Nitartha Digital Library
Tibetan
 
previousཤོག་ལྷེབ་ ༡༠༠༡ ནས་ ༡༠༣༧ བར།no next

ཤོག་ལྷེབ་ ༡༠༠༡ ནས་ ༡༠༣༧ བར།


JLD013_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། དེ་ཡང་གོ་བ་ཙམ་ཡོད་པས་མི་ཆོག་པས་སྐྱོང་བའི་ཚེ་ལྟ་བ་དྲན་ནས་དཔྱོད་པ་དང་དཔྱད་པའི་དོན་དེ་ཉིད་ལ་བསྒོམ་པ་ཞིག་དགོས་ལ། དེ་ལ་ནི་བདག་མེད་པའི་དོན་ལ་མི་དཔྱོད་པར་འཇོག་པ་དང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྒོམ་པ་གཉིས་ཀ་དགོས་ཀྱི། ཕྱོགས་རེ་བས་མི་ཆོག་གོ །འདི་ལ་གསུམ། འཇོག་སྒོམ་དང་དཔྱད་སྒོམ་གཉིས་ཀ་དགོས་པའི་རྒྱུ་མཚན། དེ་ལ་རྩོད་པ་སྤང་བ། སྐྱོང་ཚུལ་གྱི་གནད་ཅུང་ཟད་བཤད་པའོ། །དང་པོ་ནི། བདག་མེད་པའི་དོན་ལ་ཕུ་ཐག་ཆོད་པའི་ལྟ་བའི་ངེས་པ་མེད་ན་ལྷག་མཐོང་གི་རྟོགས་པ་མི་སྐྱེ་སྟེ། དེ་ནི་དེའི་རྒྱུར་གསུངས་པའི་ཕྱིར་དང༌། ལྟ་བ་དེ་འཆད་པའི་གཏམ་མ་ཐོས་པ་ལྷག་མཐོང་གི་གེགས་སུ་གསུངས་པའི་ཕྱིར་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས། ཞི་གནས་དང་ལྷག་མཐོང་རྒྱུ་གང་ལས་བྱུང་བ་ལགས། བྱམས་པ། ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་དང་ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ཞེས་དང༌། འཕགས་པའི་གཏམ་འདོད་པ་བཞིན་མ་ཐོས་པ་ནི་ལྷག་མཐོང་གི་གེགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། སྲེད་མེད་ཀྱི་བུས་ཞུས་པ་ལས། ཐོས་པ་ལས་ཤེས་རབ་འབྱུང་ཞིང་ཤེས་རབ་ཀྱིས་ཉོན་མོངས་པ་སྤོང་བ་སོགས་སྔར་དུ་མ་ཞིག་དྲངས་པ་ལྟར་གསུངས་པའི་ཕྱིར་རོ། །ལྟ་བ་དེ་ལས་ལྷག་མཐོང་སྐྱེ་ལུགས་ནི། དང་པོ་གཏན་ལ་འབེབས་པའི་ཚེ་ལུང་རིགས་ཀྱི་སྒོ་དུ་མ་ནས་རྣམ་པར་དཔྱད་ནས་གཏན་ལ་འབེབས་ཤིང༌། གཏན་ལ་


JLD013_Page_1002
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་པའི་ཚེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་དཔྱད་དེ་མི་སྐྱོང་བར། འཇོག་སྒོམ་ཙམ་ཞིག་བྱས་པས་སྐྱེ་བ་མིན་པས། ཞི་གནས་གྲུབ་ནས་སྒོམ་པར་བྱེད་པའི་ཚེ་དཔྱད་ནས་སྐྱོང་དགོས་སོ། །འདི་ལ་ཁ་ཅིག །དང་པོ་ནས་མི་དཔྱོད་པར་མི་འདོད་ཀྱང་ཐོས་བསམ་གྱིས་གཏན་ལ་ཕབ་ཟིན་ནས་བསྒོམ་པའི་ཚེ། དཔྱད་སྒོམ་བྱས་ན་རྟོག་པ་རྣམས་མཚན་འཛིན་ཡིན་སྙམ་དུ་བཟུང་སྟེ། དེ་ལྟར་མི་སྐྱོང་ན་ནི་རྟོག་པ་གང་ཡིན་མཚན་འཛིན་ཡིན་པ་དང་སོ་སོ་སྐྱེ་བོས་རྟོག་བྲལ་གྱི་ཤེས་པས་བདག་མེད་བསྒོམ་པར་འདོད་པ་མང་དུ་བཀག་པས་མི་འཐད་དོ། །གཞན་ཡང༌རྟོག་པ་དེ་དག་ཐམས་ཅད་བདེན་འཛིན་ཡིན་པས་བསྒོམ་པའི་ཚེ་འགོག་ན། གཏན་ལ་འབེབས་པའི་ཚེ་ཡང་རྟོག་པས་དེ་དག་བྱ་དགོས་པས་དགག་དགོས་པར་འགྱུར་ཞིང༌། སློབ་མ་ལ་འཆད་པ་དང་རྩོད་པ་དང་རྩོམ་པ་དང་ལྟ་རྟོག་བྱེད་པ་སོགས་ཐམས་ཅད་ཀྱང་ཁྱེད་ཀྱིས་རྟོག་པས་བྱ་དགོས་པས་དེའི་ཚེ་ཡང་འགོག་དགོས་པར་འགྱུར་ཏེ། བདེན་འཛིན་སྒོམ་བྱེད་དུས་དགག་དགོས་ལ། དུས་གཞན་གྱི་ཚེ་མི་དགོས་པའི་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་མི་འདོད་ཀྱི། འོན་ཀྱང་ལུང་དང་རིགས་པས་སྒོ་དུ་མ་ནས་དཔྱོད་པ་ནི་བདག་མེད་པའི་དོན་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་ཡིན་ལ། ལྟ་བ་ཡང་རྙེད་ཟིན་པས་བསྒོམ་པའི་ཚེ་མི་དགོས་སོ་སྙམ་ན། དེ་ལྟ་ན་མཐོང་ལམ་དུ་བདག་མེད་པ་མངོན་སུམ་དུ་རྟོགས་པ་ཡིན་པས། དེ་ནས་བདག་མེད་མཐོང་ཟིན་པ་དེ་བསྒོམས་པ་དོན་མེད་པར་འགྱུར་རོ། །གལ་ཏེ་དེ་ནི་བསྒོམ་དགོས་ཏེ་སྒོམ་སྤང་རྣམས་གོམས་པས་སྤོང་


JLD013_Page_1003
[མ་དཔེ་གཟིགས་ན་འདིར་གནོན།]

གི །མཐོང་བ་ཙམ་གྱིས་མི་སྤོང་ངོ་སྙམ་ན། མཚུངས་ཏེ། འདིར་ཡང་སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པས་ངེས་ཟིན་ཀྱང་གཏན་ལ་འབེབས་པ་ལ་གོམས་པར་བྱ་དགོས་པའི་ཕྱིར་ཏེ། ཇི་ཙམ་དུ་གཏན་ལ་འབེབས་པ་དེ་གོམས་པར་བྱས་པ་དེ་ཙམ་དུ་ངེས་པ་དེ་ཤུགས་དྲག་པ་དང་རྒྱུན་རིང་བ་དང་རྣམ་པ་གསལ་བ་དང་བརྟན་པར་འགྱུར་བ་སོགས་སུ་མཐོང་བའི་ཕྱིར་རོ། །དེས་ན་རྣམ་འགྲེལ་ལས། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །ཞེས་གསུངས་པ་ལྟར། དེ་གཉིས་གནོད་བྱ་གནོད་བྱེད་ཡིན་པས་ངེས་པ་ཇི་ལྟར་བརྟན་པ་དང་ཤུགས་དྲག་པ་སོགས་སུ་སོང་བ་དེ་ཙམ་དུ་སྒྲོ་འདོགས་ལ་གནོད་པས། འདིར་ཡང་རང་བཞིན་མེད་པའི་ངེས་པ་ཇེ་འཕེལ་དུ་བརྟན་དགོས་ལ། དེ་ཡང་གནོད་བྱེད་དང་སྒྲུབ་བྱེད་དུ་མའི་སྒོ་ནས་བསམ་དགོས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མི་རྟག་པ་དང་ལས་འབྲས་དང་འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་དང་བྱམས་པ་དང་སྙིང་རྗེ་སོགས་ལའང་དེ་དག་གི་གོ་བ་རྙེད་པ་ནས་མི་དཔྱོད་པར་བདག་ནི་འཆིའོ་སྙམ་པ་ཙམ་གྱི་འཛིན་སྟངས་གཅིག་ཁོ་ན་བཟུང་ནས་བསྐྱང་དགོས་པར་འགྱུར་ཏེ། རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་རོ། །དེས་ན་ངེས་པ་རྣམ་དག་འདྲེན་པ་ལ་ནི་བདག་ནི་འཆིའོ་སྙམ་པ་དང་། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་དང་། སེམས་ཅན་སྙིང་རེ་རྗེ་སྙམ་པ་ཙམ་རེ་ལ་སོགས་པ་དམ་བཅའ་ཙམ་རེས་མི་ཆོག་གི །རྒྱུ་མཚན་སྒོ་དུ་མ་ནས་བསམ་དགོས་


JLD013_Page_1004
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དུ། རང་བཞིན་མེད་པའི་ངེས་པ་བརྟན་པ་དང་ཤུགས་དྲག་པ་སོགས་ཀྱང་དམ་བཅའ་ཙམ་ཞིག་བཟུང་བས་མི་ཆོག་གི །གནོད་བྱེད་དང་སྒྲུབ་བྱེད་སྒོ་མ་དུ་མ་ནས་བསམ་དགོས་ཏེ། སྐྱེས་བུ་ཆུང་ངུའི་སྐབས་སུ་ཡང་མང་དུ་བཤད་ཟིན་ཏོ། །དེ་ལྟར་ཡང་སྒོམ་རིམ་གསུམ་གར་ཞི་གནས་གྲུབ་ནས་བསྒོམ་པའི་ཚེ་དཔྱད་པ་མང་དུ་བྱས་ནས་བསྒོམ་པར་གསུངས་ཤིང༌། འཇུག་པ་ལས་ཀྱང༌། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་སོགས་ཀྱིས་བསྒོམ་པའི་ཚེ་དཔྱད་པ་དེ་དག་བྱེད་པར་གསུངས་ཏེ། རྣལ་འབྱོར་པ་ནི་ཞི་ལྷག་གང་རུང་རྙེད་པ་ཞིག་ལ་བྱེད་པའི་ཕྱིར་དང་། ཞི་གནས་མ་གྲུབ་པའི་སྔོན་དུ་ལྟ་བའི་གོ་བ་མི་འཚོལ་བ་མ་ཡིན་པའི་ཕྱིར་དང༌། བསམ་གཏན་གྱི་འོག་ཤེས་རབ་ཀྱི་སྐབས་སུ་ལྟ་བའི་དཔྱད་པ་རྣམས་གསུངས་པས་དེའི་རིམ་པའི་གནད་ཀྱིས་བསམ་གཏན་བསྒྲུབས་ནས་བདག་མེད་གཉིས་ལ་དཔྱོད་པ་དགོངས་པ་ཡིན་ལ། དབུ་མ་སྙིང་པོ་ལས་ཀྱང༌། བློ་གྲོས་མཉམ་གཞག་འོག་ཏུ་ནི། །ཐ་སྙད་སྒོ་ནས་གཟུང་བྱ་བའི། །ཆོས་རྣམས་དངོས་པོ་འདི་དག་ལ། །ཤེས་རབ་ཀྱིས་ནི་འདི་ལྟར་བརྟག །ཅེས་གསུངས་ཤིང༌། འགྲེལ་པར། ཏིང་ངེ་འཛིན་སྐྱེས་པའི་འོག་ཏུ་ལྟ་བའི་དཔྱད་པ་རྣམས་བྱ་བར་གསུངས་པ་དང༌། སྤྱོད་འཇུག་ལས་ཀྱང༌། ཞི་གནས་བསམ་གཏན་ལེའུར་འབྱུང་བ་བཞིན་བསྒྲུབས་ནས། དེ་ནས་ཤེས་རབ་བསྒོམ་པ་ན་རིགས་པའི་དཔྱད་པས་བསྒོམ་པར་གསུངས་པའི་ཕྱིར་རོ། །དེས་ན་ཕར་ཕྱིན་ཐ་མ་གཉིས་ཀྱི་རིམ་པ་དང་བསླབ་པ་ཕྱི་མ་གཉིས་ཀྱི་རིམ་པ་ཐམས་ཅད་ཏིང་


