་ལུགས་ནི་དེ་འཛིན་པའི་མིག་གི་ཤེས་པའི་མངོན་སུམ་ཚད་མས་འགྲུབ་དགོས་ལ། དེ་ཡང་མ་འཁྲུལ་བར་དེ་དག་གིས་མ་གྲུབ་ན་དོན་བསྒྲུབ་པའི་མངོན་སུམ་དུ་མི་རུང་བས་མ་འཁྲུལ་བ་དགོས་སོ། །རྟོག་མེད་མ་འཁྲུལ་བར་འགྲུབ་པ་ནི་དེ་དག་གི་ལུགས་ལ་གང་ལ་མ་འཁྲུལ་བར་སོང་ས་དེའི་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་སྣང་ཞིང་སྣང་བ་ལྟར་ཡོད་པ་ལ་ངེས་པར་ལྟོས་སོ། །དེ་ལྟར་ན་ཕྱི་རྒོལ་ལ་ཚད་མ་ཇི་འདྲ་བ་ཞིག་གིས་ཆོས་ཅན་གྲུབ་པའི་ཚད་མ་དེ་ནི་སྔ་རྒོལ་ལ་མི་རུང་སྟེ། ཆོས་གང་ལའང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཐ་སྙད་དུའང་མེད་པས། དེ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་རོ་སྙམ་དུ་སློབ་དཔོན་འདིས་དགོངས་ནས་རང་རྒྱུད་འགོག་པ་ཡིན་ནོ། །དེ་ཡང་ཕ་རོལ་པོ་ལ་དངོས་པོ་རྣམས་རང་བཞིན་མེད་པར་རྟོགས་པའི་ལྟ་བ་གསར་དུ་བསྐྱེད་པའི་ཡན་ལག་ཏུ་རང་རྒྱུད་དགོས་པ་འགོག་པའི་ཚུལ་འཆད་པ་ཡིན་གྱི། དབུ་མ་ཐལ་འགྱུར་བ་ནང་ཕན་ཚུན་དུ་ཇི་སྙེད་པའི་དོན་འགའ་ཞིག་རྟོགས་པའི་རྗེས་དཔག་སྐྱེད་པའི་ཡན་ལག་ཏུ་རང་རྒྱུད་དགོས་མི་དགོས་ཀྱི་དཔྱད་པ་ནི་རེ་ཞིག་བཞག་གོ །དེ་གཞུང་དང་སྦྱར་ནས་བཤད་ན། གང་གི་ཚེ། ཞེས་པ་ནས། ཁས་བླངས་པ་ཉིད་དོ། །ཞེས་པའི་དོན་ནི། བསྒྲུབ་བྱའི་ཆོས་ཀྱི་རྟེན་ཆོས་ཅན་མིག་གམ་གཟུགས་ལ་སོགས་པ་ནི་དེ་ཁོ་ནར་ཉམས་པར་གྱུར་པ་སྟེ་མ་གྲུབ་པར་ལེགས་ལྡན་འབྱེད་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །ཆོས་ཅན་ཇི་འདྲ་བ་སྙམ་ན། མ་རིག་པས་བསླད་པའི་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་སྟེ། མིག་གི་ཤེས་


JLD013_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པའི་ཐ་སྙད་པའི་ཤེས་པ་ཙམ་གྱིས་གྲུབ་པའི་དོན་ནོ། །ཁས་བླངས་ལུགས་ནི། དོན་དམ་པར་སྐྱེ་བ་བཀག་པ་དེ་ཆོས་ཅན་དེ་དག་ལ་བསྒྲུབ་བྱའི་ཆོས་སུ་བརྟེན་པ་དེའི་ཚེ་སྟེ། དེའི་ཕྱིར་ཏེ་དེ་ཁོ་ནར་གྲུབ་ན་དེ་བརྟེན་པ་འགལ་བའི་ཕྱིར་རོ། །འོ་ན་དེ་ལྟར་ཁས་ལེན་མོད་དེས་ཅིར་འགྱུར་སྙམ་ན། དེ་ཁོ་ནར་མ་གྲུབ་ཅིང་དེ་ཁོ་ན་ཉིད་ཀྱི་དོན་ཡང་མ་ཡིན་པའི་གཟུགས་ལ་སོགས་པ་དེ་དག་ནི་མ་འཁྲུལ་བའི་ཤེས་པས་རྙེད་པའི་དོན་དུ་མི་རུང་བས། ཡུལ་ཅན་བརྫུན་པ་འཛིན་པའི་ཐ་སྙད་པའི་ཤེས་པས་རྙེད་པ་ཡིན་པས་དེ་དག་ཀྱང་མ་རིག་པས་བསླད་པའི་འཁྲུལ་པ་ཡིན་ནོ། །དེས་ན་མ་འཁྲུལ་བས་རྙེད་པའི་དོན་འཁྲུལ་ཤེས་ལ་མི་སྣང་ལ། འཁྲུལ་ཤེས་ལ་སྣང་བའི་དོན་མ་འཁྲུལ་བའི་ཤེས་པས་རྙེད་པ་མ་ཡིན་ཏེ། ཕྱིན་ཅི་ལོག་འཁྲུལ་ཤེས་དང་ཕྱིན་ཅི་མ་ལོག་པ་མ་འཁྲུལ་བའི་ཤེས་པ་གཉིས་རང་རང་གི་ཡུལ་ཕན་ཚུན་སྤངས་པའི་སྒོ་ནས་ཡུལ་ལ་འཇུག་པའི་ཐ་དད་པ་ཡིན་པའི་ཕྱིར་རོ། །ཞེས་པ་ནི། ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དག་ནི་ཐ་དད་པ་ཉིད་དོ། །ཞེས་གསུངས་པའི་དོན་ནོ། །དེ་ཉིད་འཆད་པ་ནི། གང་གི་ཚེ། ཞེས་པ་ནས། དམིགས་པ་ག་ལ་ཡོད། ཅེས་པའི་བར་རོ། །དེ་ལ་ཕྱིན་ཅི་ལོག་ཅེས་པ་ནི་མིག་ལ་སོགས་པའི་ཤེས་པ་ཐ་སྙད་པ་མ་རིག་པས་བསླད་པ་རྣམས་སོ། །དེ་དག་གིས་ཡོད་པ་མ་ཡིན་པ་ཡོད་པ་ཉིད་དུ་འཛིན་པ་ཞེས་པ་ནི། གཟུགས་སྒྲ་སོགས་ལ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་མཚན་ཉིད་མེད་བཞིན་དུ་དབང་པོའི་ཤེས་པས་ཡོད་པར་བཟུང་བ་


JLD013_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རྟོག་མེད་ཀྱི་ཤེས་པས་བཟུང་བ་ནི་སྣང་བ་ཙམ་ལ་བྱ་དགོས་པས་རང་གི་མཚན་ཉིད་དུ་གཟུགས་སོགས་སྣང་བའོ། །དེའི་ཚེ་ནི་ཡོད་པར་གྱུར་པའི་དོན་ཆ་ཙམ་ལ་ཡང་དམིགས་པར་ག་ལ་འགྱུར། ཞེས་པ་ནི་དེ་ལྟར་རང་མཚན་མེད་བཞིན་དུ་སྣང་བའི་ཕྱིར་ན། ཤེས་པ་དེ་དག་གིས་རང་གི་མཚན་ཉིད་ཀྱིས་ཡོད་པའི་དོན་ཕྲ་མོ་ཡང་འགྲུབ་པར་ག་ལ་འགྱུར་ཞེས་པའི་དོན་ནོ། །རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་མེད་བཞིན་དུ་སྣང་བའི་དཔེ་ནི། སྐྲ་ཤད་ལ་སོགས་པ་ལྟར་ཞེས་པའོ། །དེ་དག་གིས་ནི་གཟུགས་སྒྲ་སོགས་སྣང་བའི་དབང་ཤེས་རྣམས་འཁྲུལ་པ་ཡིན་པས་དོན་རང་གི་མཚན་ཉིད་སྒྲུབ་བྱེད་དུ་མི་རུང་བར་གསུངས་སོ། །མ་འཁྲུལ་བའི་ཤེས་པས་ནི་གཟུགས་སྒྲ་སོགས་འགའ་ཡང་མི་འཛིན་ཏོ་ཞེས་སྟོན་པ་ནི། གང་གི་ཚེ་རབ་རིབ་ཅན་མ་ཡིན་པས། ཞེས་སོགས་སོ། །དེ་ལ་ཕྱིན་ཅི་མ་ལོག་པ་ནི་མ་འཁྲུལ་བའི་ཤེས་པའོ། །དེ་ནི་དེ་ཁོ་ན་ཉིད་མངོན་སུམ་དུ་མཛད་པ་ལ་ཡོད་ཀྱི་གཞན་ལ་མེད་དོ། །དེས་ཡང་དག་པ་མ་ཡིན་པ་སྒྲོ་མི་འདོགས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་དུ་མི་རུང་བའི་གཟུགས་སྒྲ་སོགས་སྒྲོ་མི་འདོགས་པ་སྟེ་ཡོད་པར་མི་འཛིན་པའོ། །དཔེར་ན་རབ་རིབ་དང་བྲལ་བའི་མིག་ཤེས་ཀྱིས་སྐྲ་ཤད་འཛག་པའི་སྣང་བ་མ་དམིགས་པ་ལྟར་རོ། །ཀུན་རྫོབ་ཏུ་འགྱུར་བ་ནི་གཟུགས་སྒྲ་སོགས་བརྫུན་པའི་དོན་ནོ། །ཡོད་པ་མ་ཡིན་པ་ནི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའོ། །དེ་འདྲ་བ་དེ་མ་འཁྲུལ་བའི་ཤེས་པ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་དེས་ཆ་ཙམ་ཡང་མི་འགྲུབ་སྟེ། དེ་དག་དེས་མ་གཟིགས་

ཤོག་ལྷེབ་ ༩༠༡ ནས་ ༡༠༠༠ བར།


JLD013_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ་ཞེས་པའི་དོན་ནོ། །དོན་དེ་དག་ལ་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་གི་ཤེས་བྱེད་བཀོད་པ་ནི། གལ་ཏེ་ཞེས་སོགས་ཏེ། འདིས་མངོན་སུམ་ལ་སོགས་པའི་ཚད་མ་བཞིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་འགའ་ཡང་མ་གྲུབ་པར་གསུངས་པ་འདིར་ཁུངས་སུ་མཛད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཞེས་སོགས་ནི། སྔར་བཤད་པའི་དོན་སྡུད་པ་ཡིན་ལ། གང་ཞིག་ཆོས་ཅན་ཉིད་དུ་འགྱུར་བའི་མིག་ཀུན་རྫོབ་པ་ག་ལ་ཡོད་ཅེས་པ་ནི། ཀུན་རྫོབ་པའི་མིག་ལ་སོགས་པའི་ཆོས་ཅན་མེད་པར་སྟོན་པ་མིན་གྱི། སྔར་བཤད་པ་ལྟར་རང་གི་མཚན་ཉིད་ཀྱིས་གྲུབ་པའམ་མངོན་སུམ་མ་འཁྲུལ་བས་གྲུབ་པའི་གཟུགས་ཆོས་ཅན་དུ་ཐ་སྙད་དུའང་མ་གྲུབ་ཅེས་པའི་དོན་ནོ། །དེའི་ཕྱིར་ཞེས་སོགས་ཀྱི་དོན་ནི། རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པར་སྨྲ་བ་དང་དངོས་པོར་སྨྲ་བ་གཉིས་ལ་གཟུགས་ཀྱི་སྐྱེ་མཆེད་ཆོས་ཅན་དུ་བཞག་པའི་ཚེ་མ་འཁྲུལ་པའི་མངོན་སུམ་མཐུན་སྣང་དུ་མ་གྲུབ་པས། གཉིས་ཀའི་ལུགས་ལ་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་སྒྲུབ་བྱེད་ཀྱི་ཚད་མ་མེད་པས། རང་རྒྱུད་རྟགས་ཀྱིས་ཕྱི་རྒོལ་ལ་བསྒྲུབ་པར་བྱ་བའི་ཕྱོགས་སྐྱོན་མེད་བཞག་ཏུ་མེད་ཅེས་པའི་དོན་ནོ། །གལ་ཏེ་ཐ་སྙད་དུ་ཡང་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པའི་ཕྱོགས་ལ་དེ་ལྟར་ཡིན་མོད་ཀྱང༌། ཁོ་བོ་ཅག་ནི་ཐ་སྙད་དུ་དེ་ལྟར་མི་འདོད་པས། རང་རྒྱུད་ཀྱི་ཆོས་ཅན་ལ་སོགས་པ་ཡོད་པའི་ཕྱིར་ཕྱོགས་སྐྱོན་མེད་ཡོད་དོ་སྙམ་ན། ཐ་སྙད་དུ་དེ་འདྲ་བའི་རང་བཞིན་ཡོད་པ་མི་འཐད་པ་ནི། སྔར་ཡང་བཤད་ཅིང་ད་དུང་ཡང་འཆད་


JLD013_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལན་དེ་ནི་རིགས་པ་མ་ཡིན་ནོ། །གཉིས་པ་དཔེ་བཀོད་པ་དང་མི་འདྲ་བ་ནི། ཚིག་གསལ་ལས། དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ནོ། །དེར་ནི་སྒྲའི་སྤྱི་དང་མི་རྟག་པ་ཉིད་ཀྱི་སྤྱི་ཁྱད་པར་བརྗོད་པར་མི་འདོད་པ་གཉིས་ཀ་ལ་ཡང་ཡོད་ན། དེ་བཞིན་དུ་མིག་གི་སྤྱི་ནི་སྟོང་པ་ཉིད་དང་སྟོང་པ་ཉིད་མ་ཡིན་པར་སྨྲ་བ་དག་གིས་ཀུན་རྫོབ་ཏུ་ཡང་ཁས་མ་བླངས་ལ། དོན་དམ་པར་ཡང་མ་ཡིན་པས་དཔེ་ལ་འདྲ་བ་ཡོད་པ་མ་ཡིན་ནོ། །ཞེས་པའོ། །འདིའི་དོན་ནི། འབྱུང་གྱུར་དང་ནམ་མཁའི་ཡོན་ཏན་གཉིས་དང་བྱས་པ་དང་སྔར་ཡོད་རྐྱེན་གྱིས་གསལ་བར་བྱེད་པ་གཉིས་གང་ཡང་མིན་པའི་སྒྲ་དང་རྒྱུ་ལ་བལྟོས་མི་བལྟོས་གང་ཡང་མིན་པའི་མི་རྟག་པ་སྤྱི་ཙམ་པ་ཞིག་ཡོད་ལ། བདེན་རྫུན་གང་ཡང་མིན་པའི་མིག་ལ་སོགས་པ་མེད་ཅེས་སྟོན་པ་མིན་ཏེ། དེ་ནི་རྒོལ་བ་དེ་དག་གིས་མི་འདོད་པའི་ཕྱིར་དང་། དེ་ལྟ་ན་དཔེ་དོན་དེ་གཉིས་མི་མཚུངས་པར་སུས་ཀྱང་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །འོ་ན་གང་ཡིན་སྙམ་ན། འབྱུང་གྱུར་གྱི་སྒྲ་ཞེས་པའམ་ནམ་མཁའི་ཡོན་ཏན་གྱི་སྒྲ་ཞེས་པའི་ཁྱད་པར་གང་རུང་གིས་ཁྱད་པར་དུ་མ་བྱས་པར་སྒྲ་ཡོད་པར་ངེས་པ་ནི་རྒོལ་བ་གཉིས་པོ་དེ་དག་གི་ལུགས་ལ་བྱར་ཡོད་ལ། རང་བཞིན་གྱིས་སྟོང་པར་སྨྲ་བ་དང་རང་བཞིན་གྱིས་མི་སྟོང་པར་སྨྲ་བ་གཉིས་ཀྱི་ལུགས་ལ་མ་འཁྲུལ་བའི་ཤེས་པས་གྲུབ་པའང་མ་ཡིན། འཁྲུལ་པའི་ཤེས་པས་གྲུབ་པའང་མ་ཡིན་པའི་ཚད་མས་གྲུབ་པའི་མིག་གམ་གཟུགས་ཀྱི་སྤྱི་མེད་ཅིང༌། འཁྲུལ་པའི་ཤེས་པས་གྲུབ་པ་ནི་ཕྱི་རྒོལ་ལ་མ་གྲུབ་ལ། མ་འཁྲུལ་བའི་ཤེས་


JLD013_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྙེད་པ་ནི་སྔ་རྒོལ་གྱི་ཚད་མས་མི་འགྲུབ་པས་དཔེ་དང་འདྲ་བ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །མ་འཁྲུལ་བ་ནི། སྤྱིར་ནི་དོན་དམ་བདེན་པ་མངོན་སུམ་དུ་འཇལ་བའི་མཉམ་གཞག་ཡིན་མོད་ཀྱང༌། འདིར་ནི་སྣང་ཡུལ་རང་མཚན་ལ་མ་འཁྲུལ་བའི་མངོན་སུམ་ཚད་མ་དང་ཞེན་ཡུལ་རང་མཚན་ལ་མ་འཁྲུལ་བའི་རྗེས་དཔག་ཚད་མ་གཉིས་ཀ་ལ་བྱ་དགོས་ལ། ཆོས་ཅན་དང་རྟགས་ཀྱི་ཚུལ་གསུམ་བསྒྲུབ་པའི་ཚད་མ་དེ་འདྲ་བ་གཏན་མེད་པས་མ་འཁྲུལ་བའི་ཤེས་པས་རྙེད་པའི་དོན་ཆོས་ཅན་དུ་མི་རུང་བའོ། །འདིར་རང་གི་མཚན་ཉིད་ཅེས་པ་ནི་རྟོག་གེ་པ་དག་འདོད་པ་ལྟར་དོན་བྱེད་པ་ཁོ་ན་ལ་བྱེད་པ་མིན་གྱི། དངོས་པོའམ་དངོས་མེད་གང་ལ་རང་རང་གི་རང་བཞིན་ཁས་ལེན་པའི་རང་བཞིན་སྔར་བཤད་པ་ལྟ་བུ་ལ་བྱེད་པས། རང་བཞིན་ཡོད་པར་སྨྲ་བ་རྣམས་ཀྱིས་ནི་དངོས་མེད་འཇལ་བའི་རྗེས་དཔག་ཀྱང་དེ་འདྲ་བའི་རང་བཞིན་གྱི་ཞེན་ཡུལ་ལ་མ་འཁྲུལ་བར་འདོད་པ་ཡིན་ནོ། །དེ་ལྟ་བུའི་རང་བཞིན་ལ་མ་འཁྲུལ་བའི་ཤེས་པ་ཡིན་ན་སྣང་ཡུལ་དང་ཞེན་ཡུལ་གང་ལ་མ་འཁྲུལ་བ་ཡིན་ཀྱང་དེ་ཁོ་ནའི་དོན་ལ་མ་འཁྲུལ་བར་འགྲོ་བས། རང་གི་ལུགས་ཀྱི་ཚད་མ་དེ་འདྲས་ཆོས་ཅན་ལ་སོགས་པ་མ་གྲུབ་པར་འདོད་ཀྱི། རྒོལ་བ་གཉིས་ཀའི་རྒྱུད་ལ་མིག་དང་གཟུགས་ལ་སོགས་པ་འཇལ་བའི་ཐ་སྙད་པའི་ཚད་མ་མེད་པར་འདོད་པ་མིན་ནོ། །ཕྱི་རྒོལ་གྱི་རྒྱུད་ཀྱིའང་དབང་པོའི་ཤེས་པ་སྔར་བཤད་པ་ལྟ་བུའི་གནོད་མེད་ཀྱིས་དྲངས་པའི་གཟུགས་ལ་སོགས་པ་


JLD013_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཙམ་དུ་ངེས་པའི་ངེས་ཤེས་ཀྱི་ཡུལ་ལ་ནི་རིགས་པའི་གནོད་པ་མེད་དེ། དེ་ཡང་ཞིབ་ཏུ་བཤད་ན། མྱུ་གུ་ཡོད་པར་འཛིན་པ་ལྟ་བུ་ལ་འཛིན་ཚུལ་གསུམ་སྟེ། མྱུ་གུ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་པར་འཛིན་པ་བདེན་པར་ཡོད་པར་འཛིན་པ་དང༌། མྱུ་གུ་རང་གི་ངོ་བོས་གྲུབ་པ་མེད་ཀྱང་སྒྱུ་མ་ལྟར་དུ་ཡོད་པར་འཛིན་པ་བརྫུན་པར་ཡོད་པར་འཛིན་པ་དང༌། བདེན་བརྫུན་དེ་དག་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་སྤྱིར་ཡོད་པ་ཙམ་ཞིག་ཏུ་འཛིན་པའོ། །མྱུ་གུ་རྟག་མི་རྟག་ལ་སོགས་པའི་ཚུལ་དུ་ཡོད་པར་འཛིན་པའང་ཡོད་མོད་ཀྱི། འདི་གསུམ་གང་ཡང་རུང་བ་ཞིག་གི་འཛིན་ཚུལ་མེད་པར་འཛིན་པ་མེད་པས་དེ་དག་འདིར་བཤད་མི་དགོས་སོ། །དེ་ལ་དངོས་པོ་རང་བཞིན་མེད་པར་རྟོགས་པའི་ལྟ་བ་རྒྱུད་ལ་མ་སྐྱེས་པའི་སེམས་ཅན་རྣམས་ལ་ནི་ཡོད་ཙམ་དུ་འཛིན་པ་དང་བདེན་པར་ཡོད་པར་འཛིན་པ་གཉིས་ཡོད་ཀྱི། རང་གི་ངོ་བོས་མེད་པའི་སྒྱུ་མ་ལྟ་བུར་ཡོད་པར་འཛིན་པ་མི་འབྱུང་ངོ་། །ཆོས་རྣམས་སྒྱུ་མ་ལྟ་བུའི་ལྟ་བ་མ་རྙེད་གོང་གི་སེམས་ཅན་རྣམས་ཀྱི་རྟོག་པས་ཡོད་པར་གང་བཟུང་ཐམས་ཅད་བདེན་འཛིན་དུ་བྱེད་པ་རྣམ་པ་ཐམས་ཅད་དུ་མི་རུང་བ་ནི། སྔར་ཐ་སྙད་པའི་ཚད་མ་བཤད་པའི་སྐབས་དང་རང་བཞིན་ཡོད་མེད་དང་ཡོད་མེད་བཞི་ཁྱད་ཕྱེ་བའི་སྐབས་སུ་མང་དུ་བཤད་ཟིན་ཏོ། །དེ་ལྟ་མ་ཡིན་པར་རང་བཞིན་མེད་པའི་ལྟ་བ་མ་གོ་བའི་གོང་གི་རྟོག་པས་ཐ་སྙད་གང་བྱེད་ཐམས་ཅད་བདེན་འཛིན་ཡིན་ན། འཇིག་རྟེན་པའི་ཐ་སྙད་རང་དགའ་བ་སྔར་བཤད་


JLD013_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁྲུལ་རྒྱུས་མ་བསླད་པས་རྣམ་པར་བཞག་པའི་དོན་ཐ་སྙད་དུ་དབུ་མ་པས་འདོད་དགོས་པ་ཐམས་ཅད་ལ་རིགས་པའི་གནོད་པ་འབབ་པས། དབང་ཕྱུག་དང་ཡོད་མེད་ཁྱད་པར་མེད་པར་སོང་ནས་ཕྱིན་ཅི་ལོག་གི་ལྟ་བས་དབུ་མའི་དོན་རྟོགས་པའི་གེགས་ཆེན་པོར་འགྱུར་བའི་ཕྱིར་རོ། །འདི་འདྲ་བའི་སྒོ་ནས་སྟོང་པ་ཉིད་ལོག་པར་གོ་བའི་རྟགས་སུ། སྔར་རྟོག་པས་བྱ་དགོས་པའི་དགེ་སྦྱོར་སྤྱོད་ཕྱོགས་མང་དུ་བྱེད་པ་རྣམས་ཕྱིས་ལྟ་བ་རྙེད་པའི་ལུགས་སུ་བྱས་པ་ན། སྔ་མ་ཐམས་ཅད་མཚན་མར་འཛིན་པ་འཁོར་བར་འཆིང་བྱེད་དུ་མཐོང་ནས། དགེ་སྦྱོར་དེ་དག་ནི་འདི་འདྲ་བའི་ངེས་དོན་གྱི་ལྟ་བ་མ་རྙེད་པ་རྣམས་ལ་གསུངས་པའོ་སྙམ་པའི་གོ་བ་སྐྱེས་ནས། རྟོག་པ་ཐམས་ཅད་ལ་སྐྱོན་དུ་བལྟ་བའི་ལོག་རྟོག་གིས་ཆོས་མང་དུ་སྤོང་བ་རྒྱའི་མཁན་པོ་ལྟར་གྱུར་པ་མང་དུ་སྣང་ངོ་། །དེ་ལ་རང་བཞིན་མེད་པའི་ལྟ་བ་མ་རྙེད་གོང་དུ་གང་ཟག་དེ་དག་གིས་ཡོད་པ་ཙམ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཡོད་པ་གཉིས་སོ་སོར་ཕྱེད་པ་མི་སྲིད་དེ། ཡོད་པ་གང་ཡིན་ལ་སྔར་བཞི་བརྒྱ་པའི་འགྲེལ་པ་དྲངས་པ་ལྟར་རང་གི་ངོ་བོས་གྲུབ་པའི་ཡོད་པས་ཁྱབ་པར་འཛིན་པའི་ཕྱིར་རོ། །དེའི་གནད་ཀྱིས་རང་བཞིན་མེད་པ་ལའང་མེད་པས་ཁྱབ་པར་བཟུང་ནས། རང་བཞིན་གྱིས་སྟོང་པ་ལ་རྒྱུ་འབྲས་བཞག་ཏུ་མི་རུང་ངོ་ཞེས་མང་དུ་རྒོལ་བ་ཡིན་ནོ། །རང་བཞིན་མེད་རྟོགས་ཀྱི་ལྟ་བ་རྒྱུད་ལ་སྐྱེས་པའི་རྒྱུད་ལ་ནི་ཡོད་པར་འཛིན་ཚུལ་གསུམ་ག་འབྱུང་སྟེ། འོན་ཀྱང་ལྟ་བ་དེ་སྐྱེས་ནས་


JLD013_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་དེའི་འདུ་བྱེད་མ་ཉམས་པ་དེ་སྲིད་དུ་རིགས་པས་རྣམ་པར་དཔྱད་ནས་རང་གི་ངོ་བོས་གྲུབ་མ་གྲུབ་བསམས་པའི་ཚེ། རང་གི་ངོ་བོས་གྲུབ་པ་ཁས་ལེན་པའི་བདེན་འཛིན་རེ་ཞིག་མི་སྐྱེ་བ་ཡིན་གྱི། དེ་ལ་ལྷན་སྐྱེས་ཀྱི་བདེན་འཛིན་མི་སྐྱེ་བ་མིན་ནོ། །དེས་ན་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་རྟོགས་ཀྱི་ལྟ་བ་སྐྱེས་ནས་མ་ཉམས་པའི་རྒྱུད་ཀྱི་མྱུ་གུ་ཡོད་འཛིན་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུར་ཡོད་པར་འཛིན་པ་མ་ཡིན་ཏེ། དེ་ལྟར་མ་ཡིན་ན་དེ་དག་ལ་བདེན་པར་ཡོད་པར་འཛིན་པ་མངོན་གྱུར་བ་སྐྱེ་མི་སྲིད་པར་ཐལ་བའི་ཕྱིར་རོ། །སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པ་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་གི་མཚན་ཉིད་ཐ་སྙད་དུ་བཞེད་པའི་དབུ་མ་པ་རྣམས། རང་རྒྱུད་ཀྱི་རྟགས་རང་གི་ལུགས་ལ་ཞལ་གྱིས་བཞེས་པའི་རྒྱུ་མཚན་ཡང་། ཐ་སྙད་དུ་རང་གི་ངོ་བོས་གྲུབ་པའི་རང་མཚན་ཡོད་པ་འདི་ཡིན་པས། རང་རྒྱུད་ཀྱི་རྟགས་རང་ལུགས་ལ་འཇོག་མི་འཇོག་ནི་དགག་བྱ་ཤིན་ཏུ་ཕྲ་བ་འདི་ལ་ཐུག་པ་ཡིན་ནོ། །དེས་ན་ཁོང་རྣམ་པའི་ལུགས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་སྣང་བའི་དབང་ཤེས་གནོད་མེད་རྣམས་ཀྱང་ཐ་སྙད་དུ་སྣང་ཡུལ་ལ་མ་འཁྲུལ་ལ། དེ་ལྟ་བུའི་རང་བཞིན་མྱུ་གུ་སོགས་ལ་ཡོད་པར་འཛིན་པའི་རྟོག་པའང་ཞེན་ཡུལ་ལ་མ་འཁྲུལ་བ་ཡིན་ཏེ། དེ་ལྟ་མ་ཡིན་པར་དེ་དག་འཁྲུལ་པར་བཞེད་ན། དངོས་པོར་སྨྲ་བ་རྣམས་དང་གཉིས་ཀའི་ལུགས་ལ་མཐུན་སྣང་དུ་གྲུབ་པའི་ཚད་མ་གང་ཡོད། ཟླ་བ་གྲགས་པ་བཞེད་པ་ལྟར་རང་མཚན་སྣང་བ་ལྟར་གྱི་རང་བཞིན་མེད་ཀྱང་དེར་


JLD013_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་དབང་ཤེས་རྣམས་ཀྱིས་དངོས་པོར་སྨྲ་བ་ལ་བསྒྲུབ་ན་ནི། ཆོས་ཅན་ནམ་གྲུབ་པ་ན་རང་བཞིན་མེད་པ་གྲུབ་ཟིན་པས་རང་རྒྱུད་རྟགས་ཀྱིས་ཅི་ཞིག་བྱེད། འོན་ཏེ་ཕ་རོལ་པོ་རང་ལ་གྲུབ་པས་ཆོག་པ་ཡིན་གྱི། དབུ་མ་པ་དང་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་མི་དགོས་སོ་སྙམ་ན། དེ་ནི་རང་ཡང་མི་འདོད་ཅིང་རིགས་པའང་མ་ཡིན་ཏེ། དེ་ལྟ་ན་བསྒྲུབ་པའི་རྟགས་སྦྱོར་ཐམས་ཅད་གཞན་གྲགས་ཙམ་དུ་འགྱུར་བས་ཐལ་བ་པའི་རྗེས་སུ་ཞུགས་པ་ཡིན་པའི་ཕྱིར་རོ། །སློབ་དཔོན་ཞི་བ་འཚོ༌ལ་སོགས་པ་ཕྱི་རོལ་གྱི་དོན་ཐ་སྙད་དུ་མེད་པར་བཞེད་པ་རྣམས་ཀྱང་། སྔོན་པོ་ལ་སོགས་པ་རྣམ་བདེན་པ་འདོད་པ་ལྟར་ཐ་སྙད་དུ་ཤེས་པའི་རྫས་སུ་བཞེད་པས། དེ་དག་སྣང་བའི་དབང་ཤེས་རྣམས་དེ་དག་ལ་ལྟོས་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་འཛིན་པ་ཡིན་པས་སྔོ་ཙམ་ལ་ལྟོས་ནས་འཁྲུལ་པ་མ་ཡིན་ནོ། །མིག་ལ་སོགས་པ་ལྐོག་ཏུ་གྱུར་པའི་དོན་ཆོས་ཅན་དུ་བཞག་པ་དེར་ནི་མངོན་སུམ་གྱིས་དེ་དངོས་སུ་མི་འགྲུབ་ཀྱང༌། དེ་སྒྲུབ་བྱེད་ཀྱི་རྩ་བ་མཐར་གཏུགས་པ་ན་མངོན་སུམ་ཞིག་ལ་ཐུག་དགོས་པ་ནི་གྲུབ་མཐའ་སྨྲ་བ་རྣམས་འདོད་པ་ཡིན་ཏེ། རྗེས་དཔག་ལོང་བ་བརྒྱུད་པ་ལྟ་བུ་ཡིན་པའི་ཕྱིར། དེའི་རྩ་བའི་སྒྲུབ་བྱེད་ཀྱང་མངོན་སུམ་ལ་ཐུག་པར་འདོད་པས་སོ། །དེའི་ཚེ་རྩ་བའི་མངོན་སུམ་དེ་ནི་ཡང་ན་གཞན་རིག་མ་འཁྲུལ་བ་དང་ཡང་ན་རང་རིག་མ་འཁྲུལ་བ་ཞིག་ལ་འདོད་ལ། དེ་ཡང་སྔར་བཤད་པ་ལྟར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་སྣང་ལ། སྣང་བ་ལྟར་


JLD013_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྟེང་དུ་གྲུབ་དགོས་པ་ལ་དེ་དག་གིས་འདོད་པས་ན། དེ་དག་དང་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པར་སྨྲ་བའི་དབུ་མ་པའི་ལུགས་གཉིས་ལ་མཐུན་སྣང་དུ་གྲུབ་པའི་མངོན་སུམ་མ་འཁྲུལ་བ་མེད་པ་ཡིན་ནོ། །དེ་ལྟར་མངོན་སུམ་ལ་མ་གཏུགས་ཀྱང་ལན་གདབ་པར་ནུས་ཏེ། འདི་ལྟར་རང་བཞིན་ཡོད་པར་སྨྲ་བས་ནི་འདུས་བྱས་འདུས་མ་བྱས་གང་ལ་ཡང་དེ་དག་ཚད་མས་གྲུབ་པའི་དོན་ནི། དེ་དག་གི་རང་རང་གི་སྡོད་ལུགས་ཀྱི་ངོ་བོ་ཞིག་ཡུལ་སྟེང་དུ་ཡོད་པའི་དོན་འགྲུབ་དགོས་པ་ཡིན་ན། དེ་ནི་རིགས་པས་དགག་པར་ནུས་པའི་ཕྱིར། སྒྲུབ་བྱེད་ཀྱི་ཚད་མར་མི་རུང་ངོ་། །གཉིས་པ་སྐྱོན་དེས་གཏན་ཚིགས་ཀྱང་མ་གྲུབ་པར་བསྟན་པ་ནི། ཚིག་གསལ་ལས། གཞི་མ་གྲུབ་པའི་ཕྱོགས་ཀྱི་ཉེས་པ་བརྗོད་པའི་ཚུལ་གང་ཡིན་པ་འདི་ཉིད་ནི། ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ལ་མ་གྲུབ་པའི་སྐྱོན་བརྗོད་པ་ལའང་སྦྱར་བར་བྱའོ། །ཞེས་གསུངས་པ་འདིས་བསྟན་པ་ཡིན་ནོ། །དེ་ལ་སྔར་རང་གི་ངོ་བོས་གྲུབ་པའི་རང་བཞིན་གྱིས་སྟོང་མི་སྟོང་གི་རྒོལ་བ་གཉིས་ཀྱི་ལུགས་ལ་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་སྒྲུབ་བྱེད་ཀྱི་ཚད་མ་མེད་པས། རང་རྒྱུད་རྟགས་ཀྱི་ཆོས་ཅན་གཟུགས་ཀྱི་སྐྱེ་མཆེད་དང་བདག་ལས་སྐྱེ་བ་མེད་པའི་ཆོས་གཉིས་བསྡོམས་པའི་ཕྱོགས་སམ། བསྒྲུབ་བྱ་མེད་པར་བཤད་པའི་རིགས་པ་དེས། ཡོད་པའི་ཕྱིར། ཞེས་པའི་གཏན་ཚིགས་ཀྱང་དེ་གཉིས་ཀྱི་ལུགས་ལ་མཐུན་སྣང་དུ་གྲུབ་པའི་སྒྲུབ་བྱེད་ཀྱི་ཚད་མ་མེད་པས། རྟགས་མ་གྲུབ་པར་འགྱུར་ཚུལ་རྣམས་སྔར་


JLD013_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་བཞིན་དུ་ཤེས་པར་བྱའོ། །འདིར་ཚིག་གསལ་ལས། དེ་ལྟ་བུ་དེ་ནི་འདི་ལྟར་ཡིན་ཏེ། གང་གི་ཕྱིར་ཇི་སྐད་བསྙད་པའི་དོན་འདི་ནི་རྟོག་གེ་པ་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །ཇི་ལྟར་ཞེ་ན། ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་རྒྱུ་ལ་སོགས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །གང་དེ་བཞིན་གཤེགས་པས་ཇི་སྐད་དུ་གསུངས་པ་དེ་ནི་དེ་བཞིན་ཏེ། དཔེར་ན་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་བཞིན་ནོ། །ཞེས་བྱ་བ་གཞན་གྱིས་བཀོད་པའི་སྒྲུབ་བྱེད་འདི་ལ། འདིར་ཁྱོད་ཀྱིས་གཏན་ཚིགས་ཀྱི་དོན་དུ་འདོད་པ་གང་ཡིན། དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་དེ་སྐད་གསུངས་པའི་ཕྱིར་རམ། འོན་ཏེ་དོན་དམ་པར་གསུངས་པའི་ཕྱིར། གལ་ཏེ་ཀུན་རྫོབ་ཏུ་ན་ནི་རང་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཞེས་དང༌། དོན་དམ་པར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཉིད་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པའི་དོན་ཉིད་དང་འགལ་བའི་དོན་ཉིད་དོ། །ཞེས་འདིས་སྐྱོན་འདི་སྨྲས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་འདིས་རང་ཉིད་ཀྱིས་ཚུལ་འདིས་གཏན་ཚིགས་མ་གྲུབ་པར་ཁས་བླངས་པ་དེའི་ཕྱིར་དངོས་པོའི་ཆོས་གཏན་ཚིགས་སུ་བཀོད་པའི་རྗེས་སུ་དཔག་པ་ཐམས་ཅད་ལ་གཏན་ཚིགས་ལ་སོགས་པ་རང་ལ་མ་གྲུབ་པའི་ཕྱིར། སྒྲུབ་པར་བྱེད་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ཞེས་གསུངས་པ་འདིའི་དོན་ལ། ཟླ་བ་གྲགས་པའི་རྗེས་སུ་འབྲང་བར་འདོད་པ་དག་ན་


JLD013_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

རེ། ས་ནི་དོན་དམ་པར་སྲ་བའི་ངོ་བོ་མ་ཡིན་ཏེ། འབྱུང་བ་ཡིན་པའི་ཕྱིར། རླུང་བཞིན་ནོ་ཞེས་རྟོག་གེ་འབར་བ་སོགས་སུ་བཀོད་པ་ལ། དོན་དམ་དུ་འབྱུང་བ་ཡིན་པའི་ཕྱིར་ཞེས་འགོད་ན་རང་གིས་མ་གྲུབ་ལ། ཀུན་རྫོབ་ཏུ་འབྱུང་བ་ཡིན་པའི་ཕྱིར་ཞེས་འགོད་ན་ཕྱི་རྒོལ་དངོས་པོར་སྨྲ་བ་ལ་མ་གྲུབ་བོ། །དེས་རྟགས་མ་གྲུབ་པར་མི་འཇོག་ན། དེ་གཉིས་ཀྱི་སྒོ་ནས་མ་གྲུབ་པ་ལ་རྟགས་མ་གྲུབ་པས་ཁྱབ་པར་རང་གིས་ཁས་བླངས་པ་དང་འགལ་ལོ་ཞེས་ཟེར་ལ། ཁ་ཅིག་ནི་འབྱུང་བ་ཙམ་ཞིག་འགོད་ན་རིགས་ཤེས་ཀྱིས་མ་གྲུབ་པས་འགོག་པ་ཡིན་ནོ་ཞེས་ཟེར་རོ། །འདི་འདྲ་བའི་ཚུལ་གྱིས་སུན་འབྱིན་པ་ནི་ཚིག་གསལ་གྱི་དགོངས་པ་གཏན་མ་ཡིན་ཅིང་སློབ་དཔོན་དེ་ཡང་དེ་ལྟར་དུ་བཞེད་པའང་མ་ཡིན་པས་ལུགས་གཉིས་ཀ་ལ་ཕྱིན་ཅི་ལོག་ཏུ་སྨྲ་བ་ཡིན་ནོ། །འོ་ན་ཇི་ལྟར་ཡིན་སྙམ་ན། གང་གི་ཕྱིར་ཇི་སྐད་བསྙད་པའི་དོན་འདི་ནི་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །ཞེས་གསུངས་པའི་ཇི་སྐད་བཤད་པ་ནི། སྔར་བཤད་པའི་ཆོས་ཅན་མ་གྲུབ་པའི་ཚུལ་དང་དེ་གཏན་ཚིགས་ལའང་སྦྱོར་བར་གསུངས་པ་དེ་ཡིན་ཏེ། དེའི་དེ་མ་ཐག་ཏུ་གཞུང་དེ་གསུངས་པས་སོ། །དེ་ལྟ་ན་འདིར་འགྱུར་ཏེ་ཆོས་ཅན་དང་གཏན་ཚིགས་བསྒྲུབ་པའི་མངོན་སུམ་ལྟ་བུ་དེ་འཁྲུལ་མ་འཁྲུལ་གཉིས་ལས་མི་འདའ་ལ། འཁྲུལ་པས་རྙེད་པའི་དོན་གཏན་ཚིགས་ལ་སོགས་པར་འཇོག་ན་དངོས་པོར་སྨྲ་བ་ལ་མ་གྲུབ་ལ། མ་འཁྲུལ་བས་རྙེད་པའི་དོན་དེ་དག་ཏུ་འཇོག་ན་རང་གི་ཚད་མས་མི་འགྲུབ་པས་རང་རྒྱུད་ཀྱི་རྟགས་དང་ཆོས་ཅན་ལ་སོགས་པ་


JLD013_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པར་སྔོན་དུ་བཤད་པ་ནི་ཇི་སྐད་བསྙད་པ་ཞེས་པའི་དོན་ནོ། །དེ་འདྲ་བའི་སྒོ་ནས་མ་གྲུབ་པར་འཇོག་པ་དེ་ལེགས་ལྡན་འབྱེད་ཀྱིས་ཇི་ལྟར་ཁས་བླངས་པ་སྟོན་པ་ནི། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར། ཞེས་པ་ལ་བདེན་གཉིས་ཀྱི་སྒོ་ནས་བརྟག་པ་མཛད་པ་ལ་ཟེར་བ་ཡིན་ནོ། །དེའི་དོན་ནི། དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་གསུངས་པའི་ཕྱིར་ཞེས་རྟགས་སུ་འགོད་དམ། དོན་དམ་དུ་གསུངས་པའི་ཕྱིར་ཞེས་རྟགས་སུ་འགོད་ཅེས་བརྟག་པ་བྱེད་པ་ནི་ཡེ་མ་ཡིན་ཏེ། སྔར་ཕྱོགས་སྔ་བསླངས་པ་ལྟར་ཆོས་ཅན་བདེན་བརྫུན་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་བཞག་དགོས་ཀྱི། གཞན་དུ་ན་རྒོལ་ཕྱི་རྒོལ་གང་རུང་གཅིག་ལ་མ་གྲུབ་པར་འགྱུར་བར་འདོད་པ་བཞིན་དུ་གཏན་ཚིགས་དང་དཔེ་ལ་སོགས་པའང་དེ་ལྟར་འདོད་པས། རགས་པ་དེ་འདྲ་བའི་ལྟག་ཆོད་ལ་ཡོངས་སུ་རྫོགས་པའི་པཎྜི་ཏ་འདི་འཁྲུལ་བ་ག་ལ་སྲིད། དེས་ན་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར། ཞེས་པའི་རྟགས་ཀྱི་དོན་དེ་བདེན་གཉིས་གང་ཡིན་ཞེས་འདྲི་བ་ཡིན་པས། ཀུན་རྫོབ་པ་ཡིན་ན་ནི་རང་ཉིད་དེ་ལྟར་མི་འདོད་པས་རང་ལ་མ་གྲུབ་ལ། དོན་དམ་པར་ཡིན་ན་ངེད་ཀྱིས་དོན་དམ་དུ་འབྲས་བུ་ཡོད་པ་དང་མེད་པ་དང་གཉིས་ཀ་རྒྱུ་ལས་སྐྱེ་བ་བཀག་པས་ངེད་ལ་མི་འགྲུབ་ཅིང༌། བདེན་གཉིས་གང་དུའང་མེད་པའི་དོན་ནི་མི་འདོད་པས་དེ་གསལ་བར་མཛད་མི་དགོས་སོ། །དེ་ལ་འབྱུང་བ་ཡིན་པའི་ཕྱིར། ཞེས་བཀོད་པ་ན་རྟགས་སུ་བཀོད་པའི་འབྱུང་བ་དེ་བདེན་གཉིས་


JLD013_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་ཞེས་འདྲི་ན་སྔ་མ་དང་འདྲ་བ་ཡིན་གྱི། བདེན་གཉིས་ཀྱི་འབྱུང་བ་གང་རྟགས་སུ་འགོད་ཅེས་སྨྲ་ན་ཕྱོགས་སྔ་གཏན་མ༌གོ་བའོ། །དེ་ལྟར་བདེན་གཉིས་གང་ཡིན་དྲིས་ནས་དོན་དམ་ཡིན་ན་རང་ལ་མ་གྲུབ་པ་ཡིན་ཀྱང༌། ཀུན་རྫོབ་པ་ཡིན་ན་གཞན་ལ་མ་གྲུབ་ཅེས་ཇི་ལྟར་བརྗོད་དུ་རུང་སྟེ། དེ་ལྟ་མ་ཡིན་ན་ཆོས་ཅན་དུ་བཞག་པའི་ནང་གི་སྐྱེ་མཆེད་ཀྱང་ཀུན་རྫོབ་ཏུ་ཡོད་པའི་ཕྱིར། ཕྱིར་རྒོལ་དེ་དག་གིས་མ་གྲུབ་པར་འགྱུར་བའི་ཕྱིར་རོ། །འོ་ན་ཇི་སྐད་བསྙད་པ་དེ་ལེགས་ལྡན་འབྱེད་ཀྱིས་རྟགས་ལ་བདེན་གཉིས་ཀྱི་བརྟག་པ་བྱས་པ་དེས་ཁས་བླངས་ལུགས་ཇི་ལྟར་ཡིན་སྙམ་ན། བཤད་པར་བྱ་སྟེ། འདིར་སློབ་དཔོན་གྱིས་མ་འཁྲུལ་བའི་ཤེས་པས་རྙེད་པ་དེ་དོན་དམ་པ་དང༌། འཁྲུལ་བའི་ཤེས་པས་རྙེད་པ་དེ་ཀུན་རྫོབ་པ་ཡིན་པ་ལ་དགོངས་ནས་བདེན་གཉིས་གང་ཡིན་ཞེས་པ་དེ། དེ་གཉིས་གང་གིས་རྙེད་པ་ཡིན་ཞེས་པ་དང་གནད་གཅིག་ཏུ་འགྲོ་དགོས་པ་ལ་བསམས་པ་སྟེ། འདི་ལྟར་རྟགས་སུ་བཀོད་པའི་དོན་དེ་ཀུན་རྫོབ་པ་དང་དོན་དམ་པ་གང་ཡང་མ་ཡིན་ན་རྟགས་དེ་མ་གྲུབ་པར་འགྱུར་དགོས་པ་དང༌། རྟགས་སུ་བཀོད་པའི་དོན་དེ་མ་འཁྲུལ་བ་དང་འཁྲུལ་བའི་ཤེས་པ་གཉིས་གང་རུང་གིས་རྙེད་པའི་དོན་མིན་ན་རྟགས་སུ་བཀོད་པའི་དོན་དེ་མ་གྲུབ་པར་འགྱུར་བ་རྒྱུ་མཚན་མཚུངས་པ་ལ། འདིས་རང་གིས་ཁས་བླངས་ཞེས་གསུངས་པ་ཡིན་གྱི་དངོས་སུ་ཁས་བླངས་པ་མིན་ནོ། །དེའི་ཕྱིར་དངོས་པོའི་ཆོས་གཏན་ཚིགས་སུ་བཀོད་པ་རྣམས། ཞེས་དངོས་པོའི་ཆོས་དམིགས་ཀྱིས་བཀར་ནས་གསུང་ངོ་། །སློབ་དཔོན་ལེགས་ལྡན་


JLD013_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་ནི་རང་གིས་བཀོད་པའི་རྟགས་དེ་དག་ཁ་ཅིག་ནི་མངོན་སུམ་མ་འཁྲུལ་བས་དངོས་སུ་དང༌། ཁ་ཅིག་ནི་མཐར་གཏུགས་པའི་སྒྲུབ་བྱེད་མངོན་སུམ་མ་འཁྲུལ་བ་ལ་བཞེད་མོད་ཀྱང༌། སློབ་དཔོན་འདིས་དེ་འགོག་པ་ཡིན་ནོ། །འདི་ཡང་སྔར་དྲངས་པ་ལྟར་དབུ་མ་པ་ཡིན་ན་ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར། ཞེས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་ཁས་བླང་བར་མི་རིགས་པའི་སྒྲུབ་བྱེད་དུ། གལ་ཏེ་མངོན་སུམ་ལ་སོགས་པའི། །ཞེས་སོགས་དྲངས་ནས་རང་མཚན་འཇལ་བའི་ཚད་མ་མེད་པར་གསུངས་པ་རྣམས་ཀྱིས། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ཕྱོགས་འཛིན་པ་ལ་བསྒྲུབས་པའི་ཕྱིར་རོ། །གཉིས་པ་རང་ལ་མི་མཚུངས་པའི་ཚུལ་ནི། གལ་ཏེ་གཞན་གྱི་རྗེས་དཔག་ལ་ཆོས་ཅན་དང་རྟགས་མ་གྲུབ་པ་ལ་སོགས་པའི་སྐྱོན་བརྗོད་པ་རྣམས་རང་གི་རྗེས་དཔག་ལའང་སྐྱོན་དུ་འགྱུར་བ་མ་ཡིན་ནམ། དེས་ན་གཞན་ལ་བརྒལ་བར་མི་བྱའོ་སྙམ་ན། གཞན་ལ་སྐྱོན་དེ་དག་འོང་བ་ནི་རང་རྒྱུད་ཀྱི་རྗེས་དཔག་ཁས་བླངས་པས་འབྱུང་ལ། ཁོ་བོ་ཅག་ནི་རང་རྒྱུད་ཀྱི་རྗེས་དཔག་ཁས་མི་ལེན་པས་སྐྱོན་དེ་དག་མེད་པར་གསུངས་ཏེ། འདིར་རྗེས་དཔག་རྣམས་ནི་སྦྱོར་བ་ལ་བྱའོ། །རང་རྒྱུད་ཁས་ལེན་ན་རང་མཚན་ལ་ཚད་མར་གྱུར་པའི་ཚད་མ་རྒོལ་བ་གཉིས་ཀའི་མཐུན་སྣང་དུ་ཁས་བླངས་ནས་དེས་གྲུབ་པའི་ཚུལ་གསུམ་གཉིས་ཀ་ལ་གྲུབ་པས་བསྒྲུབ་བྱ་བསྒྲུབ་དགོས་ལ། དེ་ལྟར་ན་ཚད་མ་དེ་མེད་པས་ཆོས་ཅན་ལ་སོགས་པ་རྣམས་མ་གྲུབ་པར་འགྱུར་རོ། །རང་རྒྱུད་ཁས་མི་ལེན་ན་ཕ་རོལ་དངོས་


JLD013_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སྨྲ་བ་རང་ལ་ཚད་མ་དེ་འདྲ་བས་གྲུབ་པས་ཆོག་གི །རང་ལ་ཚད་མ་དེས་གྲུབ་མི་དགོས་སོ། །དེས་ན་གཞུང་ནས་འབྱུང་བའི་རྗེས་དཔག་རྣམས་ཀྱང་གཞན་གྱི་དམ་བཅའ་བ་འགོག་པ་ཙམ་གྱི་དགོས་པ་ཅན་གཞན་ལ་གྲགས་པའི་རྗེས་དཔག་ཡིན་གྱི་རང་རྒྱུད་མིན་ནོ། །འདི་ནི་དཔེར་ན། རྩ་ཤེའི་རབ་བྱེད་གསུམ་པ་ལས། ལྟ་དེ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་བལྟ་བ། །དེ་གཞན་དག་ལ་ཇི་ལྟར་བལྟ། །ཞེས་རང་ལ་མི་བལྟ་བ་རྟགས་སུ་བྱས་ནས་མིག་གཞན་ལ་མི་བལྟ་བར་བསྒྲུབ་པ་ལྟ་བུའོ། །འདི་ནི་རྟགས་རང་གིས་ཀྱང་འདོད་ལ་དམ་བཅའ་གཞན་ལ་བལྟ་བ་རང་གི་ངོ་བོས་གྲུབ་པ་མེད་པའང་དབུ་མ་པས་འདོད་པས། སྦྱོར་བ་འདི་འདྲ་རྣམས་ལ་གཞན་ལ་གྲགས་པའི་རྗེས་དཔག་ཅེས་ཟེར་བ་ཡིན་ནོ། ཚིག་གསལ་ལས། ཁོ་བོ་ཅག་ནི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་མི་སྦྱོར་ཏེ། རྗེས་སུ་དཔག་པ་དག་ནི་གཞན་གྱི་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །ཞེས་སྦྱོར་བ་བཀོད་པ་རྣམས་རང་རྒྱུད་མིན་པ་དང་གཞན་གྱི་དམ་བཅའ་བ་འགོག་པ་ཙམ་གྱི་དགོས་པ་ཅན་དུ་བཞེད་པས་སྦྱོར་བ་མི་འགོད་པ་མིན་ནོ། །སྦྱོར་བ་བཀོད་ནས་དེའི་དམ་བཅའ་སེལ་ཚུལ་ཡང་། ལུང་དེའི་མཇུག་ཉིད་ནས། འདི་ལྟར་གཞན་ལ་མིག་བལྟའོ་ཞེས་བྱ་བར་རྟོག་པ་དེ་ནི་མིག་ལ་རང་གི་བདག་ཉིད་མི་བལྟ་བའི་ཆོས་ཀྱང་འདོད་ལ། གཞན་བལྟ་བའི་ཆོས་མེད་ན་མི་འབྱུང་བ་ཉིད་དུའང་ཁས་བླངས་པ་ཡིན་ཏེ། དེའི་ཕྱིར་གང་དང་གང་ལ་རང་གི་བདག་ཉིད་བལྟ་བ་མེད་པ་དེ་དང་དེ་ལ་ནི་


