Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
   
   
ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།
   
   
   
   
   
   
   


 
previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JLD015_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་དེ་ཁོ་ན་ཉིད་སྟེན་པ་པོའི་རྐྱེན་དང་ཕྲད་ན་དེ་ལྟར་ཡིན་དུ་ཆུག་ཀྱང་དེ་དང་ཕྲད་པའི་ངེས་པ་མེད་པས་སྐྱེ་བ་གཞན་དུ་མྱང་འདས་འཐོབ་པར་མ་ངེས་སོ་སྙམ་ན། ཅི་སྟེ་ཡང་སྐྱེ་བ་གཞན་དུ་སད་བྱེད་ཀྱི་རྐྱེན་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་མ་བྱུང་ཞིང་ཉན་ཐོས་རྣམས་ནི་ཟད་བར་གྱུར་པ་ཡིན་ཀྱང༌། རང་སངས་རྒྱས་ཀྱི་ཡེ་ཤེས་ནི་འདུ་འཛི་དང་སྟེན་པ་མེད་པའམ་དགེ་བའི་བཤེས་གཉེན་ཚོལ་བའི་སྟེན་བ་མེད་པ་ཙམ་ལས་རབ་ཏུ་སྐྱེ་བས་མྱང་འདས་ངེས་པ་ཁོ་ནར་འཐོབ་བོ། །དེ་དག་ནི་ཐེག་པ་དམན་པའི་རིགས་ཅན་ལ་དོན་ཆེན་པོར་འགྱུར་ཚུལ་ཡིན་ལ། ཐེག་པ་ཆེན་པོ་པ་རྣམས་ལ་ལམ་འདིས་ལམ་གཞན་གྱི་མིག་བྱས་ནས་ཐར་པའི་གྲོང་ཁྱེར་དུ་འཁྲིད་པ་དང་འདས་ཟིན་པ་ན་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པ་ནི་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །དེ་བཞིན་ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཞིང་འདི་ཡི་མིང་འཐོབ་བོ། །ཞེས་གསུངས་སོ། །གནས་འདི་ཤིན་ཏུ་དོན་ཆེ་བས་འདི་ལྟར་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་ལ་ཡང་བསྔགས་ཏེ། བརྒྱ་པ་ལས། བསོད་ནམས་ཆུང་དུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟ་བ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱས་པར་


JLD015_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ཞེས་གསུངས་སོ། །ཕན་ཡོན་དེ་དག་མཐོང་བའི་ཤེས་རབ་ཅན་གྱིས་ནི་སྲོག་ཀྱང་བཏང་ནས་རྒྱལ་སྲས་རྟག་ཏུ་དུས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་བཙལ་བ་དེ་བཞིན་དུ་བཙལ་ནས་ནང་གི་བདག་ཉིད་ཀྱི་ཟབ་མོའི་དོན་འདི་སེམས་པ་ལ་དུས་རྟག་ཏུ་འགྲུས་པར་བྱ་སྟེ། བརྒྱ་པ་ལས། ཡང་དག་མཐོང་ན་གནས་མཆོག་ལ། །ཅུང་ཟད་མཐོད་ན་བཟང་འགྲོ་སྟེ། །དེ་ཕྱིར་ནང་བདག་བསམ་པ་ལ། །མཁས་པས་རྟག་ཏུ་བློ་གྲོས་བསྐྱེད། ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི། བདག་དང་བདག་གི་བ་རང་བཞིན་མེད་པར་བཤད་པ་འདི་ཉིད་སྔར་དྲངས་པ་རྣམས་དང་གཞན་ཡང་མདོ་སྡེ་ཟབ་མོ་དུ་མས་བསྟན་ལ། དེའི་དོན་ནི་རབ་ཏུ་བྱེད་པ་འདིས་མདོར་བསྡུས་ཏེ་གཏན་ལ་ཕབ་ནས་དེ་ཉིད་ལ་འདྲིས་པར་བྱས་པས་ཉེས་སྐྱོན་ཐམས་ཅད་ལྡོག་པར་གསུངས་པས། ཟབ་མོའི་དོན་ཇི་སྙེད་ཅིག་བཀའ་སྩལ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་པ་ནི་འདིར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ཤེས་ནས་ཀྱང་བཤེས་གཉེན་དང་དལ་འབྱོར་ལ་སོགས་པའི་ཕྱི་ནང་གི་རྐྱེན་ཚོགས་པ་ཤིན་ཏུ་རྙེད་དཀའ་བར་བལྟས་ལ། ཚུལ་ཁྲིམས་ཡོངས་སུ་དག་པས་གཞི་བཟུང་ནས་མང་དུ་ཐོས་པའི་དོན་བྱང་སེམས་ཀྱི་སྤྱོད་པ་སྤྱི་དང་ཁྱད་པར་དུ་ཟབ་མོའི་དོན་ལ་དབེན་པའི་གནས་སུ་འདྲིས་པར་བྱའི་ཚིག་ཏུ་སྨྲ་བ་ཙམ་ལ་ཆེད་ཆེར་མི་བྱེད་པ་ནི་གསུང་རབ་ཀྱི་གདམས་པ་རྣམས་ཀྱི་དོན་པོ་ཡིན་ནོ། །ཇི་སྐད་དུ་ཡབ་སྲས་མཇལ་


JLD015_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། སངས་རྒྱས་འབྱུང་དང་ཡུན་དུ་གནས་པ་དང༌། །དེ་བཞིན་བསྟན་ལ་དང་པ་ཐོབ་པར་དཀའ། །མི་ཡི་སྲིད་པའང་རྙེད་པར་དཀའ་བས་ན། །རྒྱལ་བ་རྣམས་ཀྱི་བསྟན་ལ་ལེགས་བརྩོན་གྱིས། །མི་ཁོམ་བརྒྱད་པོ་ཐམས་ཅད་ཡོངས་སྤངས་ཤིང༌། །ཁོམ་པ་ཕུན་ཚོགས་རྙེད་དཀའ་ཐོབ་གྱུར་ལ། །བདེར་གཤེགས་བསྟན་ལ་དད་པ་རྙེད་གྱུར་པའི། །མཁས་པ་རྣམས་ཀྱིས་རིགས་པའི་རྣལ་འབྱོར་སྤྱོད། །སྒྲ་ལ་འཆེལ་ཅིང་འདུག་པར་མ་བྱེད་པར། །ཆོས་ཐོས་གྱུར་ནས་རྟག་ཏུ་ནན་ཏན་གྱིས། །ཁྱེད་ཀྱི་རྟག་ཏུ་དགོན་པའི་གནས་སྟེན་ལ། །དེས་ནི་མི་མཆོག་དམ་པར་འགྱུར་བར་བྱོས། །ཆོས་སྨྲའི་དགེ་བཤེས་གང་ཡིན་སྟེན་གྱིས་ལ། །སྡིག་པའི་གྲོགས་ལ་ལན་འགའ་འང་མ་སྟེན་ཅིག །སེམས་ཅན་ཀུན་ལ་སེམས་ནི་མཉམ་གྱིས་ལ། །སེམས་ཅན་དེ་ལ་ནམ་ཡང་མ་རློམ་ཞིག །ཚུལ་ཁྲིམས་ལྡན་དང་མང་དུ་ཐོས་གྱིས་ལ། །རྟག་ཏུ་ཕྱག་དང་ཁྲོད་དང་བསོད་སྙོམས་སྤྱོད། །གཡེལ་བ་མེད་པར་ཤིང་དྲུང་སྟེན་གྱིས་ལ། །བཀུས་ཏེ་བོར་བ་མཆོག་ལ་མ་སྨོད་ཅིག །འདུས་བྱས་འདི་དག་ཐམས་ཅད་འདུས་བྱས་མིན། །མཚན་ཉིད་གཅིག་ཅིང་སྨིག་རྒྱུ་འདྲ་བ་ཡིན། །དམ་པའི་དོན་གྱི་མུ་གཅིག་ཤེས་གྱིས་ལ། །མྱུར་དུ་གཞལ་བྱས་བྱང་ཆུབ་རེག་པར་གྱིས། །ཕུང་པོ་ལྔ་རྣམས་སྒྱུ་མ་བཞིན་དུ་ལྟོས། །ནང་གི་སྐྱེ་མཆེད་དྲུག་དང་ཕྱི་ཡི་དྲུག །དེ་དག་གྲོང་སྟོང་འདྲ་བར་གསུངས་པས་ན། །


JLD015_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ནམ་ཡང་སྟེན་པར་མ་བྱེད་ཅིག །འདོད་ཆགས་ཞེ་སྡང་རང་བཞིན་སྟོང་པ་ཉིད། །གཏི་མུག་ང་རྒྱལ་ཡོངས་སུ་རྟོག་པས་བསྐྱེད། །རྟོག་པ་དེའང་མ་བྱུང་འབྱུང་མེད་པར། །དེ་ལྟར་ཤེས་ན་འདྲན་པ་རྣམས་སུ་འགྱུར། །ཞེས་གསུངས་སོ། །གསུམ་པ་ནི། རབ་བྱེད་གོང་འོག་རྣམས་སུ་ཟབ་མོའི་དོན་གཏན་ལ་ཕབ་པ་རྣམས་ཉམས་སུ་ལེན་པའི་རིམ་པར་དྲིལ་བ་ནི་རབ་ཏུ་བྱེད་པ་འདིས་བསྟན་པ་བཞིན་ཡིན་པས། ལྟ་བས་གཏན་ལ་ཕབ་པ་ཐམས་ཅད་བདག་དང་ཆོས་རང་བཞིན་མེད་པ་སྟོན་པར་འདུ་བར་ཤེས་པར་བྱས་ནས་སྔར་བཤད་པ་ལྟར་ཉམས་སུ་བླང་ངོ་། །བདག་དང་ཆོས་བརྟག་བ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་བདག་ཉིད་རབ་ཏུ་བྱེད་པ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།། །།བཞི་པ་དུས་ཀྱི་རང་བཞིན་གྱིས་སྟོང་པར་བསྟན་པ་ལ་གཉིས། དུས་ངོ་བོ་ཉིད་ཀྱིས་གྲུབ་པ་དགག །དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ། དངོས་པོ་རྣམས་ལ་ངོ་བོ་ཉིད་ཀྱིས་རང་བཞིན་ཡོད་དེ་དངོས་པོ་ནི་དུས་གསུམ་དུ་གདགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་དུས་གསུམ་ནི་མདོ་སྡེ་ལས་བསྟན་ལ་དེ་ཡང་དངོས་པོའི་རྟེན་ཅན་ཡིན་ཏེ་དངོས་པོའི་རང་བཞིན་སྐྱེས་ནས་འགགས་པ་ལ་འདས་པ་དང་སྐྱེས་ལ་མ་འགགས་པ་ནི་ད་ལྟར་བ་དང༌། བདག་གི་དངོས་པོ་མ་རྙེད་པ་ལ་ནི་མ་འོངས་པའོ་ཞེས་བསྙད་དོ། །འདི་


JLD015_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པ་ལ་གསུམ། དུས་གསུམ་རང་བཞིན་གྱིས་ཡོད་པ་སྤྱིར་དགག །རང་གཞན་གྱི་སྡེ་པའི་འདོད་པ་སོ་སོར་དགག །ཐ་སྙད་དུ་དུས་གསུམ་རྣམ་པར་འཇོག་པའི་ཚུལ་ལ། །དང་པོ་ལ་གསུམ། འདས་པ་ལ་ལྟོས་མ་ལྟོས་ཀྱི་དུས་གཉིས་རང་བཞིན་གྱིས་གྲུབ་པ་དགག །རིགས་པ་དེ་དུས་གཞན་གཉིས་ལ་སྦྱར་བ། ཆོས་གསུམ་ཚན་གཞན་ལ་སྦྱར་བའོ། །དང་པོ་ལ་གཉིས། འདས་པ་ལ་ལྟོས་པའི་དུས་རང་བཞིན་གྱིས་གྲུབ་པ་དགག །མ་ལྟོས་པའི་དུས་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ནི། གལ་ཏེ་ད་ལྟར་བ་དང་མ་འོངས་པ་གཉིས་རང་གི་ངོ་བོ་ཉིད་ཀྱིས་ཡོད་ན་གཉིས་ལས་མི་འདའ་བས་ད་ལྟར་བྱུང་བ་དང་མ་འོངས་པ་གཉིས་འདས་པའི་དུས་ལ་ལྟོས་ན་ད་ལྟར་བྱུང་བ་དང་མ་འོངས་པ་གཉིས་འདས་པའི་དུས་ན་ཡོད་པར་འགྱུར་ཏེ། དུས་དེ་གཉིས་རང་གི་ངོ་བོས་ཡོད་ན་དེ་གཉིས་འདས་པ་ལ་ལྟོས་པ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་དུ་འགྱུར་ལ། དེ་འདྲ་བའི་རང་བཞིན་ནི་ཡུལ་དུས་གང་དུ་ཡང་མི་འཁྲུལ་དགོས་པའི་ཕྱིར་ཏེ་རང་བཞིན་གཞན་དུ་འགྱུར་བ་ནམ་ཡང་མི་འཐད་བའི་ཕྱིར་རོ། །གལ་ཏེ་སྒྲོན་མེའི་ངོ་བོ་ལ་མུན་པ་མེད་ཀྱང་ཕན་ཚུན་འགལ་ཟླར་ལྟོས་པས་ཁྱབ་པ་མེད་དོ་སྙམ་ན། སྣང་མུན་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་དུ་འདོད་ན་དེ་གཉིས་ཕན་ཚུན་དུ་མེད་ཀྱང་ལྟོས་པ་བསྒྲུབ་བྱ་དང་འདྲ་བར་བསྒྲུབ་དགོས་པའི་ཕྱིར་