JLD013_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་སྔོན་དུ་བསྒྲུབས་ནས་ཤེས་རབ་བསྒོམ་པའི་རིམ་པ་ཡིན་ལ། ཤེས་རབ་དེའི་བསྒོམ་ཚུལ་ལ་ཇི་ལྟ་བ་དང་ཇི་སྙེད་པ་ལ་དཔྱོད་པའི་སྒོ་ནས་གསུངས་པ་ཐམས་ཅད་བསྒོམ་པའི་རིམ་པ་ཡིན་པས་ལོག་པར་བརྟག་པར་མི་བྱའོ། །དེ་དག་ཏུ་མ་ཟད་གཞུང་ཆེ་བ་དུ་མ་ནས་དེ་ལྟར་གསུངས་པས་བསྒོམ་པའི་ཚེ་དཔྱོད་པར་གདོན་མི་ཟའོ། །དེ་ལྟར་ན་ཞི་གནས་གྲུབ་པའི་འོག་ཏུ་ལྷག་མཐོང་བསྒོམ་པའི་ཚེ་དཔྱད་སྒོམ་འབའ་ཞིག་བྱས་ན་སྔར་གྱི་ཞི་གནས་འཇིག་ལ། གསར་དུ་ཡང་མ་བསྒྲུབས་པའི་ཕྱིར་ཞི་གནས་མེད་པར་འགྱུར་ལ། དེའི་ཕྱིར་ལྷག་མཐོང་ཡང་མི་སྐྱེ་སྟེ་སྔར་བཤད་པ་ལྟར་རོ། །དེས་ན་སྔར་གནས་པ་གྲུབ་པའི་ཞི་གནས་ཀྱང་སྐྱོང་དགོས་ལ། དཔྱད་སྒོམ་ཡང་བྱ་དགོས་པས་གཉིས་ཀ་དགོས་སོ། །དེ་ཡང་ལྷག་མཐོང་གི་དཔྱད་སྒོམ་བྱས་པའི་མཐར། དོན་དེ་ལ་འཇོག་སྒོམ་བྱས་པས་བདག་མེད་པ་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་འགྲུབ་པ་ཡིན་ནོ། །སྒོམ་རིམ་བར་པ་ལས། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏེ། དེ་ལྟར་སྐྱོན་ལ་མཁས་པ་དེས་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར། སྟོང་པ་ཉིད་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་སྟོང་པ་ཉིད་བསྒོམ་པ་མང་བས་གནས་གང་དང་གང་དུ་སེམས་འཕྲོ་ཞིང༌། སེམས་མངོན་པར་དགའ་བའི་གནས་དེ་དང་དེ་དག་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་ཡིན་པ་དེ་ཡང་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་བཙལ་


JLD013_Page_1006
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྟོང་པར་རྟོགས་ཏེ། དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ་། །འདིས་ནི་ཡོངས་སུ་རྟོག་པ་སྔོན་དུ་གཏོང་བ་ཉིད་མཚན་མ་མེད་པ་ཉིད་ལ་འཇུག་པར་བསྟན་ཏེ། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་དང་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་མི་དཔྱོད་པར་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་མི་སྲིད་པར་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །ལུང་དེས་ནི་སེམས་འཕྲོ་བའི་ཡུལ་དང་འཕྲོ་མཁན་གྱི་སེམས་རྣམས་བརྟགས་པ་ན་སྟོང་པར་རྟོགས་པ་དང་། སྟོང་པར་རྟོགས་པ༌ཡང་བཙལ་བའམ་དཔྱད་པ་ན་སྟོང་པར་རྟོགས་པ་དང་དེ་དག་ཀྱང་སྟོང་ཉིད་བསྒོམ་པའི་ཚེ་བྱེད་པར་གསུངས་ཤིང་། དཔྱད་ནས་སྟོང་པར་རྟོགས་པ་དེས་མཚན་མེད་ཀྱི་རྣལ་འབྱོར་ལ་འཇུག་པར་གསུངས་པས། ཡོངས་སུ་དཔྱད་པས་འཚོལ་བའི་རིགས་པའི་དཔྱད་པ་སྔོན་དུ་མ་བཏང་བར། ཧྭ་ཤང་འདོད་པ་ལྟར་སེམས་འཕྲོ་བ་བསྡུས་པའི་ཡིད་ལ་བྱེད་པ་སྤངས་པ་ཙམ་གྱིས་མཚན་མེད་དམ་མི་རྟོག་པར་འཇུག་པ་མི་སྲིད་པར་གསལ་བར་བསྟན་ཏོ། །དེས་ན་སྔར་བཤད་པ་ལྟར་ཆོས་རྣམས་ལ་བདག་གཉིས་ཀྱི་ངོ་བོ་རྡུལ་ཙམ་ཡང་མ་གྲུབ་པར་རིགས་པའི་མཚོན་གྱིས་བཤིག་ལ། བདག་མེད་པ་ལ་ངེས་པ་དྲང༌། དེ་ལྟར་བདག་གཉིས་ཀྱི་དངོས་པོ་མེད་པ་ན། དེ་བཀག་པའི་དངོས་པོ་མེད་པའང་ཡང་དག་པར་གྲུབ་པ་ཅི་ཞིག་ཡོད་དེ། མོ་གཤམ་གྱི་བུ་མེད་པའི་དངོས་མེད་ཡོད་པར་འཛིན་པ་ནི་མོ་གཤམ་དང་བུ་དམིགས་པ་ལ་བལྟོས་ཏེ་དེ་གཉིས་ནམ་ཡང་མ་དམིགས་ན། མོ་གཤམ་གྱི་བུ་མེད་པ་བདེན་པར་ཡོད་པར་འགས་ཀྱང་ཐ་སྙད་མི་


JLD013_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་པ་ལྟར། དངོས་པོ་བདེན་པ་བ་འགའ་ཡང་གཞི་འགར་ཡང་མ་དམིགས་ན། དེའི་དངོས་མེད་བདེན་པ་བ་ཡོད་པར་འཛིན་པའི་རྟོག་པ་ཡང་སྐྱེ་བར་མི་འགྱུར་རོ། །དེས་ན་མཚན་མར་འཛིན་པའི་རྟོག་པ་ཐམས་ཅད་ལྡོག་པར་འགྱུར་ཏེ། བདེན་འཛིན་གྱི་རྟོག་པ་ཡིན་ན་དངོས་པོའམ་དངོས་མེད་བདེན་པར་འཛིན་པའི་རྟོག་པ་གང་རུང་ཡིན་པས། ཁྱབ་བྱེད་ལོག་ན་ཁྱབ་བྱ་ཡང་ལྡོག་པར་སྒོམ་རིམ་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་དངོས་པོ་ཡོད་མེད་གང་ལ་ཡང་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པར་ངེས་པ་གཏིང་ནས་འདྲོངས་པའི་ངེས་པ་བསྐྱེད་པ་དང་དེས་ཐག་བཅད་པའི་དོན་ལ་འཇོག་པ་གཉིས་རེ་མོས་སུ་བྱེད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒྲུབ་པ་ཡིན་གྱི། ཡུལ་ལ་ཅི་ཡང་མི་དཔྱོད་པར་ཡིད་བྱེད་བསྡུས་པ་ཙམ་གྱིས་ནི་བསྒྲུབ་པར་མི་ནུས་ཏེ། བདེན་པར་འཛིན་པ་སྤོང་བར་མི་ནུས་པའི་ཕྱིར་ཏེ། དེ་ནི་བདེན་པར་ཡོད་པར་མི་རྟོག་པ་ཙམ་ཡིན་གྱི། བདེན་མེད་རྟོགས་པ་མིན་པའི་ཕྱིར་རོ། །དེ་བཞིན་དུ་བདག་ཡོད་པར་མི་རྟོག་པ་ཙམ་ཡིན་གྱི། བདག་མེད་རྟོགས་པ་མིན་པས། དེ་བསྒོམས་པས་བདག་འཛིན་ལ་ཅི་ཡང་མི་གནོད་པའི་ཕྱིར་རོ། །དེས་ན་བདེན་པར་ཡོད་པ་དང་བདག་གཉིས་སུ་ཡོད་པར་མི་རྟོག་པ་དང་། བདེན་མེད་དང་བདག་མེད་གཉིས་རྟོགས་པ་ཕྱེད་པར་བྱ་དགོས་པ་འདི་གནད་ཀྱི་དོན་དུ་ཟུངས་ཤིག །གཉིས་པ་རྩོད་པ་སྤང་བ་ནི། གལ་ཏེ་བདག་མེད་པའི་དོན་ལ་སོ་སོར་དཔྱོད་པ་རྟོག་པ་ཡིན་པས། དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་འགལ་ཏེ། འབྲས་བུ་དང་རྒྱུ་གཉིས་རྗེས་སུ་མཐུན་པ་དགོས་


JLD013_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སྙམ་ན། འདི་ལ་ནི་བཅོམ་ལྡན་འདས་ཉིད་ཀྱིས་དཔེ་དང་བཅས་པས་གསུངས་ཏེ། འོད་སྲུངས་ཀྱི་ལེའུ་ལས། འོད་སྲུངས། འདི་ལྟ་སྟེ། དཔེར་ན། ཤིང་གཉིས་རླུང་གིས་དྲུད་པ་དེ་ལས་མེ་འབྱུང་སྟེ། བྱུང་ནས་ཤིང་གཉིས་སྲེག་པ་དེ་བཞིན་དུ། འོད་སྲུངས། ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད་དོ། །ཞེས་སོ་སོར་རྟོག་པ་ལས་འཕགས་པའི་ཤེས་རབ་སྐྱེ་བར་གསུངས་ལ། སྒོམ་རིམ་བར་པ་ལས་ཀྱང༌། དེས་དེ་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ། གང་གི་ཚེ་རྣལ་འབྱོར་པས་དངོས་པོ་གང་གི་ངོ་བོ་ཉིད་དོན་དམ་པར་ངེས་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱང་རྟོགས་སོ། །གང་ཞིག་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་བསྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤངས་པ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེའི་རྣམ་པར་རྟོག་པ་ནམ་ཡང་མི་ལྡོག་ཅིང་ངོ་བོ་ཉིད་མེད་པ་ཉིད་ནམ་ཡང་རྟོགས་པར་མི་འགྱུར་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན། གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་བསྲེག་གོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་སོ། །དེ་ལྟ་མ་ཡིན་ན་ལམ་ཟག་བཅས་ལས་ཟག་མེད་ཀྱི་ལམ་འབྱུང་བ་ཡང་མི་སྲིད་པས། སོ་སོ་སྐྱེ་བོས་འཕགས་པ་ཐོབ་པ་མེད་པར་འགྱུར་ཏེ། རྒྱུ་འབྲས་གཉིས་མི་འདྲ་བའི་


JLD013_Page_1009
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་བཞིན་དུ་ས་བོན་སྐྱ་བོ་ལས་མྱུ་གུ་སྔོན་པོ་སྐྱེ་བ་དང༌། མེ་ལས་དུ་བ་སྐྱེ་བ་དང༌། བུད་མེད་ལས་སྐྱེས་པ་སྐྱེ་བ་སོགས་རྣམ་པ་མི་འདྲ་བའི་རྒྱུ་འབྲས་མཐའ་ཡས་པ་ཞིག་སྣང་ངོ་། །འཕགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། བདག་གཉིས་སུ་འཛིན་པའི་ཡུལ་གྱིས་སྟོང་པའི་བདག་མེད་པའི་དོན་མངོན་སུམ་དུ་རྟོགས་པ་ཡིན་ལ། དེ་སྐྱེ་བ་ལ་ད་ལྟ་ནས་བདག་ཏུ་འཛིན་པའི་ཡུལ་ལ་སོ་སོར་དཔྱད་ནས་དེ་མེད་པར་རྟོགས་པའི་སྒོ་ནས་བསྒོམ་དགོས་པས། དེ་ནི་རྟོག་པ་ཡིན་ཡང་མི་རྟོག་ཡེ་ཤེས་དང་ཤིན་ཏུ་རྗེས་སུ་མཐུན་པའི་རྒྱུ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །ཅེས་སོགས་སྔར་དྲངས་པ་ལྟར་རོ། །དེས་ན་སྒོམ་རིམ་ཐ་མ་ལས་ཀྱང༌། དེ་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཚུལ་བཞིན་ཡིད་ལ་བྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་བས་ན་ཡེ་ཤེས་དེ་འདོད་པས་དེ་ལ་བརྟེན་པར་བྱའོ། །ཞེས་གསུངས་སོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་ལ་སོགས་པ་རྣམས་སྟོང་པ་དང་བདག་མེད་པའོ་སྙམ་དུ་སྤྱོད་ན་མཚན་མ་ལ་སྤྱོད་པར་གསུངས་པས། སྟོང་པ་ཉིད་ལ་སོ་སོར་རྟོག་པ་མི་འཐད་དོ་སྙམ་ན། འདི་འདྲ་བ་རྣམས་ནི་སྟོང་ཉིད་ལ་བདེན་པར་བཟུང་བ་ལ་བྱེད་ཀྱི། སྟོང་པའོ་སྙམ་དུ་བཟུང་བ་ཙམ་ལ་མ་ཡིན་པ་ནི་སྔར་མང་དུ་བཤད་ཟིན་ཏོ། །དེ་ལྟ་མ་ཡིན་ན་མདོ་སྡེ་དེ་དག་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པས་འདི་ལྟར་ཉེ་བར་བརྟག་ཅིང་འདི་ལྟར་ངེས་པར་བསམ་པར་བགྱི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་


JLD013_Page_1010
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་འདི་གང་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཡིན། ཅི་ཆོས་གང་མེད་པ་དང་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས། གལ་ཏེ་དེ་ལྟར་ཉེ་བར་བརྟགས། དེ་ལྟར་ངེས་པར་བསམས་པ་ན། ཞེས་ཤེར་ཕྱིན་བསྒོམ་པའི་ཚེ་དཔྱོད་པར་གསུངས་པ་དང༌། ཤེས་རབ་སྙིང་པོ་ལས། ཤེར་ཕྱིན་ཟབ་མོ་ལ་ཇི་ལྟར་སྤྱད་པ་དྲིས་པའི་ལན་དུ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་པ་དང༌། སྡུད་པ་ལས་ཀྱང༌། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་ཤེས་རབ་ཀྱིས་ཆོས་རྣམས་ལ་དཔྱད་པས་རྡུལ་ཙམ་ཡང་མི་དམིགས་པར་མཐོང་ན་ཤེར་ཕྱིན་དུ་འགྲོ་བར་གསུངས་ཏེ། དེ་འདྲ་བའི་རིགས་སོ་སོར་བརྟག་དགོས་པ་དུ་མ་གསུངས་པ་དང་ཇི་ལྟར་མི་འགལ། དེ་ལྟར་མི་འདོད་ན་ཆོས་རྣམས་ལ་རྣམ་པར་མི་བརྟག་པར་གསུངས་པ་དེ་ལ་རྒྱུ་མཚན་ཅི་ཡོད་པ་ཡིན། ཧྭ་ཤང་ལྟར་རྟོག་པ་གང་བྱས་ཐམས་ཅད་ཀྱིས་འཁོར་བར་འཆིང་བར་འདོད་ན་ནི། མི་རྟོག་པ་དེའི་གདམས་ངག་ཞུའོ་དེ་བསྒོམ་མོ་སྙམ་པ་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་འཆིང་བར་འདོད་དགོས་ཤིང༌། དེ་དགག་པ་སྔར་ཡང་མང་དུ་སོང་ངོ་། །དེས་ན་དེ་དག་ལ་བདེན་པར་མི་འཛིན་པ་ལུང་གི་དོན་ཡིན་ལ།བདེན་པར་འཛིན་པའི་རྟོག་པ་འགོག་ན་ནི། དཔེར་ན་ཐག་པ་ལ་