JLD013_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བལྟ་བའང་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ནོ། །མིག་ལའང་རང་གི་བདག་ཉིད་མི་བལྟ་བ་ཡོད་པ་ཡིན་ཏེ། དེའི་ཕྱིར་གཞན་ལ་བལྟ་བའང་འདི་ལ་མེད་དོ། །དེའི་ཕྱིར་རང་གི་བདག་ཉིད་མི་བལྟ་བ་དང་འགལ་བ་སྔོན་པོ་ལ་སོགས་པ་གཞན་ལ་བལྟ་བ་རང་ལ་གྲགས་པའི་རྗེས་སུ་དཔག་པ་དང་འགལ་བ་ཡིན་ནོ། །ཞེས་དེ་ལ་གྲུབ་པའི་རྗེས་སུ་དཔག་པས་སེལ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་ཏེ། ཕྱི་རྒོལ་རང་ལ་གྲགས་པ་དང་སྔ་རྒོལ་དབུ་མ་པ་ལ་ལྟོས་ཏེ་གཞན་ལ་གྲགས་པ་གཉིས་གནད་གཅིག་གོ །རང་གིས་གཞན་གྲགས་ཀྱི་སྦྱོར་ངག་བཀོད་ནས་ལོག་རྟོག་བཟློག་ལུགས་འདི་གལ་ཆེ་བས་ཞིབ་ཏུ་བཤད་ན། དེ་ལ་གྲུབ་པ་ཞེས་པ་ནི་ཆོས་ཅན་མིག་དང་དཔེ་བུམ་པ་དང་རྟགས་རང་ལ་མི་བལྟ་བ་དང་བསྒྲུབ་བྱའི་ཆོས་སྔོན་པོ་ལ་སོགས་པ་ལ་མི་བལྟ་བ་རྣམས་རང་ལུགས་ལ་ཁས་མི་ལེན་ཅིང༌། གཞན་གྱིས་ཁས་ལེན་པ་ཙམ་ཡིན་པས་རྟགས་དང་ཁྱབ་པ་ལ་སོགས་ཕ་རོལ་པོ་ཁོ་ན་ལ་གྲུབ་པ་ཞེས་བྱ་བ་ནི་དོན་མིན་ནོ། །འོ་ན་ཇི་ལྟར་ཡིན་སྙམ་ན། དེ་དག་རང་ལུགས་ལའང་ཁས་ལེན་མོད་ཀྱང་དེ་དག་བསྒྲུབ་པའི་ཚད་མ་རང་གི་ངོ་བོས་གྲུབ་པའི་གཞལ་བྱ་འཇལ་བ་ནི་རང་ལུགས་ལ་ཐ་སྙད་དུའང་མེད་ལ། རང་བཞིན་ཡོད་པར་སྨྲ་བ་ལ་དེ་དག་འགྲུབ་པ་ནི་ཚད་མ་དེ་གྲུབ་པ་ལ་ངེས་པར་ལྟོས་པས་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་རང་གི་ངོ་བོས་གྲུབ་པའི་འཇལ་བའི་ཚད་མ་མེད་པས། གཉིས་ཀ་ལ་གྲུབ་པ་མ་ཡིན་པ་དང་གཞན་ལ་གྲགས་པའམ་


JLD013_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་གྲུབ་པ་ཞེས་ཟེར་བ་ཡིན་ནོ། །འོ་ན་དེ་འདྲ་བའི་ཚད་མ་ཐ་སྙད་དུའང་མེད་པས་དེས་གྲུབ་པར་འདོད་པ་ནི་རང་བཞིན་སྒྲོ་འདོགས་པ་ལྟར་རིགས་པས་གནོད་པས་ན། སྒྲུབ་བྱེད་དེ་དག་ལ་བརྟེན་ནས་དབུ་མའི་ལྟ་བ་ཇི་ལྟར་རྙེད། ཚད་མས་གནོད་པའི་རྒྱུ་མཚན་ལ་བརྟེན་ནས་ལྟ་བ་མ་ནོར་བ༌རྙེད་ན་ནི། གྲུབ་མཐའ་ཕྱིན་ཅི་ལོག་ཐམས་ཅད་ཀྱིས་ཀྱང་རྙེད་པར་འགྱུར་བའི་ཕྱིར་རོ་ཞེ་ན། ཕྱི་རྒོལ་འདིས་ཆོས་ཅན་མིག་དང་རྟགས་རང་ལ་མི་བལྟ་བ་དང་དཔེ་བུམ་པ་དང་ཆོས་སྔོན་པོ་སོགས་ལ་མི་བལྟ་བ་ཡོད་པར་འཛིན་པའི་ཡུལ་རྣམས་ནི་རང་གི་ལུགས་ཀྱིས་ཀྱང་ཐ་སྙད་དུ་ཡོད་པར་འདོད་པས་དེ་དག་ལ་རིགས་པས་གནོད་པ་མ་ཡིན་ནོ། །འོན་ཀྱང་ཕྱི་རྒོལ་དེས་དེ་དག་རང་གི་ངོ་བོས་ཡོད་པ་དང་ཡོད་པ་གཉིས་སོ་སོར་མི་ཕྱེད་པས་དེ་རྣམས་རང་གི་ངོ་བོས་གྲུབ་པའི་གཞལ་བྱ་འཇལ་བའི་ཚད་མས་གྲུབ་པར་རློམ་པའི་ཡུལ་ལ་རིགས་པས་གནོད་ཀྱང༌། ཁོའི་རྒྱུད་ཀྱི་ཐ་སྙད་པའི་ཤེས་པ་གནོད་པ་མེད་པ་རྣམས་ཀྱིས་གྲུབ་པ་རིགས་པས་ག་ལ་འགོག །དེས་ན་ཁོའི་ལུགས་དང་རང་གི་ལུགས་གཉིས་ལ་རང་གི་ངོ་བོས་གྲུབ་པའི་གཞལ་བྱ་འཇལ་བའི་ཚད་མ་མཐུན་སྣང་དུ་གྲུབ་པ་ཁས་བླངས་མ་བྱུང་བས་རང་རྒྱུད་ཀྱིས་མི་བསྒྲུབ་པར་ཁོ་རང་གི་ཁས་བླངས་ལ་འགལ་བ་སྟོན་པ་ཙམ་བྱེད་པ་ཡིན་ནོ། །དེའི་ཚུལ་ནི། སྔར་བཀོད་པའི་གཞན་གྲགས་ཀྱི་སྦྱོར་བ་དེ་ལ་མཚོན་ན་ཆོས་ཅན་མིག་དེ་ལ་རང་ལ་མི་བལྟ་བའི་རྟགས་ནི་ཐ་སྙད་དུ་ཡོད་ལ། སྔོ་སོགས་ལ་བལྟ་བ་རང་གི་ངོ་


JLD013_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

བོས་གྲུབ་པ་ནི་དེ་ལ་ཐ་སྙད་དུའང་མེད་པས་སྔ་མ་དེ་ཕྱི་མ་འགོག་བྱེད་དུ་རུང་གི །མིག་ལ་རྟགས་དེ་དང་དགག་བྱའི་ཆོས་དེ་གཉིས་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་དུ་སོང་ན་དེ་གཉིས་གནོད་བྱེད་དང་གནོད་བྱར་ག་ལ་རུང༌། དེས་ན་གཞན་གྲགས་ཀྱི་སྦྱོར་བའི་ཆོས་ཅན་དང་ཆོས་དང་རྟགས་རྣམས་ཐ་སྙད་དུ་ཡོད་པ་ཞིག་དགོས་ཀྱི། ཁོས་ཡོད་པར་ཁས་བླངས་པ་ཙམ་གྱིས་མི་ཆོག་གོ །ཆོས་ཅན་མིག་ལ་སོགས་པ་དེ་དག་ནི་ཡོད་པར་ཁོ་རང་གིས་ཁས་ལེན་པས་དབུ་མ་པས་དེ་དག་བསྒྲུབ་ག་ལ་དགོས། གལ་ཏེ་དེ་ལའང་བསྙོན་ནས་ཁོ་བོ་ཅག་ལ་མ་གྲུབ་པས་སྒྲུབས་ཤིག་ཅེས་ཟེར་ན་ནི། མི་བསྙོན་པ་འགའ་ཡང་མེད་པས་དེ་དག་དང་བརྩད་པ་ལ་འབྲས་བུ་མེད་པས་དེའི་ཟླ་བོ་སུ་ཞིག་གིས་བྱེད།འདིར་ཁ་ཅིག་ན་རེ། གལ་ཏེ་ཕ་རོལ་པོས་རང་ལ་མི་བལྟ་བ་དང་སྔོ་སོགས་ལ་བལྟ་བ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་པར་འདོད་པ་ལ་འགལ་བ་སྟོན་ན་འགལ་བར་ཅིས་ཤེས། འགལ་བ་ཡིན་པར་ཚད་མས་གྲུབ་ན་ནི་གཉིས་ཀ་ལ་འགྲུབ་དགོས་པས་གཞན་ལ་གྲགས་པ་ཞེས་མི་བྱའོ། །ཁས་བླངས་པས་འགལ་བར་འཇོག་ན་ནི་རང་ལ་མི་བལྟ་བ་དང་གཞན་ལ་བལྟ་བ་གཉིས་ཕ་རོལ་པོས་ནི་མི་འགལ་བར་འདོད་པས། དེའི་ཁས་བླངས་ཀྱིས་འགལ་བར་འཇོག་པ་མི་འཐད་ལ། རང་གིས་འགལ་བར་ཁས་བླངས་པས་འཇོག་ན་ནི་ཧ་ཅང་ཐལ་ཏེ། ཕྱི་རྒོལ་ལ་ཁྱེད་ཀྱིས་འདི་མི་འགལ་བར་འདོད་པ་མི་རིགས་ཏེ། ཁོ་བོས་འདི་འགལ་བར་ཁས་བླངས་པའི་ཕྱིར་རོ། །ཞེས་ཇི་ལྟར་སྨྲར་རུང་སྙམ་ན། སྐྱོན་


JLD013_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་མེད་དེ། རང་ལ་མི་བལྟ་ན་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་པར་འགལ་བ་ནི་ཚད་མས་གྲུབ་པས། ཁས་བླངས་ཙམ་གྱིས་མི་འཇོག་གོ །འོ་ན་ཚད་མ་དེ་ཕ་རོལ་པོ་ལ་བསྟན་ནས་འགལ་བ་ངེས་པར་བྱས་པས་ཆོག་མོད། ཁོའི་ཁས་བླངས་ལ་བརྟེན་པ་ཅི་དགོས་སྙམ་ན། དངོས་སྨྲ་བའི་ངོར་འགལ་བ་སྒྲུབ་བྱེད་ཀྱི་ཚད་མར་འགྲུབ་པ་ནི་རང་གི་ངོ་བོས་གྲུབ་པའི་གཞལ་བྱ་འཇལ་བ་གྲུབ་པ་ལ་ལྟོས་ཤིང༌། དེ་ཡང་མེད་ན་རང་གིས་དེ་ཁས་བླངས་ནས་ཇི་ལྟར་འགལ་བ་བསྒྲུབ། གཞལ་བྱ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་ཀྱང༌། ཚད་མར་འཇོག་པ་མི་འགལ་བ་ཁོ་ལ་གྲུབ་ཟིན་ནས་དེ་འདྲ་བའི་ཚད་མས་སྒྲུབ་ན་ནི་ཆོས་རྣམས་རང་བཞིན་མེད་པར་རྟོགས་པའི་ལྟ་བ༌རྙེད་པ་ཡིན་པས། དེ་ལ་རང་ལ་མི་བལྟ་བ་ཡིན་ན་རང་གི་ངོ་བོས་གྲུབ་པའི་ལྟ་བ་ཡོད་པར་འགལ་བ་ཡིན་ནོ་ཞེས་བསྒྲུབ་ཅི་དགོས། དེས་ན་ཟླ་བའི་ཞབས་ཀྱི་ལུགས་རྟོགས་པར་འདོད་ན་དེ་དག་ལ་ཞིབ་ཏུ་དཔྱོད་ལ་ཁོང་དུ་ཆུད་པར་གྱིས་ཤིག །འོ་ན་ཁོ་རང་ལ་གྲགས་པ་ལ་བརྟེན་ནས་རང་ལ་མི་བལྟ་བ་ལ་གཞན་ལ་བལྟ་བ་རང་གི་ངོ་བོས་གྲུབ་པ་མེད་པས་ཁྱབ་ལུགས་ཇི་ལྟར་སྟོན་སྙམ་ན། བུད་དྷ་པཱ་ལི་ཏའི་འགྲེལ་པ་བཞིན་བཤད་པར་བྱའོ། །དཔེར་ན་ཆུ་དང་ལྡན་པས་ས་ལ་རླན་དང༌། མེ་དང་ལྡན་པས་ཆུ་ལ་ཚ་བ་དང༌། སྣ་མའི་མེ་ཏོག་དང་ལྡན་པས་གོས་ལ་དྲི་ཞིམ་པ་དམིགས་པ་ནི། ཆུ་ལ་སོགས་པ་གསུམ་པོ་དེ་ལ་རླན་ལ་སོགས་པ་གསུམ་པོ་དེ་དམིགས་པ་ལ་ལྟོས་དགོས་པར་མཐོང་ཞིང༌། ཁྱེད་རང་ཡང་འདོད་པ་དེ་བཞིན་དུ། དངོས་


JLD013_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་འགའ་ཞིག་ཡོད་ནའང་རང་བཞིན་དེ་རང་ལ་དམིགས་ནས་དེ་ནས་དེ་དང་ལྡན་པས་གཞན་ལ་ཡང་དམིགས་དགོས་པ་ཡིན་ནོ། །གལ་ཏེ་དེ་ཐོག་མར་རང་ལ་མ་དམིགས་ན་དེ་དང་ལྡན་པ་ན་གཞན་ལ་ཡང་ཇི་ལྟར་མཐོང་བར་འགྱུར་ཏེ། དཔེར་ན་སྣ་མའི་མེ་ཏོག་ལ་དྲི་མི་ཞིམ་པ་མ་དམིགས་ན་དེ་དང་ལྡན་པའི་གོས་ལ་ཡང་དྲི༌ང་བ་མི་དམིགས་པ་བཞིན་ནོ། །ཞེས་ཕྱི་རྒོལ་རང་ལ་གྲགས་པའི་འཐད་པས་རྗེས་སུ་འགྲོ་ལྡོག་ངེས་སུ་བཅུག་ནས། དེ་ནས་སྐབས་ཀྱི་དོན་ལ་སྦྱོར་བ་ནི། དེའི་ཕྱིར་མིག་ལའང་ལྟ་བའི་རང་བཞིན་ཡོད་ན་ཐོག་མར་རང་ལ་བལྟ་བ་དམིགས་ནས། དེ་ནས་གཟུགས་ལ་སོགས་པ་དང་ཚོགས་པ་ན་གཟུགས་ལ་བལྟ་བ་ཡང་དམིགས་པར་འཐད་པ་ཞིག་ན། མིག་ལ་རང་ལ་བལྟ་བ་མེད་པའི་ཕྱིར། གཞན་ལ་བལྟ་བ་ཡང་མེད་དོ་ཞེས་སྟོན་པ་ཡིན་ནོ། །བཞི་བརྒྱ་པ་ལས་ཀྱང༌། དངོས་པོ་ཀུན་གྱི་རང་བཞིན་ནི། །ཐོག་མར་བདག་ལ་སྣང་འགྱུར་ན། །མིག་ཉིད་ལ་ཡང་མིག་གིས་ནི། །ཅི་ཡི་ཕྱིར་ན་འཛིན་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་མེས་རང་མི་བསྲེག་ཀྱང་གཞན་བསྲེག་པ་བཞིན་དུ། མིག་གིས་རང་ལ་མི་བལྟ་ཡང་གཞན་ལ་བལྟ་བ་མི་འགལ་ལོ་སྙམ་དུ་སེམས་ན། སྤྱིར་མེས་བུད་ཤིང་བསྲེག་པ་དང་མིག་གིས་གཟུགས་ལ་བལྟ་བ་ཙམ་འགོག་པ་མ་ཡིན་གྱི། མིག་ལ་གཞན་ལ་ལྟ་བ་ངོ་བོས་ཡོད་པ་འགོག་པ་ཡིན་ནོ། །དེ་ལྟ་ཡིན་དང་། མེས་བུད་ཤིང་བསྲེག་པ་ངོ་བོ་ཉིད་ཀྱིས་གྲུབ་པ་དཔེར་བྱེད་དགོས་པས་དེའི་


JLD013_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔེ་ཡང་བསྒྲུབ་བྱ་བཞིན་དུ་མི་འཐད་དེ། འདི་ལྟར་མེ་དང་བུད་ཤིང་གཉིས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་ན་རང་བཞིན་གཅིག་དང་ཐ་དད་གཉིས་ལས་མི་འདའ་བས་དེ་གཉིས་གང་ཡིན། གཅིག་ཡིན་ན་ནི། མེས་རང་ཉིད་བསྲེག་པར་འགྱུར་ལ། གཞན་ཡང་མེ་སྲེག་བྱེད་དང་བུད་ཤིང་བསྲེག་བྱར་ཇི་ལྟར་འགྱུར། འགྱུར་ན་ནི་ཁོ་བོས་ཀྱང་མེ་ནི་བསྲེག་བྱའོ། །བུད་ཤིང་ནི་སྲེག་བྱེད་དོ་ཞེས་སྨྲས་ན་ལན་ཅི་ཞིག་ཡོད། གལ་ཏེ་རང་བཞིན་སོ་སོ་བ་ཡིན་ན་ནི། བུད་ཤིང་མེད་པར་ཡང་མེ་དམིགས་པར་འགྱུར་ཏེ། རྟ་མེད་པར་བ་ལང་དམིགས་པ་བཞིན་ནོ། །བཞི་བརྒྱ་པ་ལས་ཀྱང༌། མེས་ནི་ཚ་བ་ཉིད་བསྲེག་སྟེ། །ཚ་བ་མ་ཡིན་ཇི་ལྟར་བསྲེག །དེས་ན་བུད་ཤིང་ཞེས་བྱ་མེད། །དེ་མ་གཏོགས་པར་མེ་ཡང་མེད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་བསྲེག་པ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཁས་ལེན་ན་ནི་རང་མི་བསྲེག་ན་གཞན་ཡང་མི་བསྲེག་པར་འགྱུར་བ་ལྟར། མིག་ལ་བལྟ་བའི་རང་བཞིན་ཁས་ལེན་ནའང་རང་ལ་མི་བལྟ་ན་གཞན་ལ་ཡང་མི་བལྟ་བར་འདོད་དགོས་པས་སྐྱོན་སྔ་མ་མི་གཡོའོ། །དེ་ལྟར་རང་བཞིན་ཁས་བླངས་པ་ལ་གནོད་བྱེད་བསྟན་པ་རྣམས་མཐོང་བ་ན། རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་པར་འཛིན་པའི་གྲུབ་མཐའ་འདོར་བར་འགྱུར་ལ། དེ་ནས་རང་བཞིན་མེད་པ་ལ་བྱ་བྱེད་འཐད་པ་ཡང་རྟོགས་པར་ནུས་པས། རང་བཞིན་མེད་པ་དང་མེད་པ་སོ་སོར་ཕྱེད་པར་འགྱུར་ལ། དེའི་ཕྱིར་རང་བཞིན་ཡོད་པ་དང་ཡོད་པ་ཡང་སོ་སོར་ཕྱེད་པར་འགྱུར་བས། རང་བཞིན་མེད་པའི་གཞལ་བྱ་ལ་རང་བཞིན་


JLD013_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཚད་མས་འཇལ་བ་ལ་སོགས་པ་ཡང་རྟོགས་པར་འགྱུར་བ་ཡིན་ནོ། །འོ་ན་འདིས་མེ་དང་བུད་ཤིང་རང་བཞིན་མེད་པར་རྟོགས་པའི་ཚད་མ་དེ་མངོན་སུམ་དུ་མི་འཐད་པས་རྗེས་དཔག་ཏུ་འདོད་དགོས་ན། དེ་ལྟ་ན་དེའི་རྟེན་གཏན་ཚིགས་ཇི་ལྟར་ཡིན་སྙམ་ན། རང་བཞིན་ཡོད་ན་གཅིག་དང་ཐ་དད་ལས་མི་འདའ་བར་མཐོང་ནས་གཅིག་ཐ་དད་ཀྱི་རང་བཞིན་ཁེགས་པ་ན་རང་བཞིན་མེད་པས་ཁྱབ་པར་མཐོང་བས། ཚུལ་གཉིས་འགྲུབ་ལ། གཅིག་དང་ཐ་དད་པའི་རང་བཞིན་མེད་པར་ངེས་པ་ནི། ཕྱོགས་ཆོས་ཀྱི་ཚུལ་ཡིན་པས་ཚུལ་གསུམ་པའི་རྟགས་ཡོད་ལ། དེ་ལ་བརྟེན་ནས་མེ་དང་བུད་ཤིང་ལ་རང་བཞིན་མེད་དོ་སྙམ་དུ་ངེས་པ་ནི་རྗེས་དཔག་གོ །འདིས་ནི་སྔར་བཀོད་པའི་གཞན་གྲགས་ཀྱི་སྦྱོར་བ་ལའང་ཚུལ་གསུམ་དང་རྗེས་དཔག་སྐྱེ་ཚུལ་ཤེས་པར་བྱའོ། །ཐལ་འགྱུར་ནི་མེ་དང་བུད་ཤིང་ལ་རང་བཞིན་ཡོད་ན་རང་བཞིན་གཅིག་དང་ཐ་དད་གང་རུང་དུ་འགྱུར་རོ། །ཞེས་པ་དང་། གཅིག་ཡིན་ན་མེས་རང་ཉིད་བསྲེག་པར་འགྱུར་རོ། །ཞེས་སོགས་གཞན་གྱིས་ཁས་བླངས་པ་རྟགས་སུ་བཀོད་ནས་ཕ་རོལ་པོ་ལ་མི་འདོད་པ་འཕེན་པ་འདི་འདྲ་རྣམས་ཡིན་པས་དེས་མཚོན་ནས་ཐལ་བ་གཞན་རྣམས་ཀྱང་རྟོགས་པར་བྱའོ། །དེ་ལྟ་ན་ཕྱི་རྒོལ་དེས་ཇི་སྲིད་དུ་དངོས་པོ་སྨྲ་བའི་གྲུབ་མཐའ་མ་དོར་བ་དེ་སྲིད་དུ་རང་གི་ངོ་བོས་གྲུབ་པའི་གཞལ་བྱ་འཇལ་བ་གྲུབ་པ་ལ་ལྟོས་ནས་དོན་འགྲུབ་བྱེད་ཀྱི་ཚད་མར་འགྲུབ་པ་ཡིན་ལ། གང་གི་ཚེ་དངོས་པོ་


JLD013_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་རང་གི་ངོ་བོས་གྲུབ་པ་མེད་པར་ཚད་མས་རྟོགས་པ་ནས་དངོས་པོར་སྨྲ་བའི་གྲུབ་མཐའ་བཏང་བ་ཡིན་ནོ། །ཚིག་གསལ་ལས་ཀྱང༌། ཡང་ཅི་གང་ཡང་རུང་བ་ལ་གྲུབ་པའི་རྗེས་སུ་དཔག་པའི་སྒོ་ནས་ཀྱང་རྗེས་སུ་དཔག་པས་གནོད་པ་ཡོད་དམ་ཞེ་ན། ཡོད་དེ། དེ་ཡང་རང་ཉིད་ལ་གྲུབ་པའི་གཏན་ཚིགས་ཉིད་ཀྱིས་ཡིན་གྱི། གཞན་ལ་གྲུབ་པས་ནི་མ་ཡིན་ཏེ། འཇིག་རྟེན་ཉིད་དུ་མཐོང་བའི་ཕྱིར་རོ། །འཇིག་རྟེན་ན་ནི་རེས་འགའ་དཔང་པོ་རྒོལ་བ་དང་ཕྱི་རྒོལ་གཉིས་ཀྱིས་ཚད་མར་བྱས་པའི་ཚིག་གིས་རྒྱལ་བའམ་ཕམ་པར་འགྱུར་ལ། རེས་འགའ་ནི་རང་གི་ཚིག་ཁོ་ནས་འགྱུར་གྱི། གཞན་གྱི་ཚིག་གིས་ནི་རྒྱལ་བའམ་ཕམ་པར་འགྱུར་བ་ནི་མ་ཡིན་ནོ། །འཇིག་རྟེན་ན་ཇི་ལྟར་ཡིན་པ་དེ་བཞིན་དུ་རིགས་པ་ལའང་ཡིན་ཏེ། འཇིག་རྟེན་པའི་ཐ་སྙད་ཁོ་ན་རིགས་པའི་བསྟན་བཅོས་སུ་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །ཞེས་གཞན་ལ་གྲགས་པ་རྟགས་སུ་རུང་བའི་དཔེ་དང་ཤེས་བྱེད་རྣམས་གསུངས་ཤིང༌། རྟོག་གེ་པ་རྣམས་ཕྱི་རྒོལ་ལ་ཚད་མ་གང་གིས་ཚུལ་གསུམ་ལ་སོགས་པ་གྲུབ་པའི་ཚད་མ་དེས་སྔ་རྒོལ་ལ་ཡང་གྲུབ་དགོས་པས། རྒོལ་ཕྱི་རྒོལ་གཉིས་ཀ་ལ་གྲུབ་དགོས་པར་འདོད་པ་འགོག་པའང་གསུངས་ཏེ། དེ་ཉིད་ལས། གང་ཞིག་གང་གཉིས་ཀ་ལ་ངེས་པ་བརྗོད་པ་དེ་ནི་སྒྲུབ་པའམ་སུན་འབྱིན་པ་ཡིན་གྱི། གང་ཡང་རུང་བ་ལ་གྲུབ་པའམ་ཐེ་ཚོམ་ཟ་བ་སྨྲ་བ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་དེས་ཀྱང༌། འཇིག་རྟེན་གྱི་རྣམ་པར་བཞག་པ་ལ་བརྟེན་ནས་རྗེས་སུ་དཔག་པ་ལ་ཇི་སྐད་


JLD013_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པའི་ཚུལ་འདི་ཉིད་ཁས་བླང་བར་བྱའོ། །འདི་ལྟར་ལུང་གིས་གནོད་པ་ནི་གཉིས་ཀ་ལ་གྲུབ་པའི་ལུང་ཁོ་ནའི་སྒོ་ནས་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རང་ལ་གྲུབ་པའི་སྒོ་ནས་ཀྱང་ཡིན་ནོ། །རང་གི་དོན་གྱི་རྗེས་སུ་དཔག་པར་ནི་ཐམས་ཅད་དུ་རང་ལ་གྲུབ་པ་ཉིད་བརླིང་བ་ཡིན་གྱི། གཉིས་ཀ་ལ་གྲུབ་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྟོག་གེའི་མཚན་ཉིད་བརྗོད་པ་ནི་དགོས་པ་མེད་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་རང་ལ་ཇི་ལྟར་གྲགས་པའི་འཐད་པས། དེ་ཁོ་ན་མ་ཤེས་པའི་གདུལ་བྱའི་སྐྱེ་བོ་ལ་ཕན་བཏགས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་ན་སྔར་བཤད་པ་ལྟ་བུའི་ཚད་མས་རྒོལ་བ་གཉིས་ཀ་ལ་གྲུབ་པའི་རྟགས་ཀྱིས་བསྒྲུབ་བྱ་བསྒྲུབ་པ་ལ་རང་རྒྱུད་ཀྱི་རྟགས་དང༌། དེས་མི་འགྲུབ་པར་ཕྱི་རྒོལ་གཞན་ལ་གྲགས་པའི་ཚུལ་གསུམ་གྱིས་བསྒྲུབ་བྱ་འགྲུབ་པ་ལ་ཐལ་འགྱུར་བར་འཇོག་པ་འདི་ནི་སློབ་དཔོན་གྱི་དགོངས་པར་ཤིན་ཏུ་གསལ་བ་ཡིན་ནོ། །གཉིས་པ་དེ་གཉིས་སུའི་རྗེས་སུ་འབྲངས་ནས་ལྟ་བ་རྒྱུད་ལ་བསྐྱེད་པ་ནི། དེ་ལྟར་འཕགས་པ་ཡབ་སྲས་ཀྱི་རྗེས་སུ་འབྲང་བའི་དབུ་མ་པ་ཆེན་པོ་དེ་དག་ལ་ཐལ་རང་གི་ལུགས་མི་འདྲ་བ་གཉིས་ཡོད་ན། དེ་དག་གང་གི་རྗེས་སུ་འབྲང་སྙམ་ན། འདིར་ནི་ཐལ་འགྱུར་བའི་ལུགས་ཀྱི་རྗེས་སུ་འཇུག་པ་ཡིན་ནོ། །འདི་ཡང་སྔར་བཤད་པ་ལྟར་ཐ་སྙད་དུ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་འགོག་པ་དང༌། དེ་བཀག་པ་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་ལེགས་པར་རུང་བ་ཞིག་དགོས་པས་ཚུལ་དེ་གཉིས་ལ་ངེས་པ་རྙེད་པར་བྱའོ། །དངོས་པོ་རྣམས་ལ་


JLD013_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོས་གྲུབ་པའི་རང་བཞིན་ཁས་ལེན་ན་ཡིན་ཚུལ་དཔྱོད་པའི་རིགས་པའི་བརྟག་པ་འཇུག་པར་སློབ་དཔོན་འདི་གཉིས་ཀྱི་གཞུང་ལས་མང་དུ་གསུངས་པ་རྣམས། འཕགས་པ་ཡབ་སྲས་ཀྱི་གཞུང་རྣམས་དང་ཤིན་ཏུ་འགྲིག་པར་མཐོང་བས་ལུགས་དེ་ཁས་ལེན་ལ། དེ་ལྟ་ཡིན་ན་སྔར་བཤད་པ་ལྟར་ངེས་པར་ཐལ་འགྱུར་གྱི་ཕྱོགས་ཁས་བླང་དགོས་པར་སྣང་ངོ་། །གསུམ་པ་བྱེད་པ་དེ་ལ་བརྟེན་ནས་ལྟ་བ་རྒྱུད་ལ་བསྐྱེད་པའི་ཚུལ་ལ་གསུམ། གང་ཟག་གི་བདག་མེད་གཏན་ལ་དབབ་པ་དང༌། ཆོས་ཀྱི་བདག་མེད་གཏན་ལ་དབབ་པ་དང༌། ལྟ་བ་དེ་དག་གོམས་པས་སྒྲིབ་པ་སྤོང་བའི་ཚུལ་ལོ། །དང་པོ་ལ་གསུམ། བདག་རང་བཞིན་མེད་པར་གཏན་ལ་དབབ་པ་དངོས། དེས་བདག་གི་བ་ཡང་རང་བཞིན་མེད་པར་འགྲུབ་པར་བསྟན་པ། རིགས་པ་དེ་རྣམས་གཞན་ལའང་སྦྱར་བའི་ཚུལ་ལོ། །དང་པོ་ལ་གཉིས། དཔེ་དགོད་པ་དང༌། དོན་ལ་སྦྱར་བའོ། །དང་པོ་ནི། འཇུག་འགྲེལ་དུ་མདོ་དྲངས་པ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་རང་གི་ཡན་ལག་འཁོར་ལོ་ལ་སོགས་པ་ལ་བརྟེན་ནས་ཤིང་རྟར་འདོགས་པ་དཔེར་མཛད་ནས། ཕུང་པོ་རྣམས་ལ་བརྟེན་ནས་ཀྱང་བདག་གམ་སེམས་ཅན་གདགས་པར་གསུངས་པས་ཐོག་མར་ཤིང་རྟའི་དཔེ་བཤད་པར་བྱའོ། །འདི་ལ་བཞི། ཤིང་རྟ་རང་བཞིན་མེད་པའི་བཏགས་ཡོད་


JLD013_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟན་པ། དེ་ལ་རྩོད་པ་སྤང་བ། མིང་གི་ཁྱད་པར་གྱི་སྒོ་ནས་གྲུབ་པའི་ཚུལ། དེ་ལ་བརྟེན་ནས་མྱུར་དུ་ལྟ་བ་རྙེད་པའི་ཕན་ཡོན་ནོ། །དང་པོ་ནི། འཇུག་པ་ལས། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང༌། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་ཤིང་རྟ་རང་གི་ཡན་ལག་ལས་གཅིག་དང་ཐ་དད་སོགས་བདུན་དུ་མེད་པས་བཏགས་པ་ཙམ་ཡིན་པ་བཞིན་དུ། བདག་དང་ཕུང་པོ་གཉིས་ཀྱང་དེ་དང་འདྲ་བར་གསུངས་སོ། །འདིར་ཤིང་རྟ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་ན་གདོན་མི་ཟ་བར་གཅིག་དང་ཐ་དད་སོགས་རྣམ་པ་བདུན་གང་རུང་དུ་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་འགྲུབ་དགོས་པ་ལས། བདུན་པོ་དེ་དག་གང་དུ་ཡང་དེས་མ་གྲུབ་པའི་ཕྱིར་རང་བཞིན་མེད་དོ། །དེ་ལ་ཤིང་རྟའི་ཡན་ལག་ནི་སྲོག་ཤིང་དང་འཁོར་ལོ་དང་གཟེར་བུ་ལ་སོགས་པའོ། །ཤིང་རྟ་ནི་ཡན་ལག་དེ་དག་དང་རང་བཞིན་གཅིག་མ་ཡིན་ཏེ། གཅིག་ཡིན་ན་ཡན་ལག་དེ་རྣམས་དུ་མ་ཡིན་པ་བཞིན་དུ་ཤིང་རྟ་ཡང་དུ་མར་འགྱུར་བ་དང༌། ཤིང་རྟ་གཅིག་ཡིན་པ་བཞིན་དུ་ཡན་ལག་རྣམས་ཀྱང་གཅིག་ཏུ་འགྱུར་བ་དང༌། བྱེད་པ་པོ་དང་བྱ་བའི་ལས་ཀྱང་གཅིག་ཏུ་འགྱུར་བ་སོགས་ཀྱི་སྐྱོན་ཡོད་དོ། །རང་གི་ཡན་ལག་རྣམས་དང་ངོ་བོས་གྲུབ་པའི་སོ་སོ་བའང་མིན་ཏེ། ཡིན་ན་བུམ་པ་དང་སྣམ་བུ་བཞིན་དུ་ཡན་གར་བར་སོ་སོར་དམིགས་པར་འགྱུར་བ་ལས་མ་དམིགས་པའི་ཕྱིར་དང་། གདགས་པའི་རྒྱུ་མེད་པར་འགྱུར་པའི་ཕྱིར་རོ། །རྟེན་དང་བརྟེན་པའི་


JLD013_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཉིས་ནི་འཁར་གཞོང་ལ་ཞོ་གནས་པ་ལྟར། རང་གི་ཡན་ལག་རྣམས་ཀྱི་རྟེན་དུ་མེད་ལ། རེ་ལྡེ་ལ་ལྷ་སྦྱིན་གནས་པ་ལྟར་ཡན་ལག་རྣམས་ལ་བརྟེན་ནས་ཀྱང་མེད་དེ། དེ་གཉིས་ནི་རང་གི་ངོ་བོ་ཉིད་ཀྱིས་སོ་སོ་བར་ཡོད་ན། འགྲུབ་པ་ལས་དེ་མེད་པའི་ཕྱིར་རོ། །འདིར་ཕན་ཚུན་ཡོད་པ་ཙམ་མི་འགོག་གི༌རྟེན་དང་བརྟེན་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག་པའོ། །དཔེར་བརྗོད་གཉིས་གསུངས་པ་དེ་ཡང་ཕ་རོལ་པོ་ལ་དེ་དག་རང་གི་མཚན་ཉིད་ཀྱིས་རྟེན་བརྟེན་པར་གྲུབ་པའི་གཞན་གྲགས་འགོད་པ་སྟེ། འདི་འདྲ་ཐམས་ཅད་ལ་དེ་བཞིན་དུ་ཤེས་པར་བྱའོ། །ལྡན་པའི་ཕྱོགས་ཀྱང་མི་འཐད་དེ། འདི་ལྟར་ལྷ་སྦྱིན་དོན་གཞན་དུ་གྱུར་པའི་བ་ལང་དག་དང་ལྡན་པ་བཞིན་དུ། ཤིང་རྟ་ཡང་རང་གི་ཡན་ལག་དང་ལྡན་པར་འདོད་ན་ནི། བ་ལང་དང་ལྷ་སྦྱིན་སོ་སོར་འཛིན་པ་དེ་ཇི་འདྲ་བ་དེ་བཞིན་དུ། ཤིང་རྟ་ཡང་རང་གི་ཡན་ལག་ལས་སོ་སོ་བར་འཛིན་དགོས་པ་ལས་མི་འཛིན་པའི་ཕྱིར་དེ་ལྟར་ལྡན་པ་མེད་དོ། །ལྷ་སྦྱིན་རྣ་བ་དང་ལྡན་ནོ། །ཞེས་པ་ལྟར་ཤིང་རྟ་ཡན་ལག་དང་ལྡན་པ་ཡང་མི་རིགས་ཏེ། རང་བཞིན་ཐ་དད་པ་བཀག་པའི་ཕྱིར་ན། རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ལ་ལྡན་ཚུལ་དེ་ནི་རང་བཞིན་གཅིག་པའི་ཕྱོགས་ཡིན་ལ། དེ་ཡང་སྔར་བཀག་པའི་ཕྱིར་རོ། །འདི་ཡང་ལྷ་སྦྱིན་རྣ་བ་དང་ལྡན་པ་ཙམ་ཐ་སྙད་དུ་ཡོད་པ་མི་འགོག་པ་ལྟར། ཤིང་རྟ་ལ་ཡང་ཡིན་པས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ལྡན་པ་འགོག་གོ །ཕྱོགས་ལྷག་མ་གཉིས་ནི། གལ་ཏེ་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི། །སིལ་བུར་གནས་ལ་ཤིང་རྟ་འདིར་ཡོད་འགྱུར། །གང་ཕྱིར་ཡན་ལག་


JLD013_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མེད་ཡན་ལག་དག །མེད་པས་དབྱིབས་ཙམ་ཤིང་རྟར་རིགས་པའང་མིན། །ཞེས་པ་ལྟར། ཡན་ལག་ཚོགས་པ་ཙམ་དང་ཡན་ལག་གི་དབྱིབས་ཁྱད་པར་བ་ཤིང་རྟར་འཇོག་པ་གཉིས་སོ། །དེ་ལ་ཤིང་རྟ་ནི་རང་གི་ཡན་ལག་ཚོགས་པ་ཙམ་དུ་ཡང་མི་འཐད་དོ། །འདི་ལ་གཉིས་ལས། རིགས་པ་དང་འགལ་བ་ནི། ཡན་ལག་འཁོར་ལོ་ལ་སོགས་པ་ཕྲལ་ནས་སིལ་བུར་གནས་པ་རྣམས་མ་ཚང་བ་མེད་པར་ཚོགས་པ་ནའང་ཤིང་རྟ་ཡོད་པར་འགྱུར་ཏེ། ཡན་ལག་ཚོགས་པ་ཙམ་ཤིང་རྟ་ཡིན་པའི་ཕྱིར་རོ། །ཁས་བླངས་དང་འགལ་བ་ནི། འདིར་རང་སྡེ་དངོས་པོར་སྨྲ་བ་དག་ཡན་ལག་ཅན་ནི་མེད་ཀྱི། ཡན་ལག་འདུས་པ་ཙམ་ཞིག་འདོད་པས་དེ་ལྟར་ན་ཡན་ལག་ཀྱང་མེད་པར་འགྱུར་ཏེ། ཡན་ལག་ཅན་མེད་པའི་ཕྱིར་རོ། །དེས་ན་ཡན་ལག་འདུས་པ་ཡང་མེད་པས་ཡན་ལག་གི་ཚོགས་པ་ཤིང་རྟར་མི་འགྱུར་རོ། །ཤིང་རྟ་རང་གི་ཡན་ལག་ཚོགས་པ་ཙམ་ཡིན་པ་འགོག་པ་ལ་སློབ་དཔོན་འདིའི་བཞེད་པས་ཁྱད་པར་སྦྱར་མི་དགོས་ཏེ། ཚོགས་པ་ཤིང་རྟའི་གདགས་གཞི་ཡིན་པའི་ཕྱིར་ཏེ། ཕུང་པོ་ཚོགས་པ་བདག་གི་གདགས་གཞི་ཡིན་པས་བདག་ཏུ་མི་རུང་བར་གསུངས་པས་སོ། །གལ་ཏེ་ཡན་ལག་ཚོགས་པ་ཙམ་ཤིང་རྟར་མི་འདོད་ཀྱི། ཡན་ལག་དེ་རྣམས་བསྒྲིགས་པའི་དུས་ཀྱི་དབྱིབས་ཁྱད་པར་བ་དེ་ཤིང་རྟར་འཇོག་གོ་སྙམ་ན། འདི་ལ་སྔར་བཤད་པ་ལྟར་ཡན་ལག་ཅན་མེད་པར་འདོད་པས་ཡན་ལག་ཀྱང་མེད་པར་འགྱུར་བའི་ཕྱིར། ཡན་ལག་གི་དབྱིབས་


JLD013_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཤིང་རྟར་འཇོག་པ་མི་རིགས་སོ། །ཞེས་པའི་སྐྱོན་ནི་ཁས་བླངས་དང་འགལ་བའོ། །འང་གི་སྒྲ་ནི་ཚོགས་པ་ཙམ་ཤིང་རྟར་མི་རུང་བར་མ་ཟད་ཅེས་པའོ། །གཞན་ཡང་དེ་འདྲ་བའི་དབྱིབས་ཤིང་རྟར་འདོད་ན་ཡན་ལག་སོ་སོ་བའི་དབྱིབས་ཡིན་ནམ། ཡན་ལག་ཚོགས་པའི་དབྱིབས་ཤིང་རྟར་འདོད། དང་པོ་ལྟར་ན་སྔར་མ་བསྒྲིགས་པའི་དུས་ཀྱི་དབྱིབས་དང་ཁྱད་མེད་པའི་དབྱིབས་ཡིན་ནམ། སྔར་གྱི་དབྱིབས་དང་མི་འདྲ་བའི་དབྱིབས་གཞན་ཞིག་ཡིན། དང་པོ་ལྟར་ན། ཁྱོད་དབྱིབས་ཡན་ལག་རེ་རེ་སྔར་ཡོད་གྱུར། །ཇི་ལྟར་ཤིང་རྟར་གཏོགས་ལའང་དེ་བཞིན་ན། །བྱེ་བར་གྱུར་པ་དེ་དག་ལ་ཇི་ལྟར། །དེ་ལྟར་ཡང་ནི་ཤིང་རྟ་ཡོད་མ་ཡིན། །ཞེས་གསུངས་པའི་སྐྱོན་སྟོན་ཏོ། །དེ་ཡང་སྔར་མ་བསྒྲིགས་པ་དང་ཕྱིས་བསྒྲིགས་པའི་དུས་ཀྱི་འཕང་ལོ་ལ་སོགས་པའི་དབྱིབས་ལ་མི་འདྲ་བའི་ཁྱད་པར་མེད་པས། ཕྲལ་བའི་ཚེ་ཤིང་རྟ་མེད་པ་ལྟར་བསྒྲིགས་པའི་ཚེ་ཡང་ཤིང་རྟ་མེད་པར་འགྱུར་བའོ། །གལ་ཏེ་སྔར་མ་བསྒྲིགས་པའི་དུས་ཀྱི་འཕང་ལོ་ལ་སོགས་པ་ལས། ཕྱིས་བསྒྲིགས་པའི་ཚེ་ཡན་ལག་སྔ་མ་དེ་དག་གི་དབྱིབས་དང་མི་འདྲ་བ་གཞན་ཞིག་འབྱུང་བ་ལ་ཤིང་རྟར་འཇོག་ན་ནི། ད་ལྟ་གལ་ཏེ་ཤིང་རྟ་ཉིད་དུས་འདིར། །འཕང་ལོ་སོགས་ལ་དབྱིབས་ཐ་དད་ཡོད་ན། །འདི་བཟུང་གྱུར་ན་དེ་ཡང་ཡོད་མིན་ཏེ། །དེ་ཕྱིར་དབྱིབས་ཙམ་ཤིང་རྟར་ཡོད་མ་ཡིན། །ཞེས་གསུངས་པའི་སྐྱོན་ཡོད་དེ། སྔ་ཕྱིའི་འཕང་ལོ་དང་སྲོག་ཤིང་སོགས་ལ་དབྱིབས་མི་འདྲ་བའི་ཁྱད་པར་གཞན་ཞིག་ཡོད་ན། དེ་དམིགས་དགོས་པ་


JLD013_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཇི་ལྟར་བལྟས་ཀྱང་དེ་འདྲ་བ་དམིགས་པ་མེད་པས། དབྱིབས་སྔ་མ་དང་མི་འདྲ་བའི་ཕྱིས་ཀྱི་དབྱིབས་ཤིང་རྟར་མི་རིགས་སོ། །གལ་ཏེ་ཡན་ལག་སོ་སོ་བའི་དབྱིབས་སོ་སོ་བ་ཤིང་རྟར་མི་འདོད་ཀྱི། ཡན་ལག་ཚོགས་པའི་དབྱིབས་ཀྱི་སྤྱི་ལ་ཤིང་རྟར་འཇོག་གོ་སྙམ་ན། གང་ཕྱིར་ཁྱོད་ཀྱི་ཚོགས་པ་ཅང་མེད་པས། །དབྱིབས་དེ་ཡན་ལག་ཚོགས་ཀྱི་མ་ཡིན་ན། །གང་ཞིག་ཅི་ཡང་མ་ཡིན་དེ་བརྟེན་ནས། །འདིར་ནི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར། །ཞེས་གསུངས་པའི་སྐྱོན་ཡོད་དོ། །འདི་ལྟར་ཚོགས་པ་ལ་བརྟེན་པའི་དབྱིབས་ཤིང་རྟར་མི་རིགས་ཏེ། ཚོགས་པ་རྫས་སུ་མ་གྲུབ་པས་ཚོགས་པ་ལ་བརྟེན་ནས་དབྱིབས་སུ་འདོགས་པ་མི་འཐད་པའི་ཕྱིར་ཏེ། བཏགས་ཡོད་ཐམས་ཅད་འདོགས་པའི་གཞི་རྣམས་རྫས་ཡོད་དུ་ཁས་བླངས་པའི་ཕྱིར་རོ། །ཡན་ལག་ཚོགས་པ་ལ་རང་གི་ངོ་བོས་གྲུབ་བའི་རང་བཞིན་ནམ་རྫས་སུ་མེད་པ་ནི། རང་བཞིན་ཡོད་ན་ཚོགས་པ་ཅན་ཡན་ལག་རྣམས་དང་རང་བཞིན་གཅིག་ཐ་དད་གང་རུང་ལས་མི་འདའ་ལ། དེ་དག་གང་འདོད་ནའང་སྔར་ཤིང་རྟ་ལ་བཤད་པ་བཞིན་དུ་དགག་པར་ནུས་པའི་ཕྱིར་རོ། །བཏགས་ཡོད་ཀྱི་གདགས་གཞི་ལ་རྫས་ཡོད་མི་འདོད་པའི་རང་ལུགས་ལ་ཡང་། ཡན་ལག་ཚོགས་པའི་དབྱིབས་ཤིང་རྟའི་གདགས་གཞི་ཡིན་ལ། ཤིང་རྟ་ནི་དེ་ལ་བཏགས་པའི་བཏགས་ཆོས་ཡིན་པས་དེ་ཙམ་ཤིང་རྟར་མི་འདོད་དོ། །དེའི་ཕྱིར་ཚོགས་པའི་དབྱིབས་ཤིང་རྟ་ཡིན་པ་འགོག་པའི་དགག་བྱ་ལ་ཡང་ཁྱད་པར་སྦྱར་མི་དགོས་སོ། །གལ་ཏེ་བདེན་པ་མེད་པའི་ཚོགས་པ་ལ་བརྟེན་ནས་


JLD013_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་མེད་ཀྱི་དབྱིབས་སུ་འདོགས་པ་མི་འཐད་པ་མེད་པར་འདོད་ན། འོ་ན་མ་རིག་པ་དང་ས་བོན་ལ་སོགས་པ་མི་བདེན་པའི་རྒྱུ་ལ་བརྟེན་ནས་འདུ་བྱེད་དང་མྱུ་གུ་ལ་སོགས་པ་འབྲས་བུ་བདེན་པར་མེད་པ་ཐམས་ཅད་ཀྱང་སྐྱེ་བ་ལ་མི་འཐད་པ་མེད་པར་འདོད་དགོས་ཏེ། ཁྱོད་ཀྱིས་འདི་ནི་ཇི་ལྟར་འདོད་དེ་ལྟར། །མི་བདེན་པ་ཡི་རྒྱུ་ལ་བརྟེན་བྱས་ནས། །འབྲས་བུའི་རྣམ་པ་མི་བདེན་རང་བཞིན་ཅན། །ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་རོ། །ཤིང་རྟའི་དཔེ་འདིས་ནི་གཟུགས་ལ་སོགས་པའི་རྡུལ་བརྒྱད་འདུས་པ་ཙམ་ལ་བུམ་པ་ལ་སོགས་པར་འཇོག་པ་ཡང་བསལ་བ་ཡིན་ལ། གཞན་ཡང་རྡུལ་བརྒྱད་རྫས་སུ་གྲུབ་པ་ལ་བརྟེན་ནས་བུམ་པ་ལ་སོགས་པ་རྣམས་འདོགས་པ་དང་བུམ་པ་ལ་སོགས་པ་རྣམས་རྫས་སུ་གྲུབ་པའི་གཟུགས་ལ་སོགས་པའི་དབྱིབས་ཁྱད་པར་བ་ལ་འདོད་པ་ཡང་བཀག་སྟེ། གཟུགས་ལ་སོགས་པ་ལ་རང་བཞིན་གྱིས་སྐྱེ་བ་མེད་པས། དེ་དག་རང་བཞིན་མེད་པ་ཡིན་པའི་ཕྱིར་ན་རྫས་སུ་གྲུབ་པར་མི་འཐད་པའི་ཕྱིར་རོ། །དེ་ལྟར་ཡང་འཇུག་པ་ལས། འདིས་ནི་གཟུགས་སོགས་དེ་ལྟར་གནས་རྣམས་ལ། །བུམ་བློ་ཞེས་བྱའང་རིགས་པ་མ་ཡིན་ཉིད། །སྐྱེ་བ་མེད་པས་གཟུགས་སོགས་ཀྱང་ཡོད་མིན། །དེ་ཡི་ཕྱིར་ཡང་དེ་དག་དབྱིབས་མི་རིགས། །ཞེས་སོ། །གལ་ཏེ་ཤིང་རྟ་ལྟར་བུམ་པ་རང་གི་ཡན་ལག་འདུས་པའི་དབྱིབས་མ་ཡིན་ན། ལྟོ་ལྡིར་བ་ལ་སོགས་པ་དེའི་མཚན་ཉིད་མ་ཡིན་པར་འགྱུར་ཏེ། དེ་དག་ནི་དབྱིབས་ཡིན་པའི་ཕྱིར་རོ་སྙམ་ན། གང་གི་ལྟོ་བ་ལྡིར་བ་དང་མགྲིན་པ་རིང་བ་


JLD013_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དེ་ནི་བུམ་པ་ཡིན་པར་འདོད་ཀྱི། ལྟོ་བ་ལྡིར་བ་སོགས་ཀྱི་དབྱིབས་བུམ་པར་མི་འདོད་དེ། གཞན་དུ་ན་ལྟོ་བ་དང་མགྲིན་པར་ཡང་འདོད་དགོས་པར་འགྱུར་རོ། །དེ་ལ་རྩོད་པ་སྤང་བ་ནི། འདིར་དངོས་སྨྲ་བ་དག་ན་རེ། རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་ཇི་སྐད་བཤད་པའི་ཚུལ་དུ་རྣམ་པ་བདུན་གྱི་སྒོ་ནས་ཤིང་རྟ་བཙལ་བ་ན་དེས་མ་རྙེད་ན་ཤིང་རྟ་མེད་དགོས་ལ། དེ་ལྟ་ན་འཇིག་རྟེན་ན་ཤིང་རྟའི་ཐ་སྙད་འདོགས་པ་རྣམས་བྱར་མེད་པར་འགྱུར་ན། དེ་ཡང་མི་འཐད་དེ། ཤིང་རྟ་འོན་ཅིག །ཉོས་ཤིག །ཆོས་ཤིག །ཅེས་བྱ་བ་སོགས་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་ཤིང་རྟ་ལ་སོགས་པ་ནི་ཡོད་པ་ཉིད་དོ་ཞེ་ན། འདིའི་ལན་དུ་འཇུག་འགྲེལ་ལས་སྐྱོན་དེ་དངོས་པོར་སྨྲ་བ་ཁོ་ན་ལ་ཡོད་པ་དང༌། རང་ལ་མེད་པའི་ཚུལ་གཉིས་གསུངས་ཏེ། དང་པོ་ནི། ཤིང་རྟ་འོན་ཅིག །ཅེས་བྱ་བ་ལ་སོགས་པའི་འཇིག་རྟེན་པའི་ཐ་སྙད་རྣམས་ཁྱེད་ལྟར་ན་མེད་པར་འགྱུར་དགོས་ཏེ། ཁྱེད་ཀྱིས་དངོས་པོ་ཡོད་པར་འཇོག་པ་རྣམས་རང་བཞིན་ཡོད་མེད་ཚོལ་བའི་རིགས་པས་རྣམ་པར་དཔྱད་ནས་འཇོག་པར་བྱེད་ལ། རིགས་པ་དེས་བཙལ་བ་ན་བདུན་པོ་དེ་གང་དུ་ཡང་ཤིང་རྟ་མི་རྙེད་པའི་ཕྱིར་དང༌། དངོས་པོ་འགྲུབ་པའི་ཐབས་གཞན་ཡང་ཁས་མ་བླངས་པའི་ཕྱིར་ན། ཤིང་རྟ་མེད་པར་འགྱུར་བས་སོ། །རང་བཞིན་ཡོད་མེད་ཚོལ་བའི་རིགས་པས་བཙལ་བའི་ཚེ། དེས་ཤིང་རྟ་མ་རྙེད་པ་ན་ཤིང་རྟ་ཡོད་པ་མིན་ནོ། །ཞེས་བྱ་བའི་དངོས་པོར་སྨྲ་བའི་རྩོད་པ་འདི་ནི་ད་ལྟ་དབུ་མའི་དོན་སྨྲ་བར་འདོད་པ་རྣམས་དབུ་མ་པའི་