JLD015_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མི་གནོད་དོ། །དུས་དེ་གཉིས་འདས་པའི་དུས་ན་ཡོད་ན་ནི་དེ་གཉིས་ཀྱང་འདས་པར་འགྱུར་ལ་དེ་ལྟ་ན་འདས་པ་ཡང་གཞག་པར་མི་ནུས་ཏེ། ད་ལྟར་བ་ལས་འདས་པས་འདས་པ་དང་དེར་མ་འོངས་པས་མ་འོངས་པར་འཇོག་དགོས་ན་ད་ལྟར་བ་མེད་ན་དེ་མི་རུང་བའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཇི་སྐད་བཤད་པའི་སྐྱོན་སྤང་བར་འདོད་ནས་ད་ལྟར་བྱུང་བ་དང་མ་འོངས་པ་གཉིས་འདས་པའི་དུས་དེ་ན་མེད་པར་གྱུར་པར་རྟོག་ན་ཇི་ལྟར་ན་འདས་པའི་དུས་ལ་ལྟོས་པར་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ནི། གལ་ཏེ་གཞན་སྔ་དུས་རྟག་པར་སྨྲ་བ་རྣམས་ཀྱི་ལྟར་ན་དུས་གཉིས་པོ་འདས་པ་ལ་ལྟས་མི་དགོས་སོ་སྙམ་ན། འདས་པ་ལ་ནི་མ་ལྟོས་པར་དུས་དེ་གཉིས་གྲུབ་པ་ཡོད་པ་མ་ཡིན་ཏེ། མྱུ་གུ་ལ་སོགས་པའི་རང་གི་ངོ་བོ་ཐོབ་ནས་དེ་ལས་མ་རྒལ་བའམ་མ་འདས་པ་ལ་ད་ལྟར་བར་གཞག་དགོས་པས་ད་ལྟར་བ་འདས་པ་ལ་མི་ལྟོས་པ་འགལ་ལ། དེའི་ཕྱིར་མ་འོངས་པ་ཡང་བརྒྱུད་ནས་འདས་པ་ལ་ལྟོས་དགོས་ཏེ་ད་ལྟར་དུ་མ་འོངས་པས་མ་འོངས་པར་བཞག་པའི་ཕྱིར་རོ། །དུས་དེ་གཉིས་འདས་པ་ལ་མི་ལྟོས་ན་གཞན་ལ་ཡང་མི་ལྟོས་པར་འགྱུར་བས། །གང་ལ་ཡང་མི་ལྟོས་པའི་ཕྱིར་བོང་བུའི་རྭ་བཞིན་མེད་པར་འགྱུར་རོ། །དེ་ལྟར་འདས་པ་ལ་ལྟོས་མི་ལྟོས་གང་དུ་ཡང་ངོ་བོས་མ་གྲུབ་པ་དེའི་ཕྱིར། ད་ལྟར་ཁྱུང་པ་དང་མ་འོངས་པའི་དུས་གཉིས་ཀྱང་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། དེ་བཞིན་དུ་ད་ལྟར་བ་


JLD015_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟོས་མ་ལྟོས་ཀྱི་འདས་མ་འོངས་གཉིས་དང་མ་འོངས་པ་ལ་ལྟོས་མ་ལྟོས་ཀྱི་འདས་ད་ལྟར་གཉིས་ངོ་བོ་ཉིད་ཀྱིས་མ་གྲུབ་པར་ཤེས་པ་ན། སྔར་འདས་པ་ལ་ལྟོས་མ་ལྟོས་གཉིས་ངོ་བོ་ཉིད་ཀྱིས་ཡོད་པ་བཀག་པའི་རིགས་པའི་རིམ་པའི་ཚུལ་ནི་འདི་ཉིད་ཀྱིས། འདས་པའི་ལྷག་མའི་དུས་ད་ལྟར་བ་དང་མ་འོངས་པ་གཉིས་པོ་ལ་ལྟོས་མ་ལྟོས་ངོ་བོ་ཉིད་ཀྱིས་ཡོད་པ་སུན་འབྱིན་པ་བསྣོར་བའང་ཤེས་པར་བྱ་སྟེ། འདས་པ་དང་ནི་མ་འོངས་པ། །གལ་ཏེ་ད་ལྟར་བྱུང་ལྟོས་ན། ཞེས་པ་ནས། དེ་ཡི་ཕྱིར་ན་འདས་པ་དང༌། །མ་འོངས་དུས་ཀྱང་ཡོད་མ་ཡིན། ཞེས་པའི་བར་དང༌། འདས་དང་ད་ལྟར་བྱུང་བ་ནི། །གལ་ཏེ་མ་འོངས་ལྟོས་གྱུར་ན། ཞེས་པ་ནས། དེ་ཡི་ཕྱིར་ན་འདས་པ་དང༌། །ད་ལྟར་དུས་ཀྱང་ཡོད་མ་ཡིན། ཞེས་པའི་བར་དུ་འདོན་པ་བསྒྱུར་རོ། །གསུམ་པ་ནི། དུས་གསུམ་ལ་ཇི་ལྟར་དཔྱད་པའི་རིམ་པའི་ཚུལ་ནི་འདི་ཉིད་ཀྱིས་མཆོག་དང་ཐ་མ་འབྲིང་གསུམ་དང་ལ་སོགས་ཀྱིས་བསྡུས་པ་དགེ་མི་དགེ་ལུང་མ་བསྟན་གསུམ་དང༌། སྐྱེ་གནས་འཇིག་པ་གསུམ་དང་སྔ་ཕྱི་དབུས་གསུམ་དང་ཁམས་གསུམ་དང་སློབ་མི་སློབ་དེ་གཉིས་གང་ཡང་མིན་པ་གསུམ་དང༌། གཅིག་དང་ལ་སོགས་ཀྱིས་བསྡུས་པ་གཉིས་དང་མང་པོ་སྟེ་གསུམ་ཆན་དང་འབྲེལ་བ་ཐམས་ཅད་ལའང་རྣམ་པར་བཤད་པར་ཤེས་པར་བྱའོ། །དེའི་ཕྱོགས་ཙམ་སྨས་ན་རབ་དང་ཐ་མ་གཉིས་འབྲིང་དང་རབ་འབྲིང་གཉིས་ཐ་མ་དང་ཐ་འབྲིང་གཉིས་རབ་དང་གཅིག་དང་གཉིས་ནི་མང་པོ་དང་གཅིག་དང་མང་པོ་དག་གཉིས་དང་གཉིས་དང་མང་


JLD015_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དག །གཅིག་ལ་ལྟོས་ནས་རང་གི་མཚན་ཉིད་ཀྱིས་ཡོད་ན་ལྟོས་པ་དེ་ཡོད་པའི་གནས་དང་དུས་དེར་ཡོད་པར་འགྱུར་ཞིང་མེད་ན་དེ་དག་ལ་མི་ལྟོས་པར་འགྱུར་རོ། །ཕན་ཚུན་མ་ལྟོས་པར་ཡོད་པའང་མི་འཐད་པས་རང་གི་ངོ་བོས་མེད་ཀྱི་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་མེད་པ་མིན་ཏེ་དེས་གཞན་ཡང་ཤེས་པར་བྱའོ། །གཉིས་པ་ལ་གཉིས། གཞན་སྡེས་འདོད་པའི་དུས་དགག །རང་སྡེ་དངོས་པོར་སྨྲ་བས་འདོད་པའི་དུས་དགག་པའོ། །དང་པོ་ནི། དུས་ནི་རང་བཞིན་གྱིས་ཡོད་དེ་སྐད་ཅིག་དང་ཐང་གཅིག་དང་ཡུད་ཙམ་དང་ཉིན་མཚན་ལ་སོགས་པའི་ཆད་དོན་གཞན་དང་ལྡན་པའི་ཕྱིར་རོ་ཞེ་ན། གལ་ཏེ་དུས་ཞེས་པ་སྐད་ཅིག་ལ་སོགས་པ་ལས་ངོ་བོ་ཐ་དད་པར་གནས་པ་ཞིག་ཡོད་ན། སྐད་ཅིག་ལ་སོགས་པའི་སྒོ་ནས་ཚད་དང་ལྡན་པར་འཛིན་པ་ཞིག་ནའང༌། དུས་ཞེས་པ་སྐད་ཅིག་ལ་སོགས་པའི་སྒོ་ནས་གཟུང་བར་བྱ་བ་ཐེར་ཟུག་ཏུ་གནས་པ་ནི་མེད་པས། དེ་ལྟར་མི་གནས་པའི་ཕྱིར་དུས་ནི་རང་ལས་ངོ་བོ་ཐ་དད་པའི་སྐད་ཅིག་ལ་སོགས་པའི་སྒོ་ནས་འཛིན་པར་མི་བྱེད་དོ། །ཅི་སྟེ་དུས་རྟག་པ་ནི་ཡོད་ལ་དེ་སྐད་ཅིག་ལ་སོགས་པ་དག་གིས་གསལ་བར་བྱེད་དེ། དུས་ཀྱིས་འབྱུང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ལས་འདའ་བར་ཤིན་ཏུ་དཀའ། ཞེས་འབྱུང་བ་དེ་ལྟ་བུའི་མཚན་ཉིད་ཅན་ནི་ཡོད་དོ་སྙམ་ན། གང་ཞིག་སྐད་ཅིག་ལ་སོགས་པས་གསལ་ཞིང་གཟུང་བར་བྱ་བའི་དུས་ཐེར་ཟུར་ཏུ་གནས་པ་ཡོད་པ་མ་ཡིན་ཏེ། སྐད་ཅིག་ལ་སོགས་པ་ལས་ངོ་བོ་ཐ་དད་པར་ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར་རོ། །གཞན་ཡང་དུས་འདི་འདུས་བྱས་སམ་འདུས་མ་བྱས་ཤིག་རང་


JLD015_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་ཡོད་པར་རྟོག་གྲང་ན་དེ་གཉིས་ཀ་ཡང༌། སྐྱེ་དང་གནས་དང་འཇིག་པ་རྣམས། །མ་གྲུབ་ཕྱིར་ན་འདུས་བྱས་མེད། ཅེས་སོགས་ཀྱིས་སྔར་བཀག་ཟིན་པའི་ཕྱིར་རོ། །དེ་འདྲ་བའི་དུས་ཚད་མ་གང་གིས་ཀྱང་མ་དམིགས་པ་ཡིན་པས་མ་བཟུང་བའི་དུས་དེ་ནི་སྐད་ཅིག་ལ་སོགས་པའི་ཚད་ཀྱིས་ཇི་ལྟར་གདགས་པར་ནུས་ཏེ་མི་ནུས་སོ། །གཉིས་པ་ནི། གལ་ཏེ་དུས་རྟག་པ་མེད་པ་ནི་བདེན་མོད་ཀྱང་འདུ་བྱེད་གཟུགས་ལ་སོགས་པ་ལ་བརྟེན་ནས་བཏགས་པའི་དུས་ནི་སྐད་ཅིག་ལ་སོགས་པའི་སྒྲའི་བརྗོད་བྱར་འགྱུར་རོ་ཞེ་ན། གལ་ཏེ་གཟུགས་ལ་སོགས་པའི་དངོས་པོ་མེད་པ་སྟེ་དེ་དག་ལས་ངོ་བོ་ཐ་དད་པའི་དུས་ནི་ག་ལ་ཡོད་དེ་མེད་པས་དུས་ནི་གཟུགས་ལ་སོགས་པའི་དངོས་པོ་ལ་བརྟེན་ནས་རྣམ་པར་འཇོག་ན། སྔར་བཤད་ཟིན་པ་དང་འཆད་པར་འགྱུར་བའི་རིགས་པས་དངོས་པོ་འགའ་ཡང་རང་བཞིན་གྱིས་ཡོད་པ་མིན་ན་དེ་ལ་བཏགས་པའི་དུས་ལྟ་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །གསུམ་པ་ནི། འདིར་དུས་གསུམ་ནི། བརྒྱ་པའི་འགྲེལ་པ་ལས། དེ་ལ་མ་འོངས་པ་ནི་ད་ལྟར་བྱུང་བའི་དུས་སུ་མ་ཕྱིན་པའོ། །འདས་པ་ནི་དེ་ཉིད་ལས་འདས་པའོ། །ད་ལྟར་བྱུང་བ་ནི་སྐྱེས་ལ་མ་འགགས་པའོ། །ད་ལྟར་བྱུང་བ་ནི་ད་ལྟར་དམིགས་པའི་ཕྱིར་གཙོ་བོ་ཡིན་གྱི་དེར་མ་འོངས་པ་དང་རྒལ་བ་དག་གིས་མ་འོངས་པ་དང་འདས་པའི་དུས་གཉིས་རྣམ་པར་འཇོག་པ་ནི་གཙོ་བོ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་གཞག་གོ །དེ་ལ་གང་དུ་མ་འོངས་ཤིང་


JLD015_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་འདས་པས་མ་འོངས་པ་དང་འདས་པར་འཇོག་པའི་དུས་ནི་ད་ལྟར་བ་སྟེ་དེས་ན་ད་ལྟར་བ་ནི་དུས་ཀྱི་གཙོ་བོ་ཡིན་ལ་གཞན་གཉིས་གཙོ་བོ་མ་ཡིན་ནོ། །ད་ལྟར་བར་མ་ཕྱིན་པ་ནི་ནམ་མཁའ་དང་རི་བོང་གི་རྭ་ལ་སོགས་པའང་ཡིན་པས་དེ་བཅད་པའི་ཕྱིར་མངོན་པ་ལས་རྒྱུ་ཡོད་ཀྱང་མ་བྱུང་བ་དང༌། ཞེས་གསུངས་ཏེ། དཔེར་ན་མྱུ་གུའི་རྒྱུ་ཡོད་ཀྱང་ད་དུང་མྱུ་གུར་མ་སྐྱེས་པའམ་མ་ཕྱིན་པ་ནི་མ་འོངས་པ་ཡིན་གྱི་གང་ཞིག་ད་ལྟར་བར་མ་འོངས་པའི་གཞི་དེ་ནམ་ཡང་འབྱུང་བའི་རྒྱུ་མེད་པས་མ་ཕྱིན་པ་ནི་མ་འོངས་པ་མིན་ནོ། །དེ་ལྟར་ན་གང་དུ་མ་འོངས་པ་ནི་ད་ལྟར་བ་དང་གང་ཞིག་མ་འདས་པ་ནི་མྱུ་གུ་ལ་སོགས་པའི་འབྲས་བུ་རྣམས་ཡིན་ཀྱང་འབྲས་བུ་རྣམས་མ་འོངས་པའི་དུས་སུ་འཇོག་པ་མིན་ནོ། །འདི་ལ་གང་མ་འོངས་པའི་འབྲས་བུ་དང་དེའི་རྒྱུ་གཉིས་ཀ་རང་གི་བྱ་བ་བྱས་ནས་ཞིག་བ་མིན་པས་རྒྱུ་འབྲས་གཉིས་སྤྱད་མ་ཟིན་པ་ཞེས་དབུས་མཐའ་སོགས་ལས་གསུངས་སོ། །ད་ལྟར་བ་ལས་ལོག་པ་ཙམ་ལ་འདས་པར་འཇོག་ན་ནམ་མཁའ་ལ་སོགས་པ་དང་མ་འོངས་པ་ཡང་འདས་པར་འགྱུར་བས་ད་ལྟར་བ་ལས་འདས་པ་ནི་ད་ལྟར་བ་ཞིག་པའོ། །བྱུང་ལ་འགགས་པ་ཞེས་ཀྱང་གསུངས་ཏེ་དཔེར་ན་མྱུ་གུ་ཞིག་པ་འདས་པར་འཇོག་པ་ན་བྱུང་བ་ཞེས་པ་ནི་འདས་པ་ལ་མི་བྱེད་ཀྱི་གང་འདས་པའི་འདས་རྒྱུ་མྱུ་གུ་ལ་བྱའོ། །མྱུ་གུ་དེ་འདས་པར་སོང་བ་ན་འབྲས་བུ་མྱུ་གུ་དང་དེའི་རྒྱུ་གཉིས་ཀས་རང་གི་བྱ་བ་བྱས་ནས་ཞིག་པས་རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པ་ཞེས་