JLD013_Page_1011
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་དུ་འཁྲུལ་ནས་སྡུག་བསྔལ་བསྐྱེད་པ་ན། བློ་དེས་ཇི་ལྟར་བཟུང་བ་ལྟར་གྱི་སྦྲུལ་མེད་པར་ངེས་ནས་འཁྲུལ་པ་དེ་བཟློག་པ་ཡིན་གྱི། གཞན་ཐབས་མེད་པ་ལྟར་བདེན་པར་བཟུང་བའི་ཡུལ་བདེན་པ་བ་དེ་མེད་པར་རྒྱུ་མཚན་ཡང་དག་གིས་ངེས་ནས་དེའི་དོན་ལ་འདྲིས་པར་བྱེད་པ་དགོས་ཀྱི། བདེན་པར་འཛིན་པའི་སེམས་ཚུར་ལ་བཀུག་པ་ཙམ་གྱིས་འགོག་པར་མི་ནུས་སོ། །གཞན་ཡང་བདེན་འཛིན་དེ་འཁྲུལ་པ་ཡིན་པར་འདོད་དགོས་ཏེ། མ་འཁྲུལ་ན་འགོག་པའི་དོན་མེད་པའི་ཕྱིར་རོ། །བློ་དེ་འཁྲུལ་པར་འདོད་ནའང་ཁོས་བཟུང་བའི་ཡུལ་དེ་མེད་པར་མ་ཤེས་ན་འཁྲུལ་པར་ཇི་ལྟར་ཤེས་ཏེ། བློ་འཁྲུལ་མ་འཁྲུལ་ནི་བཟུང་བ་ལྟར་གྱི་ཡུལ་ཡོད་མེད་ཁོ༌ན་ལ་ཐུག་བའི་ཕྱིར་རོ། །བདེན་འཛིན་གྱིས་ཇི་ལྟར་བཟུང་བའི་ཡུལ་དེ་མེད་པ་ཡང་དམ་བཅའ་ཙམ་གྱིས་མི་འགྲུབ་པས། དེ་བསྒྲུབ་པའི་ལུང་དང་རིགས་པའི་ཚོགས་དྲི་མ་མེད་པ་རྣམས་ལ་བལྟོས་པ་ཡིན་ནོ། །དེ་ལྟར་བྱས་ནས་བདེན་མེད་གཏན་ལ་ཕབ་སྟེ། དེ་ནས་བདེན་པར་མི་རྟོག་པར་འཇོག་ན་ནི་ཁོ་བོ་ཅག་འདི་འདོད་པ་ཡིན་པས། སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་སྔོན་དུ་སོང་བའི་མི་རྟོག་པ་དགོས་ཀྱི། མི་རྟོག་པ་ཙམ་གྱིས་ཆོག་པ་མ་ཡིན་ནོ། །སྒོམ་རིམ་ཐ་མ་ལས་ཀྱང༌། དེ་ལྟ་བས༌ན་དམ་པའི་ཆོས་ལས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་འབྱུང་བ་དེ་ཡང་ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་བྱེད་ནུས་ཀྱི།


JLD013_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མ་ཡིན་ནོ། །ཞེས་དང༌། ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའི་ངོ་བོ་ཉིད་ཡིན་པར་འཕགས་པ་དཀོན་མཆོག་སྤྲིན་དང་དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པ་ལས་ཀྱང་བཀའ་སྩལ་ཏོ། །འཕགས་པ་དཀོན་མཆོག་སྤྲིན་ལས་བཀའ་སྩལ་པ། ལྷག་མཐོང་གིས་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོགས་པ་ནི་མཚན་མ་མེད་པ་ལ་འཇུག་གོ །ཞེས་འབྱུང་ངོ་། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། བློ་གྲོས་ཆེན་པོ། གང་གི་ཕྱིར་བློས་བརྟགས་ན་རང་དང་སྤྱིའི་མཚན་ཉིད་མི་རྟོགས་ཏེ། དེས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །གལ་ཏེ་ཡང་དག་པར་སོ་སོར་རྟོག་པ་ལ་མི་བྱ་ན། དེ་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ལས་ཡང་དག་པར་སོ་སོར་རྟོག་པ་རྣམ་པ་དུ་མ་བཀའ་སྩལ་པ་དེ་དང་འགལ་བར་འགྱུར་རོ། །དེ་ལྟ་བས་ན་བདག་ནི་ཤེས་རབ་ཆུང་ངུ་བརྩོན་འགྲུས་ཆུང་ངུ་སྟེ། མང་དུ་ཐོས་པ་ཡོངས་སུ་ཚོལ་མི་ནུས་སོ་ཞེས་དེ་སྐད་བྱ་བའི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་བསྔགས་པའི་ཕྱིར་དུས་ཐམས་ཅད་དུའང་དེ་སྤང་བར་ནི་མི་རིགས་སོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་གང་ལ་ཡང་བློས་མི་གནས་པར་གསུངས་པ་རྣམས་ཀྱང་དེ་དག་གནས་པར་བྱ་བའི་ཡུལ་དུ་བདེན་པར་བཟུང་དུ་མི་རུང་བ་ཡིན་གྱི། དེ་ལྟ་མ་ཡིན་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་ཡང་དེ་ལྟར་གསུངས་པས་དེ་དག་ལ་ཡང་མི་གནས་པར་བྱ་དགོས་པར་འགྱུར་རོ། །བདེན་པར་བཟུང་ནས་གནས་སུ་མི་


JLD013_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ཡང་སྔར་བཤད་པ་ལྟར། དེ་དག་བདེན་པར་མེད་པར་རྟོགས་པ་ལ་རག་ལས་པས། དེ་འདྲ་བའི་མི་གནས་པ་དང་མི་རྟོག་པར་གསུངས་པ་ཐམས་ཅད་ཡུལ་རྣམས་རང་བཞིན་གྱིས་གྲུབ་པའམ་བདེན་པ་འགོག་པའི་ཡང་དག་པའི་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཁོ་ན་ལ་གསུངས་པ་ཡིན་པར་ཤེས་པར་གྱིས་ཤིག །དེས་ན་གསུང་རབ་ལས་བསམ་གྱིས་མི་ཁྱབ་པ་དང་བློ་ལས་འདས་པ་ལ་སོགས་པ་གསུངས་པ་དེར་ནི་ཟབ་མོའི་དོན་ཐོས་པ་དང་སེམས་པ་ཙམ་གྱིས་རྟོགས་པར་རློམ་པ་དགག་པའི་ཕྱིར། དེ་རྣམས་འཕགས་པའི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་གཞན་གྱིས་བསམ་གྱིས་མི་ཁྱབ་པ་ལ་སོགས་པར་སྟོན་པ་དང༌། ཡང་ཟབ་མོའི་དོན་ལ་བདེན་པར་བཟུང་ནས་ཚུལ་བཞིན་མ་ཡིན་པར་སེམས་པ་དགག་པའི་ཕྱིར་གསུངས་ཀྱི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཚུལ་བཞིན་དུ་དཔྱོད་པ་འགོག་པ་མིན་པར་ཤེས་པར་བྱ་སྟེ། སྒོམ་རིམ་ཐ་མ་ལས། དེ་ལྟར་གང་དང་གང་དུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཚིག་ཐོས་ན། དེ་དང་དེར་ཐོས་པ་དང་སེམས་པ་ཙམ་ཁོ་ནས་དེ་ཁོ་ན་རྟོགས་པར་གང་དག་སེམས་པ་དེ་དག་གི་མངོན་པའི་ང་རྒྱལ་དགག་པའི་ཕྱིར། ཆོས་རྣམས་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་སྟོན་པར་བྱེད་དོ། །ཚུལ་བཞིན་མ་ཡིན་པའི་སེམས་པ་ཡང་དག་པར་དགག་པར་བྱེད་པར་ཁོང་དུ་ཆུད་པར་བྱ་ཡི། ཡང་དག་པར་སོ་སོར་རྟོག་པ་དགག་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རིགས་པ་དང་ལུང་ཤིན་ཏུ་མང་པོ་དང་འགལ་བར་འགྱུར་ཏེ། ཞེས་པ་ལྟར་རོ། །ལུང་མང་པོ་དང་འགལ་བར་འགྱུར་ཚུལ་ནི། འོད་སྲུངས་ཀྱི་ལེའུ་


JLD013_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འོད་སྲུངས། དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་གང་ཞེ་ན། འོད་སྲུངས། གང་ལ་བདག་མེད་པར་སོ་སོར་རྟོག་པ་དང་སེམས་ཅན་མེད་པ་དང་སྲོག་མེད་པ་དང་གསོ་བ་མེད་པ་དང་སྐྱེས་བུ་མེད་པ་དང་གང་ཟག་མེད་པ་དང་ཤེད་ལས་སྐྱེས་མེད་པ་དང་ཤེད་བུ་མེད་པར་སོ་སོར་རྟོག་པ་སྟེ། འོད་སྲུངས། འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ་ཞེས་གསུངས་པ་ལ་སོགས་པ་འདི་འདྲ་བ་རྣམས་དང་འགལ་བའོ། །སྒོམ་རིམ་དང་པོ་ལས་ཀྱང༌། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། ཡིད་ལ་མི་བྱེད་པས་གཟུགས་ལ་སོགས་པའི་མཚན་མ་སྤོང་ངོ་། །ཞེས་གསུངས་པ་གང་ཡིན་པ་དེ་ཡང༌། ཤེས་རབ་ཀྱིས་བརྟགས་ན་མི་དམིགས་པ་གང་ཡིན་པ་དེ་དེར་ཡིད་ལ་མི་བྱེད་པར་དགོངས་ཀྱི། ཡིད་ལ་བྱེད་པ་མེད་པ་ཙམ་ནི་མ་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལྟར། ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་ཡིད་ལ་བྱེད་པ་སྤངས་པ་ཙམ་གྱིས་སྤོང་བ་ནི་མ་ཡིན་ནོ། །ཞེས་གསུངས་ཏེ། གཟུངས་འདི་ཡི་འགྲེལ་པ་སློབ་དཔོན་འདིས་མཛད་པ་ན་ཡང་གསལ་བར་ཡོད་དོ། །མདོར་ན་ཐེག་པ་ཆེན་པོ་ལ་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ཀྱི་གཞུང་གིས་རྒྱས་པར་བཀྲལ་བའི་ལྟ་བའི་ཚུལ་གཉིས་ལས་གཞན་པའི་ལྟ་བ་ནི་མེད་ལ། རྒྱ་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱང་དེ་གཉིས་ཀྱིས་བཀྲལ་བ་ལྟར་གྱི་ལྟ་བ་གཉིས་གང་རུང་ལ་ངེས་པར་བརྟེན་པར་སྣང་བས། གདོན་མི་ཟ་བར་དེ་གཉིས་གང་རུང་གི་ལྟ་བ་རང་རང་གི་གཞུང་ནས་འབྱུང་བ་ལྟར་བཙལ་བར་བྱའོ། །དེ་ཡང༌འཕགས་པ་ཡབ་སྲས་ཀྱི་གཞུང་ལ་བརྟེན་ནས་འཚོལ་ལུགས་ནི་སྔར་བཤད་ལ། འཕགས་པ་ཐོགས་མེད་ཀྱི་


JLD013_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འབྲང་ནའང་དེ་ཁོ་ནར་གཟུང་བ་དང་འཛིན་པ་རྫས་ཐ་དད་པས་རྣམ་པ་ཐམས་ཅད་དུ་སྟོང་ཡང༌། བྱིས་པ་རྣམས་ལ་དེ་དག་རྫས་ཐ་དད་པ་བཞིན་དུ་སྣང་བ་འདི་ཇི་ལྟར་སྣང་བ་ལྟར་དུ་བདེན་པར་འཛིན་པའི་ཡུལ་ཀུན་བརྟགས་རྣམས་གཞན་དབང་གི་སྟེང་དུ་ལུང་དང་རིགས་པས་མཐའ་དག་པར་བཀག་པའི་གཉིས་སུ་མེད་པའི་དོན་ཡོངས་གྲུབ་ལ་ངེས་པ་བརྟན་པོ་རྙེད་པར་བྱས་ནས་ལྟ་བ་དེའི་སྟེང་དུ་བཞག་པའི་འཇོག་སྒོམ་དང༌། སོ་སོར་རྟོག་པས་དཔྱད་ནས་བསྒོམ་པ་གཉིས་བྱ་དགོས་པ་ཡིན་གྱི། དེ་འདྲ་བ་ཞིག་གི་གོ་བ་ཡོད་ཀྱང་བསྒོམ་པའི་ཚེ་ལྟ་བ་དེའི་སྟེང་དུ་མ་བཞག་པའི་མི་རྟོག་པ་ཙམ་གྱིས་སྟོང་ཉིད་དེ་བསྒོམས་པར་མི་འགྲོའོ། །ལུགས་དེའི་ལྟ་བ་གཏན་ལ་འབེབས་ཚུལ་ཤིན་ཏུ་གསལ་བ་དང་གཏན་ལ་ཕབ་པའི་དོན་ཞི་གནས་དང་ལྷག་མཐོང་སོ་སོའི་སྐྱོང་ཚུལ་དང་ཟུང་འབྲེལ་དུ་འཇུག་ཚུལ་ནི་ཤེར་ཕྱིན་མན་ངག་ན་ཆེས་གསལ་བར་ཡོད་པས་དེར་བལྟ་བར་བྱའོ། །ལུགས་འདི་ལེགས་པར་རྟོགས་ནས་དེའི་གཞུང་ནས་འབྱུང་བ་ལྟར་སྒོམ་པར་བྱེད་ནའང་ཤིན་ཏུ་ཡ་མཚན་པ་ཡིན་ནོ། །ཐེག་པ་ཆེན་པོའི་གསུང་རབ་རྣམས་ནས་ཟབ་མོའི་དོན་བསྡུས་པ་རེ་ཡན་ཆད་བསྟན་པ་ཤིན་ཏུ་མང་ཞིང༌། འོན་ཀྱང་མ་བསྟན་པའང་རེ་མང་ཡོད་པས། མ་བསྟན་པ་དེར་བསྟན་པའི་གཞུང་ནས་དྲང་དགོས་ལ། མི་རྒྱས་པ་དེར་ཡང་རྒྱས་པ་ནས་དྲང་དགོས་སོ། །དེ་བཞིན་དུ་རྒྱ་ཆེ་བའི་ཕྱོགས་ལའང་ཤེས་པར་བྱ་དགོས་ཀྱི། ཟབ་པའམ་རྒྱ་ཆེ་བ་གང་རུང་མེད་པའི་ཕྱོགས་རེ་བ་ལ་དེ་ལྟར་བཟུང་དུ་མི་རུང་ངོ་། །འདི་ལ་དགོངས་ནས་ལམ་སྟོན་པའི་བླ་མའི་མཚན་ཉིད་ཡོངས་སུ་རྫོགས་པ་ལ་ཐེག་པ་ཐམས་ཅད་ལ་མཁས་པ་མང་དུ་གསུངས་སོ། །གསུམ་པ་སྐྱོང་ཚུལ་གྱི་གནད་བསྡུས་བ་ནི། སྔར་བཤད་