JLD013_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སུ་འདོད་པར་སྣང་ངོ་། །དེས་ན་འདི་ལྟར་འདོད་པ་རྣམས་ལ་གདོན་མི་ཟ་བར་ཐ་སྙད་པའི་རྣམ་གཞག་ཐམས་ཅད་བྱར་མེད་པའི་སྐྱོན་དུ་འགྱུར་རོ། །རང་ལ་ཉེས་པ་མེད་པའི་ཚུལ་ནི། དེ་ནི་དེ་ཉིད་དུ་འམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདི། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་པ་འདིས་བསྟན་པར་བཞེད་དོ། །དེའི་དོན་ནི། རང་བཞིན་ཡོད་མེད་ཚོལ་བའི་རིགས་པས་བཙལ་བ་ན། ཤིང་རྟ་དེ་རྣམ་པ་བདུན་པོ་དེ་གང་དུ་ཡང་མི་རྙེད་པ་ནི་བདེན་པ་གཉིས་ཆར་དུ་ཡིན་པས། དེ་བདུན་དུ་རིགས་པ་དེས་མ་རྙེད་པས་ཤིང་རྟ་ཁེགས་པ་ག་ལ་ཡིན། དེ་ལྟ་ན་ཡང་ཤིང་རྟ་ཁས་ལེན་པ་ནི་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་འགྲུབ་པ་མིན་གྱི། རིགས་པའི་རྣམ་པར་དཔྱད་པ་དེ་དོར་ནས་འཇིག་རྟེན་པ་སྟེ་ཐ་སྙད་པའི་ཤེས་པ་རང་དགའ་བ་གནོད་མེད་ཙམ་གྱིས་གྲུབ་པ་ཡིན་ནོ། །དེས་ན་དེའི་འཇོག་ཚུལ་ནི་རང་གི་ཡན་ལག་རྣམས་ལ་བརྟེན་ནས་བཏགས་པའི་བཏགས་ཡོད་དུ་འགྲུབ་པ་ཡིན་ནོ། །གལ་ཏེ་རྣལ་འབྱོར་པས་དེ་ལྟར་རྣམ་པར་དཔྱད་པ་ན་རིགས་པ་དེས་ཤིང་རྟ་མ་རྙེད་པས་དེ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་མོད་ཀྱང་། དེའི་ཡན་ལག་རྣམས་ལ་ནི་རང་བཞིན་ཡོད་དོ་སྙམ་ན། སྣམ་བུ་ཚིག་པའི་ཐལ་བ་ལ་སྣལ་མ༌ཚོལ་བ་ཁྱོད་ནི་བཞད་གད་དུ་བྱ་བ་ཞིག་སྟེ། ཤིང་རྟ་ཡོད་ཉིད་མིན་ན་དེ་ཡི་ཚེ། །ཡན་ལག་ཅན་མེད་དེའི་ཡན་ལག་ཀྱང་མེད། །ཅེས་གསུངས་པ་ལྟར། ཡན་ལག་ཅན་མེད་ན་ཡན་ལག་ཀྱང་མེད་པའི་ཕྱིར་རོ། །


JLD013_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་དེ་ནི་མི་འཐད་དེ། ཤིང་རྟ་ཞིག་པ་ན་འཕང་ལོ་ལ་སོགས་པའི་ཡན་ལག་ཚོགས་པ་དམིགས་པའི་ཕྱིར་རོ་སྙམ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། སྔར་ཤིང་རྟ་མཐོང་བ་ཁོ་ནས་འཕང་ལོ་ལ་སོགས་པ་དེ་དག་ཤིང་རྟའི་ཡིན་ནོ་སྙམ་དུ་འཛིན་གྱི། གཞན་གྱིས་ནི་མི་འཛིན་ཏོ། །ཤིང་རྟ་ཞིག་པ་དེའི་ཚེ་ནི་འཕང་ལོ་ལ་སོགས་པ་རྣམས་ཤིང་རྟ་དང་འབྲེལ་བ་མེད་པས་ཤིང་རྟའི་ཡན་ལག་མིན་ནོ། །དེའི་ཕྱིར་ཡན་ལག་ཅན་ཤིང་རྟ་མེད་ཀྱང་ཤིང་རྟའི་ཡན་ལག་ཡོད་པ་མ་ཡིན་ནོ། །དེའི་ཚེ་ཤིང་རྟའི་སྒོ་ནས་ཡན་ལག་དང་ཡན་ལག་ཅན་གཉིས་གང་ཡང་མེད་ཀྱང༌། འཕང་ལོ་ལ་སོགས་པ་རྣམས་རང་གི་ཆ་ཤས་རྣམས་ལ་བལྟོས་ནས་ཡན་ལག་ཅན་ཡིན་ལ། ཆ་ཤས་དེ་རྣམས་དེའི་ཡན་ལག༌ཡིན་པས་ཡན་ལག་ཅན་མེད་པའི་ཡན་ལག་འཇོག་པར་མི་ནུས་སོ། །གཞན་ཡང་ཡན་ལག་ཅན་མེད་ན་ཡན་ལག་མེད་པའི་དོན་འདི་ནི། ཤིང་རྟ་ཚིག་ན་ཡན་ལག་མེད་དཔེ་བཞིན། །བློ་མེས་ཡན་ལག་ཅན་བསྲེགས་ཡན་ལག་གོ །ཞེས་གསུངས་པའི་དཔེ་དེ་བཞིན་དུ་ཤེས་པར་བྱའོ། །གསུམ་པ་མིང་གི་ཁྱད་པར་གྱི་སྒོ་ནས་གྲུབ་པའི་ཚུལ་ནི། འཇུག་འགྲེལ་ལས། ཕྱོགས་འདིས་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཤིང་རྟའི་ཐ་སྙད་འདོགས་པ་ཆེས་གསལ་བར་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདིའི་མིང་གི་ཁྱད་པར་གང་དག་ཡིན་པ་དེ་དག་ཀྱང་རྣམ་པར་དཔྱད་པ་མེད་པར་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཁས་བླང་བར་བྱའོ། །འདི་ལྟ་སྟེ། དེ་ཉིད་ཡན་ལག་ཅན་ཏེ་ཆ་ཤས་ཅན། །ཤིང་རྟ་དེ་ཉིད་བྱེད་པོ་ཞེས་འགྲོར་བསྙད། །སྐྱེ་བོ་རྣམས་ལ་ལེན་པོ་ཉིད་


JLD013_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲུབ། །ཅེས་གསུངས་པ་ལྟར་རོ། །དེ་ཡང་ཤིང་རྟ་ནི་འཕང་ལོ་ལ་སོགས་པ་ཡན་ལག་དང་ཆ་ཤས་ལ་ལྟོས་ནས་ཡན་ལག་ཅན་དང་ཆ་ཤས་ཅན་ཞེས་པའི་ཐ་སྙད་ཀྱི་དོན་དུ་གྲུབ་བོ། །དེ་བཞིན་དུ་འཕང་ལོ་ལ་སོགས་པ་ཉེ་བར་ལེན་པའི་བྱ་བ་ལ་ལྟོས་ནས་བྱེད་པ་པོ་དང༌། ཉེ་བར་ལེན་པ་ལ་ལྟོས་ནས་ཉེ་བར་ལེན་པ་པོའི་མིང་གི་ཐ་སྙད་ཀྱང་གདགས་པར་བྱའོ། །རང་སྡེ་འགའ་ཞིག །ཡན་ལག་དང་ཆ་ཤས་འདུས་པ་ཙམ་ཡོད་ཀྱི། དེ་དག་ལས་ཐ་དད་པར་མ་དམིགས་པའི་ཕྱིར་ཡན་ལག་ཅན་དང་ཆ་ཤས་ཅན་མེད་པར་སྨྲ་བ་དང༌། དེ་བཞིན་དུ་ལས་འབའ་ཞིག་ཡོད་ཀྱི་བྱེད་པ་པོ་མེད་པ་དང༌། ཉེ་བར་ལེན་པ་ལས་ཐ་དད་པར་མ་དམིགས་པའི་ཕྱིར། ཉེ་བར་ལེན་པ་ཡོད་ཀྱི་ཉེ་བར་ལེན་པ་པོ་མེད་དོ་ཞེས་སྨྲ་བ་དེ་དག་ནི་འཇིག་རྟེན་པའི་ཀུན་རྫོབ་ལ་ཕྱིན་ཅི་ལོག་ཏུ་སྨྲ་བ་ཡིན་ཏེ། དེ་ལྟར་ན་ཡན་ལག་ལ་སོགས་པ་རྣམས་ཀྱང་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལ་དགོངས་ནས་འཇུག་པར། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཅེས་གསུངས་སོ། །དེས་ན་དོན་དམ་པར་ནི་ཡན་ལག་ཅན་ལ་སོགས་པ་མེད་པ་ལྟར་ཡན་ལག་ལ་སོགས་པ་ཡང་མེད་ལ། ཀུན་རྫོབ་ཏུ་ནི་ཡན་ལག་ལ་སོགས་པ་ཡོད་པ་ལྟར་ཡན་ལག་ཅན་ལ་སོགས་པ་ཡང་ཡོད་པར་སྨྲ་བ་ནི་བདེན་པ་གཉིས་ཀྱི་ཚུལ་ལས་མ་ཉམས་པ་ཡིན་ནོ། །བཞི་པ་དེ་ལ་བརྟེན་ནས་ལྟ་བ་མྱུར་དུ་རྙེད་པའི་ཕན་ཡོན་ནི། འཇུག་འགྲེལ་ལས། གང་གི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་འདི་དེ་ལྟར་རྣམ་པར་དཔྱད་པ་ན་ཡོད་པར་མི་འགྱུར་ཞིང་མ་བརྟགས་པར་གྲགས་པས་ཡོད་པ་དེ་ཉིད་ཀྱི་ཕྱིར། རྣལ་འབྱོར་པས་རིམ་པ་


JLD013_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཀྱིས་འདི་ལ་རྣམ་པར་དཔྱོད་པ་ན་ཆེས་མྱུར་བ་ཁོ་ནར་དེ་ཁོ་ན་ཉིད་ཀྱི་གཏིང་དཔོགས་པར་འགྱུར་རོ། །ཇི་ལྟར་ཞེ་ན། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། །ཡོད་ཅེས་རྣལ་འབྱོར་པས་འདིའི་ཡོད་མི་རྙེད། །དེས་དེ་ཉིད་ལའང་བདེ་བླག་འཇུག་འགྱུར་བས། །འདིར་དེའི་གྲུབ་པ་དེ་བཞིན་འདོད་པར་བྱ། །ཞེས་ཤིང་རྟའི་དཔྱད་པ་དེ་འདྲ་བ་དེས་ནི་དེ་ཁོ་ན་ཉིད་རང་བཞིན་མེད་པའི་དོན་གྱི་གཏིང་མྱུར་དུ་དཔོགས་པར་གསུངས་པས། འདི་ནི་ཤིན་ཏུ་གནད་ཆེ་བར་སྣང་ངོ་། །འདི་ལྟར་ཡིན་ཚུལ་རྣམ་པར་དཔྱོད་པའི་རྣལ་འབྱོར་པས་གལ་ཏེ་ཤིང་རྟ་ཞེས་བྱ་བ་རང་བཞིན་གྱིས་གྲུབ་པ་ཞིག་ཡོད་ན་ནི། ཐེ་ཚོམ་མེད་པར་གཅིག་དང་ཐ་དད་ལ་སོགས་པའི་རྣམ་པ་བདུན་པོ་དེའི་སྒོ་ནས་རང་བཞིན་ཡོད་མེད་ཚོལ་བའི་རིགས་པས་བཙལ་བ་ན། བདུན་པོ་དེ་དག་གང་རུང་ཞིག་ཏུ་རྙེད་པར་འགྱུར་ན་དེ་དག་གང་དུ་ཡང་མི་རྙེད་དོ། །དེ་ལྟར་མ་རྙེད་ཀྱང་ཤིང་རྟའི་ཐ་སྙད་བསྙོན་མི་ནུས་པར་སྣང་བ་ན། ཤིང་རྟ་ཞེས་བྱ་བ་ནི་མ་རིག་པའི་ལིང་ཐོག་གིས་བློའི་མིག་ཉམས་པར་བྱས་པ་དག་ཁོ་ནས་བཏགས་པ་ཡིན་གྱི། རང་བཞིན་གྱིས་གྲུབ་པ་ནི་མ་ཡིན་ནོ་སྙམ་དུ་ངེས་པ་སྐྱེ་བར་འགྱུར་ཞིང༌། རྣལ་འབྱོར་པ་དེ་དེ་ཁོ་ན་ཉིད་ལ་བདེ་བླག་ཏུ་འཇུག་པར་འགྱུར་རོ། །དེས་དེ་ཉིད་ལའང་ཞེས་པའི་འང་གི་སྒྲས་ནི་ཀུན་རྫོབ་ཉམས་པར་ཡང་མི་འགྱུར་བར་སྟོན་པའོ། །ཤིང་རྟ་ལ་རང་བཞིན་ཡོད་པ་འགོག་པའི་མཐའ་གཅོད་ལུགས་ནི། རྣམ་པ་བདུན་དུ་བརྟག་པ་བྱེད་པ་འདི་རྣམ་པ་གསལ་ཞིང་འགོག་པའི་རིགས་པ་ཡང་ཆེས་གསལ་བས། འདི་ལ་བརྟེན་ནས་ཤིང་


JLD013_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་རང་བཞིན་མེད་པ་རྟོགས་པར་སླ་བ་ཡིན་ནོ། །མདོར་ན་ཤིང་རྟ་ལ་བརྩམས་ནས་སྔར་བཤད་པ་ལྟ་བུའི་རྣམ་གཞག་བྱས་པ་འདི་ལ་ཡོན་ཏན་གསུམ་ཡོད་དེ། ཆོས་རྣམས་ལ་རང་བཞིན་སྒྲོ་འདོགས་པའི་རྟག་ལྟ་དགག་སླ་བའི་ཡོན་ཏན་དང༌། རང་བཞིན་མེད་པ་ལ་རྟེན་འབྲེལ་མི་འཐད་སྙམ་པའི་ཆད་ལྟ་དགག་སླ་བའི་ཡོན་ཏན་དང༌། ཡོན་ཏན་དེ་གཉིས་དཔྱོད་ཚུལ་ཇི་ལྟ་བུ་ཞིག་བྱས་པས་འགྲུབ་པའི་རྣལ་འབྱོར་པས་ཉེ་བར་བརྟག་པའི་རིམ་པའོ། །དང་པོ་ནི། གཅིག་ཐ་དད་ཙམ་འགོག་པའི་རང་བཞིན་ཡོད་པ་འགོག་ཚུལ་ཤིན་ཏུ་བསྡུས་ན་རྟོགས་པར་དཀའ་ལ། ཧ་ཅང་མངས་ན་ཚེགས་སུ་འགྱུར་བས་རྣམ་པ་བདུན་གྱིས་དཔྱོད་པ་ནི་ཤིན་ཏུ་འཚམ་པའོ། །གཉིས་པ་ནི། དང་པོར་འགོག་པའི་དུས་ན་དགག་བྱ་ལ་ཁྱད་པར་སྦྱར་ཏེ་བཀག་པས། དེའི་སྒོ་ནས་རང་བཞིན་ཡོད་པ་ཁེགས་ཀྱང་ཐ་སྙད་དུ་བྱ་བྱེད་ཡོད་པ་ལ་མི་གནོད་པའོ། །གསུམ་པ་ནི། ཁྱབ་བྱ་རང་བཞིན་གྱིས་གྲུབ་ན་ཁྱབ་བྱེད་གཅིག་ཐ་དད་ལ་སོགས་པའི་རྣམ་པ་བདུན་ལས་མི་འདའ་བའི་ངེས་པ་དྲངས་ནས། དེ་ནས་དེ་དག་རེ་རེ་ལ་གནོད་བྱེད་བསྟན་པ་ན། བདུན་པོ་དེ་དག་གང་ལ་ཡང་གནོད་པ་འབབ་པར་མཐོང་བ་ན། ཁྱབ་བྱེད་ཁེགས་པས་ཁྱབ་བྱ་ཡང་ཁེགས་པ་ཐོག་མར་བྱས་ནས་རང་བཞིན་མེད་པ་ལ་ཐག་ཆོད་ཀྱི་ངེས་པ་མང་དུ་དྲང༌། དེའི་རྗེས་སུ་དེ་ལྟར་རང་བཞིན་མེད་ཀྱང་ཤིང་རྟའི་ཐ་སྙད་བསྙོན་མི་ནུས་པར་མཐོང་བ་ན། ཨེ་མའོ་ལས་དང་ཉོན་མོངས་པའི་སྒྱུ་མ་མཁན་གྱིས་བྱས་པའི་ཤིང་རྟ་ལ་སོགས་པའི་སྒྱུ་མ་འདི་ནི་ཤིན་ཏུ་ཡ་མཚན་ཏེ། འདི་ལྟར་རང་རང་གི་རྒྱུ་དང་རྐྱེན་ལས་


JLD013_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཀྱང་མ་འཆོལ་བར་འབྱུང་ལ། རང་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡང་ཅུང་ཟད་ཀྱང་མེད་པའི་ཕྱིར་སྙམ་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་རང་བཞིན་གྱིས་མ་སྐྱེས་པ་ལ་ངེས་པ་རྙེད་པར་འགྱུར་བའི་ཕྱིར་རོ། །བཞི་བརྒྱ་པའི་འགྲེལ་པ་ལས་ཀྱང༌། བུམ་པ་ལ་སོགས་པ་རྣམས་རང་གི་རྒྱུ་ལས་དེ་ཉིད་དང་གཞན་དུ་རྣམ་པ་ལྔར་དཔྱད་པ་ན་ཡོད་པ་མ་ཡིན་མོད། དེ་ལྟ་ན་ཡང་བརྟེན་ནས་བཏགས་པས་སྦྲང་རྩི་དང་ཆུ་དང་འོ་མ་འཛིན་པ་དང་འཆུ་བ་ལ་སོགས་པའི་བྱ་བ་ལ་རུང་བར་འགྱུར་བ་འདི་ཅི་ངོ་མི་མཚར་བ་ཞིག་གམ། ཞེས་དང༌། གང་ཞིག་རང་བཞིན་མེད་ལ་དམིགས་པ་ཡང་ཡིན་པ་དེ་ནི་མགལ་མེའི་འཁོར་ལོ་ལྟར་རང་བཞིན་གྱིས་སྟོང་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དོན་ལ་སྦྱར་བ་ལ་གཉིས། རང་བཞིན་མེད་པའི་ཚུལ་དོན་ལ་སྦྱར་བ་དང༌། མིང་གི་ཁྱད་པར་གྱི་སྒོ་ནས་གྲུབ་ཚུལ་དོན་ལ་སྦྱར་བའོ། །དང་པོ་ལ་བཞི། བདག་ཕུང་པོ་དང་གཅིག་པའི་ཕྱོགས་དགག་པ་དང༌། བདག་ཕུང་པོ་དང་ཐ་དད་པའི་ཕྱོགས་དགག་པ་དང༌། དེས་ཕྱོགས་ལྷག་མ་རྣམས་ཀྱང་ཁེགས་པར་འགྱུར་བ་དང༌། དེ་ལ་བརྟེན་ནས་གང་ཟག་སྒྱུ་མ་ལྟ་བུར་འཆར་བའི་ཚུལ་ལོ། །དང་པོ་ནི། སྤྱིར་ཆོས་དེ་ཟླ་བཅས་སུ་བློས་ཡོངས་སུ་བཅད་པ་ན་ཟླ་མེད་ཡིན་པ་རྣམ་པར་གཅོད་ལ། ཟླ་མེད་དུ་ཡོངས་སུ་བཅད་ན་ཡང་ཟླ་བཅས་རྣམ་པར་གཅོད་པར་འཇིག་རྟེན་ན་མཐོང་ངོ་། །དེས་སྤྱིར་གཅིག་དང་ཐ་དད་དམ། གཅིག་དང་དུ་མ་ལ་ཕུང་གསུམ་སེལ་བ་ཡིན་ཏེ། ཟླ་བཅས་ཟླ་མེད་ནི་གཅིག་དང་དུ་མ་ཡིན་པའི་ཕྱིར་རོ། །སྤྱིར་གཅིག་དང་གཅིག་མིན་གཉིས་


JLD013_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཁ་ཚོན་ཆོད་པ་ན། བྱེ་བྲག་ཏུ་རང་གི་ངོ་བོས་གྲུབ་པའི་གཅིག་དང་ཐ་དད་ལ་ཡང་ཁ་ཚོན་ཆོད་པར་འགྱུར་རོ། །དེ་ལྟར་ན་བདག་གམ་གང་ཟག་ལ་ཡང་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་ན་གཅིག་དང་ཐ་དད་ལས་མི་འདའ་བས། ཅི་བདག་འདི་ཕུང་པོ་དང་ངོ་བོས་གྲུབ་པའི་གཅིག་ཡིན་ནམ། ངོ་བོས་གྲུབ་པའི་ཐ་དད་ཡིན་སྙམ་དུ་དཔྱད་པར་བྱའོ། །དེ་ལ་ཐོག་མར་བདག་དང་ཕུང་པོ་གཉིས་རང་བཞིན་གཅིག་ཏུ་གྲུབ་ན་གནོད་པ་ཅི་ཞིག་ཡོད་སྙམ་དུ། རྣལ་འབྱོར་པས་གཅིག་པའི་ཕྱོགས་ལ་གནོད་བྱེད་གང་ཡོད་པ་བཙལ་བར་བྱའོ། །འདི་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གནོད་བྱེད་གསུམ་གསུངས་ཏེ། བདག་ཏུ་སྨྲ་བ་དོན་མེད་པ་དང་། བདག་མང་པོར་འགྱུར་བ་དང་། སྐྱེ་འཇིག་ཅན་དུ་འགྱུར་བའོ། །དེ་ལ་དང་པོ་ནི་བདག་དང་ཕུང་པོ་གཉིས་རང་བཞིན་གཅིག་ཏུ་འདོད་ན་བདག་ཁས་བླངས་པའི་དོན་མེད་དེ། ཕུང་པོའི་རྣམ་གྲངས་ཙམ་དུ་འགྱུར་པའི་ཕྱིར་ཏེ། དཔེར་ན། ཟླ་བ་དང་རི་བོང་ཅན་བཞིན་ནོ། །འདི་ནི་རྩ་ཤེར་ཡང་གསུངས་ཏེ། རབ་བྱེད་ཉེར་བདུན་པ་ལས། ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཞེས་སོ། །གཉིས་པ་ནི། བདག་ཕུང་པོ་རྣམས་དང་རང་བཞིན་གཅིག་ཏུ་གྲུབ་ན་གང་ཟག་གཅིག་ལ་ཡང་ཕུང་པོ་དུ་མ་ཡོད་པ་བཞིན་དུ་བདག་ཀྱང་མང་པོ་ཡོད་པར་འགྱུར་ལ། བདག་གཅིག་ལས་མེད་བཞིན་དུ་ཕུང་པོ་རྣམས་ཀྱང་གཅིག་ཏུ་འགྱུར་བའི་སྐྱོན་ཡོད་དེ། འཇུག་པ་ལས་ཀྱང༌། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །ཞེས་གསུངས་


JLD013_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གསུམ་པ་ནི། རབ་བྱེད་བཅོ་བརྒྱད་པ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་དང༌། རབ་བྱེད་ཉེར་བདུན་པ་ལས། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཞེས་གསུངས་ཏེ། ཉེ་བར་ལེན་པ་ནི་འདིར་ཕུང་པོ་ལ་གོ་བར་བྱའོ། །དེ་ལྟར་བདག་སྐད་ཅིག་གིས་སྐྱེ་བ་དང་འཇིག་པ་ཅན་དུ་འགྱུར་བ་འདོད་ན་སྐྱོན་ཅི་ཡོད་སྙམ་ན། འདི་ལ་འཇུག་པ་རྩ་འགྲེལ་དུ་སྐྱོན་གསུམ་གསུངས་ཏེ། སྐྱེ་བ་དྲན་པ་མི་འཐད་པ་དང༌། ལས་བྱས་པ་ཆུད་ཟོས་པ་དང༌། ལས་མ་བྱས་པ་དང་ཕྲད་པའི་སྐྱོན་ནོ། །དང་པོ་ནི། བདག་སྐད་ཅིག་གིས་སྐྱེ་བ་དང་འཇིག་ན་བདག་རང་གི་ངོ་བོས་གྲུབ་པའི་སྐྱེ་འཇིག་ཡིན་པས་བདག་སྔ་ཕྱི་རྣམས་རང་གི་མཚན་ཉིད་ཀྱིས་སོ་སོ་བར་འགྱུར་རོ། །དེ་ལྟ་ན་དེའི་ཚེ་དེའི་དུས་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ། །ཞེས་མི་གསུང་བར་འགྱུར་ཏེ། ང་ལས་ནུའི་བདག་དང་སྟོན་པའི་བདག་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སོ་སོ་བ་ཡིན་པའི་ཕྱིར་ཏེ། དཔེར་ན་ལྷས་བྱིན་གྱིས་སྐྱེ་བ་དྲན་པ་ན་ང་མཆོད་སྦྱིན་དུ་གྱུར་ཏོ་སྙམ་དུ་མི་དྲན་པ་བཞིན་ནོ། །དེ་ལྟ་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་གཞན་དུ་གྲུབ་ཀྱང་སྔར་མྱོང་བའི་དོན་དེ་ཕྱི་མས་དྲན་པ་མི་འགལ་ན་ལྷས་བྱིན་གྱིས་མྱོང་བ་མཆོད་སྦྱིན་གྱིས་དྲན་པ་མི་སྲིད་པ་ལ་མི་འདྲ་བའི་རྒྱུ་མཚན་བསྟན་དགོས་ན་དེ་ཡང་རྙེད་པ་མ་ཡིན་ནོ། །འདི་ནི་ས་མྱུག་གཉིས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་དུ་ཡང་འདོད་ལ། རྒྱུ་འབྲས་སུ་ཡང་གཞན་དག་འདོད་པ་ལ་དེ་འདྲ་བ་ལ་རྒྱུ་འབྲས་རུང་ན་མེ་ལྕེ་ལས་ཀྱང་མུན་པ་


JLD013_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་འགྱུར་བའི་གཞན་སྐྱེ་འགོག་པའི་རིགས་པ་དང་འདྲ་སྟེ། ཐ་དད་པ་ཙམ་ཞིག་ཏུ་འདོད་པ་ལ་དེ་ལྟར་མགོ་སྙོམས་བྱེད་པ་མིན་ནོ། །འོ་ན་སྟོན་པ་དང་ང་ལས་ནུ་གཉིས་མདོ་དེས་གཅིག་ཏུ་སྟོན་ནམ་སྙམ་ན། བཀའ་འདིས་ནི་རྒྱུད་གཞན་འགོག་པ་ཡིན་གྱི། གཅིག་ཏུ་སྟོན་པ་མིན་ནོ། །དེས་ན་མདོ་དེ་ལས། དེའི་ཚེ་ན་ཆེ་གེ་མོ་དེ་གཞན་ཞིག་ཡིན་སྙམ་ན་དེ་ལྟར་མི་བལྟ་སྟེ། ཞེས་གསུངས་པ་ཡིན་པར་སློབ་དཔོན་ཟླ་བའི་ཞབས་བཞེད་པ་ཡིན་ནོ། །དེ་ལྟར་གསུངས་པའི་མདོ་ལ་འཁྲུལ་པ་ཁ་ཅིག་ན་རེ། སངས་རྒྱས་དང་དེ་རྣམས་ཀྱི་སྔོན་གྱི་སྐྱེ་བའི་སེམས་ཅན་རྣམས་གཅིག་ཡིན་ཏེ། མདོ་ལས་ང་ནི་སྔོན་ཚེ་འདིར་གྱུར་ཅེས་དེ་གཉིས་གཅིག་ཏུ་གསུངས་ལ། དེ་ཡང་འདུས་བྱས་ཡིན་ན་སྐད་ཅིག་གིས་འཇིག་པས་གཅིག་ཏུ་མི་རུང་བའི་ཕྱིར་དེ་གཉིས་ཀ་རྟག་པའོ་ཞེས་སྨྲ་བ་ནི། སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་ངན་པ་བཞི་བཀའ་སྩལ་པའི་དང་པོ་ཡིན་ལ། དེ་འགོག་པ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་རབ་བྱེད་ཉེར་བདུན་པ་ལས། འདས་པའི་དུས་ན་བྱུང་གྱུར་ཅེས། །བྱ་བ་དེ་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལྟ་ཡིན་ན་འགྲོ་བ་གཅིག་ཀྱང་འགྲོ་བ་དྲུག་ཀར་འགྱུར་ཏེ། དེ་རྣམས་ཀྱིས་རིགས་དྲུག་ཏུ་རིམ་པ་བཞིན་དུ་ལུས་བླངས་པའི་ཕྱིར་དང༌། སྔ་ཕྱི་དེ་རྣམས་ཀྱང་རྟག་པའི་གཅིག་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྔ་ཕྱི་དེ་དག་རང་གི་ངོ་བོས་གྲུབ་པའི་སོ་སོ་བར་འདོད་པ་ལ་ཡང་དགག་པ་གསུངས་ཏེ། འདི་ཡང་བདག་ལ་རང་བཞིན་ཡོད་ན་སྔ་ཕྱི་དེ་རྣམས་ཡང་ན་རང་གི་


JLD013_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོས་གཅིག་ཏུ་འགྱུར་ལ། དེའི་ཚེ་རྟག་པར་འགྱུར་རོ། །ཡང་ན་རང་གི་ངོ་བོས་ཐ་དད་དུ་འགྱུར་ལ། དེའི་ཚེ་ཆད་པར་ལྟ་བར་འགྱུར་བས་མཁས་པས་ནི་བདག་ལ་རང་བཞིན་ཁས་བླང་བར་མི་བྱའོ། །ལས་བྱས་པ་ཆུད་ཟ་བའི་ཉེས་པ་ནི། བདག་སྐད་ཅིག་རེ་རེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་འཇིག་བྱེད་ན་བདག་སྔ་མས་བྱས་པའི་ལས་ཀྱི་འབྲས་བུ་བདག་ཕྱི་མས་ལོངས་སྤྱོད་པར་འདོད་ན་ནི་འོག་ཏུ་འགོག་པས། འདིར་ནི་ལས་སྔར་བསགས་པའི་འབྲས་བུ་མྱོང་བ་མེད་པར་འགྱུར་ཏེ། ལས་བྱེད་པ་པོའི་བདག་འབྲས་བུ་མ་མྱོང་བའི་གོང་དུ་ཞིག་པའི་ཕྱིར་དང་། བདག་གཞན་ཡང་མེད་པའི་ཕྱིར་རོ། །དེ་ཡང་སྔ་ཕྱིའི་དངོས་པོ་ལ་རང་གི་ངོ་བོས་གཞན་དུ་གྲུབ་པ་མེད་པས་སྔ་མ་ལས་ངོ་བོ་ཐ་དད་པའི་ཕྱི་མའི་བདག་མེད་ལ། སྔ་མས་ཀྱང་འབྲས་བུ་མ་མྱོང་ན་འབྲས་བུ་མྱོང་བ་མེད་དགོས་པ་ཡིན་ནོ། །རྒྱུད་གཅིག་ཡིན་པའི་ལན་ཀྱང་འོག་ཏུ་འགོག་པས་ན་ལས་བྱས་པ་ཆུད་ཟོས་པར་འགྱུར་བ་སྤོང་བར་མི་ནུས་སོ། །ལས་མ་བྱས་པ་དང་ཕྲད་པའི་ཉེས་པ་ནི། གལ་ཏེ་སྔ་མའི་བདག་ཞིག་ཀྱང་བདག་ཕྱི་མས་འབྲས་བུ་ལ་ལོངས་སྤྱོད་པས་བྱས་པ་ཆུད་ཟོས་པའི་སྐྱོན་མེད་དོ་སྙམ་ན། དེ་ལྟ་ན་ལས་དེའི་འབྲས་བུ་མྱོང་བའི་རྒྱུར་གྱུར་པའི་ལས་ཅུང་ཟད་ཀྱང་མ་བསགས་པའི་གང་ཟག་གཞན་གྱིས། གང་ཟག་གཞན་གྱིས་བསགས་པའི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་ཏེ། རང་གི་ངོ་བོས་གྲུབ་པའི་གང་ཟག་གཞན་གྱིས་བསགས་པའི་འབྲས་བུ་ལ་དེ་དང་རང་གི་ངོ་བོས་ཐ་དད་པའི་གང་ཟག་གཞན་གྱིས་ལོངས་སྤྱོད་པའི་ཕྱིར་རོ། །དེ་ལྟར་ཡང་འཇུག་པ་ལས།


JLD013_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་འདས་སྔོན་སྐད་ཅིག་ཉིད་ལ་ནི། །སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། །གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །ཞེས་གསུངས་སོ། །འཇུག་པ་ལས། སྐྱོན་གཞན་གསུམ་ཡང་གསུངས་མོད་ཀྱང༌། རང་སྡེ་ཁོ་ནའི་འདོད་པ་འགོག་པར་སྣང་ཞིང་འདིར་ཐུན་མོང་དུ་འགོག་པར་འདོད་པས་མ་བཀོད་དོ། །རིགས་པ་དེ་གཉིས་ཀྱང་རབ་བྱེད་ཉེར་བདུན་པ་ལས། གལ་ཏེ་འདི་ནི་གཞན་འགྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དེར་ནི་གནས་འགྱུར་ཞིང༌། །དེར་མ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང༌། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང༌། །དེ་ལ་སོགས་པར་ཐལ་བར་འགྱུར། །ཞེས་གསུངས་ཏེ། ལས་ཆུད་ཟ་བ་སོགས་གཉིས་པོ་དེ་ཟླ་བ་གྲགས་པས་བཀོད་པའོ། །གལ་ཏེ་འདི་ནི་གཞན་འགྱུར་ན། །ཞེས་པ་ནི། སྔོན་གྱི་ཚེ་རབས་ཀྱི་དུས་ཀྱི་བདག་དང་ད་ལྟའི་བདག་གཉིས་རང་གི་ངོ་བོས་ཐ་དད་ན་ཞེས་པའོ། །དེ་ལྟ་ན་སྔ་མ་ལ་ཅི་ཡང་རག་མི་ལས་པས་སྔ་མ་དེ་ལ་བརྟེན་པ་མེད་པར་ཡང་འབྱུང་བ་དང༌། བུམ་པ་བྱས་པའི་ཚེ་སྣམ་བུ་མི་འཇིག་པ་ལྟར་བདག་ཕྱི་མ་སྐྱེས་པ་ན་སྔ་མ་མི་འཇིག་པར་གནས་པར་འགྱུར་བ་དང༌། སྔར་མ་ཤི་བར་འདིར་སྐྱེ་བར་འགྱུར་ཞེས་པའི་དོན་ནོ། །གལ་ཏེ་སྐྱེ་བ་སྔ་ཕྱིའི་བདག་རྣམས་རང་གི་ངོ་བོས་གྲུབ་པའི་སོ་སོ་བ་ཡིན་ཀྱང་ལས་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པའི་སྐྱོན་མེད་དེ། རྒྱུད་གཅིག་ཡིན་པའི་ཕྱིར་རོ་ཞེ་ན། འདི་ཡང་རང་གི་མཚན་ཉིད་ཀྱིས་སོ་སོ་བ་མ་གྲུབ་པས་བསྒྲུབ་དགོས་པ་དང་འདྲ་སྟེ། རང་གི་ངོ་བོས་ཐ་དད་ན་ནི་རྒྱུད་གཅིག་པ་ཡང་མི་འཐད་དེ། དཔེར་ན་བྱམས་པ་དང་ཉེར་སྦས་བཞིན་ནོ། །དེ་ལྟར་ཡང་འཇུག་པ་ལས། དེ་ཉིད་


JLD013_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱུད་ཡོད་ན་སྐྱོན་མེད་ན། །སྔར་རྣམ་དཔྱད་ཚེ་རྒྱུད་ལ་ཉེས་བཤད་ཟིན། །ཞེས་གསུངས་ཤིང༌། སྔར་ཇི་ལྟར་དཔྱོད་པ་ནི་དེ་ཉིད་ལས། བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །གཞན་ཉིད་ཕྱིར་ན་རྒྱུད་གཅིག་གཏོགས་མིན་ཏེ། །གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། །ཞེས་རང་གི་མཚན་ཉིད་ཀྱིས་སོ་སོ་བར་གྲུབ་ན་རྒྱུད་ཐ་དད་པ་གཉིས་བཞིན་དུ་རྒྱུད་གཅིག་ཏུ་བཞག་ཏུ་མེད་པ་ཡིན་ནོ། །རབ་བྱེད་ཉེར་བདུན་པ་ལས་ཀྱང༌། གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །ཞེས་གསུངས་སོ། །མདོར་ན་རང་གི་ངོ་བོས་གྲུབ་པའི་གཞན་ཡིན་ན་ཡིན་ཚུལ་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་འདོད་དགོས་ལ། རིགས་པ་དེ་འདྲ་བས་ཞིབ་ཏུ་དཔྱད་པ་ན་ཡང་དཔྱད་བཟོད་པའི་དངོས་པོ་རྡུལ་ཙམ་ཡང་མེད་པས་རང་གི་ངོ་བོས་ཐ་དད་པའི་སྔ་མས་བསགས་པའི་ལས་ཕྱི་མས་མྱོང་ན། རྒྱུད་ཐ་དད་པ་ལ་ཡང་ཀུན་ནས་མཚུངས་པས་དབྱེ་བར་མི་ནུས་པ་འདི་ནི་འདི་འདྲའི་སྐབས་ཐམས་ཅད་དུ་ཤེས་པར་གྱིས་ཤིག །འོ་ན་སྔ་དུས་ཀྱི་མྱོང་མཁན་དང་ཕྱི་དུས་ཀྱི་དྲན་མཁན་གཉིས་གཅིག་མ་ཡིན་པས། རང་གི་ལུགས་ལའང་རྒྱུད་ཐ་དད་པ་བཞིན་དུ་སྔར་མྱོང་བ་དྲན་པ་དང་སྔར་བསགས་པའི་ལས་ཀྱི་འབྲས་བུ་ལ་ཕྱིས་ལོངས་སྤྱོད་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། འདིར་ནི་རྒྱུད་གཅིག་ཡིན་པ་མི་འགལ་ལ། གཞན་གྱི་ལུགས་ལ་རྒྱུད་གཅིག་པ་མི་རུང་བའི་ཕྱིར་རོ། །དཔེར་ན་ཞོས་བཀང་བའི་སྣོད་ཁང་པ་ན་གནས་པའི་ཐོག་རྩྭ་ལས་


JLD013_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་སྟེང་ན་གནས་པའི་ཕུག་རོན་སྐྱ་བོའི་རྐང་པ་ཞོའི་སྣོད་དུ་མ་ཞུགས་ཀྱང་དེའི་རྐང་རྗེས་དེར་དམིགས་པ་བཞིན་དུ། ཚེ་འདིའི་གང་ཟག་གིས་སྐྱེ་བ་སྔ་མའི་དུས་སུ་མ་ཕྱིན་ཀྱང་སྔར་གྱི་མྱོང་བ་རྣམས་འདིར་དྲན་པར་ཡང་མི་འགལ་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། རྒྱུ་དང་འབྲས་བུ་དག་དེ་ཉིད་དང་གཞན་ཉིད་དུ་རྟོག་པ་སྤངས་ཤིང༌། རྒྱུའི་ཁྱད་པར་གྱིས་གསལ་བར་གྱུར་པ་འདུ་བྱེད་ཀྱི་རྒྱུན་མི་རྟག་པ་ཁོ་ནར་ཡོད་ན་ནི། དེའི་ཉེ་བར་ལེན་པ་ཅན་བཏགས་པར་ཡོད་པའི་བདག་གིས་སྐྱེ་བ་རྗེས་སུ་དྲན་ནོ་ཞེས་བྱ་བར་རིགས་སོ། །དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་སྟེ། དེ་རྣམས་ལ་རྣམ་པ་དེ་ལྟ་བུའི་རྐྱེན་ཉེ་བར་ལྷགས་པ་ཡོད་དང༌། གཞན་དུ་འགྱུར་བ་ཉིད་མི་རིགས་པ་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་རྒྱུ་ཅན་བྱ་བའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བརྟག་པར་བྱའོ། །འདི་ལྟར་འདམ་བཞིན་དུ་ཞོའི་སྣོད་ཁང་པའི་ནང་ན་གནས་པ་དག་ལ་རྩྭ་ཐོག་ཆེས་མང་པོས་གཡོགས་པའི་སྟེང་ན་གནས་པའི་ཕུག་རོན་སྐྱ་བོའི་རྐང་རྗེས་དམིགས་མོད་ཀྱི། དེའི་རྐང་པ་ཞུགས་པ་ནི་ཅི་ནས་ཀྱང་སྲིད་པ་མ་ཡིན་ནོ། །ཞེས་གསུངས་ཏེ། རྒྱས་པར་འཇུག་པ་ལས་བཙལ་བར་བྱའོ། །ད་ནི་དཀྱུས་མའི་དོན་བཤད་དེ། དེ་ལྟར་བདག་ཕུང་པོ་དང་གཅིག་ཏུ་འདོད་པ་ལ་རབ་བྱེད་ཉེར་བདུན་པ་ལས། ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་གསུངས་པ་འདི་ནི་གནོད་བྱེད་ཆེན་པོ་ཡིན་ནོ། །དེ་ལ་གང་ཟག་འདིས་ལུས་འདི་བླངས་སོ་ཞེས་


JLD013_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་བྱེད་པས་ན་ཕུང་པོ་ནི་ཉེ་བར་བླང་བར་བྱ་བ་ཡིན་ལ། བདག་ནི་དེ་ལེན་པ་པོའོ། །དེ་གཉིས་གཅིག་ཏུ་འདོད་ན་བྱ་བའི་ལས་དང་བྱེད་པ་པོ་རྣམས་གཅིག་ཏུ་འགྱུར་བས། གཅོད་པ་པོ་དང་གཅད་བྱ་དང་། བུམ་པ་དང་རྫ་མཁན་དང་། མེ་དང་བུད་ཤིང་ལ་སོགས་པ་རྣམས་ཀྱང་གཅིག་ཏུ་འགྱུར་ཏེ། རབ་བྱེད་བཅུ་པ་ལས་ཀྱང༌། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླང་བའི་རིམ་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་དང༌། འཇུག་པ་ལས་ཀྱང༌། ལེན་པོ་རང་ཉེར་ལེན་གཅིག་རིགས་དངོས་མིན། །དེ་ལྟ་ན་ལས་བྱེད་པོ་གཅིག་ཉིད་འགྱུར། །ཞེས་སོ། །དེ་ལྟ་ན་བདག་ཕུང་པོ་དང་གཅིག་ཡིན་ན་བདག་ཏུ་ཁས་བླངས་པ་དོན་མེད་པ་དང༌། བདག་མང་པོར་འགྱུར་བ་དང་། བྱ་བ་དང་བྱེད་པ་པོ་གཅིག་ཏུ་འགྱུར་བ་དང་། ལས་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པ་དང་། སྐྱེ་བ་དྲན་པའི་ཚིག་གསུངས་པ་མི་འཐད་པ་སྟེ་དྲུག་ཡོད་པས་གཅིག་ཏུ་ཁས་བླང་བར་མི་བྱའོ། །གཉིས་པ་ཐ་དད་པའི་ཕྱོགས་དགག་པ་ནི། ཅི་སྟེ་བདག་དང་ཕུང་པོ་གཉིས་རང་བཞིན་གཅིག་མ་ཡིན་མོད། རང་བཞིན་ཐ་དད་པར་འདོད་ན་སྐྱོན་ཅི་ཡོད་སྙམ་ན། འདི་ལ་རབ་བྱེད་བཅོ་བརྒྱད་པ་ལས། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་པའི་སྐྱོན་གསུངས་སོ། །དེ་ལ་བདག་ཕུང་པོ་ལས་ངོ་བོས་གྲུབ་པའི་ཐ་དད་པར་ཡོད་ན་ནི། ཕུང་པོའི་མཚན་ཉིད་སྐྱེ་འཇིག་གནས་པ་དང་མི་ལྡན་པར་འགྱུར་ཏེ།


JLD013_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་རྟ་བ་ལང་ལས་གཞན་དུ་གྲུབ་པ་བ་ལང་གི་མཚན་ཉིད་དང་ལྡན་པ་མིན་པ་བཞིན་ནོ། །དེ་ལྟ་ཡིན་མོད་སྙམ་ན། འོ་ན་དེ་བདག་ཏུ་ཐ་སྙད་འདོགས་པའི་གཞི་དང་བདག་ཏུ་འཛིན་པའི་ཡུལ་དུ་མེད་དེ། འདུས་མ་བྱས་ཡིན་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་གམ་མྱ་ངན་ལས་འདས་པ་བཞིན། ཞེས་གཞན་གྲགས་ཀྱི་སྦྱོར་བ་བྱ་སྟེ་ཚིག་གསལ་ལས་གསུངས་སོ། །བདག་སྐྱེ་འཇིག་གི་མཚན་ཉིད་དང་མི་ལྡན་ན་རྟག་པར་འགྱུར་ལ། དེའི་ཚེ་རྟག་པ་འགྱུར་བ་མེད་པ་ལ་ཅི་ཡང་བྱར་མེད་པས། བདག་ཏུ་བཏགས་པ་དོན་མེད་པར་འགྱུར་ཏེ། འཇུག་ལྡོག་གང་ཡང་མི་རུང་བའི་ཕྱིར། ཞེས་སློབ་དཔོན་སངས་རྒྱས་བསྐྱངས་གསུང་ངོ་། །གཞན་ཡང་ཕུང་པོའི་མཚན་ཉིད་གཟུགས་སུ་རུང་བ་སོགས་ལས་རང་བཞིན་ཐ་དད་པར་ཡོད་ན། དེ་ལྟར་དུ་དམིགས་དགོས་ཏེ། དཔེར་ན་གཟུགས་དང་སེམས་ཐ་དད་དུ་དམིགས་པ་བཞིན་ནོ། །དེ་ལྟར་འཛིན་པ་ཡང་མེད་པས་བདག་དོན་གཞན་དུ་མེད་དེ། རབ་བྱེད་ཉེར་བདུན་པ་ལས། བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །བཟུང་ཡོད་རིགས་ན་བཟུང་དུ་མེད། །ཅེས་དང༌། འཇུག་པ་ལས་ཀྱང༌། དེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། །ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །ཞེས་གསུངས་སོ། །དེས་ན་མུ་སྟེགས་པ་རྣམས་ཕུང་པོ་ལས་དོན་གཞན་པའི་བདག་སྒྲོ་འདོགས་པ་ནི། བདག་མིང་ཙམ་དུ་མ་རྟོགས་ཤིང༌། ཕུང་པོ་དང་གཅིག་ཡིན་པ་ཡང་མི་འཐད་པར་མཐོང་ནས་གྲུབ་མཐའི་དབང་གིས་སྒྲོ་འདོགས་པ་ཡིན་གྱི།


JLD013_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་རྒྱུད་ཀྱི་ཐ་སྙད་པའི་ཤེས་པ་རང་དགའ་བས་དེ་ལྟར་མཐོང་བ་མིན་ནོ། །དེ་ལྟ་བུའི་རིགས་པ་རྣམས་ཀྱིས་བདག་ཕུང་པོ་ལས་རང་གི་ངོ་བོས་ཐ་དད་དུ་ཡོད་པ་ལ་གནོད་བྱེད་མཐོང་བའི་ངེས་པ་བརྟན་པོ་རྙེད་རྙེད་དུ་སྦྱང་བར་བྱ་སྟེ། གཅིག་པ་དང་ཐ་དད་པའི་ཕྱོགས་འདི་གཉིས་ལ་གནོད་བྱེད་ཀྱི་ངེས་པ་རྣམ་དག་མ་འདྲོངས་ན། གང་ཟག་རང་བཞིན་མེད་པར་ཐག་བཅད་ཀྱང་དམ་བཅའ་ཙམ་དུ་འགྲོ་བས་ལྟ་བ་རྣམ་དག་མི་རྙེད་པའི་ཕྱིར་རོ། །དེ་ལྟར་གང་ཟག་དེ་ཁོ་ན་ཉིད་དུ་གྲུབ་མ་གྲུབ་དཔྱད་པར་འདོད་ནས་གང་ཟག་དེ་ཁོ་ནར་ཡོད་ན་ཕུང་པོ་དང་གཅིག་ཐ་དད་ཀྱི་དཔྱད་པ་བྱས་ཏེ། གཅིག་ཏུ་འདོད་ན་གནོད་བྱེད་མཐར་གཏུགས་པ་མེ་དང་བུད་ཤིང་ལ་སོགས་པའི་བྱེད་པ་པོ་དང་ལས་གཅིག་ཏུ་འགྱུར་བ་འདི་འདྲ་བ་རྣམས་ཡིན་ལ། དེ་དག་གཅིག་ཏུ་འདོད་ན་ནི་འཇིག་རྟེན་གྱི་མཐོང་བའི་ཚད་མ་འདིས་དགག་དགོས་ཀྱི། རྒོལ་ཕྱི་རྒོལ་གཉིས་ཀྱི་གྲུབ་མཐའ་ཐུན་མོང་མ་ཡིན་པ་རྣམས་གནོད་བྱེད་དུ་མི་འགྱུར་རོ། །དེ་བཞིན་དུ་ཐ་དད་དུ་ཡོད་པ་ལ་ཡང་དེ་ལྟར་ཡོད་ན་གཟུགས་དང་སེམས་བཞིན་དུ་སོ་སོར་མཐོང་དགོས་པ་ལས། དེ་ལྟར་མ་མཐོང་བས་ཞེས་ཤེས་པ་རང་དགའ་བས་མི་འཛིན་པའི་གནོད་བྱེད་འདི་སྟོན་གྱི། གྲུབ་མཐའ་ཐུན་མོང་མ་ཡིན་པ་གནོད་བྱེད་དུ་མི་འགྱུར་རོ། །དེས་ན་དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་ཡང་གནོད་བྱེད་ཐམས་ཅད་མཐར་གཏུགས་པའི་རྩ་བ་ནི། རྒོལ་ཕྱི་རྒོལ་གྱི་རྒྱུད་ཀྱི་ཐ་སྙད་པའི་ཤེས་པ་གནོད་པ་མེད་པ་ལ་ཐུག་པ་ཡིན་པས། དེ་ཉིད་སྐབས་སུ་འཇིག་རྟེན་