JLD015_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ད་ལྟར་བ་ནི་མྱུ་གུ་ལ་སོགས་པ་རྣམས་སྐྱེས་ལ་མ་འགགས་པའི་དུས་ཏེ་དེའི་དུས་ན་རང་གི་རྒྱུ་ནི་འགགས་ལ་འབྲས་བུ་རང་ཉིད་མ་འགགས་པས་རྒྱུ་ནི་སྤྱད་ཟིན་ལ་འབྲས་བུ་ནི་སྤྱད་མ་ཟིན་པར་གསུངས་སོ། །དེ་ལྟར་ན་མྱུ་གུ་ཞིག་པ་ནི་མྱུ་གུ་འདས་པའི་དུས་དང་མྱུ་གུ་མ་སྐྱེས་པ་ནི་མྱུ་གུ་མ་འོངས་པའི་དུས་དང་མྱུ་གུ་གྲུབ་ནས་མ་ཞིག་པ་ནི་མྱུ་གུ་ད་ལྟར་བའི་དུས་ཡིན་པས། དུས་གསུམ་ཆར་ཡང་མྱུ་གུ་ལ་སོགས་པའི་དངོས་པོ་དེའི་ཞིག་པ་དང་མ་སྐྱེས་པ་དང་སྐྱེས་ནས་མ་ཞིག་པའི་དུས་གང་ཡིན་དེ་ལ་རྩི་བ་ཡིན་གྱི། དུས་ཀྱི་ཐ་སྙད་བྱེད་པ་པོས་བརྗོད་བཞིན་པའི་ད་ལྟར་བའི་དུས་སུ་མེད་པ་ལ་ད་ལྟར་བ་མ་ཡིན་པར་སྨྲ་བ་མ་ཡིན་ཏེ་དེ་ནི་བརྗོད་པ་པོ་དེ་ལ་ལྟོས་པའི་ད་ལྟར་བ་ཡིན་པའི་ཕྱིར་རོ། །དེས་ན་རྒྱུ་སྔ་མ་དང་འབྲས་བུ་ཕྱི་མ་དང་འདས་པ་ཞིག་པ་དང་མ་འོངས་པ་མ་སྐྱེས་པར་འདོད་བཞིན་དུ་སྐད་ཅིག་མ་སྔ་མ་རྣམས་འདས་པ་དང་སྐད་ཅིག་མ་ཕྱི་མ་རྣམས་མ་འོངས་པར་འདོད་པ་ནི་མུན་སྤྲུལ་ལོ། །བྱེ་བྲག་ཏུ་སྨྲ་བ་རྣམས་མྱུ་གུ་ལ་སོགས་པ་རེ་རེ་ལ་དུས་གསུམ་གསུམ་དུ་འཇོག་པས་མྱུ་གུ་མ་འོངས་པ་དང་འདས་པའི་དུས་སུ་ཡང་མྱུ་གུར་ཡོད་པར་འདོད་དེ་དངོས་པོ་གཞན་ལ་ཡང་དེ་ལྟར་འདོད་དོ། །དེ་ཡང་ཆོས་སྐྱོང་ནི་མྱུ་གུ་ལ་སོགས་པ་མ་འོངས་པ་ནས་ད་ལྟར་བ་དང་ད་ལྟ་བ་ནས་འདས་པར་འཇུག་པ་ན་མ་འོངས་པ་དང་ད་ལྟར་བའི་དངོས་པོ་འདོར་གྱི་དེའི་དུས་ཀྱི་རྗེས་མི་འདོར་ཏེ། དཔེར་ན་གསེར་གྱི་སྣོད་བཅོམ་ནས་སྣོད་


JLD015_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བྱེད་པ་དང་འོ་མ་ཞོར་འགྱུར་བ་ན་དབྱིབས་དང་རོ་གཞན་དུ་འགྱུར་གྱི་ཁ་དོག་གཞན་དུ་མི་འགྱུར་བ་བཞིན་ནོ་ཞེས་སྨྲའོ། །དབྱངས་སྒྲོག་ནི་དུས་རེ་རེ་ཡང་དུས་གསུམ་གའི་མཚན་ཉིད་དང་ལྡན་མོད་ཀྱང་གང་ཤས་ཆེ་བས་འདས་པ་ལ་སོགས་པར་འཇོག་སྟེ། སྐྱེས་པ་གཅིག་པུད་མེད་གཅིག་ལ་ཆགས་པ་ཤས་ཆེ་ཡང་བུད་མེད་གཞན་ལ་ཆགས་བྲལ་མིན་པ་བཞིན་ནོ་ཞེས་ཟེར་རོ། །དབྱིག་ཤེས་ནི་མྱུ་གུ་ལ་སོགས་པའི་དངོས་པོ་གཅིག་ཀྱང་མ་འོངས་པ་ལ་སོགས་པའི་གནས་སྐབས་སོ་སོ་བར་ཕྱིན་པ་ན་མ་འོངས་པ་ལ་སོགས་པར་འཇོག་སྟེ། རྩིས་ཀྱི་རིལ་བུ་གཅིག་གཅིག་དང་བརྒྱ་དང་སྟོང་གི་ཤོད་མིག་ཏུ་བཞག་ན་གཅིག་ལ་སོགས་པར་འཇོག་པ་བཞིན་ནོ་ཞེས་འདོད་དོ། །སངས་རྒྱས་ལྷ་ནི་དཔེར་ན་བུད་མེད་གཅིག་ལྟོས་ས་ལ་ལྟོས་ནས་མ་དང་བུ་མོར་བརྗོད་པ་བཞིན་དུ་དངོས་པོ་གཅིག་ཀྱང་སྔ་མ་དང་ཕྱི་མ་ལ་ལྟོས་ནས་དུས་གཞན་དང་གཞན་དུ་འཇོག་གོ །དེའི་དང་པོ་ནི་འགྱུར་བ་སྨྲ་བས་གྲངས་ཅན་གྱི་ལུགས་དང་གཉིས་པ་ལ་དུས་ཀྱི་མཚན་ཉིད་འཆོལ་པ་དང༌། གསུམ་པ་ལ་མྱུ་གུ་ལ་སོགས་པའི་ཆོས་ལས་ངོ་བོ་ཐ་དད་པའི་བྱ་བ་འདོད་ན་འདུས་མ་བྱས་སུ་འགྱུར་ལ་ངོ་བོ་གཅིག་ན་བྱ་བ་བྱེད་མི་བྱེད་ཀྱི་གནས་སྐབས་སོ་སོར་མེད་པ་དང༌། བཞི་པ་ལ་འདས་པ་ལ་སོགས་པ་རེ་རེ་ལའང་སྔ་ཕྱི་དབུས་གསུམ་དུས་གསུམ་དུ་སྨྲ་དགོས་པས་དུས་རེ་རེ་ལ་དུས་གསུམ་གསུམ་ཡོད་པར་འགྱུར་རོ། །གཞན་ཡང་འདས་མ་འོངས་ཀྱི་དུས་སུ་ཡང་མྱུ་གུ་ལ་སོགས་པ་རང་གི་ངོ་བོར་ཡོད་ན། མྱུ་གུ་ལ་སོགས་པ་


JLD015_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་པ་དང་མ་སྐྱེས་པ་ཞེས་ཅིའི་ཕྱིར་བྱ་ཞེས་མཛོད་རྩ་འགྲེལ་ལས་བཀག་ནས་དུས་གསུམ་གྱི་མཚན་ཉིད་སྔར་བཤད་པ་བཞིན་དུ་སྨྲ་ཞིང༌། ཞིག་པ་དང་མ་སྐྱེས་པའི་འདས་པ་དང་མ་འོངས་པ་གཉིས་དངོས་མེད་དུ་འདོད་དེ་འདི་ནི་དབུ་མ་ཐལ་འགྱུར་བ་མ་གཏོགས་པ་མདོ་སྡེ་པ་ཡན་ཆད་ཀྱི་རང་སྡེ་རྣམས་ཀྱིས་འདོད་པའོ། །དབུ་མ་ཐལ་འགྱུར་བས་ནི་དུས་གསུམ་ག་དངོས་པོར་བཞེད་དེ་རབ་བྱེད་བདུན་པའི་སྐབས་སུ་ཞིག་པ་དང་མ་སྐྱེས་པའི་དུས་གཉིས་དངོས་པོར་བསྒྲུབས་པ་བཞིན་ནོ། །འོན་ཀྱང་མྱུ་གུ་ལ་སོགས་པ་རེ་རེ་ལ་དུས་གསུམ་གསུམ་དུ་བྱེད་པ་ནི་མི་བཞེད་པས་བྱེ་བྲག་ཏུ་སྨྲ་བ་དང་མི་འདྲའོ། །འདིའི་ལུགས་ཀྱི་དུས་གསུམ་མྱུ་གུ་ལ་མཚོན་ན་མྱུ་གུ་ནི་ད་ལྟར་བ་དང་དེ་ཞིག་པ་ནི་འདས་པ་དང་སྤྱིར་རྒྱུ་ཡོད་ཀྱང་སྐབས་འགར་རྒྱུ་རྐྱེན་མ་ཚང་བས་མྱུ་གུ་མ་སྐྱེས་པ་ནི་མ་འོངས་པའོ། །འོ་ན་མྱུ་གུ་ཞིག་པའི་ཞིག་པ་རིགས་འདྲ་བ་རྒྱུད་མར་འབྱུང་བ་ནི་འདོད་པས་དེའི་སྐད་ཅིག་མ་སྐྱེས་ལ་མ་འགགས་པ་རྣམས་ད་ལྟར་བར་འགྱུར་ལ་དེ་ལྟར་ན་ད་ལྟར་བ་དང་ཞིག་པ་གཉིས་མི་འགལ་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ་མྱུ་གུ་ཞིག་པའི་སྐད་ཅིག་མ་དང་པོ་ནི་མྱུ་གུ་ཞིག་པ་ཡིན་ལ་དེའི་རིགས་འདྲའི་ཞིག་པ་རྣམས་ནི་སྔ་མ་སྔ་མ་ཞིག་པ་ཡིན་ཞིང་ཞིག་པ་ཐམས་ཅད་འདས་པ་ཡིན་པའི་ཕྱིར་རོ། །མྱུ་གུ་ཞིག་པ་དེ་རང་དུས་ན་ཁོ་རང་ཞིག་པ་མིན་ཀྱང་སྤྱིར་ཞིག་པ་ཡིན་པས་འདས་པ་ཁོ་ནའོ། །དེ་ལྟར་འདས་པའི་རིགས་འདྲ་ཇི་སྙེད་ཅིག་བྱུང་ཡང་དངོས་པོ་གཞན་ཞིག་


JLD015_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་པའི་སྒོ་ནས་རང་གི་ངོ་བོ་གཞག་དགོས་པས་དུས་གཞན་གཉིས་དང་ཁྱད་པར་ཆེའོ། །དེ་བཞིན་དུ་མ་འོངས་པའི་རིགས་འདྲ་ཇི་སྙེད་ཅིག་བྱུང་ཡང་དངོས་པོ་གཞན་ཞིག་མ་སྐྱེས་པ་ཁོ་ནའི་སྒོ་ནས་རང་གི་ངོ་བོ་གཞག་དགོས་པས་འདས་ད་ལྟར་གཉིས་དང་ཁྱད་པར་ཤིན་ཏུ་ཆེའོ། །དེ་ལྟར་ན་ད་ལྟར་བ་ནི་དངོས་པོ་གཞན་ཞིག་ཞིག་པ་དང་མ་སྐྱེས་པའི་སྒོ་ནས་གཞག་མི་དགོས་པའི་སྐྱེས་ལ་མ་འགགས་པ་མྱུ་གུ་ལྟ་བུ་ཡིན་པས་མ་འོངས་པའི་སྐད་ཅིག་མ་སྐྱེས་ལ་མ་འགགས་པ་རྣམས་དང་ཁྱད་པར་ཆེའོ། །གཉིས་པ་ནི། དེ་ལྟར་དུས་གསུམ་མཚན་ཉིད་ཀྱིས་ཡོད་པས་སྟོང་པར་བསྟན་པ་དེ་ཉིད་ཟབ་མོའི་ལུང་གིས་ཀྱང་གྲུབ་པ་དང༌། དུས་གསུམ་རང་བཞིན་མེད་པར་བཤད་པའི་གསུང་རབ་ཐམས་ཅད་རབ་བྱེད་འདས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་མཚོན་པ་ནི། གླང་པོའི་རྩལ་གྱི་མདོ་ལས། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་རྣམས་མྱ་ངན་འདའ་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་པ་མེད་མི་འགྱུར། ཞེས་དང༌། ཏིང་འཛིན་རྒྱལ་པོ་ལས་ཀྱང༌། ཆོས་ནི་སྟོང་ཕྲག་བརྒྱ་དག་བསྟན་གྱུར་ནས། །སངས་རྒྱས་འབུམ་ཕྲག་གང་དག་འདས་གྱུར་ཀྱང༌། །ཆོས་དང་ཡི་གེ་དག་ལ་ཟད་མེད་དེ། །སྐྱེ་བ་ཡོད་མིན་དེས་ན་ཟད་པ་མེད། ཅེས་པ་དང༌། དེ་བཞིན་གཤེགས་པ་འབྱུང་བའི་དུས་ཀྱི་ཚེ། །བྱམས་པ་ཞེས་བྱའི་རྒྱལ་བ་འབྱུང་འགྱུར་ཞིང༌། །ས་འདི་གསེར་གྱིས་བདལ་པ་འབྱུང་འགྱུར་བ། །དེ་ཚེ་དེ་ཡི་འབྱུང་དེ་ག་ལ་