JLD013_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་ངེས་དོན་གྱི་ལྟ་བ་རྙེད་པ་དེས། ང་དང་ངའི༌འོ་སྙམ་པའི་འཛིན་པ་གང་ལ་སྐྱེ་བའི་གཞི་བདག་དང་བདག་གི་བ་ལ་རང་བཞིན་མེད་པར་གཏན་ལ་འབེབས་པའི་དུས་དང་འདྲ་བར། སོ་སོར་རྟོག་པའི་ཤེས་རབ་ཀྱིས་མང་དུ་དཔྱད་ནས་མཐར་དེའི་དོན་ལ་ངེས་པའི་ཤུགས་བསྐྱེད་དེ། མི་འཕྲོ་བར་འཛིན་པའི་འཇོག་སྒོམ་དང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་སྤེལ་མར་བྱའོ། །དེའི་ཚེ་དཔྱད་སྒོམ་མངས་པས་གནས་ཆ་ཆུང་དུ་སོང་ན་འཇོག་སྒོམ་མང་དུ་བྱ་ལ། གནས་ཆ་སོར་གཞུག །འཇོག་སྒོམ་མང་དུ་བྱས་པའི་མཐུས་གནས་ཆ་ཆེ་བར་སོང་ནས་དཔྱོད་སྙིང་མི་འདོད་པས་མ་དཔྱད་ན་དེ་ཁོ་ན་ཉིད་ལ་ངེས་པ་བརྟན་ལ་ཤུགས་དྲག་པ་མི་འོང་ཞིང༌། དེ་མ་བྱུང་ན་ངེས་པའི་ལྡོག་ཕྱོགས་བདག་གཉིས་ཡོད་པར་འཛིན་པའི་སྒྲོ་འདོགས་ལ་དེ་ཙམ་དུ་མི་གནོད་པས། དཔྱད་སྒོམ་མང་དུ་བྱས་པའི་སྒོ་ནས་ཞི་ལྷག་གཉིས་ཆ་མཉམ་ལ་བསྒོམ་སྟེ། སྒོམ་རིམ་ཐ་མ་ལས། ཡང་གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་འགྱུར་པ་དེའི་ཚེ། ཞི་གནས་ཆུངས་པའི་ཕྱིར་མར་མེ་རླུང་ལ་བཞག་པ་བཞིན་དུ་སེམས་གཡོ་བས་དེ་ཁོ་ན་ཤིན་ཏུ་གསལ་བར་མི་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ། །ཞི་གནས་ཀྱི་ཤས་ཆེ་ནའང་གཉིད་ཀྱིས་ལོག་པའི་མི་བཞིན་དུ་དེ་ཁོ་ན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེའང་ཤེས་རབ་བསྒོམ་པར་བྱའོ་ཞེས་སོ། །སྦྱོར་བ་དང་མཇུག་དང་ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི་སྐྱེས་བུ་ཆུང་ངུའི་སྐབས་སུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་བདག་མེད་པའི་དོན་བསྒོམ་པའི་ཚེ་ན་བྱིང་བ་དང་རྒོད་པ་བྱུང་བ་ངོས་བཟུང་བ་དང༌། དེ་གཅོད་པའི་དྲན་པ་དང་ཤེས་བཞིན་བསྟེན་ལུགས་དང༌། བྱིང་རྒོད་ཀྱིས་མི་མཉམ་པ་མེད་པར་ངང་གིས་འཇུག་པའི་བཏང་སྙོམས་ཐོབ་པ་ན་


JLD013_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བ་གློད་ལུགས་ལ་སོགས་པ་ནི་སྔར་ཞི་གནས་ཀྱི་སྐབས་སུ་བཤད་པ་དང་འདྲ་བར་ཤེས་པར་བྱའོ། །ཤེར་ཕྱིན་མན་ངག་ལས་ནི། གང་བསྒོམ་པར་བྱ་བའི་ཡུལ་དེ་ཉིད་ལ་ཞི་གནས་ཀྱི་སྐྱོང་ཚུལ་བྱས་ནས་ཤིན་སྦྱངས་བསྐྱེད་པ་དང༌། ཡང་དེ་ལ་ལྷག་མཐོང་གི་དཔྱད་སྒོམ་བྱས་ནས་ཤིན་སྦྱངས་བསྒྲུབས་ནས། དེ་དག་སོ་སོར་གྲུབ་པ་ན་ཟུང་དུ་སྦྲེལ་བར་གསུངས་ཏེ། འདི་ལྟར་ན་དཔྱོད་པ་དང་འཇོག་པ་གཉིས་རྒྱུན་གཅིག་ལ་བྱེད་པའི་ངེས་པ་མི་སྣང་བས། ཐུན་སོ་སོ་ལ་བྱས་པས་ཀྱང་ཆོག་པར་བཞེད་དོ། །འདིར་གལ་ཆེ་བ་ནི། རང་གི་མ་རིག་པས་ཇི་ལྟར་སྒྲོ་བཏགས་པའི་འཛིན་སྟངས་སུན་ཕྱུང་བའི་སྒོ་ནས་དེའི་ལྡོག་ཕྱོགས་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་ཀྱི་སྟེང་དུ་ངེས་པ་ཤུགས་དྲག་བསྐྱེད་ནས་སྟོང་ཉིད་བསྒོམ་དགོས་པ་ཡིན་གྱི། བདག་འཛིན་དང་མ་རིག་པའི་འཛིན་སྟངས་སུན་མ་ཕྱུང་བར་སྟོང་ཉིད་ཟུར་པ་ཞིག་ལ་བྱས་ནས་བསྒོམས་ཀྱང་བདག་འཛིན་གཉིས་ལ་ཅི་ཡང་མི་གནོད་པས། འདྲེ་ཤར་སྒོར་གནོད་པ་ལ་གླུད་ནུབ་སྒོར་གཏོང་བ་དང་འདྲའོ། །ཞེས་གོང་མ་རྣམས་ཡང་ཡང་གསུངས་པ་ནི་ཤིན་ཏུ་མད་པར་སྣང་ངོ་། །དེ་ལྟར་སྔར་བཤད་པ་འདི་དག་ནི་རགས་པ་ཙམ་ཡིན་གྱི། བསྒོམ་པའི་སྐབས་ཀྱི་ཕྲ་མོའི་སྐྱོན་ཡོན་རྣམས་ནི་བཤེས་གཉེན་མཁས་པ་དག་ལ་བརྟེན་ཏེ། རང་གིས་ཀྱང་བསྒོམས་ནས་ཤེས་པར་བྱ་དགོས་པས་མ་སྤྲོས་སོ། །བསྒོམ་ཚུལ་དེ་དག་ནི་ལམ་རིམ་གྱི་གདམས་ངག་སྔ་མ་རྣམས་ལ་གཞི་བྱས་ནས་རྒྱས་སུ་བཏང་བ་ཡིན་ཏེ། པོ་ཏོ་བའི་བེའུ་བུམ་ལས། ཁ་


JLD013_Page_1018
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཐོས་བསམ་དུས་ན་རིགས་པས། །རང་བཞིན་མེད་པ་གཏན་ལ་ཕབ་ལ། །བསྒོམ་དུས་མི་རྟོག་འབའ་ཞིག་བསྒོམ་ཟེར། །དེ་ལྟ་ན་ནི་འབྲེལ་མེད་སྟོང་ཉིད། །ལོགས་སུ་བསྒོམས་ཕྱིར་གཉེན་པོར་མི་འགྱུར། །དེ་ལྟ་བས་ན་བསྒོམ་དུས་ཉིད་ནའང༌། །གཅིག་དང་དུ་བྲལ་རྟེན་འབྲེལ་ལ་སོགས། །གང་ལ་གོམས་པས་སོ་སོར་བརྟག་ཅིང༌། །ཅུང་ཟད་མི་རྟོག་ཉིད་དུའང་གནས་བྱ། །དེ་ལྟར་བསྒོམས་ན་ཉོན་མོངས་གཉེན་པོ། །ལྷ་གཅིག་རྗེས་སུ་འབྲང་བར་འདོད་ཅིང་། །ཕ་རོལ་ཕྱིན་ལུགས་སྤྱོད་པར་འདོད་པས། །ཤེས་རབ་བསྒོམ་པའི་ལུགས་ནི་དེ་ཡིན། །དེ་ཡང་གང་ཟག་བདག་མེད་གོམས་པས། །དེ་ནས་དེ་ལྟར་རྗེས་སུ་འཇུག་བྱ། །ཞེས་འབྱུང་བ་ལྟར་རོ། །འདིའང་ཇོ་བོས། སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཅིང༌། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་གསུངས་ཤིང༌། དེའི་འཁྲིད་ཚུལ་ཡང་ཇོ་བོས་དབུ་མའི་གདམས་ངག་ཏུ་གསུངས་པ་ལྟར། དཔྱད་སྒོམ་དང་དེ་ལྟར་དཔྱད་པའི་དོན་ལ་འཇོག་པའི་སྒོམ་སྤེལ་མར་གསུངས་པ་དེ་ཡིན་ནོ། །དེ་ནི་སློབ་དཔོན་ཀ་མ་ལ་ཤཱི་ལའི་ལུགས་དང་ཁྱད་མེད་ལ། སྔར་བཤད་པ་ལྟར་དབུ་མ་འཇུག་པ་དང་དབུ་མ་སྙིང་པོ་དང་སློབ་དཔོན་ཞི་བ་ལྷ་རྣམས་ཀྱི་དགོངས་པའང་དེ་ལྟར་ཡིན་ཅིང༌། བྱམས་ཆོས་དང་འཕགས་པ་ཐོགས་མེད་ཀྱི་གཞུང་རྣམས་སུ་ཡང་མང་དུ་བཤད་ཅིང༌། དེའི་ལུགས་ཕྱིན་ཅི་མ་ལོག་པར་འཛིན་པའི་མཁས་པ་ཤཱནྟི་པས་ཤེར་


JLD013_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་མན་ངག་ཏུ་ཡང་གསལ་བར་བཀྲལ་བས་ན། ལྷག་མཐོང་སྐྱོང་ཚུལ་ནི་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ནས་བརྒྱུད་པའི་གཞུང་དང་གདམས་ངག་རྣམས་མཐུན་པར་སྣང་ངོ་། །བཞི་པ་བསྒོམས་པས་ལྷག་མཐོང་གྲུབ་པའི་ཚད་ནི། དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྒོམས་པ་ན། སྔར་བཤད་པའི་ཤིན་ཏུ་སྦྱངས་པ་དེ་མ་སྐྱེས་ཚུན་ཆོད་དུ་ལྷག་མཐོང་རྗེས་མཐུན་པ་ཡིན་ལ། ཤིན་ཏུ་སྦྱངས་པ་སྐྱེས་པ་ནས་ལྷག་མཐོང་མཚན་ཉིད་པ་ཡིན་ཏེ། ཤིན་སྦྱངས་ཀྱི་ངོ་བོ་དང་སྐྱེ་ལུགས་ནི་སྔར་བཤད་པ་ལྟར་རོ། །འདི་ཡང་སྔར་ཞི་གནས་གྲུབ་པ་མ་ཉམས་པར་ཡོད་པ་དེས་དྲངས་པའི་ཤིན་སྦྱངས་ཀྱང་ཡོད་པས་ན། སྤྱིར་ཤིན་སྦྱངས་ཡོད་པ་ཙམ་མིན་ནོ། །འོ་ན་གང་ཡིན་སྙམ་ན། དཔྱད་སྒོམ་བྱས་པ་དེའི་རང་སྟོབས་ཀྱིས་ཤིན་སྦྱངས་འདྲེན་ཐུབ་པ་ན་དེ་ནས་ལྷག་མཐོང་དུ་འགྱུར་རོ། །དེ་ནི་ཇི་སྙེད་པ་ལ་དམིགས་པ་དང་ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་གཉིས་ཀ་ལ་འདྲ་བ་ཡིན་ནོ། །དེ་ལྟར་ཡང་མདོ་སྡེ་དགོངས་འགྲེལ་ལས། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་ཀྱི་བར་དུ་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ནང་དུ་ཡིད་ལ་བགྱིད་པའི་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ། ལྷག་མཐོང་ནི་མ་ཡིན་ཏེ། ལྷག་མཐོང་དང་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། །ཞེས་དང༌། ཤེར་ཕྱིན་མན་ངག་