JLD013_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་མེད། །ཅེས་གསུངས་པ་ཡང་། སྔར་བཤད་པ་ལྟར་དེ་ཁོ་ན་ཉིད་ལ་ཚད་མ་མིན་ཞེས་བཞེད་པ་ཡིན་གྱི། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་རྣམས་སུ་ཐ་སྙད་པའི་ཤེས་པ་གནོད་པ་མེད་པ་རྣམས་གནོད་བྱེད་དུ་མི་བཞེད་པ་མིན་ཏེ། དེ་ལྟ་མ་ཡིན་ན་སོ་སོའི་འདོད་པ་ཐུན་མོང་མ་ཡིན་པ་རྣམས་གནོད་བྱེད་དུ་བསྟན་ས་མེད་ཅིང༌། ལུང་ཡང་ཁས་ལེན་མི་ལེན་སྣ་ཚོགས་ཡོད་ལ། ཁས་ལེན་པ་རྣམས་ཀྱང་དྲང་ངེས་ལ་མི་མཐུན་པས། དེ་ཡང་རིགས་པས་བསྒྲུབ་དགོས་ན་རིགས་པ་གཞན་ཅི་ཞིག་སྟོན། ཕ་རོལ་པོའི་ཁས་བླངས་ལ་འདི་ཁས་ལེན་ན་འདི་ཡང་ཁས་བླང་དགོས་སོ་ཞེས་པ་དང༌། འདི་ཁས་མི་ལེན་ན་འདི་ཡང་ཁས་མ་ལེན་ཅིག་ཅེས་སྟོན་པ་ཡང་། དེ་ལྟར་ཡིན་པའི་རྒྱུ་མཚན་གྱི་རིགས་པ་མེད་པར་ཇི་ལྟར་ངེས་པར་བྱེད། དེས་ན་གནོད་བྱེད་དང་སྒྲུབ་བྱེད་ཀྱི་རྩ་བ་ཐམས་ཅད་མཐར་གཏུགས་པ་ན། རྒོལ་ཕྱི་རྒོལ་གྱི་ཐ་སྙད་པའི་ཤེས་པ་གནོད་པ་མེད་པ་ལ་ཐུག་ཅིང༌། དེ་དང་འགལ་བ་ཁས་བླངས་ན་རང་གི་མྱོང་བས་གནོད་པར་མཐོང་ནས། དེ་ལས་མི་འདའ་བ་འདི་ནི་དབུ་ཚད་ཐམས་ཅད་ཀྱི་ལུགས་ཡིན་ནོ། །དེ་ལྟ་ནའང་ཐ་སྙད་པའི་ཤེས་པ་ཉིད་ཀྱིས་རང་བཞིན་མེད་པ་ལ་སོགས་པ་འགྲུབ་པར་འགྱུར་བའི་སྐྱོན་མེད་དེ། སྒྲ་བྱས་པ་ཡིན་པ་མངོན་སུམ་གྱིས་གྲུབ་ཀྱང་མི་རྟག་པ་མངོན་སུམ་གྱིས་གྲུབ་མི་དགོས་པ་བཞིན་ཏེ། མདོར་ན་སྒྲུབ་བྱེད་དང་གནོད་བྱེད་ཀྱི་རྩ་བ་མཐར་གཏུགས་པ་མངོན་སུམ་ལ་ཐུག་ཀྱང༌། རྩ་བའི་བསྒྲུབ་བྱ་མངོན་སུམ་གྱིས་གྲུབ་ག་ན་དགོས།གསུམ་པ་དེས་ཕྱོགས་ལྷག་མ་རྣམས་ཀྱང་ཁེགས་པར་འགྱུར་བ་ནི། རང་བཞིན་ཐ་དད་དུ་ཡོད་ན་


JLD013_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

འཁར་གཞོང་ན་ཞོ་ཡོད་པ་ལྟར། ཕུང་པོ་ལ་བདག་དང་བདག་ལ་ཕུང་པོ་བརྟེན་ནས་ཡོད་པའི་རྟེན་དང་བརྟེན་པའི་ཕྱོགས་གཉིས་ཡོད་པ་ལས། རང་བཞིན་གཞན་དུ་མེད་པས་རྟེན་དང་བརྟེན་པར་མེད་པ་ནི་ཤིང་རྟ་ལ་བཤད་པ་བཞིན་ནོ། །འཇུག་པ་ལས་ཀྱང༌། ཕུང་པོར་བདག་ཡོད་མ་ཡིན་བདག་ལ་ཡང༌། །ཕུང་པོ་དེ་རྣམས་ཡོད་མིན་གང་ཕྱིར་འདིར། །གཞན་ཉིད་ཡོད་ན་རྟོག་པ་འདིར་འགྱུར་ན། །གཞན་ཉིད་དེ་མེད་དེའི་ཕྱིར་འདི་རྟོག་པའོ། །ཞེས་སོ། །བདག་དང་ཕུང་པོ་ལྡན་པའི་ཕྱོགས་ཀྱང་ཤིང་རྟ་ལ་བཤད་པ་དང་འདྲ་བས་དེ་བཞིན་དུ་ཤེས་པར་བྱ་སྟེ། དེ་ཉིད་ལས། བདག་ནི་གཟུགས་ལྡན་མི་འདོད་གང་ཕྱིར་བདག །ཡོད་མིན་དེ་ཕྱིར་ལྡན་དོན་སྦྱོར་བ་མེད། །གཞན་ན་གནག་ལྡན་གཞན་མིན་གཟུགས་ལྡན་ན། །བདག་ནི་གཟུགས་ལས་དེ་ཉིད་གཞན་ཉིད་མེད། །ཅེས་སོ། །གནག་ལྡན་ནི་ལྷས་བྱིན་བ་ལང་དང་ལྡན་པ་ལྟ་བུའོ། །གཟུགས་ལྡན་ནི་ལྷས་བྱིན་གཟུགས་དང་ལྡན་པ་ལྟ་བུའོ། །འོ་ན་ཕུང་པོ་འདུས་པ་ཙམ་བདག་ཡིན་ནམ་སྙམ་ན་དེ་ཡང་མི་རིགས་ཏེ། ཕུང་པོ་ལྔ་ལ་བརྟེན་ནས་བདག་ཏུ་འདོགས་པར་གསུངས་པས་ན། གདགས་གཞི་བཏགས་ཆོས་སུ་མི་འཐད་པའི་ཕྱིར་རོ། །དེ་ཡང་འཇུག་པ་ལས། མདོ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པ། །དེ་ཕྱིར་ཕུང་པོ་འདུས་ཙམ་བདག་མ་ཡིན། །ཞེས་སོ། །གཞན་ཡང་ཕུང་པོ་ཚོགས་ཙམ་བདག་ཡིན་ན་ལས་དང་བྱེད་པ་པོ་གཅིག་ཏུ་འགྱུར་བའི་སྐྱོན༌འཇུག་པ་རྩ་འགྲེལ་དུ་གསུངས་ཏེ། ཕུང་པོ་རེ་རེ་ནས་བདག་གི་ཉེ་བར་བླང་བྱར་འདོད་པས་ནི། ཕུང་པོ་ལྔ་ཀ་ཉེ་


JLD013_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

བར་བླང་བར་བྱ་བར་འདོད་དགོས་ལ། དེ་ལྟ་ན་ཕུང་པོ་རྣམས་ཀྱི་ཚོགས་པ་ཡང་ཉེ་བར་བླང་བྱར་འགྱུར་དགོས་པའི་ཕྱིར་རོ། །ཚོགས་པ་བདག་གི་གདགས་གཞི་ཡིན་གྱི། བདག་མ་ཡིན་པར་གསུངས་པ་འདིས་ཕུང་པོའི་རྒྱུན་ལ་ཡང་དེ་ལྟར་འདོད་དགོས་པར་གསལ་ལོ། །གལ་ཏེ་དེ་དག་བདག་མ་ཡིན་ཀྱང༌། དཔེར་ན་ཤིང་རྟའི་འཕང་ལོ་དང་སྲོག་ཤིང་ལ་སོགས་པ་རྣམས་བསྒྲིགས་པའི་ཚེ་དབྱིབས་ཁྱད་པར་བ་རྙེད་པ་ན་ཤིང་རྟར་འཇོག་པ་བཞིན་དུ། གཟུགས་ལ་སོགས་པ་ཚོགས་པ་དབྱིབས་ཁྱད་པར་བ་ལ་བདག་ཏུ་འཇོག་གོ་སྙམ་ན། འོ་ན་དབྱིབས་ནི་གཟུགས་ཅན་ཁོ་ན་ལ་ཡོད་པས་ན། སེམས་ལ་སོགས་པ་ལ་བདག་བཞག་ཏུ་མེད་པར་འགྱུར་ཏེ། འཇུག་པ་ལས། དབྱིབས་ཞེ་ན་དེ་གཟུགས་ཅན་ལ་ཡོད་ཕྱིར། །ཁྱོད་ལ་དེ་དག་ཉིད་བདག་ཅེས་འགྱུར་གྱི། །སེམས་སོགས་ཚོགས་ནི་བདག་ཉིད་འགྱུར་མིན་ཏེ། །གང་ཕྱིར་དེ་དག་ལ་དབྱིབས་ཡོད་མ་ཡིན། །ཞེས་སོ། །དེས་ན་ཤིང་རྟ་རང་བཞིན་རྣམ་པ་བདུན་པོ་དེ་གང་དུ་ཡང་མེད་པ་དང༌། དེ་ལྟ་ནའང་རང་གི་ཡན་ལག་ལ་བརྟེན་ནས་འདོགས་པ་ལྟར་བདག་ཀྱང་ཕུང་པོ་དང་གཅིག་དང་ཐ་དད་ལ་སོགས་པའི་རང་བཞིན་བདུན་པོ་གང་དུ་ཡང་མེད་པ་དང༌། འོན་ཀྱང་ཕུང་པོ་ལ་བརྟེན་ནས་འདོགས་པ་གཉིས་འདྲ་བའི་ཕྱིར། དེ་གཉིས་དཔེ་དོན་དུ་མཛད་ནས་མདོར་གསུངས་པ་གྲུབ་པ་ཡིན་ནོ། །བཞི་པ་དེ་ལ་བརྟེན་ནས་གང་ཟག་སྒྱུ་མ་ལྟ་བུར་འཆར་བའི་ཚུལ་ནི། སྒྱུ་མའི་དོན་ལ་གཉིས་གསུངས་ཏེ། དོན་དམ་བདེན་པ་སྒྱུ་མ་ལྟ་བུར་གསུངས་པ་ལྟ་བུ་ཡོད་པ་ཙམ་དུ་གྲུབ་ཀྱང་བདེན་པ་ཁེགས་པ་ལ་བྱས་པ་དང༌། གཟུགས་སོགས་ལ་སྒྱུ་མར་གསུངས་པ་རང་གི་རང་


JLD013_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་སྟོང་བཞིན་དུ་གཟུགས་སོགས་སུ་སྣང་བའི་སྣང་བ་སྒྱུ་མ་ལྟ་བུ་གཉིས་ལས། འདིར་ནི་ཕྱི་མ་སྟེ། དེ་ཡང་ཕྱི་མ་ལ་སྔ་མའི་སྒྱུ་མའི་དོན་ཡང་ཡོད་ལ། སྔ་མ་ལ་ཕྱི་མའི་སྒྱུ་མའི་དོན་ཡོད་པའི་ངེས་པ་མེད་དོ། །ཕྱི་མ་དེའི་འགྲུབ་ལུགས་ནི་སྣང་བ་འཛིན་པ་དང་སྟོང་པ་ངེས་པའི་བློ་གཉིས་ལ་བརྟེན་ནས་འགྲུབ་སྟེ། དཔེར་ན་སྒྱུ་མའི་རྟ་གླང་སྣང་བ་མིག་གི་ཤེས་པས་མཐོང་བ་དང༌། སྣང་བ་ལྟར་གྱི་རྟ་གླང་མེད་པར་ཡིད་ཀྱི་ཤེས་པས་ངེས་པ་ལ་བརྟེན་ནས་རྟ་གླང་དུ་སྣང་བ་དེ་སྒྱུ་མའམ་བརྫུན་པའི་སྣང་བར་ངེས་པ་སྐྱེ་བ་དེ་བཞིན་དུ། གང་ཟག་ལ་སོགས་པ་ཐ་སྙད་པའི་ཤེས་པ་ལ་བསྙོན་དུ་མེད་པར་སྣང་བ་དང༌། དེ་ཉིད་རང་གི་ངོ་བོས་གྲུབ་པའི་རང་བཞིན་གྱིས་སྟོང་པར་རིགས་ཤེས་ཀྱིས་ངེས་པ་གཉིས་ལ་བརྟེན་ནས་གང་ཟག་དེ་སྒྱུ་མའམ་བརྫུན་པའི་སྣང་བར་ངེས་པ་སྐྱེ་བ་ཡིན་ནོ། །འདི་ལ་སྣང་བ་ཡོད་པར་རིགས་ཤེས་ཀྱིས་མི་འགྲུབ་ལ། རང་བཞིན་གྱིས་སྟོང་པར་ཐ་སྙད་པའི་ཚད་མས་མི་འགྲུབ་པས། རང་བཞིན་ཡོད་མེད་ཚོལ་བའི་རིགས་པའི་ཤེས་པ་དང་གཟུགས་སོགས་ཡོད་པར་འཛིན་པའི་ཐ་སྙད་པའི་བློ་གཉིས་དགོས་པའི་རྒྱུ་མཚན་ནི་དེ་ཡིན་ནོ། །དེས་ན་གཟུགས་སོགས་སྒྱུ་མ་བཞིན་དུ་འཆར་དུ་མ་འདོད་ན་དེ་དག་འཛིན་པའི་ཐ་སྙད་པའི་བློ་ངང་གིས་ཡོད་པས་དེ་བསྐྱེད་པའི་ཐབས་ལ་འབད་མི་དགོས་པས། དེ་རྣམས་ལ་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་མང་དུ་དཔྱད་ནས་རང་བཞིན་ཁེགས་པ་ལ་ངེས་པ་དྲག་པོ་བསྐྱེད་ནས། དེ་ནས་སྣང་བ་ཤར་བ་ལ་བལྟས་ན་སྒྱུ་མ་ལྟ་བུར་འཆར་


JLD013_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་གྱི། སྒྱུ་མ་ལྟ་བུའི་སྟོང་པ་ལོགས་སུ་གཏན་ལ་འབེབས་ཚུལ་མེད་དོ། །རིགས་པའི་ཤེས་པས་ཆོས་ཅན་སྣང་བ་ལ་སྐྱེ་འགག་སོགས་ཀྱི་རང་བཞིན་རྣམ་པར་བཅད་པ་ཙམ་གྱི་སྟོང་པ་ལ་ནམ་མཁའ་ལྟ་བུའི་སྟོང་ཉིད་དང༌། དེ་ནས་རང་བཞིན་གྱིས་སྟོང་ཡང་རང་བཞིན་དུ་སྣང་བའི་གཟུགས་སོགས་ཀྱི་སྣང་བ་འཆར་བ་ལ་སྒྱུ་མ་ལྟ་བུའི་སྟོང་ཉིད་ཅེས་སྔོན་གྱི་མཁས་པ་རྣམས་གསུང་ངོ་། །དེ་བཞིན་དུ་ཕྱག་སྐོར་བ་བཟླས་བརྗོད་སོགས་ཀྱི་སྤྱོད་ཕྱོགས་ལ་འཇུག་པ་ན་ཡང༌། སྔོན་དུ་དེ་དག་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་རྣམ་པར་དཔྱད་ནས་རང་བཞིན་དགག་ལ། དེའི་ངེས་པའི་རྩིས་ཟིན་པར་བྱས་ནས་དེ་དག་ལ་ཞུགས་པས་སྒྱུ་མ་ལྟ་བུར་འཆར་བ་ལ་བསླབ་སྟེ་དེའི་ངང་ནས་དེ་དག་བྱའོ། །འདིའི་གནད་ཤེས་ན་མཉམ་གཞག་ཏུ་ནམ་མཁའ་ལྟ་བུའི་སྟོང་ཉིད་བསྒོམས་པས། དེའི་སྟོབས་ཀྱིས་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་སྟོང་ཉིད་འཆར་བའི་ཚུལ་རྣམས་ལེགས་པར་ཤེས་པར་འགྱུར་རོ། །འདི་ལ་ཡང་སྔར་བཤད་པ་ལྟར་དུ་དགག་བྱའི་ཚད་ལེགས་པར་མ་ཟིན་པར་གཅིག་ཐ་དད་སོགས་ལ་རིགས་པས་བརྟགས་པ་ན། དེ་དག་ལ་གནོད་པ་མཐོང་བའི་ཚེ་གང་ཟག་ལ་སོགས་པ་ནི་ཡེ་མི་འདུག་གོ་སྙམ་པ་དང༌། གང་ཟག་ལ་སོགས་པའི་དངོས་པོ་རྣམས་རི་བོང་གི་རྭ་ལ་སོགས་པ་ལྟར་དོན་བྱེད་པ་ཐམས་ཅད་ཀྱིས་སྟོང་པའི་དངོས་པོ་མེད་པའོ་སྙམ་པ་བྱུང་ན་ནི་ཆད་ལྟ་ཆེན་པོ་ཡིན་པས་ཡང་དག་པའི་ལྟ་བའི་གོལ་སར་ཤེས་པར་བྱ་སྟེ། དེ་ལྟ་ཡིན་ན་ཇི་ལྟ་བུར། །སྲིད་པ་སྒྱུ་མ་འདྲ་མ་ཡིན། །ཞེས་པའི་བཞི་བརྒྱ་པའི་


JLD013_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པར། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཇི་ལྟ་བ་བཞིན་མཐོང་བ་ན་སྒྱུ་མ་བྱས་པ་ལྟ་བུར་འགྱུར་གྱི། མོ་གཤམ་གྱི་བུ་ལྟ་བུ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་དཔྱད་པ་འདིས་སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ལས། འདུས་བྱས་སྐྱེ་བ་མེད་པར་བསྟན་པར་འདོད་ན་ནི། དེའི་ཚེ་དེ་སྒྱུ་མ་ལྟ་བུ་ཉིད་དུ་མི་འགྱུར་གྱི། མོ་གཤམ་གྱི་བུ་ལ་སོགས་པ་དག་གིས་ཉེ་བར་གཞལ་བར་འགྱུར་བ་ཞིག་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པར་ཐལ་བར་འགྱུར་བའི་འཇིགས་པས་དེ་དག་དང་བསྟུན་པར་མི་བྱེད་ཀྱི། དེ་དང་མི་འགལ་བ་སྒྱུ་མ་ལ་སོགས་པ་དག་དང་ནི་བྱེད་དོ། །ཞེས་གསུངས་པས་སོ། །དེས་ན་རང་བཞིན་ཡོད་མེད་ཚོལ་བའི་རིགས་ཤེས་ཀྱིས་སྒྱུ་མ་ཙམ་གྱི་དོན་ཡོད་པར་བཟུང་ནའང་སྐྱོན་ཡིན་གྱི། རིགས་པ་དེས་རྣམ་པར་དཔྱད་ནས་རང་བཞིན་ཁེགས་པའི་བཤུལ་དུ་དངོས་པོ་རྣམས་ལ་སྒྱུ་མ་ཙམ་གྱི་དོན་ཉིད་ཡོད་པར་འཛིན་པ་ནི་ངེས་པར་སྐྱེ་དགོས་པས་སྐྱོན་མིན་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། དེའི་ཕྱིར་དེ་ལྟར་ཡོངས་སུ་དཔྱད་པ་ན། དངོས་པོ་རྣམས་ཀྱི་རང་བཞིན་འགྲུབ་པར་མི་འགྱུར་བས། སོ་སོ་ནས་དངོས་པོ་རྣམས་ལ་སྒྱུ་མ་ལྟ་བུ་དེ་ཉིད་ལྷག་མར་ལུས་པར་འགྱུར་རོ། །ཞེས་སྒྱུ་མའི་དོན་ལྷག་མར་ལུས་དགོས་པར་གསུངས་པའི་ཕྱིར་རོ། །འདི་ཡང་མྱུ་གུ་དེའི་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཁེགས་པ་ན། རིགས་པ་དེའི་འདུ་བྱེད་ཇི་སྲིད་མ་ཉམས་པ་དེ་སྲིད་དུ་རིགས་པས་འཐད་མི་འཐད་དཔྱད་ནས་མྱུ་གུ་ལ་རང་བཞིན་ཡོད་པར་འཛིན་པ་མི་སྐྱེ་ཡང༌།


JLD013_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

མྱུ་གུ་ལ་རང་བཞིན་མེད་པ་དེར་བདེན་སྙམ་པ་དང་རང་བཞིན་གྱིས་སྟོང་པའི་སྣང་བ་སྒྱུ་མ་ལྟ་བུར་བདེན་སྙམ་ན་རིགས་པས་དགག་དགོས་པའི་འཛིན་པ་སྐྱོན་ཅན་ཡིན་གྱི། དེ་དག་མེད་པའི་སྒྱུ་མ་ལྟ་བུའི་དོན་ཡོད་པར་འཛིན་པ་ལ་ཡང་སྒྱུ་འཛིན་གྱི་མངོན་ཞེན་ཡོད་པས་འདོར་དགོས་སོ་སྙམ་དུ་འཛིན་པ་ནི་ཡེ་མི་ཉན་ཏེ། དེ་ལྟ་མ་ཡིན་ན་རྟེན་འབྲེལ་གྱི་ངེས་པ་ཐམས་ཅད་བྱར་མེད་པའི་སྐྱོན་ཆེན་པོར་འགྱུར་བའི་ཕྱིར་ཏེ། སྔར་མང་དུ་བཤད་ཟིན་ཏོ། །འདི་ཡང་སྒྱུ་མ་ལྟ་བུའི་དོན་ཡོད་པ་དང་བདེན་པར་ཡོད་པ་གཉིས་མ་ཕྱེད་པ་ཡིན་པར་གདོན་མི་ཟའོ། །གཞན་ཡང་ཡུལ་དཔྱད་དེ་རིགས་པས་གསིལ་བ་ན་མི་འདུག་སྙམ་པ་དང་པོར་འབྱུང་ཞིང༌། དེ་ནས་དཔྱོད་མཁན་ལ་ཡང་དེ་དང་འདྲ་བར་མཐོང་ནས་མེད་པར་ངེས་མཁན་ཡང་ཡོད་པ་མིན་པས། གང་ལ་ཡང་འདི་ཡིན་འདི་མ་ཡིན་གྱི་ངེས་པ་བྱ༌ས་མེད་པར་སོང་ནས་སྣང་བ་བན་བུན་དུ་སོང་བའི་སྣང་བ་འཆར་བ་ཡང༌། རང་བཞིན་ཡོད་མེད་དང་ཡོད་མེད་ཙམ་མ་ཕྱེད་པར་རིགས་པས་ཐམས་ཅད་བཀག་པ་ལ་བརྟེན་ནས་བྱུང་བ་ཡིན་པས། དེ་འདྲའི་སྟོང་པ་ཡང་རྟེན་འབྲེལ་བཤིག་པའི་སྟོང་པ་ཡིན་ལ། དེས་ན་དེ་རྟོགས་པས་དྲངས་པའི་སྣང་བ་བན་བུན་དུ་ཤར་བ་ཡང་སྒྱུ་མ་ལྟ་བུའི་དོན་གཏན་མིན་ནོ། །དེས་ན་རིགས་པས་རྣམ་པར་དཔྱད་པ་ན། གང་ཟག་ལ་སོགས་པ་ལ་རང་གི་ངོ་བོས་གྲུབ་པའི་ཡུལ་སྟེང་དུ་སྡོད་ཚུལ་ཅུང་ཟད་ཀྱང་མི་འདུག་གོ་སྙམ་པ་དང༌། དེ་ལ་བརྟེན་ནས་སྣང་བ་འདི་རྣམས་ཀྱང་བན་བུན་དུ་འཆར་བ་ཙམ་དཀའ་བ་མིན་གྱི། དེ་འདྲ་དེ་དབུ་


JLD013_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གྲུབ་མཐའ་ལ་མོས་ཤིང་རང་བཞིན་མེད་པའི་ཚུལ་སྟོན་པའི་ཆོས་ཐན་ཐུན་ཐོས་པ་ཐམས་ཅད་ལ་འོང་ཡང༌། དཀའ་ས་ནི། རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ལུས་པར་ཁེགས་པ་དང་རང་བཞིན་མེད་པའི་གང་ཟག་ལ་སོགས་པ་དེ་ཉིད་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་ལ་སོགས་པར་འཇོག་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ། དེ་རྣམས་སུ་འཇོག་ཐུབ་པའི་གཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་ཤིན་ཏུ་རྙེད་དཀའ་བ་ཡིན་ནོ། །དེ་འདྲ་ཞིག་མ་རྙེད་ན་ལྟ་བའི་ངེས་པ་ཆེ་བ་ཙམ་དུ་སྤྱོད་ཕྱོགས་ལ་ངེས་པ་ཆུང་དུ་འགྲོ་ལ། སྤྱོད་ཕྱོགས་ལ་ངེས་པ་ཇི་ལྟར་ཆེ་བ་ཙམ་དུ་ལྟ་བའི་ངེས་པ་ཆུང་དུ་འགྲོ་བར་གདོན་མི་ཟ་བས། གཉིས་ཀ་ལ་སྟོབས་མཚུངས་སུ་ངེས་པ་ཆེན་པོ་སྐྱེ་བའི་ཐབས་མེད་དོ། །དེའི་ཕྱིར་ངེས་པར་ཡང་ན་རང་གི་ངོ་བོས་གྲུབ་པར་འཛིན་པའི་སྒྲོ་འདོགས་དང༌། རྟག་ལྟ་དང་དངོས་པོ་ཡོད་པར་ལྟ་བའི་མཐར་ལྟུང་ལ། ཡང་ན་དངོས་པོ་རྣམས་དོན་བྱེད་པ་ཐམས་ཅད་ཀྱིས་སྟོང་པར་འཛིན་པའི་སྐུར་འདེབས་དང་ཆད་ལྟ་དང་དངོས་པོ་མེད་པར་ལྟ་བའི་མཐར་ལྟུང་བ་ཡིན་ནོ། །དེ་ལྟ་ན་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། དེའི་ཚེ་སྡིག་མེད་སྟོབས་བཅུ་ལྡན་པ་ཡི། །རྒྱལ་བ་དེས་ནི་ཏིང་འཛིན་མཆོག་འདི་འཆང་། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་མི་སྐྱེ་སུ་ཡང་འཆི་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་


JLD013_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །མི་འགའ་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་གཞན་དུ་འཕོ་ཞིང་འགྲོ་མེད་ཀྱང༌། །ལས་བྱས་རྣམས་ནི་ནམ་ཡང་ཆུད་མི་ཟ། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །རྟག་པར་མ་ཡིན་ཆད་པར་མི་འགྱུར་ཏེ། །ལས་བསགས་མེད་ཅིང་གནས་པ་དག་ཀྱང་མེད། །དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད། །ཅེས་སྐྱེ་བ་དང་འཆི་འཕོ་བའི་གང་ཟག་རིགས་པས་མི་རྙེད་ཀྱང་ཆོས་རྣམས་སྒྱུ་མ་ལྟ་བུ་ལ་དཀར་གནག་གི་འབྲས་བུ་རྣམས་འབྱུང་བས། ལས་བྱས་ནས་འབྲས་བུ་རེག་པ་སྟེ་མྱོང་བར་མི་འགྱུར་བ་མིན་ལ། གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་གང་ཟག་གཞན་གྱིས་ཚོར་བའམ་མྱོང་བའི་མ་བྱས་པ་དང་ཕྲད་པ་མེད་པར་གསུངས་པ་ལྟ་བུའི་ངེས་པ་རྙེད་པར་བྱའོ། །ངེས་པ་དེ་ཚོལ་ལུགས་ནི། སྔར་བཤད་པ་ལྟར་རིགས་པའི་དགག་བྱའི་སྤྱི་ལེགས་པར་འཆར་དུ་གཞུག་ལ། རང་རྒྱུད་ཀྱི་མ་རིག་པས་རང་བཞིན་ཇི་ལྟར་སྒྲོ་བཏགས་པ་རྣམས་ལེགས་པར་བསམས་ལ་ངོས་ཟིན་པར་བྱ། དེ་ནས་རང་བཞིན་དེ་འདྲ་ཡོད་ན་གཅིག་ཐ་དད་ལས་མི་འདའ་བའི་ཚུལ་དང༌། དེ་གཉིས་ཅར་ཁས་བླངས་པ་ལ་གནོད་བྱེད་ཡོད་ལུགས་དམིགས་ཕྱེད་པར་བསམས་ལ། གནོད་བྱེད་མཐོང་བའི་ངེས་པ་དྲངས་ཤིང་མཐར་གང་ཟག་ལ་རང་བཞིན་ཅུང་ཟད་ཀྱང་མེད་དོ་སྙམ་པའི་ངེས་པ་བརྟན་པར་བྱ་སྟེ་སྟོང་ཕྱོགས་ལ་དེ་འདྲ་མང་དུ་སྦྱང༌། དེ་ནས་གང་ཟག་གི་ཐ་སྙད་བསྙོན་མི་ནུས་པར་སྣང་བ་རྣམས་བློའི་ཡུལ་དུ་འཆར་དུ་གཞུག་ལ། དེ་


JLD013_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོར་འཇོག་པའི་རྟེན་འབྲེལ་གྱི་ཕྱོགས་རྣམས་ཡིད་ལ་བྱ་ཞིང༌། རང་བཞིན་མེད་པ་ལ་རྟེན་འབྲེལ་འཐད་པའི་འཐད་ལུགས་རྣམས་ལ་ངེས་པ་རྙེད་པར་བྱའོ། །དེ་གཉིས་འགལ་བར་སྣང་བའི་ཚེ་ན་གཟུགས་བརྙན་ལ་སོགས་པ་དཔེར་བླངས་ནས་མི་འགལ་བའི་ཚུལ་བསམ་སྟེ། འདི་ལྟར་བྱད་བཞིན་གྱི་གཟུགས་བརྙན་ནི་མིག་དང་རྣ་བ་ལ་སོགས་པ་གང་དུ་སྣང་བ་རྣམས་ཀྱིས་སྟོང་ཡང་བྱད་དང་མེ་ལོང་ལ་བརྟེན་ནས་སྐྱེ་བ་དང༌། རྐྱེན་དེ་དག་འགའ་ཞིག་ལོག་པའི་ཚེ་འཇིག་པ་གཉིས་བསྙོན་མི་ནུས་པར་གཞི་མཐུན་དུ་འདུ་བ་བཞིན་དུ། གང་ཟག་ལ་ཡང་རང་བཞིན་རྡུལ་ཙམ་མེད་ཀྱང་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་དང་སྔོན་གྱི་ལས་དང་ཉོན་མོངས་སོགས་ལ་བརྟེན་ནས་སྐྱེ་བ་ཡང་མི་འགལ་ལོ་སྙམ་དུ་སྦྱང་བར་བྱ་སྟེ། འདི་ལྟ་བུ་ནི་འདི་འདྲ་ཐམས་ཅད་ཀྱི་སྐབས་སུ་ཤེས་པར་བྱའོ། །འོ་ན་གཟུགས་བརྙན་ལ་སོགས་པ་འདི་དག་གང་དུ་སྣང་བས་སྟོང་པར་ངེས་པ་འདི་དེ་དག་གི་རང་བཞིན་མེད་པ་རྟོགས་པ་ཡིན་ན་སོ་སོ་སྐྱེ་བོའི་མངོན་སུམ་གྱིས་རང་བཞིན་མེད་པ་རྟོགས་པར་འགྱུར་བས་དེ་དག་འཕགས་པར་འགྱུར་རོ། །མིན་ན་འདི་རྣམས་རང་བཞིན་མེད་པའི་དཔེར་ཇི་ལྟར་རུང་སྟེ། དཔེ་དེ་དག་ཀྱང་རང་བཞིན་མེད་པར་རྟགས་ལ་བརྟེན་ནས་རྟོགས་དགོས་ན། དེའི་དཔེར་གང་འཇོག་ལ་སོགས་པའི་ཚུལ་གྱིས་བརྟགས་ན་ཐུག་མེད་དུ་བརྒྱུད་དགོས་སོ་སྙམ་ན། འདི་ལ་སྔ་མ་ཁ་ཅིག །གཟུགས་བརྙན་ལ་


JLD013_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣམས་ནི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་ཀྱང་འཕགས་པར་མི་འགྱུར་ཏེ། ཆོས་ཅན་ཉི་ཚེ་བའི་སྟོང་ཉིད་ཙམ་ཞིག་རྟོགས་པའི་ཕྱིར་རོ། །འཕགས་པར་འགྱུར་བ་ལ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་དགོས་པ་ཡིན་ནོ་ཞེས་སྨྲ་མོད་ཀྱང༌། རིགས་པ་མ་ཡིན་ཏེ། བཞི་བརྒྱ་པ་ལས། དངོས་པོ་གཅིག་གི་ལྟ་པོ་གང༌། །དེ་ནི་ཀུན་གྱི་ལྟ་པོར་བརྗོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཡིན། །ཞེས་ཆོས་གཅིག་གི་རང་བཞིན་མེད་པའི་སྟོང་ཉིད་རྟོགས་པས། ཆོས་ཀུན་གྱི་སྟོང་ཉིད་རྟོགས་ནུས་པར་གསུངས་པའི་ཕྱིར་རོ། །དེས་ན་གཟུགས་བརྙན་བྱད་བཞིན་གྱིས་སྟོང་པར་རྟོགས་པས་བྱད་བཞིན་དུ་བདེན་པར་མི་འཛིན་ཡང་གཟུགས་བརྙན་བདེན་པར་ཡོད་པར་འཛིན་པ་ལ་འགལ་བ་ཅི་ཞིག་ཡོད། འདི་ཡང་བརྡ་ལ་མ་བྱང་པའི་བྱིས་པ་ཆུང་ངུ་རྣམས་བྱད་བཞིན་གྱི་གཟུགས་བརྙན་མཐོང་བ་ན་དེ་ལ་རྩེ་བ་སོགས་བྱེད་པས་དེ་དག་གིས་ནི་བྱད་བཞིན་དུ་བདེན་པར་འཛིན་ལ། རྒན་པོ་བརྡ་ལ་བྱང་བ་རྣམས་ཀྱིས་ནི་དེ་དག་བྱད་བཞིན་དུ་མེད་བཞིན་དུ་བྱད་བཞིན་གྱིས་སྟོང་པར་ངེས་ཀྱང༌། བྱད་བཞིན་དུ་སྣང་བའི་གཟུགས་བརྙན་དེ་ཉིད་རང་གི་ངོ་བོས་གྲུབ་པའི་ཡོད་པར་འཛིན་པ་ནི་བདེན་འཛིན་ཡིན་ལ། དེ་ཡང་རང་རྒྱུད་ལ་ཡོད་པར་མྱོང་བས་འགྲུབ་བོ། །དེ་ལྟ་ཡིན་ནའང་རང་བཞིན་མེད་པའི་དཔེར་རུང་ལུགས་ནི། གང་དུ་སྣང་བ་དེའི་ངོ་བོས་སྟོང་པས་གང་དུ་སྣང་བ་དེའི་རང་བཞིན་མེད་པ་ནི་མངོན་སུམ་གྱིས་གྲུབ་པས། དེ་ཉིད་དཔེར་བྱེད་པ་


JLD013_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །གང་དུ་སྣང་བ་དེའི་རང་བཞིན་གྱིས་སྟོང་པ་དེ་མྱུ་གུ་ལ་སོགས་པའི་སྟེང་དུ་ཚད་མས་གྲུབ་ན་ནི། མྱུ་གུའི་རང་བཞིན་མེད་པ་རྟོགས་པ་ཡིན་པས། གཟུགས་བརྙན་སོགས་དང་མི་འདྲའོ། །འདིས་ནི། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང༌། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །ཞེས་བུམ་པ་སོགས་རང་བཞིན་མེད་པའི་དཔེར་དངོས་པོར་སྨྲ་བ་ལ་བཀོད་པ་ཡང་། གཟུགས་བརྙན་ལ་སོགས་པ་ལྟར་ཉི་ཚེ་བའི་སྟོང་པ་ཡིན་གྱི། དེ་དག་གི་རང་བཞིན་མེད་པ་མིན་ཏེ་སྔར་བཤད་པ་ལྟར་ཤིང་རྟ་ལ་སོགས་པ་དེ་དག་ལ་རང་བཞིན་མེད་པར་བསྒྲུབ་པ་དུ་མ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་སྒྱུ་མ་ལ་ཡང་ལྟད་མོ་བ་འགས་རྟ་གླང་སོགས་སུ་བདེན་པར་འཛིན་ཅིང༌། སྒྱུ་མ་མཁན་གྱིས་རྟ་གླང་བརྫུན་པར་ཤེས་པ་ཡང་ཉི་ཚེ་བའི་སྟོང་པའོ། །རྨི་ལམ་དུ་སྣོད་བཅུད་ཀྱི་དངོས་པོ་དམིགས་པ་ལ་ཡང༌། སད་པའི་སྐབས་སུ་དེ་དག་ཇི་ལྟར་སྣང་བ་དེས་སྟོང་བའི་བརྫུན་པར་འཛིན་པ་དང་། གཉིད་ལོག་པའི་ཚེ་དེ་ལྟར་འཛིན་པ་གང་ཡིན་ཡང་། རྨི་ལམ་གྱི་སྐྱེས་པ་བུད་མེད་དུ་སྣང་བ་དེ་སྐྱེས་པ་དང་བུད་མེད་གཞན་གྱིས་སྟོང་པར་འཛིན་པ་ཡིན་ནའང༌། རྨི་ལམ་རང་བཞིན་མེད་པར་རྟོགས་པ་མ་ཡིན་ཏེ། དཔེར་ན་གཟུགས་བརྙན་ལ་སོགས་པ་ལ་བྱད་བཞིན་མེད་པར་ངེས་པ་དང་འདྲའོ། །སྔར༌སྒྱུ་མ་སྨིག་རྒྱུ་སོགས་ལ་བཏགས་པ་གང༌། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན། ཞེས་དྲངས་པ་ལྟར། སྨིག་རྒྱུ་དང་སྒྱུ་མ་དང་རྨི་ལམ་ལ་ཆུ་དང་རྟ་གླང་དང་སྐྱེས་པ་བུད་མེད་སོགས་ཡོད་པར་འཛིན་པ་ལ། ཐ་སྙད་པའི་ཚད་མ་རང་དགའ་བས་གནོད་


JLD013_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་དག་གིས་ཞེན་པ་ལྟར་གྱི་དོན་མེད་པར་ཤེས་པ་ནི་ཆོས་རང་བཞིན་མེད་པར་རྟོགས་པའི་ལྟ་བ་མིན་ནོ། །དེ་ལྟར་སྔར་བཤད་པའི་སྒྱུ་མའི་དོན་དེ་རྣམས་མདོ་སྡེ་ཟབ་མོའི་ཚིགས་སུ་བཅད་པའི་དབྱངས་ངག་ཏུ་བརྗོད་ནས་ཀྱང་བསམ་པར་བྱའོ། །དེ་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་གསུངས་པ་ལྟར་བྱ་སྟེ། ཇི་སྐད་དུ། ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང༌། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དྭངས་པར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་སྟེ། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་ཀུན་མཚན་ཉིད་དེ་འདྲར་ཤེས་པར་གྱིས། །ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་ནས། །གླུ་ལེན་སྨྲ་དང་རྒོད་དང་ངུ་བ་ལས། །བྲག་ཆ་ཐོས་ཀྱང་སྣང་བ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །གླུ་དང་རོལ་མོ་དེ་བཞིན་ངུ་བ་ཡང༌། །དེ་ལ་བརྟེན་ནས་བྲག་ཆ་འབྱུང་མོད་ཀྱི། །སྒྲ་ལ་དབྱངས་དེ་ནམ་ཡང་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་རྨི་ལམ་ན་ཡང་འདོད་བསྟེན་པ། །སྐྱེས་བུ་སད་པར་གྱུར་ནས་མི་མཐོང་སྟེ། །བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དྭངས་


JLD013_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྙོག་པ་མེད་པའི་ཆུ་ནང་སྣང༌། །ཆུ་ཟླ་སྟོང་པ་གསོག་སྟེ་བཟུང་དུ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡིས། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྨིག་རྒྱུ་ལ་ཡང་ཆུ་ནི་ཡོད་མེད་ན། །སེམས་ཅན་རྨོངས་པ་དེ་ལ་འཐུང་འདོད་དེ། །མི་བདེན་ཆུ་ནི་བཏུང་བར་ཡོང་མི་ནུས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤེག་ཀྱང༌། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་མིང་གི་ཁྱད་པར་གྱི་སྒོ་ནས་འགྲུབ་ཚུལ་དོན་ལ་སྦྱར་བ་ནི། ཇི་ལྟར་འཕང་ལོ་ལ་སོགས་པ་ལ་བརྟེན་ནས་ཤིང་རྟར་བཏགས་པ་ན། ཡན་ལག་དེ་རྣམས་ཉེ་བར་བླང་བར་བྱ་བ་ཡིན་ལ། ཤིང་རྟ་ཉེ་བར་ལེན་པ་པོ་ཡིན་པ་དེ་བཞིན་དུ་ཕུང་པོ་ལྔ་དང་ཁམས་དྲུག་དང་སྐྱེ་མཆེད་དྲུག་ལ་བརྟེན་ནས་བདག་ཏུ་འདོགས་པ་ན། དེ་དག་ཉེ་བར་བླང་བྱ་དང་བདག་ནི་ཉེ་བར་ལེན་པ་པོ་དང་ཤིང་རྟ་དང་དེའི་ཡན་ལག་རྣམས་བྱེད་པ་པོ་དང་ལས་སུ་འཇོག་པ་བཞིན་དུ། བདག་ནི་ཕུང་པོ་སོགས་ལེན་པའི་བྱ་བ་བྱེད་པས་བྱེད་པ་པོ་དང་། ཕུང་པོ་ལ་སོགས་པ་ནི་དེས་བླང་བར་བྱ་བའི་ལས་ཡིན་པས་བྱ་བ་ཡིན་ཏེ། འཇུག་པ་ལས། དེ་བཞིན་འཇིག་རྟེན་གྲགས་པས་ཕུང་པོ་དང༌། །ཁམས་དང་དེ་བཞིན་སྐྱེ་མཆེད་དྲུག་བརྟེན་ནས། །བདག་ཀྱང་ཉེ་བར་ལེན་པོ་ཉིད་དུ་འདོད། །ཉེར་ལེན་ལས་ཡིན་འདི་ནི་བྱེད་པོའང་ཡིན། །


JLD013_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །འདི་ཡང་ཤིང་རྟ་ལྟར་དེ་ཁོ་ན་ཉིད་ལ་དཔྱོད་པ་ན་རྣམ་པ་བདུན་པོ་གང་དུ་ཡང་བདག་དེ་རྙེད་པར་མི་འགྱུར་བས། རང་བཞིན་ཅུང་ཟད་ཀྱང་མེད་ཀྱང་མ་དཔྱད་པར་ཀུན་རྫོབ་ཏུ་ཡོད་དོ། །གཉིས་པ་དེས་བདག་གི་བ་ཡང་ཁེགས་པར་བསྟན་པ་ནི། དེ་ལྟར་བདག་དེ་རང་བཞིན་ཡོད་མེད་ཚོལ་བའི་རིགས་པས་བཙལ་བ་ན་བདུན་པོ་དེ་གང་དུ་ཡང་མ་རྙེད་པས། བདག་ལ་རང་བཞིན་ཁེགས་པ་དེའི་ཚེ་རིགས་པས་འདི་ནི་བདག་དེའི་མིག་ལ་སོགས་པའོ་ཞེས་ཇི་ལྟར་རྙེད་པར་འགྱུར། དེ་ལྟར་ན་བདག་གི་བ་ལ་ཡང་རང་བཞིན་མེད་དེ། རྣལ་འབྱོར་པས་བདག་དང་བདག་གི་བའི་རང་བཞིན་འགའ་ཡང་མ་དམིགས་པ་ན། འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་ཏེ་འདི་ནི་འཆད་པར་འགྱུར་རོ། །རབ་བྱེད་བཅོ་བརྒྱད་པ་ལས། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །ཞེས་དང༌། འཇུག་པ་ལས་ཀྱང༌། གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན། །དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་བས། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་སོ། །བདག་ལ་རང་བཞིན་མེད་པར་རྟོགས་པའི་མཐུས་བདག་གི་བ་ཡང་རང་བཞིན་མེད་པ་རྟོགས་པར་འགྱུར་བ་དོགས་གཅོད་དང་བཅས་པ་ནི་སྔར་བརྗོད་ཟིན་པ་ལས་ཤེས་པར་བྱའོ། །གསུམ་པ་རིགས་པ་དེ་རྣམས་གཞན་ལ་ཡང་སྦྱར་བའི་ཚུལ་ནི། ཇི་ལྟར་བདག་དང་ཕུང་པོའི་དཔྱད་པ་ཤིང་རྟའི་དཔྱད་པ་དང་མཚུངས་པ་དེ་བཞིན་དུ། བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ཀྱང་ཤེས་པར་བྱ་སྟེ། བུམ་པ་ལ་སོགས་པ་རྣམས་རང་གི་གཟུགས་ལ་སོགས་པ་རྣམས་དང་གཅིག་


JLD013_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་ལ་སོགས་པའི་དཔྱད་པས་རང་བཞིན་ཡོད་མེད་ཚོལ་བའི་རིགས་པས་རྣམ་པ་བདུན་དུ་བཙལ་བ་ན། དེ་དག་ཏུ་བདེན་གཉིས་གང་དུའང་མི་རྙེད་ཅིང་མ་དཔྱད་པའི་ཐ་སྙད་པའི་ཤེས་ངོ་ན་འཇོག་པ་ཡིན་ཏེ། འཕགས་པ་སྡོམ་པ་གསུམ་བསྟན་པ་ལས། འཇིག་རྟེན་ང་དང་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། འཇིག་རྟེན་ན་གང་ཡོད་པ་དང་མེད་པར་འདོད་པ་དེ་ང་ཡང་དེ་ལྟར་འདོད་དོ། །ཞེས་གསུངས་པས་ན། འཇིག་རྟེན་གྱི་གྲགས་པ་རིགས་པས་མི་འགོག་པར་ཞལ་གྱིས་བཞེས་པའི་ཕྱིར་རོ། །དེ་ལྟར་ཡང་འཇུག་པ་ལས། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང༌། །ཁང་ཁྱིམ་ཤིང་རྟ་ཕྲན་དང་མགྲོན་གནས་ལ་སོགས་དངོས་རྣམས་གང་དག་དང༌། །དེ་བཞིན་གང་དག་སྒོ་ནས་སྐྱེ་འདིས་བསྙད་པ་དེ་རྣམས་རྟོགས་བྱ་སྟེ། །གང་ཕྱིར་ཐུབ་དབང་དེ་ནི་འཇིག་རྟེན་ལྷན་ཅིག་རྩོད་མི་མཛད་ཕྱིར་རོ། །ཡན་ལག་ཡོན་ཏན་འདོད་ཆགས་མཚན་ཉིད་དང་ནི་བུད་ཤིང་ལ་སོགས་དང༌། །ཡོན་ཏན་ཅན་ཡན་ལག་ཅན་ཆགས་དང་མཚན་གཞི་མེ་ལ་སོགས་དོན་དག །དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་པ་བདུན་དུ་ཡོད་མིན་ཞིང༌། །དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཞེས་གསུངས་སོ། །དེ་ལ་གང་གི་སྒོ་ནས་སྐྱེ་བོ་འཇིག་རྟེན་པ་འདིས་བསྙད་པ་དེ་རྣམས་ཀྱང་མ་བརྟགས་པར་ཡོད་པ་ཁོ་ནར་རྟོགས་པར་བྱ་སྟེ། དེ་ཡང་གང་ཞེ་ན། ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་སྟེ་འདི་དག་ནི་བུམ་པ་ལ་མཚོན་ན། བུམ་པ་ནི་ཡན་ལག་ཅན་དང་ཡོན་ཏན་ཅན་དང་མཚན་གཞི་


JLD013_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། གྱོ་མོ་ལ་སོགས་པ་ནི་ཡན་ལག་དང་སྔོན་པོ་ལ་སོགས་པ་ནི་ཡོན་ཏན་དང༌། ལྟོ་ལྡིར་བ་དང་མཆུ་འཕྱང་བ་དང་མགྲིན་པ་རིང་བ་སོགས་ནི་མཚན་ཉིད་ཡིན་ཏེ། སྣམ་བུ་སོགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདོད་ཆགས་ནི་ལྷག་པར་ཞེན་པ་དང་ཆགས་པ་ནི་དེའི་རྟེན་ཏེ། དེ་ཡང་ཆགས་ཅན་གྱི་གང་ཟག་ལ་འགྲེལ་བཤད་ལས་བཤད་དོ། །མེ་ནི་སྲེག་བྱེད། བུད་ཤིང་ནི་བསྲེག་བྱའོ། །དེ་ལ་ཡན་ལག་ལ་བརྟེན་ནས་ཡན་ལག་ཅན་འདོགས་ལ། ཡན་ལག་ཅན་ལ་བརྟེན་ནས་ཀྱང་ཡན་ལག་འདོགས་པ་ནས་མེ་ལ་བལྟོས་ནས་བུད་ཤིང་དང་བུད་ཤིང་ལ་བལྟོས་ནས་མེར་འདོགས་པའི་བར་དུ་སྦྱར་རོ། །རབ་བྱེད་བརྒྱད་པ་ལས་ཀྱང༌། བྱེད་པོ་ལས་ལ་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །གྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་དང༌། བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་གསུངས་པས། བསྐྱེད་བྱ་སྐྱེད་བྱེད་དང་། འགྲོ་བ་དང་འགྲོ་བ་པོ་དང་། བལྟ་བྱ་ལྟ་བྱེད་དང་། ཚད་མ་དང་གཞལ་བྱ་ལ་སོགས་པ་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་ཅིང༌། ཕན་ཚུན་བལྟོས་པའི་གྲུབ་པ་ཙམ་དུ་ཤེས་པར་བྱའོ། །དེ་ལྟར་ན་བདག་ལྟ་བུ་གཅིག་ལ་ཇི་ལྟར་དཔྱད་པས་རང་བཞིན་གྱིས་སྟོང་པ་དང་རང་བཞིན་མེད་པ་ལ་བྱ་བྱེད་འཐད་པའི་བདེན་གཉིས་ཀྱི་འཇོག་ཚུལ་ཤེས་ན། དེ་ཆོས་ཐམས་ཅད་ལ་ཁྱེར་ནས་ཐམས་ཅད་ཀྱི་རང་བཞིན་མེད་པ་བདེ་བླག་ཏུ་རྟོགས་པར་ནུས་པས། སྔར་བཤད་པའི་དཔེ་དོན་གཉིས་ལ་ངེས་པ་ཐོབ་པར་བྱའོ། །དེ་ལྟར་ཡང་ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་


JLD013_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང༌། །ཇི་སྙེད་མང་པོ་བཤད་བྱས་ཀྱང༌། །དེ་ལ་དྲེགས་པ་སྐྱེ་བ་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་དབབ་པ་ནི། གང་ཟག་ཏུ་གདགས་པའི་གཞི་ཕུང་པོ་ལྔ་དང་སའི་ཁམས་ལ་སོགས་པ་ཁམས་དྲུག་དང་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་ལ་སོགས་པ་ནི་ཆོས་ཡིན་ལ། དེ་རང་གི་ངོ་བོས་གྲུབ་པའི་རང་བཞིན་གྱིས་སྟོང་པ་ནི་ཆོས་དེ་དག་གི་བདག་མེད་པ་ཡིན་ནོ། །དེ་གཏན་ལ་འབེབས་ཚུལ་མང་དུ་ཡོད་ཀྱང་འཇུག་པར། མུ་བཞིའི་སྐྱེ་བ་བཀག་ནས་དངོས་པོ་ལ་རང་བཞིན་མེད་པར་གཏན་ལ་ཕབ་པ་དེ་ཉིད་འགྲེལ་པར་ཆོས་ཀྱི་བདག་མེད་དུ་གསུངས་པས་འདིར་དེ་མདོར་བསྡུས་ཏེ་བརྗོད་པར་བྱའོ། །རབ་བྱེད་དང་པོ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །ཕྱི་ནང་གི་དངོས་པོ་གང་དག་བདག་ལས་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་མ་ཡིན། ཞེས་པ་དང༌། དེ་བཞིན་དུ་དམ་བཅའ་གཞན་གསུམ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་བདག་ལས་སྐྱེ་བ་ཐལ་འགྱུར་གྱིས་འགོག་པ་ནི། དེ་ལྟར་དམ་བཅས་ཀྱང་དེ་ལ་སྒྲུབ་བྱེད་ཀྱི་དཔེ་རྟགས་མི་བརྗོད་པར་དམ་བཅའ་དེ་དག་ལས་ལྡོག་པ་ལ་གནོད་པ་སྟོན་པའོ། །འདིར་རང་བཞིན་གྱིས་སྐྱེ་ན་རྒྱུ་ལ་བལྟོས་མི་བལྟོས་གཉིས་སུ་ཁ་ཚོན་ཆོད་པས་རྒྱུ་ལ་བལྟོས་པ་ལ་ཡང་འབྲས་བུ་


JLD013_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱུ་གཉིས་རང་བཞིན་གཅིག་དང་ཐ་དད་གཉིས་སུ་ཁ་ཚོན་ཆོད་པ་ཡིན་ནོ། །དེ་ལ་རྒྱུ་འབྲས་རང་བཞིན་གཅིག་པའི་སྐྱེ་བ་ནི། བདག་སྐྱེ་དང་རང་བཞིན་ཐ་དད་པའི་སྐྱེ་བ་ནི་གཞན་སྐྱེ་ཡིན་པས། དེ་དག་ལ་ཡང་བདག་གཞན་རེ་རེ་བ་དང་བདག་གཞན་ཚོགས་པ་ལས་སྐྱེ་བ་གཉིས་སུ་ངེས་ལ། རེ་རེ་བ་ལ་བདག་སྐྱེ་དང་གཞན་སྐྱེ་གཉིས་ཡིན་པས་མུ་བཞིའི་སྐྱེ་བ་ཙམ་ཞིག་འགོག་པའི་མཐའ་གཞན་སེལ་ལུགས་ནི་དེ་ལྟར་དུ་ཡིན་ནོ། །མྱུ་གུ་ནི་མྱུ་གུའི་རང་གི་བདག་ཉིད་ལས་སྐྱེ་ན་སྐྱེ་བ་དོན་མེད་པར་འགྱུར་ཏེ། སྐྱེ་བ་ནི་གང་དུ་སྐྱེ་བར་བྱ་བ་དེའི་བདག་ཉིད་ཐོབ་པར་བྱ་བའི་ཕྱིར་ཡིན་ན། མྱུ་གུ་རང་གི་བདག་ཉིད་ཐོབ་ཟིན་པའི་ཕྱིར་རོ། །དཔེར་ན། མངོན་པར་གསལ་བའི་མྱུ་གུ་བཞིན་ནོ། །སྐྱེ་བ་ཐུག་མེད་དུ་ཡང་འགྱུར་ཏེ། སྐྱེས་ཟིན་པའི་ས་བོན་སླར་ཡང་སྐྱེ་ན་ནི། ས་བོན་དེ་ཉིད་ཡང་དང་ཡང་དུ་སྐྱེ་དགོས་པས་སོ། །དེ་ལྟ་ན་ས་བོན་ཙམ་ཞིག་རྒྱུན་དུ་སྐྱེ་བས་མྱུ་གུ་ལ་སོགས་པ་སྐྱེ་བའི་གོ་སྐབས་མི་རྙེད་པའི་སྐྱོན་དུ་འགྱུར་རོ། །རབ་བྱེད་ཉི་ཤུ་པ་ལས་ཀྱང༌། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །ཞེས་སོ། །འཇུག་པ་ལས་ཀྱང༌། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བ་རིགས་པའང་མ་ཡིན་ཉིད། །སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། །དེ་ཕྱིར་མྱུ་གུ་སོགས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང༌། །ཞེས་དང༌། དེ་ཕྱིར་དངོས་པོ་བདག་ལས་འབྱུང་ཞེས་རབ་ཏུ་བཏགས་པ་འདི། །དེ་ཉིད་དང་ནི་འཇིག་རྟེན་དུ་ཡང་རིགས་པ་མ་ཡིན་ནོ། །ཞེས་སོ། །ཅི་སྟེ་གཞན་དུ་གྱུར་པའི་རྐྱེན་བཞི་ལས་


