Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།
   
   
   
   
   
   
   
   
   


 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


JLD015_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བར་འགྱུར་ཏེ་ཉེ་བ་ན་གནས་པ་བཞིན་ནོ། །འདིས་ནི་ཡེ་ཤེས་ཀྱིས་མ་རིག་པ་འཇོམས་པ་སོགས་ཀྱང་བསྒྲུབ་བྱ་དང་མཚུངས་པར་ཤེས་པར་བྱའོ། །འདི་ནི་རང་མཚན་གྱིས་གྲུབ་ན་བསལ་བྱ་དང་སེལ་བྱེད་ངེས་པ་ཅན་མི་རུང་བས་གཅིག་སེལ་ན་ཀུན་སེལ་ལ་ཀུན་མི་སེལ་ན་གཅིག་ཀྱང་མི་སེལ་བའི་རིགས་པ་སྟེ། རང་མཚན་གྱིས་གྲུབ་པའི་སྐྱེ་བ་འདོད་ན་ཐམས་ཅད་ལས་སྐྱེ་བར་འཕེན་པ་དང་འདྲའོ། །ཅི་སྟེ་མ་ཕྲད་ཀྱང་ཁབ་ལེན་ལ་སོགས་པས་རུང་བའི་ཡུལ་ན་གནས་པ་ཁོ་ན་འདྲེན་པ་ལ་སོགས་པ་བྱེད་པས་སྐྱོན་དེ་མེད་དོ་ཞེ་ན། མ་ཕྲད་ན་ཡུལ་རུང་བ་ན་གནས་མི་གནས་ཉིད་ཀྱང་མི་འགྲུབ་པས་སྔ་མ་དང་འདྲའོ། །གལ་ཏེ་འཇིག་རྟེན་ན་མ་ཕྲད་ཀྱང་སེལ་མི་སེལ་དང་འདྲེན་མི་འདྲེན་སོགས་ཀྱི་ཁྱད་པར་མཐོང་ངོ་ཞེ་ན། ཁྱོད་ཀྱིས་ཕྲད་མ་ཕྲད་ལ་སོགས་པའི་དཔྱད་པ་བཅུག་ནས་མར་མེ་ལ་སོགས་པ་ལ་སྣང་བར་བྱེད་པ་ལ་སོགས་པ་འདོད་པ་ལྟར་འཇིག་རྟེན་ན་མ་མཐོང་སྟེ། འཇིག་རྟེན་ནི་དེ་འདྲའི་དཔྱད་པ་མི་འཇུག་པར་མར་མེས་མུན་པ་སེལ་བ་དང་མིག་གིས་གཟུགས་མཐོང་བ་སོགས་འདོད་པའི་ཕྱིར་རོ། །ཡང་ན་འཇིག་རྟེན་གྱིས་དེ་ལྟར་མཐོང་དུ་ཆུག་ཀྱང་དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་ལ་འཇིག་རྟེན་ཚད་མ་མ་ཡིན་པའི་ཕྱིར་དེས་མི་གནོད་དོ་ཞེས་བཤད་དོ། །ལན་དེ་དག་གིས་ནི་མར་མེས་མུན་པ་སེལ་བ་དང་མིག་གིས་གཟུགས་མཐོང་བ་སོགས་རིགས་པས་དཔྱད་བཟོད་དུ་འདོད་པ་བཀག་ལ་དེ་ཡང་འཇིག་རྟེན་པས་མི་འདོད་པས་འཇིག་རྟེན་གྱི་མཐོང་བ་དང་མི་འགལ་བ་དང༌། ཡང་དེ་རྣམས་བཀག་པ་ནི་དེ་ཁོ་ན་ཉིད་


JLD015_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲུབ་པ་བཀག་པ་ཡིན་ལ་འཇིག་རྟེན་གྱི་མཐོང་བ་དེ་ལ་ཚད་མ་མིན་པས་དེས་མཐོང་དུ་ཆུག་ཀྱང་མི་གནོད་ཅེས་བསྟན་པས། མར་མེས་མུན་པ་སེལ་བ་དང་ཁབ་ལེན་གྱིས་ལྕགས་འདྲེན་པ་སོགས་དོན་དམ་པར་གྲུབ་ན་མ་ཕྲད་པར་མཚུངས་པ་ལ་སེལ་མི་སེལ་ལ་སོགས་པའི་ཁྱད་པར་མེད་པར་འཕེན་གྱི་སྤྱིར་དེ་ལྟར་འཕེན་པ་མིན་ནོ། །དེ་ལྟར་ན་འཇིག་རྟེན་པའི་ཐ་སྙད་ཀུན་རྫོབ་ཏུ་ཁས་ལེན་པ་ལ་ཡིན་ཚུལ་དཔྱོད་པའི་རིགས་པས་དཔྱོད་པར་མི་རིགས་ཀྱང་དེ་ཁོ་ནར་གྲུབ་མ་གྲུབ་དཔྱོད་པ་ན་རིགས་པའི་དཔྱོད་པ་གཞུག་དགོས་ཏེ་དེ་མ་བྱས་ན་རིགས་པ་དང་བྲལ་བའི་ཕྱོགས་དོན་དམ་པར་ཁས་ལེན་པའི་ཕྱིར་རོ། །དཔྱོད་ཚུལ་ཡང་འཇིག་རྟེན་གྱིས་ཁྱོད་ཀྱིས་ཆེ་གེ་མོ་མཐོང་ངམ་མ་མཐོང་ཁབ་ལེན་གྱིས་ལྕགས་དེ་དྲངས་སམ་མ་དྲངས་ཞེས་པ་ལྟ་བུ། མཐོང་བྱ་མཐོང་བྱེད་ལ་སོགས་པ་དོན་ལ་ཇི་ལྟར་ཡོད་དཔྱོད་པ་མིན་བར་དོན་ལ་མ་བརྟག་པའི་དཔྱོད་པ་ལ་མི་ཟེར་གྱི་ཆོས་རྣམས་དོན་གྱི་ངོ་བོས་ཡོད་མེད་སོགས་དཔྱོད་པའོ། །གཉིས་པ་ལ་གསུམ། དངོས་ཀྱི་དོན་བསྟན་པ། སྔར་བཤད་པ་རྣམས་ཀྱི་ཤེས་བྱེད་དགོད་པ། ཤེས་བྱེད་ཀྱི་མདོའི་དོན་བཤད་པའོ། །དང་པོ་ན། གལ་ཏེ་སྣང་བའི་བདག་ཉིད་ཡིན་པས་མར་མེས་རང་བཞིན་གྱི་དངོས་པོ་གཉིས་སྣང་བར་བྱེད་པར་འགྱུར་ན་སྒྲིབ་པའི་བདག་ཉིད་ཡིན་པའི་ཕྱིར་མུན་པའང་རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྒྲིབ་པར་བྱེད་པར་འགྱུར་བར་ཐེ་ཚོམ་མེད་དོ། །མུན་པས་


JLD015_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་བསྒྲིབས་ན་ནི་མུན་པ་དེ་ཉིད་མཐོང་བར་མི་འགྱུར་ཏེ་བུམ་པ་བཞིན་ནོ། །དེ་ལྟར་ན་མུན་པས་རང་སྒྲིབ་པ་དང་མར་མེས་རང་གསལ་བར་བྱེད་པ་ནི་བདེན་པ་གཉིས་ཀར་མེད་ལ། མུན་པས་གཞན་སྒྲིབ་པ་དང་མར་མེས་གཞན་གསལ་བར་བྱེད་པ་ནི་ཐ་སྙད་དུ་ཡོད་ཀྱི་དོན་དམ་པར་མེད་དོ། །གཉིས་པ་ནི། དེའི་ཕྱིར་ཉེ་བར་འཁོར་གྱིས་ཞུས་པ་ལས། ཤིན་ཏུ་དགའ་བའི་བསྟན་པ་འདི་ལ་ནི། །ཁྱིམ་པའི་རྟགས་སྤངས་རབ་ཏུ་བྱུང་གྱིས་ལ། །འབྲས་བུ་ཡོད་པའི་མཆོག་ཏུ་འགྱུར་གྱིས་ཞེས། །ཐུགས་རྗེ་ཅན་གྱིས་དེ་སྐད་བསྟན་བའང་མཛད། །ཁྱིམ་པའི་རྟགས་སྤངས་རབ་ཏུ་བྱུང་གྱུར་ནས། །འབྲས་བུ་ཐམས་ཅད་ཐོབ་བར་གྱུར་ཀྱང་ནི། །ཆོས་ཀྱི་རང་བཞིན་དག་ལ་གཞལ་བྱས་ན། །འབྲས་བུ་ཀུན་མེད་འབྲས་བུ་ཐོབ་པའང་མེད། །འོན་ཀྱང་འབྲས་བུ་ཐོབ་པ་ཐོབ་འགྱུར་བ། །ཀྱེ་མ་མི་མཆོག་ཐུགས་རྗེ་ལྡན་པ་ཡི། །རྒྱལ་བས་རིགས་པ་ཤིན་ཏུ་ལེགས་བཤད་ཅེས། །དེ་དག་ངོ་མཚར་ཆེ་བ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །འདིས་རང་བཞིན་ལ་དཔྱད་ན་ཐོབ་བྱའི་འབྲས་བུ་དང་ཐོབ་བྱེད་ཀྱི་གང་ཟག་དང་དེས་དེ་ཐོབ་པ་མེད་ཀྱང་འབྲས་བུ་ཐོབ་པ་ཡོད་པ་ནི་ཤིན་ཏུ་ངོ་མཚར་རོ་སྙམ་ནས། རྒྱལ་བ་ལ་གུས་པ་ཆེན་པོ་སྐྱེ་བར་གསུངས་ལ། འབྲས་བུ་ཐོབ་པ་ནི་ཕྲད་པའི་དོན་ཡང་ཡིན་པས་ཕྲད་པ་རང་གི་ངོ་བོས་མེད་པ་དང་དེ་ཉིད་ལ་ཕྲད་ཐོབ་འཇོག་པའི་ཁུངས་སོ། །དཀོན་མཆོག་བརྩེགས་པ་ལས་ཀྱང༌། དཔེར་ན་ཁྱིམ་དུ་མི་འགའ་ལ་ལ་ཡིས། །ཡུན་རིང་ལོན་ནས་མར་མེ་བུས་བྱས་ན། །དེ་ལ་མུན་པ་བདག་གནས་རིང་ལོན་གྱིས། །དེ་ནས་མི་འགྲོ་སྙམ་དུ་སེམས་པ་མེད། །མར་མེ་བྱུང་ན་མུན་པ་མུན་ནག་ལ། །མེད་པར་མི་འགྱུར་བ་ཡི་ནུས་པ་མེད། །མར་མེ་བརྟེན་ནས་


JLD015_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པ་མེད་པར་འགྱུར། །གཉིས་ཀར་སྟོང་ལ་རློམ་སེམས་ཅི་ཡང་མེད། །ཅེས་སྣང་མུན་གཉིས་ཀ་རང་བཞིན་གྱིས་སྟོང་པ་དང་དེ་ལ་བསལ་བྱ་སེལ་བྱེད་འཐད་པའི་ཚུལ་དཔེར་བརྗོད་ནས་དོན་ལ་སྦྱར་བ་ནི། དེ་བཞིན་ཟག་མེད་འཕགས་པའི་ཡེ་ཤེས་བརྟེན། །མི་ཤེས་ཉོན་མོངས་བསགས་པ་མེད་པར་འགྱུར། །ཡེ་ཤེས་དང་ནི་ཉོན་མོངས་བརྟག་པར་ཡང༌། །དེ་དག་ལན་འགའ་ཙམ་ཡང་འགྲོགས་པ་མེད། །ཡེ་ཤེས་མི་ཤེས་མི་བྱ་མི་སེམས་ཀྱང༌། །ཡེ་ཤེས་བརྟེན་ནས་མི་ཤེས་མེད་པར་འགྱུར། །གཉིས་ཀ་གཟུང་མེད་ནམ་མཁའི་མེ་ཏོག་བཞིན། །དེ་བཞིན་ཡེ་ཤེས་མི་ཤེས་གཉིས་ཀ་སྟོང༌། །ཞེས་གསུངས་སོ། །དེ་ལ་མར་མེས་མུན་པ་སེལ་བ་རང་བཞིན་གྱིས་སྟོང་པའི་ཁུངས་ལ་དཔེའི་སྐབས་རྣམས་དྲངས་པས་ཆོག་མོད་ཀྱང་དོན་གྱི་སྐབས་རྣམས་དྲངས་པ་ནི། གཉེན་པོས་སྤང་བྱ་སྤོང་ཚུལ་མར་མེས་མུན་པ་སེལ་བ་བཞིན་དུ་རྟོགས་པར་བྱ་བའི་དོན་དུའོ། །གསུམ་པ་ནི། གལ་ཏེ་གཉེན་པོ་ཡེ་ཤེས་ཀྱིས་སྤང་བྱ་སྤོང་བ་མར་མེས་མུན་པ་སེལ་བ་དང་འདྲ་ན་དེའི་ཚུལ་ཇི་ལྟར་ཡིན་སྙམ་ན། ཡུལ་གཅིག་ན་སྣང་བ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་སྐྱེ་བཞིན་པ་དང༌། མུན་པ་འགག་པ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ་པས་སྣང་བ་སྐྱེས་པ་དང་མུན་པ་འགགས་པ་གཉིས་ཀྱང་དུས་མཉམ་མོ། །དེ་ལྟར་ན་ཡུལ་དེ་ན་མར་མེའི་དུས་ན་དེའི་བསལ་བྱའི་མུན་པ་མེད་ཀྱང་མར་མེ་མུན་པའི་སེལ་བྱེད་དུ་མི་འགལ་ཏེ། སྐད་ཅིག་མ་སྔ་མའི་དུས་ན་ཕྱི་མ་མེད་ཀྱང་སྔ་མ་ཕྱི་མའི་སྐྱེད་བྱེད་ཡིན་པ་མི་འགལ་བ་བཞིན་ནོ། །དེ་བཞིན་དུ་རྒྱུད་གཅིག་ལ་གཉེན་པོ་ཟག་མེད་ཀྱི་ཡེ་ཤེས་དང་དེའི་སྤང་བྱ་གཉིས་དུས་གཅིག་


JLD015_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པ་ནི། དེ་དག་ལན་འགའ་ཙམ་ཡང་འགྲོགས་པ་མེད། ཅེས་གསུངས་པས་བསྟན་ཏོ། །དེ་ལྟ་ནའང་གཉེན་པོ་དེས་སྤང་བྱ་སྤོང་བ་མི་འགལ་བ་ནི་ཡེ་ཤེས་བརྟེན་ནས་མི་ཤེས་མེད་པར་འགྱུར། ཞེས་པའི་དོན་ཏོ། །དེའི་ཕྱིར་མཐོང་ལམ་གྱི་བར་ཆད་མེད་ལམ་དང་དེའི་སྤང་བྱ་མཐོང་སྤང་གཉིས་རྒྱུད་གཅིག་ལ་དུས་གཅིག་ཏུ་མེད་ཀྱང་ལམ་དེ་སྤང་བྱ་དེ་སྤོང་བཞིན་པ་ཡིན་ལ། སྒོམ་ལམ་བར་ཆད་མེད་ལམ་གྱིས་རང་གི་སྤང་བྱའི་སྒོམ་སྤང་སྤོང་བ་ཡང་དེ་དང་འདྲའོ། །གལ་ཏེ་གཉེན་པོ་ཟག་མེད་ཀྱི་བར་ཆད་མེད་ལམ་སྐྱེས་པ་ན་དེའི་ངོ་སྐལ་གྱི་སྤང་བྱ་མེད་ན་ཡེ་ཤེས་ལ་བརྟེན་ནས་མི་ཤེས་པ་མེད་པར་འགྱུར་བར་གསུངས་པ་མི་འཐད་དེ། ཡེ་ཤེས་ཀྱི་དུས་ན་སྤང་བྱ་དེ་མེད་པར་སོང་ཟིན་པའི་ཕྱིར་རོ་ཞེ་ན། འདིར་སྤང་གཉེན་སྣང་མུན་དང་འདྲ་བར་གསུངས་པས་ཐད་ཀ་ཐད་ཀའི་གཉེན་པོ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་དེ་དང་དེའི་སྤང་བྱ་འགག་པ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ་པས་གཉེན་པོ་སྐྱེས་པ་དང་སྤང་བྱ་འགགས་པ་ཡང་དུས་མཉམ་མོ། །དེ་ལྟར་ཡིན་ཀྱང་བར་ཆད་མེད་ལམ་གྱི་དུས་སུ་ནི་སྤང་བྱ་དེ་སྤངས་པ་མིན་གྱི་རྣམ་གྲོལ་ལམ་གྱི་ཚེ་སྤངས་པ་ཡིན་ནོ། །དེའི་ཕྱིར་གཉེན་པོ་ལ་བརྟེན་ནས་སྤང་བྱ་མེད་པར་འགྱུར་བར་གསུངས་པ་ཡང་འཐད་དེ་གཉེན་པོ་བར་ཆད་མེད་ལམ་ལ་བརྟེན་ནས་དེའི་སྤང་བྱ་སྤངས་པའི་རྣམ་གྲོལ་ལམ་སྐྱེ་བའི་ཕྱིར་རོ། །དེ་ལྟ་མིན་པར་ལམ་གྱི་དུས་དེར་སྤང་བྱ་དེ་མེད་པ་ཙམ་ལ་སྤངས་པར་འཇོག་ན་སྦྱོར་ལམ་མངོན་དུ་གྱུར་བའི་ཚེ་མཐོང་སྤང་དང་མཐོང་


JLD015_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མངོན་དུ་གྱུར་པའི་ཚེ་སྒོམ་སྤང་མངོན་གྱུར་དུ་ཡོད་པ་འགལ་བས་དེ་རྣམས་སྤངས་པར་འགྱུར་རོ། །དེ་ལྟར་བྱས་ན་ཐེག་ཆེན་གྱི་སྒོམ་ལམ་ཐ་མའི་ཚེ་སྒོམ་སྤང་གི་བག་ཆགས་ཆུང་ངུའི་ཆུང་ངུ་མེད་མོད་ཀྱང༌། སྤངས་པ་ནི་སྤང་བྱ་དེ་ལ་ལྟོས་པའི་རྣམ་གྲོལ་ལམ་ཀུན་མཁྱེན་གྱི་ཡེ་ཤེས་སྐད་ཅིག་དང་པོའི་དུས་སུ་ཡིན་ནོ། །གནས་ངན་ལེན་གྱི་བག་ཆགས་ཕྲ་མོ་སངས་རྒྱས་ཀྱི་ས་ཁོ་ན་ལ་ལྡོག་གི་སྔ་རོལ་དུ་མི་ལྡོག་པར་གསུངས་པ་ཡང་སྤངས་པ་ལ་དགོངས་སོ། །ཤེས་རྒྱུད་གང་ལ་མཐོང་སྤང་དང་སྒོམ་སྤང་གི་རིགས་འདྲ་ཕྱི་མ་གཏན་ནས་སྐྱེར་མི་རུང་དུ་སོང་བ་ནི་དེ་དག་སྤངས་པའི་དོན་ཡིན་ལ། དེ་ལ་ནི་སྤང་བྱའི་ས་བོན་གྱི་གཉེན་པོ་སྔོན་དུ་འགྲོ་དགོས་ཏེ། སྔར་ལྟར་སྤངས་པའི་རྣམ་གྲོལ་ལམ་ནི་གཉེན་པོ་དེས་བྱ་དགོས་པའི་ཕྱིར་རོ། །སྤང་གཉེན་ཡང་ལྷན་ཅིག་མི་གནས་འགལ་ཡིན་ལ། ལྷན་ཅིག་མི་གནས་པའི་ཚུལ་ཡང་ཚ་གྲང་ལྟར་རྒྱུན་འགྲོགས་སུ་མི་རུང་བའི་སྒོ་ནས་མིན་གྱི། སྣང་མུན་ལྟར་དུས་ཀྱི་སྒོ་ནས་ལྷན་ཅིག་མི་གནས་པ་ཡིན་པའི་ཕྱིར་གཉེན་པོ་ཟག་མེད་ཀྱི་བར་ཆད་མེད་ལམ་དང་དེའི་སྤང་བྱ་གཉིས་རྒྱུད་གཅིག་ལ་དུས་གཅིག་ཏུ་མི་འཇུག་གོ །འོ་ན་མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་དེའི་སྤང་བྱ་མཐོང་སྤང་མེད་མོད་ཀྱང་སྒོམ་སྤང་གི་བག་ལ་ཉལ་ཡོད་དགོས་ལ། དེའི་ཚེ་ཡིད་ཀྱི་ཤེས་པ་ནི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱིས་མ་བསླད་པའི་ཟག་མེད་ཡིན་པས་དེའི་ངོ་བོར་བག་ལ་ཉལ་དེ་གནས་པ་མི་རིགས་ལ། དབང་ཤེས་ཀྱང་དེའི་རྟེན་དུ་མེད་ཅིང་གཟུགས་ཀྱང་དེའི་རྟེན་དུ་མི་རིགས་


JLD015_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཀུན་གཞི་ཡང་མི་འདོད་པས་དེའི་རྟེན་མེད་བར་འགྱུར་རོ་སྙམ་ན། སྐྱོན་མེད་དེ་དཔེར་ན་ཀུན་གཞི་ཁས་ལེན་པའི་ལུགས་ལ་ངར་འཛིན་པའི་རྣམ་པ་ཅན་གྱི་ཉོན་ཡིད་ཀྱིས་གང་ལ་དམིགས་བའི་གཞི་ཉོན་མོངས་པའི་བག་ཆགས་ཀྱི་གནས་ཡིན་པ་བཞིན་དུ་ཀུན་གཞི་ཁས་མི་ལན་པ་ཐལ་འགྱུར་བའི་ལུགས་ལ་ཡང་བདག་གི་ཐ་སྙད་གང་ལ་འཇུག་པའི་གཞི་ཙམ་ཞིག་དེའི་ཚེ་སྒོམ་སྤང་གི་བག་ལ་ཉལ་གྱི་རྟེན་ཡིན་ལ། དེ་ཡང་ཤེས་པའི་རྒྱུད་ལ་བཏགས་པའི་ང་ཙམ་མམ་གང་ཟག་ཙམ་མོ། །འོ་ན་འཇུག་འགྲེལ་ལས། གང་གིས་སེམས་ཀྱི་རྒྱུད་འབག་པར་བྱེད་ཅིང་བསྒོ་བར་བྱེད་ལ་རྗེས་སུ་བགྲོད་པར་བྱེད་པ་དེ་ནི་བག་ཆགས་ཏེ། ཞེས་བག་ཆགས་གང་ལ་བསྒོས་པའི་གཞི་སེམས་རྒྱུད་ལ་བཤད་ལ། གང་ཟག་ནི་སེམས་ཀྱི་རྒྱུན་མིན་པས་བག་ཆགས་བསྒོས་པའི་གཞིར་མི་འཐད་དེ་སྙམ་ན། སྐྱོན་མེད་དེ་གང་ཟག་དེའི་སེམས་ཀྱིས་གཟུགས་མཐོང་པས་གང་ཟག་དེ་མཐོང་བ་པོར་འཇོག་པ་མི་འགལ་བ་ལྟར། དེའི་ཤེས་རྒྱུན་བག་ཆགས་བསྒོ་བའི་གཞི་ཡིན་པ་དང་དེ་ལ་བཏགས་པའི་གང་ཟག་བག་ཆགས་ཀྱི་གཞིར་འཇག་པ་མི་འགལ་བའི་ཕྱིར་རོ། །ཚུལ་དེས་མཐོང་སྤང་གི་བག་ལ་ཉལ་གནས་བའི་རྟེན་ལ་སོགས་པའང་ཤེས་པར་བྱའོ། །སྔར་གྱི་ཕྱོགས་སྔ་དེ་ཀུན་གཞི་སྒྲུབ་པའི་རིགས་པ་གཅིག་ཏུ་བཤད་དེ་དེའི་ལན་འདེབས་ལུགས་ཀྱིས་གཞན་ཡང་དཔག་པར་བྱའོ། །གཉིས་པ་ནི། གཞན་ཡང་སྐྱེ་བ་འདིས་རང་ཉིད་སྐྱེད་པར་བྱེད་ན་དེ་མ་སྐྱེས་པའམ་སྐྱེས་པ་


JLD015_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གིས་སྐྱེད་གྲང༌། དེ་ལ་དང་པོ་ལྟར་ན་སྐྱེ་བ་འདི་ནི་མི་སྐྱེས་པས་ཇི་ལྟར་ན་རང་གི་བདག་ཉིད་སྐྱེད་པར་བྱེད་དེ་མི་བྱེད་དེ་གཞན་དུ་ན་ནམ་མཁའི་མེ་ཏོག་གིས་ཀྱང་རང་སྐྱེད་པར་འགྱུར་རོ། །ཅི་སྟེ་སྐྱེས་པས་རང་ཉིད་སྐྱེད་པར་བྱེད་ན་སྐྱེས་ཟིན་ན་སླར་ཅི་ཞིག་བསྐྱེད་དུ་ཡོད་དེ་མེད་པའི་ཕྱིར་སྐྱེ་བས་བདག་ཉིད་སྐྱེད་པ་མ་ཡིན་ནོ། །རང་གིས་རང་མི་སྐྱེད་ན་མཚན་ཉིད་གཞན་དགོས་ལ་དེ་ལྟ་ན་ཐུག་མོད་སྤོང་མ་ནུས་ཤིང༌། རང་གིས་ཀྱང་མི་སྐྱེད་ཅིང་གཞན་གྱིས་ཀྱང་མི་སྐྱེད་བར་སྨྲ་ན་ནི་འདུས་མ་བྱས་ཡིན་པས། མེད་ན་དེ་དག་འདུས་མ་བྱས་ཞེས་པ་སོ་ན་གནས་པར་ཤེས་རབ་སྒྲོན་མ་འགྲེལ་བཤད་དང་བཅས་པ་ལས་བཤད་པ་བཞིན་འཐད་པས་མཚན་ཉིད་གསུམ་ཐུན་མོང་དུ་དགག་པ་འདི་ནས་རྫོགས་པར་བྱའོ། །སྐྱེས་དང་མ་སྐྱེས་ཞེས་པ་ནས་སོ་སོར་འགོག་པའི་མགོ་ཟུག་པ་ཡིན་ཏེ་གཞན་གཉིས་ཀྱི་སོ་སོར་འགོག་པའི་མགོ་འཛུགས་མཚམས་ཀྱིས་ཤེས་སོ། །དེས་ན་འདི་ཡན་ཆད་དུ་མཚན་ཉིད་གཞན་ཡོད་མེད་གཉིས་ལ་སྐྱོན་བརྗོད་པའི་སྐྱོན་སྤོང་འགོག་པའི་སྐབས་སུ་སྐྱེ་བ་གཅིག་པུ་ལས་མ་སྨོས་ཀྱང་དེས་གཞན་གཉིས་ཀྱི་སྐྱོན་སྤོང་འགོག་པ་ཡང་གོ་བར་བྱའོ། །གཉིས་པ་ལ་གསུམ། སྐྱེ་བ་རང་བཞིན་གྱིས་གྲུབ་པ་དགག །གནས་པ་རང་བཞིན་གྱིས་གྲུབ་པ་དགག །འཇིག་པ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ་གསུམ། བསྐྱེད་བྱ་ལ་དུས་གསུམ་དུ་དཔྱད་ནས་དགག །ཡོད་མེད་གསུམ་དུ་དཔྱད་ནས་དགག །འགག་བཞིན་པ་ཡིན་མིན་གཉིས་སུ་དཔྱད་ནས་དགག་པའོ། །དང་པོ་ལ་གསུམ། ཐུན་མོང་དང་བྱེ་བྲག་ཏུ་སྐྱེ་བ་དགག །བཀག་པ་ལ་


JLD015_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པ་སྤང༌། སྐྱེ་བཞིན་པ་ཁས་བླངས་ནས་ཀྱང་དགག་པའོ། །དང་པོ་ལ་གཉིས། དུས་གསུམ་གྱི་སྐྱེ་བ་ཐུན་མོང་དུ་དགག །སྐྱེ་བཞིན་པ་ལ་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། སྐྱེ་བས་རང་ལས་གཞན་པ་ཡང་མི་སྐྱེད་དོ། །དེའི་རྒྱུ་མཚན་ནི་སྐྱེས་པ་སྟེ་སྐྱེ་བའི་བྱ་བ་འགགས་པ་དང༌། མ་སྐྱེས་པ་སྟེ་སྐྱེ་བའི་བྱ་བ་མ་བརྩམས་པ་དང༌། སྐྱེ་བཞིན་པ་གསུམ་ཇི་ལྟ་བུར་ཡང་མི་སྐྱེད་བ་དེ་ནི་རབ་བྱེད་གཉིས་པར་སོང་བ་དང་མ་སོང་བ་དང་བགོམ་བཞིན་པ་ལ་འགྲོ་བ་བཀག་པས་རྣམ་པར་བཤད་པ་ཡིན་ནོ། །འདི་ལྟར་སོང་བ་འདས་པ་ལ་འགྲོ་བའི་བྱ་བ་མེད་དེ་འདས་ད་ལྟར་གཉིས་འགལ་བའི་ཕྱིར་རོ་ཞེས་པ་བཞིན་དུ་སྐྱེས་ནས་འགགས་པ་ལ་ཡང་སྐྱེ་བའི་བྱ་བ་མེད་དེ་འདས་ད་ལྟར་གཉིས་འགལ་བའི་ཕྱིར་རོ། །མ་སོང་བ་མ་འོངས་པ་ལ་འགྲོ་བའི་བྱ་བ་མེད་དེ་མ་འོངས་པ་དང་ད་ལྟར་བ་གཉིས་འགལ་བའི་ཕྱིར་རོ་ཞེས་པ་བཞིན་དུ། སྐྱེ་བའི་བྱ་བ་མ་བརྩམས་པའི་མ་སྐྱེས་པ་ལ་ཡང་སྐྱེ་བའི་བྱ་བ་མེད་དེ་མ་འོངས་པ་དང་ད་ལྟར་བ་གཉིས་འགལ་བའི་ཕྱིར་རོ། །བགོམ་པ་ལ་ཡང་འགྲོ་བའི་བྱ་བ་མེད་དེ་སོང་མ་སོང་མ་གཏོགས་པར་བགོམ་པ་མི་དམིགས་པའི་ཕྱིར་རོ་ཞེས་པ་བཞིན་དུ། སྐྱེ་བཞིན་པའི་དངོས་པོ་ལ་ཡང་སྐྱེ་བ་མེད་དེ་སྐྱེས་པ་དང་མ་སྐྱེས་པ་ལས་མ་གཏོགས་པའི་སྐྱེ་བཞིན་པ་མེད་པའི་ཕྱིར་རོ། །འདི་ནི་སྔར་བགོམ་པ་ལ་བཤད་པ་ལྟར་སྤྱིར་སྐྱེས་མ་སྐྱེས་དངོས་འགལ་ཡིན་ཡང་དེ་རྒྱུ་མཚན་དུ་བྱས་ནས་འགོག་པ་མིན་ཏེ་བརྟག་པ་གཉིས་བྱས་པའི་སྐྱེས་མ་སྐྱེས་དང༌། འདིའི་སྐྱེས་མ་སྐྱེས་གཉིས་དོན་གཅིག་དགོས་ལ་དེ་གཉིས་ནི་འགྲོལ་པར་སྐྱེས་ནས་


JLD015_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ་དང་མ་འོངས་པ་ལ་བཤད་པའི་ཕྱིར་རོ། །དེས་ན་སྐྱེས་ནས་འགགས་པ་དང་སྐྱེ་བའི་བྱ་བ་མ་བརྩམས་པ་གཉིས་གང་ཡང་མིན་པའི་སྐྱེ་བ་ད་ལྟར་བ་ཐ་སྙད་དུ་ཡོད་པས་དུས་སྔ་ཕྱི་གཉིས་ལས་མ་གཏོགས་པའི་སྐྱེ་བཞིན་པ་རང་གི་ངོ་བོ་ཉིད་ཀྱིས་མེད་པའི་དོན་ནོ། །དེ་གཉིས་གང་ཡང་མིན་པའི་སྐྱེ་བཞིན་པའི་དངོས་པོ་ལ་སྐྱེ་བའི་བྱ་བ་འདོད་ན་ཡང་བགོམ་བཞིན་པ་ལ་འགྲོ་བའི་བྱ་བ་ཡོད་པ་འགོག་པའི་རིགས་པ་རྣམས་འདོན་པ་བསྒྱུར་ལ་དགག་གོ །དེ་ཡང་དཔེར་ན་སྐྱེ་བཞིན་པའི་མྱུ་གུ་སྐྱེ་འོ་ཞེས་པ་ལ་སྐྱེ་བའི་བྱ་བ་གང་དང་ལྡན་པས་སྐྱེ་བཞིན་པར་འགྱུར་བ་དང༌། སྐྱེ་བའི་བྱ་བ་གང་དང་ལྡན་པས་སྐྱེད་བྱེད་དུ་བརྗོད་བ་སྟེ་གཞི་གཉིས་ལ་སྐྱེ་བའི་བྱ་བ་བརྟེན་ནོ། །བྱ་བ་ཡང་གཅིག་ལས་མེད་ལ་བྱ་བ་གཅིག་གཞི་སོ་སོ་བ་གཉིས་ལ་བརྟེན་པ་ནི་རང་གི་ངོ་བོས་གྲུབ་པ་ལ་མི་འཐད་པས། ལས་ཚིག་དང་བྱེད་ཚིག་གཉིས་གཅིག་དོན་དང་བཅས་ན་ཅིག་ཤོས་དོན་གྱིས་སྟོང་པར་འགྱུར་རོ། །གཉིས་ཀ་དོན་དང་བཅས་པར་འདོད་ན་སྐྱེ་བའི་བྱ་བ་གཉིས་ཡོད་པས་བྱེད་པ་པོ་མྱུ་གུ་ཡང་གཉིས་སུ་འགྱུར་རོ། །གཞུང་འདི་སློབ་དཔོན་གཉིས་ཀས་སྐྱེ་བས་རང་ལས་གཞན་པ་སྐྱེད་པ་འགོག་པ་ལ་སྦྱར་ལ་སྔར་མར་མེའི་དཔེས་རང་གཞན་གཉིས་ཀ་སྐྱེད་པའི་དོན་འགོག་པ་ཡིན་མོད་ཀྱང་ཐུན་མོང་དུ་འགོག་པ་ལ་སྦྱར་དུ་མི་རུང་ངོ་། །གཉིས་པ་ནི། གལ་ཏེ་སྐྱེ་བཞིན་པ་ཁོ་ན་སྐྱེའི་སྐྱེས་པ་དང་མ་སྐྱེས་པ་ནི་མ་ཡིན་ནོ། །སྐྱེས་མ་སྐྱེས་ལས་མ་གཏོགས་པའི་སྐྱེ་བཞིན་པ་མེད་པ་ཡང་མིན་ཏེ། སྐྱེ་བའི་བྱ་བ་དང་ལྡན་པ་ལ་སྐྱེ་བཞིན་པར་བརྗོད་ལ་སྐྱེ་བ་ཡང་ཡོད་དོ། །དེ་ལྟ་ན་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པ་འགྲུབ་པས་སྐྱེ་བཞིན་


JLD015_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁོ་ན་སྐྱེ་ཞིང་དེ་ཡང་སྐྱེ་བས་སྐྱེད་དོ་ཞེ་ན། གང་གི་ཚེ་སྐྱེ་བ་ཡོད་པ་ན་སྟེ་སྐྱེ་བའི་བྱ་བ་ལ་བརྟེན་ནས་སྐྱེ་བཞིན་པ་ངོ་བོ་ཉིད་ཀྱིས་ཡོད་པ་འགྲུབ་ལ་སྐྱེ་བཞིན་པ་འདི་ཡང་འབྱུང་བ་སྟེ་སྐྱེ་བ་ཡིན་ནོ་ཞེས་སྨྲས་པ་དེ་ནི། མྱུ་གུ་ལ་སོགས་པ་འདིའི་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པའི་མྱུ་གུ་ལ་སོགས་པ་དེ་འདི་ཡིན་ནོ་ཞེས་སྐྱེ་བཞིན་པའི་གནས་སྐབས་སུ་ངེས་པར་གཟུང་ནུས་དགོས་ན། མི་ནུས་ཏེ་དེའི་ཚེ་དེ་དག་མ་སྐྱེས་པས་དེའི་མཚན་མ་མི་ཟིན་པའི་ཕྱིར་རོ། །དེས་ན་གནས་སྐབས་དེར་སྐྱེ་བཞིན་པའི་མྱུ་གུ་ལ་སོགས་པ་མེད་པའི་ཕྱིར་དེ་དག་སྐྱེ་བའི་བྱ་བ་ཡང་ངོ་བོ་ཉིད་ཀྱིས་མེད་པ་དེའི་ཚེ། ཇི་ལྟར་ན་སྐྱེ་བའི་བྱ་བ་ལ་བརྟེན་ནས་ནི་མྱུ་གུ་ལ་སོགས་པ་སྐྱེ་བཞིན་པ་རང་བཞིན་གྱིས་ཡོད་དོ་ཞེས་ནི་བརྗོད་པར་བྱ་སྟེ་བརྗོད་མི་རིགས་སོ། །གཉིས་པ་ལ་གཉིས། དུས་གསུམ་པའི་སྐྱེ་བ་བཀག་པ་ལ་རྩོད་པ་སྤང་བ་དང༌། སྐྱེ་བཞིན་པ་ལ་སྐྱེ་བ་བཀག་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། རང་གི་སྡེ་པ་དག་ཀྱི་ཧུད་བདག་ནི་རྒྱལ་བའི་གསུང་རབ་འཆད་པའི་ཟོལ་གྱིས་རང་ཉིད་གཞན་ཕྱོགས་སུན་འབྱིན་པ་ཙམ་ལ་མཁས་པར་སྟོན་ཞིང༌། སྟོན་པས་གསུངས་པའི་དོན་དམ་པའི་བདེན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་འཇིག་པར་བྱེད་པ་ཁྱོད་ལ་ཤིན་ཏུ་འཇིགས་ཏེ། དེ་བཞིན་གཤེགས་པས་ནི་འདི་ཡོད་པས་འདི་འབྱུང་ཞེས་སོགས་ཀྱིས་རང་བཞིན་དང་དབང་ཕྱུག་ལ་སོགས་པ་བྱེད་པ་པོར་སྨྲ་བ་བསལ་ནས་དངོས་པོའི་དེ་ཁོ་ན་ཉིད་སྟོན་པར་མཛད་དོ། །ཁྱེད་ཀྱིས་ནི་སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་མི་སྐྱེད་པ། ཞེས་སོགས་ཀྱིས་དེ་སུན་འབྱིན་པར་བྱེད་པ་ན་རྒྱལ་བ་རྣམས་བསྐྲུན་པའི་ཡུམ་རྟེན་འབྲེལ་བསད་པ་ཡིན་


JLD015_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེའི་ཕྱིར་ན་དེ་མེད་པར་སྨྲ་བ་པོ་ཁྱོད་དང་བརྩད་པས་ད་ཆོག་གོ་ཞེས་ཟེར་རོ། །འདིས་ནི་སྔར་བཤད་པའི་རིགས་པ་རྣམས་ཀྱིས་རྟེན་འབྲེལ་ལ་བསྐྱེད་བྱ་དང་སྐྱེད་བྱེད་འཇོག་པའི་རྒྱུ་འབྲས་བཀག་པར་གོ་ནས་རྩོད་པ་ཡིན་ནོ། །བརྗེད་པར་བྱ་སྟེ། བདག་ནི་རྒྱལ་བའི་ཡུམ་རྟེན་འབྲེལ་ཉམས་པར་བྱེད་པ་མ་ཡིན་གྱི་ཁྱོད་ཉིད་རྟེན་འབྲེལ་ཟབ་མོ་ལ་མོས་པ་དང་བྲལ་བས་དེའི་དོན་ཕྱིན་ཅི་ལོག་ཏུ་བཟུང་ནས་ཁོ་བོ་ཅག་ལ་སྨོད་པ་ཡིན་ཏེ། སྟོན་པས་འདི་ལ་བརྟེན་ནས་འདི་འབྱུང་ངོ་ཞེས་དེ་སྐད་གསུངས་པ་ན་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གསལ་བར་བསྟན་ཏེ། གང་རྟེན་ཅིང་འབྱུང་བ་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ཡོང་པ་ཞི་བ་སྟེ་བྲལ་ཞིང་སྟོང་པ་ཡིན་ནོ། །འདི་ལྟར་དངོས་པོ་རང་བཞིན་གྱིས་ཡོད་ན་རང་གི་ངོ་བོ་ཉིད་ཀྱིས་རང་གི་རང་བཞིན་ཉམས་པ་མེད་པ་འཛིན་དགོས་ལ་དེ་ནི་གཞན་སུ་ལ་ཡང་ལྟོས་པ་མེད་པའི་ཕྱིར་སྐྱེ་བ་ཡང་མེད་པར་འགྱུར་རོ། །དེའི་ཕྱིར་དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ན་རྟེན་འབྲེལ་ཡོད་པར་ག་ལ་འགྱུར། དེས་ན་ཁྱེད་ཁོ་ནས་རང་བཞིན་དང་བཅས་པར་ཁས་བླངས་པ་ན་རྣམ་པ་ཐམས་ཅད་དུ་དངོས་པོ་རྣམས་ཀྱི་རྟེན་འབྲེལ་ལ་གནོད་པ་བྱས་པར་འགྱུར་རོ། །དེའི་ཕྱིར་ཆོས་དང་སངས་རྒྱས་མཐོང་བ་ལ་ཡང་གནོད་པ་བྱས་པར་འགྱུར་ཏེ། སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་ལུང་ལས་གསུངས་པའི་ཕྱིར་རོ། །ཁོ་བོ་ཅག་གིས་ནི་ས་བོན་ཞེས་པའི་རྒྱུ་ལ་བརྟེན་ནས་མྱུ་གུ་ཞེས་པའི་འབྲས་བུ་འབྱུང་ལ་དེ་གཉིས་ཀ་ཡང་རྟེན་འབྲེལ་ཞི་བ་རང་བཞིན་