JLD015_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། ཅེས་སྔར་སངས་རྒྱས་བྱོན་ནས་འདས་པའི་དུས་ལ་ཟད་པ་དང་ཕྱིས་འབྱུང་བའི་དུས་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་བཀག་པས་དུས་རང་བཞིན་མེད་བར་བསྟན་ནོ། །གསུམ་པ་ནི། སྔར་བྱུང་ནས་འགགས་པ་དང་ད་དུང་མ་བྱུང་བ་སླར་འབྱུང་བ་དང་བྱུང་ནས་མ་འགགས་པའི་དུས་གསུམ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་གཏན་མི་རུང་གི །དེས་སྟོང་པའི་རང་བཞིན་མེད་པ་ལ་ཆེས་འཐད་དོ་སྙམ་དུ་བདེན་པ་གཉིས་ཀྱི་ངེས་པ་བརྟན་པར་བྱའོ། །དུས་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་དྲུག་གི་བདག་ཉིད་རབ་ཏུ་བྱེད་པ་བཅུ་དགུ་པའི་རྣམ་པར་བཤད་པའོ།། །།གཉིས་པ་དུས་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གཉིས། དུས་འབྲས་བུ་འབྱུང་བའི་ལྷན་ཅིག་བྱེད་རྐྱེན་ཡིན་པ་དགག །དུས་འབྲས་བུ་འབྱུང་འཇིག་གི་རྒྱུ་ཡིན་པ་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ། དུས་ནི་རང་བཞིན་གྱིས་ཡོད་དེ་འབྲས་བུ་འབྱུང་བ་ལ་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པའི་ཕྱིར་རོ། །འདི་ན་ས་བོན་དང་ས་དང་ཆུ་ལ་སོགས་པའི་རྐྱེན་གཞན་ཚོགས་ཀྱང་དུས་ཀྱི་ཁྱད་པར་མི་ཉེ་ན་མི་སྐྱེ་ལ་ཉེ་ན་སྐྱེ་བ་དང༌། ཕྱི་རོལ་བཞིན་དུ་ནང་ལའང༌། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་འབྲས་བུ་སྐྱེ་བ་དུས་ལ་ལྟོས་བར་གསུངས་སོ། །འདི་


JLD015_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པ་ལ་གསུམ། རྒྱུ་རྐྱེན་གྱི་ཚོགས་པ་ལས་སྐྱེ་བ་དགག །རྒྱུ་ཉིད་ལས་སྐྱེ་བ་དགག །རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བ་འགོག་པའི་རིགས་པ་གཞན་བསྟན་པའོ། །དང་པོ་ལ་གསུམ། ཚོགས་པ་སྔ་མ་ལས་སྐྱེ་བ་དགག །དུས་མཉམ་པའི་ཚོགས་པ་ལས་སྐྱེ་བ་དགག །ཚོགས་པ་ཕྱི་མ་ལས་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས། ཚོགས་པ་ལས་དངོས་སུ་སྐྱེ་བ་དགག །ཚོགས་པ་ལས་བརྒྱུད་ནས་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས། ཚོགས་པ་ལ་ཡོད་མེད་སྐྱེ་བ་དགག །ཚོགས་པ་ལ་ཡོད་མེད་ཉིད་དགག་པའོ། །དང་པོ་ནི། མྱུ་གུ་ས་བོན་ལ་སོགས་པའི་རྒྱུ་དང་རྐྱེན་ཚོགས་པ་ལས་སྐྱེ་ན་འབྲས་བུ་ཚོགས་པ་ལ་གནས་པ་ཞིག་རང་བཞིན་གྱིས་སྐྱེའམ། མི་གནས་པ་ཞིག་རང་བཞིན་གྱིས་སྐྱ་གྲང༌། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་རང་བཞིན་གྱིས་སྐྱེ་བར་འགྱུར་ཞིང༌། རྒྱུ་རྐྱེན་གྱི་ཚོགས་པ་ལ་འབྲས་བུ་ཡོད་ན་ནི་ཇི་ལྟར་ན་རྒྱུ་རྐྱེན་གྱི་ཚོགས་པ་ཉིད་ལས་འབྲས་བུ་རང་བཞིན་གྱིས་སྐྱེ་ཞེས་པ་མི་སྐྱེ་སྟེ། འབྲས་བུ་དང་རྟེན་བརྟེན་པ་ཡིན་པའི་ཕྱིར་དཔེར་ན་འཁར་གཞོང་ན་ཡོད་པའི་ཞོའི་རིགས་འཁར་གཞོང་གིས་མི་སྐྱེད་པ་བཞིན་ནོ། །གཞན་ཡང་ཡོད་པ་ནི་གྲུབ་ཟིན་པས་མདུན་གྱི་བུམ་པ་བཞིན་དུ་སླར་ཡང་སྐྱེ་བ་ལ་ལྟོས་པ་མེད་དོ། །གལ་ཏེ་རྒྱུ་རྐྱེན་ལ་འབྲས་བུའི་རང་བཞིན་གནས་པ་རྐྱེན་གྱིས་གསལ་བར་བྱེད་པས་ཡོད་ཀྱང་སྐྱེ་བ་དོན་ཡོད་དོ་ཞེ་ན། གསལ་བ་སྔར་ཡོད་ན་སླར་ཡང་སྐྱེ་མི་དགོས་ལ་མེད་ན་སྔར་མེད་སྐྱེ་


JLD015_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་སུ་འགྱུར་རོ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ཞིང་ཚོགས་པ་ལ་འབྲས་བུ་གནས་པ་མེད་ན་ནི། ཇི་ལྟར་ན་ཚོགས་པ་ཉིད་ལས་འབྲས་བུ་རང་བཞིན་གྱིས་སྐྱེ་ཞེས་པ་མི་སྐྱེ་སྟེ། དེ་ན་མེད་པའི་ཕྱིར་བྱེ་མ་ལས་ཏིལ་མར་བཞིན་ནོ། །མདོར་ན་འབྲས་བུ་རང་བཞིན་གྱིས་ཡོད་ན་སྐྱེ་མི་དགོས་ཤིང་ཚོགས་པ་ལ་མེད་ན་རང་བཞིན་གྱིས་སྐྱེད་མི་ནུས་པའོ། །གཉིས་པ་ནི། གཞན་ཡང་གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་རྟེན་པའི་སྒོ་ནས་ཡོད་ན་ནི། ཚོགས་པ་ལ་ཚད་མ་བཞི་གང་རུང་གིས་གཟུང་དུ་ཡོད་དགོས་ན་ཚོགས་པ་ཉིད་ལ་ཚད་མས་གཟུང་དུ་མེད་པས་དེ་ལ་འཁར་གཞོང་ན་ཞོ་ལྟར་མེད་དོ། །ཅི་སྟེ་ཡང་གང་ཞིག་གང་ན་མེད་པ་དེ་ནི་དེ་ལས་མི་སྐྱེ་སྟེ་བྱེ་མ་ལས་འབྲུ་མར་བཞིན་ནོ། །འབྲས་བུ་ནི་ཚོགས་པ་ལས་སྐྱེ་བ་ཡིན་ཏེ་དེའི་ཕྱིར་ཚོགས་པ་ལས་འབྲས་བུ་ཡོད་པར་ནི་རྗེས་དཔག་ལས་གྲུབ་བོ་སྙམ་ན། འོ་ན་གང་ན་གང་ཡོད་པ་དེ་ནི་དེ་ལས་རང་བཞིན་གྱིས་མི་སྐྱེ་སྟེ་འཁར་གཞོང་ལས་ཞོའི་རིགས་ཀྱི་ངོ་བོ་བཞིན་ནོ་ཞེས་པའི་རྗེས་དཔག་གིས་ཚོགས་པ་ལ་འབྲས་བུ་མེད་པར་འགྲུབ་བོ་ཞེས་ཅི་སྟེ་མི་གཟུང༌། ཅི་སྟེ་ཕྱོགས་གཉིས་ཀའང་རྗེས་དཔག་དང་འགལ་བས་ཇི་ལྟར་ཚོགས་པ་ལ་འབྲས་བུ་ཡོད་པ་མི་རིགས་པ་བཞིན་དུ་ཚོགས་པ་ལ་མེད་པ་ཡང་མི་རིགས་སོ་སྙམ་ན། ཁོ་བོ་ཅག་འབྲས་བུ་རྒྱུ་རྐྱེན་གྱི་


JLD015_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ལ་མེད་པ་རང་བཞིན་གྱིས་གྲུབ་པར་སྒྲུབ་པ་མིན་གྱི་ཚོགས་པ་ལ་འབྲས་བུ་རང་བཞིན་གྱིས་ཡོད་པར་གཞན་གྱིས་བརྟགས་པ་འགོག་གོ །དེ་བཞིན་དུ་ཁོ་བོ་ཅག་ཚོགས་པ་ལ་འབྲས་བུ་རང་བཞིན་གྱིས་ཡོད་པར་མི་སྒྲུབ་ཀྱི་གཞན་གྱིས་དེ་ལ་འབྲས་བུ་མེད་པ་རང་བཞིན་གྱིས་གྲུབ་པར་བརྟགས་པ་སེལ་ཏེ། ཡོད་མེད་ཀྱི་མཐའ་གཉིས་བསལ་ནས་དབུ་མའི་ལམ་སྒྲུབ་པར་འདོད་པའི་ཕྱིར་རོ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་མེད་ན་ནི་མྱུ་གུའི་རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་རྒྱུ་རྐྱེན་མ་ཡིན་པ་མེ་དང་སོལ་བ་སོགས་དང་མཚུངས་པར་འགྱུར་ཏེ། འབྲས་བུ་མེད་པར་མཚུངས་ན་མྱུ་གུའི་རྒྱུ་རྐྱན་ཡིན་མིན་དུ་ངོ་བོ་ཉིད་ཀྱིས་ཡོད་མེད་ཀྱང་མཚུངས་པའི་ཕྱིར་རོ། །གཉིས་པ་ནི་རྒྱུ་མཚན་གང་ལས་ཚོགས་པ་ལ་འབྲས་བུ་ཡོད་མེད་དཔྱོད་པར་འགྱུར་བ་རྒྱུ་དང་རྐྱེན་གཉིས་ཚོགས་པ་ལ་ནི་འབྲས་བུ་དངོས་སུ་སྐྱེད་པའི་ནུས་པ་མེད་དོ། །འོན་ཀྱང་རྐྱེན་གྱི་ཚོགས་པས་ནི་དངོས་ཀྱི་རྒྱུ་ལ་ཕན་འདོགས་པ་ཙམ་ཞིག་བྱེད་ལ་རྒྱུ་དེས་ནི་འབྲས་བུ་བསྐྱེད་པའི་ཕྱིར་དུ། རྒྱུའི་ནུས་པ་འགའ་ཞིག་འབྲས་བུ་ལ་བྱིན་ནས་འགག་ཅིང་བྱིན་པའི་རྒྱུ་དེས་ཕན་བཏགས་པའི་འབྲས་བུ་ཡང་སྐྱེད་དོ་ཞེ་ན། གལ་ཏེ་རྒྱུས་ནི་འབྲས་བུ་ལ་བྱེད་རྒྱུ་བྱིན་ནས་འགག་པར་འགྱུར་ན་འབྲས་བུ་ལ་གང་བྱིན་པའི་བྱེད་རྒྱུ་དང་གང་ཞིག་འགགས་པའི་རྒྱུ་ཡི་བདག་ཉིད་རྫས་སོ་སོ་བ་གཉིས་སུ་འགྱུར་རོ། །དེ་ནི་རིགས་པ་མ་ཡིན་ཏེ་བྱིན་པའི་རྒྱུ་ནི་རང་སྐྱེས་པའི་འོག་ཏུ་


JLD015_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གནས་བས་རྟག་པ་དང་འགགས་པའི་རྒྱུ་ནི་མི་རྟག་པར་འགྱུར་བའི་ཕྱིར་དང་རྒྱུ་གཅིག་ལ་རྟག་མི་རྟག་གཉིས་འགལ་བའི་ཕྱིར་རོ། །གལ་ཏེ་རྒྱུ་གཅིག་ཉིད་རྫས་སོ་སོ་བ་གཉིས་སུ་འགྱུར་བ་སྤང་བའི་ཕྱིར་དུ་རྒྱུས་ནི་འབྲས་བུ་ལ་བྱེད་རྒྱུ་མ་བྱིན་པར་བདག་ཉིད་ཐམས་ཅད་ཀྱིས་སྔ་ལོགས་ན་འགག་པར་འགྱུར་ན་ནི། རྒྱུ་ས་བོན་ལྟ་བུ་འགགས་པའི་རྗེས་ནས་ནི་སྐྱེས་པའི་འབྲས་བུ་མྱུ་གུ་ལྟ་བུ་དེ་ནི་རྒྱུ་ས་བོན་ལས་དངོས་སུ་སྐྱེ་བ་མེད་པ་ཁོ་ནར་འགྱུར་བས་རྒྱུ་མེད་དུ་འབྱུང་བར་འགྱུར་རོ། །གལ་ཏེ་མྱུ་གུའི་སྔ་རོལ་དུ་ས་བོན་གྱི་རྒྱུ་རིལ་གྱིས་འགགས་པ་དང་འགགས་མ་འགགས་ཆ་གཉིས་གང་རུང་དུ་འགྱུར་བའི་བརྟག་པ་འདི་ཇི་ལྟར་ཡིན་སྙམ་ན། འགག་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལྟར་ན་མྱུ་གུའི་སྔ་རོལ་དུ་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པའི་ཚེ་འགག་པའི་བྱ་བ་རྫོགས་དགོས་ཏེ་འགགས་པ་ནི་འགག་རྒྱུའི་དངོས་པོ་དེའི་ཆོས་ཡིན་ལ་རང་བཞིན་གྱིས་གྲུབ་པའི་ཆོས་ཆོས་ཅན་ནི་དུས་ནམ་ཡང་མི་འབྲལ་བའི་ཕྱིར་ཏེ་སྐྱེ་བ་བདེན་པར་འདོད་ན་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཚེ་སྐྱེ་རྒྱུའི་དངོས་པོ་གྲུབ་དགོས་པ་བཞིན་ནོ། །གཉིས་པ་ནི། གལ་ཏེ་འབྲས་བུ་རང་གི་སྔ་རོལ་གྱི་རྒྱུ་ལས་སྐྱེ་བ་ལ་ཉེས་པ་འདིར་འགྱུར་ན་ནི་རྒྱུ་རྐྱེན་གྱི་ཚོགས་པ་འབྲས་བུ་དང་ལྷན་ཅིག་སྐྱེས་པ་ཁོ་ན་འབྲས་བུའི་སྐྱེད་བྱེད་དུ་འགྱུར་ཏེ། དཔེར་ན་དུས་མཉམ་པའི་སྒྲོན་མས་འོད་སྐྱེད་པ་བཞིན་ནོ་ཞེ་ན། གལ་ཏེ་རྒྱུ་རྐྱེན་གྱི་ཚོགས་པ་དང་ལྷན་ཅིག་ཏུ་འབྲས་བུ་ཡང་