JLD013_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྐྱེ་བར་གསུངས་པའི་ཕྱིར། གཞན་ལས་སྐྱེའོ་སྙམ་ན། རང་བཞིན་ཐ་དད་པའི་རྒྱུ་ལས་འབྲས་བུ་སྐྱེ་ན། མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་བར་འགྱུར་ཏེ། གཞན་ཡིན་པའི་ཕྱིར་རོ། །གཞན་ཡང་རྒྱུར་གྱུར་མ་གྱུར་ཐམས་ཅད་ལས་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བར་འགྱུར་ཏེ། གཞན་ཉིད་མཚུངས་པ་ཡིན་པའི་ཕྱིར་རོ་ཞེས་པའོ། །འདིའི་དོན་ནི། ས་མྱུག་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཁས་ལེན་ན། ས་ལུའི་མྱུ་གུ་དེ་རང་གི་སྐྱེད་བྱེད་དུ་མི་རུང་བའི་མེ་ལ་སོགས་པ་ལས་རང་གི་ངོ་བོའི་སྒོ་ནས་རང་བཞིན་ཐ་དད་དུ་སོང་བའི་སོང་ལུགས་དེ་དང༌། རང་གི་རྒྱུ་ས་ལུའི་ས་བོན་ལས་རང་བཞིན་ཐ་དད་དུ་སོང་བའི་སོང་ལུགས་གཉིས་ཅར་རྣམ་པ་ཐམས་ཅད་དུ་མཚུངས་པར་སྣང་ངོ་། །དེ་ལྟ་ན་ཇི་ལྟར་སྐྱེད་བྱེད་དུ་མི་རུང་བ་ལས་རང་བཞིན་ཐ་དད་པར་སྣང་བ་འཆར་བའི་ཚེ། ཐ་དད་རང་དབང་བ་རག་མ་ལས་འཆར་བ་བཞིན་དུ་རང་གི༌ས་ལུའི་ས་བོན་ལས་ཐ་དད་པ་སྣང་བའི་ཚེ་ཡང་ཐ་དད་ཀྱི་ཆ་ནི་དེ་ལྟར་སྣང་ངོ་། །ཐ་དད་དུ་སྣང་བའི་ཚུལ་དེ་དེ་དག་གི་རང་གི་ངོ་བོའི་སྒོ་ནས་གྲུབ་པའི་རང་བཞིན་ཡིན་ན་མེ་ལ་སོགས་པ་ལས་མི་སྐྱེ་བ་དང་ས་ལུའི་ས་བོན་ལས་སྐྱེ་བའི་ཁྱད་པར་རྣམ་པ་ཐམས་ཅད་དུ་འབྱེད་མི་ནུས་པ་ཡིན་ནོ། །གལ་ཏེ་སྐྱེ་མི་སྐྱེའི་ཁྱད་པར་འབྱེད་ན་ནི། རང་བཞིན་ཐ་དད་པའི་ཐ་དད་ཚུལ་དེ་ལ་ཡང་ཁྱད་པར་ཕྱེ་ཞིག་ཅེས་འགལ་བ་སྟོན་པ་ཡིན་ནོ། །དེ་ལྟར་ཡང་འཇུག་འགྲེལ་ལས། ཇི་ལྟར་སྐྱེད་པར་བྱེད་པའི་ས་ལུའི་ས་བོན་རང་གི་འབྲས་བུ་ས་ལུའི་མྱུ་གུ་ལས་གཞན་ཉིད་ཡིན་པ་དེ་བཞིན་དུ། སྐྱེད་པར་བྱེད་པ་མ་ཡིན་པ་མེ་དང་སོལ་བ་དང་ནས་ཀྱི་ས་བོན་ལ་སོགས་པ་ཡང་གཞན་ཡིན་ནོ། །ཡང་ཇི་ལྟར་ས་ལུའི་ས་བོན་གཞན་དུ་གྱུར་པ་ལས་ས་ལུའི་མྱུ་གུ་སྐྱེ་བ་དེ་བཞིན་དུ། མེ་དང་སོལ་བ་དང་ནས་ཀྱི་ས་


JLD013_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ལ་སོགས་པ་དག་ལས་ཀྱང་འགྱུར་རོ། །ཡང་ཇི་ལྟར་ས་ལུའི་མྱུ་གུ་གཞན་དུ་གྱུར་པ༌ས་ལུའི་ས་བོན་ལས་འབྱུང་བ་དེ་བཞིན་དུ། བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ཀྱང་འགྱུར་བ་ཞིག་ན་དེ་ནི་མཐོང་བ་མ་ཡིན་ཏེ། དེའི་ཕྱིར་འདི་ཡོད་པ་མ་ཡིན་ནོ། །ཞེས་གསལ་བར་གསུངས་པས། ལྡོག་པ་གཅིག་པའི་དཔུང་འཕུལ་གྱིས་ཁྱབ་པ་དེ་བསྒྲུབ་པར་འདོད་པ་ནི་སློབ་དཔོན་གྱི་བཞེད་པ་མིན་ཞིང༌། དེའི་གནོད་བྱེད་ཀྱང་ཚང་མང་གི་སྟེང་དུ་དུ་ཡོད་ཙམ་ལ་མེ་ཡོད་ཙམ་གྱིས་ཁྱབ་པ་མི་འགྲུབ་པ་དགག་པའི་སྐབས་སུ་བཤད་ཟིན་ཏོ། །རབ་བྱེད་ཉི་ཤུ་པ་ལས་ཀྱང༌། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་དང༌། འཇུག་པ་ལས་ཀྱང༌། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང༌། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ཡིན་མ་ལུས་ལ་ཡང་གཞན་ཉིད་མཚུངས། །ཞེས་གསུངས་སོ། །དེ་འདྲ་བའི་ཐལ་འགྱུར་དེ་ལ་རྒྱུད་གཅིག་ཏུ་གཏོགས་མི་གཏོགས་ལ་སོགས་པས་ལན་མི་ཐེབས་ཏེ། རང་བཞིན་ཐ་དད་པའི་གཞན་ཡིན་ན་རྒྱུད་གཅིག་ཏུ་གཏོགས་པ་ཉིད་མི་འགྲུབ་པ་སྔ་མ་དང་འདྲ་བའི་ཕྱིར་རོ། །སྐྱེ་བ་དང་མི་སྐྱེ་བའི་ངེས་པ་མཐོང་བ་ཡང་ལན་དུ་མི་རུང་སྟེ། ཐ་དད་ཐ་སྙད་པའི་བློས་བཞག་པ་མིན་པར་རང་གི་ངོ་བོའི་སྒོ་ནས་ཡུལ་སྟེང་དུ་གྲུབ་ན། ངེས་པ་མཐོང་བ་དེ་


JLD013_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཇི་ལྟར་འཐད་ཅེས་དཔྱོད་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་ལས་སྐྱེ་བ་སྨྲ་བ་རྣམས་ནི། རྫ་བུམ་འཇིམ་པ་ལས་སྐྱེ་བ་དེ་བདག་ལས་སྐྱེ་བ་ཡིན་ལ། རྫ་མཁན་ལ་སོགས་པ་ལས་སྐྱེ་བ་དེ་གཞན་ལས་སྐྱེ་བར་སྨྲའོ། །ནང་ལ་ཡང་ལྷས་བྱིན་ཚེ་རབས་གཞན་དུ་ཡང་སྲོག་གི་བདག་ཉིད་དུ་ཡོད་པ་ཁོ་ནས་སྐྱེ་བ་འདི་ལེན་པས་ལྷས་བྱིན་དང་སྲོག་གཉིས་གཅིག་ཡིན་པའི་ཕྱིར་བདག་ལས་སྐྱེ་ལ། ཕ༌མ་དང་ལས་དཀར་ནག་ལས་སྐྱེ་བ་ནི་གཞན་སྐྱེར་སྨྲའོ། །བདག་ཁོ་ན་ལས་ཀྱང་མི་སྐྱེ་ལ། གཞན་ཁོ་ན་ལས་ཀྱང་མི་སྐྱེ་བས་གཉིས་ཀ་ཚོགས་པ་ལས་སྐྱེ་བའོ། །འདི་ནི་སྔར་བཤད་པའི་རིགས་པ་ཉིད་ཀྱིས་ཁེགས་ཏེ། བདག་ལས་སྐྱེ་བའི་ཆ་ནི་བདག་སྐྱེ་འགོག་པའི་རིགས་པས་དགག་ལ། གཞན་ལས་སྐྱེ་བའི་ཆ་ནི་གཞན་སྐྱེ་འགོག་པས་དགག་གོ །འཇུག་པ་ལས་ཀྱང༌། གཉིས་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་གང་གི་ཕྱིར། །བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་ཕྱིར་རོ། །འདི་ནི་འཇིག་རྟེན་ལས་མིན་དེ་ཉིད་དུ་ཡང་ཡོད་མིན་ཏེ། །གང་ཕྱིར་རེ་རེ་ལས་ནི་སྐྱེ་བ་འགྲུབ་པ་ཡོད་མ་ཡིན། །ཞེས་སོ། །ངོ་བོ་ཉིད་ལས་བྱུང་བར་སྨྲ་བ་རྣམས་ནི་པད་མའི་རྩ་བའི་རྩུབ་པ་དང་འདབ་མའི་འཇམ་པ་རྣམས་ནི་འགའ་ཞིག་གིས་འབད་ནས་བྱེད་པ་མ་མཐོང་ངོ་། །དེ་བཞིན་དུ་རྨ་བྱ་ལ་སོགས་པ་འགའ་ཞིག་གིས་བཟུང་ནས་ཁ་དོག་དང་དབྱིབས་རྣམས་འགོད་པ་མ་མཐོང་ངོ་། །དེའི་ཕྱིར་དངོས་པོ་རྣམས་ཀྱི་སྐྱེ་བ་ནི་ངོ་བོ་ཉིད་ལས་བྱུང་བ་ཁོ་ནའོ་ཞེས་སྨྲའོ། །འདི་མི་འཐད་དེ། རྒྱུ་མེད་ལས་སྐྱེ་ན་ཡུལ་དང་དུས་གཅིག་ན་ཡོད་པའི་སྐྱེ་བ་


JLD013_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡུལ་དུས་ཐམས་ཅད་ན་ཡོད་དགོས་ལ། ཡང་ན་འགར་ཡང་མེད་དགོས་ཏེ། ཡུལ་དུས་འདིར་འབྱུང་ལ་འདིར་མི་འབྱུང་བའི་རྒྱུ་མཚན་དེ་དག་གི་རྒྱུ་ཡོད་མེད་བསྟན་དུ་མེད་པའི་ཕྱིར་རོ། །རྨ་བྱའི་མདོངས་ཀྱང་བྱ་རོག་ལ་ཡང་ཡོད་པ་ལ་སོགས་པར་འགྱུར་ཏེ། མདོར་ན། གཅིག་སྐྱེས་ན་ཐམས་ཅད་ལས་སྐྱེ་བའམ་ཡང་ན་ནམ་ཡང་སྐྱེ་བར་མི་འགྱུར་བ་དང༌། འབྲས་བུ་འཐོབ་པའི་ཕྱིར་དུ་འཇིག་རྟེན་རྣམས་དེའི་རྒྱུ་ལ་འབད་པ་དུ་མ་བྱེད་པ་ཐམས་ཅད་དོན་མེད་པར་འགྱུར་རོ། །འཇུག་པ་ལས་ཀྱང༌། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། །དེའི་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང༌། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །ཞེས་སོ། །དེ་ལྟར་མུ་བཞིའི་སྐྱེ་བ་ལ་གནོད་པ་མཐོང་བ་ལ་བརྟེན་ནས་མཐའ་བཞི་ལས་སྐྱེ་བ་མེད་པ་འགྲུབ་ལ། དེ་ལ་ནི་རང་བཞིན་གྱིས་སྐྱེ་བ་མེད་པས་ཁྱབ་པ་སྔར་མཐའ་གཞན་འགོག་པའི་སྐབས་སུ་བཤད་པ་ལྟར་འགྲུབ་བོ། །དེའི་ཕྱིར་དངོས་པོ་རྣམས་ལ་རང་བཞིན་མེད་པ་ཡང་དེ་ལ་བརྟེན་ནས་ངེས་པར་འགྱུར་ཏེ། འདི་ནི་ཐལ་འགྱུར་བྱས་པའི་ཚེ་དེའི་བྱེད་པ་ལ་བརྟེན་ནས་རྗེས་དཔག་སྐྱེས་པ་ཡིན་གྱི། དངོས་སུ་དམ་བཅའ་བསྒྲུབ་པའི་སྦྱོར་ངག་མེད་དོ། །འཇུག་པ་ལས། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་དང༌། །རྒྱུ་ལ་མ་བལྟོས་ཡོད་པ་མིན་པས་དངོས་རྣམས་རང་བཞིན་བྲལ། །ཞེས་སྐྱེ་བའི་མཐའ་བཞི་ལ་གནོད་བྱེད་བརྗོད་པ་རྣམས་ཀྱི་དོན་བསྡུས་ནས་གསུངས་པ་ནི། ཐལ་བ་བཀོད་པའི་འབྲས་བུ་ལ་རྟགས་ལ་བརྟེན་ནས་


JLD013_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དཔག་ཇི་ལྟར་སྐྱེ་བའི་ཚུལ་བསྟན་པ་ཡིན་གྱི། དང་པོ་ནས་ཕྱི་རྒོལ་ལ་གཞན་གྲགས་དེ་ལྟར་བཀོད་པ་མིན་ནོ། །དེ་ལྟར་རང་བཞིན་གྱིས་སྐྱེ་བ་བཀག་པ་ལ་བརྟེན་ནས་དངོས་པོ་རྣམས་རང་བཞིན་མེད་པའི་ངེས་པ་རྙེད་ན། དངོས་པོ་མེད་པ་ལ་ཡང་རང་བཞིན་མེད་པར་ངེས་པ་རྙེད་པར་སླ་བས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པ་དབུ་མའི་ལྟ་བ་བདེ་བླག་ཏུ་རྙེད་དོ། །གཞན་ཡང་རབ་བྱེད་བདུན་པ་ལས། རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །ཞེས་དང༌། འཇུག་པ་ལས་ཀྱང༌། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པ་ལྟར། རྟེན་འབྲེལ་གྱི་རྟགས་ལ་བརྟེན་ནས་མྱུ་གུ་ལ་སོགས་པ་རང་བཞིན་གྱིས་སྟོང་པ་ལ་ངེས་པ་རྙེད་ན་ནི་གོལ་ས་གཅོད་པ་བློ་ལ་ཤིན་ཏུ་རྣམ་པ་གསལ་བས་ཅུང་ཟད་བརྗོད་པར་བྱའོ། །འདིར་མྱུ་གུ་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་དེ། རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན། ཞེས་གཞན་གྲགས་ཀྱི་རྗེས་དཔག་བྱའོ། །དཔེར་ན་བྱད་བཞིན་གྱི་གཟུགས་བརྙན་སྣང་བ་ན་བྱིས་པ་ཆུང་ངུ་རྣམས་མིག་རྣ་སོགས་སུ་སྣང་བ་དེ་ནི་དེ་འདྲ་བའི་བློའི་ངོ་ན་དེ་ལྟར་ཡིན་གྱི། ཇི་ལྟར་སྣང་བ་ལྟར་གྱི་དོན་རང་གི་གནས་ཚུལ་མིན་ནོ་སྙམ་དུ་མི་འཛིན་པར་དོན་དེ་རང་གི་གནས་ལུགས་སམ་སྡོད་ལུགས་སུ་འཛིན་པ་བཞིན་དུ་སེམས་ཅན་རྣམས་ཀྱང་མྱོང་བ་དང་སྣང་བའི་ཆོས་རྣམས་ལ། དེ་ལྟར་


JLD013_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་བློའི་དབང་གིས་བཞག་པ་མིན་པར། དོན་དེ་དག་ལ་ཇི་ལྟར་སྣང་བ་ལྟར་གྱི་རང་གི་ངོ་བོའི་སྒོ་ནས་ཡུལ་སྟེང་དུ་སྡོད་ཚུལ་ཡོད་པར་འཛིན་པ་ནི་རང་བཞིན་ཡོད་པར་སྒྲོ་བཏགས་ཚུལ་ཡིན་ལ། དེའི་ཡུལ་གྱི་རང་བཞིན་དེ་འདྲ་ནི་རང་གི་ངོ་བོ་དང་རང་བཞིན་དང་རང་དབང་བའི་དོན་ཡིན་པས། དེ་འདྲ་བ་ཡོད་ན་ནི་རྒྱུ་རྐྱེན་གཞན་ལ་རག་ལས་པ་འགལ་ཏེ། མི་འགལ་ན་ནི་གྲུབ་ཟིན་པའི་བུམ་པ་སླར་ཡང་རྒྱུ་རྐྱེན་ལས་སྐྱེ་མི་དགོས་པ་ཁས་བླང་དུ་མི་རུང་བ་ཡིན་ནོ། །དེ་ལྟར་ཡང་བཞི་བརྒྱ་པ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་ཤིང༌། དེའི་འགྲེལ་པ་ལས་ཀྱང༌། འདི་ན་གང་རང་གི་ངོ་བོ་དང་རང་བཞིན་དང་རང་དབང་དང་གཞན་ལ་རག་མ་ལས་པ་ཉིད་ཡིན་པ་དེ་ལ་ནི་རང་ལས་གྲུབ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པ་མ་ཡིན་ན། འདུས་བྱས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཡིན་ནོ། །དེ་ལྟར་དངོས་པོ་གང་ལ་བརྟེན་ནས་འབྱུང་བ་ཡོད་པ་དེ་ནི་རང་དབང་དུ་མི་འགྱུར་ཏེ། རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བའི་ཕྱིར། འདི་ཀུན་རང་དབང་མེད་པ་སྟེ། དེའི་ཕྱིར་དངོས་པོ་གང་ལ་ཡང་བདག་སྟེ་རང་བཞིན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །རང་དབང་བ་ནི་རང་གི་ངོ་བོས་གྲུབ་པར་སྣང་བའི་ཚེ་ན་ཤེས་པ་དེ་དག་ལ་གཞན་ལ་རག་མ་ལས་སུ་སྣང་ཞིང༌། སྣང་བ་ལྟར་ཡང་གྲུབ་པའི་དོན་ནོ། །འོན་ཀྱང་རྒྱུ་རྐྱེན་གཞན་ལ་རག་མ་ལས་པ་ལ་བྱས་ནས་དེ་བཀག་ན་ནི་རང་སྡེ་ལ་བསྒྲུབ་མི་དགོས་པ་དང༌། དེ་ཁེགས་ཀྱང་དབུ་མའི་ལྟ་བ་རྙེད་པར་འཇོག་མི་ནུས་པས། ཡུལ་


JLD013_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་རང་གི་ངོ་བོའི་སྒོ་ནས་རང་ཚུགས་ཐུབ་པའི་སྡོད་ལུགས་ལ་རང་དབང་བར་བྱའོ། །དེས་ན་རང་བཞིན་གྱིས་སྟོང་པའི་དོན་ནི་རང་དབང་བའི་ངོ་བོ་དེ་དང་བྲལ་བ་ལ་བྱེད་ཀྱི། དོན་བྱེད་པའི་དངོས་པོ་མེད་པ་ལ་མི་བྱེད་པས། རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རང་བཞིན་དགག་ནུས་པ་ཡིན་ཏེ། ལུང་སྔ་མའི་མཇུག་ཉིད་ནས། དེའི་ཕྱིར་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་རང་དབང་བའི་ངོ་བོ་དང་བྲལ་བའི་ཕྱིར། རང་དབང་བའི་ངོ་བོ་དང་བྲལ་བའི་དོན་སྟོང་པ་ཉིད་ཀྱི་དོན་ཡིན་གྱི། ཐམས་ཅད་དངོས་པོ་མེད་པའི་དོན་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་དོན་བྱེད་པའི་དངོས་པོ་མེད་པར་ལྟ་བ་ནི་ཀུན་བྱང་གི་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ་སྐུར་འདེབས་ཡིན་པས་ཕྱིན་ཅི་ལོག་ཡིན་ལ། རང་བཞིན་གྱིས་གྲུབ་པའི་དངོས་པོ་ཡོད་པར་ལྟ་བ་ཡང་ཕྱིན་ཅི་ལོག་སྟེ། རང་བཞིན་དེ་འདྲ་བ་གང་ལ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ཡང་དེ་མ་ཐག་གི་ལུང་དེའི་མཇུག་ནས། དེའི་ཕྱིར་འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བྱས་ཤིང་སྒྱུ་མ་འདྲ་བ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་ལ་སྐུར་པ་བཏབ་པས། དེ་མེད་པར་ལྟ་བ་ཕྱིན་ཅི་ལོག་ཡིན་ལ། རང་བཞིན་ཡོད་པ་མ་ཡིན་པའི་ཕྱིར་ན། དངོས་པོར་ལྟ་བ་ཡང་ཕྱིན་ཅི་ལོག་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པ་དང༌། རྟག་པ་དང་ཆད་པར་ལྟ་བའི་སྐྱོན་དུ་འགྱུར་རོ། །ཞེས་གསུངས་སོ། །དེས་ན་རྟག་ཆད་ཀྱི་ལྟ་བ་དང་བྲལ་བར་འདོད་པས་རང་བཞིན་མེད་པ་དང་ཀུན་བྱང་གི་རྟེན་འབྲེལ་སྒྱུ་མ་ལྟ་བུ་


JLD013_Page_0974
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླང་བར་བྱའོ། །གལ་ཏེ་རང་དབང་བའི་ངོ་བོ་དོན་བྱེད་པའི་རྟེན་འབྲེལ་གྱིས་བཀག་ནས་རང་དབང་དང་བྲལ་བའི་དོན་རྟེན་འབྲེལ་གྱི་དོན་ཡིན་ན། ཁྱོད་ཀྱིས་ངེད་ལ་ཅི་ཞིག་བཀག་སྟེ། ཁོ་བོ་ཅག་ཀྱང་དོན་བྱེད་པའི་རྟེན་འབྲེལ་འདོད་པས་སོ། །དེའི་ཕྱིར་ཁྱེད་དང་ངེད་ལ་ཁྱད་མེད་དོ་སྙམ་ན། ཁྱེད་ཀྱིས་རྟེན་འབྲེལ་རྒྱུ་འབྲས་ཁས་བླངས་ཀྱང་བྱིས་པ་ཆུང་ངུ་བྱད་བཞིན་གྱི་གཟུགས་བརྙན་ལ་བྱད་བཞིན་དུ་བདེན་པར་འཛིན་པ་ལྟར། རྟེན་འབྲེལ་དེ་ལ་རང་བཞིན་གྱིས་གྲུབ་པར་སྒྲོ་བཏགས་ནས་དངོས་པོའི་རང་གི་ངོ་བོ་ཉིད་དུ་བརྗོད་པས་ན། རྟེན་འབྲེལ་ཇི་བཞིན་མ་རྟོགས་པ་དང་ཇི་བཞིན་མིན་པར་བརྗོད་ལ། ཁོ་བོས་ནི་རང་བཞིན་མེད་པར་འདོད་ཅིང་དེ་ལྟར་སྨྲ་བས་ཁྱད་པར་ནི་དེའོ། །དེ་ལྟར་ཡང་དེ་མ་ཐག་གི་ལུང་དེའི་མཇུག་ནས། ཅི་སྟེ་གལ་ཏེ་རང་དབང་མེད་པའི་དོན་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཡིན་ན་ནི། འོ་ན། གང་ཁྱེད་ཀྱིས་ངེད་ཅག་ལ་གནོད་པར་འགྱུར་བ་ཁྱོད་དང་ངེད་ཅག་ལ་ཁྱད་པར་ཅི་ཡོད་སྙམ་དུ་སེམས་ན། བཤད་པར་བྱ་སྟེ། གང་ཁྱོད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཇི་ལྟ་བ་བཞིན་རྟོགས་པ་དང་བརྗོད་མི་ཤེས་པ་འདི་ནི་ཁྱད་པར་རོ། །ཇི་ལྟར་བྱིས་པ་གཞོན་ནུ་ཐ་སྙད་ལ་མ་བྱང་བས་གཟུགས་བརྙན་ལ་བདེན་པར་གྲུབ་པར་ལྷག་པར་སྒྲོ་བཏགས་པས་ཇི་ལྟ་བ་བཞིན་གནས་པའི་རང་བཞིན་སྟོང་པ་ཉིད་བསལ་ནས་རང་བཞིན་དང་བཅས་པར་རྟོག་པ་ན་གཟུགས་བརྙན་རྟོག་མི་ཤེས་པ་དེ་བཞིན་དུ། ཁྱོད་ཀྱིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླངས་ཀྱང་གཟུགས་བརྙན་དང་མཚུངས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་གྱིས་སྟོང་པ་ཉིད་


JLD013_Page_0975
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་ཀྱང༌། རང་གི་ངོ་བོ་ཇི་ལྟར་གནས་པ་བཞིན་ཁོང་དུ་ཚུད་པར་མི་ཤེས་ཏེ། རང་བཞིན་མེད་པ་ལ་རང་བཞིན་མེད་པ་ཉིད་དུ་མི་འཛིན་པའི་ཕྱིར་དང༌། ཡོད་པ་མ་ཡིན་པའི་རང་གི་ངོ་བོ་ལ་ཡོད་པའི་རང་གི་ངོ་བོ་ཉིད་དུ་ལྷག་པར་སྒྲོ་བཏགས་ནས་འཛིན་པའི་ཕྱིར་རོ། །བརྗོད་ཀྱང་མི་ཤེས་ཏེ། རང་བཞིན་མེད་པ་ཉིད་དུ་མི་བརྗོད་པའི་ཕྱིར་དང༌། དངོས་པོའི་རང་གི་ངོ་བོ་ཉིད་དུ་བརྗོད་པའི་ཕྱིར་རོ་ཞེས་སོ། །རྒྱུ་འབྲས་ཀྱི་རྟེན་འབྲེལ་ཁས་བླངས་པར་འདྲ་ཡང༌། རང་བཞིན་མེད་པ་དང་རང་བཞིན་ཡོད་པར་སྨྲ་བའི་སྒོ་ནས་རྟེན་འབྲེལ་ཇི་བཞིན་དུ་རྟོགས་མ་རྟོགས། བརྗོད་ཤེས་མི་ཤེས་ཀྱི་ཁྱད་པར་བསྟན་པ་འདིས་ནི་དོན་བྱེད་པའི་དངོས་པོ་ཁས་ལེན་ན་དངོས་པོར་སྨྲ་བ་རྣམས་དེ་ལ་བདེན་པར་གྲུབ་པ་ཞེས་སྨྲ་བས་བདེན་པར་ཡོད་མེད་ལ་རྩོད་པ་ནི་མིང་ལ་རྩོད་པའོ་སྙམ་པ་དང༌། དེ་བཞིན་དུ་ཐ་སྙད་དུ་དོན་བྱེད་པའི་དངོས་པོ་འདོད་ན་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་མེད་ལ་རང་རྒྱུད་པ་དང་རྩོད་པ་ནི་མིང་ཙམ་ལ་རྩོད་པ་སྟེ། རང་རྒྱུད་པས་ཀྱང་དེ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྨྲ་བས་སོ་སྙམ་དུ་འཛིན་པ་རྣམས་གསལ་བར་བཀག་གོ །དེ་འདྲ་བ་ནི་དཔེར་ན་གྲངས་ཅན་ཡང་ཉན་ཤེས་ཀྱི་ཡུལ་ན་གྲགས་པའི་དོན་འདི་ལ་རྟག་པར་སྨྲ་བས། ཉན་ཤེས་ཀྱི་ཡུལ་དུ་གྲགས་པའི་དོན་འདི་འདོད་ན་སྒྲ་རྟག་པ་འགོག་པ་ནི་མིང་ཙམ་ལ་སྡང་བའོ་ཞེས་སྨྲ་བ་དང་འདྲ་བར་སྣང་ངོ་། །སེམས་ཅན་གཞན་རྣམས་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བར་བཟུང་བ་ན། དེ་ལ་བརྟེན་ནས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་


JLD013_Page_0976
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་ཡོད་པར་འཛིན་པས་འཆིང་བར་འགྱུར་བ་ལ། མཁས་པ་དག་ལ་ནི་རྒྱུ་མཚན་དེ་ལ་བརྟེན་ནས་རང་བཞིན་ཡོད་པ་འགོག་ཅིང་རང་བཞིན་མེད་པ་ལ་ངེས་པ་དྲངས་ཏེ། མཐར་འཛིན་གྱི་ལྟ་བའི་འཆིང་བ་གཅོད་པས་ན། རྟེན་འབྲེལ་གྱི་རྟགས་ཀྱིས་རང་བཞིན་མེད་པ་འགྲུབ་པ་འདི་ནི་རྨད་དུ་བྱུང་བའི་ཐབས་ལ་མཁས་པ་ཆེན་པོའོ། །དོན་གྱི་དབང་འདི་གཟིགས་ནས་བཅོམ་ལྡན་འདས་ཀྱིས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་རྐང་པ་དང་པོ་གཉིས་ཀྱིས་རྐྱེན་ལས་སྐྱེས་པ་ལ་རང་བཞིན་གྱིས་མ་སྐྱེས་པས་ཁྱབ་པར་གསུངས་ནས། རྐང་པ་གསུམ་པས་རྐྱེན་ལ་རག་ལས་པའི་རྟེན་འབྲེལ་གྱི་དོན་རང་བཞིན་གྱིས་སྟོང་པའི་དོན་དུ་གསུངས་ཤིང༌། རྐང་པ་བཞི་པས་ནི་སྟོང་ཉིད་དེ་ལྟར་རྟོགས་པའི་ཕན་ཡོན་བསྟན་ཏོ། །དེ་བཞིན་དུ། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་གྱུར་ཏེ། །མཐར་ལྟ་བ་ལ་བརྟེན་པར་ཡོང་མི་བྱེད། །ཅེས་རྟེན་འབྲེལ་རྟོགས་པས་མཐར་འཛིན་གཅོད་པར་གསུངས་སོ། །གཞན་ཡང་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་ན་རྒྱལ་བ་ཉན་ཐོས་དང་བཅས་པས་དེ་ལྟར་གཟིགས་དགོས་པ་ལས་མ་གཟིགས་པ་དང༌། རང་བཞིན་དེ་ལ་རྐྱེན་གྱིས་ཅི་ཡང་བྱར་མེད་པས་མཚན་མར་འཛིན་པའི་སྤྲོས་པའི་དྲ་བ་བཅད་དུ་མེད་པས་གྲོལ་བ་མེད་པར་འགྱུར་ཏེ། གླང་པོའི་རྩལ་གྱི་མདོ་ལས། གལ་ཏེ་ཆོས་རྣམས་རང་བཞིན་ཡོད་གྱུར་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་


JLD013_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མྱ་ངན་འདའ་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་དང་བྲལ་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །རབ་བྱེད་གསུམ་པ་དང་བཞི་པ་དང་ལྔ་པ་ནས་སྐྱེ་མཆེད་དང་ཕུང་པོ་དང་ཁམས་ལ་རང་བཞིན་ཡོད་པ་འགོག་པའི་རིགས་པ་རྣམས་ཀྱིས་ཆོས་ལ་བདག་མེད་པ་གཏན་ལ་ཕབ་ནའང་ཤིན་ཏུ་ལེགས་མོད་ཀྱི། ཚིག་མངས་པས་འཇིགས་ནས་མ་སྤྲོས་སོ། །གསུམ་པ་ལྟ་བ་དེ་དག་གོམས་པས་སྒྲིབ་པ་སྤོང་བའི་ཚུལ་ནི། དེ་ལྟར་བདག་དང་བདག་གི་བ་ལ་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་མཐོང་ནས། དེའི་དོན་གོམས་པར་བྱས་པས་བདག་དང་བདག་གིར་འཛིན་པའི་འཇིག་ལྟ་ལྡོག་ལ། དེ་ལོག་ན་འདོད་པ་ཉེ་བར་ལེན་པ་སོགས་སྔར་བཤད་པའི་ལེན་པ་བཞི་ལྡོག་ཅིང༌། དེ་ལོག་ན་ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་བ་མེད་པས་སྲིད་པའི་རྐྱེན་གྱིས་ཕུང་པོ་ཉིང་མཚམས་སྦྱོར་བའི་སྐྱེ་བ་ཟད་པས་ཐར་པ་འཐོབ་སྟེ། རབ་བྱེད་བཅོ་བརྒྱད་པ་ལས། བདག་དང་བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །ཞེས་དང༌། ནང་དང་ཕྱི་རོལ་དངོས་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང༌། །དེ་ཟད་པས་ན་སྐྱེ་བ་ཟད། །ཅེས་གསུངས་སོ། །དེ་ལྟར་བྱས་ན་ཉེ་བར་ལེན་པ་ནི་ཉོན་མོངས་དང༌། སྲིད་པ་ནི་ལས་ཡིན་པས་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་ཟད་པས་ཐར་བར་འགྱུར་ཏེ། དེ་ཉིད་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་སོ། །ལས་ཉོན་ཡང་གང་ཟད་པས་ཟད་པར་འགྱུར་བ་ཡང་དེ་ཉིད་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །


JLD013_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གསུངས་སོ། །དེ་ལ་སྐྱེ་ཤིའི་འཁོར་བ་བརྒྱུད་པ་འདི་ནི་ལས་ལས་སྐྱེ་ལ། ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པའི་སྒོ་གསུམ་གྱི་འདུ་བྱེད་ཁོ་ན་འཁོར་བ་འགྲུབ་པའི་ལས་ཡིན་པས། ལས་ནི་ཉོན་མོངས་ལས་སྐྱེའོ། །ཡུལ་རྣམས་ལ་སྡུག་མི་སྡུག་ལ་སོགས་པའི་མཚན་མ་སྒྲོ་འདོགས་པའི་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་མ་བཅུག་པར་འཇིག་ལྟའི་རྩ་བ་ཅན་གྱི་ཉོན་མོངས་རྣམས་མི་སྐྱེ་བས། ཆགས་སྡང་སོགས་ཀྱི་ཉོན་མོངས་འཇིག་ལྟའི་རྩ་བ་ཅན་དེ་དག་ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་ལས་སྐྱེའོ། །འཇིག་རྟེན་ཆོས་བརྒྱད་དང་སྐྱེས་པ་བུད་མེད་དང་བུམ་པ་དང་སྣམ་བུ་དང་གཟུགས་དང་ཚོར་བ་སོགས་ལ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་དག་ཁོ་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པས་ཡུལ་དེ་དག་ལ་རྟོག་པར་བྱེད་པའི་ཕྱིར། རྣམ་རྟོག་དེ་ནི་བདེན་འཛིན་གྱི་སྤྲོས་པ་ལས་སྐྱེ་སྟེ། ཚིག་གསལ་ལས། འཇིག་རྟེན་པའི་སྤྲོས་པ་དེ་ཡང་མ་ལུས་པར་སྟོང་པ་ཉིད་ཀྱིས་ཏེ། དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བས་འགག་པར་འགྱུར་རོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་དངོས་པོར་དམིགས་པ་ཡོད་ན་ནི། ཇི་སྐད་དུ་བཤད་པའི་སྤྲོས་པ་ཡོད་པར་འགྱུར་གྱི། མོ་གཤམ་གྱི་བུ་མོ་མ་དམིགས་པར་ནི་ཆགས་པ་ཅན་དག་དེའི་ཡུལ་ཅན་སྤྲོས་པ་འཇུག་པར་མི་བྱེད་དོ། །སྤྲོས་པ་མ་བཅུག་ན་ནི། དེའི་ཡུལ་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་འཇུག་པར་མི་འགྱུར་རོ། །རྣམ་པར་རྟོག་པ་མ་བཅུག་པར་ཡང་ང་དང་ངའི་ཞེས་མངོན་པར་ཞེན་པ་ལས་ཉོན་མོངས་པའི་ཚོགས་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་སྐྱེད་པར་


JLD013_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་དོ། །ཉོན་མོངས་པའི་ཚོགས་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་མ་བསྐྱེད་པར་ནི་ལས་དག་བྱེད་པར་མི་འགྱུར་ལ། ལས་དག་མི་བྱེད་པ་རྣམས་ནི་སྐྱེ་བ་དང་རྒ་ཤི་ཞེས་བྱ་བའི་འཁོར་བ་ཉམས་སུ་མྱོང་བར་ཡང་མི་འགྱུར་རོ། །ཞེས་སོ། །སྟོང་པ་ཉིད་རྟོགས་པས་དེ་དག་བཟློག་པར་འགྱུར་ཚུལ་ཡང་དེ་ཉིད་ལས། གང་གི་ཕྱིར་དེ་ལྟར་སྟོང་པ་ཉིད་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་མཚན་ཉིད་ཅན་ལ་བརྟེན་ནས་སྤྲོས་པ་དང་བྲལ་བར་འགྱུར་ཞིང༌། སྤྲོས་པ་དང་བྲལ་བས་ཀྱང་རྣམ་པར་རྟོག་པ་ལྡོག་ཅིང༌། རྣམ་པར་རྟོག་པ་ལོག་པས་ཉོན་མོངས་པ་ལྡོག་ལ། ལས་དང་ཉོན་མོངས་པ་ལོག་པས་སྐྱེ་བ་ལྡོག་པ་དེའི་ཕྱིར་སྟོང་པ་ཉིད་ཁོ་ན་སྤྲོས་པ་ཐམས་ཅད་ལོག་པའི་མཚན་ཉིད་ཅན་ཡིན་པས། མྱ་ངན་ལས་འདས་པ་ཞེས་བྱའོ། །ཞེས་ཤིན་ཏུ་གསལ་བར་གསུངས་ཏེ། འདིས་ནི་སྟོང་པ་ཉིད་ཀྱི་ལྟ་བ་སྲིད་པའི་རྩ་བ་གཅོད་བྱེད་དང༌། ཐར་པའི་ལམ་གྱི་སྲོག་དང་འདྲ་བར་སྒྲུབ་བྱེད་ཡང་དག་པས་བསྟན་པ་ཡིན་པས་འདི་ལ་ངེས་པ་བརྟན་པོ་རྙེད་པ་དགོས་སོ། །དེ་ལྟར་ན་སློབ་དཔོན་འཕགས་པའི་གཞུང་དེ་དག་གིས་ནི། ཉན་རང་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཡོད་པར་གསལ་བར་གསུངས་ཏེ། འཁོར་བ་ལས་གྲོལ་བ་རང་བཞིན་མེད་པའི་སྟོང་པ་ཉིད་ཀྱི་ལྟ་བས་སྒྲུབ་པར་གསུངས་པའི་ཕྱིར་རོ། །ལྟ་བ་འདི་ཡང་ཉན་རང་རྣམས་རང་གི་ཉོན་མོངས་མ་ཟད་བར་དུ་བསྒོམ་ཞིང༌། ཉོན་མོངས་ཟད་པ་ན་དེ་ཙམ་གྱིས་ཆོག་པར་བཟུང་ནས་དུས་རིང་པོར་སྒོམ་པར་མི་བྱེད་པས་ཤེས་བྱའི་སྒྲིབ་པ་སྤོང་བར་མི་ནུས་སོ། །བྱང་ཆུབ་


JLD013_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ནི་ཉོན་མོངས་ཟད་པ་ཙམ་གྱི་སྒོ་ནས་རང་འཁོར་བ་ལས་གྲོལ་བ་ཙམ་གྱིས་ཆོག་པར་མི་འཛིན་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་དོན་དུ་གཉེར་བས། ཤེས་བྱའི་སྒྲིབ་པ་ཟད་ཟད་དུ་བསྒོམ་པས། ཆེས་དུས་རིང་བ་དང་ཚོགས་མཐའ་ཡས་པས་བརྒྱན་ཏེ་བསྒོམ་པ་ཡིན་ནོ། །དེ་ལྟར་སྒྲིབ་པ་གཉིས་ཀའི་ས་བོན་དྲུངས་འབྱིན་པའི་གཉེན་པོ་ནི་སྔར་བཤད་པའི་སྟོང་པ་ཉིད་ཀྱི་ལྟ་བ་ཡིན་མོད་ཀྱང༌། དུས་རིང་དུ་བསྒོམས་མ་བསྒོམས་ཀྱི་སྒོ་ནས་ཉོན་མོངས་པའི་སྒྲིབ་པ་ཙམ་སྤོང་ནུས་ཀྱི། ཤེས་བྱའི་སྒྲིབ་པ་མི་སྤོང་བ་ནི། དཔེར་ན་བདག་མེད་པའི་རྟོགས་པ་གཅིག་ཉིད་མཐོང་སྤང་དང་སྒོམ་སྤང་གཉིས་ཀའི་གཉེན་པོ་ཡིན་མོད་ཀྱང༌། བདག་མེད་མངོན་སུམ་དུ་མཐོང་བ་ཙམ་གྱིས་མཐོང་སྤང་སྤོང་ནུས་ཀྱི། སྒོམ་སྤང་སྤོང་མི་ནུས་པས་སྒོམ་སྤང་སྤོང་བ་ལ་རིང་དུ་བསྒོམ་དགོས་པ་དང་འདྲའོ། །དེ་ལྟ་ནའང་ཤེས་སྒྲིབ་སྤོང་བ་ལ་ནི་དུས་རིང་བར་དེ་ཙམ་ཞིག་བསྒོམས་པས་ཀྱང་སྤོང་བར་མི་ནུས་ཀྱི། སྤྱོད་པ་རླབས་ཆེན་པོ་གཞན་མང་པོ་ལ་བསླབས་པ་ལ་ཡང་ལྟོས་སོ། །ཤེས་སྒྲིབ་ཀྱི་གཉེན་པོར་བསྒོམ་པ་མེད་ཅིང༌། ཉོན་སྒྲིབ་སྤོང་བའི་ཐབས་ཙམ་དུ་བསྒོམ་པས། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོངས་སུ་རྫོགས་པར་བསྒོམ་པ་མེད་པར་གསུངས་པ་ཡིན་ཏེ། འཇུག་འགྲེལ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་བསྒོམ་


JLD013_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཤིག་ནི་ཡོད་དོ། །ཞེས་གསུངས་སོ། །དེ་ལྟར་ན་དབུ་མ་པ་གཞན་གྱིས་ཆོས་ཀྱི་བདག་འཛིན་དུ་བཞེད་པ་སློབ་དཔོན་འདིས་ཉོན་མོངས་ཅན་གྱི་མ་རིག་པར་བཞེད་པ་དང༌། དེ་ཟད་པར་སྤོང་བའི་ཆོས་ཀྱི་བདག་མེད་བསྒོམ་པ་ཡོད་ཀྱང༌། ཆོས་ཀྱི་བདག་མེད་རྫོགས་པར་བསྒོམ་པ་མེད་པར་གསུངས་པ་རྣམས་སྔར་དང་སྐབས་འདིར་བཤད་པ་བཞིན་དུ་ཤེས་པར་གྱིས་ཤིག །འོ་ན་འདི་པའི་ལུགས་ལ་ཤེས་སྒྲིབ་གང་ལ་བྱེད་སྙམ་ན། ཤེས་སྒྲིབ་ནི་ཐོག་མ་མེད་པ་ནས་རང་བཞིན་ཡོད་པར་ཞེན་པའི་དངོས་པོ་ལ་མངོན་པར་ཞེན་པའི་སྒོ་བྱེད་ཀྱིས་སེམས་རྒྱུད་ལ་བག་ཆགས་བརྟན་པར་བཞག་པའི་བག་ཆགས་ཀྱི་དབང་གིས་རང་བཞིན་མེད་བཞིན་དུ་རང་བཞིན་ཡོད་པར་སྣང་བའི་གཉིས་སྣང་གི་འཁྲུལ་པ་རྣམས་ཡིན་ཏེ། འཇུག་འགྲེལ་ལས། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ། འདུ་བྱེད་གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི། བཅོས་མའི་རང་བཞིན་ཡིན་གྱི། བདེན་པར་ནི་མ་ཡིན་ཏེ། བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །བྱིས་པ་རྣམས་ལ་ནི་བསླུ་བར་བྱེད་པ་ཡིན་ལ། དེ་ལས་གཞན་པ་རྣམས་ལ་ནི། སྒྱུ་མ་ལ་སོགས་པ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་ཀུན་རྫོབ་ཙམ་དུ་འགྱུར་རོ། །དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་


JLD013_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྣང་གི །སྣང་བ་མེད་པའི་སྤྱོད་ཡུལ་ཅན་མངའ་བ་རྣམས་ལ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །བྱང་སེམས་ཉོན་མོངས་ཅན་གྱི་མ་རིག་པ་སྤངས་པ་ནི། སྔར་བཞི་བརྒྱ་པའི་འགྲེལ་པ་དྲངས་པ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་སེམས་ལ་གསུངས་པས། ས་བརྒྱད་པ་ཐོབ་པ་ལ་བྱའོ། །དེའི་ཕྱིར་ཐེག་དམན་གྱི་དགྲ་བཅོམ་དང་ས་བརྒྱད་པ་ཐོབ་པའི་བྱང་སེམས་ལ་གཉིས་སྣང་གི་འཁྲུལ་པའི་བག་ཆགས་གསར་དུ་འཇོག་བྱེད་ཟད་པ་ཡིན་ཀྱང༌། སྔོན་རིང་མོ་ནས་དེས་བཞག་པའི་གཉིས་སྣང་གི་བག་ཆགས་སྦྱང་རྒྱུ་ནི་དུ་མ་ཞིག་ཡོད་པས། དེ་ནས་ཀྱང་རིང་དུ་སྦྱང་དགོས་པས། དེ་དག་སྦྱངས་ཏེ་འཁྲུལ་པའི་བག་ཆགས་མ་ལུས་པར་ལོག་པ་ན་སངས་རྒྱས་པ་ཡིན་ནོ། །འཕགས་པ་ཡབ་སྲས་ཀྱི་བཞེད་པས་ཐེག་དམན་དང་ཐེག་ཆེན་གཉིས་ཀའི་ངེས་དོན་གྱི་ལྟ་བ་འདྲ་བར་བསྟན་པ་འདི་ལ་ནི། རྨད་དུ་བྱུང་བའི་ངེས་པ་གཉིས་དྲང་རྒྱུ་ཡོད་དེ། འདི་ལྟར་སངས་རྒྱས་ལྟ་ཞོག །འཁོར་བ་ལས་གྲོལ་བ་ཙམ་ཞིག་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ལྟ་བ་མེད་པའི་ཐབས་མེད་པར་ངེས་པ་དྲངས་ནས། ཐབས་དུ་མའི་སྒོ་ནས་འབད་པ་ཆེན་པོས་ལྟ་བ་དྲི་མ་མེད་པ་དེ་ཅི་རྙེད་བྱེད་པ་དང༌། ཐེག་པ་ཆེ་ཆུང་གི་ཐུན་མོང་མ་ཡིན་པའི་འབྱེད་བྱེད་ཀྱི་ཁྱད་ཆོས་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་བྱང་སེམས་ཀྱི་སྤྱོད་པ་རླབས་ཆེ་བ་རྣམས་ཡིན་པ་ལ་ངེས་པ་གཏིང་ཐག་པ་ནས་འདྲོངས་ནས། སྤྱོད་ཕྱོགས་རྣམས་ལ་ལྷག་པར་ཡང་གདམས་པའི་མཐིལ་དུ་བཟུང་སྟེ། རྒྱལ་སྲས་ཀྱི་སྡོམ་པ་བཟུང་ནས་སྤྱོད་པ་ལ་སློབ་པའོ། །


JLD013_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྨྲས་པ། རི་དབང་བྱ་རྒོད་ཕུང་པོ་ཞེས་གྲགས་པའི། །རྨད་བྱུང་ས་འཛིན་མཆོག་དེར་མངོན་གཤེགས་ནས། །ས་ཆེན་རྣམ་པ་དྲུག་ཏུ་གཡོ་མཛད་ཅིང༌། །ཞིང་བརྒྱ་འོད་ཀྱིས་འགེངས་པའི་ཆོ་འཕྲུལ་གྱིས། །ཐུབ་པས་དཔལ་གྱི་མགུར་ནས་བཀའ་སྩལ་པ། །མདོ་སྔགས་གཉིས་ཀའི་ལམ་གྱི་སྲོག་ལྟ་བུ། །འཕགས་པའི་སྲས་ཀུན་བསྐྲུན་པའི་ཡུམ་ཆེན་མོ། །ལེགས་བཤད་ཟླ་མེད་ཤེས་རབ་ཕ་རོལ་ཕྱིན། །ལུང་བསྟན་བརྙེས་པའི་དཔའ་བོ་ཀླུ་སྒྲུབ་ཀྱིས། །ཇི་བཞིན་བཀྲལ་བའི་གཞུང་གི་མཆོག་གྱུར་པ། །དེ་ནི་དཔལ་ལྡན་རྩ་བའི་ཤེས་རབ་ཅེས། །ཉི་ལྟར་གྲགས་པའི་རྣམ་བཤད་ཟླ་མེད་པ། །རྒྱལ་བའི་མྱུ་གུ་སངས་རྒྱས་བསྐྱངས་ཀྱི་གཞུང༌། །དེ་ཡིས་ལེགས་པར་བཤད་ལ་ལེགས་བཤད་དུ། །ལེགས་པར་རྟོགས་ནས་རྒྱས་པར་བཀྲལ་བ་ནི། །ཟླ་བའི་གཞུང་བཟང་ཚིག་དོན་གསལ་བ་འོ། །དེ་དག་རྣམས་ཀྱི་དྲི་མ་མེད་པའི་ལུགས། །རང་བཞིན་མེད་པ་སྒྱུ་འདྲའི་དངོས་པོ་ལ། །འཁོར་འདས་རྟེན་འབྲེལ་བྱ་བྱེད་འཐད་པའི་ཚུལ། །ཅུང་ཟད་ཙམ་ཞིག་གོ་སླའི་ངག་གིས་བཤད། །ཟབ་མོ་དབུ་མའི་གཞུང་ལ་སྦྱངས་བའི་གྲོགས། །ཁྱེད་ཀྱི་བློ་ངོར་རང་བཞིན་མེད་པ་ལ། །རྒྱུ་འབྲས་རྟེན་འབྲེལ་འཇོག་པ་དཀའ་མོད་ཀྱང༌། །དེ་འདྲ་དབུ་མའི་ལུགས་ནི་ཡིན་ནོ་ཞེས། །དེ་སྐད་སྨྲ་བའི་ཚུལ་ལ་བརྟེན་ན་མཛེས། །དེ་ལྟ་མིན་པར་གཞན་ལ་བཀོད་པའི་སྐྱོན། །རང་གིས་ཇི་བཞིན་སྤོང་བར་མ་ནུས་ནས། །ལུགས་མེད་པ་ལ་རེ་ན་ད་དུང་སློབས། །དེ་ལྟར་འཕགས་པ་ཡབ་སྲས་ཀྱི། །གཞུང་གིས་