JLD015_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བར་སྟོན་པ་ན། རྣམ་པ་ཐམས་ཅད་དུ་རྒྱལ་བའི་ཡུམ་རྟེན་འབྱུང་གསལ་བར་བྱས་པར་འགྱུར་རོ་རྟེན་འབྱུང་གང་ཡིན་ངོ་བོ་ཉིད་ཀྱིས་ཞི་བ་ཡིན་པ་དེའི་ཕྱིར་རྟེན་འབྲེལ་ལ་ནི་སྐྱེ་བཞིན་པ་དང་སྐྱེ་བ་གཉིས་ཀ་ངོ་བོ་ཉིད་ཀྱིས་ཡོད་པ་ཡང་ཞི་བ་ཉིད་དེ་ཁོ་ནའོ། །ཚིག་གསལ་ལས་ལན་དེ་ལྟར་མཛད་པས་དཔྱད་ནས་འགོག་པའི་རིགས་པ་རྣམས་ཀྱིས་ནི་རྟེན་འབྱུང་རྒྱུ་འབྲས་ཀྱི་ཚུལ་ལ་ཅུང་ཟད་ཀྱང་མི་གནོད་པར་མ་ཟད་ཚུལ་དེ་ཉིད་ཤིན་ཏུ་གསལ་བར་སྟོན་པས་རྟེན་འབྲེལ་གྱི་ངེས་པ་བརྟན་དུ་གཏོང་བ་ཡིན་པར་ཤེས་པར་བྱ་སྟེ། རྟེན་འབྱུང་ཡིན་པ་རྟགས་སུ་བྱས་ནས་ངོ་བོ་ཉིད་ཀྱིས་ཡོད་པ་འགོག་པའི་ཕྱིར་རོ། །མ་དྲོས་པས་ཞུས་པ་ལས་ཀྱང༌། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། །གང་ཞིག་རྐྱེན་ལ་ལྟོས་པ་དེ་སྟོང་གསུངས། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་རྐྱེན་ལས་སྐྱེས་པའི་གཏན་ཚིགས་ཉིད་ཀྱིས་རང་བཞིན་གྱིས་སྐྱེ་བ་བཀག་སྟེ། དེ་ཡང་རྐང་པ་དང་པོས་མ་སྐྱེས་ཞེས་གསུངས་པའི་དོན་ནི་རྐང་པ་གཉིས་པས་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་ཅེས་པས་བཤད་པས་སྐྱེ་བ་འགོག་པ་ལ་དགག་བྱའི་ཁྱད་པར་སྦྱར་བའོ། །དེ་ནས་གསུམ་པས་རྐྱེན་ལ་རག་ལས་ཤིང་ལྟོས་པ་རང་བཞིན་གྱིས་སྟོང་པའི་དོན་དུ་གསུངས་པས་ནི་རང་བཞིན་གྱིས་སྟོང་པ་རྟེན་འབྱུང་གི་དོན་ཡིན་གྱི་དོན་བྱེད་པའི་ནུས་པས་སྟོར་བ་མིན་པར་བསྟན་ནོ། །མདོ་ཀུན་ལས་བཏུས་པ་ལས་ཀྱང་བཅོམ་ལྡན་འདས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བས་ངོ་བོ་ཉིད་མ་མཆིས་པའོ། །བཅོམ་ལྡན་འདས་གང་


JLD015_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བ་དེ་ནི་བརྟེན་ནས་འབྱུང་བའི་དོན་ཏེ་མ་མཆིས་པའི་དོན་ཏོ། །བཅོམ་ལྡན་འདས་མ་མཆིས་པའི་དོན་ནི་བརྟེན་ཏེ་འབྱུང་བའི་དོན་དུ་མཁས་པ་རྣམས་ཀྱིས་རྟོགས་ཏེ། མཁས་པ་རྣམས་ནི་མ་མཆིས་པ་བརྟེན་ཏེ་འབྱུང་བའི་དོན་ཏེ་སྙམ་དུ་ད་ལྟར་རྣམ་པར་མི་རྟོག་གོ །ཞེས་རིན་པོ་ཆེ་བསགས་པ་བསྟན་པའི་མདོ་ལས་དྲངས་པ་ལྟར་ཤེས་པར་བྱའོ། །ཚིག་ཐ་མའི་དོན་ནི་རང་བཞིན་གྱིས་སྟོང་པ་རྟེན་འབྱུང་གི་དོན་ཡིན་པ་ཡང་ཐ་སྙད་དུ་ཡིན་པས་དེ་ལ་ཡང་བདེན་པར་མི་རྟོག་པའི་དོན་ནོ། །དེས་ན་མ་མཆིས་པ་ནི་ཅི་ཡང་མ་མཆིས་པ་མིན་གྱི་ངོ་བོ་ཉིད་ཀྱིས་གྲུབ་པ་མ་མཆིས་པ་ཡིན་པས་དེ་ལ་རྒྱུ་འབྲས་ཐམས་ཅད་གཞག་ཏུ་རུང་ངོ་། །གང་དག་ངོ་བོ་ཉིད་ཀྱིས་མ་མཆིས་པ་དང་མ་མཆིས་པ་གཉིས་ལ་ཁྱད་པར་མེད་པ་དེ་དག་ལ་ནི་རང་བཞིན་གྱིས་སྟོང་པའི་དོན་ནི་རྣམ་གཞག་གང་ཡང་བཞག་ཏུ་མེད་པའི་དོན་དུ་འགྲོ་ཡི། རྟེན་འབྱུང་གི་དོན་དུ་མི་འགྲོ་བས་རིགས་པའི་མཐར་ཐུག་རྟེན་འབྱུང་གི་རིགས་པ་རྟོགས་པར་བྱ་བ་ལ་འབད་པར་བྱའོ། །གཉིས་པ་ནི། གལ་ཏེ་སྐྱེ་བ་ཡོད་པ་ན། །ཞེས་སོགས་ནི་རིགས་པ་མ་ཡིན་ཏེ་བུམ་པ་འདི་སྐྱེ་བཞིན་པའོ་ཞེས་པ་བུམ་པ་ད་གཟོད་འབྱུང་འགྱུར་ཡིན་ལ། བུམ་པའི་སྐྱེ་བ་ལ་བརྟེན་ནས་བུམ་པ་སྐྱེ་བཞིན་པར་འགྱུར་ལ་སྐྱེ་བཞིན་པ་དེ་ཡང་སྐྱེ་བས་སྐྱེད་པར་བྱེད་དོ་ཞེ་ན། གལ་ཏེ་བུམ་བ་སྐྱེས་པའི་སྔོན་རོལ་དུ་བུམ་པའི་དངོས་པོ་མ་སྐྱེས་པ་འགའ་ཞིག་ཡུལ་འགའ་ཞིག་ན་ཡོད་པར་འགྱུར་ན་ནི། དེ་སྐྱེ་བའི་བྱ་བ་ལ་བརྟེན་ནས་སྐྱེ་བར་འགྱུར་བ་ཞིག་ན་དེ་ལྟ་བུའི་དངོས་པོ་དེ་ནི་སྐྱེས་པའི་སྔོན་དུ་ཅུང་ཟད་ཀྱང་མེད་དོ། །དེ་མེད་ན་ནི་ཅི་ཞིག་སྐྱེ་བར་འགྱུར་ཞེས་


JLD015_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་འགྱུར་ཏེ་འདི་སྐྱེ་ཞེས་པའི་སྐྱེ་རྒྱུ་དེ་སྔར་ཡོད་པ་མིན་པའི་ཕྱིར་རོ། །འདི་སྔར་བདག་གི་དངོས་པོ་ཡོད་མིན་ན་ཞེས་པའི་སྐབས་སུ་ཡང་བཤད་པ་ནི་རྒྱུ་རྐྱེན་ལ་ལྟོས་ནས་སྐྱེ་བ་བཀག་པ་ཡིན་ལ་འདིར་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གསུངས་པའི་སྐྱེ་བས་འབྲས་བུ་སྐྱེད་པ་བཀག་པས་མི་ཟློས་སོ། །དེས་ནི་རྐྱེན་བརྟག་པར་སྐྱེ་བ་བཀག་པ་དང་རབ་བྱེད་འདིར་སྐྱེ་བ་བཀག་པ་གཞན་རྣམས་མི་ཟློས་པ་ཡང་ཤེས་པར་བྱའོ། །དེ་ལ་སྐྱེ་བས་འབྲས་བུ་སྐྱེད་པ་དང་དེ་མིན་པའི་རྒྱུ་རྐྱེན་གྱིས་སྐྱེད་པ་གཉིས་གང་འགོག་པའི་སྐབས་སུ་ཡང་དགག་དཀའ་ས་ནི་སྐྱེ་བཞིན་པའི་མྱུ་གུ་ལ་སོགས་པ་སྐྱེ་བ་འདི་ཡིན་ཏེ། འདི་རང་གིས་ཀྱང་ཐ་སྙད་དུ་ཁས་ལེན་པས་ཕ་རོལ་པོའི་འདོད་པ་ཇི་ལྟར་བཀག་པའི་སྤུ་རིས་ཕྲ་མོ་རྣམས་མ་ཕྱེད་ན། ཕར་ལ་བཀག་པ་ཐམས་ཅད་རང་ལ་ཡང་མཚུངས་པར་འགྱུར་བའི་ཕྱིར་རོ། །དེས་ན་སྣམ་བུ་སྐྱེའོ་ཞེས་ཐ་སྙད་བྱེད་པ་ན་སྣམ་བུ་ཡང་ཡིན་ལ་སྐྱེ་པ་ཡང་ཡིན་པ་འདོད་དགོས་ཤིང་དེ་གཉིས་ལ་དུས་སྔ་ཕྱི་བ་ཡང་མེད་དོ། །སྣམ་བུ་སྐྱེ་བ་ཐ་སྙད་དུ་ཡོད་པར་འདོད་པ་ལ་ནི་དེ་གཉིས་ལ་དུས་སྔ་ཕྱི་བ་མེད་པ་མི་འགལ་ཡང༌། སྣམ་བུ་སྐྱེ་བ་དོན་དམ་བར་དང་རང་གི་ངོ་བོ་ཉིད་ཀྱིས་ཡོད་པར་འདོད་ན་ནི་སྣམ་བུར་གྲུབ་ཟིན་པའི་འོག་ཏུ་སྣམ་བུར་སྐྱེ་བ་འདོད་དགོས་པས་དེ་གཉིས་ལ་དུས་སྔ་ཕྱི་མེད་པ་འགལ་བ་ཡིན་ནོ། །དེའི་ཕྱིར་ན་དངོས་པོ་མ་སྐྱེས་པ་ཞེས་སོགས་ཀྱིས་སྐྱེ་བ་དོན་དམ་པར་གྲུབ་པ་འགོག་པ་ན་སྐྱེ་རྒྱུའི་དངོས་པོ་དེ་སྐྱེས་པའི་སྔ་རོལ་ནས་ཡོད་པ་ད་གཟོད་སྐྱེ་དགོས་ཞེས་དངོས་པོ་གྲུབ་པའི་


JLD015_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དང་སྐྱེས་པའི་དུས་གཉིས་སྔ་ཕྱི་བ་འདོད་དགོས་པར་བསྟན་ནོ། །དུས་གཉིས་རིམ་ཅན་དུ་ཁས་ལེན་ན་དགག་སླ་བས་རྒྱུ་དུས་ན་འབྲས་བུ་མེད་པར་སྨྲ་བའི་དངོས་སྨྲ་བ་ལ་དུས་གཉིས་སྔ་ཕྱི་བར་འདོད་དགོས་ལུགས་སྟོན་པ་དཀའོ། །དེའི་ཚུལ་ནི་སྤྱིར་སྐྱེ་རྒྱུའི་སྣམ་བུ་བྱེད་པ་པོ་རྟེན་ཡིན་པ་དང་དེའི་སྐྱེ་བ་དེ་ལ་བརྟེན་པའི་བྱ་བ་ཡིན་པ་དང༌། སྣམ་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་སུ་བྱེད་པ་པོ་རྟེན་སྣམ་བུ་མེད་ཅིང་དེའི་སྐྱེ་བའི་བྱ་བ་ཡོད་པར་ཡང་རང་གཞན་གཉིས་ཀས་སྨྲ་དགོས་མོད་ཀྱང༌། སྣམ་བུ་སྐྱེ་བ་དོན་དམ་པར་གྲུབ་ན་ནི་དེ་གཉིས་རྟེན་དང་བརྟེན་པ་ཡིན་པ་དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡིན་པས་དུས་ནམ་ཡང་དེ་ལ་མི་འཁྲུལ་དགོས་པའི་ཕྱིར། དུས་དེར་ཡང་སྣམ་བུ་ཡོད་དགོས་པས་སྐྱེས་པའི་སྔ་རོལ་དུ་གྲུབ་ཟིན་སླར་ཡང་སྣམ་བུར་སྐྱེ་དགོས་པར་འགྱུར་ཏེ་སྔར་ཡང་བཤད་ཟིན་ཏོ། །འདི་མགོ་མཇུག་ཀུན་ཏུ་འབྱུང་བའི་རིགས་པ་གནད་ཆེ་བ་ཞིག་ཏུ་སྣང་ངོ་། །བུད་དྷ་པཱ་ལི་ཏ་དང་ཤེས་རབ་སྒྲོན་མ་གཉིས་ཀར། རྐང་པ་དང་པོ་གཉིས་འདི་དང་འདྲ་ཞིང་ཕྱི་མ་གཉིས་ནི། དེ་ནི་ཅི་ཕྱིར་དེར་སྐྱེ་འགྱུར། །ཡོད་ན་སྐྱེ་བར་མི་འགྱུར་རོ། ཞེས་བསྒྱུར་ལ་བཤད་པ་ཡང་དེ་ཡི་སྟེང་ནས་མཛད་དེ་འདི་དང་ཅུང་མི་འདྲའོ། །གསུམ་པ་ནི། གཞན་ཡང་དེ་ལྟར་སྐྱེ་བཞིན་པ་སྐྱེ་བར་མི་རིགས་སུ་ཟིན་ཀྱང་ཁྱོད་ཀྱི་ལུགས་ཁས་བླངས་ནས་བརྗོད་པར་བྱ་སྟེ། གལ་ཏེ་ཡང་ཁྱོད་ཀྱི་ལུགས་ཀྱིས་སྐྱེ་བ་དེ་ཡིས་ནི་འབྲས་བུ་སྐྱེ་བཞིན་པ་ནི་སྐྱེད་པར་བྱེད་ན་སྐྱེ་བ་དེ་ནི་སྐྱེ་བ་ལྟ་སྟེ་གཞན་གང་ཞིག་གིས་ནི་སྐྱེད་པར་བྱེད་པ་ད་བརྗོད་དགོས་སོ། །འགྲེལ་ཚན་གཞན་གཉིས་


JLD015_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྐྱེ་བ་དེ་ནི་སྐྱེད་བྱེད་པ། །སྐྱེ་བ་ཡང་ནི་གང་ཞིག་ཡིན། །ཞེས་བསྒྱུར་ནས་དེ་དང་མཐུན་པར་བཤད་པ་མཛད་པ་དང་ཚིག་གསལ་ཡང་དོན་མི་མཐུན་པ་མི་སྣང་བས་འདི་གཉིས་འགྱུར་རྙིང་བདེའོ། །གལ་ཏེ་སྐྱེ་བ་གཞན་ཞིག་གིས་སྐྱེ་བ་དེ་སྐྱེད་ན་དེ་ཡང་གཞན་དང་དེ་ལ་ཡང་གཞན་གྱིས་སྐྱེད་དགོས་པས་ཐུག་པ་མེད་པར་འགྱུར་རོ། །ཅི་སྟེ་སྐྱེ་བ་གཞན་མི་འདོད་ན་ནི་སྐྱེ་བ་གཞན་མེད་པར་ཡང་སྐྱེ་བ་ཡིན་ལ་དེ་ལྟ་ན་དངོས་པོ་གཞན་ཐམས་ཅད་ཀྱང་སྐྱེད་བྱེད་སྐྱེ་བ་གཞན་མེད་པར་སྐྱེ་བ་དེ་བཞིན་དུ་སྐྱེ་བས་མ་བསྐྱེད་པར་ཡང་སྐྱེ་བར་འགྱུར་རོ། །གཉིས་པ་ནི། སྐྱེ་བས་རང་དང་གཞན་སྐྱེད་དོ་ཞེས་པ་འདི་ལ་རབ་བྱེད་འདིར་སྐྱོན་མ་བརྗོད་ཀྱང་གོང་དུ་བཤད་ཟིན་ནོ་ཞེས་པ་ནི་རེ་ཞིག་ཡོད་དང་མེད་པ་ཡང༌། །ཞེས་རྐང་པ་བཞི་སྟེ་གོང་དུ་བསྟན་པ་ནི་ཡོད་དམ་མེད་པའི་དོན་ལ་ཡང་ཞེས་པ་དང༌། གང་ཚེ་ཆོས་ནི་ཡོད་པ་དང་ཞེས་སོགས་ཀྱི་སྐབས་སུའོ། །སངས་རྒྱས་བསྐྱངས་ཀྱིས་གོང་དུ་བསྟན་པ་ནི། རེ་ཞིག་ཡོད་དང་མེད་པ་ཡང༌། །ཞེས་པའི་རྐང་པ་གཉིས་ཀྱི་སྐབས་སུ་ཡོད་པ་སྐྱེ་བ་དོན་མེད་པ་དང་མེད་པ་སྐྱེ་ན་རི་བོང་གི་རྭ་ཡང་སྐྱེ་བར་འགྱུར་ཞེས་བཤད་པ་ཉིད་ཀྱིས། ཡོད་མེད་གཉིས་ཀའི་སྐྱེ་བ་དགག་པར་བྱ་བ་ལ་བཤད་པ་དང་ཡང་ན་གང་ཚེ་ཆོས་ནི་ཡོད་པ་དང༌། །ཞེས་སོགས་ཀྱི་སྐབས་ལ་བཤད་བ་གཉིས་མཛད་དོ། །གསུམ་པ་ནི། གཞན་ཡང་སྐྱེ་བ་འདི་རྟོག་ན་གཉིས་ལས་མི་འདའ་ལ་དངོས་པོ་འགག་བཞིན་པ་འགག་པ་ལ་མངོན་དུ་ཕྱོགས་པའི་ད་ལྟར་བ་ཉིད་ལ་རྟོག་ན་ནི། དེ་ལ་སླར་ཡང་སྐྱེ་བ་འཐད་པར་


JLD015_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ཏེ་ཡོད་པའི་ཕྱིར་རོ། །འདས་པ་དང་མ་འོངས་པ་གང་ཞིག་འགག་བཞིན་པ་མ་ཡིན་པ་སྟེ་འཇིག་པ་དང་བྲལ་བ་ལ་རྟོག་ན། དེ་ལ་ཡང་རང་བཞིན་གྱིས་སྐྱེ་བ་མེད་དེ་དེ་ནི་དངོས་པོར་མི་འཐད་པ་སྟེ་དངོས་པོའི་མཚན་ཉིད་འཇིག་པ་དང་བྲལ་བའི་ཕྱིར་རོ། །འདི་ནི་བུམ་པ་ཞིག་པ་དང་བུམ་པ་མ་འོངས་པ་བུམ་པའི་དངོས་པོར་མེད་པ་ལ་དགོངས་ཀྱི་དེ་གཉིས་དོན་བྱེད་མི་ནུས་པར་བཞེད་པ་ནི་མིན་ཏེ་འཆད་པར་འགྱུར་རོ། །ཚུལ་དེས་འདས་པ་དང་མ་འོངས་པ་གཞན་ཡང་ཤེས་པར་བྱའོ། །འདི་ལ་སངས་རྒྱས་བསྐྱངས་ཀྱིས་ནི་ཁྱོད་ཀྱིས་དངོས་པོ་སྐྱེ་བཞིན་པ་སྐྱེད་དོ་ཞེས་སྨྲས་པས། སྐྱེ་བཞིན་པའི་དངོས་པོ་ལ་འགག་པ་ཡང་ཡོད་དགོས་ཏེ་དངོས་པོ་ནི་འཇིག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་འདོད་ན་དངོས་པོ་འགག་བཞིན་པ་ལ་ནི་སྐྱེ་བ་མི་འཐད་དེ། སྐྱེ་བཞིན་པ་ནི་འཕེལ་བར་འགྱུར་བ་ཡིན་ལ་འགག་བཞིན་པ་ནི་ཟད་པར་འགྱུར་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་འབྲས་བུ་སྐྱེ་བཞིན་པའི་སྐབས་ན་འབྲས་བུ་འགག་བཞིན་པ་མེད་དོ་སྙམ་ན། དངོས་པོ་སྐྱེ་བཞིན་པ་འགག་པར་མི་འགྱུར་ན་སྐྱེ་བཞིན་པ་དེ་དངོས་པོ་མ་ཡིན་པར་འགྱུར་ཏེ་འཇིག་པ་མེད་པས་དངོས་པོའི་མཚན་ཉིད་མེད་པའི་ཕྱིར་རོ། །དེ་འདོད་ན་དངོས་པོ་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ་ཞེས་པ་མི་རིགས་ཤིང་དངོས་མེད་སྐྱེ་བཞིན་པ་སྐྱེད་དོ་ཞེས་པར་འགྱུར་རོ་ཞེས་འཆད་དོ། །གཉིས་པ་ནི། གལ་ཏེ་དངོས་པོ་རྣམས་ཀྱི་སྐྱེ་བ་ནི་རང་བཞིན་གྱིས་ཡོད་དེ་གནས་པ་རང་བཞིན་གྱིས་ཡོད་པའི་ཕྱིར་རོ། །གནས་པ་ནི་སྐྱེ་བ་ཡོད་ན་ཡོད་པའི་ཆོས་དང་མེད་ན་མེད་པའི་ཕྱིར་གནས་པ་ཡོད་པས་སྐྱེ་བ་ཡོད་པ་འགྲུབ་བོ་ཞེ་ན། འདི་དགག་པ་ལ་གསུམ། ལས་ལ་དུས་གསུམ་དུ་དཔྱད་ནས་དགག །འགག་བཞིན་པ་ཡིན་མིན་


JLD015_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཔྱད་ནས་དགག །གནས་བྱེད་གཞན་ཡོད་མེད་དཔྱད་ནས་དགག་པའོ། །དང་པོ་ནི། གནས་པ་ངོ་བོས་ཡོད་ན་གསུམ་ལས་མི་འདའ་ལ་དེ་ཡང་དངོས་པོ་གནས་ཟིན་པ་འདས་པ་མི་གནས་པ་སྟེ། དེའི་ཚེ་གང་ཞིག་འདས་པ་ནི་གནས་པའི་བྱ་བ་འགགས་པའི་ཕྱིར་རོ། །དངོས་པོ་མི་གནས་པ་མ་འོངས་པ་ཡང་གནས་པ་མིན་ཏེ་དེའི་ཚེ་གང་ཞིག་མ་འོངས་པ་ནི་གནས་པའི་བྱ་བ་དང་བྲལ་བའི་ཕྱིར་རོ། །གནས་བཞིན་པ་ཡང་མི་གནས་ཏེ་སྔ་མ་གཉིས་ལས་མ་གཏོགས་པའི་གནས་བཞིན་པ་རང་བཞིན་གྱིས་མེད་པའི་ཕྱིར་དང༌། གནས་བཞིན་པ་གནས་ན་གནས་པའི་བྱ་བ་གཉིས་སུ་འགྱུར་བས་གནས་པ་པོ་ཡང་གཉིས་སུ་འགྱུར་བའི་ཕྱིར་རོ། །གཞན་ཡང་སྐྱེ་བ་ངོ་བོས་ཡོད་པ་ནི་བཀག་ཟིན་ལ་དེ་མེད་པའི་ཕྱིར་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་གང་ཞིག་ལ་གནས་པ་ངོ་བོ་ཉིད་ཀྱིས་ཡོད་པར་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ནི། གཞན་ཡང་གནས་པ་འདི་རྟོག་ན་གཉིས་ལས་མི་འདའ་ལ་དེ་ཡང་དངོས་པོ་འགག་བཞིན་པ་འགག་པ་ལ་མངོན་དུ་ཕྱོགས་པ་ཉིད་ལ་ནི་གནས་པ་ངོ་བོ་ཉིད་ཀྱིས་ཡོད་པ་འཐད་པར་མི་འགྱུར་ཏེ། གནས་པ་དང་འགག་པའི་བྱ་བ་གཉིས་མི་མཐུན་པའི་ཕྱིར་རོ། །གལ་ཏེ་གནས་པའི་སྐབས་ན་འགག་བཞིན་པ་མིན་པར་སེམས་ན་གང་ཞིག་འགག་བཞིན་པ་མ་ཡིན་པ་དེ་ནི་དངོས་པོར་མི་འཐད་པས་དེ་ལ་གནས་པ་ངོ་བོ་ཉིད་ཀྱིས་ཡོད་པར་ག་ལ་འགྱུར། གཞན་ཡང་དངོས་པོ་ཐམས་ཅད་དུས་ཀུན་ཏུ་རྒ་བ་སྟེ་གཞན་དུ་འགྱུར་བ་དང་འཆི་བ་སྟེ་འཇིག་པས་སྐད་ཅིག་ཙམ་ཡང་མི་གཏོང་བའི་ཆོས་ཅན་ཡིན་ན། གང་དག་ལ་གནས་པ་ངོ་བོ་ཉིད་ཀྱིས་ཡོད་པར་འགྱུར་བ་རྒ་བ་དང་འཆི་བ་མེད་པར་གནས་པའི་དངོས་པོ་གང་ཞིག་ཡོད་དེ་


JLD015_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །འདིར་རྒྱུན་དང་སྐད་ཅིག་གང་ལ་ཡང་རང་གྲུབ་པའི་དུས་ལས་དུས་གཉིས་པར་གནས་པ་ནི་ཐ་སྙད་དུ་ཡང་མེད་པས། མི་རྟག་པའི་མཚན་ཉིད་དུ་གསུངས་པའི་སྐད་ཅིག་མ་ནི་རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པ་ཡིན་གྱི་ཡུད་ཙམ་ཞིག་ལས་མི་སྡོད་པ་ནི་སྐད་ཅིག་མའི་དོན་མིན་ནོ། །དེའི་ཕྱིར་ལོ་རྫོགས་པ་ལ་ཟླ་བ་བཅུ་གཉིས་རྫོགས་དགོས་ཤིང་དེའི་འོག་ཏུ་ལོ་དེ་མི་གནས་བས་རྒྱུན་ཐམས་ཅད་ཀྱང་རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པའི་སྐད་ཅིག་མ་ཡིན་ནོ། །དཔེར་ན་སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་བུམ་པ་ལ་རྗེས་སུ་མི་འགྲོ་ཡང་མི་རྟག་པ་སྒྲ་བུམ་གཉིས་ཀ་ལ་རྗེས་སུ་འགྲོ་བ་བཞིན་དུ། དུས་སྔ་མ་ན་ཡོད་པའི་བུམ་པ་དུས་ཕྱི་མ་ན་མེད་ཀྱང་བུམ་པ་དུས་སྔ་ཕྱི་གཉིས་སུ་གནས་པ་ཡང་མི་འགལ་ལོ། །དེས་ན་དེ་འདྲ་བའི་གནས་པ་དང་དངོས་པོ་ཐམས་ཅད་རང་དུས་ན་གནས་པ་དང་ས་ལ་མི་གནས་པ་ལྟ་བུའི་གནས་པ་ནི་ཐ་སྙད་དུ་ཡོད་པས་ངོ་བོ་ཉིད་ཀྱིས་ཡོད་པ་དགག་བྱའོ། །གནས་པ་ངོ་བོ་ཉིད་ཀྱིས་ཡོད་ན་དུས་ཀུན་ཏུ་སྔ་མ་ཇི་ལྟ་བ་བཞིན་གནས་དགོས་པས་རྒ་བ་དང་འཇིག་བའི་བྱ་བ་འགལ་གྱི་གནས་པ་ཙམ་དང་མི་འགལ་ལོ། །གསུམ་པ་ནི། གཞན་ཡང་གནས་པ་ངོ་བོ་ཉིད་ཀྱིས་ཡོད་ན་གནས་བྱེད་གཉིས་ལས་མི་འདའ་ལ་དེ་ཡང་གནས་པ་གནས་པར་བྱེད་པ་གཞན་གྱིས་གནས་པར་བྱེད་པ་མི་རིགས་ཏེ། ཇི་ལྟར་སྐྱེ་བ་གཞན་གྱིས་སྐྱེད་པ་མ་ཡིན་པར་བསྟན་པ་བཞིན་དུ་འདི་ལ་ཡང་སྦྱར་ཏེ། གལ་ཏེ་གནས་པ་གཞན་ཞིག་གིས། །དེ་གནས་ཐུག་པ་མེད་པར་འགྱུར། །ཞེས་པའོ། །གནས་པ་གནས་པར་བྱེད་པ་རང་གིས་ཀྱང་གནས་པར་བྱེད་པ་མི་རིགས་པའང་ཇི་ལྟར་སྐྱེ་བ་རང་གིས་སྐྱེད་པ་མ་


JLD015_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་བཞིན་དུ་སྦྱར་ཏེ་གནས་པ་འདི་ནི་མི་གནས་པས། རང་གི་བདག་ཉིད་ཇི་ལྟར་གནས། །གལ་ཏེ་གནས་པས་གནས་བྱེད་ན། །གནས་ན་ཅི་ཞིག་གནས་སུ་ཡོད། །ཅེས་པའོ། །ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། ཆོས་འདི་དག་ནི་མི་གནས་ཏེ། །འདི་དག་ལ་ནི་གནས་ཡོད་མིན། །གནས་མེད་གནས་པའི་སྒྲས་བརྗོད་ཀྱང༌། །རང་གི་ངོ་བོས་རྙེད་མ་ཡིན། །འཇིག་རྟེན་མགོན་པོས་གནས་པ་དང༌། །སྐྱེ་བ་བསྟན་པ་མ་ཡིན་ཏེ། །དེས་ན་དེ་ལྟའི་འཇིག་རྟེན་མགོན། །རིག་ནས་ཏིང་འཛིན་ཤེས་པར་གྱིས། །ཞེས་གནས་པ་དང་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད་པར་རྒྱལ་བས་ཆོས་བསྟན་པར་རིག་པར་བྱས་ནས་ཏིང་ངེ་འཛིན་ཤེས་པར་གྱིས་ཤིག་པར་བསྟན་ནོ། །སྡུད་པ་ལས་ཀྱང༌། གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང༌། །གང་ཞིག་འདུ་ཤེས་མི་གནས་སེམས་པར་མི་གནས་ལ། །རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །རྟག་དང་མི་རྟག་བདེ་དང་སྡུག་བསྔལ་སྡུག་མི་སྡུག །བདག་དང་བདག་མེད་དེ་བཞིན་ཉིད་དང་དེ་བཞིན་སྟོང༌། །འབྲས་བུ་ཐོབ་དང་དགྲ་བཅོམ་ས་ལ་མི་གནས་ཤིང༌། །རང་རྒྱལ་ས་དང་དེ་བཞིན་སངས་རྒྱས་སར་མི་གནས། །ཇི་ལྟར་འདྲེན་པ་འདུས་མ་བྱས་ཁམས་མི་གནས་ཤིང༌། །དེ་བཞིན་འདུས་བྱས་ལ་ཡང་མི་གནས་གནས་མེད་སྤྱོད། །དེ་ལྟར་བྱང་ཆུབ་སེམས་དཔའ་གནས་ལ་གནས་མེད་གནས། །གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། །ཞེས་གསུངས་སོ། །གསུམ་པ་ལ་གསུམ།


JLD015_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་ལ་དཔྱད་ནས་འགོག་པའི་ཚུལ། ཉེས་པ་དེ་རང་ལ་མི་མཚུངས་པའི་རྒྱུ་མཚན། འཇིག་པ་རྒྱུ་མེད་དུ་འདོད་པ་དགག་པའོ། །དང་པོ་ནི། གལ་ཏེ་སྐྱེ་བ་དང་གནས་པ་ནི་རང་བཞིན་གྱིས་ཡོད་དེ་དེ་དག་དང་ལྷན་ཅིག་སྤྱོད་པའི་ཆོས་འཇིག་པ་ཡོད་པའི་ཕྱིར་རོ་ཞེ་ན། འདི་དགག་པ་ལ་ལྔ། དུས་གསུམ་ལ་བརྟགས་ནས་དགག །གནས་པ་ཡིན་མིན་ལ་བརྟགས་ནས་དགག །གནས་སྐབས་རང་གཞན་ལ་བརྟགས་ནས་དགག །དངོས་པོ་ཡོད་མེད་ལ་བརྟགས་ནས་དགག །འཇིག་བྱེད་གཞན་ཡོད་མེད་ལ་བརྟགས་ནས་དགག་པའོ། །དང་པོ་ནི། གལ་ཏེ་མི་རྟག་པ་རང་གི་ངོ་བོས་གྲུབ་པ་ཞིག་ཡོད་ན་གསུམ་ལས་མི་འདའ་ལ། དེ་ཡང་དངོས་པོ་འགགས་པ་ནི་འགག་པར་མི་འགྱུར་ཏེ། འདས་པ་དང་ད་ལྟར་བ་གཉིས་འགལ་བའི་ཕྱིར་རོ། །ཞིག་པ་དངོས་པོར་བཞད་པའི་ཕྱོགས་ལ་བུམ་པ་ལྟ་བུའི་དངོས་པོ་འགགས་པ་ལ་དགག་བྱའི་དངོས་པོ་དེ་འགག་པ་མེད་པའི་རྒྱུ་མཚན་དུ་བུམ་པ་འགག་པའི་བྱ་བ་ད་ལྟ་བ་དང་བུམ་པ་ཞིག་པའི་འདས་པ་གཉིས་འགལ་བ་འགོད་བ་ཡིན་ནོ། །མ་འགགས་པ་སྟེ་འགག་པའི་བྱ་བ་མ་སྐྱེས་པའི་མ་འོངས་པ་ཡང་འགག་བར་མི་འགྱུར་ཏེ་འགག་པ་དང་བྲལ་བའི་ཕྱིར་རོ། །འགག་བཞིན་བ་ཡང་དེ་བཞིན་མིན་པ་སྟེ་རང་བཞིན་གྱིས་འགག་པར་མི་འགྱུར་ཏེ་སྔ་མ་གཉིས་ལས་མ་གཏོགས་བའི་འགག་བཞིན་པ་ངོ་བོ་ཉིད་ཀྱིས་མེད་བའི་ཕྱིར་དང༌། འགག་བཞིན་པ་ལ་འགག་པ་ངོ་བོ་ཉིད་ཀྱིས་ཡོད་ན་འགག་བའི་བྱ་བ་གཉིས་སུ་འགྱུར་ཞིང་དེ་ལྟ་ན་འགག་པ་པོ་ཡང་གཉིས་སུ་འགྱུར་བའི་ཕྱིར་རོ། །འགག་པ་ལ་འདིར་འགག་ཅེས་


JLD015_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་འདི་འགག་ཅེས་བྱེད་པ་གཉིས་ཡོད་དེ་དེ་ནི་གནས་པ་ལ་ཡང་ཤེས་པར་བྱའོ། །གཞན་ཡང་སྔར་རང་བཞིན་གྱིས་སྐྱེ་བ་བཀག་པས་རང་བཞིན་གྱིས་མ་སྐྱེས་པ་གང་ཞིག་རང་བཞིན་གྱིས་འགག་པར་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ནི། གཞན་ཡང་འགག་པ་རང་བཞིན་གྱིས་ཡོད་ན་གཉིས་ལས་མི་འདའ་ལ་དེ་ཡང་རེ་ཞིག་དངོས་པོ་གནས་པ་ལ་འགག་པ་རང་གི་ངོ་བོས་ཡོད་པ་འཐད་བར་མི་འགྱུར་ཏེ་འགག་པའི་བྱ་བ་དེ་དང་གནས་པའི་བྱ་བ་གཉིས་གཞི་གཅིག་ལ་འཇུག་པ་འགལ་བའི་ཕྱིར་རོ། །དངོས་པོ་རང་དུས་སུ་མི་གནས་པ་ལ་ཡང་འགག་པའི་བྱ་བ་འཇུག་པ་འཐད་པར་མི་འགྱུར་ཏེ་དེ་ནི་ཡོད་པ་ཡང་མ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན་དང༌། རྩོད་པ་སྤངས་བའོ། །དང་པོ་ནི། གཞན་ཡང་གལ་ཏེ་འགག་པ་ངོ་བོ་ཉིད་ཀྱིས་ཡོད་ན་གནས་སྐབས་གཉིས་ཀྱིས་འགག་པ་ལས་མི་འདའ་ལ། དེ་ཡང་འོ་མའི་གནས་སྐབས་དེ་ཡིས་ནི་འོ་མའི་གནས་སྐབས་ནི་དེ་ཉིད་འགག་པ་ཉིད་དུ་མི་འགྱུར་ཏེ། རང་གི་བདག་ཉིད་ལ་བྱད་པ་འགལ་བའི་ཕྱིར་རོ། །འོ་མའི་གནས་སྐབས་ལས་གཞན་ཞོ་ཡི་གནས་སྐབས་ཀྱིས་འོ་མའི་གནས་སྐབས་ནི། ཞོ་ཡི་གནས་སྐབས་ལས་གཞན་པ་ཡང་འགག་པ་ཉིད་དུ་མི་འགྱུར་ཏེ་གཞིག་བྱ་དང་འཇིག་བྱེད་གཉིས་དུས་གཅིག་ན་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཡང་གནས་སྐབས་དེ་ཉིད་ཀྱིས་དེ་ཉིད་དང་གནས་སྐབས་གཞན་གྱིས་གཞན་འགག་པར་མི་བྱེད་ཀྱང༌། འོ་མའི་གནས་སྐབས་ལ་ནི་འགག་པ་ཡོད་པས་སྐྱེ་བ་ཡང་ཡོད་པར་འགྱུར་རོ་ཞེ་ན། གང་གི་ཚེ་སྔར་བཤད་པའི་ཚུལ་གྱིས་ཆོས་རྣམས་ཐམས་ཅད་ཀྱི་རང་


JLD015_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་སྐྱེ་བ་འཐད་པར་མི་འགྱུར་བར་བཤད་པ་དེ་ཡི་ཚེ། ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་གྱིས་འགག་པ་ཡང་འཐད་བར་མི་འགྱུར་ཏེ་ཞེས་ཆེས་གསལ་བར་བཤད་པ་མ་ཡིན་ནམ། སངས་རྒྱས་བསྐྱངས་ཀྱིས་འགག་པ་ནི་ཡོད་དེ་སྔར་ལས་བླངས་པའི་ཕྱིར་ཏེ་སྔར་དངོས་པོ་འགག་བཞིན་པ་ལ་སྐྱེ་བ་མི་འཐད་དོ་ཞེས་སྨྲས་པ་ན་འགག་བཞིན་པའི་རྒྱུ་ལས་བྱུང་བའི་སྐྱེ་བ་ལ་དགག་པ་བྱས་པའི་ཕྱིར་རོ་ཞེས་པའི་ལན་དུ་གཞུང་འདི་འཆད་དོ། །བཞི་པ་ནི། གཞན་ཡང་འགག་པ་ངོ་བོ་ཉིད་ཀྱིས་ཡོད་ན་དངོས་པོ་ཡོད་མེད་གཉིས་ལས་མི་འདའ་ལ་དེ་ཡང་རེ་ཞིག་དངོས་པོ་ཡོད་པ་ལ་རང་བཞིན་གྱིས་འགག་པ་འཐད་པར་མི་འགྱུར་ཏེ་བུམ་པ་ལ་སོགས་པའི་དངོས་པོ་དང་དེ་ཞིག་བའི་དངོས་པོ་མེད་པ་གཉིས་གཅིག་པ་ཉིད་ཡིན་ན་ནི་འཐད་བ་མེད་བའི་ཕྱིར་རོ། །འདིར་ཞིག་པ་ནི་དངོས་པོ་ལ་བརྟེན་པའི་ཆོས་ཡིན་པའི་ཕྱིར་འགག་པ་རང་གི་ངོ་བོས་ཡོད་ན་བུམ་པ་ཞིག་པའི་དུས་ནའང་བུམ་པ་ལ་དེ་བརྟེན་དགོས་པའོ། །ཡང་ན་ཕན་ཚུན་འགལ་བའི་སྣང་མུན་བཞིན་དུ་དངོས་པོ་ཡོད་པ་ཡང་ཡིན་ལ་དངོས་པོ་མེད་པ་ཡང་ཡིན་པ་མི་འཐད་དོ། །དངོས་པོ་མེད་པར་གྱུར་བ་ལའང་འགག་པ་འཐད་པར་མི་འགྱུར་ཏེ་ཡོད་བ་མ་ཡིན་བའི་ཕྱིར་ཇི་ལྟར་ཏེ་དཔེར་ན་མགོ་གཉིས་མེད་པ་ལ་དེ་གཉིས་གཅད་དུ་མེད་པ་དེ་བཞིན་ནོ། །མགོ་གཉིས་མེད་པར་རབ་ཏུ་གྲགས་པས་དངོས་སུ་མེད་པ་མ་སྨོས་ཀྱང་བཤད་པ་ཚང་བར་འགྱུར་བས་མེད་པ་ཞེས་མ་བཀོད་དོ། །ལྔ་པ་ནི། གཞན་ཡང་འགག་པས་དངོས་པོ་རྣམས་འགག་པར་བྱེད་ན་འགག་བྱེད་དེ་རང་གཞན་གཉིས་ལས་མི་འདའ་ལ་དེ་ཡང་འགག་པ་རང་གི་