JLD013_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང༌། དེས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་དེ་ཉིད་ལ་གནས་ཏེ། ཇི་ལྟར་བསམས་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་ངེ་འཛིན་གྱི་གཟུགས་བརྙན་གྱི་སྤྱོད་ཡུལ་ལ་ལྷག་པར་མོས་པས་སོ་སོར་བརྟག་པར་བྱ་སྟེ། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་པ་དེ་སྲིད་དུ་ནི་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ལྷག་མཐོང་ཡིན་ནོ། །ཞེས་གསུངས་ཤིང༌། ཇི་སྙེད་པ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་དང་ཟུང་འབྲེལ་དུ་འགྱུར་ཚུལ་རྣམས་ཇི་ལྟ་བ་ལ་དམིགས་པ་རྣམས་དང་འདྲ་བར་གསུངས་སོ། །ཤིན་སྦྱངས་རང་སྟོབས་ཀྱིས་འདྲེན་ཐུབ་ན་སེམས་རྩེ་གཅིག་པའང་དེས་འདྲེན་པར་ནུས་པས་ན། སོ་སོར་རྟོག་པའི་དཔྱད་སྒོམ་གྱིས་རང་སྟོབས་ཀྱིས་རྩེ་གཅིག་པ་འདྲེན་པ་འདི་ནི་ཞི་གནས་གྲུབ་པའི་ཡོན་ཏན་ཡིན་ནོ། །དེ་ལྟར་ཞི་གནས་ལེགས་པར་གྲུབ་པ་ཞིག་གིས་དཔྱད་སྒོམ་བྱས་པས་ཀྱང་ཞི་གནས་ཀྱི་གྲོགས་སུ་འགྲོ་བ་ཡོད་པས། སོ་སོར་རྟོག་པའི་དཔྱད་སྒོམ་བྱས་ན་གནས་ཆ་ཆུང་ངུ་འགྲོའོ་སྙམ་དུ་མི་བཟུང་ངོ་། །ཇི་ལྟ་བ་ལ་དམིགས་པའི་འཇོག་སྒོམ་དང་དཔྱད་སྒོམ་བྱེད་པའི་ལྷག་མཐོང་བསྒོམ་པར་འགྲོ་མི་འགྲོའི་ཚད་ནི། བདག་མེད་པ་གཉིས་ཀྱི་ལྟ་བ་གང་ཡང་རུང་བ་ལ་མ་ནོར་བའི་གོ་བ་རྣམ་པར་དག་པ་རྙེད་ནས་དེ་ལ་དམིགས་ཏེ་བསྒོམ་པ་ཡིན་མིན་གྱིས་འབྱེད་དགོས་ཀྱི། གཞན་གང་གིས་ཀྱང་འབྱེད་པར་མི་ནུས་སོ། །ཇི་འདྲས་འབྱེད་པར་མི་ནུས་སྙམ་ན། བསྒོམས་པས་ཡུལ་ཡུལ་ཅན་གཉིས་སུ་སྣང་བའི་སྣང་བ་རགས་པ་རྣམས་འགགས་ནས།


JLD013_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་གཡའ་དག་པ་ལྟ་བུ་ལ་སེམས་རིག་ཅིང་གསལ་ལ་དྭངས་པའི་ཁྱད་པར་དང་ལྡན་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་རིང་དུ་གནས་པ་དང༌། ཕྱི་དང་ནང་གི་ཡུལ་སྣང་རྣམས་ཡིད་ངོ་ན་འཇའ་ཚོན་ནམ་དུ་བ་སྲབ་མོའི་རྣམ་པ་འདྲ་བར་འཆར་ཞིང་དེ་ལ་རིང་དུ་གནས་པ་དང༌། ཡིད་ཤེས་ཀྱི་ངོ་ན་བཟུང་བའི་ཡུལ་དུ་གང་འཆར་བ་ཐམས་ཅད་ལ་སེམས་ཀྱིས་གཏད་པ་ན། གཏད་ཅུང་ཟད་ཀྱང་མི་བཟོད་པར་ཞིག་ནས་དག་འགྲོ་ཞིང༌། དེ་ཡང་དང་པོར་གཟུགས་སྒྲ་ལ་སོགས་པའི་ཕྱི་རོལ་གྱི་དོན་རགས་པ་ལ་དེ་ལྟར་འཆར་ལ། གོམས་ན་མཐར་ཡུལ་ཅན་རིག་པ་དང་མྱོང་བ་ལའང་སྔར་གྱི་རིགས་པའི་རྣམ་པ་དེ་བུད་པ་བཞིན་དུ་འགྲོ་ཞིང་། དེ་ལའང་སེམས་ཀྱིས་གཏད་པ་ན་གཏད་ཅུང་ཟད་ཀྱང་མི་བཟོད་པར་འགྱུར་བ་ལ་སོགས་པ་བྱུང་ཡང༌། དེས་ནི་གཉིས་མེད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་རྙེད་པ་དང་སྣང་བ་བན་བུན་ཤར་བ་དེ་རྣམས་ཀྱང་དབུ་མ་ནས་བཤད་པའི་སྒྱུ་མ་ལྟ་བུའི་དོན་རྟོགས་པར་ཅུང་ཟད་ཀྱང་འཇོག་པར་མི་ནུས་ཏེ། ལྟ་བ་ལ་བློ་ཁ་མ་ཕྱོགས་པས་ཀྱང་གནས་ཆ་རིང་དུ་བསྐྱངས་པ་ན། དེ་ལྟ་བུ་འཆར་བ་དུ་མ་ཡོད་པའི་ཕྱིར་རོ། །འདི་ལྟར་སྒྱུ་མ་ལྟ་བུའི་དོན་ནི། སྔར་བཤད་པ་ལྟར་རང་གི་ངོ་བོས་གྲུབ་པ་མེད་པར་ཐག་གཅོད་པའི་རིགས་ཤེས་ཀྱི་ངེས་པ་དང་སྣང་བ་བསྙོན་དུ་མེད་པར་ཐ་སྙད་པའི་ཚད་མས་གྲུབ་པ་གཉིས་ལ་བརྟེན་ནས་འཆར་དགོས་ལ། ཡིད་ངོ༌ན་གཟུགས་སོགས་རྣམས་འཇའ་ཚོན་དང་འདྲ་བར་སྲབ་ཅིང་ཤིན་ཏུ་དྭངས་པའི་རྣམ་པར་འཆར་བ་ནི་ཐོགས་


JLD013_Page_1022
[མ་དཔེ་གཟིགས་ན་འདིར་གནོན།]

རྡུགས་ཀྱི་རེག་བྱ་དང་བྲལ་བ་དང༌། ཐོགས་རྡུགས་ཅན་དུ་མེད་ཀྱང་སྣང་བ་ལམ་མེ་བའི་གཉིས་ཚོགས་ཙམ་ཡིན་པས། དེ་ལྟར་ངེས་པ་དེ་ལ་རང་བཞིན་མེད་པར་ངེས་པ་གཏན་མེད་པའི་ཕྱིར། དགག་བྱ་རང་བཞིན་དང་ཐོགས་པའི་རེག་བྱ་གཉིས་གཅིག་ཏུ་བཟུང་ནས་རང་བཞིན་མེད་པའི་མིང་འདོགས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་དེ་འདྲ་བ་དེ་དབུ་མ་ནས་བཤད་པའི་སྒྱུ་མ་དང་བརྫུན་པའི་དོན་དུ་འདོད་ན། འཇའ་དང་དུ་བ་སྲབ་མོ་ཁྱད་པར་གྱི་གཞིར་ཡོད་པར་བཟུང་ནས་དེ་དག་ལ་རང་བཞིན་ཡོད་པར་འཛིན་པའི་རྟོག་པ་མི་སྐྱེ་བར་འགྱུར་ཏེ། ཁྱད་གཞི་ཡོད་པར་ངེས་པ་དེ་ཉིད་སྣང་ལ་རང་བཞིན་མེད་པ་ངེས་པ་ཡིན་པའི་ཕྱིར་རོ། །ཡང་ཐོགས་པའི་རེག་བྱ་ཁྱད་གཞིར་བཟུང་ནས་དེ་ལ་རང་བཞིན་མེད་པའི་ངེས་པ་དྲང་དུ་མེད་དེ། ཁྱད་གཞི་ངེས་པ་དེ་ཉིད་རང་བཞིན་ཡོད་པར་འཛིན་པ་ཡིན་པའི་ཕྱིར་རོ། །དེས་ན་གཟུགས་སོགས་དེ་ལྟར་ཤར་བའི་ཚེ་ན་སྲབ་ཅིང་དྭངས་པའི་རྣམ་པར་ཤར་བ་དེ་ཉིད་ཡུལ་དེ་དག་གི་སྡོད་ཚུལ་གྱི་གནས་ལུགས་སུ་འཛིན་པའི་ཡུལ་ཅུང་ཟད་ཀྱང་སུན་ཕྱུང་བའི་རྣམ་པ་མེད་པར་འཆར་བས་ན་སྒྱུ་མ་ལྟ་བུའི་དོན་མིན་ལ། སྔོན་ལྟ་བ་རྣམ་དག་རྙེད་ནས་མ་བརྗེད་པ་ལ་ནི་དེ་དག་སྒྱུ་མ་ལྟ་བུར་འཆར་བ་ཡོད་དེ། སྔར་བཤད་ཟིན་ཏོ། །དགེ་བཤེས་དགོན་པ་བ་ནས་བརྒྱུད་པའི་ལམ་རིམ་རྣམས་ནས་སྟོང་ཉིད་ཀྱི་རྟོགས་པ་དེའི་སྐྱེ་ཚུལ་ནི་འདི་ལྟར་འདོད་དེ། དང་པོར་གང་ཟག་གི་བདག་མེད་བསྒོམ། དེ་ནས་ཆོས་ཀྱི་བདག་མེད་ཀྱི་དོན་ལ་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ནས་བསྒོམ་སྟེ། དེ་ཡང་ཐུན་རིངས་ན་དྲན་ཤེས་ཀྱིས་མི་


JLD013_Page_1023
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པས་རེས་བྱིང་རེས་རྒོད་པར་འགྲོ་བས་བོགས་ཆུང༌། དེས་ན་སྔ་དྲོ་དང་ཕྱི་དྲོ་དང་སྲོད་དང་ཐོ་རངས་ཀྱི་ཐུན་བཞི་པོ་རེ་རེ་ལ་ཐུན་བཞི་བཞིར་བྱས་ནས་ཞག་གཅིག་ལ་ཐུན་བཅུ་དྲུག་ཏུ་བྱས་ཏེ་བསྒོམ། གསལ་བའམ་ཉམས་སུ་མྱོང་བ་སྙམ་བྱེད་པ་ནས་འཕྲོ་བཅད་ལ་བྱ། དེ་ལྟར་བསྒོམས་པས་ཡུན་རིང་མ་བསྒོམས་སྙམ་ནས་བལྟས་ཙ་ན་ནམ་དང་ཉི་མ་འུད་འུད་བཅད་ནས་སྣང་ན་སེམས་ཟིན་པ་ཡིན་ལ། རིང་རབ་བསྒོམས་སྙམ་ནས་བལྟས་པ་ན་ཅི་ཡང་མ་སོང་སྣང་ན་སེམས་མ་ཟིན་པ་ཡིན། སེམས་ཟིན་པའི་ཚེ་ནི་རྒྱུད་ལ་ཉོན་མོངས་ཆུང་བ་དང་གཉིད་ཀྱང་སྐྱེ་བ་ལ་མི་འོང་ངམ་སྙམ་པ་འོང༌། དེ་ནས་སྔ་དྲོ་ལ་སོགས་པ་ཐུན་རེ་ལ་འཁྱོངས་པ་ན་མཚན་ཉིད་བཞི་ལྡན་དུ་སྐྱེ་སྟེ། མི་རྟོག་པ་ནི། མཉམ་པར་བཞག་པ་ན་དབུགས་ཕྱི་ནང་དུ་རྒྱུ་བའང་མི་ཚོར་བར་དབུགས་དང་རྟོག་པ་ཕྲར་སོང་བའོ། །གསལ་བ་ནི། སྟོན་དུས་ཀྱི་ཉི་མ་ཕྱེད་ཀྱི་དུས་ཀྱི་ནམ་མཁའི་དཀྱིལ་གསལ་བ་དང་ཁྱད་མེད་པའོ། །དྭངས་པ་ནི། ཏིང་གཙང་མའི་ནང་དུ་ཆུ་བླུགས་ནས་ཉི་མ་ལ་བཞག་ནས་བལྟས་པའི་དྭངས་པ་དང་འདྲ་བ་འོང་བའོ། །ཕྲ་བ་ནི། མཚན་ཉིད་གསུམ་པོ་དེའི་ངང་ནས་བལྟས་པ་ན་དངོས་པོ་སྤུའི་རྩེ་མོ་གཤགས་པའི་ཆ་གཅིག་བྱུང་བའང་མཐོང་བ་འོང་བའོ། །དེ་འདྲ་བ་དེ་མི་རྟོག་ཡེ་ཤེས་སྐྱེ་བའི་རྗེས་སུ་མཐུན་ལ། མི་རྟོག་ཡེ་ཤེས་ལ་བལྟོས་ན་རང་གི་ངོ་བོ་རྟོག་པ་ཡིན་པས་ཕྱིན་ཅི་ལོག་ཅེས་གསུངས་ཏེ། དབུས་མཐའ་ལས། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །ཅེས་གསུངས་པ་ཡིན་པར་འཆད་དོ། །