JLD013_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་འཚོལ་བའི་ཚུལ། །ལེགས་པར་བཤད་འདིའང་རྒྱལ་བ་ཡི། །བསྟན་པ་རིང་དུ་གནས་ཕྱིར་རོ། །གཉིས་པ་ལྷག་མཐོང་གི་རབ་ཏུ་དབྱེ་བ་ནི། དེ་ལྟར་སྐྱེས་བུ་དམ་པ་ལ་བརྟེན་པ་དང་མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་ཚུལ་བཞིན་དུ་སེམས་པ་སྟེ། ལྷག་མཐོང་གི་ཚོགས་གསུམ་སྒོམ་རིམ་བར་པ་ལས་གསུངས་པ་དེ་རྣམས་བསྟེན་པ་ལ་བརྟེན་ནས་བདག་མེད་པ་གཉིས་རྟོགས་པའི་ལྟ་བ་རྙེད་པ་ན་ལྷག་མཐོང་བསྒོམ་པར་བྱའོ། །འོ་ན་བསྒོམ་པར་བྱ་བའི་ལྷག་མཐོང་དུ་ཞིག་ཡོད་སྙམ་ན། འདིར་ནི་ས་མཐོན་པོའི་ལྷག་མཐོང་རྣམས་རེ་ཞིག་གཙོ་བོར་མི་སྟོན་གྱི། སོ་སོ་སྐྱེ་བོའི་དུས་ཀྱི་བསྒོམ་པར་བྱ་བའི་ལྷག་མཐོང་གཙོ་ཆེར་སྟོན་པ་ཡིན་ནོ། །དེ་ཡི་ལྷག་མཐོང་ཡོངས་སུ་རྫོགས་པ་ནི་རྣམ་པ་བཞི་དང་རྣམ་པ་གསུམ་དང་རྣམ་པ་དྲུག་གི་ལྷག་མཐོང་བསྒོམ་པའོ། །རྣམ་པ་བཞི་ནི། དགོངས་འགྲེལ་ལས་གསུངས་པའི་རྣམ་པར་འབྱེད་པ་སོགས་བཞིའོ། །རྣམ་པར་འབྱེད་པ་ནི། ཇི་སྙེད་པ་ལ་དམིགས་པའོ། །རབ་ཏུ་རྣམ་པར་འབྱེད་པ་ནི་ཇི་ལྟ་བ་ལ་དམིགས་པའོ། །དང་པོ་ལ་ཡོངས་སུ་རྟོག་པ་དང་ཡོངས་སུ་དཔྱོད་པ་གཉིས་ཡོད་ལ། གཉིས་པ་ལ་ཡང་རྟོག་པ་དང་དཔྱོད་པ་གཉིས་ཡོད་དེ། དོན་རགས་པ་དང་ཕྲ་བ་རྣམས་འབྱེད་པའོ། །དེ་ལྟར་ཡང༌ཉན་ས་ལས། དེ་ལ་ལྷག་མཐོང་རྣམ་པ་བཞི་གང་ཞེ་ན། འདི་ལ་དགེ་སློང༌། འདི་ལྟ་སྟེ་ནང་གི་སེམས་ཀྱི་ཞི་གནས་ལ་བརྟེན་ནས་ཆོས་རྣམས་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དང༌། ཡོངས་སུ་རྟོག་པར་བྱེད་པ་དང༌། ཡོངས་སུ་དཔྱོད་པར་བྱེད་པའོ། །དེ་ལ་ཇི་ལྟར་


JLD013_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འབྱེད་པར་བྱེད་ཅེ་ན། དཔྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་མཁས་པའི་དམིགས་པ་དང་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་དག་ལ་ཇི་སྙེད་ཡོད་པ་ཉིད་ཀྱིས་རྣམ་པར་འབྱེད་པར་བྱེད་དོ། །ཇི་ལྟ་བ་བཞིན་ཡོད་པ་ཉིད་ཀྱིས་ནི་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་ཡིན་ནོ། །ཤེས་རབ་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པས་མཚན་མར་འཛིན་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་རྟོག་པར་བྱེད་པ་ཡིན་ནོ། །ཡང་དག་པར་རྟོག་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་དཔྱོད་པར་བྱེད་དོ། །ཞེས་སོ། །ཀུན་ལས་བཏུས་ལས་ཀྱང༌། ལྷག་མཐོང་གི་ལམ་ལ་བཞི་པོ་དེར་གསུངས་ཤིང༌། ཤེར་ཕྱིན་མན་ངག་ཏུའང་དེ་དག་གི་ངོས་འཛིན་ཉན་ས་ལྟར་གསུངས་སོ། །རྣམ་པ་གསུམ་ཡང་མདོ་སྡེ་དགོངས་འགྲེལ་ལས། བཅོམ་ལྡན་འདས། ལྷག་མཐོང་ལ་རྣམ་པ་དུ་མཆིས། བྱམས་པ། རྣམ་པ་གསུམ་སྟེ། མཚན་མ་ལས་བྱུང་བ་དང༌། ཡོངས་སུ་ཚོལ་བ་ལས་བྱུང་བ་དང༌། སོ་སོར་རྟོག་པ་ལས་བྱུང་བའོ། །མཚན་མ་ལས་བྱུང་བ་གང་ཞེ་ན། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་འབའ་ཞིག་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །ཡོངས་སུ་ཚོལ་བ་ལས་བྱུང་བ་གང་ཞེ་ན། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་མ་རྟོགས་པའི་ཆོས་དེ་དག་ཉིད་ཤིན་ཏུ་ལེགས་པར་རྟོགས་པར་བྱ་བའི་ཕྱིར། ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །སོ་སོར་རྟོག་པ་ལས་བྱུང་བ་གང་ཞེ་ན། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་རྟོགས་པའི་ཆོས་རྣམས་ལ་རྣམ་པར་གྲོལ་བས་ཤིན་ཏུ་


JLD013_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བདེ་བ་ལ་རེག་པར་བྱ་བའི་ཕྱིར། ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་གསུངས་སོ། །འདི་ལ་ཉན་སར། ཐོས་པ་དང་བཟུང་བའི་ཆོས་སམ་གདམས་ངག་ལ་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་སེམས་པར་མི་བྱེད་ལ། རྟོག་པ་དང་འཇལ་བ་དང་ཉེ་བར་རྟོག་པར་མི་བྱེད་པ་ནི་མཚན་མ་ཙམ་གྱི་རྗེས་སུ་ཞུགས་པ་དང༌། གང་གི་ཚེ་སེམས་པ་ནས་ཉེ་བར་རྟོག་པར་བྱེད་པ་དེའི་ཚེ་ནི་ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་དང༌། དེ་ལྟར་གཏན་ལ་ཕབ་པ་ལ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པ་ནི་ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པ་སྟེ། དེ་གསུམ་ནི་ལྷག་མཐོང་གི་སྒོ་གསུམ་དུ་གསུངས་སོ། །དོན་དེ་དག་མདོར་བསྡུས་ན། དང་པོ་ནི། བདག་མེད་པའི་དོན་ལྟ་བུ་ལ་དམིགས་ནས་དེའི་མཚན་མ་ཡིད་ལ་བྱེད་པ་ཡིན་གྱི། གཏན་ལ་འབེབས་པ་མང་དུ་མི་བྱེད་པའོ། །གཉིས་པ་ནི། སྔར་མ་ངེས་པ་ངེས་པར་བྱ་བའི་ཕྱིར་དུ་གཏན་ལ་འབེབས་པའོ། །གསུམ་པ་ནི། ངེས་ཟིན་པའི་དོན་ལ་སྔར་བཞིན་དུ་དཔྱོད་པར་བྱེད་པའོ། །རྣམ་པ་དྲུག་ནི། གཞི་དྲུག་ལ་དམིགས་པ་སྟེ། དེ་ཡང་ཡོངས་སུ་ཚོལ་བའི་ལྷག་མཐོང་གི་ཚོལ་ལུགས་སོ། །འདི་ཡང་དོན་དང༌། དངོས་པོ་དང༌། མཚན་ཉིད་དང༌། ཕྱོགས་དང༌། དུས་དང༌། རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅིང་བཙལ་ནས་ཀྱང་དེ་དག་ལ་སོ་སོར་རྟོག་པའོ། །དེ་ལ་དོན་ཚོལ་བ་ནི། ཚིག་འདིའི་དོན་ནི་འདི་ཡིན་ནོ་ཞེས་ཚོལ་བའོ། །དངོས་པོ་ཚོལ་བ་ནི། འདི་ནི་ནང་གིའོ། །འདི་ནི་ཕྱིའི་དངོས་པོ་ཞེས་ཚོལ་བའོ། །མཚན་ཉིད་ཚོལ་བ་ནི་གཉིས་ཏེ། འདི་ནི་རང་གི་མཚན་ཉིད་དོ། །འདི་ནི་སྤྱིའི་


JLD013_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དོ་ཞེས་པའམ། ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཚོལ་བའོ། །ཕྱོགས་ཚོལ་བ་ནི། ནགས་ཕྱོགས་སྐྱོན་དང་ཉེས་དམིགས་ཀྱི་སྒོ་ནས་ཚོལ་ལ། དཀར་ཕྱོགས་ནི་ཡོན་ཏན་དང་ཕན་ཡོན་གྱི་སྒོ་ནས་ཚོལ་བའོ། །དུས་ཚོལ་བ་ནི། འདས་པའི་དུས་ན་འདི་ལྟར་བྱུང་ངོ་། །མ་འོངས་པའི་དུས་ན་འདི་ལྟར་འབྱུང་ངོ་། །ད་ལྟར་བའི་དུས་ནི་འདི་ལྟར་ཡོད་དོ་ཞེས་ཚོལ་བའོ། །རིགས་པ་ཚོལ་བ་ནི། རིགས་པ་བཞི་ལས། ལྟོས་པའི་རིགས་པ་ནི། འབྲས་བུ་རྣམས་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པའོ། །འདི་ཡང༌ཀུན་རྫོབ་དང་དོན་དམ་དང་དེ་དག་གི་གཞི་རྣམས་སོ་སོའི་སྒོ་ནས་ཚོལ་བའོ། །བྱ་བ་བྱེད་པའི་རིགས་པ་ནི། མེས་སྲེག་པའི་བྱ་བ་བྱེད་པ་སོགས་ཆོས་རྣམས་ཀྱིས་རང་རང་གི་བྱ་བ་བྱེད་པའོ། །འདི་ཡང༌འདི་ནི་ཆོས་སོ་འདི་ནི་བྱེད་པའོ་ཆོས་འདིས་ནི་བྱ་བ་འདི་བྱེད་དོ་ཞེས་ཚོལ་བའོ། །འཐད་པས་བསྒྲུབ་པའི་རིགས་པ་ནི། ཚད་མ་དང་མི་འགལ་བར་དོན་བསྒྲུབ་པའོ། །འདི་ཡང༌ཅི་འདི་ལ་མངོན་སུམ་དང་རྗེས་དཔག་དང་ཡིད་ཆེས་པའི་ལུང་གི་ཚད་མ་གསུམ་པོ་ཡོད་དམ་མེད་སྙམ་དུ་ཚོལ་བའོ། །ཆོས་ཉིད་ཀྱི་རིགས་པ་ནི། མེ་ཚ་བ་དང་ཆུ་རླན་པ་སོགས་ལ་དེ་དག་གི་ཆོས་ཉིད་དུ་འཇིག་རྟེན་ན་གྲགས་པའི་ཆོས་ཉིད་དང༌། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང༌། གནས་པའི་ཆོས་ཉིད་ལ་མོས་པར་བྱེད་ཅིང༌། དེ་ལྟར་ཡིན་པའི་རྒྱུ་མཚན་གཞན་སེམས་པར་མི་བྱེད་དེ། དེ་ལྟར་ཚོལ་བའོ། །དེ་ལྟར་དྲུག་ཏུ་བཞག་པ་ནི་རྣལ་འབྱོར་པས་ཤེས་པར་བྱ་བ་ནི་གསུམ་དུ་ངེས་ཏེ། སྨྲས་པའི་དོན་དང་ཤེས་བྱ་ཇི་སྙེད་པ་དང་ཇི་ལྟ་བའོ། །


JLD013_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དང་པོའི་དབང་དུ་བྱས་ནས་ཚོལ་བ་དང་པོའོ། །གཉིས་པའི་དབང་དུ་བྱས་ནས་དངོས་པོ་ཚོལ་བ་དང་རང་གི་མཚན་ཉིད་ཚོལ་བ་གཉིས་སོ། །གསུམ་པའི་དབང་དུ་བྱས་ནས་ལྷག་མ་གསུམ་དང་སྤྱིའི་མཚན་ཉིད་ཚོལ་བ་བཞག་གོ །ཉན་ས་ལས། དེ་ནི་ལྷག་མཐོང་གི་སྒོ་གསུམ་དང་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་ཡིན་ཏེ། མདོར་བསྡུ་ན། དེས་ནི་ལྷག་མཐོང་ཐམས་ཅད་ཡང་དག་པར་བསྡུས་པ་ཡིན་ནོ། །ཞེས་དེར་བཤད་པ་དེ་དག་གིས་ལྷག་མཐོང་ཐམས་ཅད་བསྡུས་པར་གསུངས་སོ། །དེ་ཡང༌དང་པོར་བཤད་པའི་ལྷག་མཐོང་བཞིའི་སྒོ་ནི་གསུམ་ཡིན་ལ། དེ་གསུམ་གྱི་ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པའི་ཚོལ་ལུགས་དྲུག་ཏུ་གསུངས་པས་སྒོ་གསུམ་དང་ཚོལ་བ་དྲུག་ནི་སྔ་མ་བཞིར་འདུ་བར་སྣང་ངོ་། །སྔར་བཤད་པའི་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ལ་སོགས་པ་བཞི་ཡང་ཞི་ལྷག་གཉིས་ཀའི་ཐུན་མོང་བ་ཡིན་པར་ཉན་སར་གསུངས་པས། ལྷག་མཐོང་ལ་ཡང་ཡིད་ལ་བྱེད་པ་བཞི་ཡོད་དོ། །དེས་ན་ཤེར་ཕྱིན་མན་ངག་ལས། དེ་ལྟར་ལྷག་མཐོང་རྣམ་པ་བཞི་བསྒོམ་པ་ཡོངས་སུ་རྫོགས་པས་ནི་གནས་ངན་ལེན་གྱི་འཆིང་བ་ལས་གྲོལ་བ་ཡིན་ལ། ཞི་གནས་རྣམ་པ་དགུའི་བསྒོམ་པ་ཡོངས་སུ་རྫོགས་པས་ནི་མཚན་མའི་འཆིང་བ་ལས་གྲོལ་བར་འགྱུར་ཏེ། ཞེས་གསུངས་པ་ལྟར། གཞུང་ཆེ་བ་མང་པོ་ནས་གསུངས་པས་ལྷག་མཐོང་བསྒོམ་པ་ནི་མདོ་སྡེ་དགོངས་འགྲེལ་ནས་བཤད་པ་ལྟར་གྱི་རྣམ་པར་འབྱེད་པ་སོགས་བཞིའི་སྒོ་ནས་ཡིན་ལ། ཞི་གནས་བསྒོམ་པ་ནི་ཅིར་ཡང་མི་རྟོག་པར་འཇོག་པའི་སེམས་དགུའི་


JLD013_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་ཡིན་ནོ། །གསུམ་པ་ལྷག་མཐོང་བསྒོམ་པའི་ཚུལ་ལ་གཉིས། ལུགས་གཞན་དགག་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ལ་བཞི་ལས། གཞན་ལུགས་དགག་པ་དང་པོ་ནི། ཁ་ཅིག་ན་རེ། བདག་མེད་པར་རྟོགས་པའི་ལྟ་བ་གང་ཡང་མ་རྙེད་ཀྱང་སེམས་ཅིར་ཡང་མི་རྟོག་པར་བཟུང་ན་དེས་ཡིན་ལུགས་ཀྱི་དོན་བསྒོམས་པར་འགྱུར་བ་ཡིན་ཏེ། ཡིན་ལུགས་སྟོང་པ་ཉིད་དེ་འདི་ཡིན་འདི་མ་ཡིན་གྱི་ངོས་བཟུང་ཐམས་ཅད་དང་བྲལ་བ་ཡིན་པས། དེ་ལྟར་འཇོག་པའི་ཚུལ་དེ་གནས་ལུགས་དང་མཐུན་པར་ཞུགས་པ་ཡིན་པའི་ཕྱིར་ཏེ། ཡུལ་ཅིར་ཡང་མ་གྲུབ་པ་ལ་བློས་ཀྱང་ཅིར་ཡང་མི་འཛིན་པའི་ཕྱིར་རོ། །ཞེས་སྨྲའོ། །འདི་ལ་བརྗོད་པར་བྱ་སྟེ། དེ་ལྟར་བསྒོམ་མཁན་དེས་ཡུལ་རྣམས་ཅིར་ཡང་མ་གྲུབ་པ་ལ་མ་གྲུབ་པར་ཤེས་ནས། དེ་ནས་དེ་དང་རྗེས་སུ་མཐུན་པར་བློས་ཀྱང་ཅིར་ཡང་མི་འཛིན་པར་འཇོག་པ་ཞིག་དགོས་སམ། དེ་ལྟར་མ་ཤེས་ཀྱང་ཡུལ་གྱི་གནས་ལུགས་དེ་གང་དུའང་མ་གྲུབ་པ་ཡིན་པས། བློས་ཀྱང་ཅིར་ཡང་མ་བཟུང་བའི་ཙོམ་འཇོག་བྱས་ན་དེའི་གནས་ལུགས་བསྒོམས་པ་ཡིན། དང་པོ་ལྟར་ན་དེས་ལྟ་བ་མ་རྙེད་པ་འགལ་བ་ཡིན་ཏེ། ཁྱེད་རང་དེ་ངེས་དོན་གྱི་ལྟ་བར་འདོད་པའི་ཕྱིར་རོ། །ཁོ་བོ་ཅག་གི་ལྟར་ན་དེ་འདྲ་བ་དེ་རིགས་པའི་དགག་བྱའི་མཚམས་མ་ཟིན་པས་གང་ཁས་བླངས་ཀྱང་རིགས་པས་གནོད་པར་མཐོང་ནས་དེ་ནས་ཅིར་ཡང་ངོས་བཟུང༌ས་མ་བྱུང་བ་ལ་བྱེད་ན་ནི་སྐུར་འདེབས་ཀྱི་ལྟ་བ་ཡིན་པས། དེའི་སྟེང་དུ་བཞག་པ་ཡང་སྟོང་ཉིད་ཕྱིན་ཅི་མ་ལོག་པ་བསྒོམ་པ་


JLD013_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། སྔར་མང་དུ་བཤད་ཟིན་ཏོ། །ཅི་སྟེ་ཆོས་འདི་དག་ཡིན་ཚུལ་དཔྱོད་པའི་རིགས་པས་རྣམ་པར་དཔྱད་པ་ན། དེ་དག་གི་དངོས་པོ་དང་དངོས་པོ་མེད་པ་སོགས་གང་ཡང་རིགས་པ་དེས་ཡོད་པར་མི་འགྲུབ་པས། དེ་རྣམས་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པ་ལ་བསམས་ནས་གང་ཟག་དེས་དེ་ལྟར་མ་རྟོགས་ཀྱང་། དེ་ལྟར་འཇོག་པའི་ཚུལ་དེ་དེ་དང་མཐུན་པར་འདུག་པ་ལ་སྟོང་ཉིད་བསྒོམ་པར་འདོད་ན་ནི། ཧ་ཅང་ཐལ་བར་འགྱུར་ཏེ། དབང་པོའི་ཤེས་པ་ཐམས་ཅད་ཀྱིས་ཀྱང་འདི་ནི་འདིའོ། །འདི་ནི་འདི་མིན་ནོ་སྙམ་པ་གང་དུ་ཡང་མི་འཛིན་པའི་ཕྱིར། ཡུལ་གྱི་གནས་ལུགས་དང་མཐུན་པར་འགྱུར་བས་དེ་ཐམས་ཅད་ཀྱང་ཡིན་ལུགས་བསྒོམ་པའི་སྒོམ་དུ་འགྱུར་བ་དང༌། སྔར་བཤད་པ་ལྟར་མུ་སྟེགས་བྱེད་ཀྱི་ཞི་གནས་ཅིར་ཡང་མི་རྟོག་པ་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་སྒོམ་དུ་འགྱུར་བ་སོགས་ཤིན་ཏུ་མང་ངོ་། །གཞན་ཡང༌ཡུལ་གྱི་གནས་ལུགས་དང་བློའི་འཇོག་ཚུལ་དེ་གཉིས་མཐུན་པ་དེ་གང་ཟག་གཞན་ཞིག་གིས་ཤེས་པས་ཆོག་ན་ནི། མུ་སྟེགས་བྱེད་ལ་སོགས་པ་ཡང་དེར་འགྱུར་བ་བཟློག་ཏུ་མེད་ལ། ཅི་སྟེ་དེ་དང་མི་འདྲ་སྟེ། འདིར་ནི་གང་ཟག་དེས་དེ་གཉིས་མཐུན་པར་ཤེས་ནས་དེ་ནས་བཞག་པ་ཡིན་ནོ་སྙམ་ན། དེ་འདྲ་བའི་མཐུན་ལུགས་དེ་ཤེས་ན་ལྟ་བ་རྙེད་པ་ཡིན་པས། ལྟ་བ་མ་གོ་ཡང་ཅིར་ཡང་མི་འཛིན་པར་བཞག་པ་ཙམ་གྱིས་སྟོང་ཉིད་བསྒོམས་པར་འདོད་པ་འགལ་བ་ཡིན་ནོ། །གལ་ཏེ་གང་དུ་རྟོག་ཀྱང་རྟོག་པ་དེ་ཐམས་ཅད་ཀྱིས་འཁོར་བར་འཆིང་བས་ཙོམ་འཇོག་གི་མི་རྟོག་པར་འཇོག་


JLD013_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲོལ་བྱེད་ཀྱི་ལམ་མོ་སྙམ་ན། འདི་ནི་སྔར་མང་དུ་བཀག་ཟིན་ལ། དེ་ལྟ་ན་ཧྭ་ཤང་གི་ལུགས་ལ་ཡང་སྐྱོན་འདོགས་རྒྱུ་ཅུང་ཟད་ཀྱང་མེད་པར་འགྱུར་ཏེ། སྒོམ་རིམ་ཐ་མ་ལས། གང་ཞིག་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་དག་ཅི་ཡང་མི་སེམས་ཅི་ཡང་མི་བྱེད་པ་དེ་དག་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །སྦྱིན་པ་ལ་སོགས་པ་དགེ་བ་སྤྱད་པར་མི་བྱའོ། །སྦྱིན་པ་ལ་སོགས་པ་སྤྱད་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ཤིང༌། དེ་སྐད་ཀྱང་སྨྲ་བ་དེས་ནི་ཐེག་པ་ཆེན་པོ་མཐའ་དག་སྤངས་པ་ཡིན་ནོ། །ཐེག་པ་ཐམས་ཅད་ཀྱི་རྩ་བ་ནི་ཐེག་པ་ཆེན་པོ་ཡིན་པས། དེ་སྤངས་ན་ཐེག་པ་ཐམས་ཅད་སྤངས་པར་འགྱུར་རོ། །འདི་ལྟར་ཅི་ཡང་མི་བསམ་མོ་ཞེས་སྨྲ་བ་ན། ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཀྱི་ཤེས་རབ་སྤངས་པར་འགྱུར་རོ། །ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་ནི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་དེ་སྤངས་ན་རྩ་བ་བཅད་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ཤེས་རབ་སྤངས་པར་འགྱུར་རོ། །སྦྱིན་པ་ལ་སོགས་པ་སྤྱད་པར་མི་བྱའོ་ཞེས་སྨྲས་པས་ཀྱང་སྦྱིན་པ་ལ་སོགས་པ་ཐབས་ཤིན་ཏུ་ཟུར་ཕྱིན་པར་སྤངས་པ་ཡིན་ནོ། །མདོར་ན་འདི་ལྟ་སྟེ། ཤེས་རབ་དང་ཐབས་ནི་ཐེག་པ་ཆེན་པོའོ། །དེ་སྐད་དུ་འཕགས་པ་ག་ཡ་གཽ་རི་ལས་


JLD013_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང་ཤེས་རབ་བོ་ཞེའོ། །འཕགས་པ་དེ་བཞིན་གཤེགས་པའི་གསང་བ་ལས་ཀྱང་བཀའ་སྩལ་ཏེ། ཐབས་དང་ཤེས་རབ་འདི་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་བསྡུས་པར་འགྱུར་རོ་ཞེས་འབྱུང་སྟེ། དེའི་ཕྱིར་ཐེག་པ་ཆེན་པོ་སྤོང་བ་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་བྱས་པར་འགྱུར་རོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་སྤོང་བ་ཐོས་པ་ཉུང་བ། བདག་གི་ལྟ་བ་མཆོག་ཏུ་འཛིན་པ། སྐྱེ་བོ་མཁས་པ་ལ་བསྙེན་བཀུར་མ་བྱས་པ། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཚུལ་མ་རྟོགས་པ། བདག་ཕུང་བར་བྱས་ནས་གཞན་ཕུང་བར་བྱེད་པ། རིགས་པ་དང་ལུང་དང་འགལ་བའི་དུག་གིས་བཏབ་པའི་ཚིག་ནི་མཁས་པ་བདག་ལ་ལེགས་སུ་འདོད་པས་ཟས་དུག་ཅན་བཞིན་དུ་རྒྱང་རིང་དུ་ཡོངས་སུ་སྤང་བར་བྱའོ། །ཞེས་ཧྭ་ཤང་གི་འདོད་པ་བཀོད་ནས། དེ་ལྟར་འདོད་ན་ཐེག་ཆེན་ཐམས་ཅད་སྤངས་པར་འགྱུར་ལུགས་རྣམས་གསལ་བར་གསུངས་པའི་ཕྱོགས་སྔ་མ་དེ་ངོ་ཤེས་པར་གྱིས་ཤིག །གལ་ཏེ་ཁོ་བོ་ཅག་སྦྱིན་པ་ལ་སོགས་པའི་སྤྱོད་པ་རྣམས་བྱེད་པས་དེ་དང་མི་འདྲའོ་སྙམ་ན། སྦྱིན་པ་ལ་སོགས་པའི་སྤྱོད་པ་ཙམ་གྱི་སྒོ་ནས་ཁོ་དང་ཁྱད་འབྱེད་དགོས་པར་བྱུང་ན། ཁོ་བོ་ཅག་དང་ཧྭ་ཤང་གཉིས་ངེས་དོན་གྱི་ལྟ་སྒོམ་འདྲ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཅིར་ཡང་མི་རྟོག་པའི་ཏིང་ངེ་འཛིན་ལ་ཡང་ཁྱད་པར་དབྱེ་བར་རིགས་སོ། །གཞན་ཡང་རྟོག་པ་གང་ཡིན་ཐམས་ཅད་ཀྱིས་


JLD013_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་འཆིང་ན་ཁྱེད་འཁོར་བ་ལས་གྲོལ་བ་དོན་དུ་གཉེར་བ་མ་ཡིན་ནམ། དེ་དོན་དུ་གཉེར་ན་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་ཡང་རྟོག་པས་བྱ་དགོས་པས། དེ་དག་བྱས་པ་ལ་དགོས་པ་ཅི་ཞིག་ཡོད་སྔར་མང་དུ་བཤད་ཟིན་ཏོ། །དེས་ན་རྟོག་པ་གང་ཡིན་ཐམས་ཅད་འཁོར་བར་འཆིང་བྱེད་དུ་འདོད་ན་ཧྭ་ཤང་གི་དེ་ལེགས་པ་ཡིན་གྱི། ཁྱེད་ལྟར་ན་འགལ་བའི་ཁུར་གྱིས་ནོན་པར་འགྱུར་བ་ཡིན་ནོ། །ཡང་དེའི་རྗེས་སུ་ཕྱོགས་པ་ཁ་ཅིག་འདི་སྙམ་དུ། བདག་གཉིས་སུ་མཚན་མར་འཛིན་པའི་ཡུལ་ལ་དཔྱོད་པ་མང་དུ་བྱས་ནས། དེ་ནས་ཡུལ་ཅན་གྱི་འཛིན་པ་དེ་བཟློག་པ་ནི། ཁྱི་རྡོ་ཕྱིར་འབྲངས་པ་དང་འདྲ་བར་སྤྲོས་པ་ཕྱི་ཆོད་ཡིན་པས། དང་པོ་ནས་སེམས་གང་དུ་ཡང་མི་འཕྲོ་བར་འཛིན་པ་ནི། རྡོ་འཕེན་པའི་ལག་མགོ་ནས་འཛིན་པ་དང་འདྲ་བར་དེ་བྱས་པ་ཉིད་ཀྱིས་མཚན་མར་འཛིན་པའི་ཡུལ་དེ་དག་ལ་མི་འཕྲོ་བ་ནི་སྤྲོས་པ་ཐམས་ཅད་ནང་ནས་གཅོད་པ་ཡིན་ནོ། །དེས་ན་ལྟ་བ་གཏན་ལ་འབེབས་པའི་ལུང་རིགས་རྣམས་ལ་སྦྱོང་བ་ནི་ཐ་སྙད་པའི་ཚིག་ཙམ་ལ་འབྱམས་པའོ་ཞེས་སྨྲའོ། །འདི་ནི་སངས་རྒྱས་ཀྱི་གསུང་རབ་དང་རྒྱན་དྲུག་ལ་སོགས་པའི་མཁས་པའི་གཞུང་ཐམས་ཅད་སྤོང་བའི་ལོག་རྟོག་གི་ཐ་ཆད་ཡིན་ཏེ། དེ་དག་གིས་ནི་རིགས་པ་དང་ལུང་གིས་དོན་དེ་གཏན་ལ་འབེབས་པ་ཁོ་ན་མཛད་པའི་ཕྱིར་རོ། །གཞན་ཡང་བདག་གཉིས་སུ་མཚན་མར་བཟུང་བའི་བློས་ཇི་ལྟར་བཟུང་བ་དེ་ཇི་འདྲ་བ་ཞིག་ཡིན་པ་དེ་ལེགས་པར་དཔྱད་ནས་རྣམ་པར་དག་པའི་


JLD013_Page_0994
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་རིགས་ཀྱིས། ཁོས་བཟུང་བ་ལྟར་མེད་པ་ལ་ངེས་པ་དྲངས་པའི་སྒོ་ནས་འཁྲུལ་པའི་བརྫུན་ཕུགས་རྡིབ་པ་ཞིག་དགོས་ཀྱི། དེ་འདྲ་བའི་ངེས་པ་ཅི་ཡང་མ་རྙེད་པར་སེམས་བཟུང་བ་ཙམ་ནི། དེའི་ཚེ་བདག་གཉིས་ཀྱི་ཡུལ་ལ་མི་འཕྲོ་བ་ཡིན་དུ་ཆུག་ཀྱང་དེ་ཙམ་གྱིས་བདག་མེད་པའི་དོན་རྟོགས་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཉིད་འཐུག་པོ་ལོག་པ་དང་བརྒྱལ་བ་ལ་སོགས་པའི་ཚེ་ཡང་དེ་དག་ལ་སེམས་འཕྲོ་བ་མེད་པས། དེ་དག་གིས་ཀྱང་བདག་མེད་རྟོགས་པར་ཧ་ཅང་ཐལ་བར་འགྱུར་རོ། །འདི་ནི་དཔེར་ན་མཚན་མོ་རྒྱུས་མེད་པའི་བྲག་ཕུག་ཏུ་སྲིན་པོ་ཡོད་དམ་མེད་སྙམ་དུ་འཇིགས་པ་ན། སྒྲོན་མེ་བཏེག་ནས་དེར་འདུག་མི་འདུག་ལེགས་པར་རྩད་བཅད་ནས་འཇིགས་པ་དེ་མི་སེལ་བར། སྲིན་པོ་ལ་རྟོག་པའི་རྟོག་པ་དེ་འཕྲོར་མ་འཇུག་པར་སེམས་ཟུངས་ཤིག་ཟེར་བ་དང་འདྲ་བ་ཡིན་ནོ། །སྒོམ་རིམ་ཐ་མ་ལས་ནི། གཡུལ་འགྱེད་པའི་ཚེ་མིག་ཕྱེ་ནས་དགྲ་གང་ན་འདུག་ལེགས་པར་བལྟས་ཏེ། དེར་མཚོན་འགྱེད་པའི་དཔའ་བོ་ལྟར་མི་བྱེད་པར། དགྲ་སྟོབས་ལྡན་མཐོང་བ་ན་མིག་བཙུམས་ནས་སྡོད་པའི་སྡར་མ་དང་འདྲ་བར་གསུངས་ཏེ། ཇི་སྐད་དུ། འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང་བཀའ་སྩལ་ཏེ། བུ་མོ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་ཡིན། གསོལ་པ། འཇམ་དཔལ། རྣམ་པར་བརྟགས་ན་ཆོས་ཐམས་ཅད་མི་དམིགས་པ་གང་ལགས་པའོ་ཞེས་འབྱུང་ངོ་། །དེ་ལྟ་བས་ན་རྣལ་འབྱོར་པས་ཡེ་ཤེས་ཀྱི་མིག་ཕྱེ་ལ། ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པའི་དགྲ་རྣམས་ཕམ་


JLD013_Page_0995
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། འཇིགས་པ་མེད་པར་གནས་པར་བྱ་ཡི། མི་སྡར་མ་བཞིན་དུ་མིག་གཟུམ་པར་མི་བྱའོ། །ཞེས་གསུངས་སོ། །དེས་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་ནས་སྐྲག་པ་ན། འཁྱིལ་བ་དེ་ཐག་པ་ཡིན་གྱི་སྦྲུལ་མ་ཡིན་པར་འདུག་གོ་སྙམ་པའི་ངེས་པ་བསྐྱེད་ནས། འཁྲུལ་པ་དང་སྐྲག་པའི་སྡུག་བསྔལ་དེ་ལྡོག་དགོས་པ་བཞིན་དུ། བདག་གཉིས་ཡོད་པར་བཟུང་ནས་འཁྲུལ་བ་དང༌། འཁྲུལ་པ་དེས་བསྐྱེད་པའི་འཁོར་བའི་སྡུག་བསྔལ་ཡང་། བདག་འཛིན་གྱི་ཡུལ་མེད་པར་ཐག་གཅོད་པའི་ལུང་རིགས་ཀྱི་ངེས་པ་དྲངས་ནས་བདག་འཛིན་དེ་འཁྲུལ་པར་གོ་བ་དང༌། དེ་ནས་དེའི་དོན་གོམས་པས་ལྡོག་ལ། དེ་ལོག་ན་དེས་བསྐྱེད་པའི་འཁོར་བའི་སྡུག་བསྔལ་ཐམས་ཅད་ལྡོག་པས་ན། དབུ་མ་རིགས་ཚོགས་ལ་སོགས་པར་ཡུལ་རྣམས་ལ་དཔྱད་ནས་འགོག་པའི་རྒྱུ་མཚན་དེ་ལྟར་ཡིན་ཏེ། འཕགས་པ་ལྷས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང༌། འཇུག་པ་ལས་ཀྱང༌། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །དངོས་པོ་ཇི་ལྟར་མེད་པར་ཡོངས་དཔྱད་ཟིན། །ཞེས་མཐར་འཛིན་གྱི་རྟོག་པས་དངོས་པོ་ཡོད་པར་བཟུང་བ་ན་དེ་རྣམས་སྐྱེ་བས། དེ་དག་གི་ཡུལ་མེད་པར་རྣམ་པ་དུ་མར་དཔྱད་པར་གསུངས་ཤིང༌། བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་སོ། །རིགས་པའི་དབང་ཕྱུག་གིས་ཀྱང༌། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་


JLD013_Page_0996
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་སྤོང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱིས་ཕྱི་ཚུལ་དག་གིས་མིན། །ཞེས་དུ་མ་ཞིག་གསུངས་སོ། །རྟོག་པ་གང་ཡིན་ཐམས་ཅད་འཁོར་བར་འཆིང་བྱེད་ཡིན་པས་སྟོང་ཉིད་བསྒོམ་པའི་ཚེ། རྟོག་པ་ཐམས་ཅད་དགག་གོ་ཞེས་སྨྲ་བ་དེ་ལ། འདི་ལྟར་ཡང་དཔྱད་པར་བྱ་སྟེ། ཅི་སོ་སོ་སྐྱེ་བོ་སྟོང་ཉིད་སྒོམ་པ་པོ་དེ་ལ་སྟོང་པ་ཉིད་བདག་མེད་པའི་དོན་དེ་མངོན་གྱུར་ཡིན་ནམ་ལྐོག་གྱུར་ཡིན། དང་པོ་ལྟར་ན་གང་ཟག་དེ་འཕགས་པར་འགྱུར་ཏེ། བདག་མེད་པའི་དོན་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །ཅི་སྟེ་བདག་མེད་པའི་དོན་མངོན་སུམ་དུ་རྟོགས་ཀྱང་སོ་སོ་སྐྱེ་བོར་མི་འགལ་བར་ཁྱེད་སྨྲ་ན་ནི། ཁོ་བོ་ཅག་གིས་ཀྱང་བདག་མེད་པའི་དོན་ལྐོག་གྱུར་དུ་སོང་བའི་གང་ཟག་ཡིན་ཀྱང་འཕགས་པ་ཡིན་པ་མི་འགལ་ལོ་ཞེས་སྨྲ་བར་བྱ་སྟེ། ཀུན་ནས་མཚུངས་པའི་ཕྱིར་རོ། །ཡང་དེ་འདྲ་བའི་གང་ཟག་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་དེས་རང་གི་ཡུལ་དེ། དེ་ཁོ་ན་ཉིད་ཀྱི་དོན་ཡིན་པར་མི་ཤེས་པས། གང་ཟག་གཞན་གྱིས་དེ་ལ་ལུང་གི་རྟགས་ཀྱིས་དེ་ཁོ་ན་ཉིད་བསྒྲུབ་པའི་ངོ་སྤྲོད་དགོས་པ་ནི་མཁས་པའི་བཞད་གད་ཀྱི་གནས་ཡིན་ཏེ། སློབ་མས་མངོན་སུམ་གྱིས་གྲུབ་པ་ལ་སློབ་དཔོན་གྱིས་རྗེས་དཔག་གི་སྒོ་ནས་བསྒྲུབ་པར་འདོད་པའི་ཕྱིར་རོ། །དེའི་ཕྱིར་གཏམ་དེ་འདྲ་བ་ནི་རིགས་པ་ཤེས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་གྱིས་གྲུབ་ཀྱང་ཐ་སྙད་རྟགས་ཀྱིས་བསྒྲུབ་པ་ཡིན་ནོ་ཞེས་ཀྱང་སྨྲ་མི་ནུས་ཏེ།


JLD013_Page_0997
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པའི་དབང་ཕྱུག་གིས། དེ་ནི་ཤིན་ཏུ་རྨོངས་དོན་ཏེ། །གནག་རྫི་མོ་བར་གྲགས་ཕྱིར་རོ། །ཞེས་དོན་གྲུབ་ན་ཐ་སྙད་འདོགས་ཤེས་པའི་གནག་རྫིའི་བར་ལ་གྲགས་པའི་དོན་ལ་ཡང་རྨོངས་པ་ལ་རྟགས་དེ་འགོད་པར་གསུངས་པས། དེ་འདྲ་བའི་རྨོངས་པས་ཀྱང་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་འདོད་ན། དེ་ཁོ་ན་ཉིད་མ་རྟོགས་པའི་བླུན་པོ་ཇི་འདྲ་ཞིག་ཡོད་པ་ཡང་བརྗོད་པར་གྱིས་ཤིག །དེ་ཁོ་ན་ཉིད་ཡིན་དུ་ཆུག་ཀྱང་། དཔེར་ན་དཀར་ཟལ་བ་ལང་ཡིན་ཡང་བ་ལང་གི་མཚན་ཉིད་དུ་མི་རུང་བ་བཞིན་དུ་མངོན་སུམ་དུ་མཐོང་བ་དེ་ཙམ་དེ་ཁོ་ན་ཉིད་རྣམ་པར་འཇོག་པའི་མཚན་ཉིད་དུ་མི་འཐད་ཅིང༌། རང་གིས་ཁས་བླངས་པ་དང་ཡང་འགལ་བས་ཐ་སྙད་བསྒྲུབ་ཏུ་སྨྲ་བ་ནི་ཟེར་རྒྱུས་ཕོངས་པར་གསལ་ཏེ་མི་སྤྲོའོ། །གལ་ཏེ་སྟོང་ཉིད་སྒོམ་པ་པོ་དེ་ལ་བསྒོམ་བྱ་བདག་མེད་པ་སྟོང་པ་ཉིད་ཀྱི་དོན་དེ་ལྐོག་ཏུ་གྱུར་པ་ཡིན་ན་ནི། ལྐོག་གྱུར་གྱི་དོན་རྟོག་བྲལ་གྱི་ཤེས་པས་འཛིན་པར་འདོད་པ་ནི་བཞད་གད་ཀྱི་གནས་སོ། །མདོར་ན་སྟོང་པ་ཉིད་བསྒོམ་པའི་སོ་སོ་སྐྱེ་བོའི་བློ་དེ། ཡུལ་བདག་མེད་ལ་བློ་ཁ་མ་ཕྱོགས་ན་སྟོང་ཉིད་བསྒོམ་པར་འགལ་ལ། དེ་ལ་བློ་ཁ་ཕྱོགས་ན་ཡང་ཡུལ་དེ་མངོན་ལྐོག་གང་རུང་གཅིག་ཏུ་ངེས་ཤིང་། དེ་ལ་བདག་མེད་མངོན་གྱུར་ཡིན་ན་འཕགས་པར་འགྱུར་བས། སོ་སྐྱེ་ལ་བདག་མེད་པའི་དོན་ལྐོག་གྱུར་དུ་འདོད་དགོས་ན། དེའི་ཚེ་བདག་མེད་པའི་དོན་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཡིན་པས་རྟོག་བྲལ་འགལ་བ་ཡིན་ནོ། །གཞན་ཡང་སྦྱོར་ལམ་ཆོས་མཆོག་ཆེན་པོ་


JLD013_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་བདག་མེད་པའི་དོན་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འདོད་བཞིན་དུ། ད་ལྟའི་ལས་དང་པོ་པས་སྟོང་ཉིད་བསྒོམ་པའི་བློ་རྟོག་བྲལ་དུ་འདོད་པ་ཤིན་ཏུ་འགལ་ལོ། །བདག་མེད་པའི་དོན་ལ་རྟོག་བྲལ་ཡིན་ན་ནི། མ་འཁྲུལ་བ་དེ་ལས་ཀྱང་འགྲུབ་པར་སླ་བས་རྣལ་འབྱོར་མངོན་སུམ་དུ་འགྱུར་ཏེ། བདག་མེད་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ན་བདག་ཏུ་འཛིན་པའི་ཡུལ་རིགས་པས་སུན་ཕྱུང་བའི་ཡང་དག་པའི་ལྟ་བ་མ་རྙེད་པར། བདག་གཉིས་ལ་སོགས་པ་ལ་འཕྲོ་བའི་སེམས་མི་འཕྲོ་བར་བཟུང་བ་ཙམ་གྱིས་བདག་མེད་པའི་དོན་བསྒོམ་པར་འདོད་པ་དང་། སོ་སོ་སྐྱེ་བོས་བདག་མེད་རྟོག་བྲལ་གྱི་ཤེས་པས་བསྒོམ་པར་འདོད་པ་ནི། ལུང་དང་རིགས་པའི་ལམ་ལས་ཆེས་ཆེར་འཁྱམས་པའོ། །གཞན་ལུགས་དགག་པ་གཉིས་པ་ནི། ཁ་ཅིག་ན་རེ། བདག་མེད་པའི་སྟོང་པ་ཉིད་ཀྱི་ལྟ་བ་མ་རྙེད་པར་ཅིར་ཡང་མི་རྟོག་པར་འཇོག་པ་ཙམ་ནི། སྟོང་ཉིད་བསྒོམ་པར་མི་རིགས་པ་ཁོ་བོ་ཅག་ཀྱང་འདོད་པས་སྔ་མ་མི་རིགས་མོད། འོན་ཀྱང་བདག་མེད་པའི་ངེས་དོན་གྱི་ལྟ་བ་རྙེད་ཕྱིན་ཆད་གང་ཟག་དེས་མི་རྟོག་པར་བཞག་པ་ཐམས་ཅད་སྟོང་ཉིད་བསྒོམས་པ་ཡིན་ནོ་ཞེས་སྨྲའོ། །འདི་ནི་མི་རིགས་པ་ཡིན་ཏེ། གང་ཟག་དེས་ངེས་དོན་གྱི་ལྟ་བ་རྙེད་པ་ཡིན་པས། ཁོས་མི་རྟོག་པ་གང་བསྒོམས་པ་ཐམས་ཅད་ངེས་དོན་གྱི་ལྟ་བས་གཏན་ལ་ཕབ་པའི་དོན་བསྒོམས་པར་འགྱུར་ན། དེ་འདྲ་བའི་གང་ཟག་དེས་བྱང་ཆུབ་ཀྱི་སེམས་བསྒོམས་པ་དེ་ངེས་དོན་གྱི་ལྟ་བ་བསྒོམས་པར་མི་འགྱུར་བའི་རྒྱུ་མཚན་ཅི་ཡིན་སྨྲོས་ཤིག །གལ་


JLD013_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དེ་ངེས་དོན་གྱི་ལྟ་བ་རྙེད་པའི་གང་ཟག་གི་སྒོམ་ཡིན་ཀྱང༌། ལྟ་བ་དེ་དེའི་ཚེ་དྲན་པར་བྱས་ནས་དེའི་སྟེང་དུ་བཞག་ནས་བསྒོམ་པ་མིན་པས་སོ་སྙམ་ན། འོ་ན་ནི་གང་ཟག་དེས་ངེས་དོན་གྱི་ལྟ་བ་རྙེད་ཀྱང་བསྒོམ་པའི་ཚེ། ལྟ་བ་དེ་ཉིད་དྲན་པར་བྱས་ནས་ལྟ་ཐོག་ཏུ་བཞག་པའི་སྒོམ་ཡིན་ན་སྟོང་ཉིད་བསྒོམ་པ་ཡིན་དུ་ཆུག་ཀྱང༌། དེས་མི་རྟོག་པར་གང་བཞག་ཐམས་ཅད་ལྟ་བ་བསྐྱངས་པར་ཇི་ལྟར་འགྱུར། དེས་ན་ལྟ་བ་རྙེད་ཀྱང་སྐྱོང་བའི་ཚེ་ན་སྔར་གྱི་ལྟ་བས་གཏན་ལ་ཕབ་པའི་དོན་དྲན་པར་བྱས་ནས་སྟོང་པ་ཉིད་བསྒོམ་དགོས་ཀྱི། ཅིར་ཡང་མི་རྟོག་པའི་ཙོམ་འཇོག་ཙམ་ཞིག་བྱས་པས་སྟོང་ཉིད་བསྒོམ་པར་མི་འགྲོའོ། །འདིར་རང་གི་ལུགས་ཀྱི་ཅིར་ཡང་མི་རྟོག་པ་ཞེས་སྔར་ཞི་གནས་དང་སྐབས་འདི་དག་ཏུ་མང་དུ་འབྱུང་བ་ནི། འདི་ནི་འདིའོ་འདི་ནི་འདི་མིན་ནོ་ཞེས་མང་དུ་མི་དཔྱོད་པར་དམིགས་པ་ཞིག་བཟུང་ནས་གནས་པ་ལ་བྱེད་ཀྱི། རྟོག་བྲལ་དུ་འདོད་པ་མིན་ནོ། །གཞན་ལུགས་དགག་པ་གསུམ་པ་ནི། ཁ་ཅིག་ན་རེ། ལྟ་བ་མ་རྙེད་པའི་མི་རྟོག་པར་འཇོག་པ་སྟོང་ཉིད་སྒོམ་པར་བྱེད་པའི་དང་པོ་ཡང་མི་འདོད་ལ། ལྟ་བ་རྙེད་ནས་མི་རྟོག་པར་གང་བཞག་ཀྱང་སྟོང་ཉིད་བསྒོམ་པར་མི་འདོད་ཀྱི། འོན་ཀྱང་ཅིར་ཡང་མི་རྟོག་པར་སྐྱོང་རེས་ཀྱིས་དེའི་སྔོན་རོལ་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ཚར་གཅིག་བཏང་ན། དེའི་འོག་ཏུ་མི་རྟོག་པར་གང་བཞག་ཐམས་ཅད་སྟོང་ཉིད་ཀྱི་དོན་བསྒོམས་པར་འགྱུར་རོ་ཞེས་སྨྲའོ། །འདི་ཡང་མི་འཐད་དེ། དེ་ལྟ་ན་གཉིད་ལོག་ཁར་ལྟ་བའི་དཔྱད་པ་ཚར་གཅིག་བྱས་ནས་དེའི་རྗེས་སུ་གཉིད་འཐུག་པོ་ལོག་པའི་མི་རྟོག་པ་ཡང་སྟོང་ཉིད་བསྒོམ་པར་ཧ་ཅང་ཐལ་བར་འགྱུར་ཏེ།


JLD013_Page_1000
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་དཔྱད་པ་སྔོན་དུ་སོང་བར་གཉིས་ཀ་ལ་མཚུངས་ལ། རང་དུས་ན་ལྟ་བའི་སྟེང་དུ་བཞག་པའི་སྒོམ་ཡིན་མི་དགོས་པར་སྣང་བའི་ཕྱིར་རོ། །དེས་ན་ལྟ་བའི་དཔྱད་པ་བྱས་ནས་རང་བཞིན་མེད་པར་གཏན་ལ་ཕབ་པའི་དོན་ལ་བཞག་པ་ཡིན་ཀྱང༌། དེ་ནས་ཅུང་ཟད་སོང་བ་ན་ལྟ་ཐོག་ཏུ་བཞག་པ་ཤོར་ནས་སྤྱིར་བློ་ཅི་ལ་ཡང་མི་རྟོག་པར་གནས་པ་ནི་སྟོང་པ་ཉིད་ཀྱི་སྒོམ་མ་ཡིན་པས་རྟོག་པ་སྤྱང་བར་བྱས་ཏེ། ལྟ་ཐོག་ཏུ་གནས་མི་གནས་བྱ༌ར་ཐུ་རེ་བྱས་ནས་སྐྱོང་དགོས་སོ། །གཞན་ལུགས་དགག་པ་བཞི་པ་ནི། ཁ་ཅིག་ན་རེ། དེ་ལྟར་སྔ་མ་གསུམ་མི་འདོད་ཀྱི། སྟོང་ཉིད་བསྒོམ་པའི་ཚེ་སྟོང་ཉིད་ལ་ངེས་པ་དྲངས་ཏེ། དེ་ནས་དེའི་དོན་དེ་ལ་སེམས་བཟུང་ནས་དེ་ལས་གཞན་དུ་མི་དཔྱོད་པར་འཇོག་པ་ནི་སྟོང་ཉིད་ཕྱིན་ཅི་མ་ལོག་པར་བསྒོམ་པ་ཡིན་ཏེ། ལུགས་དང་པོ་ལྟར་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པའང་མེད་ལ། ལུགས་གཉིས་པ་ལྟར་མི་རྟོག་པར་སྐྱོང་བའི་ཚེ་སྟོང་ཉིད་ཀྱི་ལྟ་བ་དྲན་པར་མི་བྱེད་པ་ཡང་མིན་ཞིང༌། ལུགས་གསུམ་པ་ལྟར་ལྟ་བའི་དཔྱད་པ་སྔོན་དུ་བཏང་ཡང་དེ་ནས་ལྟ་ཐོག་ཏུ་མི་གནས་པའི་མི་རྟོག་པ་ཡང་མིན་པའི་ཕྱིར་རོ་སྙམ་ན། འདི་ནི་ལྟ་བའི་དཔྱད་པ་བྱས་ཟེར་བའི་དོན་ལྟ་བ་དྲན་ཙམ་བྱས་ནས། ལྟ་ཐོག་ཏུ་འཇོག་སྒོམ་ཁོ་ན་བྱེད་པ་ལ་སྟོང་ཉིད་བསྒོམ་པར་འདོད་པ་ཡིན་པས། རིགས་པ་མ་ཡིན་ཏེ། དེ་ལྟ་ན་དེ་ལ་སྟོང་ཉིད་ལ་འཇོག་སྒོམ་བྱེད་པའི་ཞི་གནས་ཙམ་ཡོད་ཀྱི། དཔྱད་སྒོམ་ལྷག་མཐོང་གི་སྐྱོང་ཚུལ་མེད་པས་ཞི་ལྷག་གཉིས་འབྲེལ་བར་སྐྱོང་བ་མེད་པའི་ཕྱོགས་གཅིག་པ་ཡིན་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། བདག་མེད་པའི་ངེས་དོན་གྱི་ལྟ་བ་མ་རྙེད་ན་དེའི་རྒྱུད་ཀྱི་སྒོམ་ཐམས་ཅད་བདག་མེད་ལ་བློ་ཁ་མ་ཕྱོགས་པར་འགྱུར་བས། བདག་མེད་པའི་ལྟ་བ་རྙེད་པ་ཞིག་

ཤོག་ལྷེབ་ ༡༠༠༡ ནས་ ༡༠༣༧ བར།


JLD013_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། དེ་ཡང་གོ་བ་ཙམ་ཡོད་པས་མི་ཆོག་པས་སྐྱོང་བའི་ཚེ་ལྟ་བ་དྲན་ནས་དཔྱོད་པ་དང་དཔྱད་པའི་དོན་དེ་ཉིད་ལ་བསྒོམ་པ་ཞིག་དགོས་ལ། དེ་ལ་ནི་བདག་མེད་པའི་དོན་ལ་མི་དཔྱོད་པར་འཇོག་པ་དང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྒོམ་པ་གཉིས་ཀ་དགོས་ཀྱི། ཕྱོགས་རེ་བས་མི་ཆོག་གོ །འདི་ལ་གསུམ། འཇོག་སྒོམ་དང་དཔྱད་སྒོམ་གཉིས་ཀ་དགོས་པའི་རྒྱུ་མཚན། དེ་ལ་རྩོད་པ་སྤང་བ། སྐྱོང་ཚུལ་གྱི་གནད་ཅུང་ཟད་བཤད་པའོ། །དང་པོ་ནི། བདག་མེད་པའི་དོན་ལ་ཕུ་ཐག་ཆོད་པའི་ལྟ་བའི་ངེས་པ་མེད་ན་ལྷག་མཐོང་གི་རྟོགས་པ་མི་སྐྱེ་སྟེ། དེ་ནི་དེའི་རྒྱུར་གསུངས་པའི་ཕྱིར་དང༌། ལྟ་བ་དེ་འཆད་པའི་གཏམ་མ་ཐོས་པ་ལྷག་མཐོང་གི་གེགས་སུ་གསུངས་པའི་ཕྱིར་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས། ཞི་གནས་དང་ལྷག་མཐོང་རྒྱུ་གང་ལས་བྱུང་བ་ལགས། བྱམས་པ། ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་དང་ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ཞེས་དང༌། འཕགས་པའི་གཏམ་འདོད་པ་བཞིན་མ་ཐོས་པ་ནི་ལྷག་མཐོང་གི་གེགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། སྲེད་མེད་ཀྱི་བུས་ཞུས་པ་ལས། ཐོས་པ་ལས་ཤེས་རབ་འབྱུང་ཞིང་ཤེས་རབ་ཀྱིས་ཉོན་མོངས་པ་སྤོང་བ་སོགས་སྔར་དུ་མ་ཞིག་དྲངས་པ་ལྟར་གསུངས་པའི་ཕྱིར་རོ། །ལྟ་བ་དེ་ལས་ལྷག་མཐོང་སྐྱེ་ལུགས་ནི། དང་པོ་གཏན་ལ་འབེབས་པའི་ཚེ་ལུང་རིགས་ཀྱི་སྒོ་དུ་མ་ནས་རྣམ་པར་དཔྱད་ནས་གཏན་ལ་འབེབས་ཤིང༌། གཏན་ལ་