JLD015_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐྱེ་བར་འགྱུར་ན་ནི། སྐྱེད་པར་བྱེད་པ་རྒྱུ་དང་བསྐྱེད་བྱ་འབྲས་བུ་གང་ཡིན་པ་དེ་གཉིས་ནི་དུས་གཅིག་ཏུ་ཐལ་བར་འགྱུར་ན། བ་ལང་གི་རྭ་གཡས་གཡོན་གཉིས་བསྐྱེད་བྱ་དང་སྐྱེད་བྱེད་དུ་མ་མཐོང་བས་དེ་ནི་མི་རིགས་སོ། །གསུམ་པ་ནི། བྱེ་བྲག་ཏུ་སྨྲ་བ་དག་ན་རེ་དངོས་པོ་རྣམས་སྔར་མ་བྱུང་བ་ལས་སྐྱེ་བ་ནི་མེད་དེ་གློ་བུར་བ་རྒྱུ་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་ནི་རྒྱུ་རྐྱེན་ཚོགས་བའི་སྔ་རོལ་གྱི་མ་འོངས་པའི་སྐབས་སུ་ཡང་གནས་པ་ཡིན་ལ། རྒྱུ་རྐྱེན་གྱི་ཚོགས་པས་ནི་དེ་ད་ལྟ་བའི་གནས་སྐབས་སུ་སྐྱེད་པ་ཡིན་གྱི་རྫས་ནི་སྔ་ཕྱིར་གནས་པ་ཉིད་དེ་ཞེས་ཟེར་རོ། །གལ་ཏེ་རྒྱུ་རྐྱེན་གྱི་ཚོགས་པའི་སྔ་རོལ་དུ་འབྲས་བུ་སྐྱེས་པར་ཏེ་གྲུབ་ཟིན་པར་གྱུར་ན་ནི། འབྲས་བུ་དེ་རྒྱུ་དང་རྐྱེན་རྣམས་ལ་ལྟོས་པ་མེད་པར་འགྱུར་ལ་དེ་ལྟ་ན་རང་གི་རྒྱུ་མེད་པར་འབྱུང་བར་འགྱུར་རོ། །གཉིས་པ་ལ་གཉིས། རྒྱུ་འབྲས་ངོ་བོ་གཅིག་པའི་ཕྱོགས་དགག་པ་དང༌། རྒྱུ་འབྲས་ངོ་བོ་ཐ་དད་པའི་ཕྱོགས་དགག་པའོ། །དང་པོ་ནི། ཁ་ཅིག་ན་རེ་འབྲས་བུ་ནི་རྒྱུ་ཁོ་ནས་སྐྱེད་པར་བྱེད་ཀྱི་རྒྱུ་རྐྱེན་ཚོགས་པས་ནི་མ་ཡིན་ལ་འབྲས་བུ་ལ་བྱེད་རྒྱུ་བྱིན་མ་བྱིན་གྱི་ཉེས་པར་ཡང་མི་འགྱུར་ཏེ། རྒྱུ་ཉིད་འགགས་ནས་འབྲས་བུའི་བདག་ཉིད་དུ་རྣམ་པར་གནས་པའི་ཕྱིར་རོ་ཞེས་འཛེར་ཏོ། །གལ་ཏེ་རྒྱུ་འགགས་པ་ན་འབྲས་བུ་སྐྱེ་ལ་དེ་ཡང་རྒྱུའི་བདག་ཉིད་ཁོ་ནར་རྟོག་ན་ནི་ཟློས་གར་མཁན་ཆ་ལུགས་གཞན་བཏང་ནས་གཞན་ལན་པ་ལྟར་རྒྱུ་ནི་དུས་ཀུན་ཏུ་འཕོ་བ་ཙམ་དུ་འགྱུར་གྱི་འབྲས་བུ་སྔར་མེད་པ་སྐྱེ་བ་མིན་


JLD015_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །དེའི་ཕྱིར་རྒྱུ་རྟག་པར་འགྱུར་ན་དེ་ནི་མི་རིགས་ཏེ་རྟག་པའི་དངོས་པོ་ཡོད་པ་མིན་པའི་ཕྱིར་རོ། །གཞན་ཡང་སྔོན་སྐྱེས་པའི་རྒྱུ་ཡང་ནི་སླར་ཡང་སྐྱེ་བར་ཐལ་བར་འགྱུར་ཏེ་དང་པོ་རྒྱུའི་དུས་དང་ཕྱིས་འབྲས་བུའི་དུས་གཉིས་ཀར་སྐྱེ་བའི་ཕྱིར་རོ། །དེ་ཡང་མི་རིགས་ཏེ་སྐྱེ་མི་དགོས་པའི་ཕྱིར་དང་སྐྱེ་བ་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས། “རྒྱུས་འབྲས་བུ་སྐྱེ་བའི་བྱ་བ་སྦྱོར་བར་བྱེད་པ་དགག་པ་དང༌། རྒྱུ་ཉིད་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ལ་བདུན། རྒྱུ་འགགས་པ་དང་གནས་པས་འབྲས་བུ་སྐྱེད་པ་དགག །རྒྱུས་མཐོང་བ་དང་མ་མཐོང་བར་འབྲས་བུ་སྐྱེད་པ་དགག །རྒྱུས་ཕྲེད་བ་དང་མ་ཕྲད་བར་འབྲས་བུ་སྐྱེད་པ་དགག །འབྲས་བུས་སྟོང་མི་སྟོང་གི་རྒྱུས་འབྲས་བུ་སྐྱེད་པ་དགག །འབྲས་བུ་སྟོང་མི་སྟོང་རྒྱུས་སྐྱེད་བ་དགག །རང་བཞིན་གཅིག་དང་ཐ་དད་ཀྱི་རྒྱུས་འབྲས་བུ་སྐྱེད་པ་དགག །འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་མེད་རྒྱུས་སྐྱེད་པ་དགག་པའོ། །དང་པོ་ནི། གཞན་ཡང་རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་ན་རྒྱུ་དེ་འབྲས་བུའི་སྔ་རོལ་དུ་འགགས་པའམ་མ་འགགས་པས་སྐྱེད། འབྲས་བུ་ཡང་སྐྱེས་ཟིན་ནམ་མ་སྐྱེས་པ་སྐྱེད་བརྟག་གྲང༌། དེ་ལ་དང་པོ་ལྟར་ན་རྒྱུ་འགགས་པ་ནུབ་པ་སྟེ་ཞིག་པར་གྱུར་པ་ཡིས་འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད་ཅེས་པ་མི་སྐྱེད་དེ། རྒྱུ་འགགས་པའི་ཚེ་ན་ནི་རྒྱུ་དེ་མེད་ལ་མེད་པ་ཡང་རྒྱུར་མི་འཐད་པའི་ཕྱིར་དང༌། འབྲས་བུ་སྐྱེས་ཟིན་པ་སླར་སྐྱེ་མི་


JLD015_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར་རོ། །ཅི་སྟེ་གཉིས་པ་ལྟར་ན་འབྲས་བུ་དང་ནི་འབྲེལ་པའི་རྒྱུ་གནས་པ་སྟེ་མ་ཞིག་པས་ཀྱང་ནི་འབྲས་བུ་ཇི་ལྟར་ན་རང་བཞིན་གྱིས་སྐྱེད་བར་བྱེད་ཅེས་པ་མི་སྐྱེད་དེ། མ་འགགས་པར་རང་བཞིན་གྱིས་གྲུབ་པས་སྐྱེད་ན་རྒྱུ་རྣམ་པར་མ་འགྱུར་བར་འབྲས་བུ་མཐོང་དགོས་ལ་དེ་ནི་མི་རིགས་ཏེ། བརྒྱ་བ་ལས། རྒྱུ་ནི་རྣམ་པར་འགྱུར་བ་ན། །གཞན་གྱི་རྒྱུ་རུ་འགྱུར་བ་སྟེ། ཞེས་གསུངས་པ་ལྟར་འབྲས་བུ་སྐྱེས་པ་ན་རྒྱུ་རྣམ་པར་གྱུར་པ་དགོས་པའི་ཕྱིར་རོ། །ཅི་སྟེ་འབྲས་བུ་གྲུབ་ཟིན་སྐྱེད་མི་དགོས་པས་རྒྱུའི་དུས་ན་འབྲས་བུ་དང་མ་འབྲེལ་བ་སྐྱེད་དོ་སྙམ་ན། རྒྱུས་འབྲས་བུ་གང་ཞིག་རང་བཞིན་གྱིས་སྐྱེད་པར་བྱེད་ཅེས་པ་མི་བྱེད་དེ་འབྲས་བུ་རང་བཞིན་གྱིས་སྐྱེད་ན་རྒྱུ་དུས་སུའང་འབྲེལ་དགོས་ལ་དེར་མ་འབྲེལ་ན་རང་མཚན་གྱིས་གྲུབ་པ་ལ་འབྲེལ་བ་ཙམ་ཡང་མེད་པར་འགྱུར་རོ། །དེ་ལྟར་འབྲེལ་མེད་ཀྱི་རྒྱུས་འབྲས་བུ་སྐྱེད་ན་རྒྱུ་གཅིག་གིས་ཀྱང་འབྲས་བུ་ཡིན་ནོ་ཅོག་ཐམས་ཅད་སྐྱེད་པའམ་ཡང་ན་འབྲས་བུ་གང་ཡང་མི་སྐྱེད་བར་འགྱུར་རོ། །གཉིས་པ་ནི། གཞན་ཡང་རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་ན་རྒྱུས་འབྲས་བུ་མཐོང་ནས་སམ་འོན་ཏེ་མ་མཐོང་བར་སྐྱེད་དང་པོ་ལྟར་ན། རྒྱུས་ནི་རང་གི་འབྲས་བུ་མཐོང་ནས་སྐྱེད་པར་མི་བྱེད་དེ། མཐོང་ན་ནི་གྲུབ་ཟིན་པས་དེ་སླར་ཡང་བསྐྱེད་མི་དགོས་པའི་ཕྱིར་རོ། །རྒྱུས་རང་གི་འབྲས་བུ་མ་མཐོང་བར་རང་བཞིན་གྱིས་སྐྱེད་པར་ཡང་མི་བྱེད་དེ་དེ་ལྟར་སྐྱེད་ན་རྒྱུ་གཅིག་གིས་ཀྱང་འབྲས་བུ་ཡིན་ནོ་ཅོག་སྐྱེད་པར་འགྱུར་བའི་ཕྱིར་རོ། །མཐོང་


JLD015_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ཅི་ཞིག་ཅེ་ན། འདི་ནི་འཇིག་རྟེན་ན་དམིགས་པར་གྲགས་པའོ། །གལ་ཏེ་ས་བོན་ལ་སོགས་པ་དབང་བོ་མེད་པ་རྣམས་ལ་འདི་མི་སྲིད་པ་མ་ཡིན་ནམ་ཞེ་ན། སྲིད་དམ་མི་སྲིད་ཀྱང་རུང་སྟེ་ཁོ་བོ་ཅག་ལ་བརྒལ་བར་བྱ་བ་མིན་གྱི་འབྲས་བུ་རང་བཞིན་གྱིས་སྐྱེ་བར་སྨྲ་བ་ལ་བརྒལ་བར་བྱའོ། །དེས་ནི་ས་བོན་ལ་སོགས་པས་མཐོང་ནས་སྐྱེད་པར་སྨྲ་ན་དེ་དག་གིས་འབྲས་བུ་མཐོང་བ་འདི་འཇིག་རྟེན་ན་མ་མཐོང་ངོ་ཞེས་སྨྲ་བར་བྱའོ། །ཅི་སྟེ་མ་མཐོང་བར་རང་བཞིན་གྱིས་སྐྱེད་པར་སྨྲ་ན་ནི་སྔར་བཞིན་བརྗོད་པར་བྱའོ། །སྐྱེས་བུ་ལ་སོགས་པ་རྒྱུར་སྨྲ་བ་འགྲོ་བ་རྣམས་ལ་བློ་སྔོན་དུ་བཏང་བའི་བྱེད་པ་པོ་ཡོད་པར་སྨྲ་བ་དང༌། གཅེར་བུ་པ་ས་བོན་ལ་སོགས་པ་དབང་པོ་གཅིག་པ་ཅན་སེམས་པ་དང་ལྡན་པར་སྨྲ་བ་རྣམས་ལ་ནི་ཐལ་བ་འདི་མི་ལྡོག་པས་ཉེས་པ་མེད་དོ། །ཤེས་རབ་སྒྲོན་མར་མིག་ལ་སོགས་བས་རང་གི་རྣམ་ཤེས་སྐྱེད་ན་དེའི་ཡུལ་གཟུགས་ལ་སོགས་པ་རྣམས་དམིགས་ནས་སྐྱེད་དམ་མ་དམིགས་པར་སྐྱེད་ཅེས་རྒྱུ་འབྲས་བྱེ་བྲག་པ་དགག་པའི་ཕྱོགས་དང་སྦྱར་རོ། །གསུམ་པ་ནི། གཞན་ཡང་རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་ན་དེ་གཉིས་ཕྲད་པ་སྟེ་ལྷན་ཅིག་ཚོགས་པ་དགོས་ཏེ་དེ་ལྟར་མིན་པའི་སྣང་མུན་དང་འཁོར་འདས་ལ་བསྐྱེད་བྱ་དང་སྐྱེད་བྱེད་མ་མཐོང་བའི་ཕྱིར་རོ། །ཕྲད་པ་ཡང་རིགས་ཤེས་ཀྱིས་དཔྱད་པ་ན་དུས་གསུམ་ཆར་ལ་ཡང་རྙེད་པ་མ་ཡིན་ཏེ། དེ་ལ་རེ་ཞིག་མྱུ་གུ་ལ་སོགས་པའི་འབྲས་བུ་འདས་


JLD015_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ས་བོན་ལ་སོགས་པའི་རྒྱུ་འདས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ཏེ། དེ་གཉིས་ཞིག་པའི་དུས་ན་དེ་གཉིས་མེད་པའི་ཕྱིར་དང༌། ས་མྱུག་གཉིས་ཞིག་པ་ཕྲད་དུ་ཆུག་ཀྱང་ས་མྱུག་གི་རྒྱུ་འབྲས་ཕྲད་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་འདས་པ་ནི་རྒྱུ་མ་སྐྱེས་པ་མ་འོངས་པ་དང་ཕྲད་པ་ནམ་ཡང་ཡོད་པ་མ་ཡིན་ཏེ་འབྲས་བུ་ཞིག་ནས་དང༌། རྒྱུ་མ་སྐྱེས་པ་ཉིད་ཀྱིས་དེ་གཉིས་མེད་པའི་ཕྱིར་དང་དུས་གཉིས་ཐ་དད་པའི་ཕྱིར་རོ། །འབྲས་བུ་འདས་པ་ནི་རྒྱུ་སྐྱེས་པ་ད་ལྟར་བ་དང་ལྷན་ཅིག་ཕྲད་པ་ནམ་ཡང་ཡོད་པ་མ་ཡིན་ཏེ་དུས་གཉིས་སོ་སོ་བ་ཡིན་པའི་ཕྱིར་དང༌། འབྲས་བུ་ཞིག་པ་ནི་འབྲས་བུ་ཡོད་པ་མིན་པའི་ཕྱིར་ཏེ་མོ་གཤམ་གྱི་བུ་དང་ལྷས་བྱིན་བཞིན་ནོ། །འབྲས་བུ་སྐྱེས་པ་སྟེ་ད་ལྟར་བ་དང་དེའི་རྒྱུ་མ་སྐྱེས་པ་སྟེ་མ་འོངས་པ་དང་རྒྱུ་འདས་པ་དང་སྐྱེས་པ་སྟེ་ད་ལྟར་བ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཏེ། རྒྱུ་འདས་པ་དང་མ་འོངས་པ་གཉིས་ནི་དུས་ཐ་དད་པའི་ཕྱིར་དང༌། རྒྱུ་འབྲས་ད་ལྟར་བ་གཉིས་ལ་ཕྲད་པ་རང་བཞིན་གྱིས་ཡོད་ན་དུས་སྔ་ཕྱི་བ་མི་རུང་བས་ཅིག་ཅར་ཡོད་དགོས་ན་དེ་མེད་པའི་ཕྱིར་དང༌། གྲུབ་ཟིན་པའི་འབྲས་བུ་རྒྱུས་བསྐྱེད་པའི་དོན་དུ་ཕྲད་པ་རྟོག་པ་ཡིན་ན་དེ་ལ་དེ་མི་དགོས་པའི་ཕྱིར་རོ། །འབྲས་བུ་མ་སྐྱེས་པ་སྟེ་མ་འོངས་པ་ནི་རྒྱུ་སྐྱེས་པ་ད་ལྟར་བ་དང་མ་སྐྱེས་པ་མ་འོངས་པ་དང་འདས་པ་གཉིས་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། རྒྱུ་འདས་ད་ལྟར་དང་ནི་དུས་ཐ་