JLD015_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱིས་འགག་བར་བྱེད་པ་ཡོད་བ་མིན་ཏེ། ཇི་ལྟར་སྐྱེ་བ་རང་གིས་སྐྱེད་པ་མ་ཡིན་པ་བཞིན་དུ་འདི་ལ་ཡང་མཚུངས་བའི་ཕྱིར་ཏེ། འགགས་པ་འདི་ནི་མ་འགགས་པས། །རང་གི་བདག་ཉིད་ཇི་ལྟར་འགོག །ཅི་སྟེ་འགགས་པས་འགོག་བྱེད་ན། །འགགས་ན་ཅི་ཞིག་འགག་ཏུ་ཡོད། །ཅེས་འདོན་པ་བསྒྱུར་རོ། །འགག་པ་རང་ལས་དོན་གཞན་གྱིས་ཀྱང་འགག་པར་བྱེད་པ་མིན་ཏེ་ཇི་ལྟར་སྐྱེ་བ་རང་ལས་གཞན་པའི་སྐྱེ་བས་མི་སྐྱེད་པ་བཞིན་ཡིན་པའི་ཕྱིར་ཏེ། གལ་ཏེ་འཇིག་པ་གཞན་ཞིག་གིས། །དེ་འཇིག་ཐུག་པ་མེད་པར་འགྱུར། །ཅི་སྟེ་འཇིག་མེད་དེ་འཇིག་ན། །ཐམས་ཅད་དེ་བཞིན་འཇིག་པར་འགྱུར་ཞེས་བསྒྱུར་རོ། །དེ་ལྟར་བརྟགས་ཤིང་དཔྱད་ན་སྐྱེ་བ་དང་གནས་པ་དང་འཇིག་པ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་ཇི་ལྟར་ཡང་མི་འཐད་དོ། །མི་འཐད་ན་འདུས་བྱས་ཀྱི་མཚན་ཉིད་དུ་ངོ་བོ་ཉིད་ཀྱིས་ཡོད་པར་ཡང་ཇི་ལྟར་འགྱུར། གཉིས་པ་ནི། ཅི་སྟེ་དཔྱོད་ལུགས་དེ་ལྟར་རྣམ་པར་དཔྱད་ན་ཁྱོད་ཀྱི་ལུགས་ལ་ཡང་འཇིག་པ་མི་རིགས་སོ། །དེས་ན་གང་ཞིག་གཉིས་ཀ་ལ་སྐྱོན་དུ་འགྱུར་བས་དེས་ནི་ཅིག་ཤོས་ལ་བརྒལ་བར་བྱ་བ་མ་ཡིན་ནོ་སྙམ་ན། འདི་ཡི་ལན་དུ་དབུ་མ་པས་འཇིག་རྟེན་པའི་ཐ་སྙད་ཁས་བླངས་པའི་ཕྱིར་ཕ་རོལ་པོ་ལ་བཀོད་པའི་སྐྱོན་རང་ལ་མི་མཚུངས་སོ་ཞེས་བཤད་དོ། །འཇིག་རྟེན་པའི་ཐ་སྙད་ཕྱེད་ཚུལ་ནི་དངོས་པོ་རྣམས་ནི་རང་བཞིན་མེད་པ་ཡིན་ལ་དེ་ཉིད་ཀྱང་བྱིས་པ་དངོས་པོ་ལ་བདེན་པར་ཞེན་པ་རྣམས་ཀྱི་ཐ་སྙད་ཀྱི་ལམ་དུ་འགྲོ་བ་ཡིན་ནོ། །འགྲོ་ཚུལ་ནི་འཇིག་པ་ཞེས་པའི་ཐ་སྙད་བཏགས་པ་ཙམ་མ་གཏོགས་


JLD015_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཏགས་ས་དེ་འདས་མ་ལོངས་ལ་སོགས་པ་གང་དུ་ཡོད་སྙམ་དུ་བཙལ་ནས། རྙེད་པའི་དོན་ལ་འཇིག་པར་འཇོག་པ་དེ་ལྟ་བུའི་ཚུལ་གྱིས་མ་བརྟགས་ཤིང་མ་བཙལ་བར་གྲུབ་པའི་དོན་ལ་འཇིག་པའི་ཐ་སྙད་བྱེད་པའོ། །དེ་ཡང་འཇིག་རྟེན་པའི་དངོས་པོ་རྣམས་ནི་སྒྱུ་མ་ལ་སོགས་པ་བཞིན་དུ་དེ་ཁོ་ནར་གྲུབ་མ་གྲུབ་དཔྱོད་པའི་འཐད་པའམ་རིགས་པའི་སྒྲུབ་བྱེད་དང་བྲལ་ཞིང༌། མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་བསླད་པའི་འཇིག་རྟེན་ལ་གྲུབ་པ་ཡིན་པས་ཕན་ཚུན་ལྟོས་ནས་གྲུབ་བ་ཙམ་ཞིག་བྱིས་པ་རྣམས་ཀྱིས་ཁས་ལེན་ནོ། །དེ་ཡི་ཕྱིར་བསྐྱེད་བྱ་ཡོད་ན་སྐྱེད་བྱེད་དང་སྐྱེད་བྱེད་ཡོད་ན་བསྐྱེད་བྱ་ཡོད་ཅིང་འགག་པ་ཡོད་ན་དགག་བྱ་སྟེ་འགག་རྒྱུ་དང་དགག་བྱ་སྟེ་འགག་རྒྱུ་ཡོད་ན་འགག་པ་ཡོད་པ་ཡིན་ཏེ་དེ་བཞིན་དུ་དབུ་མ་པས་ཀྱང་ཁས་ལེན་གྱི་དཔྱད་ནས་རྙེད་པའི་དོན་ལ་འཇིག་པ་སོགས་འཇོག་པ་མིན་ནོ། །མདོར་བསྡུ་ན་དངོས་པོ་རྣམས་ལ་སྔར་བཤད་པ་ལྟར་དཔྱད་པ་ན་སྐྱེ་འཇིག་གནས་པ་གང་ཡང་མི་རྙེད་པ་ནི་ངེད་ལ་ཡང་མཚུངས་མོད་ཀྱང་དེས་ངེད་ཀྱིས་ཁས་བླངས་པའི་སྐྱེ་འཇིག་སོགས་མི་ཁེགས་པའི་རྒྱུ་མཚན་ནི། ངེད་ནི་སྐྱེ་འཇིག་སོགས་སྔར་བཤད་པ་ལྟར་གྱི་དཔྱད་བཟོད་དུ་ཡང་མི་འདོད་ལ་གང་ཁས་བླངས་ན་དཔྱད་བཟོད་དུ་འདོད་དགོས་པ་རང་གི་ངོ་བོ་ཉིད་ཀྱིས་ཡོད་བར་ཡང་མི་འདོད་པའི་ཕྱིར་རོ། །དེས་ན་དཔྱད་བཟོད་དང་དེའི་ཁྱབ་བྱ་གཉིས་གང་ཡང་ཁས་མ་བླངས་པ་ལ་རིགས་པས་དཔྱད་ནས་མ་རྙེད་པ་དེ་གནོད་བྱེད་དུ་ཇི་ལྟར་འགྱུར་ཏེ་སྐྱེ་འཇིག་དང་གནས་པ་ཙམ་ཞིག་ཡོད་པ་ལ་རིགས་ཤེས་ཀྱིས་རྙེད་མི་དགོས་བའི་ཕྱིར་རོ། །ཁྱེད་ཀྱིས་ནི་སྐྱེ་འཇིག་སོགས་དཔྱད་བཟོད་དུ་


JLD015_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདོད་ལ་དེའི་ཁྱབ་བྱ་ཡང་ཁས་ལེན་པས་སྔར་ལྟར་དཔྱད་པའི་ཚེ་མ་རྙེད་ན་གནོད་པ་ཡིན་ཏེ་དེ་དག་ཁས་བླངས་པ་ལྟར་ཡོད་ན་རིགས་པ་དེ་དག་གིས་རྙེད་དགོས་པ་ལས་མ་རྙེད་བའི་ཕྱིར་རོ། །ཚིག་གསལ་ལས་ཕར་ལ་བཀག་བའི་སྐྱོན་རང་ལ་མི་མཚུངས་བའི་རྒྱུ་མཚན་དུ་དཔྱད་བཟོད་ཁས་མི་ལེན་པ་དང་མ་དཔྱད་བ་འཇིག་རྟེན་གྱི་ཐ་སྙད་བྱེད་པ་ལྟར་ཁས་ལེན་པ་འགོད་པས། ལན་འདེབས་ཚུལ་དེ་ལྟར་བྱའི་དཔྱད་བྱེད་ཀྱི་རིགས་པས་སྐྱེ་འཇིག་གནས་པ་ཐམས་ཅད་བཀག་པར་བཟུང་ནས་དེ་ནས་ཁས་ལེན་བཞག་ན། ཕར་ལ་བཀོད་པའི་སྐྱོན་ཐམས་ཅད་མཚུངས་པར་འཇུག་བ་མཐོང་ནས་རང་ལུགས་མེད་ཅེས་སྨྲ་བར་མི་བྱའོ། །འདི་ནི་རབ་བྱེད་ཐམས་ཅད་ལ་གོ་དགོས་ཏེ་དེ་ཡང་ཅི་ཙམ་ཞིག་འགོག་མི་འགོག་གིས་མཚམས་རིག་པ་དང༌། རིགས་པས་དཔྱད་མི་བཟོད་དང་རིགས་པས་གནོད་པ་གཉིས་སོ་སོར་ཕྱེད་པ་ལ་རག་ལས་སོ། །གསུམ་པ་ལ་གཉིས། ཚིག་གསལ་ལས་འབྱུང་བ་དང༌། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས་འབྱུང་བའོ། །དང་པོ་ནི། འདིར་འགྲེལ་པ་ལས། འཇིག་པ་རྒྱུ་མེད་དུ་ཁས་བླངས་ནས་འདུས་བྱས་སྐད་ཅིག་མར་སྨྲ་བ་ལྟར་ན། རྒྱུ་མེད་པས་འཇིག་པ་མེད་པའི་ཕྱིར་དངོས་པོ་སྐད་ཅིག་དང་འཇིག་པ་དང་བྲལ་བ་རྣམས་འདུས་བྱས་སུ་ཇི་ལྟར་འགྲུབ་དེའི་ཕྱིར་དེ་ཐམས་ཅད་མི་འགྲིག་པར་འགྱུར་རོ་ཞེས་བཀག་གོ །དེ་ལ་འཇིག་པ་རྒྱུ་མེད་དུ་སྨྲ་བ་རྣམས་ནི་རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པའི་འཇིག་པ་ནི་དངོས་པོ་དེའི་རྒྱུ་ཉིད་ལས་སྐྱེ་བས་རྒྱུ་དེ་ལས་གཞན་ཕྱིས་བྱུང་གི་རྒྱུ་མེད་པར་འདོད་ལ། སྐད་ཅིག་གཉིས་པར་ཞིག་པ་ནི་དངོས་མེད་


JLD015_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་རྒྱུ་གཏན་མེད་དུ་སྨྲའོ། །དེའི་ཕྱིར་ཞིག་པ་རྒྱུ་མེད་དུ་སྨྲ་བ་ལ་དངོས་པོ་རྣམས་སྐད་ཅིག་གིས་འཇིག་པ་མེད་པས་འདུས་བྱས་སུ་མི་འགྲུབ་པ་དང་འདུས་བྱས་རྣམས་སྐད་ཅིག་མར་སྨྲ་བ་མི་འཐད་པར་སྟོན་པ་འདི་ཇི་ལྟར་རིགས་སྙམ་ན། འདི་ལ་ཞིག་མ་ཞིག་གཉིས་རྒྱུས་སྐྱེད་མི་སྐྱེད་འོག་ནས་མཚུངས་པར་གསུངས་པས་དུས་གཉིས་པར་མ་བསྡད་པ་ལ་རྒྱུ་མེད་ན་དུས་གཉིས་པར་མི་སྡོད་པ་ལ་ཡང་རྒྱུ་མེད་དགོས་པས་སྐད་ཅིག་མ་མེད་པར་འགྱུར་ལ། དེ་ལྟ་ན་འདུས་བྱས་སུ་ཡང་མི་འགྲུབ་ཅིང་འདུས་བྱས་སྐད་ཅིག་མར་སྨྲ་བ་ཡང་མི་འཐད་པའོ། །དེ་ནི་རིགས་པས་འགོག་པ་ཡིན་ལ་ལུང་གིས་འགོག་པ་ནི། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་པ་དང་འདུས་བྱས་ཀྱི་མཚན་ཉིད་རྣམས་འདུ་བྱེད་ཀྱི་ཕུང་པོའི་ནང་དུ་འདུ་བར་གསུངས་པ་ན། སྟོན་པས་འཇིག་པ་རྒྱུ་བཅས་སུ་གསལ་བར་གསུངས་པ་མ་ཡིན་ནམ་ཞེས་པ་ཡིན་ཏེ། ཤི་བ་ནི་སེམས་ཅན་དེ་ཞིག་པ་ཡིན་ལ་དེ་སྐྱེ་བའི་རྐྱེན་གྱིས་སྐྱེ་བར་གསུངས་བས་ཞིག་པ་རྒྱུས་བསྐྱེད་པར་གྲུབ་བོ། །མཚན་ཉིད་སྐྱེ་གནས་འཇག་པ་རྒ་བ་བཞི་འདུ་བྱེད་ཀྱི་ཕུང་པོར་གསུངས་པ་ནི་སྔོན་པོ་ལ་མཚོན་ན། དེའི་སྐྱེ་བའི་བྱ་བ་ལ་སོགས་པའི་བྱ་བ་བཞི་དང་ལྡན་པས་སྔོན་པོ་འདུས་བྱས་སུ་མཚོན་ལ། བྱེད་པ་པོ་སྔོན་པོ་ཉིད་རང་གི་བྱ་བར་འགལ་བས་བྱ་བ་བཞི་གཟུགས་ཕུང་མིན་ལ། ཚོར་བ་དང་འདུ་ཤེས་དང་རྣམ་ཤེས་དང་མཚུངས་ལྡན་འདུ་བྱེད་ཀྱང་མིན་པས་ལྡན་མིན་འདུ་བྱེད་དོ། །འོན་ཀྱང་སྔོན་པོ་སྔར་མེད་གསར་དུ་སྐྱེ་བ་དང་རང་དུས་ན་གནས་པ་དང་རང་གི་དུས་ལས་དུས་གཉིས་པར་མི་སྡོད་པའི་འཇིག་པ་དང༌། སྔ་མ་ལས་གཞན་དུ་འགྱུར་བའི་རྒ་བ་ཡང་ཡིན་པས་སྔོན་པོའི་


JLD015_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ལ་སོགས་པ་ཐམས་ཅད་ལྡན་མིན་དུ་འཆད་པ་མིན་ནོ། །སྔོན་པོའི་འཇིག་པའི་བྱ་བ་ལ་ནི་རང་གི་དུས་གཉིས་པར་ཞིག་པ་ཡང་ཡོད་ལ་དེ་ལྡན་མིན་ཡིན་ན་རང་གི་རྒྱུ་རྐྱེན་གྱིས་འདུ་བྱེད་དགོས་པས་ཞིག་པ་རྒྱུ་བཅས་སུ་གྲུབ་བོ། །སྔོན་པོའི་འཇིག་པའི་བྱ་བ་ཡིན་པས་ཞིག་པ་གཞག་དགོས་པའི་རྒྱུ་མཚན་ནི། སྔོན་པོ་རང་དུས་ཀྱི་མ་ཞིག་པ་དང་དུས་གཉིས་པར་ཞིག་པ་གཉིས་དངོས་པོ་ཡིན་མིན་མཚུངས་པར་སྟོན་པས་དེ་ལྟ་ན་དེའི་ཞིག་པ་ཡང་དེའི་མི་རྟག་པར་འགྱུར་བས་སོ། །འདུས་བྱས་ཀྱི་མཚན་ཉིད་དུ་གསུངས་པའི་དོན་ནི་བྱ་བ་དེ་དག་དང་ལྡན་པས་འདུས་བྱས་སུ་ཤེས་པར་བྱེད་པའི་མཚོན་བྱེད་ཙམ་ཞིག་ལ་དགོངས་ཀྱི། ལྟོ་ལྡིར་བ་བུམ་པའི་མཚན་ཉིད་ཡིན་པ་ལྟ་བུའི་རྣམ་འཇོག་ནི་མིན་ཏེ་མི་རྟག་པ་ལ་སྐད་ཅིག་མའི་རྣམ་འཇག་མེད་པར་ཐལ་བས་སོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་གསུངས་པའི་རིགས་པས་དུས་གཉིས་པར་ཞིག་པ་དེ་དུས་དང་པོར་སྐྱེས་པ་ཙམ་ལ་ལྟོས་ཀྱི་གཞན་ལ་ལྟོས་མི་དགོས་པས། དངོས་པོ་རྣམས་དུས་གཉིས་པར་མི་སྡོད་པའི་སྐད་ཅིག་མར་འཇིག་པ་ཡང་བསྒྲུབ་སླ་སྟེ་དེས་ན་ཕྱོགས་འདི་ལ་དེ་ཐམས་ཅད་ལེགས་པར་གནས་པར་འགྱུར་རོ། །གལ་ཏེ་མྱུ་གུ་ཞིག་པ་ནི་དངོས་མེད་ཡིན་ལ་དེ་ལ་རྒྱུས་ཅི་ཞིག་བྱེད་དེས་ན་དེ་ལ་རྒྱུ་མེད་དོ་སྙམ་ན། འོ་ན་མྱུ་གུ་ཡང་ཡོད་པ་ཡིན་ལ་དེ་ལ་ནི་རྒྱུས་དགོས་པ་ཅི་ཞིག་ཡོད་དེ་སྐྱེས་ཟིན་པ་སླར་ཡང་བསྐྱེད་དུ་མེད་དོ། །འདི་ནི་མྱུ་གུ་ཞིག་པ་ལ་རྒྱུས་ཅི་ཡང་བྱེད་མི་ནུས་ན་མ་ཞིག་པ་རྒྱུས་བྱེད་མི་དགོས་ཞེས་མགོ་མཚུངས་བྱས་པའོ། །འདི་ལ་མ་ཞིག་པ་གྲུབ་ཟིན་པས་ད་གཟོད་རྒྱུས་


JLD015_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་མི་དགོས་ཀྱང་གྲུབ་པ་དེ་ཉིད་རྒྱུས་བྱས་པ་ཡིན་པས་རྒྱུ་ཡོད་དོ་ཞེས་སྨྲ་བ་ལན་དངོས་གཞི་ཡིན་མོད་ཀྱང་དེས་མི་ཕྱེད་པ་ནི་སྟོན་པར་འགྱུར་རོ། །གཞན་ཡང་སྔར་ས་བོན་གྱི་དུས་ན་མེད་ལ་ཕྱིས་ཡོད་པས་མྱུ་གུའི་སྐྱེ་བ་རྒྱུ་དང་བཅས་པ་ཡིན་པ་དེ་བཞིན་དུ་མྱུ་གུའི་ཞིག་པ་ཡང་སྔར་མྱུ་གུའི་དུས་ན་མེད་ལ་ཕྱིས་ཡོད་པའི་ཕྱིར་རྒྱུ་ཡོད་དོ། །གང་ཡང་མྱུ་གུ་ཞིག་པ་ལ་རྒྱུས་ཅི་ཞིག་བྱེད་ཅེས་པ་ནི་མི་རིགས་ཏེ། ཁོ་བོ་ཅག་ཀྱང་དེ་ལ་རྒྱུས་ད་གཟོད་གཞན་ཞིག་བྱེད་པར་ནི་མི་འདོད་ཀྱི་མྱུ་གུ་ཞིག་པ་དེ་ཉིད་རྒྱུས་བྱེད་པ་ཡིན་ནོ། །དེ་ལྟ་ན་དེ་དངོས་པོར་འགྱུར་རོ་ཞེ་ན། འདོད་པ་ཡིན་ཏེ་དེ་ནི་རང་གི་ངོ་བོ་ལ་ལྟོས་ནས་དངོས་པོ་ཡིན་ལ་མྱུ་གུ་ལ་ལྟོས་ནས་དངོས་པོར་མེད་དོ། །གཞན་ཡང་ས་བཅུ་པ་ལས། འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ་འདུ་བྱེད་འཇིག་པར་ཡང་བྱེད་པ་དང་ཡོངས་སུ་མི་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ། །ཞེས་གསུངས་པས་ཞིག་པས་བྱ་བ་བྱེད་ནུས་པས་རྒྱུ་དང་བཅས་པའོ། །སྐབས་འདི་དག་ཏུ་ཚིག་གསལ་ལས། འཇིག་པ་ཞེས་གསུངས་པ་ནི་རང་ཉིད་ཞིག་པ་ཡང་འཇིག་པར་བཞེད་པའི་དབང་དུ་མཛད་ཀྱི་ཕ་རོལ་པོ་ནི་ཞིག་འཇིག་འགལ་བར་འདོད་པས་འདིར་ཞིག་པ་ལ་བཤད་དོ། །མྱུ་གུས་ནི་དངོས་པོ་གཞན་གྱི་ཞིག་པ་ཡང་ཤེས་པར་བྱའོ། །གཉིས་པ་ནི། དེ་ལ་སྐད་ཅིག་དང་པོར་ཡོད་པ་གཉིས་པར་ཞིག་པའི་རྒྱུ་ནི་བཤད་ཟིན་ལ། དེ་ལས་གཞན་པའི་རྒྱུན་གྱི་ཞིག་པའི་རྒྱུ་ནི་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། མར་དང་སྙིང་པོ་ཟད་པ་མར་མེ་ཤི་བའི་རྒྱུར་བཤད་པ་ལྟ་བུ་རྣམས་ཡིན་ནོ། །འདི་ལ་ཕ་རོལ་པོས་མར་དང་སྡོང་བུ་ཟད་པ་མར་མེ་ཤི་བའི་རྒྱུ་མིན་གྱི་མར་དང་


JLD015_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྡོང་བུ་ཟད་པ་ནི་མར་མེའི་སྐད་ཅིག་ཐ་མས་དེའི་རིགས་འདྲ་མ་འོངས་པ་སྐྱེད་པའི་རྐྱེན་མ་ཚང་བ་ཡིན་ལ། མ་འོངས་པ་ཡང་སྐྱེ་བའི་རྐྱེན་མ་ཚང་བས་མ་སྐྱེས་སོ་ཞེས་སྨྲ་བ་ལ་དེ་ལྟ་ན་རྐྱེན་མ་ཚང་བ་མ་ཡིན་ན་དེ་ངེས་པར་སྐྱེ་བས། རྐྱེན་མ་ཚང་བ་མ་འོངས་པ་མི་སྐྱེ་བའི་རྒྱུར་ཁས་བླངས་ལ་དེའི་ཕྱིར་གནས་པའི་རྒྱུ་ཟད་པས་འབྲས་བུ་གནས་པ་ཟད་པར་ཁས་བླངས་པར་འགྱུར་རོ་ཞེས་བཤད་དོ། །མྱུ་གུ་སྐྱེ་འགྱུར་ད་ལྟ་མ་སྐྱེས་པའི་མ་འོངས་པའི་རྒྱུ་ཡང་རྐྱེན་སྔར་ཡོད་ཟད་ནས་མ་ཚང་བ་ལ་བཞེད་དེ་མྱུ་གུ་ཞིག་པ་དངོས་པོར་འཇོག་པ་ལ་མ་འོངས་པ་ལ་ཡང་འདི་འདྲ་ཞིག་བཞེད་དགོས་སོ། །མར་དང་སྡོང་བུ་ཟད་པ་རྒྱུར་མི་རུང་བར་བརྩད་པའི་ལན་དུ། དེ་དག་མ་ཟད་པའི་ཡོད་པ་ཡང་རྒྱུར་མི་འཐད་དོ་ཞེས་མགོ་མཚུངས་མཛད་ནས། ས་བོན་ནི་ཡོད་པའི་གནས་སྐབས་ཁོ་ནར་མྱུ་གུའི་རྒྱུར་མི་རྟོགས་ཞེས་སོགས་བཤད་པའི་དོན་ནི་སྔར་བཤད་ཟིན་ཏོ། །དེས་ནས་མྱུག་ལ་སོགས་པའི་རྒྱུ་འབྲས་འདི་དག་ནི་འཇིག་རྟེན་པས་མཐོང་བ་ལྟར་གཞག་དགོས་ལ་འཇིག་རྟེན་ན་ནི་ཆུ་མེད་པས་ང་ཡི་འབྲས་ཉེས་སོ། །ཟས་མེད་པས་ང་ཡི་བུ་ཤིའོ་ཞེས་སྔ་མ་མེད་པས་ཕྱི་མ་བརླག་པ་བྱས་པར་སྨྲའོ། །དེ་ཡང་ཟས་དང་ཆུ་མ་ཟད་པ་བུ་འཚོ་བ་དང་འབྲས་ལེགས་པའི་རྒྱུར་བྱེད་པ་བཞིན་དུ་དེ་དག་ཟད་པ་ཡང་དེ་རྣམས་ཟད་པའི་རྒྱུར་འཇོག་པའི་ཕྱིར། ཟད་པ་མིན་པའི་དེ་དག་མེད་པ་དང་མི་འདྲ་སྟེ་དེས་འབྲས་བུའི་ཕྱོགས་ཀྱང་ཤེས་པར་བྱའོ། །འདི་ནི་འོག་ནས་དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་པ་དང་རིགས་པ་དྲུག་ཅུ་པ་ལས་ཀྱང༌། རྒྱུ་ཟད་


JLD015_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་ཞི་བ་ནི། །ཟད་ཅེས་བྱ་བར་དམིགས་པ་ཏེ། །ཞེས་གསུངས་པའི་དོན་ཡིན་ལ་བརྒྱ་པ་ལས་ཀྱང༌། འབྲས་བུ་ཡིས་ནི་རྒྱུ་བཤིག་པ། །དེས་ན་མེད་པ་སྐྱེ་མི་འགྱུར། །ཞེས་རྒྱུ་འགགས་པ་འབྲས་བུ་སྐྱེ་བཞིན་པས་བྱས་པར་བཤད་པས་འཕགས་པ་ཡབ་སྲས་ཀྱི་བཞེད་པའོ། །མྱུ་གུ་ཞིག་པའི་འདས་པ་དངོས་པོར་བཞེད་པའི་གནད་ཀྱིས་མྱུ་གུའི་མ་འོངས་པ་ཡང་དེ་དང་འདྲ་སྟེ། དེས་ན་མེད་པ་སྐྱེ་མི་འགྱུར་གྱི་ཡང་དོན་ནོ། །འདས་མ་འོངས་ཀྱི་འཇོག་ཚུལ་འདི་ནི་རང་གི་ངོ་བོས་གྲུབ་པ་ལ་མི་འཐད་ཀྱང་རང་བཞིན་དེ་ཐ་སྙད་དུ་ཡང་ཁས་མི་ལེན་པའི་ལུགས་ལ་ཤིན་ཏུ་འཐད་པར་བརྒྱ་པའི་འགྲེལ་པ་ལས་གསུང་ལ་ལུགས་འདི་ལ་ཤིན་ཏུ་གལ་ཆེ་ཡང་གྲགས་ཆུང་བར་འདུག་པས་ཞིབ་ཏུ་བཤད་དོ། །གཉིས་པ་ནི། གལ་ཏེ་འདུས་བྱས་ཀྱི་སྤྱིའི་མཚན་ཉིད་སྐྱེ་འཇིག་གནས་པ་རྣམས་བཀག་མོད་ཀྱང་ཁྱད་པར་གྱི་མཚན་ཉིད་སྲ་བ་དང་ལྐོག་ཤལ་སོགས་པ་དང་ལྡན་པའི་འདུས་བྱས་རང་བཞིན་གྱིས་ཡོད་དོ་ཞེ་ན། འདི་ལྟར་སྐྱེ་བ་དང་གནས་པ་དང་འཇིག་པ་དག་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་ན་འདུས་བྱས་རང་བཞིན་གྱིས་མེད་དོ། །དེའི་ཕྱིར་དེའི་ཁྱད་པར་རྣམས་རང་བཞིན་གྱིས་གྲུབ་པ་མེད་དོ། །གཉིས་པ་ནི། གལ་ཏེ་འདུས་བྱས་ནི་རང་བཞིན་གྱིས་ཡོད་དེ་དེའི་མི་མཐུན་ཕྱོགས་འདུས་མ་བྱས་ཡོད་པའི་ཕྱིར་རོ་ཞེ་ན། འདུས་བྱས་ནི་སྔར་བཤད་པ་ལྟར་རང་གི་ངོ་བོ་ཉིད་ཀྱིས་རབ་ཏུ་མ་གྲུབ་པས་འདུས་མ་བྱས་སོ་སོར་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང༌། ནམ་མཁའ་དང་དེ་བཞིན་ཉིད་བཞི་པོ་ནི་ཇི་ལྟར་ན་ངོ་བོ་ཉིད་ཀྱིས་ཡོད་པ་འགྲུབ་སྟེ་མི་འགྲུབ་བོ་ཞེས་གསལ་བར་བསྟན་ནོ། །


JLD015_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཞུང་ལས་འདུས་བྱས་བདེན་པ་བ་རྒྱས་པར་བཀག་པས་འདུས་མ་བྱས་ནི་བདེན་པར་ཇི་ལྟར་འགྲུབ་ཅེས་གསུངས་པའི་དགོངས་པ་ནི། འདུས་མ་བྱས་བདེན་པར་འདོད་པས་ཀྱང་ཚད་མའི་གཞལ་བྱར་འདོད་དགོས་ལ་དེ་ལྟ་ན་རེ་ཞིག་གཞལ་བ་མི་འཇལ་ཏེ། ཞེས་སོགས་ཀྱི་རིགས་པ་དང༌། ཐོབ་བྱར་འདོད་ནའང་རེ་ཞིག་ཐོབ་པ་མི་འཐོབ་སྟེ། ཞེས་སོགས་དང་གཞི་འདི་འདྲ་ཞིག་ལ་གནས་ཞེས་འདོད་ནའང་རེ་ཞིག་གནས་པ་མི་གནས་ཏེ། ཞེས་སོགས་ཀྱིས་དགག་གོ །དེ་བཞིན་དུ་ཐོབ་བྱེད་ཀྱི་རྒྱུ་འདོད་ནའང་ཕུང་པོ་བརྟག་པར་བཤད་པ་བཞིན་དུ་དགག་ལ། ཡང་དེ་དག་ལ་མཚན་མཚོན་ནི་འདོད་དགོས་ལ་དེ་ལྟ་ན་ཁམས་བརྟག་ནས་བཤད་པ་བཞིན་དུ་དགག་སྟེ། དེས་མཚོན་ནས་རབ་བྱེད་སྔར་བཤད་པ་གཞན་ནས་འབྱུང་བའི་རིགས་པ་ཡང་འདོན་པ་བསྒྱུར་ལ་དགག་གོ །རིགས་པ་དེས་འདུས་མ་བྱས་ཐོབ་བྱ་སོགས་སུ་བདེན་པར་འདོད་པ་མི་ཁེགས་ན་འདུས་བྱས་བདེན་པ་ཡང་དགག་མི་ནུས་པ་རྣམ་པ་ཐམས་ཅད་དུ་མཚུངས་སོ། །དེས་ན་འཕགས་པའི་རབ་བྱེད་རེ་རེའི་རིགས་པ་ལེགས་པོར་ཤེས་ནའང་དེ་འདྲ་བའི་ལོག་རྟོག་ཐམས་ཅད་ལྡོག་པས་འདུས་བྱས་མི་བདེན་ཀྱང་འདུས་མ་བྱས་བདེན་པར་གྲུབ་པོ་ཞེས་པ་ནི་རིགས་པ་མི་ཤེས་པའི་གཏམ་མོ། །གསུམ་པ་ནི། གལ་ཏེ་སྐྱེ་འཇིག་གནས་པ་ངོ་བོ་ཉིད་ཀྱིས་མ་གྲུབ་ན་འདུས་བྱས་སྐྱེ་བར་ཡང་མངོན་ནོ་ཞེས་སོགས་གསུངས་པ་དེ་ཇི་ལྟར་རིག་པར་བྱ་ཞེ་ན། རྨི་ལམ་ཇི་བཞིན་པ་དང་སྒྱུ་མ་ཇི་བཞིན་པ་དང་དྲི་ཟའི་གྲོང་ཁྱེར་ཇི་བཞིན་པ་དེ་བཞིན་དུ་སྐྱེ་བ་དང་དེ་


JLD015_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གནས་པ་དང་དེ་བཞིན་དུ་འཇིག་པ་གསུངས་ཀྱི་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་སོགས་གསུངས་པ་མིན་ནོ། །ཇི་ལྟར་སྒྱུ་མ་ལ་སོགས་པ་ལ་ཇི་ལྟར་སྣང་བ་ལྟར་གྱི་རང་བཞིན་མེད་ཀྱང་དེ་རྣམས་སྒྲའི་ཐ་སྙད་ཀྱི་ལམ་དུ་འགྱུར་བ་བཞིན་དུ་སྐྱེ་བ་ལ་སོགས་པ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཀྱང་འཇིག་རྟེན་ལ་གྲགས་པ་ཙམ་གྱི་སྒོ་ནས་བསྟན་ནོ། །མདོར་ན་རང་གི་ངོ་བོས་སྐྱེ་འཇིག་སོགས་མ་གྲུབ་ཀྱང་དེར་སྣང་བའི་སྒྱུ་མ་ལྟ་བུ་ལ་དེ་དག་འཇོག་པ་ཡིན་པས་དེ་དག་གསུངས་པའི་ལུང་དང་མི་འགལ་ཏེ། སྐྱེ་འཇིག་སོགས་གཞག་ས་ཡེ་མ་བྱུང་ན་ལུང་དང་འགལ་བ་ཡིན་ནོ། །སྐྱེ་བ་ལ་སོགས་པ་མངོན་སུམ་གྱི་བློའི་གཟུང་བྱ་ཡིན་པ་དང༌། དེ་རྣམས་ལ་བྱེད་པ་པོ་ཡོད་པ་དང་སེམས་ཅན་མང་པོས་ཐུན་མོང་དུ་གཟུང་བྱ་ཡིན་པས། བདེན་པར་ཡོད་དོ་སྙམ་པ་བཟློག་པའི་ཕྱིར་རིམ་པ་བཞིན་དུ་རྨི་ལམ་ལ་སོགས་པའི་དཔེ་གསུམ་གསུངས་པར་ཤེས་རབ་སྒྲོན་མ་ལས་བཤད་དོ། །གཉིས་པ་ནི། དེ་ལྟར་སྐྱེ་གནས་འཇིག་པ་ངོ་བོ་ཉིད་ཀྱིས་མ་གྲུབ་པར་རིགས་པས་གཏན་ལ་ཕབ་པ་དེ་ཉིད་ངེས་དོན་གྱི་ལུང་དང་ཡང་ལྡན་པར་ཡང་བསྟན་པ་དང༌། གཟུགས་ལ་སྐྱེ་བ་མེད་དོ་ཞེས་པའི་འགྲེས་དང་གཟུགས་ལ་གནས་པར་མི་བྱའོ་ཞེས་པའི་འགྲེས་དང་གཟུགས་མི་འཇིག་ཅེས་པའི་འགྲེས་རྣམས་ཀྱིས་གསུང་རབ་ལས་བཤད་པ་དེ་ཐམས་ཅད་རབ་བྱེད་འདི་ནི་རིགས་པ་ཁྱེར་ནས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ། ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྨོས་ན་ཏིང་ངེ་འཛིན་རྒྱལ་པོ་ལས། ལྤགས་རྒྱུས་ཤ་རུས་འདུས་པ་འདི་


JLD015_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི །ཆུང་མ་ཡིན་སྙམ་འདུ་ཤེས་བསྐྱེད་ནས་ནི། །བྱིས་པ་རྨོངས་རྣམས་འདོད་ཆགས་སྐྱེད་བྱེད་ཅིང༌། །སྒྱུ་མ་ཇི་བཞིན་བུད་མེད་མི་ཤེས་སོ། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་དྲི་ཟའི་གྲོང་ཁྱེར་སྨིག་རྒྱུ་དང༌། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་འདྲ་བར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་བྱ་སྟེ། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང༌། །ཞེས་པ་དང༌། འདུས་བྱས་འདུས་མ་བྱས་ཀུན་དབེན་པ་སྟེ། །དྲང་སྲོང་དེ་དག་ལ་ནི་རྣམ་རྟོག་མེད། །འགྲོ་བ་ཀུན་ཏུ་འདུས་མ་བྱས་ཐོབ་པས། །ལྟ་བ་དག་ལས་འཁོར་མོར་རྣམ་པར་དབེན། །གང་དག་འདི་འདྲའི་ཆོས་རྣམས་ཤེས་པ་ནི། །རྟག་ཏུ་མི་ཆགས་མི་གཏུམ་མི་རྨོངས་ཏེ། །དེ་ཡི་སེམས་ནི་རང་བཞིན་མཉམ་པར་བཞག །དེ་ནི་ཏིང་འཛིན་སྟོབས་ཅན་སྟོབས་དང་ལྡན། །ཞེས་གསུངས་སོ། །གསུམ་པ་ནི། སྐྱེ་གནས་འཇིག་པ་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་ཙམ་མིན་པར་རང་གི་ངོ་བོ་ཉིད་ཀྱིས་ཡོད་པར་བཟུང་བ་ལྟར་ཡོད་ན། དེ་གསུམ་གང་ཡང་གཞག་ཏུ་མེད་པར་རིགས་པས་གཏན་ལ་ཕབ་པ་བཞིན་ངེས་པར་བྱ། དེ་ནས་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ལ་དེ་རྣམས་ཤིན་ཏུ་འཐད་པ་དང་འདུས་བྱས་ཐམས་ཅད་ངོ་བོ་ཉིད་ཀྱིས་ཡོད་པས་སྟོང་ཡང་དེ་དང་དེའི་ངོ་བོར་སྣང་བ་སྒྱུ་མ་དང་རྨི་ལམ་ཇི་ལྟ་བ་དེ་བཞིན་དུ་འཆར་བ་ལ་བསླབ་བོ། །སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་སོ་བཞིའི་བདག་ཉིད་རབ་ཏུ་བྱེད་པ་བདུན་པའི་


JLD015_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བཤད་པའོ།། །།གསུམ་པ་རྒྱུ་ལས་དང་བྱེད་པ་པོ་ཡོད་པ་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་བ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི་འདིར་སྨྲས་པ། རྣམ་ཤེས་ལ་སོགས་པ་འདུས་བྱས་ཀྱི་ཆོས་ནི་རང་བཞིན་གྱིས་ཡོད་དེ་དེའི་རྒྱུ་ལས་དང་ལས་དེའི་བྱེད་པ་པོ་ཡོད་པའི་ཕྱིར་རོ། །སྟོན་པས་ཀྱང་མ་རིག་པ་དང་རྗེས་སུ་འདྲེལ་པའི་སྐྱེས་བུ་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །བསོད་ནམས་མ་ཡིན་པ་དང་མི་གཡོ་པ་མངོན་པར་འདུ་བྱ་བ་ཡང་འདུ་བྱེད་དོ། །ཞེས་བྱ་བ་ལ་སོགས་པས། ལས་ཀྱི་བྱེད་པ་པོ་དང་དེའི་ལས་དང་འབྲས་བུ་རྣམ་ཤེས་ལ་སོགས་པ་ཡང་ཉེ་བར་བསྟན་ནོ། །འདི་དགག་པ་ལ་གསུམ་ལས་དང་བྱེད་པ་པོ་ངོ་བོ་ཉིད་ཀྱིས་གྲུབ་པ་དགག །ཐ་སྙད་དུ་ལས་དང་བྱེད་པ་པོ་འཇོག་པའི་ཚུལ། རིགས་པ་དེ་གཞན་ལ་ཡང་སྦྱར་བའོ། །དང་པོ་ལ་གཉིས། ཕྱོགས་མཐུན་གྱི་བྱ་བྱེད་ངོ་བོ་ཉིད་ཀྱིས་གྲུབ་པ་དགག །ཕྱོགས་མི་མཐུན་གྱི་བྱ་བྱེད་ངོ་བོ་ཉིད་ཀྱིས་གྲུབ་པ་དགག་པའོ། །དང་པོ་ལ་གཉིས། མུ་དང་པོ་གཉིས་ཀྱི་བྱ་བྱེད་དགག །མུ་གསུམ་པའི་བྱ་བྱེད་དགག་པའོ། །དང་པོ་ལ་གཉིས། དམ་བཅའ་གཞག །སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། འདིས་བྱེད་པས་ན་བྱེད་པ་པོ་སྟེ་བྱ་བ་ཅུང་ཟད་ཅིག་བྱེད་པ་ཁོ་ན་ལ་བྱེད་པ་པོར་བསྙད་ཀྱི་མི་བྱེད་པ་ནི་མ་ཡིན་ལ། བྱ་བ་བྱེད་པ་དེ་ཡང་བྱེད་པ་པོ་ཡིན་པར་གྱུར་པ་དང་ཡིན་པར་མ་གྱུར་པ་དང་ལྟོས་ས་སོ་སོ་ལ་ལྟོས་ནས་ཡིན་པ་དང་མ་ཡིན་པར་གྱུར་པ་ལ་རྟོག་པ་ཞིག་སྟེ་གསུམ་ལས་མེད་དོ། །འདི་བྱ་བས་ན་ལས་ཏེ་བྱེད་པ་པོའི་འདོད་པར་གྱུར་པ་དམ་