JLD013_Page_1024
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མཐའ་ནས་གསུངས་པ་ལྟར་སོ་སོ་སྐྱེ་བོའི་སྟོང་ཉིད་ཀྱི་སྒོམ་བཟང་ཤོས་རྣམས་ཀྱང༌། རྗེས་སུ་མཐུན་པ་ཕྱིན་ཅི་ལོག་ཅེས་པར་བཞག་དགོས་ལ། མཚན་ཉིད་གཞན་རྣམས་མ་བྱུང་ཡང་སྔར་བཤད་པ་ལྟར་ལྟ་བ་མ་ནོར་བའི་དོན་བསྒོམ་ན་བདག་མེད་པའི་དོན་བསྒོམ་པ་ཡིན་ལ། ལྟ་བ་མ་ནོར་བར་གཏན་ལ་ཕབ་པའི་དོན་བསྒོམ་པ་མ་ཡིན་ན། མཚན་ཉིད་བཞི་པོ་དེ་བྱུང་ཡང་ངེས་པའི་དོན་བསྒོམ་པར་འཇོག་མི་ནུས། དེའི་ཕྱིར་ཇི་ལྟ་བའི་དོན་བསྒོམ་པ་ཡིན་མིན་ནི་སྔར་བཤད་པ་བཞིན་ཡིན་ལ། དེ་བསྒོམས་ནས་དེའི་རྗེས་སུ་སྒྱུ་མར་འཚར་ཚུལ་ཡང་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །གསུམ་པ་ཞི་ལྷག་དེ་གཉིས་ཟུང་དུ་འབྲེལ་བའི་ཚུལ་ནི། དེ་གཉིས་གྲུབ་པའི་ཚད་ཀྱི་སྐབས་སུ་བཤད་པ་ལྟར། ཞི་ལྷག་གཉིས་མ་ཐོབ་ན་ཟུང་དུ་སྦྲེལ་རྒྱུ་མི་འོང་བས་ཟུང་འབྲེལ་ལ་ནི་དེ་གཉིས་ངེས་པར་ཐོབ་པ་དགོས་སོ། །འདི་ཡང༌ནམ་ལྷག་མཐོང་ཐོབ་པའི་ཐོག་མ་ནས་ཟུང་འབྲེལ་འཐོབ་པར་འགྱུར་བས། དེའི་ཚུལ་ནི་སྔར་གྱི་ཞི་གནས་ལ་བརྟེན་ནས་དཔྱད་སྒོམ་བྱས་པ་ན་བསྒྲིམས་ཏེ་འཇུག་པ་ལ་སོགས་པའི་ཡིད་བྱེད་བཞིའི་རིམ་པས་སྐྱེ་བ་འདི་ལའང་གསུངས་པས་ཡིད་བྱེད་བཞི་པ་སྔར་བཤད་པ་ལྟར་སྐྱེས་པའི་ཚེ་ན་ཟུང་འབྲེལ་དུ་འགྲོ་སྟེ། དེ་ཡང་དཔྱད་སྒོམ་བྱས་པའི་མཐར་འཇོག་སྒོམ་བྱས་ཤིང་བསྐྱངས་པ་དེ་ཞི་གནས་ཐོབ་པ་ཇི་འདྲ་བ་དེ་འདྲ་བའི་འཇོག་སྒོམ་དུ་གྱུར་པ་ན་ཡིན་ནོ། །དེ་ལྟར་ཡང་ཉན་ས་ལས། དེ་ལ་ཇི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་འདྲེས་པར་གྱུར་ཅིང་མཉམ་པར་ཟུང་དུ་འཇུག་པ་དང་། གང་གིས་ན་ཟུང་དུ་


JLD013_Page_1025
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བར་འཇུག་པའི་ལམ་ཞེས་བྱ་ཞེ་ན། སྨྲས་པ། སེམས་གནས་པ་རྣམ་པ་དགུ་པོ་དག་ལས་འདི་ལྟ་སྟེ། མཉམ་པར་བཞག་པའི་རྣམ་པ་དགུ་པ་གང་ཡིན་པ་ཐོབ་པར་གྱུར་ཅིང་། ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་དེ་ལ་བརྟེན་ནས་ལྷག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པ་ལ་རབ་ཏུ་བརྩོན་པར་བྱེད་དེ། དེའི་ཚེ་ན་ཆོས་རྣམ་པར་འབྱེད་པ་དེའི་ལམ་རང་གི་ངང་གིས་འཇུག་པ་དང་རྩོལ་བ་མེད་པར་འཇུག་པར་གྱུར་ཅིང༌། ཞི་གནས་ཀྱི་ལམ་ཇི་ལྟ་བ་བཞིན་དུ་མངོན་པར་འདུ་བྱེད་པ་མེད་པས་ལྷག་མཐོང་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བ་དང་ཞི་གནས་ཀྱི་རྗེས་སུ་སོང་བ་དང་ཉམས་བདེ་བས་ཡོངས་སུ་ཟིན་པར་འགྱུར་ཏེ། དེའི་ཕྱིར་དེའི་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཅིང་མཉམ་པར་འཇུག་པ་དང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ཞེས་བྱའོ། །ཞེས་དང༌། སྒོམ་རིམ་ཐ་མ་ལས་ཀྱང༌། ཇི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར་མཉམ་པར་ཞུགས་ཤིང་རང་གི་ངང་གིས་འཇུག་པས་དེ་ཁོ་ན་ཉིད་ལ་སེམས་ཤིན་ཏུ་གསལ་བ་བྱུང་བར་གྱུར་པ་དེའི་ཚེ་རྩོལ་བ་གློད་པས་བཏང་སྙོམས་སུ་བྱ་སྟེ། དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་གྲུབ་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །འོ་ན་དེ་འདྲ་བ་དེ་ལ་ཅིའི་ཕྱིར་ཟུང་དུ་འབྲེལ་བ་ཞེས་བྱ་ཞེ་ན། དེ་འདྲ་བ་དེ་མ་ཐོབ་པའི་གོང་དུ་སོ་སོར་རྟོག་པའི་དཔྱད་སྒོམ་གྱི་རང་སྟོབས་ཀྱིས་མི་རྟོག་པའི་གནས་ཆ་འདྲེན་མི་ནུས་པས། དཔྱད་སྒོམ་དང་འཇོག་སྒོམ་གཉིས་རྩོལ་བ་སོ་སོ་སོ་སོར་བསྒོམ་


JLD013_Page_1026
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ལ། དེ་གཉིས་ཐོབ་ནས་ནི་སོ་སོར་རྟོག་པའི་དཔྱད་སྒོམ་བྱས་པ་ཉིད་ཀྱིས་ཞི་གནས་འདྲེན་པར་ནུས་པས་ན་ཟུང་དུ་འབྲེལ་བའོ། །འདི་ཡང་དཔྱོད་པ་ནི་ལྷག་མཐོང་ཡིན་ལ། དཔྱད་མཐར་གནས་པ་ནི་ཞི་གནས་ཁྱད་པར་ཅན་སྟོང་ཉིད་ལ་དམིགས་པའོ། །ཤེར་ཕྱིན་མན་ངག་ལས་ཀྱང༌། དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དེ་ཉིད་ལ་དམིགས་ཏེ། སེམས་དེ་ཉིད་ལ་གང་གི་ཚེ་རྒྱུན་མི་འཆད་པ་དང་བར་མ་ཆད་པའི་ཡིད་ལ་བྱེད་པའི་རྒྱུན་གྱིས་གཉིས་ཀའང་ཉམས་སུ་མྱོང་བ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་ཞེས་བརྗོད་དེ། དེ་ལ་ཞི་གནས་དང་ལྷག་མཐོང་ནི་ཟུང་ཡིན་ལ། འབྲེལ་བ་ནི་ལྡན་པ་སྟེ། ཕན་ཚུན་བཅིངས་ནས་འཇུག་པའོ། །ཞེས་གསུངས་ཏེ། བར་མ་ཆད་པ་ནི་དཔྱད་སྒོམ་དེ་ཉིད་ཀྱི་འཕྲོ་བཞག་ནས་མི་རྟོག་པར་བཞག་མི་དགོས་པར་དཔྱད་སྒོམ་དེ་ཉིད་ཀྱིས་མི་རྟོག་པ་འདྲེན་པའོ། །གཉིས་ཀ་ཉམས་སུ་མྱོང་བ་ནི་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པའི་ཞི་གནས་དང་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ལྷག་མཐོང་གཉིས་ཀ་ཉམས་སུ་མྱོང་བ་སྟེ། དེ་ཡང་དུས་གཅིག་མིན་གྱི། བསྒོམ་པའི་ཡིད་བྱེད་དེ་ཉིད་ཀྱི་བར་མ་བཅད་པའི་རྒྱུན་གྱིས་མྱོང་བའོ། །འོ་ན་སྔར་ཞི་གནས་གྲུབ་ནས་སོ་སོར་རྟོག་པའི་དཔྱད་སྒོམ་གྱིས་གནས་ཆ་འགྲུབ་པར་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་ཞི་གནས་མ་གྲུབ་པའི་སྔོན་དུ་ཡང་དང་ཡང་དུ་དཔྱད་པའི་མཐར་འཇོག་པའི་སྤེལ་མ་བྱས་ན་ཞི་གནས་འགྲུབ་མི་སྲིད་། ཞི་གནས་རྙེད་ནས་ནི་དེ་


JLD013_Page_1027
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱས་ནས་བསྒོམས་པས་ཞི་གནས་འགྲུབ་པའི་ཁྱད་བསྟན་པ་ཡིན་པས་འགལ་བ་མེད་ཅིང༌། གཞན་ཡང་ལྷག་མཐོང་འགྲུབ་པའི་སྔ་རོལ་དེ་མ་ཐག་གི་དཔྱད་སྒོམ་གྱིས་རྩེ་གཅིག་པ་འདྲེན་པར་ནུས་པའི་སྐབས་གཅིག་ཡོད་པས་དེ་ལའང་བསམས་པ་སྟེ། ལྷག་མཐོང་མ་གྲུབ་པའི་སྔོན་དུ་ཡང་དང་ཡང་དུ་དཔྱད་པའི་མཐར་འཇོག་པའི་སྤེལ་མ་བྱས་ན་ཞི་གནས་འགྲུབ་མི་སྲིད་ལ། ཞི་གནས་རྙེད་ནས་ནི་དཔྱད་སྒོམ་གྱིས་མི་རྟོག་པ་འདྲེན་མི་ནུས་པར་གོང་དུ་བཤད་པ་འདི་ནི་དམིགས་བསལ་དེ་དོར་བའི་དེའི་སྔོན་དུ་མི་འགྲུབ་པའི་དབང་དུ་བྱས་པའོ། །མདོར་ན་ཞི་གནས་མ་གྲུབ་པའི་སྔོན་དུ་འཇོག་རེས་ཀྱིས་དཔྱད་པའི་མཐར་འཇོག་པའི་འཇོག་སྒོམ་བྱས་པས་ཞི་གནས་འགྲུབ་མི་སྲིད་ལ། ཞི་གནས་གྲུབ་ནས་ནི་ལྷག་མཐོང་མ་གྲུབ་པའི་སྔོན་དུ་དཔྱད་སྒོམ་གྱིས་རྩེ་གཅིག་པའི་གནས་ཆ་བརྟན་པོ་རང་སྟོབས་ཀྱིས་དྲངས་པ་མི་འོང་བས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མང་དུ་དཔྱད་པའི་དཔྱད་པ་དེ་ཉིད་ཀྱིས་གནས་ཆ་བརྟན་པོ་རྙེད་པ་ནི་ལྷག་མཐོང་ཐོབ་ནས་འོང་བས་ཟུང་འབྲེལ་ཡང་དེ་ནས་འཇོག་པ་ཡིན་ནོ། །དེའི་ཕྱིར་ཆུ་མི་གཡོ་བར་གནས་པའི་སྟེང་ན་ཕར་ཉེའུ་ཆུང་འཕྱོ་བ་བཞིན་དུ་གནས་ཆ་བརྟན་པོའི་མི་རྟོག་པའི་རྩི་མ་ཞིག་པའི་ངང་ནས་བདག་མེད་པའི་དོན་ལ་སོ་སོར་དཔྱད་པས་ཆོག་པའི་གཉིས་ཚོགས་ལ་ཞི་ལྷག་ཟུང་འབྲེལ་དུ་འཁྲུལ་བར་མི་བྱའོ། །དེ་ལྟར་ཞི་ལྷག་ཟུང་དུ་འབྲེལ་བའི་ཚུལ་ནི་གཞུང་ཁུངས་མ་དེ་དག་ནས་འབྱུང་བ་བཞིན་དུ་ཤེས་པར་བྱ་ཡི། དེ་ལས་གཞན་དུ་སྒྲོ་བཏགས་ནས་འཆད་པ་ལ་ཡིད་