JLD015_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་ཕྱིར་དང་རྒྱུ་འབྲས་མ་འོངས་པའི་དུས་སུ་དེ་གཉིས་གང་ཡང་མེད་པའི་ཕྱིར་རོ། །དེ་ལྟར་རྒྱུ་འབྲས་གཉིས་ལ་དཔྱད་པ་ན་ཕྲད་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ན་རྒྱུས་ནི་འབྲས་བུ་ཇི་ལྟར་ན་སྐྱེད་པར་བྱེད་དེ་མི་བྱེད་དོ། །ཅི་སྟེ་ཡང་རྒྱུ་འབྲས་གཉིས་རང་བཞིན་གྱིས་ཕྲད་པ་ཡོད་པ་ཡིན་ན་ཡང་རྒྱུས་ནི་འབྲས་བུ་ཇི་ལྟར་ན་རང་བཞིན་གྱིས་སྐྱེད་དེ་མི་སྐྱེད་དེ། འབྲས་བུ་དང་ལྷན་ཅིག་ཏུ་མ་ཚོགས་ན་ཕྲད་པ་མི་འཐད་ཅིང་ལྷན་ཅིག་ཏུ་ཚོགས་ན་སླར་ཡང་སྐྱེ་བ་དོན་མེད་པའི་ཕྱིར་རོ། །བཞི་པ་ནི། གཞན་ཡང་གལ་ཏེ་འབྲས་བུས་སྟོང་པའི་རྒྱུས་ཇི་ལྟར་ན་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་དེ་མི་བྱེད་དེ། གཞན་དུ་ན་ཆུ་དང་ཞོ་ལ་མར་མེད་པར་མཚུངས་བཞིན་དུ་ཞོ་ལས་མར་འབྱུང་ལ་ཆུ་ལས་མི་འབྱུང་བའི་ཁྱད་པར་མི་རྙེད་པའི་ཕྱིར་རོ། །གལ་ཏེ་རང་གི་འབྲས་བུས་མི་སྟོང་པའི་རྒྱུས་ཀྱང་ཇི་ལྟར་ན་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་དེ་མི་བྱེད་དེ། འབྲས་བུ་ཡོད་པ་སླར་ཡང་མི་སྐྱེ་བའི་ཕྱིར་ཏེ་བུ་ཡོད་པའི་ལྷས་བྱིན་བཞིན་ནོ། །ལྔ་པ་ནི། འབྲས་བུ་སྐྱེ་བ་དེ་ཡང་རང་བཞིན་གྱིས་ཡོད་པས་མི་སྟོང་པའམ་སྟོང་པ་ཞིག་སྐྱེ་གྲང༌། དེ་ལ་འབྲས་བུ་རང་བཞིན་གྱིས་ཡོད་པས་མི་སྟོང་པ་ནི་སྐྱེ་བར་མི་འགྱུར་བ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ཞིང་རང་བཞིན་གྱིས་གནས་པ་ཡིན་ལ། དེ་འདྲ་བའི་མི་སྟོང་པ་དེ་ནི་རང་བཞིན་ལ་ལྡོག་པ་མེད་པས་འགག་པར་མི་འགྱུར་རོ། །དེའི་ཕྱིར་འབྲས་བུ་དེ་མི་སྟོང་པར་འདོད་ན་མ་འགགས་པ་དང་མ་སྐྱེས་པར་ཡང་འགྱུར་བ་ཡིན་ན་དེ་ལྟར་འདོད་པ་ཡང་མིན་ནོ། །འབྲས་བུ་རང་བཞིན་གྱིས་ཡོད་པས་


JLD015_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ནི་ཇི་ལྟར་ན་རང་གི་ངོ་བོ་ཉིད་ཀྱིས་སྐྱེ་བར་འགྱུར་ཞིང་ཇི་ལྟར་ན་ངོ་བོས་འགག་པར་འགྱུར་ཞེས་པ་མི་འགྱུར་ཏེ་ནམ་མཁའ་བཞིན་ནོ། །དེའི་ཕྱིར་འབྲས་བུ་རང་བཞིན་གྱིས་ཡོད་པས་སྟོང་པར་འདོད་ན་ཡང་ངོ་བོ་ཉིད་ཀྱིས་མ་འགགས་པ་དང་མ་སྐྱེས་པར་ཡང་ཐལ་བར་ཡང་འགྱུར་ན་ཁྱེད་དེ་ལྟར་ཡང་མི་འདོད་དོ། །དྲུག་པ་ནི། གཞན་ཡང་རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་ན་གཉིས་ལས་མི་འདའ་ལ་དེ་ཡང་རྒྱུ་དང་འབྲས་བུ་གཉིས་རང་བཞིན་གྱིས་གཅིག་པ་ཉིད་དུ་ནམ་ཡང་འཐད་པར་མི་འགྱུར་ལ། རྒྱུ་དང་འབྲས་བུ་གཉིས་རང་བཞིན་གྱིས་གཞན་པ་ཉིད་དུ་ཡང་ནམ་ཡང་འཐད་པར་མི་འགྱུར་རོ་ཞེས་དམ་བཅའ་བ་ཙམ་ཞིག་གསུངས་སོ། །དེའི་སྒྲུབ་བྱེད་ནི་རྒྱུ་དང་འབྲས་བུ་གཉིས་རང་བཞིན་གྱིས་གཅིག་བ་ཉིད་ཡིན་ན་བསྐྱེད་བྱ་བུ་དང་མིག་གི་ཤེས་པ་དང་མྱུ་གུ་དང་སྐྱེད་བྱེད་ཕ་དང་མིག་དང་ས་བོན་རྣམས་གཅིག་ཏུ་འགྱུར་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་གཉིས་རང་བཞིན་གྱིས་གཞན་པ་ཉིད་ཡིན་ན་རང་མཚན་གྱིས་གཞན་དུ་གྲུབ་པ་ལ་ལྟོས་པ་མེད་པས་རྒྱུ་ཡིན་པ་དང་མིན་པ་རྣམས་རྒྱུ་ཡིན་མིན་མཚུངས་པར་འགྱུར་ཏེ་འབྲེལ་མེད་དོན་གཞན་ལ་རྒྱུ་འབྲས་ཡིན་མིན་དབྱེ་བར་མི་ནུས་པའི་ཕྱིར་རོ། །བདུན་པ་ནི། གཞན་ཡང་རྒྱུས་འབྲས་བུ་སྐྱེད་ན་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་དམ་མེད་པ་སྐྱེད་བརྟག་གྲང༌། དེ་ལ་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་ནའང་རྒྱུས་ཅི་ཞིག་སྐྱེད་པར་བྱེད་དེ་མི་བྱེད་དེ། དེ་སྐྱེད་ན་གྲུབ་ཟིན་སླར་སྐྱེད་དགོས་ལ་གྲུབ་ཟིན་ན་སླར་ཡང་སྐྱེ་མི་དགོས་པའི་ཕྱིར་རོ། །འབྲས་བུ་རང་གི་ངོ་བོ་ཉིད་ཀྱིས་མེད་ནའང་རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད་དེ་མི་བྱེད་དོ། །གལ་ཏེ་གཟུགས་བརྙན་རང་བཞིན་གྱིས་མེད་ཀྱང་


JLD015_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་སྐྱེད་པས་མ་ངེས་སོ་ཞེ་ན། དེ་ལྟ་ཡིན་མོད་དངོས་པོ་རྣམས་རང་བཞིན་གྱིས་མེད་པར་གྲུབ་བོ། །དེའི་ཕྱིར་རང་བཞིན་གྱིས་ཡོད་པར་སྨྲ་བ་བཏང་ནས་ཁོ་བོ་ཅག་རང་བཞིན་མེད་པའི་རྒྱུ་འབྲས་སྨྲ་བའི་རྗེས་སུ་འབྲང་བར་འགྱུར་རོ། །རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད་པས་འགལ་ཟླ་མེད་པའི་ཕྱིར་དངོས་པོ་རང་བཞིན་གྱིས་མེད་པ་ཡང་ངོ་བོ་ཉིད་ཀྱིས་མེད་པས་མ་ངེས་བར་ཡང་ག་ལ་འགྱུར། ཁོ་བོ་ཅག་ལྟར་ན་གཟུགས་བརྙན་ཞེས་པའི་ཆོས་ཅན་རང་བཞིན་གྱིས་གྲུབ་པ་མེད་ན་དེའི་ཆོས་ཀྱང་རང་བཞིན་གྱིས་གྲུབ་པ་མེད་པས་དེ་ནི་རང་བཞིན་ཡོད་མེད་གང་དུ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པར་མི་འདོད་དོ། །སྔར་འབྲས་བུ་སྟོང་མི་སྟོང་སྐྱེ་བ་བཀག་པ་ནི་འབྲས་ཕྱོགས་ནས་ཡིན་ལ་འདིར་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་མེད་སྐྱེ་བ་བཀག་པ་ནི་རྒྱུའི་ཕྱོགས་ནས་ཡིན་པས་མི་ཟློས་སོ། །གཉིས་པ་ནི། གལ་ཏེ་ཡང་རྒྱུས་འབྲས་བུ་སྐྱེ་བའི་བྱ་བ་སྦྱོར་བར་བྱེད་པ་བཀག་མོད་ཀྱང་རྒྱུ་ནི་རང་བཞིན་གྱིས་ཡོད་དེ་མ་བཀག་པས་སོ། །དེས་ན་འབྲས་བུ་ཡང་རང་བཞིན་གྱིས་ཡོད་དོ་ཞེ་ན། རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་པ་མ་ཡིན་ན་རྒྱུ་ཉིད་ཀྱང་རང་བཞིན་གྱིས་ཡོད་པ་འཐད་པར་མི་འགྱུར་རོ། །ཅི་སྟེ་རྒྱུ་རང་བཞིན་གྱིས་ཡོད་པ་བཀག་མོད་ཀྱང་འབྲས་བུ་ནི་རང་བཞིན་གྱིས་ཡོད་ལ་དེས་ན་རྒྱུ་ཡང་རང་བཞིན་གྱིས་གྲུབ་པར་འགྱུར་རོ་སྙམ་ན། རྒྱུ་ཉིད་རང་བཞིན་གྱིས་ཡོད་པ་འཐད་པ་མིན་ན་འབྲས་བུ་རང་བཞིན་གྱིས་ཡོད་པ་དེ་རྒྱུ་གང་གི་ཡིན་པར་འགྱུར་ཏེ་མི་འགྱུར་རོ། །གསུམ་པ་ནི། གལ་


JLD015_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རྒྱུ་འབའ་ཞིག་འབྲས་བུ་སྐྱེ་བའི་བྱ་བའི་སྦྱོར་བ་པོ་མིན་གྱི་རྒྱུ་དང་རྐྱེན་ཚོགས་པས་འབྲས་བུ་སྐྱེད་དོ་ཞེ་ན་དེ་ནི་མི་རིགས་ཏེ་སྔར་བཀག་ཟིན་པའི་ཕྱིར་རོ། །གཞན་ཡང་དེ་ལྟར་རྟོག་ན་རྒྱུ་རྣམས་དང་ནི་རྐྱེན་དག་གི་ཚོགས་པ་གང་ཡིན་པ་དེ་ཡིས་ནི་རང་གིས་རང་སྐྱེད་དམ་མི་སྐྱེད། ཚོགས་པ་བདག་གིས་བདག་ཉིད་ནི་མི་སྐྱེད་དེ་འབྲས་བུ་སྐྱེ་བ་དོན་མེད་པ་དང་རང་ལ་བྱེད་པ་འགལ་བའི་ཕྱིར་དང༌། ཚོགས་པ་རྫས་སུ་མེད་པས་འབྲས་བུའི་སྐྱེ་བ་རབ་ཏུ་སྦྱོར་བ་པོར་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར་རོ། །དེ་ལྟར་རྫས་སུ་མེད་པས་རང་གི་བདག་ཉིད་མི་སྐྱེད་ན་ཚོགས་པ་དེས་ཇི་ལྟར་ན་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་དེ་མི་བྱེད་དེ་མོ་བཤམ་གྱི་བུ་བཞིན་ནོ། །ཚོགས་པས་རང་དང་གཞན་ངོ་བོ་ཉིད་ཀྱིས་མི་སྐྱེད་པ་དེའི་ཕྱིར་རྒྱུ་རྐྱེན་གྱི་ཚོགས་པས་བྱས་པ་སྟེ་བསྐྱེད་པའི་འབྲས་བུ་ངོ་བོ་ཉིད་ཀྱིས་མེད་དོ། །བུད་དྷ་པཱ་ལི་ཏ་ལས། ཚོགས་པས་རང་གི་བདག་ཉིད་མི་སྐྱེད་པའི་དོན་ནི་ཚོགས་པ་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ལ་བཤད་དོ། །ཅི་སྟེ་ཡང་རྒྱུ་རྐྱེན་གྱི་ཚོགས་པས་བྱས་པའི་འབྲས་བུ་མེད་ན་འོ་ན་ནི་རྒྱུ་རྐྱེན་གྱི་ཚོགས་པ་མ་ཡིན་པས་བྱས་པའི་འབྲས་བུ་ཡོད་དོ་ཞེ་ན། རྒྱུ་རྐྱེན་གྱི་ཚོགས་པ་ལས་རང་བཞིན་གྱིས་བསྐྱེད་པའི་འབྲས་བུ་མེད་ན་ཤིན་ཏུ་འགལ་བ་རྒྱུ་རྐྱེན་གྱི་ཚོགས་པ་མིན་པས་བྱས་པའི་འབྲས་བུ་མེད་དོ། །ཅི་སྟེ་ཡང་འབྲས་བུ་རང་བཞིན་གྱིས་མེད་མོད་ཀྱི་རྒྱུ་དང་རྐྱེན་གྱི་ཚོགས་པ་ནི་རང་བཞིན་གྱིས་ཡོད་དོ། །དེའི་ཕྱིར་འབྲས་བུ་ཡང་རང་བཞིན་གྱིས་ཡོད་དོ་ཞེ་ན། ཇི་སྐད་བཤད་པའི་རིགས་