JLD015_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ཡང་གསུམ་སྟེ་ལས་ཡིན་པར་གྱུར་པ་དང་མ་ཡིན་པར་གྱུར་པ་དང་སོ་སོ་ལ་ལྟོས་ནས་ཡིན་མིན་གཉིས་ཀར་གྱུར་པའོ། །དེ་ལ་བྱེད་པ་པོ་ཡིན་པར་གྱུར་བ་བྱ་བ་དང་ལྡན་པ་དེ་ལས་སུ་གྱུར་པ་སྟེ་བྱ་བ་དང་ལྡན་པ་མི་བྱེད་དོ་ཞེས་པ་ནི་དམ་བཅའ་གཅིག་གོ །བྱེད་པ་བོ་མ་ཡིན་པར་གྱུར་བ་བྱ་བ་དང་བྲལ་བ་ཡང་ལས་སུ་མ་གྱུར་པ་སྟེ་བྱ་བ་དང་བྲལ་བ་མི་བྱེད་དོ་ཞེས་པ་ནི་དམ་བཅའ་གཉིས་པའོ། །གཉིས་པ་ལ་གཉིས། དམ་བཅའ་དང་པོའི་སྒྲུབ་བྱེད་དང༌། དམ་བཅའ་གཉིས་པའི་སྒྲུབ་བྱེད་དོ། །དང་པོ་ལ་གཉིས། སུས་ཀྱང་མ་བྱས་པའི་ལས་ཡོད་པར་ཐལ་བས་དགག །ཅི་ཡང་མི་བྱེད་པའི་བྱེད་པ་པོ་ཡོད་པར་ཐལ་བས་དགག་པའོ། །དང་པོ་ནི། བྱེད་པ་པོར་ནི་བྱ་བ་བྱེད་པའི་རྒྱུ་མཚན་གྱིས་འཇོག་པས་བྱ་བ་དང་ལྡན་པ་ཁོ་ནས་བྱེད་པ་པོའི་ཐ་སྙད་འཐོབ་བོ། །དེ་ལྟར་བྱ་བ་དང་ལྡན་པས་བྱེད་པ་པོ་ཡིན་པར་གྱུར་པ་དེ་ལ་ནི་ད་གཟོད་གང་གིས་ལས་དེ་བྱེད་པར་འགྱུར་བའི་བྱ་བ་གཞན་མེད་དོ། །གང་གི་ཚེ་བྱ་བ་གཞན་མེད་པས་བྱེད་པ་པོ་ལས་མི་བྱེད་པ་དེ་ཡི་ཚེ་བྱེད་པ་པོ་ལ་ལྟོས་པ་མེད་པའི་ལས་སུའང་འགྱུར་ན། བྱེད་པ་པོ་མེད་པའི་ལས་ནི་མི་སྲིད་དེ་མོ་གཤམ་གྱི་བུས་བུམ་པ་བྱེད་པ་བཞིན་ནོ། །དེ་ལྟར་ཐལ་བ་བཟློག་པ་ན་བྱེད་པ་པོ་མེད་པའི་ལས་མི་སྲིད་པའི་གཏན་ཚིགས་ཀྱིས་བྱེད་པ་པོ་ཡིན་པར་གྱུར་བ་ལས་ཡིན་པ་བྱེད་པ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དོ་ཞེས་དམ་བཅའ་དང་པོ་སྒྲུབ་བོ། །གལ་ཏེ་རྫ་བུམ་བཟོ་བའི་བྱ་བ་བྱེད་པ་དེ་ཉིད་ཀྱིས་རྫ་མཁན་བུམ་པའི་བྱེད་པ་པོར་ཡང་འཇོག་ལ་རྫ་བུམ་བཟོ་བའི་ལས་ཀྱང་བྱས་པ་མ་


JLD015_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ། རྫ་བུམ་བཟོ་བའི་བྱ་བ་བྱེད་པའི་རྒྱུ་མཚན་གྱིས་རྫ་མཁན་བུམ་པའི་བྱེད་པ་པོར་དང་པོར་བཞག་ནས། དེའི་འོག་ཏུ་བྱ་བ་དེ་མིན་པའི་བྱ་བ་ཞིག་བྱ་དགོས་པ་ལ་བྱ་བ་གཞན་མེད་པས། རྫ་བུམ་བཟོ་བའི་ལས་དེ་བྱེད་པ་པོས་མ་བྱས་པའི་ལས་སུ་འགྱུར་རོ་ཞེས་པའི་སུན་འབྱིན་འདི་ཇི་ལྟར་རིགས་ཤེ་ན། དེ་ལ་བྱེད་པ་པོ་ཡིན་པས་ལས་ཡིན་པ་བྱེད་ཅིང་དེ་ཡང་བྱ་བ་གཅིག་བྱེད་པ་དེ་ཉིད་ཀྱིས་བྱེད་པ་པོ་དང་ལས་དེ་བྱས་པར་ཡང་འཇོག་པ་ནི་ཐ་སྙད་དུ་རང་ཡང་དེ་ལྟར་འདོད་དེ། དཔེར་ན་ལྷས་བྱིན་ཕྱག་འཚལ་བའི་བསོད་ནམས་ཀྱི་འདུ་བྱ་བ་འདུ་བྱེད་དོ་ཞེས་པ་ལ་ལྷས་བྱིན་ལས་དེ་བྱེད་པ་པོ་ཡིན་ལ་ཕྱག་འཚལ་བའི་ལས་དེ་བསོད་ནམས་ཀྱི་འདུ་བྱ་བར་གསུངས་པས་ལས་སོ། །དེ་འདུ་བྱེད་པར་གསུངས་པས་ལས་སུ་གྱུར་པ་ཞིག་བྱེད་པ་ཡིན་ནོ། །དེ་ལྟ་ནའང་བྱེད་པ་པོ་དང་ལས་ངོ་བོ་ཉིད་ཀྱིས་གྲུབ་པར་སྨྲ་ན་ལས་སུ་བྱ་བ་གཅིག་བྱེད་པ་དེས་བྱེད་བ་པོ་དང་ལས་བྱས་པ་གཉིས་ཀར་འཇོག་མི་ནུས་པས་སུན་འབྱིན་དེ་འཇུག་སྟེ། འདི་ལྟར་བཟོ་པའི་ལས་དེ་རྫ་མཁན་དང་འཇིམ་པ་གཉིས་ཀ་ལ་བརྟེན་ལ་གཞི་དེ་གཉིས་རང་གི་མཚན་ཉིད་ཀྱིས་སོ་སོར་གྲུབ་ན་བྱ་བ་ཡང་རིས་སུ་ཆད་ནས་སོ་སོར་གནས་དགོས་པས་ཐུན་མོང་དུ་བྱ་བ་གཅིག་རྟེན་པ་འགལ་བ་ཡིན་ཏེ་སྔར་བཤད་ཟིན་པ་ལྟར་རོ། །དེས་ན་བྱེད་པ་པོར་རྣམ་པར་འཇོག་བའི་བྱ་བ་དེ་མིན་པའི་བྱ་བ་གཉིས་པ་ཞིག་མ་བྱས་ན། བྱེད་པ་པོ་ཡིན་པས་ལས་ཡིན་པ་བྱས་པར་མི་འགྱུར་བ་ཡིན་ཏེ་སྔར་གྱི་ཐལ་བ་བཟློག་པའི་རྟགས་ཀྱི་ཁྱབ་བ་ཡང་འདིས་འགྲུབ་བོ། །བྱེད་


JLD015_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བ་པོར་འདོད་པ་དེས་རང་གིས་བྱ་རྒྱུའི་ལས་དེ་མི་བྱེད་ན་བྱེད་པ་པོར་ཡང་མི་འགྲུབ་པས། འདིར་དེས་བྱ་རྒྱུའི་ལས་དེ་སུས་ཀྱང་མ་བྱས་པའི་ལས་སུ་ཐལ་བའི་སྐྱོན་བརྗོད་མཛད་ཀྱི་གང་ཟག་དེ་ཅི་ཡང་མི་བྱེད་བའི་བྱེད་པ་པོར་འགྱུར་བའི་སྐྱོན་བརྗོད་མ་མཛད་དོ། །གཉིས་པ་ནི། ལས་ཡིན་པར་ནི་བྱེད་པ་པོས་བྱས་པའི་རྒྱུ་མཚན་གྱིས་འཇོག་པས་བྱ་བ་དང་ལྡན་པ་ཁོ་ནས་ལས་ཀྱི་ཐ་སྙད་འཐོབ་བོ། །དེ་ལྟར་བྱ་བ་དང་ལྡན་པས་ལས་ཡིན་པར་གྱུར་པ་དེ་ལ་ནི་ད་གཟོད་གང་གིས་ལས་དེ་བྱེད་པར་འགྱུར་བའི་བྱ་བ་གཞན་མེད་དོ། །གང་གི་ཚེ་བྱ་བ་གཞན་མེད་པས་བྱེད་པ་པོ་ལས་མི་བྱེད་པ་དེའི་ཚེ་ལས་མེད་པ་སྟེ་ལས་མི་བྱེད་པ་ཁོ་ནར་གང་ཟག་དེ་བྱེད་པ་པོར་ཡང་འགྱུར་ན། ལས་མི་བྱེད་པའི་བྱེད་པ་པོ་ནི་མེད་དེ་མཚམས་མེད་པའི་ལས་མི་བྱེད་པ་ནི་དེའི་བྱེད་པ་པོར་མ་མཐོང་བ་བཞིན་ནོ། །ཞེས་ཐལ་བ་བཟློག་པའི་རྟགས་ཀྱིས་ལས་ཡིན་པ་བྱེད་པ་པོ་ཡིན་པས་བྱེད་པ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དོ་ཞེས་སྒྲུབ་བོ། །སུན་འབྱིན་འདི་འཇུག་ལུགས་ཀྱང་སྔར་བསྟན་པས་ཤེས་པར་བྱའོ། །ལས་སུ་འདོད་པ་དེ་རང་བྱེད་མཁན་གྱིས་མ་བྱས་ན་ལས་ཡིན་པར་ཡང་མི་འགྲུབ་པས་འདིར་དེ་བྱེད་མཁན་དེ་ཅི་ཡང་མི་བྱེད་བའི་བྱེད་པ་པོར་འཕངས་ཀྱི་བྱ་རྒྱུ་སུས་ཀྱང་མ་བྱས་བའི་ལས་སུ་མ་འཕངས་སོ། །གཉིས་པ་ལ་གཉིས། རྒྱུ་མེད་དུ་ཐལ་བས་དགག །དེ་འདོད་པ་ལ་གནོད་པ་བརྗོད་པའོ། །དང་པོ་ནི། གལ་ཏེ་བྱེད་པ་པོར་མ་གྱུར་པས་ལས་སུ་མ་གྱུར་པ་བྱེད་པར་འདོད་ན་ནི་ལས་ཏེ་གང་ཟག་དེས་བྱ་རྒྱུ་དེ་ལ་ནི་རྒྱུ་ནི་མེད་པར་


JLD015_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་བྱ་བ་དང་བྲལ་བའི་ཕྱིར་རོ། །དེར་མ་ཟད་གང་ཟག་དེ་རང་གི་བྱ་བ་བྱེད་པ་པོར་འཇོག་པའི་རྒྱུ་ཡང་མེད་པར་འགྱུར་ཏེ་བྱ་བ་དང་བྲལ་བའི་ཕྱིར་རོ། །གཉིས་པ་ནི། བྱ་རྒྱུ་དང་བྱེད་མཁན་ལ་རྒྱུ་མེད་ན་ནི་འབྲས་བུ་རྫ་བུམ་མེད་དེ་དེའི་རྒྱུ་མེད་པའི་ཕྱིར་རོ། །རྫ་བུམ་མེད་ན་དེའི་བྱེད་རྒྱུ་འམ་ལྷན་ཅིག་བྱེད་རྐྱེན་འཁོར་ལོ་ལ་སོགས་པ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཉིས་པོ་དེ་མེད་ན་ནི་འབྲས་བུ་བུམ་པ་ཅི་ཞིག་བྱེད་པ་ལ་བྱ་བ་ཡོད་པ་དང་བྱ་བ་གང་ཞིག་ལ་རྫ་མཁན་རང་དབང་དུ་གྱུར་པས་བྱེད་པ་པོ་དང༌། འཇི་པ་ཡང་བསྒྲུབ་བྱ་དེའི་བདག་ཉིད་ཀྱིས་ལས་སྒྲུབ་པར་བྱེད་པ་དམ་པ་ཡིན་པའི་སྒོ་ནས་བྱེད་པར་མི་རིགས་སོ། །བྱ་བ་ལ་སོགས་པ་གསུམ་མི་རིགས་ན་ནི་ཆོས་དགེ་བ་བཅུ་ལ་སོགས་པ་དང་ཆོས་མིན་པ་མི་དགེ་བ་བཅུ་ལ་སོགས་པ་ཡོད་པ་མ་ཡིན་པར་འགྱུར་ཏེ། སྤོང་བ་དང་བསྟེན་པའི་བྱ་བ་ལ་རང་དབང་དུ་གྱུར་པའི་བྱེད་པ་པོས། ལུས་ངག་ཡིད་གསུམ་བྱེད་པར་གྱུར་བའི་སྒོ་ནས་སྤོང་བ་དང་བསྟེན་པའི་བྱ་བ་བྱེད་པའི་ཚེ་ཆོས་དང་ཆོས་མ་ཡིན་པ་སྐྱེ་བའི་ཕྱིར་རོ། །ཆོས་དགེ་བ་དང་ཆོས་མིན་མི་དགེ་བ་མེད་ན་ནི་དེ་གཉིས་ལས་བྱུང་བའི་འབྲས་བུ་ཡིད་དུ་འོང་བ་དང་མི་འོང་བ་མེད་པར་འགྱུར་རོ། །འབྲས་བུ་དེ་གཉིས་མེད་ན་ནི་ཐར་པའི་ཆེད་དུ་དེར་འགྱུར་བའི་ལམ་ཡན་ལག་བརྒྱད་སྒོམ་པ་དང༌། མཐོ་རིས་ཏེ་གཟུགས་གཟུགས་མེད་ཀྱི་བདེ་འགྲོའི་ཆེད་དུ་དེར་འགྱུར་བའི་ལམ་བསམ་གཏན་དང་གཟུགས་མེད་སྒོམ་པ་མི་འཐད་ཅིང༌། གཞན་ཡང་ཞིང་ལས་ལ་སོགས་པའི་འཇིག་རྟེན་པའི་བྱ་བ་རྩོམ་པ་ཐམས་ཅད་ཀྱང་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་ན་དོན་མེད་པ་ཡང་


JLD015_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ནོ་ཞེས་བཟློག་སྟེ། རིམ་པ་བཞིན་བཟློག་པས་བྱེད་པ་པོར་མ་གྱུར་པས་ལས་སུ་མ་གྱུར་པ་བྱེད་དོ་ཞེས་པ་ཉེས་པ་ཀུན་གྱི་འབྱུང་གནས་སུ་གྱུར་པ་ཁས་བླང་བར་མི་བྱའོ། །གཉིས་པ་ནི། རྣམ་གྲངས་ཀྱི་ཚུལ་སྨྲ་བ་དག་རྫས་ལ་ལྟོས་ནས་བྱེད་པ་པོ་དང་ལས་ཡིན་ལ་བྱེད་པ་པོ་དང་བྱེད་པའི་སྔ་རོལ་དུ་དེ་གཉིས་མིན་པར་སྨྲ་བ་ལྟར་བྱེད་པ་པོར་གྱུར་པ་དང་བྱེད་པ་པོར་མ་གྱུར་པ་གཉིས་ཀས་ལས་སུ་གྱུར་པ་དང་ལས་སུ་མ་གྱུར་པ་དེ་གཉིས་ཀའི་ངོ་བོ་མི་བྱེད་དེ་དེ་བྱེད་པ་པོ་དང་ལས་ཡིན་པར་གྱུར་པ་དང་མ་ཡིན་བར་གྱུར་པ་གཉིས་གཅིག་ལ་དུས་གཅིག་ཏུ་ཕན་ཚུན་ཡིན་པ་འགལ་བས་དེ་འདྲ་བ་དེ་ག་ལ་ཡོད་དེ་མེད་པའི་ཕྱིར་རོ། །གལ་ཏེ་རྣམ་གྲངས་ལ་ལྟོས་ནས་འཇོག་བས་སྐྱོན་མེད་དོ་སྙམ་ན། དེ་ལྟ་ནའང་རིགས་པ་སྔ་མ་གཉིས་ཀྱིས་ཁེགས་པས་མི་འཐད་དོ། །གཉིས་པ་ལ་གཉིས། བྱེད་པ་པོ་རེ་རེས་ལས་ཕྱོགས་མི་མཐུན་རེ་རེ་བྱེད་པ་དགག །ལས་ཕྱོགས་མི་མཐུན་གཉིས་གཉིས་བྱེད་པ་དགག་པའོ། །དང་པོ་ནི། གལ་ཏེ་བྱེད་པ་པོར་ནི་གྱུར་པ་བྱ་བ་དང་ལྡན་པ་ཡིས་ལས་སུ་མ་གྱུར་པ་བྱ་བ་དང་བྲལ་བ་ནི་མི་བྱེད་དེ་བྱེད་པ་པོ་ཡིན་པས་བྱེད་པ་འདིར་ཡང་སྔར་བཤད་པའི་བྱེད་པ་པོ་ཡིན་པ་ལ་བྱ་བ་གཞན་མེད་པ་དང་སུས་ཀྱང་མ་བྱས་པའི་ལས་ཡོད་པ་དང་ལས་མིན་པ་བྱེད་པ་འདིར་ཡང་སྔར་བཤད་པའི་ལས་མ་ཡིན་པ་ནི་རྒྱུ་མེད་དུ་འགྱུར་བ་སོགས་ཀྱི་སྐྱོན་དེར་ཐལ་བར་འགྱུར་བའི་ཕྱིར་རོ། །བྱེད་པ་པོར་མ་གྱུར་པས་ཀྱང་ལས་སུ་གྱུར་པ་མི་བྱེད་དེ་དེའི་སྐྱོན་ནི་སྔ་མས་ཤེས་པར་བྱའོ། །འདིར་མུ་གསུམ་པས་ཕྱོགས་མི་མཐུན་པ་བྱེད་པ་མ་བཀག་པ་ནི་འོག་མའི་སྐབས་དང་ཁྱད་


JLD015_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལ་དགོངས་སོ། །གཉིས་པ་ནི། བྱེད་པ་པོར་ནི་གྱུར་པ་བྱ་བ་དང་བཅས་པས་ལས་སུ་ནི་མ་གྱུར་པ་དང་ལས་སུ་གྱུར་པ་དང་མ་གྱུར་པ་གཉིས་ཀ་མི་བྱེད་དེ་དེའི་གཏན་ཚིགས་ཏེ་རིགས་པ་ནི་གོང་དུ་ཡིན་པར་གྱུར་ལ་བྱ་བ་མེད། ཅེས་སོགས་ཀྱིས་བྱེད་པ་པོ་ཡིན་པས་བྱེད་པ་དང༌། ལས་ལ་རྒྱུ་ནི་མེད་པར་འགྱུར། ཞེས་སོགས་ཀྱིས་ལས་མིན་པ་བྱེད་པ་ལ་སྐྱོན་བསྟན་པ་དང༌། ཡིན་དང་མ་ཡིན་གྱུར་ཅིག་ལ། ཞེས་སོགས་ཀྱིས་ལས་ཡིན་མིན་གཉིས་ཀ་བྱེད་པ་ལ་སྐྱོན་བསྟན་པ་ཡིན་པའི་ཕྱིར་རོ། །བྱེད་པ་པོར་ནི་མ་གྱུར་པས་ལས་སུ་ནི་གྱུར་བ་དང་བཅས་པ་སྟེ་བྱ་བ་དང་ལྡན་པ་དང་ལས་སུ་གྱུར་པ་དང་མ་གྱུར་པ་གཉིས་ཀ་མི་བྱེད་དེ། དེའི་གཏན་ཚིགས་ཏེ་རིགས་པ་ནི་གོང་དུ་བྱེད་པ་པོ་མིན་པས་བྱེད་པ་ལ་རྒྱུ་མེད་དང་ལས་ཡིན་པ་བྱེད་པ་ལ་ཡིན་པར་གྱུར་ལ་བྱ་བ་མེད་ཅེས་སོགས་དང་ལས་ཡིན་མིན་གཉིས་ཀ་བྱེད་པ་ལ་ཡིན་དང་མ་ཡིན་གྱུར་ཅིག་ནི། ཞེས་སོགས་ཀྱི་སྐྱོན་བསྟན་པ་ཡིན་པའི་ཕྱིར་རོ། །བྱེད་པ་པོར་གྱུར་པ་དང་མ་གྱུར་པ་གཉིས་ཀ་ཡིན་པས་ནི་ལས་སུ་གྱུར་པ་དང་ལས་སུ་མ་གྱུར་པ་རེ་རེ་ནས་མི་བྱེད་དེ་འདིར་ཡང་གཏན་ཚིགས་ཏེ་རིགས་པ་ནི་གོང་དུ། བྱེད་པ་པོ་ཡིན་མིན་གཉིས་ཀ་ཡིན་པས་བྱེད་པ་ལ། ཡིན་དང་མ་ཡིན་གྱུར་ཅིག་ནི། ཞེས་སོགས་དང༌། ལས་ཡིན་པ་བྱེད་པ་ལ་ཡིན་པར་གྱུར་ལ་བྱ་བ་མེད། ཅེས་སོགས་དང༌། ལས་མིན་པ་བྱེད་པ་ལ་ལས་ལ་རྒྱུ་ནི་མེད་པར་འགྱུར། ཞེས་སོགས་ཀྱིས་སྐྱོན་བསྟན་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྣམ་ཤེས་ལ་སོགས་པའི་འདུས་བྱས་ནི་རང་བཞིན་གྱིས་ཡོད་དེ། དེའི་རྒྱུ་ལས་དང་བྱེད་པ་པོ་རང་


JLD015_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་ཡོད་པའི་ཕྱིར་ཞེས་སྨྲས་པ་ནི་རིགས་པ་མ་ཡིན་ནོ། །གཉིས་པ་ནི། གལ་ཏེ་བྱེད་པ་པོ་དང་བྱ་བའི་དངོས་པོ་རྣམས་མེད་དོ་ཞེས་ཁྱོད་ཀྱིས་ངེས་པར་བཟུང་བས་དངོས་པོ་ལ་སྐུར་པ་བཏབ་པར་འགྱུར་ལ། བྱ་བྱེད་ཀྱི་དངོས་པོ་མེད་པ་དེ་ཁོ་ནར་ཡོད་དོ་ཞེས་སྒྲོ་བཏགས་པར་ཡང་འགྱུར་རོ་ཞེ་ན། དངོས་པོ་རང་བཞིན་གྱིས་ཡོད་པར་སྨྲ་བ་ཁྱོད་ལ་ནི་དངོས་པོ་སྔར་ཡོད་ཕྱིས་མེད་པར་སྨྲ་བ་ལས་དངོས་པོ་ཐམས་ཅད་ལ་སྐུར་འདེབས་ཡོད་དེ་རང་བཞིན་གྱིས་ཡོད་ན་ནམ་ཡང་མེད་པ་མི་འཐད་པའི་ཕྱིར་རོ། །ཁོ་བོས་ནི་བརྟེན་ནས་སྐྱེས་པའི་ཕྱིར་དངོས་པོ་ཐམས་ཅད་ལ་རང་བཞིན་མ་དམིགས་ཏེ། དེས་ན་དོན་དམ་དང་ཀུན་རྫོབ་ཏུ་ཡོད་པ་གང་ཞིག་ལ་སྐུར་པ་བཏབ་པར་འགྱུར་ཏེ། དོན་དམ་པར་འགའ་ཡང་མེད་པའི་ཕྱིར་དང་ཀུན་རྫོབ་ཏུ་བརྟེན་ནས་སྐྱེ་བ་ཐམས་ཅད་ཁས་ལེན་པའི་ཕྱིར་རོ། །དེ་སྐད་དུ་ཡང་རིན་ཆེན་ཕྲེང་བ་ལས། སྨིག་རྒྱུ་ལ་ནི་འདི་ཆུ་ཞེས། །བསམས་ཏེ་དེར་ནི་སོང་བ་ལས། །གལ་ཏེ་ཆུ་དེ་མེད་དོ་ཞེས། །འཛིན་པ་དེ་ནི་བླུན་པ་ཉིད། །དེ་བཞིན་སྨིག་རྒྱུ་ལྟ་བུ་ཡི། །འཇིག་རྟེན་ཡོད་ཅེའམ་མེད་པ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །མི་ཤེས་པ་ལས་སྔར་བརྟགས་ཤིང༌། །ཕྱི་ནས་དེ་ཉིད་དོན་ངེས་ན། །གང་ཚེ་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་ག་ལ་འགྱུར། །ཞེས་གསུངས་ཏེ། དངོས་པོ་རང་བཞིན་གྱིས་ཡོད་པར་འཛིན་པ་བཀག་པ་ནི་སྨིག་རྒྱུ་ལ་ཆུར་བཟུང་བ་བཀག་པ་དང་འདྲ་བས་སྐུར་འདེབས་མིན་ནོ། །དངོས་པོ་རང་བཞིན་གྱིས་ཡོད་པ་མི་དམིགས་པ་དེའི་ཚེ་དངོས་པོ་མེད་པ་སྟེ་རང་བཞིན་མེད་པ་ཡང་དོན་དམ་པར་གྲུབ་པར་ག་ལ་འགྱུར་


JLD015_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དོན་དམ་པར་དངོས་པོ་གང་ཡང་མི་སྲིད་པས་དེ་དག་གི་དངོས་མེད་ཀྱང་དོན་དམ་པར་མེད་དོ། །དེའི་ཕྱིར་དངོས་པོ་ཀུན་རྫོབ་པ་སྨིག་རྒྱུའི་ཆུ་དང་འདྲ་བ་རྣམས་ནི་འཇིག་རྟེན་པའི་འཁྲུལ་ཤེས་ཁས་བླངས་ནས། རྐྱེན་ཉིད་འདི་བ་ཙམ་དུ་ཁས་བླངས་པ་ཁོ་ནས་འགྲུབ་ཀྱི་གཞན་གྱིས་ནི་མ་ཡིན་ཏེ་འདི་ལྟར། མི་བྱེད་ཅིང་ལས་ལ་ལྟོས་པ་མེད་པ་ནི་བྱེད་པ་པོར་མི་རུང་བའི་ཕྱིར་ལྷས་བྱིན་བྱེད་པ་པོ་ཡིན་པ་ནི་ལས་ལ་བརྟེན་བྱས་ཤིང་སྟེ་དེ་ལ་ལྟོས་ནས་འབྱུང་བ་སྟེ་འགྲུབ་ལ། བྱེད་པ་པོས་མི་བྱེད་པ་ནི་ལས་སུ་མི་འགྱུར་བས་བྱེད་པ་པོར་མ་ཟད་ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་འབྱུང་བ་སྟེ་འགྲུབ་ཀྱི་དེ་མ་གཏོགས་པ་ངོ་བོ་ཉིད་ཀྱིས་འགྲུབ་པའི་རྒྱུ་སྟེ་ཐབས་གཞན་ནི་མ་མཐོང་ངོ་། །དེས་ནི་ཕན་ཚུན་ལྟོས་ནས་ཡོད་པར་ཁས་བླང་བ་དང་ངོ་བོ་ཉིད་ཀྱིས་ཡོད་པར་ཁས་མི་བླང་བར་བསྟན་ཏེ་ཡོད་ཅེས་པའི་ཡོད་ཚུལ་ལ་དབུ་མ་པ་དང་དངོས་པོར་སྨྲ་བ་གཉིས་ཀྱི་ཁྱད་པར་ཕྱེ་ལ་དེས་མེད་ཚུལ་གྱི་ཁྱད་པར་ཡང་བསྟན་ནོ། །གསུམ་པ་ནི། ཇི་ལྟར་ལས་དང་བྱེད་པ་པོ་ཕན་ཚུན་ལྟོས་ནས་གྲུབ་པ་ཙམ་ཡིན་གྱི་ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པ་དེ་བཞིན་དུ། འདི་ཉེ་བར་ལེན་པས་ན་ཉེར་ལེན་ཏེ་ཉེ་བར་བླང་བྱ་དང་འདིས་ཉེ་བར་ལེན་པས་ན་ཉེར་ལེན་ཏེ་ཉེ་བར་ལེན་པ་པོ་ཡང་ཕན་ཚུན་ལྟོས་ནས་གྲུབ་པ་ཙམ་ཡིན་གྱི་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པར་ཤེས་པར་བྱའོ། །ཡང་ཅིའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པ་མ་ཡིན་ཞེ་ན། རིགས་པ་གང་གིས་ལས་དང་བྱེད་པ་པོ་ངོ་བོ་ཉིད་ཀྱིས་གྲུབ་པ་བསལ་བའི་རིགས་པ་དེ་ཁོ་ནས་ཉེ་བར་བླང་བྱ་དང་ལེན་པ་པོ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་


JLD015_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་པའི་ཕྱིར་རོ། །དེའི་སྦྱོར་ཚུལ་ནི་ལེན་པ་པོ་ཡིན་མིན་རེ་རེ་བ་དང་གཉིས་ཀས་བླང་བྱ་ཡིན་མིན་རེ་རེ་བ་དང་གཉིས་ཀ་མི་ལེན་པ་སྟེ་ཕྱོགས་མི་མཐུན་པ་ལ་ཡང་སྦྱར་རོ། །ལས་དང་བྱེད་པ་པོ་རང་བཞིན་གྱིས་ཡོད་པ་བཀག་པས་ཉེ་བར་ལེན་པ་གཉིས་ཕན་ཚུན་ལྟོས་གྲུབ་ཏུ་ངེས་པར་བྱ་བ་ཁོ་ནར་མ་ཟད་ཀྱི། གཞན་ཡང་བྱེད་པ་པོ་དང་ལས་དག་གིས་ཏེ་དེ་གཉིས་ལ་རྣམ་པར་དཔྱད་པའི་རིགས་པས་བྱེད་པ་དང་ཉེར་ལེན་ཟུང་གཉིས་ཀྱི་ལྷག་མ་སྟེ་དེ་དག་ལས་ཐ་དད་པའི་དངོས་པོ་རྣམས་ཀྱང༌། ངོ་བོ་ཉིད་ཀྱིས་ཡོད་པ་བཀག་སྟེ་ཕན་ཚུན་ལྟོས་གྲུབ་ཉིད་དུ་ཤེས་རབ་ཅན་གྱིས་ཤེས་པར་བྱའོ། །དེ་དག་ཀྱང་བསྐྱེད་བྱ་སྐྱེད་བྱེད་དང་འགྲོ་བ་དང་འགྲོ་བ་པོ་དང་བལྟ་བྱ་དང་ལྟ་བྱེད་དང་མཚན་ཉིད་དང་མཚན་གཞི་དང་འབྱུང་བྱ་འབྱུང་བྱེད་དང༌། དེ་བཞིན་དུ་ཡན་ལག་དང་ཡན་ལག་ཅན་དང་ཡོན་ཏན་དང་ཡོན་ཏན་ཅན་དང་ཚད་མ་དང་གཞལ་བྱ་ལ་སོགས་པ་ཐམས་ཅད་དོ། །དེའི་སྦྱོར་ཚུལ་ནི་སྐྱེད་བྱེད་དང་འགྲོ་བ་པོ་ཡིན་མིན་རེ་རེ་བ་དང་གཉིས་ཀས་བསྐྱེད་བྱ་དང་འགྲོ་བ་ཡིན་མིན་རེ་རེ་བ་དང་གཉིས་ཀ་མི་སྐྱེད་ཅིང་དེར་མི་འགྲོ་བ་སྟེ། ཕྱོགས་མི་མཐུན་པ་ལ་ཡང་སྦྱར་བར་བྱ་ལ་ལྷག་མ་ཡང་དེ་ལྟར་རོ། །ཡན་ལག་དང་ཡོན་ཏན་ཡིན་མིན་རེ་རེ་བ་དང་གཉིས་ཀ་ཡང་ཡན་ལག་ཅན་དང་ཡོན་ཏན་ཅན་ཡིན་མིན་རེ་རེ་བ་དང་གཉིས་ཀ་ལ་མི་འཇུག་ཅེས་སྦྱར་ཏེ་ཕྱོགས་མི་མཐུན་པ་ལ་ཡང་སྦྱར་རོ། །དེས་ན་རབ་བྱེད་དང་པོར་བསྐྱེད་བྱ་སྐྱེད་བྱེད་དང་གཉིས་པར་འགྲོ་འོང་དང་གསུམ་པར་བལྟ་བྱ་ལྟ་བྱེད་དང༌། ལྔ་བར་མཚན་མཚོན་ལ་དཔྱད་ནས་བཀག་པ་རྣམས་ཀྱིས་ནི་བསྐྱེད་བྱ་


JLD015_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་བྱེད་སོགས་ངོ་བོ་ཉིད་ཀྱིས་ཡོད་པ་ཙམ་འགོག་པས་ཡོད་པ་བཀག་པ་མིན་ནོ། །དེ་བཀག་པ་ན་དེ་རྣམས་ཕན་ཚུན་ལྟོས་ནས་བཞག་པའི་རྟེན་འབྱུང་གི་ཡོད་པར་འགྲུབ་ཅིང་ཚད་མ་དང་གཞལ་བྱ་ཡང་དེ་དང་འདྲ་བས། ཕན་ཚུན་ལྟོས་གྲུབ་ཀྱི་ཚད་མ་དང་གཞལ་བྱ་ཁས་མི་ལེན་པ་མིན་ཏེ་དེ་ནི་བསྒྲུབ་བྱ་སྒྲུབ་བྱེད་ལ་ཡང་ཁྱད་པར་མེད་དོ། །རྒྱུ་འབྲས་ལ་སོགས་པ་དེ་དག་ཀྱང་ཐ་སྙད་ཕན་ཚུན་ལྟོས་པ་ཙམ་དུ་མ་ཟད་དོན་གཉིས་ཀྱང་ཕན་ཚུན་ལྟོས་པ་གཞུང་གི་དོན་ཡིན་ཏེ། ཕན་ཚུན་ལྟོས་པའི་རྒྱུ་མཚན་གྱིས་བྱ་བྱེད་ཀྱི་དོན་དང་ཐ་སྙད་ཐམས་ཅད་ལ་རང་བཞིན་གྱིས་ཡོད་པ་འགོག་པའི་སྐབས་ཡིན་པས་སོ། །དེས་ན་མེ་ཡང་དུ་བ་བསྐྱེད་བྱ་ཡིན་པ་ལ་བརྟེན་ནས་འཇོག་གི་རང་གི་ངོ་བོས་རང་དབང་དུ་གྲུབ་པ་མེད་པས་ལུགས་གཞན་ལས་མེ་དུ་བ་ལ་མི་ལྟོས་པར་བཤད་པ་སོགས་དང་མི་འདྲའོ། །རབ་བྱེད་ཐམས་ཅད་ལ་དེ་ལྟར་དུ་གོ་དགོས་ལ་ཕན་ཚུན་ལྟོས་ནས་འགྲུབ་དགོས་པའི་ཕྱིར་ན། དེ་རྣམས་ལ་རང་རང་གི་ངོ་བོའི་དབང་གིས་ཡོད་པའི་རང་ཚུགས་ཐུབ་པ་མེད་པས་རྟེན་འབྱུང་གི་གཏན་ཚིགས་ཉིད་ཀྱིས་རང་བཞིན་མེད་པ་འགྲུབ་བོ། །དེ་ལྟ་ན་རྒྱུ་འབྲས་ཀྱི་ངེས་པ་དྲངས་པ་ཉིད་ལ་བརྟེན་ནས་མཚན་མར་འཛིན་པའི་དམིགས་གཏད་ཐམས་ཅད་འཇིག་བར་བྱེད་པས། ཡང་དག་པའི་ལྟ་བའི་གོལ་ས་རྟག་ཆད་དང་སྒྲོ་སྐུར་གྱི་མཐའ་ཐམས་ཅད་དེ་ནས་ཆོད་པ་ཡིན་ནོ། །དེ་ལྟ་བུའི་རང་བཞིན་གྱིས་སྟོང་པའི་དོན་རྟེན་འབྱུང་གིས་དོན་དུ་མ་རྟོགས་བར་དུ་ཡང་ན་བདེན་འཛིན་གྱི་དམིགས་གཏད་ཀྱི་ལྷག་མ་ལྔས་ཡང་ན་རྒྱུ་འདི་ལས་འདི་འབྱུང་གི་རྟེན་འབྱུང་རང་ལུགས་ལ་མི་བད་བར་རྟེན་འབྲེལ་གྱི་ངེས་པ་


JLD015_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་མ་དྲང་ས་མེད་པས་རྟག་ཆད་གང་རུང་གཅིག་གི་མཐར་ལྟུང་པ་ལས་མི་འདའོ། །གལ་ཏེ་དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་པ་ཉིད་ཀྱིས་བླང་བྱ་དང་ལེན་བྱེད་ཀྱི་དོན་རྟོགས་པར་འགྱུར་བས། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ཞེས་སུ་བཀོད་མི་དགོས་སོ་ཞེ་ན། དེ་ནི་བདེན་མོད་ཀྱང་རྣམ་པར་དཔྱད་བ་ལ་འདི་གཉིས་གཙོ་བོར་གྱུར་བར་ཤེས་པར་བྱ་བའི་ཕྱིར་ལོགས་སུ་བཀོད་དེ་རབ་བྱེད་ཕྱི་མ་རྣམས་སུ་ཡང་འདི་གཉིས་ཀྱི་བརྟག་པ་ཕལ་ཆེར་འབྱུང་ངོ་། །གཉིས་པ་ནི། དེ་ལྟར་དགེ་མི་དགེའི་ལས་དང་དེའི་བྱེད་པ་པོ་ལ་སོགས་པ་བྱ་བ་དང་བྱེད་པ་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པར་རིགས་པས་བསྟན་པ་དེ་ཉིད་ངེས་དོན་གྱི་ལུང་དང་ལྡན་པ་དང༌། རབ་བྱེད་འདིས་བྱ་བ་དང་བྱེད་པ་པོ་མི་དམིགས་པར་གསུངས་པ་ཐམས་ཅད་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྨོས་ན། ཉེ་བར་འཁོར་གྱིས་ཞུས་པ་ལས། སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱས་ཏེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བྱས་ཀྱང༌། །གང་དག་ཤི་འཕོས་ངན་སོང་དྲག་འགྲོ་བའི། །འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན། །གང་དག་རལ་གྲི་མདའ་ཆེན་མཚོན་འབྱིན་པའི། །གནོད་པ་བྱེད་པ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་ངན་སོང་དེ་དག་ན། །ལུས་ལ་འབབ་མཐོང་དེ་ན་མཚོན་ཆ་མེད། །སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང༌། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། །འདུ་ཤེས་འཛིན་བས་བྱིས་


JLD015_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་ཕྱེ། །འཛིན་དང་འཛིན་མེད་དེ་ཡང་འབྱུང་བ་མིན། །ཡོངས་སུ་རྟོག་པ་སྒྱུ་མ་སྨིག་རྒྱུ་བཞིན། །ཞེས་གསུངས་ཏེ་ངན་སོང་དུ་འགྲོ་བ་དང་གནོད་པ་སྐྱེལ་བའི་བྱ་བྱེད་དང་ལྷའི་ཡུལ་བྱེད་པའི་བྱ་བྱེད་རང་བཞིན་གྱིས་སྟོང་ཞིང་དེ་དག་ཐ་སྙད་ཀྱི་རྟོག་པའི་དབང་གིས་བཞག་པར་བཤད་དོ། །གསུམ་པ་ནི། དེ་ལྟར་བྱ་བ་དང་བྱེད་པ་པོ་རྣམས་རྟོག་པའི་དབང་གིས་ཡོད་པར་བཞག་པ་ཙམ་མིན་པར་རང་གི་ངོ་བོའི་དབང་གིས་ཡོད་པར་བཟུང་བ་ལྟར་ཡིན་ན། བྱེད་པ་པོ་དང་བྱ་བ་གང་ཡང་མི་འཐད་པར་ངེས་པར་བྱ་ལ་དེ་གཉིས་ཕན་ཚུན་ལྟོས་འགྲུབ་ཙམ་དུ་རྟོགས་པར་བྱའོ། །བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་བདག་ཉིད་རབ་ཏུ་བྱེད་པ་བརྒྱད་པའི་རྣམ་པར་བཤད་པའོ།། །།གཉིས་པ་གང་ཟག་གི་བདག་མེད་བཤད་པ་ལ་གཉིས། གང་ཟག་རང་བཞིན་གྱིས་གྲུབ་པ་དགག །གང་ཟག་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ནི། འདིར་དེ་བཞིན་ཉེར་ལེན་ཤེས་བར་བྱ། །ལས་དང་བྱེད་པོ་གསལ་ཕྱིར་རོ། །ཞེས་སྨྲས་པ་དེ་ནི་མི་རིགས་ཏེ་འདི་ལྟར་ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་རྣམས་ཉེ་བར་ལེན་པ་པོ་གང་གི་ཉེ་བར་བླང་བ་ཡིན་པའི་ཉེ་བར་ལེན་པ་པོ་དེ་ནི་ཉེ་བར་བླང་བ་དེ་དག་གི་སྔ་རོལ་ན་ཡོད་དོ་ཞེས་ཁ་ཅིག་སྟེ་ཉན་ཐོས་སྡེ་པ་མང་པོས་བཀུར་བ་པ་སྨྲ་སྟེ་རྒྱུ་མཚན་ནི་ནོར་གྱི་སྔ་རོལ་ན་ལྷས་བྱིན་ཡོད་པས་ནོར་


JLD015_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སོག་གི་མོ་གཤམ་གྱི་བུས་མ་ཡིན་པ་བཞིན་དུ། དངོས་པོ་སྟེ་གང་ཟག་སྔ་རོལ་དུ་ཡོད་པ་མ་ཡིན་ན་ལྟ་བ་ལ་སོགས་པ་གང་ཟག་གིས་ཉེ་བར་ལེན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་ལྟ་བ་ལ་སོགས་པ་དེ་དག་གི་སྔ་རོལ་ན་དངོས་པོ་སྟེ་འདི་ཉེ་བར་ལེན་བྱེད་ཀྱི་གང་ཟག་གནས་པ་དེ་ཡེད་དོ་ཞེས་འཛེར་ཏོ། །སོགས་སྔ་མས་ནི་དབང་པོ་ལྷག་མ་བཞི་དང་ཕྱི་མས་ནི་རེག་པ་དང་ཡིད་བྱེད་ལ་སོགས་པའི་སེམས་བྱུང་ལ་སོགས་པ་རྣམས་བསྡུའོ། །དང་ནི་སྨྲས་པའི་ལྟ་བ་དང་ཉན་པ་དང་ཚོར་བ་གསུམ་དང་མ་སྨྲས་པའི་དབང་པོ་དང་སེམས་སེམས་བྱུང་ལྷག་མ་ཀུན་བསྡུ་བའི་དོན་དང༌། ཡང་ནི་ལྷག་མ་བསྡུས་པ་དག་ཀྱང་འདིར་གཏོགས་པར་ཡིད་ཆེས་པར་བྱ་བའི་དོན་དང༌། དབང་བྱས་པ་ཞེས་པའི་སྒྲ་ནི་རྐང་པ་དང་པོ་གཉིས་པོ་འདི་དབང་པོ་དང་སེམས་སེམས་བྱུང་ཐམས་ཅད་བསྡུ་བའི་དབང་དུ་བྱས་པས་དེ་ལ་འཇུག་པའི་དོན་ཡིན་ནོ་ཞེས་ཤེས་རབ་སྒྲོན་མ་དང་དེའི་འགྲེལ་བཤད་ལས་བཤད་དོ། །གནས་མ་བུ་པ་དང་བཟང་པོའི་ལམ་བ་དང་ཀུན་གྱིས་བཀུར་བ་དང་བླ་མ་པ་དང་ཆོས་སྦས་པ་ལྔས་གང་ཟག་རྫས་སུ་ཡོད་པར་སྨྲ་བར་རྟོག་གེ་འབར་བ་ལས་བཤད་དོ། །གཉིས་པ་ལ་གསུམ། ཉེ་བར་ལེན་པ་པོ་ངོ་བོ་ཉིད་ཀྱིས་ཡོད་པ་དགག །དེས་ཉེ་བར་བླང་བྱ་ཡང་ངོ་བོས་ཡོད་པ་ཁེགས་པར་བསྟན། ཉེ་བར་ལེན་པ་པོ་ངོ་བོ་ཉིད་ཀྱིས་མེད་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། གཞན་གྱིས་བརྟགས་པའི་བདག་དགག །རང་གིས་ཐ་སྙད་དུ་གང་ཟག་འཇོག་པའི་ཚུལ་ལོ། །དང་པོ་ལ་གསུམ། ལེན་པ་པོ་བླང་བྱ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་དགག །བླང་བྱ་རེ་