JLD013_Page_1028
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་མི་བྱའོ། །འདི་དག་གི་སྒོ་ནས་ཞི་ལྷག་གི་སྐྱོང་ཚུལ་ལའང་ཁྱད་པར་དུ་མ་ཞིག་དབྱེ་དགོས་པར་སྣང་མོད་ཀྱང་ཚིག་མངས་པས་འཇིགས་ནས་མ་བྲིས་སོ། །ད་ནི་ལམ་སྤྱིའི་དོན་བསྡུ་བ་ཅུང་ཟད་བརྗོད་པར་བྱ་སྟེ། ཐོག་མར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་ཐུག་པས་དེའི་བདར་ཤ་བཅད། དེ་ནས་དལ་བ་ལ་སྙིང་པོ་ལེན་འདོད་བཅོས་མ་མིན་པ་བསྐྱེད་ན། དེས་རྒྱུན་དུ་བསྒྲུབ་པ་ལ་ནང་ནས་བསྐུལ་བས་དེ་བསྐྱེད་པའི་ཕྱིར་དུ་དལ་འབྱོར་གྱི་སྐོར་རྣམས་བསྒོམ། དེ་ནས་ཚེ་འདི་དོན་དུ་གཉེར་བའི་བློ་སྣ་མ་ལོག་ན་འཇིག་རྟེན་ཕྱི་མ་ལ་དོན་གཉེར་དྲག་པོ་མི་འབྱུང་བས། ལུས་ཐོབ་པ་རིང་དུ་མི་སྡོད་པའི་མི་རྟག་པ་དང་ཤི་ནས་ངན་འགྲོར་འཁྱམ་ཚུལ་བསྒོམ་པ་ལ་འབད། དེའི་ཚེ་འཇིགས་པ་དྲན་པའི་བློ་རྣལ་མ་སྐྱེ་བས་སྐྱབས་གསུམ་གྱི་ཡོན་ཏན་ལ་སྙིང་ཐག་པ་ནས་ངེས་པ་བསྐྱེད་ལ་སྐྱབས་འགྲོ་ཐུན་མོང་བའི་སྡོམ་པ་ལ་གནས་ཤིང་དེའི་བསླབ་བྱ་ལ་བསླབ། དེ་ནས་དཀར་ཆོས་ཐམས་ཅད་ཀྱི་གཞི་ཆེན་པོ་ལས་འབྲས་ལ་ཡིད་ཆེས་པའི་དད་པ་སྒོ་དུ་མ་ནས་བསྐྱེད་ལ་བརྟན་པར་བྱས་ཏེ། དགེ་མི་དགེ་བཅུའི་འཇུག་ལྡོག་ལ་འབད་ཅིང་སྟོབས་བཞིའི་ལམ་དུ་རྒྱུན་དུ་ཞུགས་པ་ཞིག་བྱ། དེ་ལྟར་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྣམས་ཚགས་སུ་ཆུད་པ་ན་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་མང་དུ་བསམས་ལ། འཁོར་བ་སྤྱི་ལས་བློ་ཅི་ལྡོག་བྱ། དེ་ནས་འཁོར་བ་གང་ལས་འབྱུང་བའི་རྒྱུ་ལས་དང་ཉོན་མོངས་པའི་ངོ་བོ་ངོས་བཟུང་ནས་དེ་སྤོང་འདོད་བཅོས་མ་མིན་པ་བསྐྱེད། འཁོར་བ་ལས་གྲོལ་བའི་ལམ་བསླབ་པ་གསུམ་སྤྱི་ལ་ངེས་


JLD013_Page_1029
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲང་ཞིང་། ཁྱད་པར་དུ་རང་གིས་གང་ཁས་བླངས་པའི་སོ་སོར་ཐར་པ་ལ་འབད་པར་བྱའོ། །དེ་ལྟར་སྐྱེས་བུ་འབྲིང་གི་ཆོས་སྐོར་རྣམས་ཚགས་སུ་ཆུད་པ་ན། རང་ཉིད་སྲིད་མཚོར་ལྷུང་བ་ཇི་འདྲ་བ་དེ་བཞིན་དུ། མ་རྣམས་ཀྱང་དེ་འདྲ་བར་སོང་བ་ཡིད་ལ་བྱས་ཏེ། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་བྱང་ཆུབ་ཀྱི་སེམས་སྦྱངས་ལ་འདི་ཅི་སྐྱེ་ལ་འབད་དགོས་ཏེ། དེ་མེད་ན་སྤྱོད་པ་ཕྱིན་དྲུག་དང་རིམ་གཉིས་སོགས་རྨང་མེད་པའི་ཐོག་བྱེད་པ་དང་འདྲ་བར་འགྱུར་བ་ཡིན་ནོ། །དེ་ལ་མྱོང་བའི་རྣམ་པ་ཐན་ཐུན་རྒྱུད་ལ་སྐྱེས་ན་ཆོ་གས་བཟུང་ལ། དེའི་བསླབ་བྱ་ལ་འབད་ནས་སྨོན་པ་ཅི་བརྟན་བྱ། དེ་ནས་བྱང་སེམས་ཀྱི་སྤྱོད་པ་རླབས་ཆེ་བ་རྣམས་མཉན་ལ། ལྡོག་འཇུག་གི་མཚམས་རྣམས་ཤེས་པ་དང་དེ་ལ་སློབ་འདོད་དྲག་པོ་བསྐྱེད། བློ་དེ་དག་སྐྱེས་པ་ན་འཇུག་པའི་སྡོམ་པ་ཆོ༌གས་བཟུང་ལ། རང་རྒྱུད་སྨིན་པར་བྱེད་པའི་ཕྱིན་དྲུག་དང་གཞན་རྒྱུད་སྨིན་བྱེད་ཀྱི་བསྡུ་བཞི་སོགས་ལ་བསླབ། ཁྱད་པར་དུ་རྩ་ལྟུང་ལ་འབད་པ་དྲག་པོས་སྲོག་བསྡོས་བྱ། ཟག་པ་ཆུང་འབྲིང་དང་ཉེས་བྱས་རྣམས་ཀྱིས་མ་གོས་པ་ལ་འབད་ཅིང་གོས་ནའང་ཕྱིར་འཆོས་པ་ལ་འབད་དོ། །དེ་ནས་ཕར་ཕྱིན་ཐ་མ་གཉིས་ལ་ཁྱད་པར་དུ་བསླབ་དགོས་པས་བསམ་གཏན་སྐྱོང་ལུགས་ལ་མཁས་པར་བྱས་ལ་ཏིང་ངེ་འཛིན་བསྒྲུབ། བདག་མེད་པ་གཉིས་ཀྱི་ལྟ་བ་རྟག་ཆད་དང་བྲལ་བའི་རྣམ་དག་ཅིག་རྒྱུད་ལ་ཅི་སྐྱེ་བྱས་ཏེ། རྙེད་པ་དང་ལྟ་ཐོག་དེར་བཞག་ནས་སྐྱོང་བའི་སྐྱོང་ཚུལ་རྣམ་དག་ཤེས་པར་བྱས་ལ་བསྐྱང་ངོ་། །དེ་འདྲ་བའི་བསམ་


JLD013_Page_1030
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དང་ཤེས་རབ་གཉིས་ལ་ཞི་ལྷག་གི་མིང་བཏགས་པ་ཡིན་གྱི། ཕར་ཕྱིན་ཐ་མ་གཉིས་ལས་ཟུར་པ་ཞིག་མེད་པས་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་དེའི་བསླབ་བྱ་ལ་སློབ་པའི་གསེབ་ནས་འོང་བ་ཡིན་ནོ། །འདི་ཡང་འོག་མ་འོག་མ་བསྒོམས་ཀྱིན་གོང་མ་གོང་མ་ལ་ཐོབ་འདོད་ཆེར་འགྲོ་བ་དང་། གོང་མ་གོང་མ་མཉན་པ་ན་འོག་མ་འོག་མ་ལ་བསྒྲུབ་འདོད་ཇེ་ཆེ་ཇེ་ཆེར་འགྲོ་བ་ཞིག་བྱུང་ན་གནད་དུ་སོང་བ་ཡིན་གྱི། སྔ་མ་རྣམས་ཅི་ཡང་མེད་པར་སེམས་ཀྱི་གནས་ཆ་རེ་ཙམ་དང་ལྟ་བའི་གོ་བ་ཙམ་རེ་ལ་ནུས་པ་སྤྲུག་ལོ་བྱས་ཀྱང་གནད་དུ་འགྲོ་ཤིན་ཏུ་དཀའ་བས་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཞིག་ལ་ངེས་པ་འདྲོངས་དགོས་པ་ཡིན་ནོ། །དེ་རྣམས་བསྒོམ་པའི་ཚེ་ཡང་རྟོག་པ་སྤྱང་བར་བྱས་ནས་བློ་རྣམས་ཆ་མཉམ་དགོས་ཏེ། འདི་ལྟར་ལམ་ལ་འཁྲིད་པའི་བཤེས་གཉེན་ལ་གུས་པ་ཆུང་བར་སྣང་ན་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་འཆད་པས་བསྟེན་ཚུལ་ལ་འབད། དེ་བཞིན་དུ་བསྒྲུབ་པ་ལ་སྤྲོ་ཤུགས་ཆུངས་ན་དལ་འབྱོར་གྱི་སྐོར་དང་ཚེ་འདི་ལ་མངོན་ཞེན་ཆེ་བར་སོང་ན་མི་རྟག་པ་དང་ངན་འགྲོའི་ཉེས་དམིགས་བསྒོམ་པ་ལ་གཙོ་བོར་བྱ་དགོས། ཁས་བླངས་པའི་བཅས་པ་རྣམས་ལ་གཡེལ་བར་སྣང་ན་ལས་འབྲས་ལ་ངེས་པ་ཆུང་བ་ཡིན་སྙམ་དུ་བསམས་ལ། ལས་འབྲས་བསྒོམ་པ་ལ་གཙོ་བོར་བྱ། འཁོར་བ་མཐའ་དག་ལ་སྐྱོ་ཤས་ཆུངས་ན། ཐར་པ་དོན་གཉེར་གྱི་བློ་ཚིག་ཙམ་དུ་འགྲོ་བས་འཁོར་བའི་ཉེས་དམིགས་རྣམས་བསམ། ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་པའི་བློ་ཤུགས་དྲག་མི་སྣང་ན་ཐེག་ཆེན་གྱི་རྩ༌བ་ཆད་པས། སྨོན་


JLD013_Page_1031
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྒྱུ་དང་བཅས་པ་ལ་མང་དུ་སྦྱང༌། རྒྱལ་སྲས་ཀྱི་སྡོམ་པ་བླངས་ནས་སྤྱོད་པ་ལ་སློབ་པ་ནའང་མཚན་མར་འཛིན་པའི་འཆིང་བ་ཤུགས་དྲག་པར་སྣང་ན། རིགས་ཤེས་ཀྱིས་མཚན་མར་འཛིན་པའི་བློས་བཟུང་བའི་དམིགས་གཏད་ཐམས་ཅད་བཤིག་ལ། ནམ་མཁའ་ལྟ་བུ་དང་སྒྱུ་མ་ལྟ་བུའི་སྟོང་ཉིད་ལ་བློ་སྦྱང༌། སེམས་དགེ་བའི་དམིགས་པ་ལ་མི་སྡོད་པའི་རྣམ་གཡེང་གི་བྲན་དུ་གྱུར་པར་སྣང་ན་རྩེ་གཅིག་པའི་གནས་ཆ་ལ་གཙོ་བོར་སྐྱོང་བར་གོང་མ་རྣམས་གསུང་སྟེ། དེས་མཚོན་ནས་མ་བཤད་པ་རྣམས་ཀྱང་ཤེས་པར་བྱ་ལ། མདོར་ན་ཕྱོགས་རེ་བར་མ་སོང་བར་རྒྱུད་དགེ་བའི་ཕྱོགས་ཐམས་ཅད་ལ་བཀོལ་དུ་རུང་བ་ཞིག་དགོས་སོ། །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པས་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་ཇི་ལྟར་བསླབ་པའི་ཚུལ་བཤད་ཟིན་ཏོ།། །།གཉིས་པ་ཁྱད་པར་དུ་རྡོ་རྗེའི་ཐེག་པ་ལ་བསླབ་པའི་ཚུལ་ནི། དེ་ལྟར་མདོ་སྔགས་གཉིས་ཀའི་ལམ་ཐུན་མོང་བ་རྣམས་ལ་སྦྱངས་པའི་འོག་ཏུ་ནི་གདོན་མི་ཟ་བར་གསང་སྔགས་ལ་འཇུག་པར་བྱ་སྟེ། ལམ་དེ་ནི་ཆོས་གཞན་རྣམས་ལས་ཆེས་ཤིན་ཏུ་དཀོན་པ་དང་མྱུར་དུ་ཚོགས་གཉིས་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ལ་འཇུག་ན་ནི། ལམ་སྒྲོན་ལས་གསུངས་པ་ལྟར་ཐོག་མར་བླ་མ་བསྙེན་བཀུར་དང་བཀའ་བསྒྲུབ་པ་སོགས་ཀྱིས་མཉེས་པར་བྱ་བ་སྔར་བཤད་པ་ལས་ཀྱང་ལྷག་པ་ཞིག་བྱ་དགོས་ཏེ། དེ་ཡང༌དེ་ལས་བཤད་པའི་མཚན་ཉིད་མ་མཐའ་ཚང་བ་ཞིག་ལ་དེ་ལྟར་