JLD013_Page_1002
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་པའི་ཚེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་དཔྱད་དེ་མི་སྐྱོང་བར། འཇོག་སྒོམ་ཙམ་ཞིག་བྱས་པས་སྐྱེ་བ་མིན་པས། ཞི་གནས་གྲུབ་ནས་སྒོམ་པར་བྱེད་པའི་ཚེ་དཔྱད་ནས་སྐྱོང་དགོས་སོ། །འདི་ལ་ཁ་ཅིག །དང་པོ་ནས་མི་དཔྱོད་པར་མི་འདོད་ཀྱང་ཐོས་བསམ་གྱིས་གཏན་ལ་ཕབ་ཟིན་ནས་བསྒོམ་པའི་ཚེ། དཔྱད་སྒོམ་བྱས་ན་རྟོག་པ་རྣམས་མཚན་འཛིན་ཡིན་སྙམ་དུ་བཟུང་སྟེ། དེ་ལྟར་མི་སྐྱོང་ན་ནི་རྟོག་པ་གང་ཡིན་མཚན་འཛིན་ཡིན་པ་དང་སོ་སོ་སྐྱེ་བོས་རྟོག་བྲལ་གྱི་ཤེས་པས་བདག་མེད་བསྒོམ་པར་འདོད་པ་མང་དུ་བཀག་པས་མི་འཐད་དོ། །གཞན་ཡང༌རྟོག་པ་དེ་དག་ཐམས་ཅད་བདེན་འཛིན་ཡིན་པས་བསྒོམ་པའི་ཚེ་འགོག་ན། གཏན་ལ་འབེབས་པའི་ཚེ་ཡང་རྟོག་པས་དེ་དག་བྱ་དགོས་པས་དགག་དགོས་པར་འགྱུར་ཞིང༌། སློབ་མ་ལ་འཆད་པ་དང་རྩོད་པ་དང་རྩོམ་པ་དང་ལྟ་རྟོག་བྱེད་པ་སོགས་ཐམས་ཅད་ཀྱང་ཁྱེད་ཀྱིས་རྟོག་པས་བྱ་དགོས་པས་དེའི་ཚེ་ཡང་འགོག་དགོས་པར་འགྱུར་ཏེ། བདེན་འཛིན་སྒོམ་བྱེད་དུས་དགག་དགོས་ལ། དུས་གཞན་གྱི་ཚེ་མི་དགོས་པའི་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་མི་འདོད་ཀྱི། འོན་ཀྱང་ལུང་དང་རིགས་པས་སྒོ་དུ་མ་ནས་དཔྱོད་པ་ནི་བདག་མེད་པའི་དོན་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་ཡིན་ལ། ལྟ་བ་ཡང་རྙེད་ཟིན་པས་བསྒོམ་པའི་ཚེ་མི་དགོས་སོ་སྙམ་ན། དེ་ལྟ་ན་མཐོང་ལམ་དུ་བདག་མེད་པ་མངོན་སུམ་དུ་རྟོགས་པ་ཡིན་པས། དེ་ནས་བདག་མེད་མཐོང་ཟིན་པ་དེ་བསྒོམས་པ་དོན་མེད་པར་འགྱུར་རོ། །གལ་ཏེ་དེ་ནི་བསྒོམ་དགོས་ཏེ་སྒོམ་སྤང་རྣམས་གོམས་པས་སྤོང་


JLD013_Page_1003
[མ་དཔེ་གཟིགས་ན་འདིར་གནོན།]

གི །མཐོང་བ་ཙམ་གྱིས་མི་སྤོང་ངོ་སྙམ་ན། མཚུངས་ཏེ། འདིར་ཡང་སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པས་ངེས་ཟིན་ཀྱང་གཏན་ལ་འབེབས་པ་ལ་གོམས་པར་བྱ་དགོས་པའི་ཕྱིར་ཏེ། ཇི་ཙམ་དུ་གཏན་ལ་འབེབས་པ་དེ་གོམས་པར་བྱས་པ་དེ་ཙམ་དུ་ངེས་པ་དེ་ཤུགས་དྲག་པ་དང་རྒྱུན་རིང་བ་དང་རྣམ་པ་གསལ་བ་དང་བརྟན་པར་འགྱུར་བ་སོགས་སུ་མཐོང་བའི་ཕྱིར་རོ། །དེས་ན་རྣམ་འགྲེལ་ལས། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །ཞེས་གསུངས་པ་ལྟར། དེ་གཉིས་གནོད་བྱ་གནོད་བྱེད་ཡིན་པས་ངེས་པ་ཇི་ལྟར་བརྟན་པ་དང་ཤུགས་དྲག་པ་སོགས་སུ་སོང་བ་དེ་ཙམ་དུ་སྒྲོ་འདོགས་ལ་གནོད་པས། འདིར་ཡང་རང་བཞིན་མེད་པའི་ངེས་པ་ཇེ་འཕེལ་དུ་བརྟན་དགོས་ལ། དེ་ཡང་གནོད་བྱེད་དང་སྒྲུབ་བྱེད་དུ་མའི་སྒོ་ནས་བསམ་དགོས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མི་རྟག་པ་དང་ལས་འབྲས་དང་འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་དང་བྱམས་པ་དང་སྙིང་རྗེ་སོགས་ལའང་དེ་དག་གི་གོ་བ་རྙེད་པ་ནས་མི་དཔྱོད་པར་བདག་ནི་འཆིའོ་སྙམ་པ་ཙམ་གྱི་འཛིན་སྟངས་གཅིག་ཁོ་ན་བཟུང་ནས་བསྐྱང་དགོས་པར་འགྱུར་ཏེ། རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་རོ། །དེས་ན་ངེས་པ་རྣམ་དག་འདྲེན་པ་ལ་ནི་བདག་ནི་འཆིའོ་སྙམ་པ་དང་། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་དང་། སེམས་ཅན་སྙིང་རེ་རྗེ་སྙམ་པ་ཙམ་རེ་ལ་སོགས་པ་དམ་བཅའ་ཙམ་རེས་མི་ཆོག་གི །རྒྱུ་མཚན་སྒོ་དུ་མ་ནས་བསམ་དགོས་


JLD013_Page_1004
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དུ། རང་བཞིན་མེད་པའི་ངེས་པ་བརྟན་པ་དང་ཤུགས་དྲག་པ་སོགས་ཀྱང་དམ་བཅའ་ཙམ་ཞིག་བཟུང་བས་མི་ཆོག་གི །གནོད་བྱེད་དང་སྒྲུབ་བྱེད་སྒོ་མ་དུ་མ་ནས་བསམ་དགོས་ཏེ། སྐྱེས་བུ་ཆུང་ངུའི་སྐབས་སུ་ཡང་མང་དུ་བཤད་ཟིན་ཏོ། །དེ་ལྟར་ཡང་སྒོམ་རིམ་གསུམ་གར་ཞི་གནས་གྲུབ་ནས་བསྒོམ་པའི་ཚེ་དཔྱད་པ་མང་དུ་བྱས་ནས་བསྒོམ་པར་གསུངས་ཤིང༌། འཇུག་པ་ལས་ཀྱང༌། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་སོགས་ཀྱིས་བསྒོམ་པའི་ཚེ་དཔྱད་པ་དེ་དག་བྱེད་པར་གསུངས་ཏེ། རྣལ་འབྱོར་པ་ནི་ཞི་ལྷག་གང་རུང་རྙེད་པ་ཞིག་ལ་བྱེད་པའི་ཕྱིར་དང་། ཞི་གནས་མ་གྲུབ་པའི་སྔོན་དུ་ལྟ་བའི་གོ་བ་མི་འཚོལ་བ་མ་ཡིན་པའི་ཕྱིར་དང༌། བསམ་གཏན་གྱི་འོག་ཤེས་རབ་ཀྱི་སྐབས་སུ་ལྟ་བའི་དཔྱད་པ་རྣམས་གསུངས་པས་དེའི་རིམ་པའི་གནད་ཀྱིས་བསམ་གཏན་བསྒྲུབས་ནས་བདག་མེད་གཉིས་ལ་དཔྱོད་པ་དགོངས་པ་ཡིན་ལ། དབུ་མ་སྙིང་པོ་ལས་ཀྱང༌། བློ་གྲོས་མཉམ་གཞག་འོག་ཏུ་ནི། །ཐ་སྙད་སྒོ་ནས་གཟུང་བྱ་བའི། །ཆོས་རྣམས་དངོས་པོ་འདི་དག་ལ། །ཤེས་རབ་ཀྱིས་ནི་འདི་ལྟར་བརྟག །ཅེས་གསུངས་ཤིང༌། འགྲེལ་པར། ཏིང་ངེ་འཛིན་སྐྱེས་པའི་འོག་ཏུ་ལྟ་བའི་དཔྱད་པ་རྣམས་བྱ་བར་གསུངས་པ་དང༌། སྤྱོད་འཇུག་ལས་ཀྱང༌། ཞི་གནས་བསམ་གཏན་ལེའུར་འབྱུང་བ་བཞིན་བསྒྲུབས་ནས། དེ་ནས་ཤེས་རབ་བསྒོམ་པ་ན་རིགས་པའི་དཔྱད་པས་བསྒོམ་པར་གསུངས་པའི་ཕྱིར་རོ། །དེས་ན་ཕར་ཕྱིན་ཐ་མ་གཉིས་ཀྱི་རིམ་པ་དང་བསླབ་པ་ཕྱི་མ་གཉིས་ཀྱི་རིམ་པ་ཐམས་ཅད་ཏིང་


JLD013_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་སྔོན་དུ་བསྒྲུབས་ནས་ཤེས་རབ་བསྒོམ་པའི་རིམ་པ་ཡིན་ལ། ཤེས་རབ་དེའི་བསྒོམ་ཚུལ་ལ་ཇི་ལྟ་བ་དང་ཇི་སྙེད་པ་ལ་དཔྱོད་པའི་སྒོ་ནས་གསུངས་པ་ཐམས་ཅད་བསྒོམ་པའི་རིམ་པ་ཡིན་པས་ལོག་པར་བརྟག་པར་མི་བྱའོ། །དེ་དག་ཏུ་མ་ཟད་གཞུང་ཆེ་བ་དུ་མ་ནས་དེ་ལྟར་གསུངས་པས་བསྒོམ་པའི་ཚེ་དཔྱོད་པར་གདོན་མི་ཟའོ། །དེ་ལྟར་ན་ཞི་གནས་གྲུབ་པའི་འོག་ཏུ་ལྷག་མཐོང་བསྒོམ་པའི་ཚེ་དཔྱད་སྒོམ་འབའ་ཞིག་བྱས་ན་སྔར་གྱི་ཞི་གནས་འཇིག་ལ། གསར་དུ་ཡང་མ་བསྒྲུབས་པའི་ཕྱིར་ཞི་གནས་མེད་པར་འགྱུར་ལ། དེའི་ཕྱིར་ལྷག་མཐོང་ཡང་མི་སྐྱེ་སྟེ་སྔར་བཤད་པ་ལྟར་རོ། །དེས་ན་སྔར་གནས་པ་གྲུབ་པའི་ཞི་གནས་ཀྱང་སྐྱོང་དགོས་ལ། དཔྱད་སྒོམ་ཡང་བྱ་དགོས་པས་གཉིས་ཀ་དགོས་སོ། །དེ་ཡང་ལྷག་མཐོང་གི་དཔྱད་སྒོམ་བྱས་པའི་མཐར། དོན་དེ་ལ་འཇོག་སྒོམ་བྱས་པས་བདག་མེད་པ་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་འགྲུབ་པ་ཡིན་ནོ། །སྒོམ་རིམ་བར་པ་ལས། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏེ། དེ་ལྟར་སྐྱོན་ལ་མཁས་པ་དེས་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར། སྟོང་པ་ཉིད་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་སྟོང་པ་ཉིད་བསྒོམ་པ་མང་བས་གནས་གང་དང་གང་དུ་སེམས་འཕྲོ་ཞིང༌། སེམས་མངོན་པར་དགའ་བའི་གནས་དེ་དང་དེ་དག་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་ཡིན་པ་དེ་ཡང་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་བཙལ་


JLD013_Page_1006
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྟོང་པར་རྟོགས་ཏེ། དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ་། །འདིས་ནི་ཡོངས་སུ་རྟོག་པ་སྔོན་དུ་གཏོང་བ་ཉིད་མཚན་མ་མེད་པ་ཉིད་ལ་འཇུག་པར་བསྟན་ཏེ། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་དང་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་མི་དཔྱོད་པར་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་མི་སྲིད་པར་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །ལུང་དེས་ནི་སེམས་འཕྲོ་བའི་ཡུལ་དང་འཕྲོ་མཁན་གྱི་སེམས་རྣམས་བརྟགས་པ་ན་སྟོང་པར་རྟོགས་པ་དང་། སྟོང་པར་རྟོགས་པ༌ཡང་བཙལ་བའམ་དཔྱད་པ་ན་སྟོང་པར་རྟོགས་པ་དང་དེ་དག་ཀྱང་སྟོང་ཉིད་བསྒོམ་པའི་ཚེ་བྱེད་པར་གསུངས་ཤིང་། དཔྱད་ནས་སྟོང་པར་རྟོགས་པ་དེས་མཚན་མེད་ཀྱི་རྣལ་འབྱོར་ལ་འཇུག་པར་གསུངས་པས། ཡོངས་སུ་དཔྱད་པས་འཚོལ་བའི་རིགས་པའི་དཔྱད་པ་སྔོན་དུ་མ་བཏང་བར། ཧྭ་ཤང་འདོད་པ་ལྟར་སེམས་འཕྲོ་བ་བསྡུས་པའི་ཡིད་ལ་བྱེད་པ་སྤངས་པ་ཙམ་གྱིས་མཚན་མེད་དམ་མི་རྟོག་པར་འཇུག་པ་མི་སྲིད་པར་གསལ་བར་བསྟན་ཏོ། །དེས་ན་སྔར་བཤད་པ་ལྟར་ཆོས་རྣམས་ལ་བདག་གཉིས་ཀྱི་ངོ་བོ་རྡུལ་ཙམ་ཡང་མ་གྲུབ་པར་རིགས་པའི་མཚོན་གྱིས་བཤིག་ལ། བདག་མེད་པ་ལ་ངེས་པ་དྲང༌། དེ་ལྟར་བདག་གཉིས་ཀྱི་དངོས་པོ་མེད་པ་ན། དེ་བཀག་པའི་དངོས་པོ་མེད་པའང་ཡང་དག་པར་གྲུབ་པ་ཅི་ཞིག་ཡོད་དེ། མོ་གཤམ་གྱི་བུ་མེད་པའི་དངོས་མེད་ཡོད་པར་འཛིན་པ་ནི་མོ་གཤམ་དང་བུ་དམིགས་པ་ལ་བལྟོས་ཏེ་དེ་གཉིས་ནམ་ཡང་མ་དམིགས་ན། མོ་གཤམ་གྱི་བུ་མེད་པ་བདེན་པར་ཡོད་པར་འགས་ཀྱང་ཐ་སྙད་མི་


JLD013_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་པ་ལྟར། དངོས་པོ་བདེན་པ་བ་འགའ་ཡང་གཞི་འགར་ཡང་མ་དམིགས་ན། དེའི་དངོས་མེད་བདེན་པ་བ་ཡོད་པར་འཛིན་པའི་རྟོག་པ་ཡང་སྐྱེ་བར་མི་འགྱུར་རོ། །དེས་ན་མཚན་མར་འཛིན་པའི་རྟོག་པ་ཐམས་ཅད་ལྡོག་པར་འགྱུར་ཏེ། བདེན་འཛིན་གྱི་རྟོག་པ་ཡིན་ན་དངོས་པོའམ་དངོས་མེད་བདེན་པར་འཛིན་པའི་རྟོག་པ་གང་རུང་ཡིན་པས། ཁྱབ་བྱེད་ལོག་ན་ཁྱབ་བྱ་ཡང་ལྡོག་པར་སྒོམ་རིམ་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་དངོས་པོ་ཡོད་མེད་གང་ལ་ཡང་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པར་ངེས་པ་གཏིང་ནས་འདྲོངས་པའི་ངེས་པ་བསྐྱེད་པ་དང་དེས་ཐག་བཅད་པའི་དོན་ལ་འཇོག་པ་གཉིས་རེ་མོས་སུ་བྱེད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒྲུབ་པ་ཡིན་གྱི། ཡུལ་ལ་ཅི་ཡང་མི་དཔྱོད་པར་ཡིད་བྱེད་བསྡུས་པ་ཙམ་གྱིས་ནི་བསྒྲུབ་པར་མི་ནུས་ཏེ། བདེན་པར་འཛིན་པ་སྤོང་བར་མི་ནུས་པའི་ཕྱིར་ཏེ། དེ་ནི་བདེན་པར་ཡོད་པར་མི་རྟོག་པ་ཙམ་ཡིན་གྱི། བདེན་མེད་རྟོགས་པ་མིན་པའི་ཕྱིར་རོ། །དེ་བཞིན་དུ་བདག་ཡོད་པར་མི་རྟོག་པ་ཙམ་ཡིན་གྱི། བདག་མེད་རྟོགས་པ་མིན་པས། དེ་བསྒོམས་པས་བདག་འཛིན་ལ་ཅི་ཡང་མི་གནོད་པའི་ཕྱིར་རོ། །དེས་ན་བདེན་པར་ཡོད་པ་དང་བདག་གཉིས་སུ་ཡོད་པར་མི་རྟོག་པ་དང་། བདེན་མེད་དང་བདག་མེད་གཉིས་རྟོགས་པ་ཕྱེད་པར་བྱ་དགོས་པ་འདི་གནད་ཀྱི་དོན་དུ་ཟུངས་ཤིག །གཉིས་པ་རྩོད་པ་སྤང་བ་ནི། གལ་ཏེ་བདག་མེད་པའི་དོན་ལ་སོ་སོར་དཔྱོད་པ་རྟོག་པ་ཡིན་པས། དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་འགལ་ཏེ། འབྲས་བུ་དང་རྒྱུ་གཉིས་རྗེས་སུ་མཐུན་པ་དགོས་


JLD013_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སྙམ་ན། འདི་ལ་ནི་བཅོམ་ལྡན་འདས་ཉིད་ཀྱིས་དཔེ་དང་བཅས་པས་གསུངས་ཏེ། འོད་སྲུངས་ཀྱི་ལེའུ་ལས། འོད་སྲུངས། འདི་ལྟ་སྟེ། དཔེར་ན། ཤིང་གཉིས་རླུང་གིས་དྲུད་པ་དེ་ལས་མེ་འབྱུང་སྟེ། བྱུང་ནས་ཤིང་གཉིས་སྲེག་པ་དེ་བཞིན་དུ། འོད་སྲུངས། ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད་དོ། །ཞེས་སོ་སོར་རྟོག་པ་ལས་འཕགས་པའི་ཤེས་རབ་སྐྱེ་བར་གསུངས་ལ། སྒོམ་རིམ་བར་པ་ལས་ཀྱང༌། དེས་དེ་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ། གང་གི་ཚེ་རྣལ་འབྱོར་པས་དངོས་པོ་གང་གི་ངོ་བོ་ཉིད་དོན་དམ་པར་ངེས་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱང་རྟོགས་སོ། །གང་ཞིག་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་བསྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤངས་པ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེའི་རྣམ་པར་རྟོག་པ་ནམ་ཡང་མི་ལྡོག་ཅིང་ངོ་བོ་ཉིད་མེད་པ་ཉིད་ནམ་ཡང་རྟོགས་པར་མི་འགྱུར་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན། གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་བསྲེག་གོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་སོ། །དེ་ལྟ་མ་ཡིན་ན་ལམ་ཟག་བཅས་ལས་ཟག་མེད་ཀྱི་ལམ་འབྱུང་བ་ཡང་མི་སྲིད་པས། སོ་སོ་སྐྱེ་བོས་འཕགས་པ་ཐོབ་པ་མེད་པར་འགྱུར་ཏེ། རྒྱུ་འབྲས་གཉིས་མི་འདྲ་བའི་


JLD013_Page_1009
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་བཞིན་དུ་ས་བོན་སྐྱ་བོ་ལས་མྱུ་གུ་སྔོན་པོ་སྐྱེ་བ་དང༌། མེ་ལས་དུ་བ་སྐྱེ་བ་དང༌། བུད་མེད་ལས་སྐྱེས་པ་སྐྱེ་བ་སོགས་རྣམ་པ་མི་འདྲ་བའི་རྒྱུ་འབྲས་མཐའ་ཡས་པ་ཞིག་སྣང་ངོ་། །འཕགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། བདག་གཉིས་སུ་འཛིན་པའི་ཡུལ་གྱིས་སྟོང་པའི་བདག་མེད་པའི་དོན་མངོན་སུམ་དུ་རྟོགས་པ་ཡིན་ལ། དེ་སྐྱེ་བ་ལ་ད་ལྟ་ནས་བདག་ཏུ་འཛིན་པའི་ཡུལ་ལ་སོ་སོར་དཔྱད་ནས་དེ་མེད་པར་རྟོགས་པའི་སྒོ་ནས་བསྒོམ་དགོས་པས། དེ་ནི་རྟོག་པ་ཡིན་ཡང་མི་རྟོག་ཡེ་ཤེས་དང་ཤིན་ཏུ་རྗེས་སུ་མཐུན་པའི་རྒྱུ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །ཅེས་སོགས་སྔར་དྲངས་པ་ལྟར་རོ། །དེས་ན་སྒོམ་རིམ་ཐ་མ་ལས་ཀྱང༌། དེ་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཚུལ་བཞིན་ཡིད་ལ་བྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་བས་ན་ཡེ་ཤེས་དེ་འདོད་པས་དེ་ལ་བརྟེན་པར་བྱའོ། །ཞེས་གསུངས་སོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་ལ་སོགས་པ་རྣམས་སྟོང་པ་དང་བདག་མེད་པའོ་སྙམ་དུ་སྤྱོད་ན་མཚན་མ་ལ་སྤྱོད་པར་གསུངས་པས། སྟོང་པ་ཉིད་ལ་སོ་སོར་རྟོག་པ་མི་འཐད་དོ་སྙམ་ན། འདི་འདྲ་བ་རྣམས་ནི་སྟོང་ཉིད་ལ་བདེན་པར་བཟུང་བ་ལ་བྱེད་ཀྱི། སྟོང་པའོ་སྙམ་དུ་བཟུང་བ་ཙམ་ལ་མ་ཡིན་པ་ནི་སྔར་མང་དུ་བཤད་ཟིན་ཏོ། །དེ་ལྟ་མ་ཡིན་ན་མདོ་སྡེ་དེ་དག་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པས་འདི་ལྟར་ཉེ་བར་བརྟག་ཅིང་འདི་ལྟར་ངེས་པར་བསམ་པར་བགྱི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་


JLD013_Page_1010
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་འདི་གང་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཡིན། ཅི་ཆོས་གང་མེད་པ་དང་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས། གལ་ཏེ་དེ་ལྟར་ཉེ་བར་བརྟགས། དེ་ལྟར་ངེས་པར་བསམས་པ་ན། ཞེས་ཤེར་ཕྱིན་བསྒོམ་པའི་ཚེ་དཔྱོད་པར་གསུངས་པ་དང༌། ཤེས་རབ་སྙིང་པོ་ལས། ཤེར་ཕྱིན་ཟབ་མོ་ལ་ཇི་ལྟར་སྤྱད་པ་དྲིས་པའི་ལན་དུ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་པ་དང༌། སྡུད་པ་ལས་ཀྱང༌། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་ཤེས་རབ་ཀྱིས་ཆོས་རྣམས་ལ་དཔྱད་པས་རྡུལ་ཙམ་ཡང་མི་དམིགས་པར་མཐོང་ན་ཤེར་ཕྱིན་དུ་འགྲོ་བར་གསུངས་ཏེ། དེ་འདྲ་བའི་རིགས་སོ་སོར་བརྟག་དགོས་པ་དུ་མ་གསུངས་པ་དང་ཇི་ལྟར་མི་འགལ། དེ་ལྟར་མི་འདོད་ན་ཆོས་རྣམས་ལ་རྣམ་པར་མི་བརྟག་པར་གསུངས་པ་དེ་ལ་རྒྱུ་མཚན་ཅི་ཡོད་པ་ཡིན། ཧྭ་ཤང་ལྟར་རྟོག་པ་གང་བྱས་ཐམས་ཅད་ཀྱིས་འཁོར་བར་འཆིང་བར་འདོད་ན་ནི། མི་རྟོག་པ་དེའི་གདམས་ངག་ཞུའོ་དེ་བསྒོམ་མོ་སྙམ་པ་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་འཆིང་བར་འདོད་དགོས་ཤིང༌། དེ་དགག་པ་སྔར་ཡང་མང་དུ་སོང་ངོ་། །དེས་ན་དེ་དག་ལ་བདེན་པར་མི་འཛིན་པ་ལུང་གི་དོན་ཡིན་ལ།བདེན་པར་འཛིན་པའི་རྟོག་པ་འགོག་ན་ནི། དཔེར་ན་ཐག་པ་ལ་


JLD013_Page_1011
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་དུ་འཁྲུལ་ནས་སྡུག་བསྔལ་བསྐྱེད་པ་ན། བློ་དེས་ཇི་ལྟར་བཟུང་བ་ལྟར་གྱི་སྦྲུལ་མེད་པར་ངེས་ནས་འཁྲུལ་པ་དེ་བཟློག་པ་ཡིན་གྱི། གཞན་ཐབས་མེད་པ་ལྟར་བདེན་པར་བཟུང་བའི་ཡུལ་བདེན་པ་བ་དེ་མེད་པར་རྒྱུ་མཚན་ཡང་དག་གིས་ངེས་ནས་དེའི་དོན་ལ་འདྲིས་པར་བྱེད་པ་དགོས་ཀྱི། བདེན་པར་འཛིན་པའི་སེམས་ཚུར་ལ་བཀུག་པ་ཙམ་གྱིས་འགོག་པར་མི་ནུས་སོ། །གཞན་ཡང་བདེན་འཛིན་དེ་འཁྲུལ་པ་ཡིན་པར་འདོད་དགོས་ཏེ། མ་འཁྲུལ་ན་འགོག་པའི་དོན་མེད་པའི་ཕྱིར་རོ། །བློ་དེ་འཁྲུལ་པར་འདོད་ནའང་ཁོས་བཟུང་བའི་ཡུལ་དེ་མེད་པར་མ་ཤེས་ན་འཁྲུལ་པར་ཇི་ལྟར་ཤེས་ཏེ། བློ་འཁྲུལ་མ་འཁྲུལ་ནི་བཟུང་བ་ལྟར་གྱི་ཡུལ་ཡོད་མེད་ཁོ༌ན་ལ་ཐུག་བའི་ཕྱིར་རོ། །བདེན་འཛིན་གྱིས་ཇི་ལྟར་བཟུང་བའི་ཡུལ་དེ་མེད་པ་ཡང་དམ་བཅའ་ཙམ་གྱིས་མི་འགྲུབ་པས། དེ་བསྒྲུབ་པའི་ལུང་དང་རིགས་པའི་ཚོགས་དྲི་མ་མེད་པ་རྣམས་ལ་བལྟོས་པ་ཡིན་ནོ། །དེ་ལྟར་བྱས་ནས་བདེན་མེད་གཏན་ལ་ཕབ་སྟེ། དེ་ནས་བདེན་པར་མི་རྟོག་པར་འཇོག་ན་ནི་ཁོ་བོ་ཅག་འདི་འདོད་པ་ཡིན་པས། སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་སྔོན་དུ་སོང་བའི་མི་རྟོག་པ་དགོས་ཀྱི། མི་རྟོག་པ་ཙམ་གྱིས་ཆོག་པ་མ་ཡིན་ནོ། །སྒོམ་རིམ་ཐ་མ་ལས་ཀྱང༌། དེ་ལྟ་བས༌ན་དམ་པའི་ཆོས་ལས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་འབྱུང་བ་དེ་ཡང་ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་བྱེད་ནུས་ཀྱི།


JLD013_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མ་ཡིན་ནོ། །ཞེས་དང༌། ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའི་ངོ་བོ་ཉིད་ཡིན་པར་འཕགས་པ་དཀོན་མཆོག་སྤྲིན་དང་དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པ་ལས་ཀྱང་བཀའ་སྩལ་ཏོ། །འཕགས་པ་དཀོན་མཆོག་སྤྲིན་ལས་བཀའ་སྩལ་པ། ལྷག་མཐོང་གིས་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོགས་པ་ནི་མཚན་མ་མེད་པ་ལ་འཇུག་གོ །ཞེས་འབྱུང་ངོ་། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། བློ་གྲོས་ཆེན་པོ། གང་གི་ཕྱིར་བློས་བརྟགས་ན་རང་དང་སྤྱིའི་མཚན་ཉིད་མི་རྟོགས་ཏེ། དེས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །གལ་ཏེ་ཡང་དག་པར་སོ་སོར་རྟོག་པ་ལ་མི་བྱ་ན། དེ་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ལས་ཡང་དག་པར་སོ་སོར་རྟོག་པ་རྣམ་པ་དུ་མ་བཀའ་སྩལ་པ་དེ་དང་འགལ་བར་འགྱུར་རོ། །དེ་ལྟ་བས་ན་བདག་ནི་ཤེས་རབ་ཆུང་ངུ་བརྩོན་འགྲུས་ཆུང་ངུ་སྟེ། མང་དུ་ཐོས་པ་ཡོངས་སུ་ཚོལ་མི་ནུས་སོ་ཞེས་དེ་སྐད་བྱ་བའི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་བསྔགས་པའི་ཕྱིར་དུས་ཐམས་ཅད་དུའང་དེ་སྤང་བར་ནི་མི་རིགས་སོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་གང་ལ་ཡང་བློས་མི་གནས་པར་གསུངས་པ་རྣམས་ཀྱང་དེ་དག་གནས་པར་བྱ་བའི་ཡུལ་དུ་བདེན་པར་བཟུང་དུ་མི་རུང་བ་ཡིན་གྱི། དེ་ལྟ་མ་ཡིན་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་ཡང་དེ་ལྟར་གསུངས་པས་དེ་དག་ལ་ཡང་མི་གནས་པར་བྱ་དགོས་པར་འགྱུར་རོ། །བདེན་པར་བཟུང་ནས་གནས་སུ་མི་


JLD013_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ཡང་སྔར་བཤད་པ་ལྟར། དེ་དག་བདེན་པར་མེད་པར་རྟོགས་པ་ལ་རག་ལས་པས། དེ་འདྲ་བའི་མི་གནས་པ་དང་མི་རྟོག་པར་གསུངས་པ་ཐམས་ཅད་ཡུལ་རྣམས་རང་བཞིན་གྱིས་གྲུབ་པའམ་བདེན་པ་འགོག་པའི་ཡང་དག་པའི་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཁོ་ན་ལ་གསུངས་པ་ཡིན་པར་ཤེས་པར་གྱིས་ཤིག །དེས་ན་གསུང་རབ་ལས་བསམ་གྱིས་མི་ཁྱབ་པ་དང་བློ་ལས་འདས་པ་ལ་སོགས་པ་གསུངས་པ་དེར་ནི་ཟབ་མོའི་དོན་ཐོས་པ་དང་སེམས་པ་ཙམ་གྱིས་རྟོགས་པར་རློམ་པ་དགག་པའི་ཕྱིར། དེ་རྣམས་འཕགས་པའི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་གཞན་གྱིས་བསམ་གྱིས་མི་ཁྱབ་པ་ལ་སོགས་པར་སྟོན་པ་དང༌། ཡང་ཟབ་མོའི་དོན་ལ་བདེན་པར་བཟུང་ནས་ཚུལ་བཞིན་མ་ཡིན་པར་སེམས་པ་དགག་པའི་ཕྱིར་གསུངས་ཀྱི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཚུལ་བཞིན་དུ་དཔྱོད་པ་འགོག་པ་མིན་པར་ཤེས་པར་བྱ་སྟེ། སྒོམ་རིམ་ཐ་མ་ལས། དེ་ལྟར་གང་དང་གང་དུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཚིག་ཐོས་ན། དེ་དང་དེར་ཐོས་པ་དང་སེམས་པ་ཙམ་ཁོ་ནས་དེ་ཁོ་ན་རྟོགས་པར་གང་དག་སེམས་པ་དེ་དག་གི་མངོན་པའི་ང་རྒྱལ་དགག་པའི་ཕྱིར། ཆོས་རྣམས་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་སྟོན་པར་བྱེད་དོ། །ཚུལ་བཞིན་མ་ཡིན་པའི་སེམས་པ་ཡང་དག་པར་དགག་པར་བྱེད་པར་ཁོང་དུ་ཆུད་པར་བྱ་ཡི། ཡང་དག་པར་སོ་སོར་རྟོག་པ་དགག་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རིགས་པ་དང་ལུང་ཤིན་ཏུ་མང་པོ་དང་འགལ་བར་འགྱུར་ཏེ། ཞེས་པ་ལྟར་རོ། །ལུང་མང་པོ་དང་འགལ་བར་འགྱུར་ཚུལ་ནི། འོད་སྲུངས་ཀྱི་ལེའུ་


JLD013_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འོད་སྲུངས། དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་གང་ཞེ་ན། འོད་སྲུངས། གང་ལ་བདག་མེད་པར་སོ་སོར་རྟོག་པ་དང་སེམས་ཅན་མེད་པ་དང་སྲོག་མེད་པ་དང་གསོ་བ་མེད་པ་དང་སྐྱེས་བུ་མེད་པ་དང་གང་ཟག་མེད་པ་དང་ཤེད་ལས་སྐྱེས་མེད་པ་དང་ཤེད་བུ་མེད་པར་སོ་སོར་རྟོག་པ་སྟེ། འོད་སྲུངས། འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ་ཞེས་གསུངས་པ་ལ་སོགས་པ་འདི་འདྲ་བ་རྣམས་དང་འགལ་བའོ། །སྒོམ་རིམ་དང་པོ་ལས་ཀྱང༌། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། ཡིད་ལ་མི་བྱེད་པས་གཟུགས་ལ་སོགས་པའི་མཚན་མ་སྤོང་ངོ་། །ཞེས་གསུངས་པ་གང་ཡིན་པ་དེ་ཡང༌། ཤེས་རབ་ཀྱིས་བརྟགས་ན་མི་དམིགས་པ་གང་ཡིན་པ་དེ་དེར་ཡིད་ལ་མི་བྱེད་པར་དགོངས་ཀྱི། ཡིད་ལ་བྱེད་པ་མེད་པ་ཙམ་ནི་མ་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལྟར། ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་ཡིད་ལ་བྱེད་པ་སྤངས་པ་ཙམ་གྱིས་སྤོང་བ་ནི་མ་ཡིན་ནོ། །ཞེས་གསུངས་ཏེ། གཟུངས་འདི་ཡི་འགྲེལ་པ་སློབ་དཔོན་འདིས་མཛད་པ་ན་ཡང་གསལ་བར་ཡོད་དོ། །མདོར་ན་ཐེག་པ་ཆེན་པོ་ལ་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ཀྱི་གཞུང་གིས་རྒྱས་པར་བཀྲལ་བའི་ལྟ་བའི་ཚུལ་གཉིས་ལས་གཞན་པའི་ལྟ་བ་ནི་མེད་ལ། རྒྱ་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱང་དེ་གཉིས་ཀྱིས་བཀྲལ་བ་ལྟར་གྱི་ལྟ་བ་གཉིས་གང་རུང་ལ་ངེས་པར་བརྟེན་པར་སྣང་བས། གདོན་མི་ཟ་བར་དེ་གཉིས་གང་རུང་གི་ལྟ་བ་རང་རང་གི་གཞུང་ནས་འབྱུང་བ་ལྟར་བཙལ་བར་བྱའོ། །དེ་ཡང༌འཕགས་པ་ཡབ་སྲས་ཀྱི་གཞུང་ལ་བརྟེན་ནས་འཚོལ་ལུགས་ནི་སྔར་བཤད་ལ། འཕགས་པ་ཐོགས་མེད་ཀྱི་


JLD013_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འབྲང་ནའང་དེ་ཁོ་ནར་གཟུང་བ་དང་འཛིན་པ་རྫས་ཐ་དད་པས་རྣམ་པ་ཐམས་ཅད་དུ་སྟོང་ཡང༌། བྱིས་པ་རྣམས་ལ་དེ་དག་རྫས་ཐ་དད་པ་བཞིན་དུ་སྣང་བ་འདི་ཇི་ལྟར་སྣང་བ་ལྟར་དུ་བདེན་པར་འཛིན་པའི་ཡུལ་ཀུན་བརྟགས་རྣམས་གཞན་དབང་གི་སྟེང་དུ་ལུང་དང་རིགས་པས་མཐའ་དག་པར་བཀག་པའི་གཉིས་སུ་མེད་པའི་དོན་ཡོངས་གྲུབ་ལ་ངེས་པ་བརྟན་པོ་རྙེད་པར་བྱས་ནས་ལྟ་བ་དེའི་སྟེང་དུ་བཞག་པའི་འཇོག་སྒོམ་དང༌། སོ་སོར་རྟོག་པས་དཔྱད་ནས་བསྒོམ་པ་གཉིས་བྱ་དགོས་པ་ཡིན་གྱི། དེ་འདྲ་བ་ཞིག་གི་གོ་བ་ཡོད་ཀྱང་བསྒོམ་པའི་ཚེ་ལྟ་བ་དེའི་སྟེང་དུ་མ་བཞག་པའི་མི་རྟོག་པ་ཙམ་གྱིས་སྟོང་ཉིད་དེ་བསྒོམས་པར་མི་འགྲོའོ། །ལུགས་དེའི་ལྟ་བ་གཏན་ལ་འབེབས་ཚུལ་ཤིན་ཏུ་གསལ་བ་དང་གཏན་ལ་ཕབ་པའི་དོན་ཞི་གནས་དང་ལྷག་མཐོང་སོ་སོའི་སྐྱོང་ཚུལ་དང་ཟུང་འབྲེལ་དུ་འཇུག་ཚུལ་ནི་ཤེར་ཕྱིན་མན་ངག་ན་ཆེས་གསལ་བར་ཡོད་པས་དེར་བལྟ་བར་བྱའོ། །ལུགས་འདི་ལེགས་པར་རྟོགས་ནས་དེའི་གཞུང་ནས་འབྱུང་བ་ལྟར་སྒོམ་པར་བྱེད་ནའང་ཤིན་ཏུ་ཡ་མཚན་པ་ཡིན་ནོ། །ཐེག་པ་ཆེན་པོའི་གསུང་རབ་རྣམས་ནས་ཟབ་མོའི་དོན་བསྡུས་པ་རེ་ཡན་ཆད་བསྟན་པ་ཤིན་ཏུ་མང་ཞིང༌། འོན་ཀྱང་མ་བསྟན་པའང་རེ་མང་ཡོད་པས། མ་བསྟན་པ་དེར་བསྟན་པའི་གཞུང་ནས་དྲང་དགོས་ལ། མི་རྒྱས་པ་དེར་ཡང་རྒྱས་པ་ནས་དྲང་དགོས་སོ། །དེ་བཞིན་དུ་རྒྱ་ཆེ་བའི་ཕྱོགས་ལའང་ཤེས་པར་བྱ་དགོས་ཀྱི། ཟབ་པའམ་རྒྱ་ཆེ་བ་གང་རུང་མེད་པའི་ཕྱོགས་རེ་བ་ལ་དེ་ལྟར་བཟུང་དུ་མི་རུང་ངོ་། །འདི་ལ་དགོངས་ནས་ལམ་སྟོན་པའི་བླ་མའི་མཚན་ཉིད་ཡོངས་སུ་རྫོགས་པ་ལ་ཐེག་པ་ཐམས་ཅད་ལ་མཁས་པ་མང་དུ་གསུངས་སོ། །གསུམ་པ་སྐྱོང་ཚུལ་གྱི་གནད་བསྡུས་བ་ནི། སྔར་བཤད་


JLD013_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་ངེས་དོན་གྱི་ལྟ་བ་རྙེད་པ་དེས། ང་དང་ངའི༌འོ་སྙམ་པའི་འཛིན་པ་གང་ལ་སྐྱེ་བའི་གཞི་བདག་དང་བདག་གི་བ་ལ་རང་བཞིན་མེད་པར་གཏན་ལ་འབེབས་པའི་དུས་དང་འདྲ་བར། སོ་སོར་རྟོག་པའི་ཤེས་རབ་ཀྱིས་མང་དུ་དཔྱད་ནས་མཐར་དེའི་དོན་ལ་ངེས་པའི་ཤུགས་བསྐྱེད་དེ། མི་འཕྲོ་བར་འཛིན་པའི་འཇོག་སྒོམ་དང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་སྤེལ་མར་བྱའོ། །དེའི་ཚེ་དཔྱད་སྒོམ་མངས་པས་གནས་ཆ་ཆུང་དུ་སོང་ན་འཇོག་སྒོམ་མང་དུ་བྱ་ལ། གནས་ཆ་སོར་གཞུག །འཇོག་སྒོམ་མང་དུ་བྱས་པའི་མཐུས་གནས་ཆ་ཆེ་བར་སོང་ནས་དཔྱོད་སྙིང་མི་འདོད་པས་མ་དཔྱད་ན་དེ་ཁོ་ན་ཉིད་ལ་ངེས་པ་བརྟན་ལ་ཤུགས་དྲག་པ་མི་འོང་ཞིང༌། དེ་མ་བྱུང་ན་ངེས་པའི་ལྡོག་ཕྱོགས་བདག་གཉིས་ཡོད་པར་འཛིན་པའི་སྒྲོ་འདོགས་ལ་དེ་ཙམ་དུ་མི་གནོད་པས། དཔྱད་སྒོམ་མང་དུ་བྱས་པའི་སྒོ་ནས་ཞི་ལྷག་གཉིས་ཆ་མཉམ་ལ་བསྒོམ་སྟེ། སྒོམ་རིམ་ཐ་མ་ལས། ཡང་གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་འགྱུར་པ་དེའི་ཚེ། ཞི་གནས་ཆུངས་པའི་ཕྱིར་མར་མེ་རླུང་ལ་བཞག་པ་བཞིན་དུ་སེམས་གཡོ་བས་དེ་ཁོ་ན་ཤིན་ཏུ་གསལ་བར་མི་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ། །ཞི་གནས་ཀྱི་ཤས་ཆེ་ནའང་གཉིད་ཀྱིས་ལོག་པའི་མི་བཞིན་དུ་དེ་ཁོ་ན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེའང་ཤེས་རབ་བསྒོམ་པར་བྱའོ་ཞེས་སོ། །སྦྱོར་བ་དང་མཇུག་དང་ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི་སྐྱེས་བུ་ཆུང་ངུའི་སྐབས་སུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་བདག་མེད་པའི་དོན་བསྒོམ་པའི་ཚེ་ན་བྱིང་བ་དང་རྒོད་པ་བྱུང་བ་ངོས་བཟུང་བ་དང༌། དེ་གཅོད་པའི་དྲན་པ་དང་ཤེས་བཞིན་བསྟེན་ལུགས་དང༌། བྱིང་རྒོད་ཀྱིས་མི་མཉམ་པ་མེད་པར་ངང་གིས་འཇུག་པའི་བཏང་སྙོམས་ཐོབ་པ་ན་


JLD013_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བ་གློད་ལུགས་ལ་སོགས་པ་ནི་སྔར་ཞི་གནས་ཀྱི་སྐབས་སུ་བཤད་པ་དང་འདྲ་བར་ཤེས་པར་བྱའོ། །ཤེར་ཕྱིན་མན་ངག་ལས་ནི། གང་བསྒོམ་པར་བྱ་བའི་ཡུལ་དེ་ཉིད་ལ་ཞི་གནས་ཀྱི་སྐྱོང་ཚུལ་བྱས་ནས་ཤིན་སྦྱངས་བསྐྱེད་པ་དང༌། ཡང་དེ་ལ་ལྷག་མཐོང་གི་དཔྱད་སྒོམ་བྱས་ནས་ཤིན་སྦྱངས་བསྒྲུབས་ནས། དེ་དག་སོ་སོར་གྲུབ་པ་ན་ཟུང་དུ་སྦྲེལ་བར་གསུངས་ཏེ། འདི་ལྟར་ན་དཔྱོད་པ་དང་འཇོག་པ་གཉིས་རྒྱུན་གཅིག་ལ་བྱེད་པའི་ངེས་པ་མི་སྣང་བས། ཐུན་སོ་སོ་ལ་བྱས་པས་ཀྱང་ཆོག་པར་བཞེད་དོ། །འདིར་གལ་ཆེ་བ་ནི། རང་གི་མ་རིག་པས་ཇི་ལྟར་སྒྲོ་བཏགས་པའི་འཛིན་སྟངས་སུན་ཕྱུང་བའི་སྒོ་ནས་དེའི་ལྡོག་ཕྱོགས་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་ཀྱི་སྟེང་དུ་ངེས་པ་ཤུགས་དྲག་བསྐྱེད་ནས་སྟོང་ཉིད་བསྒོམ་དགོས་པ་ཡིན་གྱི། བདག་འཛིན་དང་མ་རིག་པའི་འཛིན་སྟངས་སུན་མ་ཕྱུང་བར་སྟོང་ཉིད་ཟུར་པ་ཞིག་ལ་བྱས་ནས་བསྒོམས་ཀྱང་བདག་འཛིན་གཉིས་ལ་ཅི་ཡང་མི་གནོད་པས། འདྲེ་ཤར་སྒོར་གནོད་པ་ལ་གླུད་ནུབ་སྒོར་གཏོང་བ་དང་འདྲའོ། །ཞེས་གོང་མ་རྣམས་ཡང་ཡང་གསུངས་པ་ནི་ཤིན་ཏུ་མད་པར་སྣང་ངོ་། །དེ་ལྟར་སྔར་བཤད་པ་འདི་དག་ནི་རགས་པ་ཙམ་ཡིན་གྱི། བསྒོམ་པའི་སྐབས་ཀྱི་ཕྲ་མོའི་སྐྱོན་ཡོན་རྣམས་ནི་བཤེས་གཉེན་མཁས་པ་དག་ལ་བརྟེན་ཏེ། རང་གིས་ཀྱང་བསྒོམས་ནས་ཤེས་པར་བྱ་དགོས་པས་མ་སྤྲོས་སོ། །བསྒོམ་ཚུལ་དེ་དག་ནི་ལམ་རིམ་གྱི་གདམས་ངག་སྔ་མ་རྣམས་ལ་གཞི་བྱས་ནས་རྒྱས་སུ་བཏང་བ་ཡིན་ཏེ། པོ་ཏོ་བའི་བེའུ་བུམ་ལས། ཁ་


JLD013_Page_1018
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཐོས་བསམ་དུས་ན་རིགས་པས། །རང་བཞིན་མེད་པ་གཏན་ལ་ཕབ་ལ། །བསྒོམ་དུས་མི་རྟོག་འབའ་ཞིག་བསྒོམ་ཟེར། །དེ་ལྟ་ན་ནི་འབྲེལ་མེད་སྟོང་ཉིད། །ལོགས་སུ་བསྒོམས་ཕྱིར་གཉེན་པོར་མི་འགྱུར། །དེ་ལྟ་བས་ན་བསྒོམ་དུས་ཉིད་ནའང༌། །གཅིག་དང་དུ་བྲལ་རྟེན་འབྲེལ་ལ་སོགས། །གང་ལ་གོམས་པས་སོ་སོར་བརྟག་ཅིང༌། །ཅུང་ཟད་མི་རྟོག་ཉིད་དུའང་གནས་བྱ། །དེ་ལྟར་བསྒོམས་ན་ཉོན་མོངས་གཉེན་པོ། །ལྷ་གཅིག་རྗེས་སུ་འབྲང་བར་འདོད་ཅིང་། །ཕ་རོལ་ཕྱིན་ལུགས་སྤྱོད་པར་འདོད་པས། །ཤེས་རབ་བསྒོམ་པའི་ལུགས་ནི་དེ་ཡིན། །དེ་ཡང་གང་ཟག་བདག་མེད་གོམས་པས། །དེ་ནས་དེ་ལྟར་རྗེས་སུ་འཇུག་བྱ། །ཞེས་འབྱུང་བ་ལྟར་རོ། །འདིའང་ཇོ་བོས། སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཅིང༌། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་གསུངས་ཤིང༌། དེའི་འཁྲིད་ཚུལ་ཡང་ཇོ་བོས་དབུ་མའི་གདམས་ངག་ཏུ་གསུངས་པ་ལྟར། དཔྱད་སྒོམ་དང་དེ་ལྟར་དཔྱད་པའི་དོན་ལ་འཇོག་པའི་སྒོམ་སྤེལ་མར་གསུངས་པ་དེ་ཡིན་ནོ། །དེ་ནི་སློབ་དཔོན་ཀ་མ་ལ་ཤཱི་ལའི་ལུགས་དང་ཁྱད་མེད་ལ། སྔར་བཤད་པ་ལྟར་དབུ་མ་འཇུག་པ་དང་དབུ་མ་སྙིང་པོ་དང་སློབ་དཔོན་ཞི་བ་ལྷ་རྣམས་ཀྱི་དགོངས་པའང་དེ་ལྟར་ཡིན་ཅིང༌། བྱམས་ཆོས་དང་འཕགས་པ་ཐོགས་མེད་ཀྱི་གཞུང་རྣམས་སུ་ཡང་མང་དུ་བཤད་ཅིང༌། དེའི་ལུགས་ཕྱིན་ཅི་མ་ལོག་པར་འཛིན་པའི་མཁས་པ་ཤཱནྟི་པས་ཤེར་


JLD013_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་མན་ངག་ཏུ་ཡང་གསལ་བར་བཀྲལ་བས་ན། ལྷག་མཐོང་སྐྱོང་ཚུལ་ནི་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ནས་བརྒྱུད་པའི་གཞུང་དང་གདམས་ངག་རྣམས་མཐུན་པར་སྣང་ངོ་། །བཞི་པ་བསྒོམས་པས་ལྷག་མཐོང་གྲུབ་པའི་ཚད་ནི། དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྒོམས་པ་ན། སྔར་བཤད་པའི་ཤིན་ཏུ་སྦྱངས་པ་དེ་མ་སྐྱེས་ཚུན་ཆོད་དུ་ལྷག་མཐོང་རྗེས་མཐུན་པ་ཡིན་ལ། ཤིན་ཏུ་སྦྱངས་པ་སྐྱེས་པ་ནས་ལྷག་མཐོང་མཚན་ཉིད་པ་ཡིན་ཏེ། ཤིན་སྦྱངས་ཀྱི་ངོ་བོ་དང་སྐྱེ་ལུགས་ནི་སྔར་བཤད་པ་ལྟར་རོ། །འདི་ཡང་སྔར་ཞི་གནས་གྲུབ་པ་མ་ཉམས་པར་ཡོད་པ་དེས་དྲངས་པའི་ཤིན་སྦྱངས་ཀྱང་ཡོད་པས་ན། སྤྱིར་ཤིན་སྦྱངས་ཡོད་པ་ཙམ་མིན་ནོ། །འོ་ན་གང་ཡིན་སྙམ་ན། དཔྱད་སྒོམ་བྱས་པ་དེའི་རང་སྟོབས་ཀྱིས་ཤིན་སྦྱངས་འདྲེན་ཐུབ་པ་ན་དེ་ནས་ལྷག་མཐོང་དུ་འགྱུར་རོ། །དེ་ནི་ཇི་སྙེད་པ་ལ་དམིགས་པ་དང་ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་གཉིས་ཀ་ལ་འདྲ་བ་ཡིན་ནོ། །དེ་ལྟར་ཡང་མདོ་སྡེ་དགོངས་འགྲེལ་ལས། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་ཀྱི་བར་དུ་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ནང་དུ་ཡིད་ལ་བགྱིད་པའི་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ། ལྷག་མཐོང་ནི་མ་ཡིན་ཏེ། ལྷག་མཐོང་དང་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། །ཞེས་དང༌། ཤེར་ཕྱིན་མན་ངག་