JLD015_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རེའི་སྔ་རོལ་ན་ཡོད་པ་དགག །བླང་བྱ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། བླང་བྱ་ལས་སྔ་ན་ལེན་པ་པོར་གདགས་པའི་རྒྱུ་མེད་པས་དགག །ལེན་པ་པོ་སྔ་ན་བླང་བྱ་ལ་གནས་པའི་རྟེན་མེད་པས་དགག་པའོ། །དང་པོ་ནི། གལ་ཏེ་ལེན་པ་པོ་ངོ་བོ་ཉིད་ཀྱིས་ཡོད་ན་བླང་བྱ་ལས་སྔ་ཕྱི་དང་དུས་མཉམ་པ་གསུམ་ལས་མི་འདའ་ལ་ཕྱི་མ་གཉིས་འོག་ནས་འགོག་པས་འདིར་བླང་བྱ་ལས་སྔ་བ་འགོག་བ་ནི། ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་ཉིད་ཀྱི་ནི་སྔ་རོལ་ན་གང་གནས་པའི་དངོས་པོ་གང་ཟག་དེ་ནི་གང་གིས་གདགས་པར་བྱ་བའི་རྒྱུ་མེད་པས་སྤྱིར་གང་ཟག་དང་བྱེ་བྲག་ཏུ་ལྟ་བ་པོ་ལ་སོགས་པར་གཞག་ཏུ་མེད་པར་འགྱུར་རོ། །འདི་ལྟར་གང་ཟག་ཏུ་ཐ་སྙད་གདགས་པའི་རྒྱུ་ནི་ལྟ་བ་ལ་སོགས་པ་ཡིན་ན་གང་ཟག་དེ་དེ་དག་ལས་སྔ་ན་ནི། དེའི་ཚེ་བུམ་སྣམ་བཞིན་དུ་ལྟ་བ་ལ་སོགས་པ་ལ་ལྟོས་པ་མེད་པར་འགྱུར་ལ། གང་ཞིག་རང་གི་རྒྱུ་ལ་མི་ལྟོས་པ་དེ་ནི་རྒྱུ་མེད་པ་ཡིན་ཏེ། ནོར་ལ་སོགས་པ་ལ་མི་ལྟོས་པའི་ནོར་ཅན་ལྟར་མེད་པ་ཡིན་ནོ། །འདིར་དུས་སྔ་ཕྱིར་ཡོད་ན་སྔ་མ་ཕྱི་མ་ལ་ལྟོས་པ་མི་རུང་ཞེས་པ་མིན་ཏེ། རང་ལུགས་ཀྱིས་ཀྱང་རྒྱུ་འབྲས་ཐམས་ཅད་ཕན་ཚུན་ལྟོས་པར་བཞེད་པའི་ཕྱིར་རོ། །དེས་ན་གང་ཟག་ལྟ་བ་བོ་ལ་སོགས་པར་འཇོག་པ་ལ་ནི་ལྟ་བ་ལ་སོགས་པ་ལ་ལྟོས་བས་ཁྱབ་ལ། ལེན་པ་པོ་ལྟ་བ་ལ་སོགས་པ་ལ་ལྟོས་པ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ན་དུས་ནམ་ཡང་ལྟོས་དགོས་པས་ལེན་པ་པོའི་དུས་ན་ལྟོས་ས་ལྟ་བ་ལ་སོགས་པ་མེད་པས་དེ་ལ་ལྟོས་པ་མེད་པའི་ཕྱིར་


JLD015_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ལྟོས་པ་ཡང་འགོག་ནུས་སོ། །གཉིས་པ་ནི། གལ་ཏེ་ལྟ་བ་ལ་སོགས་པ་མེད་བར་ཡང་སྟེ་དེ་དག་གི་སྔ་རོལ་ན་གནས་པར་གྱུར་པའི་གང་ཟག་དེས་ནི་ལྟ་བ་ལ་སོགས་པ་ལེན་པར་བྱེད་དོ་སྙམ་དུ་སེམས་ན། སྐྱོན་གཞན་འདི་ཡང་ཡོད་དེ་དེ་ལྟ་ན་ནི་ནོར་དང་འབྲེལ་བའི་སྔ་རོལ་ན་ལྷས་བྱིན་ནོར་ལས་ཐ་དད་པར་གནས་ནས་ནོར་དོན་གཞན་གསོག་པ་བཞིན་དུ། ལེན་པ་པོ་ལ་ཡང་གང་ཟག་དེ་མེད་པར་ཡང་སྟེ་དེ་ལས་དོན་གཞན་དུ་ལྟ་བ་ལ་སོགས་པ་དེ་དག་ནི་ལོགས་ཤིག་ན་ཡོད་པར་འགྱུར་བར་ཐེ་ཚོམ་མེད་དོ། །དེ་འདོད་པར་ནི་མི་ནུས་ཏེ་གང་ཟག་འདི་ནི་མིག་ལ་སོགས་པ་འདིའི་ཉེ་བར་ལེན་པ་པོའོ་ཞེས་ལྟ་བ་ལ་སོགས་པ་ཉེ་བར་བླང་བྱ་ཅི་ཞིག་པོ་ཡིས་ལེན་པ་པོའི་བདག་གང་ཞིག་པོ་གསལ་བ་དང་མངོན་པ་དང་ཤེས་པར་བྱེད་ཅིང༌། མིག་ལ་སོགས་པ་འདི་ནི་གང་ཟག་འདི་ཡི་ཉེ་བར་བླང་བྱའོ། །ཞེས་ལེན་པ་པོའི་བདག་གང་ཞིག་གིས་ལྟ་བ་ལ་སོགས་པ་ཉེ་བར་བླང་བྱ་ཅི་ཞིག་པོ་གསལ་བར་བྱེད་དོ། །དེའི་ཚེ་བླང་བྱ་ཅི་ཞིག་པོ་ལ་ལྟོས་པ་མེད་པར་ལེན་པ་པོ་གང་ཞིག་པོ་ག་ལ་ཡོད་དེ་མེད་ལ། ལེན་པ་པོ་ལ་ཡང་ལྟོས་པ་མེད་པར་བླང་བྱ་ཅི་ཞིག་པོ་ག་ལ་ཡོད་དེ་མེད་པས་དེ་གཉིས་ཕན་ཚུན་ལྟོས་ནས་གྲུབ་བོ། །གང་གི་ཚེ་ལེན་པ་པོ་མེད་པར་ལོགས་ཤིག་ཏུ་ལྟ་བ་ལ་སོགས་པ་ཁས་ལེན་པའི་ཚེ་ནི་མིག་ལ་སོགས་པའི་རྟེན་མེད་པས་ལྟ་བ་ལ་སོགས་པ་མེད་དོ། །འདི་ཡང་སྔར་བཤད་པ་ལྟར་ངོ་བོ་ཉིད་ཀྱིས་ཐ་དད་ན་ལྟོས་པ་མི་རུང་བའི་རིགས་པའོ། །བུད་དྷ་པཱ་ལི་ཏ་ལས་དེ་ནི་གང་གིས་གདགས་པར་བྱ་ཞེས་པའི་ལན་དུ་ལྟ་བ་ལ་སོགས་པ་མེད་པར་ཡང་རང་ཉིད་ཀྱིས་རབ་ཏུ་གྲུབ་


JLD015_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཞེས་ལྟ་ལ་སོགས་པ་ཞེས་པའི་རྐང་པ་གཉིས་ཀྱི་དོན་སྨྲས་པ་ན། དེ་ལྟ་ན་གང་ཟག་དེ་མེད་པར་ཡང་ལྟ་བ་ལ་སོགས་པ་རང་ཉིད་ཀྱིས་རབ་ཏུ་གྲུབ་པར་ཐེ་ཚོམ་མེད་དོ་ཞེས་བསྟན་པ་ལ། དེ་ལྟ་ཡིན་ན་སྐྱོན་ཅི་ཡོད་ཅེས་དྲིས་པའི་ལན་དུ་ཅི་ཡིས་ཞེས་པའི་རྐང་པ་གཉིས་ཀྱིས་དེ་གཉིས་ཕན་ཚུན་དུ་གསལ་བར་བྱེད་པར་བསྟན་ནས་རྒྱུ་མཚན་དེས་ན་དེ་གཉིས་གཅིག་མེད་པར་ཅིག་ཤོས་མེད་ཅེས་རྐང་པ་ཕྱི་མ་གཉིས་འཆད་དོ། །དེ་དག་གིས་ནི་ལེན་པ་པོར་གདགས་པའི་རྒྱུ་དང་བླང་བྱ་གནས་པའི་རྟེན་མེད་པས་ལྟ་བ་ལ་སོགས་པ་ལས་ཐ་དད་པར་ལེན་པ་པོ་ངོ་བོ་ཉིད་ཀྱིས་གནས་པ་མེད་པར་བཤད་དོ། །གཉིས་པ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ནི། གལ་ཏེ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་གང་ཟག་དེ་ཡོད་པར་ཁས་བླངས་ན་སྐྱོན་དེ་དག་ཡོད་ཀྱང་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ལེན་པ་པོ་གང་ཞིག་པོ་དེ་ཡོད་པ་མིན་གྱི་རེ་རེའི་སྔ་རོལ་ན་ཡོད་དོ། །དེའི་ཕྱིར་བླང་བྱ་ལྟ་བ་ལ་སོགས་པའི་ནང་ནས་ལྟ་བའི་དབང་པོས་གང་ཟག་དེ་གསལ་བར་བྱེད་པའི་དུས་ན་དེ་ལས་གཞན་པའི་དབང་པོ་ཞིག་གིས་དུས་དེ་ལས་གཞན་གྱི་ཚེ་ན་གསལ་བར་བྱེད་ཀྱི་དུས་དེའི་ཚེ་ན་གསལ་བར་མི་བྱེད་དོ། །ལྟ་བ་ལ་བརྟེན་ནས་འདོགས་པའི་ཚེ་ཉན་པ་ལ་བརྟེན་ནས་མི་འདོགས་པས་རང་གི་བླང་བྱའི་སྔ་རོལ་དུ་ཡང་ཡོད་ལ། གང་ཟག་ཏུ་གདགས་པའི་རྒྱུ་མེད་པའི་སྐྱོན་ཡང་མེད་དོ་ཞེས་ཟེར་རོ། །འདིས་སྔར་ཡང་རང་གི་བླང་བྱའི་སྔ་རོལ་ན་ཡོད་ཅེས་སྨྲས་པ་མ་གཏོགས་པ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་ཅེས་མ་སྨྲས་ལ། དེ་ལ་གང་ཟག་ཏུ་གདགས་


JLD015_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མེད་པར་ཐལ་བའི་སྐྱོན་མེད་དེ་ཐམས་ཅད་ཀྱི་སྔ་རོལ་དུ་ཡོད་པར་མི་འདོད་པའི་ཕྱིར་རོ་སྙམ་དུ་བསམས་སོ། །ད་ལྟར་གྱི་གང་ཟག་ལེན་པ་པོ་དང་དེའི་མིག་ལ་སོགས་པ་བླང་བྱར་འདོད་པ་འགོག་པ་ཡིན་པས། ཚེ་སྔ་མའི་གང་ཟག་གིས་ཚེ་ཕྱི་མའི་ལུས་ལེན་པ་སྐབས་འདིའི་ལེན་པ་པོ་དང་བླང་བྱའི་དོན་མིན་ནོ། །འོ་ན་གང་ཟག་གིས་ལྟ་བ་ལ་སོགས་པ་ལེན་ཞེས་པའི་དོན་ཅི་ཡིན་ཞེ་ན། གང་ཟག་དེ་གཟུགས་ལ་ལྟ་བ་བོར་སོང་བའི་བྱེད་པར་མིག་གི་དབང་པོ་སོང་བ་ན་དེས་དེ་བླངས་པ་ཡིན་ལ། དེའི་ཚེ་ལྟ་བའི་དབང་པོ་དང་དུས་མཉམ་དུ་ཡོད་ལ་ཉན་པའི་དབང་པོ་ལ་སོགས་པའི་སྔ་རོལ་ན་ཡོད་པར་འདོད་དེ་དེས་གཞན་ཡང་ཤེས་པར་བྱའོ། །གཉིས་པ་ནི། གལ་ཏེ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་བདག་དེ་ཡོད་པ་མིན་ན་ལྟ་བ་ལ་སོགས་པ་རེ་རེ་ཡི་སྔ་རོལ་ན་བདག་དེ་ནི་ཇི་ལྟར་ཡོད་དེ་ཡོད་པ་མི་རིགས་ཏེ། དཔེར་ན་ཤིང་ཐམས་ཅད་ཀྱི་སྔ་རོལ་ན་ནགས་མེད་པའི་ཚེ་རེ་རེའི་སྔ་རོལ་ན་ཡང་མེད་པ་དང༌། བྱེ་མ་ཐམས་ཅད་ལ་ཏིལ་མར་འབྱིན་པའི་ནུས་པ་མེད་ན་རེ་རེ་ལ་ཡང་མེད་པ་བཞིན་ནོ། །གཞན་ཡང་རེ་རེའི་སྔ་རོལ་དུ་ཡོད་པར་སྨྲ་ན་ཐམས་ཅད་ཀྱི་སྔ་རོལ་ནའང་ཡོད་པར་ཁས་བླངས་པར་འགྱུར་ཏེ། རེ་རེ་མ་གཏོགས་པར་ཐམས་ཅད་མེད་པའི་ཕྱིར་རོ། །འདི་དཔེར་ན་དེར་ཡོད་པའི་མི་རེ་རེ་ལ་སྨྲས་ནས་ལྷག་མ་མ་ལུས་པ་ན་དེར་ཡོད་པའི་མི་ཐམས་ཅད་ལ་སྨྲས་པ་ཡིན་པ་བཞིན་དུ། གང་ཟག་དེ་ལྟ་བ་ལ་སོགས་པ་རེ་རེ་ནས་ལྷག་མ་མ་ལུས་པར་རེ་རེའི་སྔ་རོལ་དུ་ཡོད་པ་ཞིག་བྱུང་


JLD015_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཐར་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་དུ་ཡོད་པ་ཞིག་སྒྲུབ་ནུས་སོ། །གལ་ཏེ་དུས་རིམ་ཅན་གྱིས་རེ་རེ་ནས་བགྲངས་པའི་ཐམས་ཅད་ཀྱི་སྔ་རོལ་དུ་ཡོད་པ་ཡིན་ཡང༌། ལྟ་བའི་སྔ་རོལ་ན་ཡོད་པའི་དུས་སུ་ལྷག་མ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་ལྟ་བུ་དུས་གཅིག་གི་ཚེ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པར་མི་འདོད་པས་མི་འགལ་ལོ་ཞེ་ན། ལེན་པ་པོ་དང་བླང་བྱ་ངོ་བོ་ཉིད་ཀྱིས་གྲུབ་པ་འགོག་པའི་སྐབས་ཡིན་པས་སྐྱོན་མེད་དོ། །རིགས་པ་འདིས་ཀྱང་རེ་རེའི་སྔ་རོལ་ན་ཡོད་པར་མི་རིགས་ཏེ། འདི་ལྟར་གང་ཟག་གཅིག་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཡོད་པར་འགྱུར་བ་ལ་གལ་ཏེ་ལྟ་པོ་དེ་ཉིད་ཉན་པ་པོ་ཡིན་ལ་ཚོར་བ་པོའང་དེ་ཉིད་ཡིན་པ་ཞིག་དགོས་ན། དེ་ནི་མི་རིགས་ཏེ་ལྟ་བའི་བྱ་བ་དང་བྲལ་བའི་ཉན་པ་པོ་ཡང་ལྟ་བ་པོ་དང༌། ཉན་པའི་བྱ་བ་དང་བྲལ་བའི་ལྟ་བ་པོ་ཡང་ཉན་པ་པོར་འགྱུར་བའི་ཕྱིར་རོ། །བྱ་བ་སོ་སོ་ལ་བྱེད་པ་པོ་ཐ་དད་པའི་ཕྱིར་ལྟ་བ་པོ་ཉིད་ཉན་པ་པོ་ཡང་དེ་ཉིད་དེ་ཞེས་པ་དེ་ནི་དེ་ལྟར་ཡིན་པར་མི་རིགས་སོ། །ལྷས་བྱིན་གཅིག་རིམ་གྱིས་མི་བཅུའི་སྔ་རོལ་དུ་གནས་པ་ཐ་སྙད་དུ་འདོད་དགོས་མོད་ཀྱང་མི་དང་པོའི་སྔ་རོལ་ན་བསྡད་པའི་ལྷས་བྱིན་དེ་ཉིད་མི་གཉིས་པའི་སྔ་རོལ་ན་ཡང་སྡོད་པར་འདོད་ན། སྔར་གཟུགས་ལྟ་དུས་ཀྱི་ལྟ་བ་པོ་དེ་ཉིད་ཕྱིས་སྒྲ་ཉན་དུས་ཀྱི་ཉན་པ་པོ་དེར་ཁས་བླང་དགོས་སོ། །དེ་ལྟར་དགོས་མོད་ཀྱང་ཕ་རོལ་པོས་དེ་ལྟར་ཁས་བླངས་པ་མེད་པས་སུན་འབྱིན་འདི་ཇི་ལྟར་རིགས་སྙམ་ན། སྤྱིར་གནས་མ་བུ་པ་ལ། རྣམ་འགྲེལ་ལས། གང་གི་རང་བཞིན་འཇིག་མེད་པ། དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་


JLD015_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རྟག་པར་སྨྲོས། །ཞེས་གསུངས་པ་བཞིན་དུ་སྔར་མིག་གི་སྔ་རོལ་ན་གནས་པའི་གང་ཟག་དེ་ཉིད་ཕྱིས་རྣ་བའི་དབང་པོའི་སྔ་རོལ་ན་གནས་པའི་ཆ་ཡང་མ་ཞིག་པར་འདོད་པས། དེ་ལྟར་ཁས་བླངས་པའི་སྒོ་ནས་ཀྱང་སྐྱོན་དེ་བརྗོད་ནུས་མོད་ཀྱང༌། འདིར་ནི་གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་ན་ལྟ་བ་པོ་དང་ཉན་པ་པོ་གཉིས་ངོ་བོ་ཉིད་ཀྱིས་གཅིག་པ་དང་ཐ་དད་པ་ལས་མི་འདའ་ལ། ཐ་དད་འོག་ནས་འགོག་པས་གཅིག་ཡིན་ན་སྔར་ཆོས་གཅིག་གི་སྔ་རོལ་ན་གནས་པ་དེ་ཉིད་ཕྱིས་ཆོས་གཉིས་པའི་སྔ་རོལ་དུ་ཡང་བསྡད་དགོས་པས། རིམ་གྱིས་རེ་རེའི་སྔ་རོལ་ན་ཡོད་པར་འདོད་པ་ལ་ཡང་ལྟ་བ་པོ་དེ་ཉིད་ཅེས་པའི་སྐྱོན་བརྗོད་མཛད་དོ། །འོན་ཏེ་ལྟ་བ་པོ་དེ་ཉིད་ཉན་པ་པོ་ཡང་དེ་ཉིད་དུ་འདོད་ན་སྔར་བཤད་པའི་སྐྱོན་འོང་བར་མཐོང་ནས་གལ་ཏེ་ལྟ་བ་པོ་དང་ཉན་པ་པོ་དང་ཚོར་བ་པོ་རྣམས་ངོ་བོ་ཉིད་ཀྱིས་གཞན་དུ་འདོད་ན། ལྟ་བ་པོ་ཡོད་པའི་ཚེ་ན་ཡང་ཅིག་ཅར་དུ་ཉན་པ་པོ་ཡོད་པར་འགྱུར་ན་དེ་ལྟར་ནི་མི་འདོད་པས་ངོ་བོ་ཉིད་ཀྱིས་གཞན་དུ་མེད་དོ། །གཞན་ཡང་སྔར་ལྟར་འདོད་ན་སྐྱེས་བུ་གཅིག་ལ་བདག་ཀྱང་མང་པོ་ཡོད་པ་ཉིད་དུ་འགྱུར་ཏེ་ལྟ་བ་པོ་ལ་སོགས་པ་རྣམས་ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་བདག་ནི་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་དོ། །འོན་ཀྱང་བདག་ཏུ་གདགས་པའི་རྒྱུ་མེད་པའི་སྐྱོན་མེད་དེ་ལྟ་བ་ལ་སོགས་པའི་སྔ་རོལ་མིང་དང་གཟུགས་ཀྱི་གནས་སྐབས་ན། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་གོ་ཞེས་གསུངས་པའི་ལྟ་བ་དང་ཉན་པ་སོགས་འབྱུང་བར་འགྱུར་བའི་རྒྱུ་འབྱུང་བ་བཞི་ཡོད་དོ། །དེས་ན་ལྟ་བ་


JLD015_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་སྔ་རོལ་ན་འབྱུང་བ་བཞིའི་ཉེ་བར་ལེན་པ་ཅན་གྱི་བདག་ཡོད་དོ་ཞེ་ན། ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་དག་ལ་སོགས་པ་ཡང་གང་ལས་འབྱུང་བར་འགྱུར་བའི་འབྱུང་བ་བཞི་པོ་དེ་ལའང་བདག་དེ་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །གལ་ཏེ་བདག་དེ་ངོ་བོ་ཉིད་ཀྱིས་ཡོད་ན་འབྱུང་པ་ལས་ཕྱི་བ་དང་དུས་མཉམ་པས་འབྱུང་བ་ཉེ་བར་ལེན་པ་མི་འཐད་པས་འབྱུང་བའི་སྔ་རོལ་དུ་ཡོད་པར་འགྱུར་རོ། །དེ་ལྟ་ན་བདག་ཏུ་གདོགས་པའི་རྒྱུ་མེད་པ་ལ་སོགས་པའི་སྐྱོན་སྔར་བཤད་པ་བཞིན་འཇུག་པས་འདིར་སླར་ཡང་སྐྱོན་བརྗོད་མ་མཛད་དོ། །གཉིས་པ་ལ་གཉིས། བདག་གི་འཇོག་ཚུལ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་དེ་ལྟར་གང་ཟག་ངོ་བོ་ཉིད་ཀྱིས་ཡོད་པ་འགོག་ན་མཐོང་བ་དང་ཐོས་པ་ལ་སོགས་པའི་གང་ཟག་གི་ཐ་སྙད་འདི་མི་འཐད་པར་མི་འགྱུར་རམ་སྙམ་ན། མཐོང་ཐོས་ལ་སོགས་པ་བྱེད་པའི་གང་ཟག་ནི་སུས་ཀྱང་བསྙོན་དུ་མེད་པས་དེ་གཏན་མེད་པ་ནི་མི་རུང་ངོ་། །འདི་ལ་གཞན་སྡེས་མཐོང་བ་སོགས་ཀྱི་གང་ཟག་ནི་གདོན་མི་ཟ་བར་ཁས་བླང་དགོས་ལ། འོན་ཀྱང་ཕུང་པོ་དང་ངོ་བོ་གཅིག་པ་མི་རུང་བར་མཐོང་ནས། ཕུང་པོ་ལས་ངོ་བོ་ཐ་དད་པའི་གང་ཟག་གི་བདག་འདོད་པར་བྱེད་དོ། །རང་གི་སྡེ་པ་གཞན་གྱིས་ནི་ལས་གསོག་པ་སོགས་ཀྱི་གང་ཟག་ཙམ་ཞིག་ནི་གཞག་དགོས་པར་མཐོང་ཞིང༌། ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་ཡོད་པ་ལ་གནོད་བྱེད་མཐོང་ནས་ཕུང་པོའི་ཚོགས་རྒྱུན་དང་ལུས་འདོར་ལེན་བྱེད་པའི་རྣམ་ཤེས་ཉིད་བདག་གམ་གང་ཟག་ཏུ་སྨྲ་བར་བྱེད་དོ། །


JLD015_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལུགས་ནི་ངར་འཛིན་ལྷན་སྐྱེས་ཀྱིས་གང་ལ་དམིགས་པའི་གཞི་དམིགས་པ་ནི་ང་དང་བདག་དང་གང་ཟག་ཏུ་གཞག་དགོས་ལ། ཕྱི་རོལ་པས་ཀུན་བརྟགས་པ་ལྟར་གྱི་གང་ཟག་ཡོད་པར་མི་འཛིན་པའི་དུད་འགྲོ་ལ་སོགས་པ་ལ་ཡང་ང་དང་ང་ཡི་བར་འཛིན་པའི་འཇིག་ལྟ་འཇུག་པས། ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་ནི་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པའི་གཞིར་ཡང་མི་རུང་ལ། དེ་ནི་ཀུན་རྫོབ་ཙམ་དུ་ཡང་མེད་པར་འདོད་དེ་འཇུག་པ་ལས། འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། ཅེས་དང༌། འཇིག་རྟེན་ངར་འཛིན་བློ་ཡི་རྟེན་དུ་ཡང༌། །མི་འདོད་དེ་རིག་མིན་པའང་བདག་ལྟའི་ཕྱིར། །ཞེས་སོ། །འཇིག་རྟེན་གྱི་ཐ་སྙད་ལ་ནི་ངའི་གཟུགས་དང་ངའི་སེམས་ཞེས་བདག་ནི་ཕུང་པོའི་རྗེ་བོ་དང་ཕུང་པོ་ནི་དེའི་ཁོལ་ལྟར་འཛིན་པས། བདག་གི་མཚན་གཞིར་ཕུང་པོའི་རྒྱུན་ནམ་ཚོགས་པའམ་ཡ་གྱལ་རྣམས་འཇོག་པ་ནི་གཏན་མི་རུང་ངོ་། །འཕགས་པའི་གཞུང་དུ་ཡང་དེ་ཁོ་ན་ལྟར་འཆད་དེ། རབ་བྱེད་འདིར་ནི་ལྟ་བ་ལ་སོགས་པའི་ཅི་ཞིག་པོ་རྣམས་ཀྱིས་གང་ཞིག་པོའི་བདག་གསལ་བར་བྱེད་པར་བཤད་པས། གསལ་བྱེད་ཀྱི་ཚོགས་པ་དང་ཡ་གྱལ་གང་ཡང་གསལ་བྱར་འགལ་བའི་ཕྱིར་དང༌། རབ་བྱེད་བཅུ་པར་ཕུང་པོ་དང་བདག་གཅིག་ཐ་དད་ཀྱི་ཚུལ་མེ་དང་བུད་ཤིང་དང་འདྲ་བར་གསུངས་པའི་ཕྱིར་དང༌། རབ་བྱེད་ཐ་མར་ཡང༌། ཉེ་བར་ལེན་པ་མ་གཏོགས་པར། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་


JLD015_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། བདག་དང་ཕུང་པོ་རྗེ་ཁོལ་ལྟར་འཛིན་ན་དེ་གཉིས་ངོ་བོ་ཐ་དད་པར་འཛིན་པར་མི་འགྱུར་རམ་སྙམ་ན། དེ་གཉིས་རྫས་གཞན་དུ་འཛིན་པ་འཇིག་རྟེན་གྱི་ཐ་སྙད་ལ་མེད་དེ། གཞན་དུ་ན་ལྷས་བྱིན་གྱི་ལག་པ་ན་བ་དང་གསོས་པ་ལ་ལྷས་བྱིན་ན་བ་དང་གསོས་པར་མི་འཇོག་པར་འགྱུར་ཏེ། “ཉེར་སྦས་ན་བ་དང་གསོས་པས་བྱམས་པ་ན་བ་དང་གསོས་པར་ཐ་སྙད་མི་བྱེད་པ་བཞིན་ནོ། །རིགས་པ་དེ་ནི། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་འདི་བསྐྱེད་ཅེས་སྨྲ་བྱེད་ཅིང༌། །ཤིང་ཡང་བཙུགས་སོ་སྙམ་དུ་རྟོགས་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། ཅེས་གསུངས་པའི་འདོན་པ་བསྒྱུར་བ་ཡིན་ཏེ། གང་ཕྱིར་འཇིག་རྟེན་ལག་པ་ན་བ་ལ། །བདག་ནི་ནའོ་སྙམ་དུ་རྟོགས་དེས་ན། །དེ་གཉིས་རྫས་གཞན་འཇིག་རྟེན་ལས་ཀྱང་མེད། ཅེས་པའོ། །དེས་ན་བདག་གམ་གང་ཟག་ནི་མིང་དུ་བཏགས་པ་ཙམ་མ་གཏོགས་པ་བདག་གི་ཐ་སྙད་གང་ལ་འཇུག་པའི་གཞི་བཙལ་བ་ན། ཕུང་པོ་ལས་ངོ་བོ་ཐ་དད་པ་དང་ངོ་བོ་གཅིག་པ་སོགས་མི་རྙེད་པས་ཕུང་པོ་ལ་བརྟེན་ནས་ང་དང་བདག་ཏུ་བཏགས་པ་ཙམ་མོ། །ལག་པ་ན་བ་དང་གསེས་པས་གང་ཟག་དེ་ན་བ་དང་གསོས་པར་ཐ་སྙད་བྱེད་ཅིང༌། ངའི་ལག་པ་ན་བ་དང་གསོས་སོ་ཞེས་ཀྱང་ཐ་སྙད་བྱེད་པས་ལག་པ་གཅིག་ཉིད་ང་དང་ང་ཡི་བ་གཉིས་ཀར་འཇོག་པ་མིན་ནམ་སྙམ་ན། དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་མ་རྟོགས་པ་ཡིན་ཏེ། དེའི་དོན་ནི་ལག་པ་ན་བ་དང་གསེས་པས་བདག་དེ་ན་བ་དང་གསོས་པར་འཇོག་པའི་དོན་ཡིན་གྱི་ལག་པ་བདག་ཏུ་འཇོག་པ་མིན་པའི་


JLD015_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཏེ། ལག་པ་ལ་ངའོ་སྙམ་དུ་མི་འཛིན་པའི་ཕྱིར་རོ། །ལྷས་བྱིན་གྱིས་དུས་སྔ་ཕྱིའི་བདག་སོ་སོར་མ་ཕྱེ་བར་ངའོ་སྙམ་དུ་འཛིན་པའི་དམིགས་པའི་གཞིར་གྱུར་པའི་བདག་ནི་ཐོག་མ་མེད་པ་ནས་ཞུགས་པའི་ང་ཙམ་ཡིན་པས། ལྷ་ལ་སོགས་པའི་ལུས་བླངས་དུས་ཀྱི་འགྲོ་བ་སོ་སོ་བའི་བདག་རྣམས་ནི་སྔ་མའི་བྱེ་བྲག་རེའོ། །ལྷས་བྱིན་གྱིས་སྐྱེ་བ་སོ་སོར་ཕྱེ་བའི་བདག་ལ་ངའོ་སྙམ་དུ་བཟུང་བའི་བདག་ནི་ཚེ་རེ་རེའི་བདག་ཕྱོགས་རེ་བ་ཡིན་ནོ། །ཡུལ་གྱི་བདག་བཞིན་དུ་ཡུལ་ཅན་གྱི་ངར་འཛིན་ཡང་སོ་སོར་ཕྱེ་བ་དང་མ་ཕྱེ་བའི་འཛིན་སྟངས་ཅན་དུ་ཤེས་པར་བྱའོ། །དེ་འདྲ་བའི་བདག་ཐ་སྙད་བཏགས་པ་ཙམ་མིན་པའི་བཏགས་དོན་བཙལ་བ་ན་གང་དུ་ཡང་མི་རྙེད་པས། ལས་གསོག་པ་དང་འབྲས་བུ་མྱོང་བ་སོགས་སུ་མི་རུང་ངོ་ཞེ་ན། དེ་ལྟ་ན་གཟུགས་ལ་སོགས་པ་རྣམས་ཀྱང་ཐ་སྙད་བཏགས་པ་ཙམ་མིན་པའི་བཏགས་དོན་བཙལ་བ་ན། བདག་དང་འདྲ་བར་རང་གི་ཆ་ཤས་རྣམས་ལས་ངོ་བོ་ཐ་དད་པ་དང་གཅིག་པ་སོགས་གང་དུ་ཡང་མི་རྙེད་པས་བྱ་བ་བྱེད་ནུས་པ་མི་སྲིད་པར་འགྱུར་རོ། །དེ་ལྟར་བཙལ་བ་ན་མི་རྙེད་པར་བདག་བཏགས་ཡོད་དང་རྫས་ཡོད་གཉིས་ཀ་མཚུངས་མོད་ཀྱང་མ་རྙེད་པས་བདག་གཉིས་ཁེགས་མི་ཁེགས་མི་མཚུངས་ཏེ། རྫས་ཡོད་རིགས་པས་དཔྱད་བཟོད་ཡིན་ལ་བཏགས་ཡོད་དེ་ལྟར་མིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཡང་དེ་ལྟར་བདག་བཀག་མོད་ཀྱི་འོན་ཀྱང་ལྟ་བ་ལ་སོགས་པ་ནི་རང་བཞིན་གྱིས་ཡོད་དེ་མ་བཀག་པའི་ཕྱིར་རོ། །དེ་དག་ཡོད་ན་བདག་གི་ངོ་བོ་ཅན་མིན་


JLD015_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བུམ་པ་ལ་སོགས་ལ་ལྟ་བ་ལ་སོགས་པ་དང་འབྲེལ་པ་མེད་པས་དེ་དག་གང་དང་འབྲེལ་བའི་བདག་ཀྱང་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེ་ན། གལ་ཏེ་ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་དག་ལ་སོགས་པ་ཡང་ལེན་པ་པོ་གང་གི་བླང་བྱ་ཡིན་པའི་ལན་པ་པོ་དེ་ངོ་བོ་ཉིད་ཀྱིས་མེད་པར་བསྟན་པ་དེ་ཡི་ཚེ༌། དེར་མ་ཟད་ལྟ་བ་ལ་སོགས་པ་དེ་དག་ཀྱང་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་གསལ་བར་བསྟན་པ་མ་ཡིན་ནམ་དེའི་ཕྱིར་ལྟ་བ་ལ་སོགས་པ་ཉེ་བར་བླང་བྱ་ངོ་བོ་ཉིད་ཀྱིས་མེད་པས་ཉེ་བར་ལེན་པ་པོའི་བདག་ཀྱང་ངོ་བོ་ཉིད་ཀྱིས་མེད་དོ། །གསུམ་པ་ནི། འདིར་ཕ་རོལ་པོས་གང་ཟག་ངོ་བོ་ཉིད་ཀྱིས་མེད་པ་དེ་དགག་བྱ་དེ་རྣམ་པར་བཅད་པ་ཙམ་མིན་པའི་མ་ཡིན་དགག་ཏུ་བསྒྲུབས་སོ་སྙམ་ནས་ཅི་བདག་མེད་དོ་སྙམ་དུ་ཁྱོད་ཀྱིས་ངེས་སམ་ཞེས་འདྲིའོ། །དེ་སྐད་དུ་སུས་སྨྲས། ལྟ་བ་ལ་སོགས་པ་མེད་པས་བདག་ཀྱང་མེད་དོ་ཞེས་ཐལ་མ་ཐག་ཏུ་མ་སྨྲས་སམ་ཞེ་ན། དེ་སྐད་དུ་སྨྲས་མོད་ཀྱི་འདིའི་དོན་ནི་ཁྱོད་ཀྱིས་བཟུང་བ་ལྟར་ཁོ་བོ་ཅག་མི་འདོད་དོ། །འདི་ལྟར་བདག་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་ཁྱོད་ཀྱིས་བརྟགས་པ་ཡིན་ལ། བདག་གིས་ཀྱང་འཛིན་པ་དེའི་གཉེན་པོར་བདག་ངོ་བོ་ཉིད་ཀྱིས་ཡོད་བ་མིན་ནོ་ཞེས་དེ་ཟློག་པའི་ཚིག་དགག་བྱ་རྣམ་པར་བཅད་པ་ཙམ་སྨྲས་པ་ཡིན་གྱི། དགག་བྱ་བཅད་ཙམ་ལས་གཞན་པ་བདག་འདིའི་རང་བཞིན་མེད་པ་རིགས་ཤེས་ཀྱི་ཡུལ་དུ་བརྟགས་པ་མིན་ཏེ། དངོས་པོ་དང་དངོས་མེད་ལ་ཞེན་པ་གཉིས་ཀ་སྤང་དགོས་པའི་ཕྱིར་རོ། །འདི་ལྟ་བུའི་རིགས་རྣམས་ནི་མེད་དགག་དང་མ་ཡིན་དགག་གི་ཁྱད་པར་འབྱེད་པ་


JLD015_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་ཐལ་འགྱུར་བའི་ཁྱད་ཆོས་ཀྱང་མིན་ཏེ་སྔར་མང་དུ་བཤད་ཟིན་ཏོ། །དེས་ན་གང་ཟག་ནི་བརྒྱ་པ་ལས། ཁྱོད་ཀྱི་བདག་གང་ངའི་བདག་མིན། །དེས་དེ་བདག་མིན་མ་ངེས་ཕྱིར། །དངོས་པོ་མི་རྟག་པ་རྣམས་ལ། །རྟོག་པ་སྐྱེ་བར་འགྱུར་མིན་ནམ། །ཞེས་གསུངས་པ་ལྟ་བུར་འདོད་པར་བྱའོ། །དེའི་དོན་ནི་བདག་དེ་རང་གི་ངོ་བོས་ཡོད་ན་གང་ཟག་གཅིག་གིས་དེ་ལ་ངའོ་སྙམ་དུ་འཛིན་པ་བཞིན་དུ། ཐམས་ཅད་ཀྱིས་ཀྱང་འཛིན་པའི་ངེས་པ་དགོས་པ་ལས་ཁྱོད་ཀྱི་ངར་འཛིན་སྐྱེ་བའི་བདག་དེ་ལ་ང་ལ་ངར་འཛིན་མི་སྐྱེ་བའི་ཕྱིར། རིགས་པ་དེས་བདག་དེ་ངོ་བོ་ཉིད་ཀྱིས་གྲུབ་པ་མིན་ཏེ་ཐམས་ཅད་ལ་ངར་འཛིན་སྐྱེ་བར་མ་ངེས་པའི་ཕྱིར་རོ། །བདག་མེད་ན་ངར་འཛིན་པ་འདི་གང་ལ་འགྱུར་སྙམ་ན། ཕུང་པོ་མི་རྟག་པ་ལས་དོན་གཞན་དུ་ངར་འཛིན་གྱི་དམིགས་པ་མེད་ཅིང་ཕུང་པོ་ཉིད་ཀྱང་དེར་མི་འཐད་པས་ཕུང་པོ་མི་རྟག་པ་ལ་བརྟེན་ནས་བཏགས་པའི་བདག་ལ་ངའོ་སྙམ་པའི་རྟོག་པས་བཟུང་བ་འབའ་ཞིག་གོ །དེ་ལྟར་བདག་རང་གི་ངོ་བོས་ཡོད་པ་མིན་ལ་བརྟེན་ནས་བཏགས་པ་ཙམ་མེད་པ་མིན་པའི་དོན་འདི་གང་ཞིག་ལྟ་ལ་ཞེས་སོགས་ཀྱིས་ཀྱང་སྟོན་ནོ། །བདག་གང་ཞིག་ཡོངས་སུ་བརྟགས་ན་ལྟ་བ་ལ་སོགས་པའི་སྔ་རོལ་ན་མེད་དེ་གང་ཟག་ཏུ་གདགས་པའི་རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །ད་ལྟར་ཏེ་ལྟ་བ་ལ་སོགས་པ་དང་ལྷན་ཅིག་ཏུ་ཡང་ངོ་བོ་ཉིད་ཀྱིས་མེད་དེ་སོ་སོར་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ལ་ལྷན་ཅིག་པ་ངོ་བོ་ཉིད་ཀྱིས་ཡོད་པ་མ་མཐོང་བའི་ཕྱིར་དང༌། སོ་སོར་ངོ་བོ་ཉིད་ཀྱིས་གྲུབ་