JLD015_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྣམ་པར་དཔྱད་པ་ན་འབྲས་བུ་རང་བཞིན་གྱིས་ཡོད་པ་མ་ཡིན་ན་རྐྱེན་གྱི་ཚོགས་པ་རང་བཞིན་གྱིས་ག་ལ་ཡོད་དེ་མེད་དོ། །གཉིས་པ་ནི། དེ་ལྟར་རྒྱུ་རྐྱེན་གཉིས་ཀ་ཚོགས་པ་དང་སོ་སོ་བ་ལས་འབྲས་བུ་འབྱུང་བ་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་དེ་ཉིད་ཟབ་མོའི་ལུང་གིས་ཀྱང་གྲུབ་བ་དང་དེ་ལྟར་བསྟན་པའི་གསུང་རབ་ཐམས་ཅད་རབ་ཏུ་བྱེད་པ་འདིས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་འགའ་ཞིག་དང་སྦྱར་ན་རྒྱ་ཆེར་རོལ་པ་ལས། མཆུ་དང་ལྐོག་མ་རྐན་ལ་བརྟེན་ནས་ནི། །ལྕེ་བསྒྱུར་བ་ལས་ཡི་གེའི་སྒྲ་འབྱུང་ཡང༌། །ལྐོག་མར་བརྟེན་ནས་མ་ཡིན་རྐན་ལས་མིན། །རེ་རེ་ལ་ནི་ཡི་གེ་དམིགས་སུ་མེད། །ཚོགས་པ་དེ་ལ་བརྟེན་ནས་ངག་དེ་ནི། །ཡིད་ཀྱི་བློ་ཡི་དབང་གིས་འབྱུང་མེད་ཀྱི། །ཡིད་དང་ངག་ནི་མི་སྣང་གཟུགས་མེད་དེ། །ནང་དང་ཕྱི་རོལ་དག་ནའང་དམིགས་སུ་མེད། །མཁས་པས་ངག་སྐད་སྒྲ་དང་དབྱངས་རྣམས་ཀྱི། །སྐྱེ་དང་འཇིག་ལ་རྣམ་པར་བརྟགས་བྱས་ན། །དེ་ཚེ་ངག་ཀུན་བྲག་ཆ་ལྟ་བུ་དང༌། །སྐད་ཅིག་བ་དང་སྙིང་པོ་མེད་པར་མཐོང༌། ཞེས་ངག་གི་སྒྲ་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་དང་དཔྱད་ན་རང་བཞིན་མེད་པ་དང་དེ་ལྟར་འབྱུང་བ་ཡང་བློའི་དབང་གིས་ཡིན་པར་གསུངས་སོ། །ཤིན་ཏུ་དགའ་བའི་བསྟན་པ་འདི་ལ་ནི། ཞེས་པ་སོགས་སྔར་དྲངས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ཀོའུ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་དེས་གཟུགས་ལ་གནས་པར་མི་བྱའོ་ཞེས་དང༌། ཕུང་པོ་ལྷག་མ་བཞི་དང་འབྲས་བུ་བཞི་དང་རང་སངས་


JLD015_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་རྫོགས་པའི་སངས་རྒྱས་ལ་གནས་བར་མི་བྱའོ་ཞེས་གསུངས་སོ། །གསུམ་པ་ནི། བུད་དྷ་པཱ་ལི་ཏ་ལས། གལ་ཏེ་དུས་ཀྱང་མེད་རྒྱུ་དང་འབྲས་བུ་དང་ཚོགས་པ་ཡང་མེད་ན་གཞན་ཅི་ཞིག་ཡོད་དེ་དེ་ལྟ་བས་ན་དེ་ནི་མེད་པ་པར་སྨྲ་བ་ཉིད་ཡིན་ནོ། །བཤད་པ་མ་ཡིན་ཏེ། ཇི་ལྟར་དུས་ལ་སོགས་པ་དག་ངོ་བོ་ཉིད་ལས་ཡོད་པར་ཡོངས་སུ་རྟོག་པར་བྱེད་པ་དེ་ལྟར་མི་འཐད་པར་ཟད་ཀྱི་དེ་དག་བརྟེན་ནས་གདགས་བར་ནི་གྲུབ་བོ་ཞེས་གསུངས་པ་ལྟར། དུས་དང་རྒྱུ་འབྲས་དང་རྐྱེན་གྱི་ཚོགས་པ་རྣམས་དངོས་པོར་སྨྲ་བ་རྣམས་ངོ་བོ་ཉིད་ཀྱིས་ཡོད་པར་འདོད་པ་བཞིན་དུ་མེད་པས་དེ་བཀག་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བའི་རྟེན་འབྱུང་ཡོད་པ་ནི་མ་བཀག་པར་ཤེས་པར་བྱའོ། །ཚོགས་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་ཉེར་བཞིའི་བདག་ཉིད་རབ་ཏུ་བྱེད་པ་ཉི་ཤུ་བའི་རྣམ་པར་བཤད་པའོ།། །།གཉིས་པ་དུས་འབྱུང་འཇིག་གི་རྒྱུ་ཡིན་པ་དགག་བ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། དེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ་དུས་ནི་རང་བཞིན་གྱིས་ཡོད་དེ་འབྲས་བུ་འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་ཏེ། མྱུ་གུ་དགུན་གྱི་དུས་ལྟ་བུ་ལ་བརྟེན་ནས་འཇིག་པ་དང་དབྱིད་ཀྱི་དུས་ལྟ་བུ་ལ་བརྟེན་ནས་སྐྱེ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་འབྱུང་འཇིག་ངོ་བོ་ཉིད་ལས་ཡོད་ན་དུས་འབྱུང་འཇིག་གི་རྒྱུར་རང་བཞིན་གྱིས་འགྱུར་ནའང་དེ་ལྟར་ཡོད་པ་ནི་མ་ཡིན་ནོ། །འདི་ལ་གཉིས། སྐྱེ་འཇིག་རང་བཞིན་གྱིས་གྲུབ་པ་དགག །སྐྱེ་འཇིག་རང་བཞིན་གྱིས་གྲུབ་པར་འདོད་ན་རྟག་ཆད་ཀྱི་སྐྱོན་བསྟན་པའོ། །


JLD015_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གཉིས། འབྱུང་འཇིག་རང་བཞིན་གྱིས་ཡོད་པའི་བསྒྲུབ་བྱ་དགག །འབྱུང་འཇིག་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། འབྱུང་འཇིག་ལྷན་ཅིག་ཡིན་མིན་བརྟགས་ནས་དགག །འབྱུང་འཇིག་རྟེན་གང་ལ་ཡོད་བརྟགས་ལ་དགག །འབྱུང་འཇིག་གཅིག་དང་ཐ་དད་བརྟགས་ལ་དགག་པའོ། །དང་པོ་ལ་གསུམ། དམ་བཅའ་བཞག་བ། སྒྲུབ་བྱེད་བསྟན་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་འབྱུང་འཇིག་རང་བཞིན་གྱིས་ཡོད་ན་འཇིག་པ་འབྱུང་བ་སྟེ་སྐྱེ་བ་མེད་པར་ཡོད་པའམ་འབྱུང་བ་དང་ལྷན་ཅིག་ཏུ་རང་བཞིན་གྱིས་ཡོད་པ་མ་ཡིན་ལ། འབྱུང་བ་འཇིག་པ་མེད་བར་ཡོད་པའམ་འཇིག་བ་དང་ལྷན་ཅིག་ཏུ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་དམ་བཅའ་བ་བཞིའོ། །གཉིས་པ་ལ་གཉིས། འཇིག་པ་འབྱུང་བ་དང་ལྷན་ཅིག་ཡིན་མིན་དགག །འབྱུང་བ་འཇིག་པ་དང་ལྷན་ཅིག་ཡིན་མིན་དགག་པའོ། །དང་པོ་ནི། འཇིག་བ་ནི་འབྱུང་བ་སྟེ་སྐྱེ་བ་མེད་པར་ནི་ཡོད་པར་འགྱུར་ཏེ་མི་འགྱུར་རོ། །ཇི་ལྟ་བུར་ན་ཞེས་པས་ནི་གཏན་མི་སྲིད་པར་སྟོན་ནོ། །དེ་ལྟར་ཡོད་ན་ནི་སྐྱེ་བ་མེད་པར་ཏེ་མ་སྐྱེས་བར་འཆི་བར་འགྱུར་ཏེ་དེ་ནི་སུས་ཀྱང་མ་མཐོང་ངོ་། །དེའི་ཕྱིར་འཇིག་པ་ནི་འབྱུང་བ་མེད་པར་གནས་པ་མེད་དོ། །དངོས་པོའི་འཇིག་པ་ནི་འབྱུང་བ་དང་ལྷན་ཅིག་པ་སྟེ་དུས་ཅིག་ཅར་དུ་ཇི་ལྟར་ན་རང་བཞིན་གྱིས་ཡོད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་ཏེ། དེ་ལྟར་འགྱུར་ན་འཆི་བ་སྐྱེ་བ་དང་དུས་ཅིག་ཅར་དུ་


JLD015_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་ཡོད་པར་འགྱུར་ན་དེ་ནི་ཡོད་པ་ཉིད་ནི་མ་ཡིན་ཏེ་ཕན་ཚུན་འགལ་བའི་ཕྱིར་སྣང་མུན་བཞིན་ནོ། །ཕན་ཚུན་འགལ་ཚུལ་ནི་སྔར་རབ་བྱེད་བཅུ་གཅིག་པར་བཤད་པ་ལྟར་རམ་ཡང་ན་མྱུ་གུ་ལྟ་བུ་དེ་སྐྱེས་པ་དང་འགགས་པའི་དུས་གཉིས་སྣང་མུན་ལྟར་ཡིན་ལ་སྐྱེ་འགག་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལྟར་ན། མྱུ་གུ་འགགས་པ་དེ་མྱུ་གུའི་ཆོས་དང་མྱུ་གུ་ཆོས་ཅན་དུ་འགྱུར་བ་དེ་རང་བཞིན་ལ་ལྡོག་པ་མེད་པས་དུས་ཐམས་ཅད་ཀྱི་ཚེ་འགྱུར་དགོས་པས་སྐྱེ་འགག་དུས་གཅིག་ན་སྐྱེ་བ་དང་འགགས་པ་གཉིས་ཀྱང་དུས་གཅིག་ཏུ་འགྱུར་བའོ། །འཇིག་པའི་དཔྱད་པ་ལྷག་མ་ནི་རབ་བྱེད་བདུན་པའི་སྐབས་སུ་བཤད་ཟིན་པས་ཡང་མི་བཤད་དོ། །འདིར་ཤེས་རབ་སྒྲོན་མར་འཇིག་པ་ནི་རྒྱུ་དང་བཅས་པ་ཡིན་ཏེ་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་སྐྱེ་བ་བཞིན་ནོ་ཞེས་ཉན་ཐོས་སྡེ་པ་འགའ་ཞིག་གིས་བཀོད་པ་ལ། སྐྱོན་གཉིས་བཀོད་པའི་རྟགས་མ་དེས་པའི་སྐྱོན་ནི། བློ་དང་སྒྲ་དང་མེ་ལྕེ་ཐ་མ་དང་དགྲ་བཅོམ་པའི་ཐ་མའི་སེམས་དང་སེམས་བྱུང་གི་འཇིག་པ་རྣམས་ནི་འདུས་བྱས་གྱི་མཚན་ཉིད་ཡིན་ཀྱང་རྒྱུ་དང་བཅས་པ་མིན་པས་མ་ངེས་སོ་ཞེས་བཤད་པ་ལ་ཚིག་གསལ་ལས། དེ་རྣམས་ཀྱི་འཇིག་པ་ཡང་སྐྱེ་བའི་རྐྱེན་ཅན་ཡིན་པས་རྒྱུ་དང་བཅས་པ་ཡིན་པའི་ཕྱིར་དང་བློ་ལ་སོགས་པའི་སྐད་ཅིག་མ་ཐ་མའི་འཇིག་པ་ཡང་འཇིག་པ་རྒྱུ་མེད་དུ་མ་གྲུབ་པ་བསྒྲུབ་དགོས་པ་དང་མཚུངས་བར་སྒྲུབ་དགོས་པའི་ཕྱིར་མ་ངེས་པ་མེད་དོ་ཞེས་གསུངས་ཏེ། འདི་ནི་སྔར་ཞིག་པ་ལ་འཇིག་པར་བྱས་པ་དེ་ཡིན་ལ་དེ་