JLD013_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང༌། དེས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་དེ་ཉིད་ལ་གནས་ཏེ། ཇི་ལྟར་བསམས་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་ངེ་འཛིན་གྱི་གཟུགས་བརྙན་གྱི་སྤྱོད་ཡུལ་ལ་ལྷག་པར་མོས་པས་སོ་སོར་བརྟག་པར་བྱ་སྟེ། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་པ་དེ་སྲིད་དུ་ནི་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ལྷག་མཐོང་ཡིན་ནོ། །ཞེས་གསུངས་ཤིང༌། ཇི་སྙེད་པ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་དང་ཟུང་འབྲེལ་དུ་འགྱུར་ཚུལ་རྣམས་ཇི་ལྟ་བ་ལ་དམིགས་པ་རྣམས་དང་འདྲ་བར་གསུངས་སོ། །ཤིན་སྦྱངས་རང་སྟོབས་ཀྱིས་འདྲེན་ཐུབ་ན་སེམས་རྩེ་གཅིག་པའང་དེས་འདྲེན་པར་ནུས་པས་ན། སོ་སོར་རྟོག་པའི་དཔྱད་སྒོམ་གྱིས་རང་སྟོབས་ཀྱིས་རྩེ་གཅིག་པ་འདྲེན་པ་འདི་ནི་ཞི་གནས་གྲུབ་པའི་ཡོན་ཏན་ཡིན་ནོ། །དེ་ལྟར་ཞི་གནས་ལེགས་པར་གྲུབ་པ་ཞིག་གིས་དཔྱད་སྒོམ་བྱས་པས་ཀྱང་ཞི་གནས་ཀྱི་གྲོགས་སུ་འགྲོ་བ་ཡོད་པས། སོ་སོར་རྟོག་པའི་དཔྱད་སྒོམ་བྱས་ན་གནས་ཆ་ཆུང་ངུ་འགྲོའོ་སྙམ་དུ་མི་བཟུང་ངོ་། །ཇི་ལྟ་བ་ལ་དམིགས་པའི་འཇོག་སྒོམ་དང་དཔྱད་སྒོམ་བྱེད་པའི་ལྷག་མཐོང་བསྒོམ་པར་འགྲོ་མི་འགྲོའི་ཚད་ནི། བདག་མེད་པ་གཉིས་ཀྱི་ལྟ་བ་གང་ཡང་རུང་བ་ལ་མ་ནོར་བའི་གོ་བ་རྣམ་པར་དག་པ་རྙེད་ནས་དེ་ལ་དམིགས་ཏེ་བསྒོམ་པ་ཡིན་མིན་གྱིས་འབྱེད་དགོས་ཀྱི། གཞན་གང་གིས་ཀྱང་འབྱེད་པར་མི་ནུས་སོ། །ཇི་འདྲས་འབྱེད་པར་མི་ནུས་སྙམ་ན། བསྒོམས་པས་ཡུལ་ཡུལ་ཅན་གཉིས་སུ་སྣང་བའི་སྣང་བ་རགས་པ་རྣམས་འགགས་ནས།


JLD013_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་གཡའ་དག་པ་ལྟ་བུ་ལ་སེམས་རིག་ཅིང་གསལ་ལ་དྭངས་པའི་ཁྱད་པར་དང་ལྡན་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་རིང་དུ་གནས་པ་དང༌། ཕྱི་དང་ནང་གི་ཡུལ་སྣང་རྣམས་ཡིད་ངོ་ན་འཇའ་ཚོན་ནམ་དུ་བ་སྲབ་མོའི་རྣམ་པ་འདྲ་བར་འཆར་ཞིང་དེ་ལ་རིང་དུ་གནས་པ་དང༌། ཡིད་ཤེས་ཀྱི་ངོ་ན་བཟུང་བའི་ཡུལ་དུ་གང་འཆར་བ་ཐམས་ཅད་ལ་སེམས་ཀྱིས་གཏད་པ་ན། གཏད་ཅུང་ཟད་ཀྱང་མི་བཟོད་པར་ཞིག་ནས་དག་འགྲོ་ཞིང༌། དེ་ཡང་དང་པོར་གཟུགས་སྒྲ་ལ་སོགས་པའི་ཕྱི་རོལ་གྱི་དོན་རགས་པ་ལ་དེ་ལྟར་འཆར་ལ། གོམས་ན་མཐར་ཡུལ་ཅན་རིག་པ་དང་མྱོང་བ་ལའང་སྔར་གྱི་རིགས་པའི་རྣམ་པ་དེ་བུད་པ་བཞིན་དུ་འགྲོ་ཞིང་། དེ་ལའང་སེམས་ཀྱིས་གཏད་པ་ན་གཏད་ཅུང་ཟད་ཀྱང་མི་བཟོད་པར་འགྱུར་བ་ལ་སོགས་པ་བྱུང་ཡང༌། དེས་ནི་གཉིས་མེད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་རྙེད་པ་དང་སྣང་བ་བན་བུན་ཤར་བ་དེ་རྣམས་ཀྱང་དབུ་མ་ནས་བཤད་པའི་སྒྱུ་མ་ལྟ་བུའི་དོན་རྟོགས་པར་ཅུང་ཟད་ཀྱང་འཇོག་པར་མི་ནུས་ཏེ། ལྟ་བ་ལ་བློ་ཁ་མ་ཕྱོགས་པས་ཀྱང་གནས་ཆ་རིང་དུ་བསྐྱངས་པ་ན། དེ་ལྟ་བུ་འཆར་བ་དུ་མ་ཡོད་པའི་ཕྱིར་རོ། །འདི་ལྟར་སྒྱུ་མ་ལྟ་བུའི་དོན་ནི། སྔར་བཤད་པ་ལྟར་རང་གི་ངོ་བོས་གྲུབ་པ་མེད་པར་ཐག་གཅོད་པའི་རིགས་ཤེས་ཀྱི་ངེས་པ་དང་སྣང་བ་བསྙོན་དུ་མེད་པར་ཐ་སྙད་པའི་ཚད་མས་གྲུབ་པ་གཉིས་ལ་བརྟེན་ནས་འཆར་དགོས་ལ། ཡིད་ངོ༌ན་གཟུགས་སོགས་རྣམས་འཇའ་ཚོན་དང་འདྲ་བར་སྲབ་ཅིང་ཤིན་ཏུ་དྭངས་པའི་རྣམ་པར་འཆར་བ་ནི་ཐོགས་


JLD013_Page_1022
[མ་དཔེ་གཟིགས་ན་འདིར་གནོན།]

རྡུགས་ཀྱི་རེག་བྱ་དང་བྲལ་བ་དང༌། ཐོགས་རྡུགས་ཅན་དུ་མེད་ཀྱང་སྣང་བ་ལམ་མེ་བའི་གཉིས་ཚོགས་ཙམ་ཡིན་པས། དེ་ལྟར་ངེས་པ་དེ་ལ་རང་བཞིན་མེད་པར་ངེས་པ་གཏན་མེད་པའི་ཕྱིར། དགག་བྱ་རང་བཞིན་དང་ཐོགས་པའི་རེག་བྱ་གཉིས་གཅིག་ཏུ་བཟུང་ནས་རང་བཞིན་མེད་པའི་མིང་འདོགས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་དེ་འདྲ་བ་དེ་དབུ་མ་ནས་བཤད་པའི་སྒྱུ་མ་དང་བརྫུན་པའི་དོན་དུ་འདོད་ན། འཇའ་དང་དུ་བ་སྲབ་མོ་ཁྱད་པར་གྱི་གཞིར་ཡོད་པར་བཟུང་ནས་དེ་དག་ལ་རང་བཞིན་ཡོད་པར་འཛིན་པའི་རྟོག་པ་མི་སྐྱེ་བར་འགྱུར་ཏེ། ཁྱད་གཞི་ཡོད་པར་ངེས་པ་དེ་ཉིད་སྣང་ལ་རང་བཞིན་མེད་པ་ངེས་པ་ཡིན་པའི་ཕྱིར་རོ། །ཡང་ཐོགས་པའི་རེག་བྱ་ཁྱད་གཞིར་བཟུང་ནས་དེ་ལ་རང་བཞིན་མེད་པའི་ངེས་པ་དྲང་དུ་མེད་དེ། ཁྱད་གཞི་ངེས་པ་དེ་ཉིད་རང་བཞིན་ཡོད་པར་འཛིན་པ་ཡིན་པའི་ཕྱིར་རོ། །དེས་ན་གཟུགས་སོགས་དེ་ལྟར་ཤར་བའི་ཚེ་ན་སྲབ་ཅིང་དྭངས་པའི་རྣམ་པར་ཤར་བ་དེ་ཉིད་ཡུལ་དེ་དག་གི་སྡོད་ཚུལ་གྱི་གནས་ལུགས་སུ་འཛིན་པའི་ཡུལ་ཅུང་ཟད་ཀྱང་སུན་ཕྱུང་བའི་རྣམ་པ་མེད་པར་འཆར་བས་ན་སྒྱུ་མ་ལྟ་བུའི་དོན་མིན་ལ། སྔོན་ལྟ་བ་རྣམ་དག་རྙེད་ནས་མ་བརྗེད་པ་ལ་ནི་དེ་དག་སྒྱུ་མ་ལྟ་བུར་འཆར་བ་ཡོད་དེ། སྔར་བཤད་ཟིན་ཏོ། །དགེ་བཤེས་དགོན་པ་བ་ནས་བརྒྱུད་པའི་ལམ་རིམ་རྣམས་ནས་སྟོང་ཉིད་ཀྱི་རྟོགས་པ་དེའི་སྐྱེ་ཚུལ་ནི་འདི་ལྟར་འདོད་དེ། དང་པོར་གང་ཟག་གི་བདག་མེད་བསྒོམ། དེ་ནས་ཆོས་ཀྱི་བདག་མེད་ཀྱི་དོན་ལ་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ནས་བསྒོམ་སྟེ། དེ་ཡང་ཐུན་རིངས་ན་དྲན་ཤེས་ཀྱིས་མི་


JLD013_Page_1023
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པས་རེས་བྱིང་རེས་རྒོད་པར་འགྲོ་བས་བོགས་ཆུང༌། དེས་ན་སྔ་དྲོ་དང་ཕྱི་དྲོ་དང་སྲོད་དང་ཐོ་རངས་ཀྱི་ཐུན་བཞི་པོ་རེ་རེ་ལ་ཐུན་བཞི་བཞིར་བྱས་ནས་ཞག་གཅིག་ལ་ཐུན་བཅུ་དྲུག་ཏུ་བྱས་ཏེ་བསྒོམ། གསལ་བའམ་ཉམས་སུ་མྱོང་བ་སྙམ་བྱེད་པ་ནས་འཕྲོ་བཅད་ལ་བྱ། དེ་ལྟར་བསྒོམས་པས་ཡུན་རིང་མ་བསྒོམས་སྙམ་ནས་བལྟས་ཙ་ན་ནམ་དང་ཉི་མ་འུད་འུད་བཅད་ནས་སྣང་ན་སེམས་ཟིན་པ་ཡིན་ལ། རིང་རབ་བསྒོམས་སྙམ་ནས་བལྟས་པ་ན་ཅི་ཡང་མ་སོང་སྣང་ན་སེམས་མ་ཟིན་པ་ཡིན། སེམས་ཟིན་པའི་ཚེ་ནི་རྒྱུད་ལ་ཉོན་མོངས་ཆུང་བ་དང་གཉིད་ཀྱང་སྐྱེ་བ་ལ་མི་འོང་ངམ་སྙམ་པ་འོང༌། དེ་ནས་སྔ་དྲོ་ལ་སོགས་པ་ཐུན་རེ་ལ་འཁྱོངས་པ་ན་མཚན་ཉིད་བཞི་ལྡན་དུ་སྐྱེ་སྟེ། མི་རྟོག་པ་ནི། མཉམ་པར་བཞག་པ་ན་དབུགས་ཕྱི་ནང་དུ་རྒྱུ་བའང་མི་ཚོར་བར་དབུགས་དང་རྟོག་པ་ཕྲར་སོང་བའོ། །གསལ་བ་ནི། སྟོན་དུས་ཀྱི་ཉི་མ་ཕྱེད་ཀྱི་དུས་ཀྱི་ནམ་མཁའི་དཀྱིལ་གསལ་བ་དང་ཁྱད་མེད་པའོ། །དྭངས་པ་ནི། ཏིང་གཙང་མའི་ནང་དུ་ཆུ་བླུགས་ནས་ཉི་མ་ལ་བཞག་ནས་བལྟས་པའི་དྭངས་པ་དང་འདྲ་བ་འོང་བའོ། །ཕྲ་བ་ནི། མཚན་ཉིད་གསུམ་པོ་དེའི་ངང་ནས་བལྟས་པ་ན་དངོས་པོ་སྤུའི་རྩེ་མོ་གཤགས་པའི་ཆ་གཅིག་བྱུང་བའང་མཐོང་བ་འོང་བའོ། །དེ་འདྲ་བ་དེ་མི་རྟོག་ཡེ་ཤེས་སྐྱེ་བའི་རྗེས་སུ་མཐུན་ལ། མི་རྟོག་ཡེ་ཤེས་ལ་བལྟོས་ན་རང་གི་ངོ་བོ་རྟོག་པ་ཡིན་པས་ཕྱིན་ཅི་ལོག་ཅེས་གསུངས་ཏེ། དབུས་མཐའ་ལས། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །ཅེས་གསུངས་པ་ཡིན་པར་འཆད་དོ། །


JLD013_Page_1024
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མཐའ་ནས་གསུངས་པ་ལྟར་སོ་སོ་སྐྱེ་བོའི་སྟོང་ཉིད་ཀྱི་སྒོམ་བཟང་ཤོས་རྣམས་ཀྱང༌། རྗེས་སུ་མཐུན་པ་ཕྱིན་ཅི་ལོག་ཅེས་པར་བཞག་དགོས་ལ། མཚན་ཉིད་གཞན་རྣམས་མ་བྱུང་ཡང་སྔར་བཤད་པ་ལྟར་ལྟ་བ་མ་ནོར་བའི་དོན་བསྒོམ་ན་བདག་མེད་པའི་དོན་བསྒོམ་པ་ཡིན་ལ། ལྟ་བ་མ་ནོར་བར་གཏན་ལ་ཕབ་པའི་དོན་བསྒོམ་པ་མ་ཡིན་ན། མཚན་ཉིད་བཞི་པོ་དེ་བྱུང་ཡང་ངེས་པའི་དོན་བསྒོམ་པར་འཇོག་མི་ནུས། དེའི་ཕྱིར་ཇི་ལྟ་བའི་དོན་བསྒོམ་པ་ཡིན་མིན་ནི་སྔར་བཤད་པ་བཞིན་ཡིན་ལ། དེ་བསྒོམས་ནས་དེའི་རྗེས་སུ་སྒྱུ་མར་འཚར་ཚུལ་ཡང་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །གསུམ་པ་ཞི་ལྷག་དེ་གཉིས་ཟུང་དུ་འབྲེལ་བའི་ཚུལ་ནི། དེ་གཉིས་གྲུབ་པའི་ཚད་ཀྱི་སྐབས་སུ་བཤད་པ་ལྟར། ཞི་ལྷག་གཉིས་མ་ཐོབ་ན་ཟུང་དུ་སྦྲེལ་རྒྱུ་མི་འོང་བས་ཟུང་འབྲེལ་ལ་ནི་དེ་གཉིས་ངེས་པར་ཐོབ་པ་དགོས་སོ། །འདི་ཡང༌ནམ་ལྷག་མཐོང་ཐོབ་པའི་ཐོག་མ་ནས་ཟུང་འབྲེལ་འཐོབ་པར་འགྱུར་བས། དེའི་ཚུལ་ནི་སྔར་གྱི་ཞི་གནས་ལ་བརྟེན་ནས་དཔྱད་སྒོམ་བྱས་པ་ན་བསྒྲིམས་ཏེ་འཇུག་པ་ལ་སོགས་པའི་ཡིད་བྱེད་བཞིའི་རིམ་པས་སྐྱེ་བ་འདི་ལའང་གསུངས་པས་ཡིད་བྱེད་བཞི་པ་སྔར་བཤད་པ་ལྟར་སྐྱེས་པའི་ཚེ་ན་ཟུང་འབྲེལ་དུ་འགྲོ་སྟེ། དེ་ཡང་དཔྱད་སྒོམ་བྱས་པའི་མཐར་འཇོག་སྒོམ་བྱས་ཤིང་བསྐྱངས་པ་དེ་ཞི་གནས་ཐོབ་པ་ཇི་འདྲ་བ་དེ་འདྲ་བའི་འཇོག་སྒོམ་དུ་གྱུར་པ་ན་ཡིན་ནོ། །དེ་ལྟར་ཡང་ཉན་ས་ལས། དེ་ལ་ཇི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་འདྲེས་པར་གྱུར་ཅིང་མཉམ་པར་ཟུང་དུ་འཇུག་པ་དང་། གང་གིས་ན་ཟུང་དུ་


JLD013_Page_1025
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བར་འཇུག་པའི་ལམ་ཞེས་བྱ་ཞེ་ན། སྨྲས་པ། སེམས་གནས་པ་རྣམ་པ་དགུ་པོ་དག་ལས་འདི་ལྟ་སྟེ། མཉམ་པར་བཞག་པའི་རྣམ་པ་དགུ་པ་གང་ཡིན་པ་ཐོབ་པར་གྱུར་ཅིང་། ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་དེ་ལ་བརྟེན་ནས་ལྷག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པ་ལ་རབ་ཏུ་བརྩོན་པར་བྱེད་དེ། དེའི་ཚེ་ན་ཆོས་རྣམ་པར་འབྱེད་པ་དེའི་ལམ་རང་གི་ངང་གིས་འཇུག་པ་དང་རྩོལ་བ་མེད་པར་འཇུག་པར་གྱུར་ཅིང༌། ཞི་གནས་ཀྱི་ལམ་ཇི་ལྟ་བ་བཞིན་དུ་མངོན་པར་འདུ་བྱེད་པ་མེད་པས་ལྷག་མཐོང་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བ་དང་ཞི་གནས་ཀྱི་རྗེས་སུ་སོང་བ་དང་ཉམས་བདེ་བས་ཡོངས་སུ་ཟིན་པར་འགྱུར་ཏེ། དེའི་ཕྱིར་དེའི་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཅིང་མཉམ་པར་འཇུག་པ་དང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ཞེས་བྱའོ། །ཞེས་དང༌། སྒོམ་རིམ་ཐ་མ་ལས་ཀྱང༌། ཇི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར་མཉམ་པར་ཞུགས་ཤིང་རང་གི་ངང་གིས་འཇུག་པས་དེ་ཁོ་ན་ཉིད་ལ་སེམས་ཤིན་ཏུ་གསལ་བ་བྱུང་བར་གྱུར་པ་དེའི་ཚེ་རྩོལ་བ་གློད་པས་བཏང་སྙོམས་སུ་བྱ་སྟེ། དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་གྲུབ་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །འོ་ན་དེ་འདྲ་བ་དེ་ལ་ཅིའི་ཕྱིར་ཟུང་དུ་འབྲེལ་བ་ཞེས་བྱ་ཞེ་ན། དེ་འདྲ་བ་དེ་མ་ཐོབ་པའི་གོང་དུ་སོ་སོར་རྟོག་པའི་དཔྱད་སྒོམ་གྱི་རང་སྟོབས་ཀྱིས་མི་རྟོག་པའི་གནས་ཆ་འདྲེན་མི་ནུས་པས། དཔྱད་སྒོམ་དང་འཇོག་སྒོམ་གཉིས་རྩོལ་བ་སོ་སོ་སོ་སོར་བསྒོམ་


JLD013_Page_1026
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ལ། དེ་གཉིས་ཐོབ་ནས་ནི་སོ་སོར་རྟོག་པའི་དཔྱད་སྒོམ་བྱས་པ་ཉིད་ཀྱིས་ཞི་གནས་འདྲེན་པར་ནུས་པས་ན་ཟུང་དུ་འབྲེལ་བའོ། །འདི་ཡང་དཔྱོད་པ་ནི་ལྷག་མཐོང་ཡིན་ལ། དཔྱད་མཐར་གནས་པ་ནི་ཞི་གནས་ཁྱད་པར་ཅན་སྟོང་ཉིད་ལ་དམིགས་པའོ། །ཤེར་ཕྱིན་མན་ངག་ལས་ཀྱང༌། དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དེ་ཉིད་ལ་དམིགས་ཏེ། སེམས་དེ་ཉིད་ལ་གང་གི་ཚེ་རྒྱུན་མི་འཆད་པ་དང་བར་མ་ཆད་པའི་ཡིད་ལ་བྱེད་པའི་རྒྱུན་གྱིས་གཉིས་ཀའང་ཉམས་སུ་མྱོང་བ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་ཞེས་བརྗོད་དེ། དེ་ལ་ཞི་གནས་དང་ལྷག་མཐོང་ནི་ཟུང་ཡིན་ལ། འབྲེལ་བ་ནི་ལྡན་པ་སྟེ། ཕན་ཚུན་བཅིངས་ནས་འཇུག་པའོ། །ཞེས་གསུངས་ཏེ། བར་མ་ཆད་པ་ནི་དཔྱད་སྒོམ་དེ་ཉིད་ཀྱི་འཕྲོ་བཞག་ནས་མི་རྟོག་པར་བཞག་མི་དགོས་པར་དཔྱད་སྒོམ་དེ་ཉིད་ཀྱིས་མི་རྟོག་པ་འདྲེན་པའོ། །གཉིས་ཀ་ཉམས་སུ་མྱོང་བ་ནི་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པའི་ཞི་གནས་དང་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ལྷག་མཐོང་གཉིས་ཀ་ཉམས་སུ་མྱོང་བ་སྟེ། དེ་ཡང་དུས་གཅིག་མིན་གྱི། བསྒོམ་པའི་ཡིད་བྱེད་དེ་ཉིད་ཀྱི་བར་མ་བཅད་པའི་རྒྱུན་གྱིས་མྱོང་བའོ། །འོ་ན་སྔར་ཞི་གནས་གྲུབ་ནས་སོ་སོར་རྟོག་པའི་དཔྱད་སྒོམ་གྱིས་གནས་ཆ་འགྲུབ་པར་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་ཞི་གནས་མ་གྲུབ་པའི་སྔོན་དུ་ཡང་དང་ཡང་དུ་དཔྱད་པའི་མཐར་འཇོག་པའི་སྤེལ་མ་བྱས་ན་ཞི་གནས་འགྲུབ་མི་སྲིད་། ཞི་གནས་རྙེད་ནས་ནི་དེ་


JLD013_Page_1027
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱས་ནས་བསྒོམས་པས་ཞི་གནས་འགྲུབ་པའི་ཁྱད་བསྟན་པ་ཡིན་པས་འགལ་བ་མེད་ཅིང༌། གཞན་ཡང་ལྷག་མཐོང་འགྲུབ་པའི་སྔ་རོལ་དེ་མ་ཐག་གི་དཔྱད་སྒོམ་གྱིས་རྩེ་གཅིག་པ་འདྲེན་པར་ནུས་པའི་སྐབས་གཅིག་ཡོད་པས་དེ་ལའང་བསམས་པ་སྟེ། ལྷག་མཐོང་མ་གྲུབ་པའི་སྔོན་དུ་ཡང་དང་ཡང་དུ་དཔྱད་པའི་མཐར་འཇོག་པའི་སྤེལ་མ་བྱས་ན་ཞི་གནས་འགྲུབ་མི་སྲིད་ལ། ཞི་གནས་རྙེད་ནས་ནི་དཔྱད་སྒོམ་གྱིས་མི་རྟོག་པ་འདྲེན་མི་ནུས་པར་གོང་དུ་བཤད་པ་འདི་ནི་དམིགས་བསལ་དེ་དོར་བའི་དེའི་སྔོན་དུ་མི་འགྲུབ་པའི་དབང་དུ་བྱས་པའོ། །མདོར་ན་ཞི་གནས་མ་གྲུབ་པའི་སྔོན་དུ་འཇོག་རེས་ཀྱིས་དཔྱད་པའི་མཐར་འཇོག་པའི་འཇོག་སྒོམ་བྱས་པས་ཞི་གནས་འགྲུབ་མི་སྲིད་ལ། ཞི་གནས་གྲུབ་ནས་ནི་ལྷག་མཐོང་མ་གྲུབ་པའི་སྔོན་དུ་དཔྱད་སྒོམ་གྱིས་རྩེ་གཅིག་པའི་གནས་ཆ་བརྟན་པོ་རང་སྟོབས་ཀྱིས་དྲངས་པ་མི་འོང་བས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མང་དུ་དཔྱད་པའི་དཔྱད་པ་དེ་ཉིད་ཀྱིས་གནས་ཆ་བརྟན་པོ་རྙེད་པ་ནི་ལྷག་མཐོང་ཐོབ་ནས་འོང་བས་ཟུང་འབྲེལ་ཡང་དེ་ནས་འཇོག་པ་ཡིན་ནོ། །དེའི་ཕྱིར་ཆུ་མི་གཡོ་བར་གནས་པའི་སྟེང་ན་ཕར་ཉེའུ་ཆུང་འཕྱོ་བ་བཞིན་དུ་གནས་ཆ་བརྟན་པོའི་མི་རྟོག་པའི་རྩི་མ་ཞིག་པའི་ངང་ནས་བདག་མེད་པའི་དོན་ལ་སོ་སོར་དཔྱད་པས་ཆོག་པའི་གཉིས་ཚོགས་ལ་ཞི་ལྷག་ཟུང་འབྲེལ་དུ་འཁྲུལ་བར་མི་བྱའོ། །དེ་ལྟར་ཞི་ལྷག་ཟུང་དུ་འབྲེལ་བའི་ཚུལ་ནི་གཞུང་ཁུངས་མ་དེ་དག་ནས་འབྱུང་བ་བཞིན་དུ་ཤེས་པར་བྱ་ཡི། དེ་ལས་གཞན་དུ་སྒྲོ་བཏགས་ནས་འཆད་པ་ལ་ཡིད་


JLD013_Page_1028
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་མི་བྱའོ། །འདི་དག་གི་སྒོ་ནས་ཞི་ལྷག་གི་སྐྱོང་ཚུལ་ལའང་ཁྱད་པར་དུ་མ་ཞིག་དབྱེ་དགོས་པར་སྣང་མོད་ཀྱང་ཚིག་མངས་པས་འཇིགས་ནས་མ་བྲིས་སོ། །ད་ནི་ལམ་སྤྱིའི་དོན་བསྡུ་བ་ཅུང་ཟད་བརྗོད་པར་བྱ་སྟེ། ཐོག་མར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་ཐུག་པས་དེའི་བདར་ཤ་བཅད། དེ་ནས་དལ་བ་ལ་སྙིང་པོ་ལེན་འདོད་བཅོས་མ་མིན་པ་བསྐྱེད་ན། དེས་རྒྱུན་དུ་བསྒྲུབ་པ་ལ་ནང་ནས་བསྐུལ་བས་དེ་བསྐྱེད་པའི་ཕྱིར་དུ་དལ་འབྱོར་གྱི་སྐོར་རྣམས་བསྒོམ། དེ་ནས་ཚེ་འདི་དོན་དུ་གཉེར་བའི་བློ་སྣ་མ་ལོག་ན་འཇིག་རྟེན་ཕྱི་མ་ལ་དོན་གཉེར་དྲག་པོ་མི་འབྱུང་བས། ལུས་ཐོབ་པ་རིང་དུ་མི་སྡོད་པའི་མི་རྟག་པ་དང་ཤི་ནས་ངན་འགྲོར་འཁྱམ་ཚུལ་བསྒོམ་པ་ལ་འབད། དེའི་ཚེ་འཇིགས་པ་དྲན་པའི་བློ་རྣལ་མ་སྐྱེ་བས་སྐྱབས་གསུམ་གྱི་ཡོན་ཏན་ལ་སྙིང་ཐག་པ་ནས་ངེས་པ་བསྐྱེད་ལ་སྐྱབས་འགྲོ་ཐུན་མོང་བའི་སྡོམ་པ་ལ་གནས་ཤིང་དེའི་བསླབ་བྱ་ལ་བསླབ། དེ་ནས་དཀར་ཆོས་ཐམས་ཅད་ཀྱི་གཞི་ཆེན་པོ་ལས་འབྲས་ལ་ཡིད་ཆེས་པའི་དད་པ་སྒོ་དུ་མ་ནས་བསྐྱེད་ལ་བརྟན་པར་བྱས་ཏེ། དགེ་མི་དགེ་བཅུའི་འཇུག་ལྡོག་ལ་འབད་ཅིང་སྟོབས་བཞིའི་ལམ་དུ་རྒྱུན་དུ་ཞུགས་པ་ཞིག་བྱ། དེ་ལྟར་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྣམས་ཚགས་སུ་ཆུད་པ་ན་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་མང་དུ་བསམས་ལ། འཁོར་བ་སྤྱི་ལས་བློ་ཅི་ལྡོག་བྱ། དེ་ནས་འཁོར་བ་གང་ལས་འབྱུང་བའི་རྒྱུ་ལས་དང་ཉོན་མོངས་པའི་ངོ་བོ་ངོས་བཟུང་ནས་དེ་སྤོང་འདོད་བཅོས་མ་མིན་པ་བསྐྱེད། འཁོར་བ་ལས་གྲོལ་བའི་ལམ་བསླབ་པ་གསུམ་སྤྱི་ལ་ངེས་


JLD013_Page_1029
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲང་ཞིང་། ཁྱད་པར་དུ་རང་གིས་གང་ཁས་བླངས་པའི་སོ་སོར་ཐར་པ་ལ་འབད་པར་བྱའོ། །དེ་ལྟར་སྐྱེས་བུ་འབྲིང་གི་ཆོས་སྐོར་རྣམས་ཚགས་སུ་ཆུད་པ་ན། རང་ཉིད་སྲིད་མཚོར་ལྷུང་བ་ཇི་འདྲ་བ་དེ་བཞིན་དུ། མ་རྣམས་ཀྱང་དེ་འདྲ་བར་སོང་བ་ཡིད་ལ་བྱས་ཏེ། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་བྱང་ཆུབ་ཀྱི་སེམས་སྦྱངས་ལ་འདི་ཅི་སྐྱེ་ལ་འབད་དགོས་ཏེ། དེ་མེད་ན་སྤྱོད་པ་ཕྱིན་དྲུག་དང་རིམ་གཉིས་སོགས་རྨང་མེད་པའི་ཐོག་བྱེད་པ་དང་འདྲ་བར་འགྱུར་བ་ཡིན་ནོ། །དེ་ལ་མྱོང་བའི་རྣམ་པ་ཐན་ཐུན་རྒྱུད་ལ་སྐྱེས་ན་ཆོ་གས་བཟུང་ལ། དེའི་བསླབ་བྱ་ལ་འབད་ནས་སྨོན་པ་ཅི་བརྟན་བྱ། དེ་ནས་བྱང་སེམས་ཀྱི་སྤྱོད་པ་རླབས་ཆེ་བ་རྣམས་མཉན་ལ། ལྡོག་འཇུག་གི་མཚམས་རྣམས་ཤེས་པ་དང་དེ་ལ་སློབ་འདོད་དྲག་པོ་བསྐྱེད། བློ་དེ་དག་སྐྱེས་པ་ན་འཇུག་པའི་སྡོམ་པ་ཆོ༌གས་བཟུང་ལ། རང་རྒྱུད་སྨིན་པར་བྱེད་པའི་ཕྱིན་དྲུག་དང་གཞན་རྒྱུད་སྨིན་བྱེད་ཀྱི་བསྡུ་བཞི་སོགས་ལ་བསླབ། ཁྱད་པར་དུ་རྩ་ལྟུང་ལ་འབད་པ་དྲག་པོས་སྲོག་བསྡོས་བྱ། ཟག་པ་ཆུང་འབྲིང་དང་ཉེས་བྱས་རྣམས་ཀྱིས་མ་གོས་པ་ལ་འབད་ཅིང་གོས་ནའང་ཕྱིར་འཆོས་པ་ལ་འབད་དོ། །དེ་ནས་ཕར་ཕྱིན་ཐ་མ་གཉིས་ལ་ཁྱད་པར་དུ་བསླབ་དགོས་པས་བསམ་གཏན་སྐྱོང་ལུགས་ལ་མཁས་པར་བྱས་ལ་ཏིང་ངེ་འཛིན་བསྒྲུབ། བདག་མེད་པ་གཉིས་ཀྱི་ལྟ་བ་རྟག་ཆད་དང་བྲལ་བའི་རྣམ་དག་ཅིག་རྒྱུད་ལ་ཅི་སྐྱེ་བྱས་ཏེ། རྙེད་པ་དང་ལྟ་ཐོག་དེར་བཞག་ནས་སྐྱོང་བའི་སྐྱོང་ཚུལ་རྣམ་དག་ཤེས་པར་བྱས་ལ་བསྐྱང་ངོ་། །དེ་འདྲ་བའི་བསམ་


JLD013_Page_1030
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དང་ཤེས་རབ་གཉིས་ལ་ཞི་ལྷག་གི་མིང་བཏགས་པ་ཡིན་གྱི། ཕར་ཕྱིན་ཐ་མ་གཉིས་ལས་ཟུར་པ་ཞིག་མེད་པས་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་དེའི་བསླབ་བྱ་ལ་སློབ་པའི་གསེབ་ནས་འོང་བ་ཡིན་ནོ། །འདི་ཡང་འོག་མ་འོག་མ་བསྒོམས་ཀྱིན་གོང་མ་གོང་མ་ལ་ཐོབ་འདོད་ཆེར་འགྲོ་བ་དང་། གོང་མ་གོང་མ་མཉན་པ་ན་འོག་མ་འོག་མ་ལ་བསྒྲུབ་འདོད་ཇེ་ཆེ་ཇེ་ཆེར་འགྲོ་བ་ཞིག་བྱུང་ན་གནད་དུ་སོང་བ་ཡིན་གྱི། སྔ་མ་རྣམས་ཅི་ཡང་མེད་པར་སེམས་ཀྱི་གནས་ཆ་རེ་ཙམ་དང་ལྟ་བའི་གོ་བ་ཙམ་རེ་ལ་ནུས་པ་སྤྲུག་ལོ་བྱས་ཀྱང་གནད་དུ་འགྲོ་ཤིན་ཏུ་དཀའ་བས་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཞིག་ལ་ངེས་པ་འདྲོངས་དགོས་པ་ཡིན་ནོ། །དེ་རྣམས་བསྒོམ་པའི་ཚེ་ཡང་རྟོག་པ་སྤྱང་བར་བྱས་ནས་བློ་རྣམས་ཆ་མཉམ་དགོས་ཏེ། འདི་ལྟར་ལམ་ལ་འཁྲིད་པའི་བཤེས་གཉེན་ལ་གུས་པ་ཆུང་བར་སྣང་ན་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་འཆད་པས་བསྟེན་ཚུལ་ལ་འབད། དེ་བཞིན་དུ་བསྒྲུབ་པ་ལ་སྤྲོ་ཤུགས་ཆུངས་ན་དལ་འབྱོར་གྱི་སྐོར་དང་ཚེ་འདི་ལ་མངོན་ཞེན་ཆེ་བར་སོང་ན་མི་རྟག་པ་དང་ངན་འགྲོའི་ཉེས་དམིགས་བསྒོམ་པ་ལ་གཙོ་བོར་བྱ་དགོས། ཁས་བླངས་པའི་བཅས་པ་རྣམས་ལ་གཡེལ་བར་སྣང་ན་ལས་འབྲས་ལ་ངེས་པ་ཆུང་བ་ཡིན་སྙམ་དུ་བསམས་ལ། ལས་འབྲས་བསྒོམ་པ་ལ་གཙོ་བོར་བྱ། འཁོར་བ་མཐའ་དག་ལ་སྐྱོ་ཤས་ཆུངས་ན། ཐར་པ་དོན་གཉེར་གྱི་བློ་ཚིག་ཙམ་དུ་འགྲོ་བས་འཁོར་བའི་ཉེས་དམིགས་རྣམས་བསམ། ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་པའི་བློ་ཤུགས་དྲག་མི་སྣང་ན་ཐེག་ཆེན་གྱི་རྩ༌བ་ཆད་པས། སྨོན་


JLD013_Page_1031
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྒྱུ་དང་བཅས་པ་ལ་མང་དུ་སྦྱང༌། རྒྱལ་སྲས་ཀྱི་སྡོམ་པ་བླངས་ནས་སྤྱོད་པ་ལ་སློབ་པ་ནའང་མཚན་མར་འཛིན་པའི་འཆིང་བ་ཤུགས་དྲག་པར་སྣང་ན། རིགས་ཤེས་ཀྱིས་མཚན་མར་འཛིན་པའི་བློས་བཟུང་བའི་དམིགས་གཏད་ཐམས་ཅད་བཤིག་ལ། ནམ་མཁའ་ལྟ་བུ་དང་སྒྱུ་མ་ལྟ་བུའི་སྟོང་ཉིད་ལ་བློ་སྦྱང༌། སེམས་དགེ་བའི་དམིགས་པ་ལ་མི་སྡོད་པའི་རྣམ་གཡེང་གི་བྲན་དུ་གྱུར་པར་སྣང་ན་རྩེ་གཅིག་པའི་གནས་ཆ་ལ་གཙོ་བོར་སྐྱོང་བར་གོང་མ་རྣམས་གསུང་སྟེ། དེས་མཚོན་ནས་མ་བཤད་པ་རྣམས་ཀྱང་ཤེས་པར་བྱ་ལ། མདོར་ན་ཕྱོགས་རེ་བར་མ་སོང་བར་རྒྱུད་དགེ་བའི་ཕྱོགས་ཐམས་ཅད་ལ་བཀོལ་དུ་རུང་བ་ཞིག་དགོས་སོ། །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པས་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་ཇི་ལྟར་བསླབ་པའི་ཚུལ་བཤད་ཟིན་ཏོ།། །།གཉིས་པ་ཁྱད་པར་དུ་རྡོ་རྗེའི་ཐེག་པ་ལ་བསླབ་པའི་ཚུལ་ནི། དེ་ལྟར་མདོ་སྔགས་གཉིས་ཀའི་ལམ་ཐུན་མོང་བ་རྣམས་ལ་སྦྱངས་པའི་འོག་ཏུ་ནི་གདོན་མི་ཟ་བར་གསང་སྔགས་ལ་འཇུག་པར་བྱ་སྟེ། ལམ་དེ་ནི་ཆོས་གཞན་རྣམས་ལས་ཆེས་ཤིན་ཏུ་དཀོན་པ་དང་མྱུར་དུ་ཚོགས་གཉིས་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ལ་འཇུག་ན་ནི། ལམ་སྒྲོན་ལས་གསུངས་པ་ལྟར་ཐོག་མར་བླ་མ་བསྙེན་བཀུར་དང་བཀའ་བསྒྲུབ་པ་སོགས་ཀྱིས་མཉེས་པར་བྱ་བ་སྔར་བཤད་པ་ལས་ཀྱང་ལྷག་པ་ཞིག་བྱ་དགོས་ཏེ། དེ་ཡང༌དེ་ལས་བཤད་པའི་མཚན་ཉིད་མ་མཐའ་ཚང་བ་ཞིག་ལ་དེ་ལྟར་


JLD013_Page_1032
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན་ནོ། །དེ་ནས་ཐོག་མར་སྨིན་བྱེད་ཀྱི་དབང་རྒྱུད་སྡེ་ཁུངས་མ་ནས་བཤད་པ་ཞིག་གིས་རྒྱུད་སྨིན་པར་བྱ། དེ་ནས་དེའི་ཚེ་བཟུང་བའི་དམ་ཚིག་དང་སྡོམ་པ་རྣམས་མཉན་ནས་ཤེས་པར་བྱས་ལ་བསྲུང་སྟེ། རྩ་བའི་ལྟུང་བས་ཕོག་ན་སླར་བླང་དུ་ཡོད་ཀྱང༌། ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་བ་ལ་ཆེས་འགྱང་བས་དེས་མ་གོས་པ་ལ་འབད་པ་དྲག་པོ་བྱ། སྦོམ་པོའི་ལྟུང་བས་མ་གོས་པ་ལ་འབད་ཅིང་བརྒྱ་ལ་གོས་ནའང་སླར་འཆོས་པའི་ཐབས་རྣམས་བྱ་སྟེ། འདི་དག་ནི་ལམ་བསྒོམ་པའི་གཞི་ཡིན་པས། དེ་དག་མེད་ན་འགྲམ་རྩ་ཟགས་པའི་ཁང་པ་ཧྲུལ་པོ་ལྟར་འགྱུར་བའི་ཕྱིར་རོ། །འཇམ་དཔལ་རྩ་བའི་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །ཞེས་སོགས་ཀྱིས་གྲུབ་པ་རབ་འབྲིང་ཐ་གསུམ་གང་ཡང་མེད་པར་གསུངས་ཤིང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུའང་དམ་ཚིག་མི་བསྲུང་བ་དང་དབང་བསྐུར་དམན་པ་དང་དེ་ཉིད་མི་ཤེས་པ་གསུམ་གྱིས་བསྒྲུབ་ཀྱང་ཅི་ཡང་མི་འགྲུབ་པར་གསུངས་པས་ན། དམ་ཚིག་དང་སྡོམ་པ་བསྲུང་བ་མེད་པའི་ལམ་བསྒོམ་པ་སྐད་བྱེད་པ་ནི། སྔགས་ཀྱི་ཚུལ་ལས་རྣམ་པར་འཁྱམས་པ་ཡིན་ནོ། །དེ་ལྟར་དམ་ཚིག་དང་སྡོམ་པ་བསྲུང་བ་དེས་སྔགས་ཀྱི་ལམ་བསྒོམ་པར་བྱ་བ་ལ། ཐོག་མར་བསྐྱེད་པའི་རིམ་པ་ལྷའི་འཁོར་ལོ་ཚང་བ་རྒྱུད་སྡེ་ཁུངས་མ་ནས་བཤད་པ་ཞིག་བསྒོམ་དགོས་ཏེ། སྔགས་ཀྱི་ལམ་གྱི་ཐུན་མོང་མ་ཡིན་པའི་སྤང་བྱ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་རང་དགའ་བར་ཞེན་པའི་


JLD013_Page_1033
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་པའི་རྣམ་རྟོག་འདི་ཡིན་ལ། དེ་སྤོང་བའང་གནས་དང་ལུས་དང་ལོངས་སྤྱོད་རྣམས་ཁྱད་པར་ཅན་གྱི་སྣང་བར་སྒྱུར་བར་བྱེད་པའི་བསྐྱེད་རིམ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཐ་མལ་གྱི་རྣམ་རྟོག་སྦྱངས་པ་དེ་རྒྱལ་བ་སྲས་བཅས་ཀྱིས་དུས་ཀུན་ཏུ་བྱིན་གྱིས་རློབ་ཅིང་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་བདེ་བླག་ཏུ་རྫོགས་པར་བྱེད་པས་ན། རྫོགས་པའི་རིམ་པའི་སྣོད་དུ་རུང་བ་ཡིན་པས། དེ་ནས་རྫོགས་པའི་རིམ་པ་རྒྱུད་སྡེ་ཁུངས་མ་ནས་འབྱུང་བ་རྣམས་བསྒོམ་དགོས་ཀྱི། རིམ་པ་དང་པོ་དོར་བའི་ཕྱི་མའི་ཁོངས་སུ་འདུ་བ་ཙམ་གྱི་ལམ་གྱི་ཆ་ཤས་རེ་རེ་ཙམ་ལ་སྦྱོང་བ་ནི་རྒྱུད་སྡེ་དང་དེ་དག་གི་དགོངས་འགྲེལ་གྱི་མཁས་པ་རྣམས་ཀྱི་བཞེད་པ་མ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་ལམ་གྱི་ལུས་རྫོགས་པའི་རིམ་པ་གཉིས་ཀྱི་གནད་ཟིན་པར་བྱའོ། །འདི་དག་ནི་འདིར་མིང་ཙམ་གྱི་སྒོ་ནས་སྔགས་ལ་འཇུག་པའི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་པས། རྒྱས་པར་ནི་སྔགས་ཀྱི་ལམ་གྱི་རིམ་པ་རྣམས་ལས་ཤེས་དགོས་སོ། །དེ་ལྟ་བུའི་ཚུལ་གྱིས་བསླབས་ན་མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བསླབ་པར་འགྱུར་བས། དལ་བ་ཐོབ་པ་དོན་དང་ལྡན་པར་བྱེད་ཅིང༌། རྒྱལ་བའི་བསྟན་པ་རིན་པོ་ཆེ་རང་དང་གཞན་གྱི་རྒྱུད་ལ་རྒྱས་པར་བྱེད་ནུས་པ་ཡིན་ནོ།། །།ཐུབ་པའི་གསུང་རབ་རབ་འབྱམས་རྣམས་ལ་བལྟ་བའི་མིག་གཅིག་གཅིག་གིས་ཀྱང་ནི་གཞུང་ལུགས་ཀུན། །ཇི་བཞིན་ལེགས་ཤེས་ཤེས་ལྡན་རྣམས་


JLD013_Page_1034
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་བ་སྐྱེད་འདི་འདི་འདྲའི་ཚུལ་ལ་རབ་སྦྱངས་པའི། །བཤེས་གཉེན་བསྟེན་དང་དང་པོའི་སངས་རྒྱས་འཇམ་པའི་དབྱངས་གང་གང་གིས་སྐྱབས་སུ་ལེགས་བཟུང་བ། །དེ་ཡི་མཐུས་ཡིན་ཡིན་ཚུལ་རྣམ་པར་འབྱེད་ལ་རབ་མཁས་མཁས་པའི་མཆོག་དེས་རྟག་སྐྱོངས་ཤིག །འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་ལུགས་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །གང་དེ་པཎ་ཆེན་མར་མེ་མཛད་ཀྱིས་ནི། །གངས་རིའི་ཁྲོད་དུ་གསལ་བར་མཛད་པ་ལས། །ཕྱོགས་འདིར་རྒྱལ་བའི་ལམ་བཟང་ལྟ་བའི་མིག །དུས་མང་ཞིག་ཏུ་ཟུམ་པར་མ་གྱུར་ཏོ། །དེ་ནས་བསྟན་པའི་གནད་རྣམས་མ་ལུས་པ། །ཇི་བཞིན་མཁྱེན་པའི་མཁས་རྣམས་ཟད་པ་ན། །ལམ་བཟང་འདི་ཡང་རིང་མོ་ཞིག་ནས་ཉམས། །ཚུལ་དེ་མཐོང་ནས་བསྟན་པ་རྒྱས་ཕྱིར་དུ། །རྒྱལ་བས་ཆོས་ཚུལ་ཇི་སྙེད་གསུངས་པ་ཀུན། །ཐེག་པ་མཆོག་གི་བཞོན་པས་འགྲོ་བ་ཡི། །སྐལ་བཟང་གཅིག་གི་ལམ་གྱི་རིམ་པ་རུ། །ལེགས་པར་བསྡུས་ནས་ཉམས་སུ་ལེན་པའི་ཚུལ། །ཧ་ཅང་རྒྱས་མིན་དོན་གྱི་གནད་རྣམས་ཀུན། །མ་ཚང་མེད་ཅིང་བློ་གྲོས་ཆུང་ངུས་ཀྱང༌། །བདེ་བླག་རྟོགས་པར་ནུས་འདི་ལུང་རིགས་ཀྱིས། །ཚུལ་བཞིན་དཔྱོད་པའི་ལམ་ནས་བདག་གིས་དྲངས། །རྒྱལ་སྲས་འཇུག་ངོགས་ཤིན་ཏུ་རྟོགས་པར་དཀའ། །བདག་


JLD013_Page_1035
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱིས་པའི་ནང་ནའང་བྱིས་པ་སྟེ། །དེ་སླད་འདིར་ནི་ནོངས་པར་གྱུར་པ་གང༌། །ཇི་བཞིན་གཟིགས་རྣམས་སྤྱན་སྔར་བདག་འཆགས་སོ། །དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི། །མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས། །བློ་མིག་མ་རིག་གིས་ལྡོངས་འགྲོ་བ་ཀུན། །རྣམ་འདྲེན་རྒྱལ་བའི་དབང་པོར་བདག་གྱུར་ཅིག །དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང༌། །འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ། །བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག །རྙེད་ནས་བསྒྲུབ་པས་རྒྱལ་རྣམས་གཉེས་བྱེད་ཤོག །རང་གི་ཇི་བཞིན་རྟོགས་པའི་ལམ་གྱི་གནད། །ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས། །རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག །བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས། །ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང༌། །ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང༌། །རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག །ལམ་བཟང་སྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས། །ཚུལ་བཞིན་བསྒྲུབ་ལ་བརྩོན་པ་དེ་ཡི་ཚེ། །མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌། །


JLD013_Page_1036
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་པའི་རིམ་པ་ཐམས་ཅད་ཚང་བར་སྟོན་པའི་བྱང་ཆུབ་ལམ་གྱི་རིམ་པ་འདི། རྒྱལ་སྲས་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱི་རྒྱལ་ཚབ་ཆེན་པོ་ནང་རིག་པའི་སྡེ་སྣོད་ལ་མཁས་པར་སྦྱངས་ནས་དེའི་དོན་བསྒྲུབ་པས་ཚུལ་བཞིན་དུ་ཐུགས་ཉམས་སུ་བཞེས་ཏེ། འགྲོ་བ་དུ་མའི་འདྲེན་པ་མཛད་པའི་སྒོ་ནས་བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ་དཀོན་མཆོག་ཚུལ་ཁྲིམས་དང༌། སྔོན་དུས་ཀྱི་སྡོམ་བརྩོན་རྣམས་ཀྱིས་མཐའ་གཅིག་ཏུ་ཡོངས་སུ་བསྔགས་པའི་དམ་པ་བྱ་འདུལ་བ་འཛིན་པའི་རྒྱལ་ཚབ་མཁྱེན་པ་དང་བརྩེ་བ་ལ་སོགས་པའི་རྟོགས་པ་དང་ལུང་གི་ཡོན་ཏན་རིན་པོ་ཆེ་དུ་མས་བརྒྱན་པས་གངས་རིའི་ཁྲོད་ཀྱི་སྡོམ་བརྩོན་རྣམས་ཀྱི་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་སྡོམ་བརྩོན་ཆེན་པོ་མཁན་ཆེན་ཟུལ་ཕུ་བ་དཀོན་མཆོག་དཔལ་བཟང་པོ་དང༌། གཞན་ཡང་དོན་གཉེར་ཅན་མང་པོས་སྔ་ནས་བསྐུལ་ཞིང༌། དུས་ཕྱིས་མདོ་སྔགས་ཀྱི་གཞུང་རབ་འབྱམས་ལ་མཁས་པར་སྦྱངས་པས་གཞུང་ལུགས་པ་རྣམས་ཀྱི་གཙོ་བོར་གྱུར་ཅིང་བསླབ་པ་རིན་པོ་ཆེ་གསུམ་ལ་ཆེས་ཆེར་གཅེས་སྤྲས་སུ་མཛད་པ། གཅིག་ཏུ་བསྟན་པ་རིན་པོ་ཆེའི་ཁུར་འཁུར་བ་ལ་ཟླ་དང་བྲལ་བའི་སྐད་གཉིས་སྨྲ་བ་ཡོངས་སུ་རྫོགས་པའི་བཤེས་གཉེན་སེམས་དཔའ་ཆེན་པོ་སྐྱབས་མཆོག་དཔལ་བཟང་པོ་ཞེས། ཡོངས་སུ་གྲགས་པའི་དམ་པ་དེས་ཉེ་བར་བསྐུལ་བའི་བཀའ་སྩལ་དང་དུ་བླངས་ནས། རྗེ་བཙུན་དམ་པ་ནམ་མཁའི་མཚན་ཅན་ལ་དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པ་དང༌། སྤྱན་སྔ་བ་ནས་བརྒྱུད་པའི་ལམ་གྱི་རིམ་པ་ཐོས་ཤིང༌། རྗེ་བཙུན་དམ་པ་བཟང་པོའི་མཐའ་ཅན་ལ། པོ་ཏོ་བས་ཤ༌ར་བ་ལ་བརྒྱུད་པ་དང༌། པོ་ཏོ་བ་ནས་དོལ་པ་ལ་བརྒྱུད་པའི་ལམ་གྱི་རིམ་པ་ཐོས་པ་རྣམས་ཀྱི་དོན་གདམས་ངག་འདིའི་གཞུང༌། ལམ་སྒྲོན་གྱི་སྐྱེས་བུ་གསུམ་གྱི་སྤྱིའི་མཚན་ཉིད་སྟོན་པ་ཙམ་མ་གཏོགས་པའི་ཚིག་རྣམས་སླ་བ་ལ་


JLD013_Page_1037
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ནས་མ་དྲངས་པར། ལོཙྪ་བ་ཆེན་པོ་དང་གྲོ་ལུང་པ་ཡབ་སྲས་ཀྱི་ལམ་རིམ་གྱི་ཁོག་རྣམས་ལ་གཞི་བྱས་ནས་ལམ་རིམ་དུ་མ་ནས་གནད་རྣམས་བསྡུས་ཏེ། ལམ་གྱི་ཆ་ཚང་ལ་འཁྱེར་བདེ་ཞིང་། གོ་རིམ་མ་འཁྲུགས་པར་བཀོད་པ་འདི་ནི། གངས་རིའི་ཁྲོད་ཀྱི་ཤིང་རྟ་ཆེན་པོ། གསུང་རབ་རབ་འབྱམས་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན་གཞུང་ལུགས་ཆེན་མོ་རྣམས་ཀྱི་དོན་ཚུལ་བཞིན་དུ་བསྒྲུབས་པས། རྒྱལ་བ་སྲས་བཅས་དགྱེས་པ་བསྐྱེད་པའི་རྨད་དུ་བྱུང་བའི་སེམས་དཔའ་ཆེན་པོ་རྗེ་བཙུན་དམ་པ་རེད་མདའ་བ་ལ་སོགས་པའི་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་པ། མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་ཡང་དགོན་བྲག་སེང་གེའི་ཞོལ་གྱི་རི་ཁྲོད་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་བསོད་ནམས་དཔལ་བཟང་པོའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག


no previousམཉམ་མེད་ཙོང་ཁ་བ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིན་ཆེ་བ།no next