JLD015_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདག་དང་ཉེ་བར་བླང་བ་གཉིས་ཕན་ཚུན་ལྟོས་མེད་དུ་གྱུར་པས་སོ་སོར་གྲུབ་པ་ཡང་མི་འཐད་པའི་ཕྱིར་རོ། །ལྟ་བ་ལ་སོགས་པ་སྔ་ལ་བདག་ཕྱི་བ་ཡང་མེད་དེ་བྱེད་པ་པོ་མེད་པའི་ལས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་མེད་པ་དེའི་ཚེ་བདག་དེ་ལ་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་པའི་རྟོག་པ་དག་ནི་ལྡོག་པར་འགྱུར་ལ། ལྟ་བ་ལ་སོགས་པས་གསལ་བར་བྱེད་པའི་ཕྱིར་གང་ཟག་དེ་མེད་དོ་ཞེས་པའི་རྟོག་པ་དག་ཀྱང་ལྡོག་པར་འགྱུར་རོ། །གཉིས་པ་ནི། དེ་ལྟར་གང་ཟག་ཉེ་བར་ལེན་པ་པོ་དང་ངེས་བླང་བྱ་ངོ་བོ་ཉིད་ཀྱིས་མེད་པར་གཏན་ལ་ཕབ་པ་དེ་ཉིད་ཟབ་མོའི་ལུང་གིས་གྲུབ་པར་བསྟན་པ་དང༌། དེ་ལྟར་བཤད་པའི་གསུང་རབ་ཐམས་ཅད་རབ་བྱེད་འདིས་བཤད་པར་བྱ་བར་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བ་ནི། འགོ་འོང་བརྟག་པའི་རབ་བྱེད་ལུང་དང་སྦྱར་བ་ཉིད་ལ་བཤད་པས་དེ་བཞིན་དུ་ཤེས་པར་བྱའོ། །གསུམ་པ་ནི། ལུས་དེའི་ལེན་པ་པོ་ནི་གང་ཟག་འདིའོ་ཞེས་པ་དང་གང་ཟག་འདི་ཡི་བླང་བྱ་ནི་ཆོས་འདི་དག་གོ་ཞེས་པ་རྣམས་ལ་ཐ་སྙད་ཀྱི་དབང་གིས་བཞག་པ་མིན་པར་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་བཟུང་བ་ལྟར་གནས་ན། བླང་བྱ་དང་ལེན་པ་པོའི་ཐ་སྙད་གང་ཡང་བྱར་མེད་པར་ངེས་པ་བསྐྱེད་ནས་མིང་དུ་བཏགས་པ་ཙམ་གྱི་རྟེན་འབྱུང་ལ་དེ་གཉིས་ཤིན་ཏུ་འཐད་པའི་ཚུལ་རྣམས་བསམ་པར་བྱའོ། །སྔ་རོལ་ན་གནས་པ་བརྟགས་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་བདག་ཉིད་རབ་ཏུ་བྱེད་པ་དགུ་པའི་རྣམ་པར་བཤད་པའོ།། །།གཉིས་པ་གང་ཟག་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གཉིས།


JLD015_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་ཀྱི་དཔེ་དགག །སྒྲུབ་བྱད་ཀྱི་གཏན་ཚིགས་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ། ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་ཕན་ཚུན་ལྟོས་པས་ངོ་བོ་ཉིད་ཀྱིས་གྲུབ་པ་མ་ཡིན་ནོ་ཞེས་སྨྲས་པ་ནི་མི་རིགས་ཏེ། དངོས་པོ་ལྟོས་པ་དང་བཅས་པ་ལ་ངོ་བོ་ཉིད་ཀྱིས་གྲུབ་པ་མཐོང་བའི་ཕྱིར་རོ། །འདི་ལྟར་བུད་ཤིང་ལ་ལྟོས་ནས་མེ་འབྱུང་མོད་ཀྱང་ཚ་བའི་རང་བཞིན་དང་སྲེག་པར་བྱེད་པའི་འབྲས་བུ་མཐོང་བའི་ཕྱིར་དང༌། མེ་ལ་ལྟོས་ནས་བུད་ཤིང་ཡིན་མོད་ཀྱང་བསྲེག་བྱ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མེ་དང་བུད་ཤིང་བཞིན་དུ་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་གཉིས་ཀྱང་ངོ་བོ་ཉིད་ཀྱིས་གྲུབ་བོ། །འདི་དགག་པ་ལ་གསུམ། མེ་དང་བུད་ཤིང་ངོ་བོ་ཉིད་ཀྱིས་ཡོད་པ་དགག །རིགས་པ་དེ་གཞན་ལ་ཡང་སྦྱར་བ། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་ལ་གསུམ། སྔར་མ་བཤད་པའི་རིགས་པས་དགག །སྔར་བཤད་པའི་རིགས་པས་དགག །དེ་དག་གི་མཇུག་བསྡུ་བའོ། །དང་པོ་ལ་གཉིས། །རང་བཞིན་གཅིག་པ་དགག །རང་བཞིན་ཐ་དད་པ་དགག་པའོ། །དང་པོ་ནི། གལ་ཏེ་མེ་དང་ཤིང་གཉིས་ངོ་བོ་ཉིད་ཀྱིས་ཡོད་ན་ངོ་བོ་ཉིད་ཀྱིས་གཅིག་པའམ་ཐ་དད་པ་གཉིས་སུ་ངེས་ཏེ། གཅིག་དང་ཐ་དད་གཉིས་གཅིག་རྣམ་པར་བཅད་ན་ཅིག་ཤོས་ཡོངས་སུ་གཅོད་དགོས་པས་ཕུང་གསུམ་ལྡོག་པའི་ཕྱིར་རོ། །བསྲེག་པར་བྱ་བ་ཤིང་ལ་སོགས་པ་ལས་སུ་གྱུར་པའི་སྲེག་པར་བྱེད་པ་པོ་ནི་མེའོ། །དེ་ལ་བུད་ཤིང་


JLD015_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དེ་ཉིད་དང་མེ་གཉིས་ངོ་བོ་ཉིད་ཀྱིས་གཅིག་ཡིན་ན་བྱེད་པ་པོ་དང་ལས་རྣམས་གཅིག་ཏུ་འགྱུར་ན། རྫ་མཁན་དང་བུམ་པའམ་གཅད་བྱ་དང་གཅོད་པ་པོ་གཅིག་ལ་ཉིད་དུ་ནི་མ་མཐོང་ཞིང་ཁས་ཀྱང་མ་བླངས་པས་མི་རིགས་སོ། །ཐལ་པ་འདིས་ནི་བཟློག་ཕྱོགས་ལ་ལས་དང་བྱེད་པ་པོ་ཡིན་པའི་གཏན་ཚིགས་ཀྱིས་མེ་དང་ཤིང་གཉིས་ངོ་བོ་ཉིད་ཀྱིས་གཅིག་ཏུ་མེད་པ་འཕེན་པའོ། །གཉིས་པ་ལ་གཉིས། རང་བཞིན་ཐ་དད་པའི་བསྒྲུབ་བྱ་དགག །རང་བཞིན་ཐ་དད་ཀྱི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། རང་བཞིན་གྱིས་ཐ་དད་ན་ཤིང་ལ་མི་ལྟོས་པ་དང༌། རང་བཞིན་གྱིས་ཐ་དད་ན་ཤིང་དང་མི་ཕྲད་པར་འགྱུར་བའོ། །དང་པོ་ལ་གཉིས། དགག་པ་དངོས་དང༌། མ་ངེས་པ་སྤང་བའོ། །དང་པོ་ལ་གཉིས། ཤིང་མེད་བཞིན་དུ་འབྱུང་བ་དང༌། རྟག་ཏུ་འབར་བ་སོགས་སུ་འགྱུར་བའོ། །དང་པོ་ནི། གལ་ཏེ་ཤིང་ལས་མེ་ངོ་བོ་ཉིད་ཀྱིས་གཞན་ཡིན་ན་བུད་ཤིང་ལ་ལྟོས་པ་མེད་པར་མེ་འབྱུང་བར་འགྱུར་ཏེ། དཔེར་ན་བུམ་པ་ལས་གཞན་དུ་གྱུར་པའི་སྣམ་བུ་ནི་བུམ་པ་ལ་ལྟོས་པ་མེད་པར་མཐོང་བ་བཞིན་ནོ། །འདི་ནི་ངོ་བོ་ཉིད་ཀྱིས་ཐ་དད་པ་ལ་ལྟོས་པ་མི་རུང་ལ་ལྟོས་པ་མེད་ན་ལྟོས་མེད་དུ་མཚུངས་བཞིན་དུ་བུམ་པ་མེད་པའི་སྣམ་བུ་མཐོང་དུ་རུང་ལ། བུད་ཤིང་མེད་པའི་མེ་མཐོང་དུ་མི་རུང་བའི་ཁྱད་པར་མི་འཐད་ཅེས་འགོག་པ་ཡིན་ཞིང༌། གཞན་སྐྱེ་འགོག་པ་ནི་མི་ལྟོས་པའི་གཞན་ལས་སྐྱེ་ན་གཞན་དུ་མཚུངས་པ་ཐམས་ཅད་ལ་སྐྱེ་མི་སྐྱེ་ཁྱད་པར་མེད་པར་འགྱུར་རོ་ཞེས་པ་ཡིན་པས་རིགས་པ་ཁྱད་མེད་མིན་ནོ། །གཉིས་པ་ནི། གཞན་ཡང་མེ་བུད་ཤིང་ལས་ངོ་བོ་ཉིད་ཀྱིས་


JLD015_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་ན་རྟག་ཏུ་འབར་བ་ཉིད་དུ་འགྱུར་ཞིང་འབར་བར་བྱེད་པའི་རྒྱུ་ལས་མི་འབྱུང་བར་འགྱུར་ལ། རྩོམ་པ་དོན་མེད་པ་ཉིད་དུ་ཡང་འགྱུར་ཞིང་དེ་ལྟ་ཡིན་ན་ལས་ཀྱང་མེད་པར་འགྱུར་རོ། །དོན་འདི་ཉིད་སྟན་པ་ནི་མེ་བུད་ཤིང་ལས་ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་ན་མེ་དེ་གཞན་བུད་ཤིང་ལ་ལྟོས་པ་མེད་པའི་ཕྱིར་འདིས་མེ་འབར་བར་བྱེད་པས་འབར་བྱེད་དེ་བུད་ཤིང་ངོ་། །དེས་ན་འབར་བའི་རྒྱུ་སྟེ་དེ་ལས་མི་འབྱུང་བར་འགྱུར་རོ། །འབར་བྱེད་ལ་ལྟོས་པའི་མེ་ནི་དེ་མེད་ན་འཆི་བར་འགྱུར་ན་དེ་ལ་ལྟོས་པ་མེད་པ་ནི་འཆི་བའི་རྐྱེན་མ་ཚང་བས་རྟག་ཏུ་འབར་བ་ཉིད་དུ་འགྱུར་རོ། །རྟག་ཏུ་འབར་བ་ཡིན་ན་ནི་མེ་མི་འཆི་བར་བྱ་བའི་ཕྱིར་བུད་ཤིང་ལེན་པ་དང་སྦར་བ་ལ་སོགས་པའི་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་ན་བསྲེག་པར་བྱ་བའི་ལས་མེད་བཞིན་དུ་མེ་སྲེག་པ་པོར་འགྱུར་ན་ལས་མེད་པའི་བྱེད་པ་པོ་ནི་མེད་དོ། །དེའི་ཕྱིར་བུད་ཤིང་ལས་ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་པ་མི་རིགས་སོ། །འདིར་ཡང་ཐལ་བའི་བཟློག་ཕྱོགས་ལ་རྟགས་ཀྱིས་གཞན་མེད་པར་སྒྲུབ་པ་ཤེས་པར་བྱའོ། །གཉིས་པ་ནི། ཤིང་ལས་མེ་གཞན་ཡིན་ན་ཤིང་མེད་པར་མེ་འབྱུང་བར་འགྱུར་རོ་ཞེས་པ་དེ་ལ་གལ་ཏེ་འདི་སྙམ་དུ་འབར་བ་དང་ལྡན་པའི་དོན་མེས་སྲེག་བཞིན་པ་བུད་ཤིང་ཡིན་ལ་མེ་ཡང་དེ་ལ་བརྟེན་ནས་དམིགས་ཀྱི་ཡན་གར་བར་མེད་པས་ཤིང་མེད་པར་མེ་འབྱུང་བའི་སྐྱོན་དེ་མེད་དོ་སྙམ་དུ་སེམས་ན། གང་གི་ཚེ་འབར་བ་དང་ལྡན་པ་སྲེག་བཞིན་པ་དེ་ཙམ་ཞིག་བུད་ཤིང་དེ་ཡིན་ན་དེ་ལས་ངོ་


JLD015_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད་ཀྱིས་གཞན་དུ་གྱུར་པའི་མེ་མེད་པས། བུད་ཤིང་ལས་ངོ་བོ་ཉིད་ཀྱིས་ཐ་དད་པའི་མེ་གང་ཞིག་གིས་བུད་ཤིང་དེ་སྲེག་པར་བྱེད་དེ་བྱེད་པ་མི་རིགས་སོ། །དེའི་ཕྱིར་འབར་བ་དང་ལྡན་པའི་བུད་ཤིང་ངོ་བོ་ཉིད་ཀྱིས་གྲུབ་པ་ཡང་མེད་པས་ཉེས་པ་དེ་ཉིད་བཟློག་ཏུ་མེད་དོ། །འདི་ཡི་རིགས་པ་ནི་བརྒྱ་པ་ལས། མེས་ནི་ཚ་བ་ཉིད་སྲེག་སྟེ། །ཚ་བ་མ་ཡིན་ཇི་ལྟར་སྲེག །དེས་ན་བུད་ཤིང་ཞེས་བྱ་མེད། །དེ་མ་གཏོགས་པར་མེ་ཡང་མེད། ཅེས་གསུངས་པ་གསལ་བར་སྣང་ངོ་། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། དེ་ལ་མ་ངེས་པ་སྤང་པའོ། །དང་པོ་ནི། གཞན་ཡང་བུད་ཤིང་ལས་མེ་ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་པའི་ཕྱིར་མུན་པ་ལྟར་མི་ཕྲད་པར་འགྱུར་ལ་ཕྲད་པ་མེད་ན་བསྐལ་པའི་ཡུལ་ན་གནས་པ་བཞིན་བུད་ཤིང་སྲེག་པར་མི་འགྱུར་རོ། །དེ་ལྟར་ན་སྲེག་བཞིན་པ་བུད་ཤིང་ངོ་ཞེས་པ་མི་རིགས་སོ། །མི་སྲེག་ན་འཆི་བར་མི་འགྱུར་ཏེ་མེས་བུད་ཤིང་སྲེག་ན་བསྲེག་བྱ་ཟད་པས་འཆི་བར་འགྱུར་ན་མི་སྲེག་པ་ལ་འཆི་བའི་རྒྱུ་མེད་པའི་ཕྱིར་རོ། །མི་འཆི་ན་རང་གི་རྟགས་རབ་ཏུ་འབར་བ་དང་ལྡན་པར་གནས་པར་འགྱུར་རོ། །ཡང་གི་སྒྲ་ནི་གསུམ་ལས་ངེས་གཟུང་གི་དོན་དུ་བྱེད་ན་རང་གི་རྟགས་དང་ལྡན་པ་ཁོ་ནར་གནས་ཞེས་པའམ་ཡང་ན་མེ་བུད་ཤིང་ལས་གཞན་དུ་འགྱུར་པ་མེད་པ་ཁོ་ན་ཞེས་པའོ། །རྣམ་པར་བརྟག་པའི་དོན་དུ་བྱས་ན་མི་ཕྲད་པ་ལ་སོགས་པ་གང་རུང་དུ་འགྱུར་བའོ། །བསྡུ་བའི་དོན་དུ་བྱས་ན་མི་ཕྲད་པ་ལ་སོགས་པ་སྔ་མ་སྔ་མར་མ་ཟད་ཅེས་པའི་དོན་ནོ། །དེའི་ཕྱིར་བུད་ཤིང་ལས་མེ་གཞན་དུ་མི་རིགས་སོ། །ཞེས་བཤད་པ་ནི་ཐལ་བ་དེ་དག་གི་བཟློག་པ་སྟོན་པའོ། །གཉིས་


JLD015_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། གལ་ཏེ་གཞན་ཕྱིར་མི་ཕྲད་ཕྲད་མེད་ན། །ཞེས་སོགས་སྨྲས་པ་ནི་མི་རིགས་ཏེ་ཤིང་ལས་མེ་གཞན་ཡིན་ཡང་ཤིང་དང་ཕྲད་དུ་རུང་བར་འགྱུར་ཏེ། ཇི་ལྟར་ཏེ་དཔེར་ན་བུད་མེད་སྐྱེས་པ་དང་སྐྱེས་པའང་བུད་མེད་དང་ཕྲད་པ་བཞིན་ནོ། །འགྱུར་གསར་ལས་ཚིགས་བཅད་འདི་ལན་དུ་ཡོད་པར་བྱས་མོད་ཀྱང༌། ཅོག་རོས་བུད་དྷ་པཱ་ལི་ཏ་དང་ཤེས་རབ་སྒྲོན་མ་གཉིས་ཀར་ཕྱོགས་སྔའི་གཞུང་དུ་བསྒྱུར་བ་དང༌། གལ་ཏེ་ཤིང་ལས་མེ་གཞན་ཡང༌། །ཤིང་དང་ཕྲད་དུ་རུང་བར་འགྱུར། །ཞེས་བསྒྱུར་བ་ཤིན་ཏུ་ལེགས་སོ། །གལ་ཏེ་མེ་དང་ཤིང་དག་ནི་གཅིག་གིས་གཅིག་ནི་བསལ་བ་སྟེ་སྐྱེས་པ་དང་བུད་མེད་ལྟར་ཕན་ཚུན་ལྟོས་པ་མེད་པར་གྲུབ་པར་གྱུར་ན། ཤིང་ལས་མེ་གཞན་པ་ཉིད་ཡིན་ཡང་ཤིང་དང་ཕྲད་པར་འདོད་ལ་རག་ན་དེ་ལྟ་བུ་མི་སྲིད་དོ། །དེའི་ཕྱིར་དཔེ་ནི་དོན་མེད་དེ་ཕན་ཚུན་ལྟོས་པའི་གཞན་གཉིས་ཕྲད་པ་དཔེར་དགོད་པར་རིགས་པ་ལ་དེ་ལྟར་མ་བཀོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ལྟོས་པའི་སྒྲུབ་བྱེད་དགག །མངོན་སུམ་དུ་མཐོང་བའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། གལ་ཏེ་མེ་དང་བུད་ཤིང་ནི་སྐྱེས་པ་དང་བུད་མེད་ལྟར་ཕན་ཚུན་ལྟོས་མེད་མིན་གྱི་ལྟོས་པ་ཡོད་དོ། །དེའི་ཕྱིར་དེ་གཉིས་ལ་རང་གི་ངོ་བོས་གྲུབ་པ་ཡོད་དེ་མེད་པའི་མོ་གཤམ་གྱི་བུ་དང་བུ་མོ་ནི་ཕན་ཚུན་ལྟོས་པར་མ་མཐོང་ངོ་ཞེ་ན། འདི་དགག་པ་ལ་གསུམ། དུས་གསུམ་དུ་དཔྱད་ནས་ལྟོས་པ་དགག །ལྟོས་ཆོས་མེད་ལ་དཔྱད་ནས་ལྟོས་པ་དགག །ལྟོས་མ་ལྟོས་གཉིས་ཀ་དགག་པའོ། །


JLD015_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གཉིས། དུས་སྔ་ཕྱི་ལ་ལྟོས་པ་དགག །དུས་མཉམ་པ་ལ་ལྟོས་པ་དགག་པའོ། །དང་པོ་ནི། གལ་ཏེ་མེ་འདི་ནི་བུད་ཤིང་འདིའི་སྲེག་པ་པོའོ་ཞེས་བུད་ཤིང་ལ་ལྟོས་ནས་མེར་འཇོག་པ་ཡིན་ལ། གལ་ཏེ་བུད་ཤིང་ནི་མེ་འདིའི་བསྲེག་བྱའོ་ཞེས་མེ་ལ་ལྟོས་ཏེ་བུད་ཤིང་འཇོག་པ་ཡིན་ན། གང་ལ་ལྟོས་ནས་མེ་དང་ཤིང་དུ་འགྱུར་བ་གཉིས་ལས་དང་པོར་གྲུབ་པའི་ལྟོས་ས་དེ་གང་ཞིག་ཡིན། གལ་ཏེ་དང་བོར་བུད་ཤིང་གྲུབ་པ་ལ་ལྟོས་ནས་མེར་འགྱུར་བར་རྟོག་ན་དེ་ནི་མི་རིགས་ཏེ། སྲེག་བཞིན་པ་མ་ཡིན་པ་ནི་བུད་ཤིང་མིན་པའི་ཕྱིར་ཏེ་གཞན་དུ་ན་རྩྭ་ལ་སོགས་པ་ཐམས་ཅད་ཀྱང་བུད་ཤིང་དུ་ཐལ་བའི་ཕྱིར་རོ། །དེ་ལྟར་དུ་གསུངས་པ་ནི་བུད་ཤིང་ངོ་བོ་ཉིད་ཀྱིས་གྲུབ་ན་མེ་དང་ཕྲད་དགོས་པ་ལ་དགོངས་ཀྱི་བུད་ཤིང་ཙམ་ལ་ད་ལྟར་འདོད་པ་མིན་ཏེ་དུས་སྔ་ཕྱི་བའི་བྱ་བྱེད་མང་པོ་ཐ་སྙད་དུ་འཇོག་པའི་ཕྱིར་རོ། །ཅི་སྟེ་དང་པོར་མེ་གྲུབ་པ་ལ་ལྟོས་ནས་བུད་ཤིང་དུ་རྟོག་ན་ཡང་མི་རིགས་ཏེ་བུད་ཤིང་ལས་སྔར་གྲུབ་པའི་མེ་མེད་པའི་ཕྱིར་དང༌། ཡོད་ན་ནི་རྒྱུ་མེད་དུ་འགྱུར་བའི་ཕྱིར་དང་ཕྱིས་བུད་ཤིང་ལ་ལྟོས་པ་ལ་དགོས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཤིང་དང་པོར་གྲུབ་པ་ལ་ལྟོས་ནས་མེར་འཇོག་པ་ཡིན་ན། མེ་མ་གྲུབ་པ་ལྟོས་པར་མི་རིགས་པས་ཡོད་པ་ལྟོས་དགོས་སོ། །དེ་ལྟ་ན་མེ་གྲུབ་ཟིན་པ་ལ་སླར་ཡང་སྒྲུབ་དགོས་པར་འགྱུར་ན་དེ་ལ་ནི་སླར་ལྟོས་པ་དགོས་པ་མེད་དོ། །གཞན་ཡང་བུད་ཤིང་སྔར་གྲུབ་པ་ལ་ལྟོས་ནས་མེར་འཇོག་ན་བུད་པར་བྱ་བའི་ཤིང་ལ་ཡང་སྟེ་ཤིང་ནི་མེ་མེད་པར་ནི་གྲུབ་པར་འགྱུར་བ་ཡིན་ན་དེ་ནི་མི་རིགས་སོ། །བུད་དྷ་བཱ་ལི་ཏ་ལས་ཚིགས་བཅད་


JLD015_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོས་དང་པོར་གང་གྲུབ་དྲིས་ནས་ཤིང་སྔར་གྲུབ་ན་གལ་ཏེ་ཤིང་ལྟོས་ཞེས་པ་གཉིས་དང་མེ་སྔར་གྲུབ་ན་བུད་པར་བྱ་བ་ཞེས་པ་གཉིས་ཀྱིས་འགོག་སྟེ། ལྟོས་ཆོས་སུ་འདོད་པ་གཉིས་པོ་མེད་ན་ལྟོས་པར་མི་འཐད་པས་ཡོད་དགོས་ལ་སྔ་ཕྱིར་ཡོད་ན་ཤིང་མེད་པར་མེ་འགྲུབ་ནུས་པས་ཤིང་ལ་ལྟོས་དོན་མེད་ལ་མེ་མེད་བར་ཡང་ཤིང་འགྲུབ་ནུས་པས་མེ་ལ་ལྟོས་དོན་མེད་ཅེས་འཆད་དོ། །འདིར་ལྟོས་པ་ངོ་བོ་ཉིད་ཀྱིས་ཡོད་པ་འགོག་པ་ཡིན་ལ་དེ་ཡང་དུས་སྔ་ཕྱི་བ་དང་དུས་མཉམ་པ་གཉིས་ལས་མི་འདའ་པ་ཁྱབ་བྱེད་དུ་བསྟན་ནས་དུས་སྔ་ཕྱི་བ་འགོག་པ་ན་སྔ་མའི་དུས་ན་ཕྱི་མ་དང་ཕྱི་མའི་དུས་ན་སྔ་མ་མེད་པ་དང་ལྟོས་པ་ངོ་བོ་ཉིད་ཀྱིས་ཡོད་ན་དུས་ནམ་ཡང་ལྟོས་ས་ལྟོས་ཆོས་གཉིས་ཀ་དུས་མཉམ་དུ་ཡོད་དགོས་པ་ལ་འགལ་བ་བསྟན་ནས་འགོག་གོ །གཉིས་པ་ནི། གལ་ཏེ་དུས་གཅིག་ཁོ་ནར་བུད་ཤིང་གྲུབ་པས་མེ་འགྲུབ་ཅིང་མེ་གྲུབ་པས་ཀྱང་བུད་ཤིང་འགྲུབ་པར་འགྱུར་ཏེ་དེའི་ཕྱིར་དང་པོར་གཅིག་གྲུབ་པ་ཁས་མ་བླངས་པས་དེའི་སྐྱོན་གྱིས་མི་གནོད་དོ་ཞེ་ན། གལ་ཏེ་མེའི་དངོས་པོ་གང་ཞིག་བུད་ཤིང་གི་དངོས་པོ་ལ་ལྟོས་ནས་འགྲུབ་ལ་བུད་ཤིང་གི་ལྟོས་ཆོས་གང་ཡིན་པ་མེ་དེ་ཉིད་ལ་ཡང་ལྟོས་ནས་ནི། ལྟོས་བྱ་སྟེ་ལྟོས་ས་བུད་ཤིང་གང་ཡིན་པ་དེ་འགྲུབ་ན་དེ་ནི་གང་ལ་ལྟོས་ནས་གང་ཞིག་འགྲུབ་པར་འགྱུར་བ་སྨྲོས་ཤིག །འདི་ནི་དཔེར་ན་ཆུའི་ནང་གི་གྲུ་གཅིག་མི་འབྱམ་པར་བྱ་བའི་ཕྱིར་གྲུ་ཅིག་ཤོས་ལ་བརྟོད་ཀྱང་གཉིས་ཀ་འབྱམ་པས་ཕན་ཚུན་གཅིག་གཅིག་གི་སྐྱབས་སུ་མི་འགྱུར་བ་དེ་བཞིན་དུ། མེ་རང་གི་ངོ་བོས་གནས་པ་བསྒྲུབ་པར་བྱ་བའི་ཕྱིར་དུ་ཤིང་


JLD015_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟོས་པར་སྨྲ་ལ། ཤིང་རང་གི་ངོ་བོས་གནས་པ་བསྒྲུབ་པའི་ཕྱིར་དུ་མེ་ལ་ལྟོས་པར་སྨྲ་བ་ན་དེ་གཉིས་གང་ཡང་རང་གི་ངོ་བོས་གནས་པ་མེད་པར་འགྱུར་རོ། །རང་གི་ལུགས་ལ་ནི་གཅིག་གི་ཡོད་པ་ཅིག་ཤོས་ལ་ལྟོས་དགོས་པ་ཉིད་ཀྱིས་རང་གི་ངོ་བོས་གྲུབ་པ་མེད་ཅིང་གཏན་མེད་པ་རི་བོང་གི་རྭ་ལྟ་བུ་ལ་ལྟོས་པ་འགལ་བས་རང་གི་ངོ་བོས་ཡོད་པ་དང་ཡེ་མེད་གཉིས་ཀའི་མཐའ་དང་བྲལ་བར་གྲུབ་བོ། །གཉིས་པ་ནི། མེའི་དངོས་པོ་བུད་ཤིང་གི་དངོས་པོ་ལ་ལྟོས་ནས་གྲུབ་བ་གང་ཡིན་པ་དེ་ཡང་གྲུབ་མ་གྲུབ་གཉིས་ལས་མི་འདའ་བས། དེ་ལ་མ་གྲུབ་ན་ནི་ཇི་ལྟར་ན་བུད་ཤིང་ལ་ལྟོས་ཏེ་མི་ལྟོས་ཏེ་བོང་བུའི་རྭ་བཞིན་ནོ། །ཅི་སྟེ་གྲུབ་པ་ལྟོས་སོ་ཞེ་ན། དེ་ལྟ་ན་མེ་དེ་ནི་རང་གི་ངོ་བོ་ཉིད་ཀྱིས་བུད་ཤིང་ལ་ལྟོས་པར་མི་རིགས་ཏེ། ཡོད་པ་ཙམ་ལྟོས་པ་ལ་སླར་ཡང་དེ་ལ་ལྟོས་པ་མི་དགོས་ཀྱང་ངོ་བོ་ཉིད་ཀྱིས་ཡོད་པ་ལྟོས་ན་དུས་ནམ་ཡང་མི་ལྟོས་པར་མི་འགྱུར་བས་སླར་ཡང་ལྟོས་དགོས་ན་དེ་ཡང་དོན་མེད་དོ། །མེ་དང་བུད་ཤིང་གི་སྐབས་སུ་དངོས་པོ་ཞེས་སྤྱིར་སྨོས་པ་ནི་བུམ་སྣམ་ལ་སོགས་ལྷན་ཅིག་ཏུ། ཞེས་འཆད་པར་འགྱུར་བ་ལྟར་བརྟག་པ་འདིས་དངོས་པོ་ཀུན་བརྟགས་པར་འགྱུར་བ་ལ་དགོངས་སོ། །གསུམ་པ་ནི། དེ་ལྟར་རིགས་པ་སྔོན་དུ་བཏང་སྟེ་ཡང་དག་པ་ཇི་ལྟ་བ་བཞིན་བརྟགས་ན་ཤིང་ལ་ལྟོས་པའི་མེ་ངོ་བོ་ཉིད་ཀྱིས་མེད་དེ་མེ་དང་ཤིང་གྲུབ་མ་གྲུབ་ལྟོས་པར་མི་འཐད་པའི་ཕྱིར་རོ། །ཤིང་ལ་མ་ལྟོས་པའི་མེ་ཡང་མེད་དེ་གཞན་ཉིད་བཀག་ཟིན་པ་དང་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །མེ་ལ་ལྟོས་པའི་ཤིང་ཡང་ངོ་བོ་ཉིད་ཀྱིས་མེད་དེ་མེ་དང་བུད་ཤིང་གྲུབ་མ་གྲུབ་གཉིས་ལྟོས་


JLD015_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འཐད་པའི་ཕྱིར་རོ། །མེ་ལ་མ་ལྟོས་པའི་ཤིང་ཡང་མེད་དེ་སྲེག་བཞིན་པ་མིན་པ་བུད་ཤིང་དུ་མི་འཐད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དཔྱད་པ་ཤིན་ཏུ་ཕྲ་མོ་འདིས་ཁོ་བོ་ཅག་ལ་ཅི་དགོས་ཏེ་ཁོ་བོ་ཅག་ནི་མངོན་སུམ་གྱིས་བུད་ཤིང་མེས་སྲེག་བཞིན་པ་དམིགས་པའི་ཕྱིར་མེ་དང་བུད་ཤིང་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་པ་དེ་ཙམ་ཞིག་སྨྲའོ་ཞེ་ན། འདིར་མེ་ངོ་བོ་ཉིད་ཀྱིས་ཡོད་ན་ཤིང་ལས་གཞན་པའམ་ཤིང་དེ་ཉིད་ལས་འོང་དགོས་ན་མེ་ནི་ཤིང་ལས་གཞན་པ་ལས་མི་འོང་སྟེ་དེ་ལྟར་འོང་བ་མ་མཐོང་བའི་ཕྱིར་དང་། འོང་ན་ཡང་རྒྱུ་བུད་ཤིང་མེད་པས་རྒྱུ་མེད་དུ་འགྱུར་བའི་ཕྱིར་དང་བུད་ཤིང་དང་བཅས་པ་ཡིན་ན་མེར་འོང་མི་དགོས་པའི་ཕྱིར་དང༌། དེར་ཡང་བུད་ཤིང་དང་བརྒལ་བརྟག་མཚུངས་པས་ཐུག་མེད་དུ་ཐལ་བའི་ཕྱིར་རོ། །ཤིང་ལའང་མེ་ནི་ཡོད་པ་མ་ཡིན་ཏེ་མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། བུད་ཤིང་གི་སྐབས་སུ་སུན་འབྱིན་ལྷག་མ་ནི་སྔར་སོང་དང་མ་སོང་བ་དང་བགོམ་པས་བསྟན་ཟིན་པའི་འདོན་པ་བསྒྱུར་བའི་སྒོ་ནས་སོང་བ་ལ་སོགས་པའི་སུན་འབྱིན་དེ་བཞིན་དུ་རིག་པར་བྱའོ། །དེ་ཡང་རེ་ཞིག་བསྲེགས་ལ་མི་སྲེག་སྟེ། །ཞེས་པ་དང༌། བསྲེགས་ལ་སྲེག་པའི་རྩོམ་མེད་དེ། །ཞེས་པ་དང་རེ་ཞིག་སྲེག་པོ་མི་སྲེག་སྟེ། །ཞེས་སོགས་ཐམས་ཅད་འདོན་པ་བསྒྱུར་རོ། །གསུམ་པ་ནི། དེ་ལྟར་སྔར་བཤད་པ་རྣམས་ཀྱི་དོན་བསྡུ་ན་ཤིང་ཉིད་མེ་ནི་མ་ཡིན་ཏེ་བྱེད་པ་པོ་དང་ལས་གཅིག་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཤིང་ལས་གཞན་པ་སྟེ་གཞན་དུ་ཡང་མེ་མེད་དེ་ཤིང་མེད་


JLD015_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བར་མེ་འབྱུང་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར་རོ། །མེ་ནི་ཤིང་དང་ལྡན་པ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ་ལྷས་བྱིན་བློ་དང་ལྡན་ཞེས་པ་ལྟར་ངོ་བོ་གཅིག་པའི་ཕྱོགས་ཡིན་ན་སྦར་གཅིག་བགག་པའི་རིགས་པ་དང༌། ལྷས་བྱིན་བ་ལང་དང་ལྡན་ཞེས་པ་ལྟ་བུ་ངོ་བོ་ཐ་དད་པའི་ཕྱོགས་ཡིན་ན་སྔར་གཞན་འགོག་པའི་རིགས་པས་ཁེགས་པའི་ཕྱིར་གཅིག་དང་ཐ་དད་བཀག་པས་དེ་དག་ཀྱང་དོན་གྱིས་བཀག་གོ །མེ་ལ་ཤིང་ངོ་བོ་ཉིད་ཀྱིས་བརྟེན་པ་ཡང་མེད་དེ་དེ་ནི་འཁར་གཞོང་ལ་རྒྱ་ཤུག་ལྟར་ཡོད་དགོས་ལ་དེ་ཡང་གཞན་པ་འགོག་པས་བཀག་པའི་ཕྱིར་རོ། །བུད་ཤིང་དེར་མེ་དེ་ཡང་ངོ་བོ་ཉིད་ཀྱིས་མེད་དེ་གཞན་ཉིད་བཀག་བས་བཀག་པའི་ཕྱིར་རོ། །དེ་ལྟར་ན་རྟེན་དང་བརྟེན་པའི་ཕྱོགས་གཉིས་བཀག་པ་ཡང་སྔར་དོན་གྱིས་བསྟན་ནོ། །གཉིས་པ་ནི། བདག་ཏུ་འཛིན་པའི་ཡུལ་ཡིན་པའི་ཕྱིར་འདི་ལ་བདག་ཏུ་ང་རྒྱལ་བ་བཞག་ཅིང་བསྐྱེད་པས་བདག་ཅེས་བྱ་བ་དང་ཉེ་བར་བླང་བར་བྱ་བས་ཉེ་བར་ལེན་པ་སྟེ་དེ་གཉིས་ཀྱི་གྲུབ་པའི་རིམ་པ་ཀུན་མ་ལུས་པ་མེ་དང་བུད་ཤིང་དག་གིས་རྣམ་པར་བཤད་པར་ཁོང་དུ་ཆུད་པར་བྱའོ། །ཀུན་དང་མ་ལུས་པ་ལ་ཁྱད་བར་ཅི་ཡོད་ཅེ་ན། ཀུན་སྨོས་པ་ནི་བཤད་མ་ཐག་པའི་གཅིག་ཐ་དད་ལ་སོགས་པའི་ཕྱོགས་ལྔ་མ་ཚང་བ་མེད་པར་བདག་དང་ཉེར་ལེན་གཉིས་ལ་མེ་དང་བུད་ཤིང་ལྟར་སྦྱར་བའི་དོན་ཡིན་ལ། མ་ལུས་པ་སྨོས་པ་ནི་ལྔ་པོ་དེ་འགོག་པའི་རིགས་པ་སྔར་བཤད་པ་ཐམས་ཅད་ཀྱང་བདག་དང་ཉེར་ལེན་གྱི་ཕྱོགས་ལྔ་འགོག་བ་ལ་སྦྱོར་བའི་དོན་ནོ། །དེ་ཡང་བདག་དེ་ཉིད་ཉེ་


JLD015_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལེན་པ་ཡིན་ན་ལས་དང་བྱེད་པ་པོ་གཅིག་ཏུ་འགྱུར་བ་དང་དོན་གཞན་ཡིན་ན་ལྟོས་པ་མེད་པ་ལ་སོགས་པའི་སྐྱོན་དུ་འགྱུར་རོ། །དེ་གཉིས་བཀག་བ་ཉིད་ཀྱིས་ལྡན་པ་ལ་སོགས་པ་གསུམ་ཡང་བཀག་པའི་ཕྱིར་ལས་དང་བྱེད་པ་པོ་ལྟར་བདག་དང་ཉེ་བར་ལེན་པ་གཉིས་ངོ་བོ་ཉིད་ཀྱིས་མ་གྲུབ་ཀྱི་ཕན་ཚུན་ལྟོས་གྲུབ་ཙམ་དུ་ཤེས་པར་བྱའོ། །བདག་དང་ཉེ་བར་ལེན་པ་གཉིས་ཀྱི་རིམ་པ་ཁོ་ནར་མ་ཟད་ཀྱི་བུམ་སྣམ་ལ་སོགས་པའི་དངོས་པོ་མ་ལུས་པ་དག་དང་ལྷན་ཅིག་ཏུ་མེ་དང་ཤིང་གི་བརྟག་པས་རྣམ་པར་བཤད་པར་རིག་པར་བྱའོ། །བུམ་པ་དང་སྣམ་བུ་ལ་སོགས་པ་ནི་རྒྱུ་འབྲས་དང་ཡན་ལག་དང་ཡན་ལག་ཅན་དང་མཚན་ཉིད་དང་མཚན་གཞི་དང་ཡོན་ཏན་དང་ཡོན་ཏན་ཅན་དུ་གྱུར་པའོ། །དེ་ལ་འཇི་བ་དང་ཆུ་དང་འཁོར་ལོ་དང་རྫ་མཁན་ལ་སོགས་པ་ནི་རྒྱུ་དང་བུམ་པ་ནི་འབྲས་བུའོ། །ཆ་ཤས་ལ་སོགས་པའམ་སྔོན་པོ་ལ་སོགས་པ་ནི་ཡན་ལག་དང་བུམ་པ་ནི་ཡན་ལག་ཅན་ནོ། །ལྟོ་བ་ཡངས་པ་དང་མཆུ་འཕྱང་བ་དང་ཁ་ཡེལ་བ་དང་མགུལ་བ་རིང་བ་ཉིད་ལ་སོགས་པ་ནི་མཚན་ཉིད་ཡིན་ལ་བུམ་པ་ནི་མཚན་གཞིའོ། །སྔོ་བསངས་ཉིད་ལ་སོགས་པ་ནི་ཡོན་ཏན་ཡིན་ལ་བུམ་པ་ནི་ཡོན་ཏན་ཅན་ནོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བ་དེ་རྣམས་ལ་གཅིག་ཐ་དད་སོགས་དང་ལྟོས་མ་ལྟོས་དང་འགྲོ་འོང་དགག་པའི་རིགས་པ་སྦྱོར་བ་སོགས་ཐམས་ཅད་འདྲ་བར་སྦྱར་རོ། །གསུམ་པ་ནི། དེའི་ཕྱིར་དེ་ལྟར་ལས་དང་བྱེད་པ་པོ་ལྟར། བདག་དང་ཉེ་བར་ལེན་པ་དང་བུམ་བ་ལ་སོགས་པ་རྣམས་ངོ་བོ་ཉིད་ཀྱིས་མེད་ཀྱི་ཕན་ཚུན་


JLD015_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པའི་གྲུབ་པ་ཡིན་པར་རྣམ་པར་བཞག་པ་ལ། རྒྱལ་བའི་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རློམ་པ་ཉིད་ཀྱིས་མུ་སྟེགས་ཀྱི་གཞུང་ལུགས་ཀྱིས་ཉེ་བར་བརྟགས་པའི་དོན་གྱི་རྣམ་པར་བཞག་པ་རྒྱལ་བའི་གསུང་རབ་ལས་ཁོང་དུ་ཆུད་པའི་དོན་དུ་གཅུས་ནས། གང་དག་ཉེར་ལེན་གང་གིས་བདག་ཏུ་འདོགས་པའི་ཉེར་ལེན་དང་ལེན་པ་པོ་བདག་དེ་གཉིས་བཅས་པ་སྟེ་སོ་སོ་བ་མིན་པར་རང་བཞིན་གཅིག་ཉིད་དང་དེ་གཉིས་རང་བཞིན་ཐ་དད་པ་དང༌། དེ་བཞིན་དུ་དངོས་པོ་བུམ་པ་ལ་སོགས་པ་རྣམས་འཇི་བ་ལ་སོགས་པའི་རྒྱུ་གང་གིས་བུམ་པར་འདོགས་པ་དེ་དང་བུམ་པ་དེར་བཅས་པ་སྟེ་གཅིག་པ་ཉིད་དང་ཐ་དད་བར་རྟོག་པ་དེ་དག་ནི། བསྟན་པའི་དོན་རྟེན་འབྱུང་མཆོག་ཏུ་ཟབ་པ་རྟག་ཆད་དང་བྲལ་བ་བརྟེན་ནས་གདགས་པའི་མིང་ཅན་གྱི་དེ་ཁོ་ན་ཉིད་ལ་མཁས་སོ་སྙམ་དུ་མགོན་པོ་ཀླུ་སྒྲུབ་མི་སེམས་སོ། །འདིས་ནི་བདག་ཉིད་ཆེན་པོའི་གསུང་རབ་ཀྱི་འགྲེལ་ཚུལ་འདི་འདྲ་ཞིག་མ་རྙེད་བར་དུ་ཐུབ་པའི་བསྟན་པའི་དེ་ཁོ་ན་ཉིད་རྙེད་པ་མིན་པར་གསུངས་པས། གསུང་རབ་མཐའ་དག་གི་དེ་ཁོ་ན་ཉིད་ཀྱི་དོན་བསྟན་བཅོས་འདིས་གཏན་ལ་ཕབ་པ་བཞིན་རྟོགས་དགོས་པར་བསྟན་ཏོ། །གཉིས་པ་ནི། དེ་ལྟར་རྣལ་འབྱོར་པ་མེ་དང་བུད་ཤིང་གི་བརྟག་པས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ལུས་ནི། ཕྱིའི་དུས་མཐའི་མེའམ་ནང་གི་དུག་གསུམ་གྱི་མེས་མི་འཚིག་སྟེ་ཏིང་ངེ་འཛིན་རྒྱལ་པོ་ལས། བསྐལ་པ་བརྒྱ་ཕྲག་མང་པོར་རབ་བསྲེགས་ཀྱང༌། །ནམ་མཁའ་སྔོན་ཆད་ནམ་ཡང་མ་ཚིག་བཞིན། །ཆོས་རྣམས་ནམ་མཁའ་མཚུངས་པར་རྣམ་རིག་པས། །དེ་ནི་