JLD013_Page_1032
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན་ནོ། །དེ་ནས་ཐོག་མར་སྨིན་བྱེད་ཀྱི་དབང་རྒྱུད་སྡེ་ཁུངས་མ་ནས་བཤད་པ་ཞིག་གིས་རྒྱུད་སྨིན་པར་བྱ། དེ་ནས་དེའི་ཚེ་བཟུང་བའི་དམ་ཚིག་དང་སྡོམ་པ་རྣམས་མཉན་ནས་ཤེས་པར་བྱས་ལ་བསྲུང་སྟེ། རྩ་བའི་ལྟུང་བས་ཕོག་ན་སླར་བླང་དུ་ཡོད་ཀྱང༌། ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་བ་ལ་ཆེས་འགྱང་བས་དེས་མ་གོས་པ་ལ་འབད་པ་དྲག་པོ་བྱ། སྦོམ་པོའི་ལྟུང་བས་མ་གོས་པ་ལ་འབད་ཅིང་བརྒྱ་ལ་གོས་ནའང་སླར་འཆོས་པའི་ཐབས་རྣམས་བྱ་སྟེ། འདི་དག་ནི་ལམ་བསྒོམ་པའི་གཞི་ཡིན་པས། དེ་དག་མེད་ན་འགྲམ་རྩ་ཟགས་པའི་ཁང་པ་ཧྲུལ་པོ་ལྟར་འགྱུར་བའི་ཕྱིར་རོ། །འཇམ་དཔལ་རྩ་བའི་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །ཞེས་སོགས་ཀྱིས་གྲུབ་པ་རབ་འབྲིང་ཐ་གསུམ་གང་ཡང་མེད་པར་གསུངས་ཤིང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུའང་དམ་ཚིག་མི་བསྲུང་བ་དང་དབང་བསྐུར་དམན་པ་དང་དེ་ཉིད་མི་ཤེས་པ་གསུམ་གྱིས་བསྒྲུབ་ཀྱང་ཅི་ཡང་མི་འགྲུབ་པར་གསུངས་པས་ན། དམ་ཚིག་དང་སྡོམ་པ་བསྲུང་བ་མེད་པའི་ལམ་བསྒོམ་པ་སྐད་བྱེད་པ་ནི། སྔགས་ཀྱི་ཚུལ་ལས་རྣམ་པར་འཁྱམས་པ་ཡིན་ནོ། །དེ་ལྟར་དམ་ཚིག་དང་སྡོམ་པ་བསྲུང་བ་དེས་སྔགས་ཀྱི་ལམ་བསྒོམ་པར་བྱ་བ་ལ། ཐོག་མར་བསྐྱེད་པའི་རིམ་པ་ལྷའི་འཁོར་ལོ་ཚང་བ་རྒྱུད་སྡེ་ཁུངས་མ་ནས་བཤད་པ་ཞིག་བསྒོམ་དགོས་ཏེ། སྔགས་ཀྱི་ལམ་གྱི་ཐུན་མོང་མ་ཡིན་པའི་སྤང་བྱ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་རང་དགའ་བར་ཞེན་པའི་


JLD013_Page_1033
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་པའི་རྣམ་རྟོག་འདི་ཡིན་ལ། དེ་སྤོང་བའང་གནས་དང་ལུས་དང་ལོངས་སྤྱོད་རྣམས་ཁྱད་པར་ཅན་གྱི་སྣང་བར་སྒྱུར་བར་བྱེད་པའི་བསྐྱེད་རིམ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཐ་མལ་གྱི་རྣམ་རྟོག་སྦྱངས་པ་དེ་རྒྱལ་བ་སྲས་བཅས་ཀྱིས་དུས་ཀུན་ཏུ་བྱིན་གྱིས་རློབ་ཅིང་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་བདེ་བླག་ཏུ་རྫོགས་པར་བྱེད་པས་ན། རྫོགས་པའི་རིམ་པའི་སྣོད་དུ་རུང་བ་ཡིན་པས། དེ་ནས་རྫོགས་པའི་རིམ་པ་རྒྱུད་སྡེ་ཁུངས་མ་ནས་འབྱུང་བ་རྣམས་བསྒོམ་དགོས་ཀྱི། རིམ་པ་དང་པོ་དོར་བའི་ཕྱི་མའི་ཁོངས་སུ་འདུ་བ་ཙམ་གྱི་ལམ་གྱི་ཆ་ཤས་རེ་རེ་ཙམ་ལ་སྦྱོང་བ་ནི་རྒྱུད་སྡེ་དང་དེ་དག་གི་དགོངས་འགྲེལ་གྱི་མཁས་པ་རྣམས་ཀྱི་བཞེད་པ་མ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་ལམ་གྱི་ལུས་རྫོགས་པའི་རིམ་པ་གཉིས་ཀྱི་གནད་ཟིན་པར་བྱའོ། །འདི་དག་ནི་འདིར་མིང་ཙམ་གྱི་སྒོ་ནས་སྔགས་ལ་འཇུག་པའི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་པས། རྒྱས་པར་ནི་སྔགས་ཀྱི་ལམ་གྱི་རིམ་པ་རྣམས་ལས་ཤེས་དགོས་སོ། །དེ་ལྟ་བུའི་ཚུལ་གྱིས་བསླབས་ན་མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བསླབ་པར་འགྱུར་བས། དལ་བ་ཐོབ་པ་དོན་དང་ལྡན་པར་བྱེད་ཅིང༌། རྒྱལ་བའི་བསྟན་པ་རིན་པོ་ཆེ་རང་དང་གཞན་གྱི་རྒྱུད་ལ་རྒྱས་པར་བྱེད་ནུས་པ་ཡིན་ནོ།། །།ཐུབ་པའི་གསུང་རབ་རབ་འབྱམས་རྣམས་ལ་བལྟ་བའི་མིག་གཅིག་གཅིག་གིས་ཀྱང་ནི་གཞུང་ལུགས་ཀུན། །ཇི་བཞིན་ལེགས་ཤེས་ཤེས་ལྡན་རྣམས་


JLD013_Page_1034
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་བ་སྐྱེད་འདི་འདི་འདྲའི་ཚུལ་ལ་རབ་སྦྱངས་པའི། །བཤེས་གཉེན་བསྟེན་དང་དང་པོའི་སངས་རྒྱས་འཇམ་པའི་དབྱངས་གང་གང་གིས་སྐྱབས་སུ་ལེགས་བཟུང་བ། །དེ་ཡི་མཐུས་ཡིན་ཡིན་ཚུལ་རྣམ་པར་འབྱེད་ལ་རབ་མཁས་མཁས་པའི་མཆོག་དེས་རྟག་སྐྱོངས་ཤིག །འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་ལུགས་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །གང་དེ་པཎ་ཆེན་མར་མེ་མཛད་ཀྱིས་ནི། །གངས་རིའི་ཁྲོད་དུ་གསལ་བར་མཛད་པ་ལས། །ཕྱོགས་འདིར་རྒྱལ་བའི་ལམ་བཟང་ལྟ་བའི་མིག །དུས་མང་ཞིག་ཏུ་ཟུམ་པར་མ་གྱུར་ཏོ། །དེ་ནས་བསྟན་པའི་གནད་རྣམས་མ་ལུས་པ། །ཇི་བཞིན་མཁྱེན་པའི་མཁས་རྣམས་ཟད་པ་ན། །ལམ་བཟང་འདི་ཡང་རིང་མོ་ཞིག་ནས་ཉམས། །ཚུལ་དེ་མཐོང་ནས་བསྟན་པ་རྒྱས་ཕྱིར་དུ། །རྒྱལ་བས་ཆོས་ཚུལ་ཇི་སྙེད་གསུངས་པ་ཀུན། །ཐེག་པ་མཆོག་གི་བཞོན་པས་འགྲོ་བ་ཡི། །སྐལ་བཟང་གཅིག་གི་ལམ་གྱི་རིམ་པ་རུ། །ལེགས་པར་བསྡུས་ནས་ཉམས་སུ་ལེན་པའི་ཚུལ། །ཧ་ཅང་རྒྱས་མིན་དོན་གྱི་གནད་རྣམས་ཀུན། །མ་ཚང་མེད་ཅིང་བློ་གྲོས་ཆུང་ངུས་ཀྱང༌། །བདེ་བླག་རྟོགས་པར་ནུས་འདི་ལུང་རིགས་ཀྱིས། །ཚུལ་བཞིན་དཔྱོད་པའི་ལམ་ནས་བདག་གིས་དྲངས། །རྒྱལ་སྲས་འཇུག་ངོགས་ཤིན་ཏུ་རྟོགས་པར་དཀའ། །བདག་


JLD013_Page_1035
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱིས་པའི་ནང་ནའང་བྱིས་པ་སྟེ། །དེ་སླད་འདིར་ནི་ནོངས་པར་གྱུར་པ་གང༌། །ཇི་བཞིན་གཟིགས་རྣམས་སྤྱན་སྔར་བདག་འཆགས་སོ། །དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི། །མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས། །བློ་མིག་མ་རིག་གིས་ལྡོངས་འགྲོ་བ་ཀུན། །རྣམ་འདྲེན་རྒྱལ་བའི་དབང་པོར་བདག་གྱུར་ཅིག །དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང༌། །འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ། །བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག །རྙེད་ནས་བསྒྲུབ་པས་རྒྱལ་རྣམས་གཉེས་བྱེད་ཤོག །རང་གི་ཇི་བཞིན་རྟོགས་པའི་ལམ་གྱི་གནད། །ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས། །རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག །བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས། །ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང༌། །ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང༌། །རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག །ལམ་བཟང་སྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས། །ཚུལ་བཞིན་བསྒྲུབ་ལ་བརྩོན་པ་དེ་ཡི་ཚེ། །མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌། །


JLD013_Page_1036
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་པའི་རིམ་པ་ཐམས་ཅད་ཚང་བར་སྟོན་པའི་བྱང་ཆུབ་ལམ་གྱི་རིམ་པ་འདི། རྒྱལ་སྲས་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱི་རྒྱལ་ཚབ་ཆེན་པོ་ནང་རིག་པའི་སྡེ་སྣོད་ལ་མཁས་པར་སྦྱངས་ནས་དེའི་དོན་བསྒྲུབ་པས་ཚུལ་བཞིན་དུ་ཐུགས་ཉམས་སུ་བཞེས་ཏེ། འགྲོ་བ་དུ་མའི་འདྲེན་པ་མཛད་པའི་སྒོ་ནས་བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ་དཀོན་མཆོག་ཚུལ་ཁྲིམས་དང༌། སྔོན་དུས་ཀྱི་སྡོམ་བརྩོན་རྣམས་ཀྱིས་མཐའ་གཅིག་ཏུ་ཡོངས་སུ་བསྔགས་པའི་དམ་པ་བྱ་འདུལ་བ་འཛིན་པའི་རྒྱལ་ཚབ་མཁྱེན་པ་དང་བརྩེ་བ་ལ་སོགས་པའི་རྟོགས་པ་དང་ལུང་གི་ཡོན་ཏན་རིན་པོ་ཆེ་དུ་མས་བརྒྱན་པས་གངས་རིའི་ཁྲོད་ཀྱི་སྡོམ་བརྩོན་རྣམས་ཀྱི་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་སྡོམ་བརྩོན་ཆེན་པོ་མཁན་ཆེན་ཟུལ་ཕུ་བ་དཀོན་མཆོག་དཔལ་བཟང་པོ་དང༌། གཞན་ཡང་དོན་གཉེར་ཅན་མང་པོས་སྔ་ནས་བསྐུལ་ཞིང༌། དུས་ཕྱིས་མདོ་སྔགས་ཀྱི་གཞུང་རབ་འབྱམས་ལ་མཁས་པར་སྦྱངས་པས་གཞུང་ལུགས་པ་རྣམས་ཀྱི་གཙོ་བོར་གྱུར་ཅིང་བསླབ་པ་རིན་པོ་ཆེ་གསུམ་ལ་ཆེས་ཆེར་གཅེས་སྤྲས་སུ་མཛད་པ། གཅིག་ཏུ་བསྟན་པ་རིན་པོ་ཆེའི་ཁུར་འཁུར་བ་ལ་ཟླ་དང་བྲལ་བའི་སྐད་གཉིས་སྨྲ་བ་ཡོངས་སུ་རྫོགས་པའི་བཤེས་གཉེན་སེམས་དཔའ་ཆེན་པོ་སྐྱབས་མཆོག་དཔལ་བཟང་པོ་ཞེས། ཡོངས་སུ་གྲགས་པའི་དམ་པ་དེས་ཉེ་བར་བསྐུལ་བའི་བཀའ་སྩལ་དང་དུ་བླངས་ནས། རྗེ་བཙུན་དམ་པ་ནམ་མཁའི་མཚན་ཅན་ལ་དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པ་དང༌། སྤྱན་སྔ་བ་ནས་བརྒྱུད་པའི་ལམ་གྱི་རིམ་པ་ཐོས་ཤིང༌། རྗེ་བཙུན་དམ་པ་བཟང་པོའི་མཐའ་ཅན་ལ། པོ་ཏོ་བས་ཤ༌ར་བ་ལ་བརྒྱུད་པ་དང༌། པོ་ཏོ་བ་ནས་དོལ་པ་ལ་བརྒྱུད་པའི་ལམ་གྱི་རིམ་པ་ཐོས་པ་རྣམས་ཀྱི་དོན་གདམས་ངག་འདིའི་གཞུང༌། ལམ་སྒྲོན་གྱི་སྐྱེས་བུ་གསུམ་གྱི་སྤྱིའི་མཚན་ཉིད་སྟོན་པ་ཙམ་མ་གཏོགས་པའི་ཚིག་རྣམས་སླ་བ་ལ་


JLD013_Page_1037
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ནས་མ་དྲངས་པར། ལོཙྪ་བ་ཆེན་པོ་དང་གྲོ་ལུང་པ་ཡབ་སྲས་ཀྱི་ལམ་རིམ་གྱི་ཁོག་རྣམས་ལ་གཞི་བྱས་ནས་ལམ་རིམ་དུ་མ་ནས་གནད་རྣམས་བསྡུས་ཏེ། ལམ་གྱི་ཆ་ཚང་ལ་འཁྱེར་བདེ་ཞིང་། གོ་རིམ་མ་འཁྲུགས་པར་བཀོད་པ་འདི་ནི། གངས་རིའི་ཁྲོད་ཀྱི་ཤིང་རྟ་ཆེན་པོ། གསུང་རབ་རབ་འབྱམས་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན་གཞུང་ལུགས་ཆེན་མོ་རྣམས་ཀྱི་དོན་ཚུལ་བཞིན་དུ་བསྒྲུབས་པས། རྒྱལ་བ་སྲས་བཅས་དགྱེས་པ་བསྐྱེད་པའི་རྨད་དུ་བྱུང་བའི་སེམས་དཔའ་ཆེན་པོ་རྗེ་བཙུན་དམ་པ་རེད་མདའ་བ་ལ་སོགས་པའི་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་པ། མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་ཡང་དགོན་བྲག་སེང་གེའི་ཞོལ་གྱི་རི་ཁྲོད་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་བསོད་ནམས་དཔལ་བཟང་པོའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག


previousཤོག་ལྷེབ་ ༡༠༠༡ ནས་ ༡༠༣༧ བར།no next