JLD015_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གཞར་ཡང་མེ་ནང་ཡོང་མི་འཚིག །གལ་ཏེ་སངས་རྒྱས་ཞིང་རྣམས་འབར་གྱུར་ལ། །འབར་བ་འདི་དག་མ་ལུས་ཞི་ཤོག་ཞེས། །ཏིང་འཛིན་གནས་ནས་སྨོན་ལམ་འདི་བཏབ་ན། །ས་རྣམས་ཞིག་ཀྱང་དེ་ལ་འགྱུར་བ་མེད། །ཅེས་གསུངས་སོ། །མཆོད་བརྗོད་དུ་རྟེན་འབྱུང་མཐའ་བརྒྱད་དང་བྲལ་བར་བསྟན་པའི་ནང་ནས་རབ་ཏུ་བྱེད་པ་འདིས་གཙོ་ཆེར་དོན་གཅིག་བ་དང་དོན་ཐ་དད་པ་གཉིས་ཀྱི་མཐའ་བཀག་པ་དེ་ཉིད་ཟབ་མོའི་ལུང་གིས་ཀྱང་གྲུབ་པར་བསྟན་པ་དང༌། དེ་ལྟར་བཤད་པའི་གསུང་རབ་ཐམས་ཅད་རབ་ཏུ་བྱེད་པ་འདིས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྨོས་ན་མདོ་ལས། ཇི་ལྟར་གཙུབ་ཤིང་དང་ནི་གཙུབ་སྟན་དང༌། །ལག་པའི་རྩོལ་བ་འདི་གསུམ་འདུས་པ་ཡི། །རྐྱེན་འདི་དག་ལས་མེ་ནི་འབྱུང་འགྱུར་ཞིང༌། །བྱུང་སྟེ་བྱ་བ་བྱས་ནས་མྱུར་དུ་འགག །དེ་ནས་འདི་ནི་གང་ནས་འོངས་སམ་གར། །སོང་ཞེས་མཁས་པ་འགའ་ཞིག་ཚོལ་བར་བྱེད། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བཙལ་བ་ན། །འདི་ཡི་འགྲོ་དང་འོང་བ་རྙེད་མིན་བཞིན། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། །ནང་ཡང་སྟོང་ལ་ཕྱི་རོལ་སྟོང་པ་སྟེ། །ཐམས་ཅད་བདག་གིས་དབེན་ཞིང་གནས་མེད་ལ། །ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །ཆོས་ཀྱི་མཚན་ཉིད་འདི་འདྲ་འདི་དག་ནི། །མར་མེ་མཛད་པ་མཐོང་ནས་ཁྱོད་ཀྱིས་རྟོགས། །ཇི་ལྟར་ཉིད་ཀྱིས་རྗེས་སུ་རྟོགས་པ་ལྟར། །དེ་བཞིན་ལྷ་མིར་བཅས་པས་རྟོགས་པར་གྱིས། །ལོག་པ་


JLD015_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་མ་ཡིན་བརྟགས་པ་ཡི། །འདོད་ཆགས་ཞེ་སྡང་དག་གིས་འགྲོ་བ་གདུངས། །ཐུགས་རྗེའི་སྤྲིན་ལས་ཞི་བ་བསིལ་བའི་ཆུ། །འདྲེན་པ་བདུད་རྩིའི་རྒྱུན་ནི་རབ་ཏུ་ཕོབ། ཅེས་གསུངས་སོ། །དེ་ལ་ཚིགས་བཅད་དང་པོ་གཉིས་ཀྱིས་མེ་ནི་བརྟགས་ན་ཅུང་ཟད་ཀྱང་མི་རྙེད་པ་དང་དེ་ཉིད་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེས་ཏེ་རང་གི་བྱ་བ་བྱེད་པ་དཔེར་བཀོད་དོ་དེ་ནས་རྐང་པ་གསུམ་གྱིས་བདག་དང་བདག་གི་བའི་ཆོས་གཉིས་ཀ་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་ཏེ་དཔེའི་ཆོས་གཉིས་ཀ་སྦྱར་རོ། །དེ་ནས་གཅིག་གིས་སྟོང་པ་ཉིད་ཀྱིས་དཔེ་བསྟན་ནོ། །དེ་ནས་གཉིས་ཀྱིས་དོན་དེ་སྟོན་པས་སྔར་རྟོགས་པ་དང་དེ་ནས་གཉིས་ཀྱིས་དེ་ལྟར་དུ་གཞན་ལ་སྟོན་དགོས་པ་དང༌། དེ་ནས་གཉིས་ཀྱིས་དེ་ལྟར་བསྟན་དགོས་པའི་རྒྱུ་མཚན་དང༌། དེ་ཉིས་གཉིས་ཀྱིས་ཆོས་ཆར་འབེབས་ཚུལ་བསྟན་ནོ། །གསུམ་པ་ནི། དེ་ལྟར་མེ་དང་བུད་ཤིང་གིས་མཚོན་ནས་བདག་དང་བདག་གི་བ་དང་རྒྱུ་འབྲས་དང་ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་ལ་གཅིག་དང་ཐ་དད་པ་ཉིད་རྣམ་པར་བཞག་པ་ན། ཅི་འདི་རྣམས་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་ལ་བཞག་པ་ཡིན་ནམ་འོན་ཏེ་ཐ་སྙད་ཀྱི་དབང་གིས་ཡོད་པ་ལ་བཞག་པ་ཡིན་སྙམ་དུ་བསམས་ནས། སྔར་བཤད་པའི་རིགས་པ་རྣམས་ཀྱིས་དཔྱད་པ་ན་སྔ་མ་ལྟར་ཡིན་ན་ནི་བསྲེག་བྱ་དང་སྲེག་བྱེད་ལ་སོགས་པའི་ཐ་སྙད་གང་ཡང་བྱ་ས་མེད་པར་རྟོགས་ནས་དེ་དག་ལ་བདེན་པར་འཛིན་པ་འགོག་ཅིང༌། ཕྱི་མ་ལ་ཐ་སྙད་དེ་དག་ཐམས་ཅད་ཆེས་འཐད་དོ་སྙམ་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ངེས་པ་བརྟན་པར་


JLD015_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་དྲུག་གི་བདག་ཉིད་རབ་ཏུ་བྱེད་པ་བཅུ་པའི་རྣམ་པར་བཤད་པའོ།། །།གཉིས་པ་གང་ཟག་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་ཀྱི་རྟགས་དགག་པ་ལ་གཉིས། སྐྱེ་འཆིའི་བྱ་བ་ཡོད་པའི་རྟགས་དགག །རྟེན་པ་སྡུག་བསྔལ་ཡོད་པའི་རྟགས་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ། བདག་ནི་རང་བཞིན་གྱིས་ཡོད་དེ་འཁོར་བ་ཡོད་པའི་ཕྱིར་རོ། །གལ་ཏེ་བདག་མེད་ན་འགྲོ་བ་ལྔའི་འཁོར་བར་འདི་ནས་ཕྱི་མར་འགྲོ་བ་དང་སྔ་མ་ནས་འདིར་འོང་བའི་ངོ་བོ་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པས་སུ་ཞིག་འཁོར། སྟོན་པས་ཀྱང་སྐྱེ་བ་དང་རྒན་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ། །སེམས་ཅན་མ་རིག་པའི་སྒྲིབ་པ་དང་ལྡན་པ་སྲེད་པའི་ཀུན་ཏུ་སྦྱོར་བ་ཅན་སྲེད་པའི་ལུ་གུ་རྒྱུད་ཀྱིས་བཅིངས་པ་འཁོར་ཞིང་རྒྱུག་པ་རྣམས་ཀྱི་སྔོན་གྱི་མཐའ་ནི་མི་མངོན་ནོ། །ཞེས་སྐྱེ་ཤི་བརྒྱུད་མར་བྱེད་པའི་སྒོ་ནས་འཁོར་བར་གསུངས་སོ། །དེ་ལྟ་ན་འཁོར་བ་པོ་ཡང་ཡོད་ལ་དེ་ཡང་བདག་ཡིན་ནོ། །འདི་དག་པ་ལ་གཉིས། འཁོར་བ་རང་བཞིན་གྱིས་ཡོད་པ་དགག །རིགས་པ་དེ་གཞན་ལའང་སྦྱར་བའོ། །དང་པོ་ལ་གཉིས། འཁོར་བ་ལ་ཐོག་མཐའ་བར་གསུམ་གྱི་ཆ་དགག །སྐྱེ་འཆི་ལ་དུས་སྔ་ཕྱི་དང་ལྷན་ཅིག་པ་དགག་པའོ། །དང་པོ་ནི། འཁོར་བ་ངོ་བོ་ཉིད་ཀྱིས་


JLD015_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་བུམ་པ་ལ་སོགས་པ་བཞིན་དེ་ལ་སྔོན་དང་ཕྱི་མ་ཡང་ཡོད་པར་འགྱུར་ན། འཁོར་བ་དེ་ལ་ནི་སྔོན་དང་ཕྱི་མའི་མཐའ་མེད་དེ་སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་ཤིང༌། རྫོགས་བྱེད་ལ་སོགས་པའི་མུ་སྟེགས་ཀྱི་སྟོན་པ་རྣམས་ཀྱིས་ཐུབ་པ་ལ་འཁོར་བ་འདི་ལ་སྔོན་གྱི་མཐའ་མངོན་མི་མངོན་དྲི་ལ་མངོན་པར་སྨྲ་ན་དེས་འཁོར་བ་ལ་འབྱིན་པ་པོ་མེད་པ་དང་རྒྱུ་མེད་དུ་འབྱུང་བ་མིན་པར་སྨྲ་བ་སུན་ཕྱིན་ནོ། །མི་མངོན་པར་སྨྲ་ན་མི་ཤེས་པར་ཁས་བླངས་པས་རང་ཉིད་ཐམས་ཅད་མཁྱེན་པར་སྨྲ་བ་སུན་ཕྱིན་པར་འགྱུར་རོ་ཞེས་བགྲོས་ནས། ཀྱཻ་གཽ་ཏ་མ་འཁོར་བའི་སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ་ཐུབ་པ་ཆེན་པོས་སྔོན་གྱི་མཐའ་མངོན་པ་མིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་འཁོར་བ་ཐོག་མ་དང་ཐ་མ་མེད་པར་གསུངས་པའི་ཕྱིར་འཁོར་བ་རང་བཞིན་གྱིས་ཡོད་པ་མིན་ནོ་ཞེས་གསལ་བར་གསུངས་པ་ཡིན་ལ། དེའི་ཕྱིར་སྔོན་དང་ཕྱི་མའི་མཐའ་མི་དམིགས་པའི་ཕྱིར་འཁོར་བ་རང་བཞིན་གྱིས་མེད་དེ་མགལ་མེའི་འཁོར་ལོ་འཁོར་བ་བཞིན་ནོ། །གལ་ཏེ་འཁོར་བའི་ཐོག་མཐའ་མེད་པར་གསུངས་པ་ནི་འདི་ཙམ་ཞིག་ནས་བྱུང་ཞེས་པའི་དང་པོའི་མཚམས་དང་ཕྱིའི་མཐའ་འདི་ཙམ་ནས་མི་འབྱུང་ཞེས་པའི་ཐ་མའི་མཚམས་མེད་པར་སྟོན་པ་ཡིན་ལ། དེ་གཉིས་མེད་པར་གསུངས་པས་འཁོར་བ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་གསལ་བར་བསྟན་པ་ཇི་ལྟར་འཐད་ཅེ་ན། འདིར་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པར་གསུངས་པ་ནི་ཁྱེད་སྨྲ་བ་དེ་ཁོ་ན་


JLD015_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཏེ་ཆ་སྔ་མ་དང་ཕྱི་མ་ཡང་མེད་པར་གསུངས་པ་ཡིན་ལ་དེ་ནི་དོན་དམ་པར་མེད་པ་ལ་དགོངས་པ་ཡིན་ཏེ། བུད་དྷ་བཱ་ལི་ཏ་ལས་ཀྱང༌། དོན་དམ་པ་བསྟན་པའི་དབང་གིས་ནི། དེ་ལ་སྔོན་མེད་ཕྱི་མ་མེད་ཅེས་གསུངས་སོ་ཞེས་བཤད་པ་བཞིན་ནོ། །དེས་ན་ཚིག་གསལ་ལས་སྔར་ལྟར་བཤད་པ་མི་འགལ་ལོ། །འོ་ན་སྔོན་མཐའ་མངོན་ནམ་ཞེས་ཞུས་པའི་ལན་དུ་མི་མངོན་ནོ་ཞེས་གསུངས་པ་ནི་ཐ་སྙད་དུ་ཡིན་ན་དེ་འཁོར་བ་རང་བཞིན་མེད་པའི་སྒྲུབ་བྱེད་དུ་ཇི་ལྟར་རུང་སྙམ་ན། འདི་ནི་རིགས་པ་དྲུག་ཅུ་པ་ལས། ཉོན་མོངས་ཟད་པའི་དགེ་སློང་གི །འཁོར་བ་གལ་ཏེ་རྣམ་ལྡོག་ན། །དེ་རྩོམ་རྫོགས་སངས་རྒྱས་རྣམས་ཀྱིས། །གང་མ་བཤད་པའི་རྒྱུ་ཅི་ཞིག །ཅེས་ཕུང་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཟད་པའི་འཁོར་བ་ལྡོག་པའི་ཐ་མ་ཡོད་ན། དང་པོའི་རྩོམ་པ་མི་གསུང་བ་ལ་རྒྱུ་མཚན་མེད་པས་ཐོག་མ་ཡོད་པར་བཤད་པའི་རིགས་པ་དང་འདྲའོ། །གལ་ཏེ་སྟོན་པས་འཁོར་བའི་སྔོན་དང་ཕྱི་མ་བཀག་ན་དགེ་སློང་དག་དེ་ལྟ་བས་ན་འཁོར་བ་ཟད་པར་བྱ་བའི་ཕྱིར་ནན་ཏན་དུ་བྱའོ་སྙམ་དུ་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་ཐ་མར་ཟད་པ་ཡོད་པར་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་སྔར་མདོ་དྲངས་པ་ལས་སེམས་ཅན་མ་རིག་པ་དང་ལྡན་པ་ཞེས་སོགས་ཀྱིས་ཁྱད་པར་དུ་བྱས་པ་དེ་དག་ཁོ་ནའི་འཁོར་བ་ཐ་མ་མེད་པར་སྟོན་གྱི་ཉོན་མོངས་པ་མ་ལུས་པར་སྤངས་པ་རྣམས་ལ་ནི་ཟད་པའི་མཐའ་ཡོད་དོ། །གལ་ཏེ་ཐོག་མ་དང་


JLD015_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་རྣམས་ལ་ཐ་མ་ཡོད་པ་མི་འགལ་ལམ་སྙམ་ན། མི་འགལ་ཏེ། བརྒྱ་པ་ལས། ཇི་ལྟར་ས་བོན་མཐའ་མཐོང་ཞིང༌། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཞེས་ས་བོན་ལ་ཐོག་མ་མེད་ཀྱང་མེས་ཚིག་པ་ལས་ཐ་མ་ཡོད་པ་བཞིན་དུ། སྐྱེ་བ་ལ་ཐོག་མ་མེད་ཀྱང་ཉོན་མོངས་པ་ཟད་ནས་རྒྱུ་མ་ཚང་བ་ལ་ཕྱིས་ཉོན་མོངས་ཀྱི་དབང་གིས་སྐྱེ་བ་ཟད་པའི་ཐ་མ་ནི་ཡོད་པར་བཤད་དོ། །འདིར་དངོས་པོའི་དེ་ཁོ་ན་ཉིད་སེམས་པའི་དབང་དུ་བྱས་ན་ཐོག་མཐའ་གཉིས་མེད་པར་འདྲ་ཡང་ཐ་སྙད་དུ་ཐོག་མཐའ་གཉིས་ཡོད་མེད་མི་འདྲའོ། །གལ་ཏེ་འཁོར་བ་ལ་ཐོག་མཐའ་རང་བཞིན་གྱིས་མ་གྲུབ་མོད་ཀྱང་དབུས་ནི་རང་བཞིན་གྱིས་ཡོད་དེ་མ་བཀག་བའི་ཕྱིར་རོ་ཞེ་ན། འཁོར་བ་གང་ལ་ཐོག་མ་དང་ཐ་མ་རང་བཞིན་གྱིས་མེད་པ་དེ་ལ་དབུས་རང་བཞིན་གྱིས་གྲུབ་པ་ག་ལ་ཡོད་དེ་མེད་དོ། །དེའི་ཕྱིར་འཁོར་བ་ནི་ནམ་མཁའ་བཞིན་དུ་ཐོག་མཐའ་དབུས་ཀྱི་ངོ་བོ་ཉིད་ཀྱིས་ཡོད་པ་དང་བྲལ་བའི་ཕྱིར་མིང་ཙམ་དུ་ཟད་དེ་མགལ་མེའི་འཁོར་ལོ་འཁོར་བ་ལ་སོགས་པ་བཞིན་ནོ། །འདིར་བུད་དྷ་པཱ་ལི་ཏ་ལས། ཐོག་མ་དབུས་དང་ཐ་མ་རྣམས། །སྐྱེ་བའི་སྔ་རོལ་མི་སྲིད་དེ། །གཉིས་གཉིས་དག་ནི་མ་གཏོགས་པར། །རེ་རེས་རྩོམ་པར་ཇི་ལྟར་འགྱུར། །ཞེས་བརྒྱ་པ་ལས་གསུངས་པ་དྲངས་པས་ཐོག་མཐའ་དབུས་གསུམ་ནི་སྐྱེ་འཇིག་གནས་གསུམ་ཡིན་ལ། སྐྱེ་འཇིག་ངོ་བོ་ཉིད་ཀྱིས་མེད་པས་གནས་པ་ངོ་བོ་ཉིད་ཀྱིས་མེད་པ་ནི་ཐོག་མཐའ་གཉིས་མེད་པས་དབུས་མེད་ཅེས་པའི་དོན་ནོ། །དེའི་


JLD015_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འཁོར་བ་རང་བཞིན་གྱིས་ཡོད་པས་འཁོར་བ་པོ་རང་བཞིན་གྱིས་ཡོད་པ་མིན་ནོ། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། འཁོར་བ་ལ་ཐོག་མཐའ་དབུས་གསུམ་རང་བཞིན་གྱིས་མེད་པ་དེའི་ཕྱིར་འཁོར་བ་དེ་ལ་འཁོར་བ་པོའི་སྐྱེ་བ་དང་རྒ་ཤི་དག་ལ་ཡང་སྔ་ཕྱི་དང་ལྷན་ཅིག་ཏུ་ངོ་བོ་ཉིད་ཀྱིས་གྲུབ་པའི་དུས་ཀྱི་རིམ་པ་མི་འཐད་དོ། །རང་སྡེས་སེམས་ཅན་རྣམས་སྐྱེ་ཤི་བར་མ་ཆད་དུ་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་འཁོར་ཞིང་རྒྱུག་པར་གསུངས་པའི་ལུང་གིས་སྐྱེ་འཆི་བྱེད་མཁན་གྱི་སེམས་ཅན་ཡོད་པར་གསུངས་པ་ལ་བརྟེན་ནས་གང་ཟག་ངོ་བོ་ཉིད་ཀྱིས་ཡོད་པར་སྨྲ་བ་ལ་ཐོག་མཐའ་མེད་པར་གསུངས་པ་ཉིད་ཀྱིས་སྐྱེ་འཆིའི་འཁོར་བ་རང་བཞིན་གྱིས་གྲུབ་པར་མི་འཐད་ཅེས་སྔར་བསྒྲུབས་ལ། འདིར་ནི་སྐྱེ་འཆི་རང་བཞིན་གྱིས་གྲུབ་ན་དུས་གསུམ་ལས་མི་འདའ་བ་ཁྱབ་བྱེད་དུ་བསྟན་ནས་དེ་གསུམ་འགོག་པའོ། །སྤྱིར་འདུས་བྱས་ཐམས་ཅད་ལ་སྐྱེ་བ་དང་རྒ་བ་ཡོད་ལ་སྔར། དངོས་པོ་ཐམས་ཅད་དུས་ཀུན་ཏུ། །རྒ་དང་འཆི་བའི་ཆོས་ཡིན་ན། །ཞེས་གསུངས་པ་ལྟར་འགག་པ་ལ་ཡང་འཆི་བ་ཞེས་བཏགས་པ་ཡོད་མོད་ཀྱང༌། སེམས་ཅན་མ་ཡིན་པའི་རྒྱུ་འབྲས་ལ་སོགས་པའི་དུས་ཀྱི་རིམ་པ་ནི་རིགས་པ་འདི་གཞན་ལ་སྦྱར་བའི་སྐབས་སུ་གསུངས་པས་འདིར་ནི་སེམས་ཅན་གྱི་དབང་དུ་བྱས་པའོ། །ཤི་བ་དང་འཆི་བའི་ཐ་སྙད་བཏགས་པ་ཡང་སྐབས་དང་སྦྱར་རོ། །སྔ་ཕྱི་


JLD015_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུས་མཉམ་གང་ཡིན་དཔྱོད་པའི་གཞི་ནི་ལྷས་བྱིན་གྱི་དུས་དང་པོ་དང་བར་དང་ཐ་མའི་སྐྱེ་རྒ་འཆི་བ་མིན་པས་དེ་གསུམ་སྤྱིར་བཟུང་བའོ། །གཉིས་པ་ལ་གཉིས། སྔ་ཕྱི་བ་དགག །དུས་མཉམ་པ་དགག་པའོ། །དང་པོ་ལ་གཉིས། སྐྱེ་བ་སྔ་བ་དགག །རྒ་ཤི་སྔ་བ་དགག་པའོ། །དང་པོ་ནི། གལ་ཏེ་འཁོར་བ་པོའི་སྐྱེ་བ་སྔ་བར་གྱུར་ལ་དེ་ལས་རྒ་ཤི་ཕྱི་མ་ཡིན་ན་ནི། དེའི་ཚེ་དེའི་སྐྱེ་བ་ལ་རྒ་བ་དང་ཤི་བ་སྟེ་འཆི་བ་མེད་པར་འགྱུར་རོ། །དེ་འདོད་ན་ནི་སྐྱེ་བ་དེ་འདུས་མ་བྱས་སུ་འགྱུར་ཏེ་གཞན་དུ་འགྱུར་བའི་རྒ་བ་དང་འཆི་བ་དང་བྲལ་བའི་ཕྱིར་རོ། །སེམས་ཅན་སྐྱེས་པ་འཆི་བ་དང་བྲལ་ན་རྟག་དགོས་པས་འདུས་མ་བྱས་སུ་འགྱུར་རོ། །སངས་རྒྱས་བསྐྱངས་ཀྱིས་སྐྱེ་བ་ལ་རྒ་ཤི་མེད་ན་ཕྱིས་རྒ་ཤི་འོང་བའི་གཞི་མེད་པར་འགྱུར་ལ་ཕྱིས་རྒ་ཤི་དང་ཕྲད་དུ་ཟིན་ཀྱང་དེས་སྐྱེ་བ་ལ་ཅི་ཡང་མི་བྱེད་པར་འགྱུར་ཏེ་རྒ་ཤི་མེད་པར་ངོ་བོ་ཉིད་ཀྱིས་གནས་པའི་ཕྱིར་རོ་ཞེས་འཆད་དོ། །སྐྱེ་བ་སྔ་བར་རྟོག་ན་ལྷས་བྱིན་ཚེ་རབས་གཞན་དུ་མ་ཤི་བར་ཡང་འདིར་དང་པོར་སྐྱེ་བར་འགྱུར་བས་འཁོར་བ་ལ་ཐོག་མ་ཡོད་པར་འགྱུར་ཞིང་རྒྱུ་མེད་པའི་སྐྱོན་དུ་འགྱུར་རོ། །གཞན་ཡང་བདག་འདས་པའི་དུས་ན་བྱུང་ངོ་ཞེས་སྔོན་གྱི་སྐྱེ་བ་དྲན་པ་མི་འཐད་པར་འགྱུར་ཞིང་སྔོན་མ་བྱུང་བའི་སེམས་ཅན་ཕྱིས་སྐྱེ་བའི་གསར་སྐྱེ་ཡོད་པར་འགྱུར་རོ། །གལ་ཏེ་ལྷས་བྱིན་སྐྱེ་བ་སྔ་མར་མ་ཤི་བར་འདིར་སྐྱེས་ན་ཞེས་པའི་དོན་གང་ཡིན་འདིར་སྐྱེས་པའི་ལྷས་བྱིན་སྐྱེ་བ་སྔ་མར་མ་ཤི་བར་ཞེས་པའི་དོན་ཡིན་ན་ནི། དཔེར་ན་ཚེ་སྔ་མར་ལྷ་ཚེ་འཕོས་ནས་ཚེ་འདིར་མིར་སྐྱེས་པའི་མི་དེ་སྐྱེ་བ་སྔ་མར་མ་ཤི་བར་འདིར་སྐྱེས་པ་ཡིན་ཀྱང༌།


JLD015_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ལ་ཐོག་མ་ཡོད་མི་དགོས་པ་བཞིན་དུ་ཚེ་འདིར་སྐྱེས་པའི་ལྷས་བྱིན་ལ་ཡང་མཚུངས་སོ། །ཚེ་འདིར་མིར་སྐྱེས་པ་དེ་ཚེ་སྔ་མར་ཤི་བར་འདོད་ན་ནི་ཤིན་ཏུ་མི་རིགས་ཏེ་ཚེ་སྔ་མར་དེ་མེད་པའི་ཕྱིར་དང་ཚེ་སྔ་མར་ཤི་བ་དེ་ལྷ་ཤི་བ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཚེ་འདིར་སྐྱེས་པ་དེ་ཉིད་སྔ་མར་ཤི་བ་ཡིན་ན་འདིར་ཤི་བ་དེ་ཉིད་ཕྱི་མར་སྐྱེས་པར་འགྱུར་བས་འགྲོ་བ་གང་ཤི་བ་དེ་ཉིད་འགྲོ་བ་དེར་སྐྱེ་དགོས་པར་འགྱུར་རོ། །ཅི་སྟེ་ཚེ་སྔ་མར་ལྷས་བྱིན་ཞེས་པའི་སེམས་ཅན་གཅིག་མ་ཤི་བར་འདིར་སེམས་ཅན་གཅིག་སྐྱེས་ན་ཐོག་མ་ཡོད་པར་འགྱུར་རོ་ཞེས་པ་ཡིན་ན་ཡང་མི་རིགས་ཏེ། ལྷས་བྱིན་གཅིག་གི་དབང་དུ་བྱས་པའི་སྐྱེ་འཆི་གཉིས་ཀྱི་སྐྱེ་བ་སྔ་བ་འགོག་པའི་སྐབས་ཡིན་གྱི། སེམས་ཅན་གཅིག་གི་དབང་དུ་མ་བྱས་པའི་སེམས་ཅན་སོ་སོ་བའི་སྐྱེ་འཆི་གཉིས་གང་སྔ་དཔྱོད་པའི་སྐབས་མིན་པའི་ཕྱིར་རོ་ཞེ་ན། འདིར་སེམས་ཅན་རྒྱུད་སོ་སོ་བ་གཉིས་ཀྱི་སྐྱེ་འཆི་གང་སྔ་དཔྱོད་པ་མིན་གྱི་སེམས་ཅན་རྒྱུད་གཅིག་གི་ཡིན་ནོ། །འདི་ལ་ཡང་ཕ་རོལ་པོས་ཚེ་འདིའི་ལྷས་བྱིན་གྱིས་དང་པོར་སྐྱེ་གནས་སུ་ཉིང་མཚམས་སྦྱར་བའི་སྐྱེ་བ་དང་ཕུང་པོ་དེའི་རིས་མཐུན་དོར་བའི་འཆི་བ་གཉིས་སྐྱེ་བ་སྔ་ལ་འཆི་བ་འཕྱི་བར་འདོད་ཅིང༌། རྒྱུད་གཅིག་གི་སྐྱེ་འཆི་ལ་སྔ་ཕྱིའི་ངེས་པ་མེད་པར་འདོད་མོད་ཀྱང༌། ཚེ་འདིའི་ལྷས་བྱིན་དང་དེའི་བདག་གཉིས་ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱོགས་ལ་སོ་སོ་བ་མི་འདོད་པས་ངོ་བོ་གཅིག་ཏུ་འདོད་ལ། དེ་ལྟ་ན་གཅིག་ཏུ་འགྱུར་བས་ཚེ་


JLD015_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ལྷས་བྱིན་གྱིས་སྐྱེ་ཤི་དང་དེ་དང་རྒྱུད་གཅིག་པའི་སྐྱེ་བ་དང་རྒ་ཤི་གཉིས་ལ་སྔ་ཕྱི་ཡིན་མིན་དབྱེ་བར་མི་ནུས་སོ། །དེའི་ཕྱིར་རྒྱུད་གཅིག་པའི་སྐྱེ་བ་འཆི་བ་ལས་སྔ་ན་ལྷས་བྱིན་ཚེ་འདིར་སྐྱེས་པའི་སྔོན་དུ་དེ་དང་རྒྱུད་གཅིག་པའི་ཤི་བ་མ་སོང་དགོས་ལ། དེ་ལྟ་ན་ལྟས་བྱིན་གྱི་འཁོར་བ་ལ་ཐོག་མ་ཡོད་པ་དང་རྒྱུད་གཅིག་པའི་སེམས་ཅན་སྔར་མེད་གསར་དུ་འབྱུང་བ་དང༌། ལྷས་བྱིན་གྱིས་བདག་འདས་པའི་ཚེ་རབས་རྣམས་སུ་བྱུང་ངོ་ཞེས་སྨྲས་པ་མི་འཐད་པར་འགྱུར་བའི་སྐྱོན་ཡོད་དོ། །དེས་ན་འདིར་སྐྱེས་པའི་སེམས་ཅན་དེ་ཉིད་སྐྱེ་བ་སྔ་མར་མ་ཤི་བར་འདིར་སྐྱེས་ན་ཞེས་པ་ཡང་མིན་ལ་ཚེ་སྔ་མར་ཤི་བ་དང་འདིར་སྐྱེས་པ་གཉིས་སེམས་ཅན་རྒྱུད་སོ་སོ་བ་ལ་བྱེད་པ་ཡང་མིན་པས་སྐྱོན་དེ་དག་གང་ཡང་མེད་དོ། །གལ་ཏེ་ཚེ་འདིའི་ལྷས་བྱིན་གྱིས་ང་ཚེ་རབས་སྔ་མ་རྣམས་སུ་འདི་དང་འདིར་སྐྱེས་སོ་ཞེས་དྲན་པ་ཡོད་དུ་ཆུག་ཀྱང་དེས་དྲན་པ་ལྟར་ཁས་བླང་དུ་མི་རུང་སྟེ། ལེན་ན་ནི་ཚེ་འདི་ཡི་ལྷས་བྱིན་འདི་ཉིད་ཚེ་རབས་སྔ་མ་རྣམས་སུ་ཡང་ཡོད་པས་རྟག་པར་འགྱུར་རོ་སྙམ་ན། འདི་ནི་དྲན་ཚུལ་མ་ཤེས་པར་སྨྲ་བའི་རྩོད་པ་ཡིན་ཏེ། དཔེར་ན་རྩོད་པའི་དུས་སུ་སྒྲ་འདྲ་བ་ཞིག་སྔར་རྟག་པར་ཁས་བླངས་ལ་ཕྱིས་སྔར་གྱི་ཁས་བླངས་མ་དྲན་པར་མི་རྟག་པར་ཁས་བླངས་པ་ན། རྩོད་ཟླས་འགལ་བ་བསྒྲིགས་པའི་ཚེ་དྲན་པར་འགྱུར་ལ་དེའི་ཚེ་ངས་སྔར་རྟག་པར་ཁས་བླངས་འདུག་སྙམ་དུ་དྲན་གྱི་དུས་ཕྱི་མའི་དུས་ན་ཡོད་པའི་ང་འདིས་སྔར་རྟག་པ་ཁས་བླངས་སོ་སྙམ་དུ་མི་དྲན་ནོ། །དེའི་རྒྱུ་མཚན་གྱིས་འགལ་བ་སྒྲིག་


JLD015_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ཀྱི་དེ་ལྟ་མ་ཡིན་ན་འགལ་བ་སྒྲིག་མི་ནུས་ཏེ་སྔར་དུས་ཀྱི་རྟག་པ་ཁས་ལེན་མཁན་གྱིས་ཕྱི་དུས་སུ་མི་རྟག་པར་ཁས་མ་བླངས་པའི་ཕྱིར་རོ། །དེ་བཞིན་དུ་ཚེ་འདིའི་མི་ལྷས་བྱིན་གྱིས་སྔོན་གྱི་སྐྱེ་བ་དྲན་པ་ན་ང་སྔར་དེ་དང་དེར་སྐྱེས་འདུག་སྙམ་དུ་དྲན་པ་ཡིན་གྱི་ཚེ་འདིའི་དུས་ཀྱིས་ཁྱད་པར་དུ་བྱས་ནས་ང་སྔར་དེ་དང་དེར་སྐྱེས་འདུག་སྙམ་དུ་མི་དྲན་ནོ། །དེས་ན་ཚེ་འདིའི་ལྷས་བྱིན་གྱིས་གང་ལ་དམིགས་ནས་ངའོ་སྙམ་པ་སྐྱེ་པའི་དམིགས་པར་གྱུར་པའི་བདག་ནི་ཚེ་རབ་སྔ་མ་རྣམས་སུ་ཡང་ཡོད་པས་དེ་ལྟར་དྲན་པ་མི་འགལ་ལ། ཚེ་འདིའི་ལྷས་བྱིན་ཚེ་སྔ་མར་ཡོད་ན་རྟག་པར་འགྱུར་བ་དང་ཡང་མི་འདྲའོ། །དེ་བཞིན་དུ་མ་འོངས་པའི་སྐྱེ་བ་ལ་ཡང་ཚེ་འདིའི་དུས་ཀྱི་གང་ཟག་དེ་ཉིད་སྐྱེ་བ་ཕྱི་མར་མི་འགྲོ་ཡང་ངའོ་སྙམ་པའི་དམིགས་པ་ང་ཙམ་ཞིག་དེར་ཡང་རྗེས་སུ་འགྲོ་བས། རང་ཉིད་སྐྱེ་བ་ཕྱི་མར་སྡུག་བསྔལ་གྱིས་དོགས་ནས་དེའི་རྒྱུ་མི་དགེ་བ་འདིར་སྤོང་བ་དང་བདེ་བར་བྱ་བའི་ཕྱིར་དུ་འདིར་དགེ་བ་ལ་བརྩོན་པ་ཡང་འཐད་དེ། དཔེར་ན་དེ་རིང་གི་དུས་ཀྱི་མི་འདི་སང་གི་དུས་ན་མེད་ཀྱང་སང་བཀྲེས་སྐོམ་གྱི་སྡུག་བསྔལ་བྱུང་གིས་དོགས་ནས་དེ་རིང་ནས་བཟའ་བཏུང་གསོག་པ་དང༌། རྒས་པའི་ཚེ་སྡུག་བསྔལ་གྱིས་དོགས་ནས་གཞོན་དུས་ནོར་གསོག་པ་བཞིན་ནོ། །འདི་ཐམས་ཅད་ཀྱང་ཡུལ་དུས་འདིའི་བདག་ཅེས་སོ་སོར་མི་འབྱེད་པར་སྤྱིར་བདག་བདེ་བ་ཐོབ་པ་དང་སྡུག་བསྔལ་དང་བྲལ་བར་འདོད་ནས་བྱེད་ལ། བདག་ཙམ་ཡང་དུས་དེ་དག་ཏུ་རྗེས་སུ་འགྲོ་བས་


JLD015_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཡུལ་ལ་འཁྲུལ་བ་ཡང་མིན་ནོ། །དེས་ན་ངའོ་སྙམ་དུ་ཐ་སྙད་འདོགས་མཁན་གྱི་མི་དང་ཐ་སྙད་བཏགས་པའི་གཞི་བདག་གཉིས་ཁྱབ་མཉམ་དུ་མི་གཟུང་བར་མི་དེ་བདག་དེའི་ཆ་གཅིག་ཡིན་པ་ཤེས་པར་བྱོས་ཤིག །འདི་རྣམས་རྟེན་འབྲེལ་སྤྱི་དང་ཁྱད་པར་དུ་ལས་དཀར་ནག་གི་འབྲས་བུ་བདེ་སྡུག་འབྱུང་བའི་ངེས་པ་ལ་ཁྱད་ཆེ་བར་སྣང་བས་ཕྱོགས་ཙམ་བརྗོད་པའོ། །འདིར་འགྲེལ་པ་ལས་ཤིང་ཨ་མྲ་ལ་སོགས་པ་རྣམས་རྒ་བ་དང་ཞིག་པ་སྔོན་དུ་མ་སོང་ཡང་དང་པོར་སྐྱེ་བ་མཐོང་བ་དེ་བཞིན་དུ་བདག་ཀྱང་རྒ་ཤི་སྔོན་དུ་མ་སོང་ཡང་སྐྱེ་བོ་ཞེས་སྨྲ་བ་ལ། དེ་དག་ཀྱང་རང་གི་ས་བོན་འགག་པ་ན་སྐྱེ་བའི་ཕྱིར་གཞན་དུ་མ་ཞིག་པ་སྐྱེ་བ་མིན་པས་སྔ་མ་དང་མཚུངས་སོ། །ཅི་སྟེ་ས་བོན་ལས་ཤིང་གཞན་ཡིན་པས་ཤིང་གི་སྐྱེ་བ་ནི་གཞན་དུ་མ་ཞིག་པའོ་སྙམ་ན། རྒྱུ་འབྲས་གཞན་ཉིད་མ་ཡིན་པས་བསྒྲུབ་བྱ་དང་མཚུངས་པར་གསུངས་ཏེ། རྒྱུད་གཅིག་པ་ལ་སྔར་ལྟར་གཏུགས་ན་བདག་དང་མཚུངས་ཀྱི་དེ་ལྟ་མ་ཡིན་ན་ལན་གདབ་པར་དཀའོ། །གཉིས་པ་ནི། གལ་ཏེ་སེམས་ཅན་གྱི་སྐྱེ་བ་འཕྱི་བར་འགྱུར་ལ་དེ་ལས་དེའི་རྒ་ཤི་སྔ་བ་ཡིན་ན་ནི། སྐྱེ་བ་སྔར་མེད་པའི་རྒ་ཤི་ནི་རྒྱུ་མེད་པར་ནི་ཡོད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་ཏེ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་གསུངས་པའི་ཕྱིར་རོ། །ཇི་སྐད་དུ། བོང་པ་བཏེག་པར་གྱུར་པ་ན། །བཏེག་པ་ལ་ནི་རྒྱུ་ཡོད་ཀྱི། །བཏེག་པའི་ལྟ་ཞིག་རྒྱུ་ལས་ནི། །གཞན་པ་ལྟུང་ལ་མེད་བ་ཉིད། ཅེས་བཤད་པ་དེ་ཡང་བཏེག་པ་ཁོ་ན་ལྟུང་བའི་རྒྱུ་ཡིན་གྱི་གཞན་མིན་པ་དེ་བཞིན་དུ་སྐྱེ་པ་ཁོ་ན་འཇིག་པའི་རྒྱུ་ཡིན་གྱི་གཞན་ནི་མིན་ནོ། །


JLD015_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ན་འཇིག་པ་རྒྱུ་མེད་ཡོད་པ་མིན་ནོ། །འཇིག་པ་འདི་སྐྱེ་བའི་རྒྱུ་ཅན་ཡིན་པས་འབྱུང་བ་ཁོ་ན་འཇིག་པའི་རྒྱུ་ཡིན་པའི་ཕྱིར་ན། དེ་ལྟར་འདུས་བྱས་ཆོས་དེ་དག །རྒྱུ་དང་བཅས་པར་འབྱུང་བ་སྟེ། །སྐྱེས་པ་འཇིག་པ་གང་ཡིན་པ། འདི་ནི་ཆོས་རྣམས་རང་བཞིན་ནོ། །ཞེས་གསུངས་པ་འདི་ཡང་ལེགས་པར་དྲངས་པར་འགྱུར་རོ་ཞེས་བཤད་དེ་དུས་གཉིས་པར་ཞིག་པ་དུས་སྔ་མར་སྐྱེས་པའི་འབྲས་བུར་སྒྲུབ་པའི་ཁུངས་སོ། །གཉིས་པ་ནི། སྐྱེ་བ་དང་ནི་རྒ་ཤི་དག་ལྷན་ཅིག་ཏུ་ངོ་བོ་ཉིད་ཀྱིས་ཡོད་པ་ཡང་རུང་བ་མ་ཡིན་ཏེ། དེ་རུང་ན་ནི་སྐྱེ་བཞིན་པ་ན་འཆི་འགྱུར་ཏེ་འགག་བཞིན་པར་འགྱུར་ན་དེ་ཡང་མི་རིགས་ཏེ། སྣང་མུན་ལྟར་ཕན་ཚུན་འགལ་བའི་ཕྱིར་དང་སྐྱེ་བཞིན་པ་ཉིད་འཆི་བཞིན་པའོ་ཞེས་འཇིག་རྟེན་ན་ཡང་མ་མཐོང་ངོ། །སྤྱིར་སྐྱེ་འགག་གི་བྱ་བ་ཡང་མི་འགལ་ལ་སྐྱེ་འགག་གཉིས་ཀྱང་མི་འགལ་ཡང་སྐྱེ་བཞིན་པ་དང་འགག་བཞིན་པ་གཉིས་དུས་གཅིག་པ་ནི་གཞི་གཅིག་ལ་འགལ་བར་ཀུན་ལ་གྲགས་སོ། །དེ་ལ་སྐྱེ་འགག་རང་གི་མཚན་ཉིད་ཀྱིས་གྲུབ་ན་སྔར་བཤད་པ་ལྟར་སྐྱེ་བཞིན་པའི་དུས་སུ་སྐྱེ་རྒྱུ་དེ་ཡོད་དགོས་སོ། །དེ་ལྟ་ན་ད་ལྟ་བར་འགྱུར་བས་འགག་བཞིན་པར་ཡང་འགྱུར་ལ་དེའི་ཚེ་སྐྱེ་བཞིན་པ་འཕེལ་བར་འགྱུར་བ་དང་འགག་བཞིན་པ་ཟད་པར་འགྱུར་བ་གཉིས་འགལ་ལོ། །སྐྱེ་བ་དང་འཆི་བ་གཉིས་ཀ་རྒྱུ་མེད་པ་ཅན་དུའང་འགྱུར་ཏེ་དུས་མཉམ་པ་གཉིས་གཅིག་ཅིག་ཤོས་ཀྱི་རྒྱུར་མི་འཐད་ལ། སྐྱེ་བའི་སྔོན་དུ་འཆི་བ་མ་སོང་བ་དང་འཆི་བའི་སྔོན་དུ་ཡང་སྐྱེ་བ་


JLD015_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མ་སོང་བའི་ཕྱིར་རོ། །གསུམ་པ་ནི་གལ་ཏེ་སྐྱེ་བ་ལ་སོགས་པ་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ་རེ་ཞིག་སྐྱེ་བ་དང་རྒ་ཤི་ནི་ཡོད་དོ། །དེ་དག་ཀྱང་གཞི་མེད་པར་མི་འཐད་པས་འགའ་ཞིག་གི་ཡིན་ལ་དེ་ཡང་བདག་ཡིན་ནོ་སྙམ་ན། དེ་ལྟར་རིགས་པ་སྔོན་དུ་བཏང་སྟེ་བརྟགས་ན་སྐྱེ་བ་དང་རྒ་ཤི་གང་ལ་སྔ་བ་དང་ཕྱི་བ་དང་ལྷན་ཅིག་གི་རིམ་པ་དེ་དག་མི་སྲིད་པ་དེ་ལ་ཁྱེད་སྐྱེ་བ་ནི་དེ་དང་རྒ་ཤི་ནི་དེའོ་ཞེས་ཅི་ཡི་ཕྱིར་ན་སྤྲོ་བ་སྟེ་རྗོད་བར་བྱེད། ཡང་ན་དེ་དག་མ་དམིགས་པ་ན་འཕགས་པ་རྣམས་ཅིའི་ཕྱིར་ན་སྤྲོ་བར་བྱེད་དེ་སྤྲོ་བར་མི་མཛད་དེ་ཡང་དག་པ་ཇི་ལྟ་བ་བཞིན་གཟིགས་པའི་ཕྱིར་རོ། །གལ་ཏེ་སྐྱེ་བ་དང་རྒ་ཤི་ངོ་བོ་ཉིད་ཀྱིས་ཡོད་ན་སྔ་ཕྱི་གཉིས་དང་ལྷན་ཅིག་གང་རུང་དུ་འགྱུར་ན་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་གང་ཡང་མི་འཐད་པའི་ཕྱིར་སྐྱེ་བ་དང་རྒ་ཤི་ངོ་བོ་ཉིད་ཀྱིས་མེད་དོ། །དེ་མེད་ན་སྐྱེ་བ་དང་རྒ་ཤི་ངོ་བོ་ཉིད་ཀྱིས་ཡོད་པས་སྐྱེ་ཤིའི་བྱ་བ་བྱེད་མཁན་གྱི་བདག་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་པ་དེ་ཐོངས་ཤིག །གཉིས་པ་ནི། འཁོར་བ་སྟེ་སེམས་ཅན་འབའ་ཞིག་གི་སྐྱེ་བ་དང་རྒ་ཤི་ལ་སྔོན་གྱི་མཐའ་སྟེ་སྔ་བ་དང་ཕྱི་བ་དང་ལྷན་ཅིག་གི་རིམ་པ་ཡོད་པ་མ་ཡིན་པར་མ་ཟད་ཀྱི། རྒྱུ་དང་འབྲས་བུ་དང་མཚན་ཉིད་དང་མཚན་གཞི་དང་ཚོར་བ་དང་ཚོར་བ་པོ་ལ་ཡང་སྔོན་གྱི་མཐའ་དང་དེས་མཚོན་ནས་ཕྱི་བ་དང་ལྷན་ཅིག་གི་རིམ་པ་ནི་ཡོད་པ་མ་ཡིན་པར་རིག་པར་བྱའོ། །དེ་ཡང་རྒྱུ་སྔ་བར་ངོ་བོ་ཉིད་ཀྱིས་ཡོད་ན་འབྲས་བུ་ཡང་དེའི་དུས་ན་ཡོད་དགོས་པ་ལས་མེད་པའི་ཕྱིར་རྒྱུ་མེད་པར་འགྱུར་ལ། འབྲས་


JLD015_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྔ་ན་ཡང་རྒྱུ་མེད་དུ་འགྱུར་རོ། །རྒྱུ་འབྲས་གཉིས་ཅིག་ཅར་དུ་ཡོད་ན་གཉིས་ཀ་ཡང་རྒྱུ་མེད་པར་འགྱུར་ཏེ་སྔར་བཤད་པ་ལྟར་རོ། །མཚན་ཉིད་སྔ་ན་ནི་མཚོན་རྒྱུ་མེད་ལ་མཚན་གཞི་སྔ་ན་ནི་མཚན་ཉིད་མེད་པར་འགྱུར་རོ། །མཚན་མཚོན་གཉིས་དུས་གཅིག་ཏུ་ངོ་བོ་ཉིད་ཀྱིས་ཡོད་ན་ནི་ཕན་ཚུན་དུ་མི་ལྟོས་པར་གྲུབ་པར་འགྱུར་རོ། །ཚོར་བ་པོ་སྔ་ན་ནི་གང་གི་ཚོར་བ་པོར་འགྱུར། ཚོར་བ་སྔ་ན་ཡང་ཚོར་མཁན་མེད་པར་ཚོར་བ་མི་རིགས་སོ། །གཉིས་ཀ་དུས་མཉམ་ན་ནི་ཕན་ཚུན་མི་ལྟོས་པར་གྲུབ་པ་དང་རྒྱུ་མེད་དུ་འགྱུར་རོ། །འཁོར་བའི་བཤད་པས་རྒྱུ་འབྲས་ལ་སོགས་པ་རིག་པར་བྱ་བར་མ་ཟད་དོན་ཡོད་པའི་དངོས་པོ་གཞན་གང་དག་ཅི་ཡང་རུང་བ་ཚད་མ་དང་གཞལ་བྱ་དང༌། ཤེས་པ་དང་ཤེས་བྱ་དང་བསྒྲུབ་བྱ་དང་སྒྲུབ་བྱེད་དང༌། ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་ཐམས་ཅད་ལ་ཡང་སྔོན་གྱི་མཐའ་ལ་སོགས་པ་གསུམ་ཡོད་པ་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །གཉིས་པ་ནི། དེ་ལྟར་སྐྱེ་རྒ་དང་རྒྱུ་འབྲས་ལ་སོགས་པ་ངོ་བོ་ཉིད་ཀྱིས་མེད་པ་དེ་ཉིད་ཟབ་མོའི་ལུང་གིས་ཀྱང་བསྒྲུབ་པ་དང༌། ཆོས་རྣམས་ལ་སྔོན་དང་ཕྱི་མའི་མཐར་མི་སྦྱོར་བ་དང་འཆི་འཕོ་བ་དང་སྐྱེ་བ་མེད་པ་དང་འཁོར་བ་མི་དམིགས་པ་ལ་སོགས་པར་སྟོན་བའི་གསུང་རབ་ཐམས་ཅད་རབ་བྱེད་འདིས་བཤད་པར་བྱ་བར་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྨོས་ན། དཀོན་མཆོག་སྤྲིན་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟོད་ནས་ཞི་ཞིང་མ་སྐྱེས་པ། །རང་


JLD015_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་པ་དང་དེ་བཞིན་དུ། གཟོད་མ་ནས་ནི་སྟོང་ཞིང་མ་འོངས་ཆོས། །སོང་བ་མེད་ཅིང་གནས་མེད་གནས་ཀྱིས་དབེན། །སྒྱུ་མའི་རང་བཞིན་རྟག་ཏུ་སྙིང་པོ་མེད། །ཐམས་ཅད་དག་ཅིང་རྣམ་དག་ནམ་མཁའ་བཞིན། །རྒྱལ་བའི་ཆོས་ནི་གང་དག་རབ་སྟོན་བ། །དེ་ཡང་མི་ཟད་པས་ན་མི་མཐོང་སྟེ། །ཆོས་འདི་སྔ་ནས་བདག་མེད་སེམས་ཅན་མེད། །དེ་དག་རབ་ཏུ་སྟོན་ཀྱང་ཟད་མི་འགྱུར། །བཏགས་པ་ཙམ་དུ་བརྟགས་ནས་བསྟན་པ་ཡིན། །འཁོར་བ་ལ་ནི་ཐ་མ་མི་རྙེད་དེ། །གང་དག་སྔོན་བྱུང་མཐའ་ནི་མཚན་ཉིད་མེད། །མ་འོངས་དུས་ཀྱང་ཤེས་པར་བྱ་བའི་ཕྱིར། །ལས་དང་བྱ་བ་དེ་ལྟར་ཞུགས་འགྱུར་ཏེ། །རབ་དང་ཐ་མ་དག་ཏུའང་འབྱུང་བར་འགྱུར། །ཆོས་རྣམས་རྟག་ཏུ་བླུན་ཞིང་རང་བཞིན་སྟོང༌། །ཐམས་ཅད་བདག་མེད་པར་ཡང་ཤེས་པར་གྱིས། །ཞེས་གསུངས་སོ། །དེ་ལ་གཟོད་མ་དང་གདོད་མ་ནི་དང་པོའི་སྒྲའོ། །ཞི་བ་ནི་ཆོས་རྣམས་ཡེ་ཤེས་ཞི་བའི་ཡུལ་ཏེ། མ་སྐྱེས་པའི་ཕྱིར་ཏེ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ངོ་བོ་ཉིད་ཀྱིས་ཡོད་པས་སྟོང་པའི་ཕྱིར་རོ། །དེ་ནས་བཞིས་དུས་གསུམ་གདོད་ནས་སྟོང་པ་སྒྱུ་མ་དང་ནམ་མཁའ་དང་འདྲ་བ་དང༌། དེ་ནས་ལྔས་ཆོས་རྣམས་གདོད་མ་ནས་གང་ཟག་གི་བདག་གིས་སྟོང་ཞིང་རྒྱལ་བས་ཆོས་བསྟན་པ་ཡང་བཏགས་པ་ཙམ་དུ་བསྟན་པ་དང༌། དེ་ནས་ལྔས་ཆོས་རྣམས་ལ་སྔོན་དང་ཕྱི་མའི་མཐའ་མེད་པ་དང་མ་འོངས་པའི་དུས་སུ་ཡང་དེ་ལྟར་རྟོགས་པའི་ཕྱིར་དུ་ད་ལྟར་བྱ་བ་ལ་ཞུགས་པས། མ་འོངས་པ་ན་རབ་དང་


JLD015_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མའི་འབྲས་བུ་སྐལ་བ་དང་འཚམ་པར་ཐོབ་པར་འགྱུར་བ་དང༌། དེ་ནས་གཉིས་ཀྱིས་ཆོས་རྣམས་ཤེས་པ་པོའི་ངོ་བོ་བདག་གིས་སྟོང་པའི་བདག་མེད་ཀྱི་དོན་ཤེས་པར་གྱིས་ཞེས་བསྟན་ནོ། །གསུམ་པ་ནི། འཁོར་བ་པོའི་གང་ཟག་དང་དེ་འཁོར་བའི་བྱ་བ་སྐྱེ་བ་དང་རྒ་ཤི་དང་རྒྱུ་འབྲས་ལ་སོགས་པ་རྣམས་རང་གི་ངོ་བོ་ཉིད་ཀྱིས་ཡོད་ན་སྐྱེ་བ་སོགས་གང་གི་ཡང་ཐ་སྙད་བྱར་མེད་པས། འཁོར་མཁན་དང་དེས་སྐྱེ་འཆི་བརྒྱུད་མར་བྱེད་པར་གསུངས་པ་ནི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ལ་འཐད་དོ་སྙམ་དུ་ངེས་པར་བྱའོ། །སྔོན་དང་ཕྱི་མའི་མཐའ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བརྒྱད་ཀྱི་བདག་ཉིད་རབ་ཏུ་བྱེད་པ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།གཉིས་པ་རྟེན་པ་སྡུག་བསྔལ་ཡོད་པའི་རྟགས་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ། བདག་ནི་རང་བཞིན་གྱིས་ཡོད་དེ་དེ་དང་འབྲེལ་བ་ཅན་གྱི་སྡུག་བསྔལ་ཡོད་པའི་ཕྱིར་རོ། །ལུང་ལས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སྡུག་བསྔལ་ཞེས་གསུངས་པས་དེ་ཡང་ཡོད་ལ་སྡུག་བསྔལ་དེ་ཡང་རྟེན་མེད་པར་ནི་མེད་པས་རྟེན་ཡོད་ལ་དེ་ཡང་བདག་ཡིན་ནོ། །འདི་དགག་པ་ལ་གཉིས། སྡུག་བསྔལ་ངོ་བོ་ཉིད་ཀྱིས་ཡོད་པ་དགག །རིགས་པ་དེ་ཆོས་གཞན་ལའང་སྦྱར་བའོ། །དང་པོ་ལ་གཉིས། དམ་བཅའ་བཞག །སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། དེ་ལ་རྒོལ་བ་ཁ་ཅིག་གིས་ནི་སྡུག་བསྔལ་བདག་གིས་བྱས་པ་དང་ཁ་


JLD015_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གིས་ནི་སྡུག་བསྔལ་རང་ལས་དོན་གཞན་གྱིས་བྱས་པ་དང༌། གཞན་དག་གིས་ནི་རང་གཞན་གཉིས་ཀས་བྱས་པ་དང་འགའ་ཞིག་གིས་ནི་སྡུག་བསྔལ་རྒྱུ་མེད་པ་ལས་འབྱུང་བར་འདོད་པའི་སྡུག་བསྔལ་དེ་ནི་རྣམ་པ་ཐམས་ཅད་དུ་རང་བཞིན་གྱིས་བསྐྱེད་པར་བྱ་བར་མི་རུང་ངོ་ཞེས་དམ་བཅའ་བ་བཞག་པའོ། །སྡུག་བསྔལ་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པས་སྐྱེད་པར་ནི་གྲངས་ཅན་འདོད་ལ་སྡུག་བསྔལ་གང་ཟག་གི་བདག་གིས་བྱས་པར་ནི་བྱེ་བྲག་པ་ལ་སོགས་པས་འདོད་དོ། །སྡུག་བསྔལ་རང་གི་སྐྱེད་བྱེད་དང་རང་གི་མཚན་ཉིད་ཀྱིས་ཐ་དད་པར་ནི་རང་གི་སྡེ་པ་དང་གཞན་གྱིས་ཀྱང་འདོད་དོ། །གཉིས་ཀས་བྱས་པ་ནི་གཅེར་བུར་རྒྱུ་བས་ལུས་གྱིས་བྱས་པ་ནི་ལུས་སྡུག་བསྔལ་ཡིན་པས་རང་གིས་བྱས་པ་དང་སྲོག་གིས་བྱས་པ་ནི་སྡུག་བསྔལ་ལས་གཞན་ཡིན་པས་གཞན་གྱིས་བྱས་པར་སྨྲ་བ་སོགས་སོ། །རྒྱུ་མེད་པར་འབྱུང་བར་ནི་རྒྱང་པན་པ་རྣམས་འདོད་དོ། །གཉིས་པ་ལ་གཉིས། སྡུག་བསྔལ་རང་གཞན་རེ་རེ་བས་བྱས་པ་དགག །གཉིས་ཀ་ཚོགས་པས་བྱས་པ་དང་རྒྱུ་མེད་དུ་སྨྲ་བ་དགག་པའོ། །དང་པོ་ལ་གསུམ། སྡུག་བསྔལ་ལ་ལྟོས་ཏེ་རང་གཞན་རེ་རེ་བས་བྱས་པ་དགག །གང་ཟག་ལ་ལྟོས་ཏེ་རེ་རེ་བས་བྱས་པ་དགག །རང་གཞན་རེ་རེ་བས་མ་བྱས་པའི་སྒྲུབ་བྱེད་གཞན་བསྟན་པའོ། །དང་པོ་ལ་གཉིས། སྡུག་བསྔལ་ལ་ལྟོས་ཏེ་རང་གིས་བྱས་པ་དགག །སྡུག་བསྔལ་ལ་ལྟོས་ཏེ་གཞན་གྱིས་བྱས་པ་དགག་པའོ། །དང་པོ་ནི། གལ་ཏེ་སྡུག་བསྔལ་ཏེ་བདག་རང་གིས་བྱས་པར་གྱུར་ན་ནི་སྡུག་བསྔལ་གྱི་ངོ་བོ་ཉིད་


JLD015_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དེ་ཉིད་བྱེད་པར་འགྱུར་རོ། །དེའི་ཕྱིར་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་མི་འགྱུར་ཏེ་རང་ཡོད་ན་རང་གིས་སྐྱེད་མི་དགོས་ལ་རང་མེད་ན་སྐྱེད་བྱེད་དུ་མི་རུང་བའི་ཕྱིར་རོ། །རྟེན་འབྲེལ་ནི་ཡིན་ཏེ་གང་གི་ཕྱིར་འཆི་བའི་དུས་ཀྱི་ཕུང་པོ་འདི་དག་ལ་བརྟེན་ནས་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་དེ་དག་འབྱུང་བའི་ཕྱིར་རོ། །དེས་ན་སྡུག་བསྔལ་བདག་གིས་བྱས་པར་མི་རིགས་སོ། །གཉིས་པ་ནི། གལ་ཏེ་འཆི་བའི་དུས་ཀྱི་ཕུང་པོ་འདི་དག་ལས་སྐྱེ་བའི་ཆའི་ཕུང་པོ་དེ་དག་ངོ་བོ་ཉིད་ཀྱིས་གཞན་ཡིན་ཞིང༌། གལ་ཏེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་དེ་དག་ལས་ཀྱང་འཆི་བའི་དུས་ཀྱི་ཕུང་པོ་འདི་ངོ་བོ་ཉིད་ཀྱིས་གཞན་ཡིན་ན་ནི། ད་ལྟར་གྱི་ཕུང་པོ་གཞན་དེ་དག་གིས་མ་འོངས་པའི་ཕུང་པོ་དེ་བྱས་པར་འགྱུར་བས་སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་བ་ཞིག་ན་དེ་ནི་མི་འཐད་དེ། ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་ན། རྒྱུ་འབྲས་ཀྱི་འབྲེལ་པ་མི་གནས་པའི་ཕྱིར་དང༌། གང་ལ་བརྟེན་ཏེ་གང་འབྱུང་བ། །ཞེས་སོགས་འཆད་པར་འགྱུར་བ་ལྟར་རོ། །རྐང་པ་ཕྱེ་མ་གཉིས་ནི་བུད་དྷ་པཱ་ལི་ཏ་དང་ཤེས་རབ་སྒྲོན་མར། གཞན་དེ་དག་གིས་འདི་བྱས་པས། །སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར། །ཞེས་བསྒྱུར་བ་ལྟར་བདེའོ། །གཉིས་པ་ལ་གཉིས། གང་ཟག་རང་གིས་བྱས་པ་དགག །གང་ཟག་གཞན་གྱིས་བྱས་པ་དགག་པའོ། །དང་པོ་ནི། གལ་ཏེ་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བྱས་པ་ལ་སྡུག་བསྔལ་བདག་གིས་བྱས་པར་མི་སྨྲའི་གང་ཟག་རང་གིས་རང་གི་སྡུག་བསྔལ་དེ་བྱས་པ་ཡིན་གྱི། གང་ཟག་གཞན་གྱིས་བྱས་ནས་འདི་ལ་བྱིན་པ་ནི་མ་ཡིན་


JLD015_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྡུག་བསྔལ་བདག་གིས་བྱས་པར་སྨྲའོ་ཞེ་ན། གལ་ཏེ་མིའི་གང་ཟག་བདག་གིས་ནི་མིའི་གང་ཟག་དེར་འདོགས་པའི་སྡུག་བསྔལ་དེ་བྱས་ན་ནི་སྡུག་བསྔལ་དེ་བྱས་པའི་གང་ཟག་དེ་བྱས་པའི་སྡུག་བསྔལ་ལས་མ་གཏོགས་པ་གང་ཞིག་ཡིན་ཏེ། སྡུག་བསྔལ་དེ་ནི་འདི་ཡིན་ལ་སྡུག་བསྔལ་དེ་བྱེད་པ་པོ་ནི་འདི་ཡིན་ནོ་ཞེས་སོ་སོར་ཕྱེ་སྟེ་འདིས་འདི་བྱས་ཞེས་བརྗོད་དགོས་ན་དེ་ལྟར་བརྗོད་དུ་ཡང་མེད་དོ། །ཅི་སྟེ་ཡང་མིའི་སྡུག་བསྔལ་གྱི་ཉེ་བར་ལེན་པ་ཅན་གྱི་གང་ཟག་གིས་ལྷའི་སྡུག་བསྔལ་བྱས་པར་རྟོག་ན་གང་ཟག་དེ་བདག་གིས་བདག་གི་སྡུག་བསྔལ་དེ་བྱས་པ་མིན་གྱི་གཞན་གྱི་སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་རོ། །ཅི་སྟེ་གང་ཟག་དེ་གཉིས་ཉེ་བར་ལེན་པ་ཕུང་པོ་ཐ་དད་ཀྱང་གང་ཟག་ཐ་མི་དད་དོ་ཞེ་ན། དེ་ཡང་མི་རིགས་ཏེ་ཉེ་བར་ལེན་པ་ལས་དོན་གཞན་དུ་གང་ཟག་བསྟན་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་མིའི་གང་ཟག་གིས་མིའི་སྡུག་བསྔལ་མི་བྱེད་ཀྱི་དེས་ལྷར་སྐྱེ་བའི་ལྷའི་སྡུག་བསྔལ་བྱས་ནས་ལྷའི་གང་ཟག་ལ་སྟེར་ཞིང་ལྷའི་སྡུག་བསྔལ་དེས་ཀྱང་ལྷའི་གང་ཟག་ཏུ་ཐ་སྙད་འདོགས་པར་བྱེད་དོ་ཞེ་ན། གལ་ཏེ་མིའི་གང་ཟག་ལྷ་ལས་གཞན་པ་དེ་ལས་ནི་ལྷའི་སྡུག་བསྔལ་འབྱུང་ན། གཞན་མིའི་གང་ཟག་ཅིག་གིས་སྡུག་བསྔལ་དེ་བྱས་ནས་གང་ལ་སྦྱིན་པའི་ལྷའི་གང་ཟག་དེ། སྦྱིན་བྱའི་སྡུག་བསྔལ་དེ་ལས་མ་གཏོགས་པ་གཞན་ཞིག་ཇི་ལྟར་ཡོད་པར་རུང་སྟེ་དེ་མེད་དོ། །གལ་ཏེ་མིའི་གང་ཟག་གཞན་ལས་ལྷའི་སྡུག་བསྔལ་དེ་འབྱུང་ན། གང་གིས་ལྷའི་སྡུག་བསྔལ་དེ་བྱས་ནས་གཞན་ལྷ་ལ་


JLD015_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར་བའི་གང་ཟག་གཞན་ཉེ་བར་ལེན་པའི་སྡུག་བསྔལ་གང་གིས་མིའི་གང་ཟག་ཏུ་འཇོག་པ་དེ་ནི། རང་གི་ཉེ་བར་ལེན་པའི་སྡུག་བསྔལ་དེ་ལས་མ་གཏོགས་པ་གང་ཡིན་ཏེ་མེད་དོ། །གང་ལ་སྟེར་བ་དང་གང་གིས་སྟེར་བ་པོ་ངོ་བོ་ཉིད་ཀྱིས་ཡོད་ན་རང་གི་ཉེ་བར་ལེན་པའི་སྡུག་བསྔལ་ལས་ངོ་བོ་ཉིད་ཀྱིས་ཐ་དད་པར་རྙེད་དགོས་ན་དེ་ནི་མི་རྙེད་དོ། །སྟེར་བ་པོའི་གང་ཟག་འགོག་པའི་ཚིགས་བཅད་ནི་བུད་དྷ་པཱ་ལི་ཏ་དང་ཤེས་རབ་སྒྲོན་མར་མ་བྱུང་ཡང་ཚིག་གསལ་ལས་གཉིས་ཀ་ལ་བཤད་པ་སོ་སོར་མཛད་དོ། །གཞན་ཡང་གལ་ཏེ་སྡུག་བསྔལ་གང་ཟག་བདག་གིས་བྱས་པ་དེ་ངོ་བོ་ཉིད་ཀྱིས་གྲུབ་ན་སྡུག་བསྔལ་གཞན་གྱིས་བྱས་པ་ཡང་ངོ་བོ་ཉིད་ཀྱིས་འགྲུབ་ན། སྡུག་བསྔལ་བདག་གིས་བྱས་པ་ནི་ངོ་བོ་ཉིད་ཀྱིས་ཡོད་པར་མ་གྲུབ་པར་སྔར་བཤད་པས་སྡུག་བསྔལ་དེ་དག་གཞན་གྱིས་ག་ལ་བྱས་ཏེ་བྱས་པར་མི་འགྲུབ་བོ། །དེའི་རྒྱུ་མཚན་ནི་གཞན་གྱིས་སྡུག་བསྔལ་གང་བྱེད་པ་དེ་ནི་གཞན་མི་དེའི་བདག་གིས་བྱས་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་མི་དེས་སྡུག་བསྔལ་དེ་བདག་གིས་བྱས་པ་མིན་ན་ལྷའི་སྡུག་བསྔལ་དེ་གཞན་གྱིས་བྱས་པར་ཇི་ལྟར་འགྱུར་ཞེས། བུད་དྷ་པཱ་ལི་ཏ་ལས་བཤད་དེ་ཚིག་གསལ་དང་དོན་འདྲའོ། །གསུམ་པ་ནི། རེ་ཞིག་སྡུག་བསྔལ་བདག་གིས་བྱས་པ་ནི་མིན་ཏེ་སྡུག་བསྔལ་དེ་ཉིད་ཀྱིས་ནི་དེ་ཉིད་མ་བྱས་པའི་ཕྱིར་ཏེ་རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །གལ་ཏེ་སྡུག་བསྔལ་དེ་ངོ་བོ་ཉིད་ཀྱིས་ཡོད་པའི་གཞན་གྱིས་བྱས་པར་སྨྲ་ནའང་དེར་ག་ལ་འགྱུར་ཏེ་མི་འགྱུར་ཏེ། འདིས་


JLD015_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ་ཞེས་བརྟག་པའི་གཞན་དེ་བདག་མ་བྱས་པ་སྟེ་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་པས་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ། །བུད་དྷ་པཱ་ལི་ཏ་ལས་སྡུག་བསྔལ་དེ་གང་ཟག་རང་གིས་བྱས་ལ་གང་ཟག་ཀྱང་སྡུག་བསྔལ་ལས་གཞན་མིན་པ་ལ་བསམས་ནས་སྡུག་བསྔལ་གྱིས་སྡུག་བསྔལ་བྱས་སོ། །ཞེས་སྨྲ་ལ། གང་ཟག་དེས་སྡུག་བསྔལ་དེ་བྱས་ཤིང་དེ་སྡུག་བསྔལ་མ་ཡིན་པ་ལ་བསམས་ནས་སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་ཀྱང་སྨྲ་བ་ལ། རྐང་པ་དང་པོས་ཉེ་བར་ལེན་པ་མེད་པའི་གང་ཟག་འབའ་ཞིག་པ་མེད་པས་སྡུག་བསྔལ་གང་ཟག་རང་གིས་བྱས་པ་འགོག་གོ །རྐང་པ་གཉིས་པས་སྡུག་བསྔལ་དེ་ཉིད་ཀྱིས་དེ་ཉིད་བྱས་པ་འགོག་ལ་ཕྱི་མ་གཉིས་ཀྱིས་སྡུག་བསྔལ་ལས་མ་གཏོགས་པའི་བདག་མེད་པས་སྡུག་བསྔལ་གཞན་གྱིས་བྱས་པ་འགོག་གོ །གཉིས་པ་ནི། གལ་ཏེ་སྡུག་བསྔལ་སོ་སོ་བ་རེ་རེས་བྱས་པ་མེད་ཀྱང་གཉིས་ཀ་ཚོགས་པས་བྱས་པ་ནི་ཡོད་དོ་སྙམ་ན། འཁོར་ལོ་ལ་སོགས་པ་རེ་རེ་བ་ལ་ཤིང་རྟ་གཞག་ཏུ་མེད་ཀྱང་ཡན་ལག་ཚོགས་པ་ལ་བརྟེན་ནས་ཤིང་རྟར་འཇོག་པ་ལྟ་བུ་ཡིན་ན་དེ་སྐད་སྨྲ་བར་རིགས་ཀྱང༌། འདི་ནི་སྲོག་གཅོད་པ་རེ་རེ་ནས་མ་བྱས་ན་འདི་གཉིས་ཀས་སྲོག་གཅོད་བྱས་སོ་ཞེས་འཇོག་མི་ནུས་པ་བཞིན་དུ་ཡིན་ནོ། །དེས་ན་གལ་ཏེ་རང་གཞན་རེ་རེས་སྡུག་བསྔལ་བྱས་པར་གྱུར་ན་སྡུག་བསྔལ་དེ་གཉིས་ཀ་ཚོགས་པས་བྱས་པར་འགྱུར་ན་ཡང་རེ་རེས་བྱེད་པ་ནི་མིན་ཏེ་སྔར་བཀག་ཟིན་པའི་ཕྱིར་རོ། །ཇི་སྐད་བཤད་པའི་ཚུལ་གྱིས་སྡུག་བསྔལ་དེ་བདག་


JLD015_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མ་བྱས་ཤིང་གཞན་གྱིས་ཀྱང་མ་བྱས་ན། སྡུག་བསྔལ་རྒྱུ་མེད་དུ་འབྱུང་བར་ག་ལ་འགྱུར་ཏེ་མི་འགྱུར་ཏེ། ནམ་མཁའི་མེ་ཏོག་གི་དྲི་ཞིམ་པོ་བཞིན་ནོ། །དེ་ལྟར་སྡུག་བསྔལ་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར་དེའི་རྟེན་གྱི་བདག་ཀྱང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། དེ་ལྟར་ནང་སེམས་ཅན་གྱི་སྡུག་བསྔལ་འབའ་ཞིག་ལ་བདག་གིས་བྱས་པ་ལ་སོགས་པ་རྣམ་པ་བཞི་ཡོད་པ་མ་ཡིན་པར་མ་ཟད་ཀྱི། ཕྱི་རོལ་གྱི་དངོས་པོ་ས་མྱུག་དང་བུམ་སྣམ་ལ་སོགས་པ་ཐམས་ཅད་དག་ལ་ཡང་བདག་གིས་བྱས་པ་སོགས་རྣམ་པ་བཞི་པོ་ཡོད་པ་མ་ཡིན་པ་སྔར་བཤད་པ་བཞིན་དུ་རིག་པར་བྱའོ། །གལ་ཏེ་ཕྱི་ནང་གི་དངོས་པོ་འདི་དག་ལ་བདག་གིས་བྱས་པ་སོགས་བཞི་པོ་མེད་ན་འདི་དག་ཡོད་ནི་དགོས་པས་རྣམ་པ་གང་གིས་འགྲུབ་ཅེ་ན། དེ་ལ་འདི་དག་ངོ་བོ་ཉིད་ཀྱིས་ཡོད་མེད་འཚོལ་བའི་དབང་དུ་བྱེད་ན་ནི། སྡུག་བསྔལ་ལ་སོགས་པ་འདི་རྣམས་རང་བཞིན་གྱིས་ཡོད་ན་བདག་གིས་བྱས་པ་སོགས་རྣམ་པ་བཞི་པོ་གང་རུང་གཅིག་ཏུ་གྲུབ་དགོས་པ་ལ། དེ་ནི་སྔར་བཤད་པ་ལྟར་མེད་པས་སྡུག་བསྔལ་ལ་སོགས་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ངེས་ཏེ་ཁྱབ་བྱེད་མི་སྲིད་པའི་ཕྱིར་རོ། །འོན་ཏེ་ཕྱིན་ཅི་ལོག་ཙམ་གྱིས་བདག་ཉིད་ཡོད་པར་རྙེད་པ་སྡུག་བསྔལ་ལ་སོགས་པ་ཀུན་རྫོབ་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་གཞག་འཚོལ་ན་ནི། བདག་གིས་བྱེད་པ་ལ་སོགས་པ་བཞི་པོ་དོར་ནས་རབ་བྱེད་བརྒྱད་བར་བཤད་པའི་རྣམ་པས་རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་འབྱུང་


JLD015_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པས་ཡོད་པར་ཁས་བླང་བར་བྱ་སྟེ། སྡུག་བསྔལ་བདག་གིས་བྱས་པ་དང༌། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་པར་ནི་རྟོག་གེ་འདོད། །ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །ཞེས་བཤད་པ་ལྟར་རོ། །བུད་དྷ་པཱ་ལི་ཏ་ལས་ཀྱང༌། གལ་ཏེ་སྡུག་བསྔལ་མེད་ན་སྟོན་པས་འོད་སྲུངས་སྡུག་བསྔལ་ཡོད་དེ་ངས་སྡུག་བསྔལ་ཤེས་སོ་མཐོང་ངོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། སྡུག་བསྔལ་མེད་དོ་ཞེས་དེ་སྐད་སུ་ཟེར། ཁོ་བོས་དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ཞེས་མ་སྨྲས་སམ་དེའི་ཕྱིར་ཁོ་བོ་ནི་སྡུག་བསྔལ་རྟེན་འབྱུང་ཡིན་པར་སྨྲའི་བདག་གིས་བྱས་པ་སོགས་སུ་མི་སྨྲའོ་ཞེས་བཤད་དོ། །དེས་ན་བདག་གིས་བྱས་པ་རྟེན་འབྱུང་ཡིན་པའི་རྒྱུ་མཚན་གྱིས་དངོས་སུ་བཀག་ཅིང་གཞན་གྱིས་བྱས་པ་ཡང་དེ་ཉིད་ཀྱིས་འགོག་པར་འགྲེལ་པ་གཉིས་ཆར་གྱིས་བཤད་ཅིང་དེའི་ཕྱིར་གཉིས་ཀས་བྱས་པ་ཡང་དེས་འགོག་གོ །རྒྱུ་མེད་དུ་འབྱུང་བ་ནི་རྒྱུ་མཚན་དེས་འགོག་པ་ཤིན་ཏུ་གསལ་བས་རྟེན་འབྲེལ་རྒྱུ་འབྲས་ཀྱི་རིམ་པ་གདོན་མི་ཟ་བར་ཁས་བླང་དགོས་པ་ཉིད་ཀྱིས། ངོ་བོ་ཉིད་ཀྱིས་ཡོད་པ་བཀག་ནས་རང་བཞིན་མེད་པ་ཉིད་ལ་བྱ་བྱེད་ཐམས་ཅད་འཐད་པར་སྟོན་པ་འདི་མགོ་མཇུག་ཐམས་ཅད་དུ་ཤེས་པར་བྱེད་པ་ཤིན་ཏུ་གལ་ཆེ་སྟེ། རྒྱུ་འབྲས་རྟེན་འབྲེལ་གྱི་རིམ་པ་དེ་ཁོ་ནར་གྲུབ་མ་གྲུབ་དཔྱོད་པའི་རིགས་པས་བཀག་པར་འཛིན་ན། རྒྱུ་འབྲས་རང་ལུགས་ལ་ཁས་བླང་ས་མེད་པས་དེ་ལ་ནི་ཕྲ་བའི་བདག་མེད་མི་སྟོན་པར་རགས་པའི་བདག་མེད་བསྟན་ནས་བཀྲི་དགོས་པར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ཆོས་རྣམས་རང་དང་གཞན་དང་གཉིས་


JLD015_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཀས་བྱས་པ་དང་རྒྱུ་མེད་བཀག་པ་དེ་ཟབ་མོའི་ལུང་གིས་ཀྱང་གྲུབ་པར་བསྟན་པ་དང༌། དེ་ལྟར་སྟོན་པའི་གསུང་རབ་ཐམས་ཅད་རབ་བྱེད་འདིས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྨོས་ན། ཏིང་ངེ་འཛིན་རྒྱལ་པོ་ལས། ཀུན་རྫོབ་ཏུ་ནི་རྒྱལ་བས་ཆོས་བཤད་དེ། །འདུས་བྱས་འདུས་མ་བྱས་ཡིན་དེ་ལྟར་ལྟོས། །ཡང་དག་ཉིད་དུ་བདག་དང་མི་མེད་དེ། །འགྲོ་བ་ཀུན་གྱི་མཚན་ཉིད་འདི་འདྲའོ། །དགེ་དང་ནག་པོའི་ལས་རྣམས་མི་འཇིག་སྟེ། །བདག་གིས་བྱས་པ་བདག་གིས་མྱོང་བར་འགྱུར། །ལས་ཀྱི་འབྲས་བུ་འཕོ་བར་མི་འགྱུར་ཏེ། །རྒྱུ་མེད་པར་ཡང་མྱོང་བར་མི་འགྱུར་རོ། །སྲིད་པ་ཐམས་ཅད་སྒྱུ་མ་དབང་མེད་པ། །གསོག་དང་གསོབ་ཏུ་གྱུར་པ་དབུ་བ་བཞིན། །སྒྱུ་མ་སྨིག་རྒྱུ་ལྟ་བུར་རྟག་ཏུ་སྟོང༌། །སྒྲ་ཡིས་བཤད་ཀྱང་དེ་དག་དབེན་པ་ཡིན། །བྲག་ཕུག་རི་དང་གཅོང་རོང་ཀླུང་རྣམས་སུ། །རྐྱེན་གྱིས་ཇི་ལྟར་བྲག་ཆ་འབྱུང་བ་ལྟར། །དེ་བཞིན་འདུས་བྱས་འདི་ཀུན་རིག་པར་གྱིས། །འགྲོ་བ་ཐམས་ཅད་སྒྱུ་མ་སྨིག་རྒྱུ་བཞིན། ཞེས་སོ། །གསུམ་པ་ནི། དོན་བསྡུ་བ་ནི་བཤད་ཟིན་ཏོ། །བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུའི་བདག་ཉིད་རབ་ཏུ་བྱེད་པ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།གཉིས་པ་དངོས་པོ་ཙམ་གྱི་རང་བཞིན་གྱིས་སྟོང་པར་བསྟན་པ་ལ་གཉིས། དངོས་པོ་རང་བཞིན་གྱིས་ཡོད་པ་དགག །རང་བཞིན་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། དེས་དོན་གྱི་ལུང་དང་སྦྱར་


JLD015_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ལ་གསུམ། གཞན་ལ་གྲགས་པའི་ལུང་གིས་རང་བཞིན་མེད་པ་བཤད་པ། དེ་ལྟར་བཤད་པ་མི་འཐད་པའི་རྩོད་པ་སྤང་བ། ལུང་དེའི་དོན་རྣམ་པ་གཞན་དུ་འཆད་པ་དགག་པའོ། །དང་པོ་ནི། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་རྣམ་པར་དཔྱད་པ་ན་དངོས་པོ་རྣམས་བདག་ལ་སོགས་པ་བཞི་ལས་འབྱུང་བ་མེད་ཅིང༌། རང་བཞིན་གྱིས་གྲུབ་པར་སྐྱེད་པའི་རྣམ་པ་གཞན་ཡང་མེད་ལ་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པར་བྱས་པ་རྣམས་ལ་ངོ་བོ་ཉིད་ཀྱིས་སྐྱེ་བར་ཡང་སྣང་བའི་ཕྱིར་སྒྱུ་མའི་རྟ་གླང་ལ་སོགས་པས་སྒྱུ་མ་མི་ཤེས་པ་སླུ་བ་བཞིན་དུ་བྱིས་པ་རྣམས་སླུ་བར་བྱེད་དོ། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག་སླུ་བ་ཡིན་པ་དེ་ནི་བརྫུན་ནོ་ཞེས་སླུ་བ་ལ་བརྫུན་པས་ཁྱབ་པར་གསུངས་ལ་འདུ་བྱེད་ཐམས་ཅད་ཀྱང་སླུ་བའི་ཆོས་ཅན་ཡིན་ནོ་ཞེས་གསུངས་པ་དེས་ན་འདུ་བྱེད་དེ་དག་ཐམས་ཅད་བརྫུན་པ་ཡིན་ནོ། །མདོ་ལས། དགེ་སློང་དག་འདུས་བྱས་སླུ་བའི་ཆོས་ཅན་གང་ཡིན་པ་དེ་དག་ནི་བརྫུན་པ་ཡིན་ལ་མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་བདེན་པ་དམ་པའོ། །ཞེས་པ་དང༌། དེ་བཞིན་དུ་འདུས་བྱས་དེ་ནི་སླུ་བའི་ཆོས་ཀྱང་ཡིན་དེ་ནི་རབ་ཏུ་འཇིག་པའི་ཆོས་ཀྱང་ཡིན་ནོ་ཞེས་ཀྱང་གསུངས་སོ། །དེ་ལ་སླུ་བའི་ཆོས་ནི་འདྲིད་པར་བྱེད་ཅིང་ཕྱིན་ཅི་ལོག་ཏུ་སྣང་བ་སྟེ་མགལ་མེའི་འཁོར་ལོ་བཞིན་ནོ། །དམ་པའི་དོན་གྱི་བདེན་པ་ནི་སླུ་བ་མ་ཡིན་ཏེ་མྱ་ངན་ལས་འདས་པ་བཞིན་ནོ། །དེའི་ཕྱིར་ངོ་བོ་ཉིད་ཀྱིས་མེད་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next