JLD015_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟླ་བའི་ཞབས་དངོས་པོར་བཞེད་པའི་ལུགས་སོ། །ཤེས་རབ་སྒྲོན་མར་ཡང་སྔར་ལྟར་བཤད་པའི་འོག་ཉིད་དུ་ཞིག་ནས་མེད་པ་ལ་ནི་རྒྱུ་ཡོད་པ་མ་ཡིན་ཏེ་མེད་པའི་ཕྱིར། དཔེར་ན་གཏན་མེད་པ་བཞིན་ནོ་ཞེས་བཤད་དེ་ཞིག་པ་དངོས་པོར་མི་འདོད་པའི་ལུགས་སོ། །དེས་ན་ཞིག་པ་འདུས་བྱས་ཀྱི་མཚན་ཉིད་ཡིན་ཀྱང་རྒྱུ་མེད་ཅེས་པ་ནི་ཕ་རོལ་བོའི་ཁས་བླངས་ཀྱི་དབང་དུ་བྱས་ཀྱི་རང་གི་ལུགས་མིན་ནོ། །སྐྱེ་བ་བཞིན་ནོ་ཞེས་པའི་དཔེ་མ་གྲུབ་པར་བསྟན་པའི་རྒྱུ་མཚན་ནི་དངོས་པོའི་ངོ་བོ་སྔར་མ་བྱུང་བ་ལས་བྱུང་བས་དེའི་བདག་ཉིད་ཐོབ་པ་ཉིད་ལ་སྐྱེ་བ་ཞེས་བྱ་བའི་ཕྱིར་རོ་ཞེས་བཤད་དེ། འདུས་བྱས་ཀྱི་མཚན་ཉིད་དུ་གསུངས་པའི་སྐྱེ་བ་ནི་ཕ་རོལ་བོས་བུམ་པ་ལ་སོགས་པའི་མཚན་གཞི་ལས་རྫས་ཐ་དད་དུ་ཁས་བླངས་ལ། དེ་འདྲ་བ་མ་གྲུབ་པས་སྐྱེ་བ་དེ་རྒྱུ་བཅས་སུ་མ་གྲུབ་ཅེས་པའི་དོན་ནོ། །ཤེས་རབ་སྒྲོན་མར་དཔེ་མ་གྲུབ་པའི་སྒྲུབ་བྱེད་དུ་སྐྱེ་བ་རྫས་སུ་མ་གྲུབ་པ་བཀོད་ལ། ཚིག་གསལ་ལས་རྫས་སུ་ཡོད་པ་རྣམས་སྐྱེ་བར་གྲུབ་བའི་ཕྱིར་ཞེས་ཕྱོགས་སྔ་བླངས་པ་གཉིས་མི་འགལ་ཏེ། སྔ་མའི་དོན་ནི་སྔར་བཤད་པ་ལྟར་ཡིན་ལ་ཕྱི་མའི་དོན་ནི་ཕ་རོལ་པོས་སྐྱེ་བ་རྫས་སུ་འདོད་བའི་ལུགས་བཞག་པ་ཙམ་ཡིན་པའི་ཕྱིར་རོ། །ཚིག་གསལ་ལས། རྒྱུ་མཚན་དེས་དཔེ་མ་གྲུབ་པར་འཆད་བ་མི་འཐད་པའི་རྒྱུ་མཚན་དུ་གཟུགས་བརྙན་ལ་སོགས་པ་རྫས་སུ་མེད་པ་རྣམས་རྒྱུ་དང་བཅས་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་པ་ནི། སྐྱེ་བ་རྫས་


JLD015_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཁེགས་ཀྱང་སྐྱེ་བ་རྒྱུ་བཅས་སུ་མི་འགྲུབ་པ་མིན་པའི་རྒྱུ་མཚན་ནོ། །གཉིས་པ་ནི། འབྱུང་བ་ནི་འཇིག་པ་མེད་པར་ནི་ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ་མི་འགྱུར་རོ། །གལ་ཏེ་དེ་ལྟར་ཡོད་ན་དངོས་པོ་འཇིག་པ་དང་བྲལ་བ་སྲིད་དགོས་ན། དངོས་པོ་རྣམས་ལ་མི་རྟག་པ་ཉིད་ནམ་ཡང་མེད་པ་མ་ཡིན་པའི་ཕྱིར་རོ། །འབྱུང་བ་ནི་འཇིག་པ་དང་ལྷན་ཅིག་ཏུ་ཇི་ལྟར་ན་རང་བཞིན་གྱིས་ཡོད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་ཏེ། དེ་ལྟར་འགྱུར་ན་སྐྱེ་བ་འཆི་བ་དང་དུས་གཅིག་ཏུ་འགྱུར་ན་དེ་ནི་ཡོད་པ་ཉིད་ནི་མ་ཡིན་ནོ། །འདི་ནི་སྔར་བཤད་ཟིན་ཏོ། །གསུམ་པ་ནི། གང་དག་ཕན་ཚུན་དུ་ལྷན་ཅིག་པ་དུས་གཅིག་གམ་ཕན་ཚུན་ལྷན་ཅིག་མ་ཡིན་པ་དུས་མི་གཅིག་པར་གྲུབ་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་འབྱུང་འཇིག་དེ་དག་རང་བཞིན་གྱིས་གྲུབ་པ་ཇི་ལྟར་ཡོད་དེ་ཞེས་པ་མེད་དེ། རང་བཞིན་གྱིས་གྲུབ་ན་ཡོད་ཚུལ་གཉིས་པོ་དེ་ལས་མི་འདའ་བའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་ཡིན་མིན་དུ་རང་བཞིན་གྱིས་མ་གྲུབ་ཀྱང་དེ་གཉིས་སུ་བརྗོད་དུ་མེད་པའི་ཚུལ་གྱིས་གྲུབ་པོ་སྙམ་ན། བརྗོད་དུ་མེད་པར་གྲུབ་པ་གང་ཡིན་གལ་ཏེ་དེ་གཉིས་འདྲེས་པའོ་སྙམ་ན། དེ་གཉིས་སྔར་སོ་སོར་མ་གྲུབ་བས་འདྲེས་པ་མེད་དོ། །ཅི་སྟེ་བརྗོད་དུ་མེད་པའི་དོན་ནི་བློས་ངེས་པར་གཟུང་དུ་མེད་པའོ་སྙམ་ན། དེ་ལྟ་ན་མོ་གཤམ་གྱི་བུའི་སྔོ་བསངས་དང་དཀར་ཤམ་ལྟར་འབྱུང་འཇིག་རང་བཞིན་གྱིས་མེད་པས་དེ་དག་གི་རྒྱུ་དུས་ཀྱང་རང་བཞིན་གྱིས་མེད་དོ། །གཉིས་པ་ལ་གསུམ། ཟད་མ་ཟད་ཀྱི་རྟེན་ལ་འབྱུང་འཇིག་དགག །དངོས་པོའི་རྟེན་ལ་འབྱུང་འཇིག་


JLD015_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དགག །སྟོང་མི་སྟོང་གི་རྟེན་ལ་འབྱུང་འཇིག་དགག་པའོ། །དང་པོ་ནི། འབྱུང་འཇིག་འདི་རང་བཞིན་གྱིས་ཡོད་པར་འདོད་ན་དངོས་པོ་ཟད་པའི་ཆོས་ཅན་དང་མ་ཟད་པའི་ཆོས་ཅན་གཉིས་གང་ལ་ཡོད། དེ་ལ་དངོས་པོ་ཟད་པའི་ཆོས་ཅན་ལ་འབྱུང་བ་སྟེ་སྐྱེ་བ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། རང་བཞིན་གྱིས་གྲུབ་པ་ལ་སྐྱེ་བ་དང་ཟད་བ་གཉིས་གཅིག་ལ་འདུ་བ་འགལ་བའི་ཕྱིར་རོ། །དངོས་པོ་མ་ཟད་པ་ལའང་འབྱུང་བ་རང་བཞིན་གྱིས་མེད་དེ། རང་བཞིན་གྱིས་གྲུབ་པའི་དངོས་པོ་ཟད་པ་མ་ཡིན་ན་དངོས་པོའི་མཚན་ཉིད་འཇིག་པ་དང་མི་ལྡན་པར་འགྱུར་བའི་ཕྱིར་རོ། །དངོས་པོ་ཟད་པ་ལ་འཇིག་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། དེ་ནི་དགག་བྱའི་དངོས་པོ་དེ་མེད་པ་ཡིན་ལ་དེ་ལ་འཇིག་པ་རང་བཞིན་གྱིས་ཡོད་པ་རྟེན་པར་མི་རིགས་པའི་ཕྱིར་རོ། །དངོས་པོ་མ་ཟད་པ་ལའང་འཇིག་པ་རང་བཞིན་གྱིས་མེད་དེ་རྒྱུ་མཚན་སྔར་བཤད་པ་བཞིན་ནོ། །གཉིས་པ་ནི། འབྱུང་འཇིག་རང་བཞིན་གྱིས་ཡོད་དེ་དངོས་པོ་རང་བཞིན་གྱིས་ཡོད་པའི་ཕྱིར་དང་དེ་ནི་དེ་གཉིས་ཀྱི་རྟེན་ཡིན་པའི་ཕྱིར་རོ་ཞེ་ན། དངོས་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་འབྱུང་བ་དང་འཇིག་པ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །དངོས་པོ་རང་བཞིན་གྱིས་མེད་པའི་རྒྱུ་མཚན་ནི་འདི་ལྟར་འབྱུང་བ་དང་འཇིག་པ་རང་བཞིན་གྱིས་ཡོད་པ་ནི་སྔར་བཀག་ཟིན་ལ་དེ་གཉིས་མེད་པར་ནི། དངོས་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ་དེ་གཉིས་ནི་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཤེས་རབ་སྒྲོན་མར་ནི་


JLD015_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མིན་པ་ནི་དངོས་པོའི་ཆོས་མ་ཡིན་ཏེ་སྦལ་བའི་ཟེ་བ་བཞིན་ནོ། །འབྱུང་འཇིག་ནི་དངོས་པོའི་ཆོས་ཡིན་བས་བདེན་པར་ཡོད་དོ་ཞེས་པའི་ལན་དུ་འབྱུང་འཇིག་དོན་དམ་པར་མེད་པར་ནི་དངོས་པོ་དོན་དམ་པར་ཡོད་པ་མིན་ཏེ་དངོས་པོ་ནི་འབྱུང་འཇིག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་བོ། །དེ་བཞིན་དུ་དངོས་པོ་ཡོད་པ་མ་ཡིན་བར་ཏེ་རྟེན་མེད་པས་རྟེན་པ་འབྱུང་བ་དང་འཇིག་པ་ཡང་ཡོད་པ་མིན་ནོ་ཞེས་ཕྱེད་གོང་མ་འོག་མར་བྱས་ནས་བཤད་དོ། །གསུམ་པ་ནི། འབྱུང་འཇིག་རང་བཞིན་གྱིས་ཡོད་ན་ངོ་བོ་ཉིད་ཀྱིས་ཡོད་པས་སྟོང་པ་ལ་བརྟེན་ནམ་མི་སྟོང་པ་ལ་བརྟེན་བརྟག་གྲང་། དེ་ལ་རང་བཞིན་གྱིས་ཡོད་པས་སྟོང་པ་ལ་འབྱུང་བ་དང་འཇིག་པ་དག་རང་བཞིན་གྱིས་ཡོད་པ་འཐད་པ་ཉིད་ནི་མ་ཡིན་ཏེ་རྟེན་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །རང་གི་མཚན་ཉིད་ཀྱིས་ཡོད་པས་མི་སྟོང་པ་ལའང་འབྱུང་བ་དང་འཇིག་པ་དག་ཡོད་པ་འཐད་པ་ནི་མ་ཡིན་ཏེ། མི་སྟོང་པ་ནི་འབྱུང་འཇིག་མི་རུང་བས་དེའི་རྟེན་དུ་མེད་པའི་ཕྱིར་རོ། །གསུམ་པ་ནི། འབྱུང་འཇིག་རང་བཞིན་གྱིས་ཡོད་ན་ཡོད་ཚུལ་གཉིས་ལས་མི་འདའ་ལ་དེ་ཡང་འབྱུང་བ་དང་འཇིག་པ་དག་ངོ་བོ་ཉིད་ཀྱིས་གཅིག་ཏུ་ཡོད་པ་ཉིད་ནི་མི་འཐད་དེ། སྣང་མུན་ལྟར་ཕན་ཚུན་འགལ་བ་ནི་གཅིག་ཏུ་མི་རུང་བའི་ཕྱིར་རོ། །འབྱུང་བ་དང་འཇིག་པ་དག་ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་པ་ཉིད་དུ་ཡང་མི་འཐད་དེ། རང་མཚན་གྱིས་གཞན་དུ་གྲུབ་ན་འབྲེལ་མེད་དུ་བྲལ་བར་འགྱུར་ལ་དེ་གཉིས་ནི་ཕན་ཚུན་མི་འཁྲུལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས། མཐོང་བ་སྒྲུབ་བྱེད་མིན་པ་དང༌།


JLD015_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། ཅི་སྟེ་ཞིབ་མོར་དཔྱད་པ་འདིས་ཅི་བྱ་སྟེ་བ་ལང་རྫི་དང་བུད་མེད་ཡན་ཆད་ཀྱིས་འབྱུང་འཇིག་རང་གི་མཚན་ཉིད་ཀྱིས་གྲུབ་པར་མཐོང་བའི་ཕྱིར། དེ་གཉིས་རང་བཞིན་གྱིས་ཡོད་དོ་ཞེ་ན། གལ་ཏེ་འབྱུང་བ་དང་འཇིག་པ་དག་ངོ་བོ་ཉིད་ཀྱིས་གྲུབ་པར་མཐོང་ངོ་སྙམ་དུ་ཁྱོད་དེ་ལྟར་སེམས་ན། རྒྱུ་མཚན་དེས་འབྱུང་འཇིག་རང་མཚན་གྱིས་ཡོད་པར་སྒྲུབ་པ་ནི་མ་ངེས་ཏེ། བ་ལང་རྫི་དང་བུད་མེད་ཡན་ཆད་ཀྱིས་ནི་དྲི་ཟའི་གྲོང་ཁྱེར་དང་སྒྱུ་མ་ལ་སོགས་པ་མཐོང་ཞིང་རབ་རིབ་ཅན་གྱིས་སྐྲ་ཤད་དང་སྦྲང་མ་ལ་སོགས་པ་མཐོང་བ་བཞིན་དུ། འབྱུང་བ་དང་འཇིག་པ་དག་ངོ་བོ་ཉིད་ཀྱིས་གྲུབ་པར་སྣང་བ་ཡང་གཏི་མུག་དང་དེས་བསླད་པ་ཉིད་ཀྱིས་མཐོང་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། འབྱུང་འཇིག་རང་དང་རིགས་མཐུན་མི་མཐུན་ལས་སྐྱེ་བ་དགག །དངོས་པོ་རང་དང་གཞན་ལས་སྐྱེ་བ་དགག་པའོ། །དང་པོ་ནི་ཅི་སྟེ་འབྱུང་འཇིག་རང་བཞིན་གྱིས་གྲུབ་པར་སྣང་བ་འདི་གཏི་མུག་གིས་བསླང་པས་མཐོང་བར་ཅིས་གྲུབ་ཅན་འདི་ནི་རིགས་པ་ལས་སོ། །རིགས་པ་གང་ཞེ་ན། འདིར་འབྱུང་བ་རང་བཞིན་གྱིས་ཡོད་ན་དངོས་པོ་སྟེ་སྐྱེ་བའམ་དངོས་པོ་མེད་པ་སྟེ་འཇིག་པ་ལས་སྐྱེ་དགོས་ལ་འཇིག་པ་རང་བཞིན་གྱིས་ཡོད་ནའང་དེ་ལྟར་སྐྱེ་དགོས་སོ། །རེ་ཞིག་དངོས་པོ་སྟེ་འབྱུང་བ་ནི་དངོས་པོ་སྟེ་འབྱུང་བ་རིགས་འདྲ་ལས་ངོ་བོ་ཉིད་ཀྱིས་མི་སྐྱེ་སྟེ་དེ་ལྟར་སྐྱེ་ན་རྒྱུ་འབྲས་གཉིས་དུས་གཅིག་པ་དང་སྐྱེས་ཟིན་སླར་ཡང་སྐྱེ་དགོས་ན་དེ་གཉིས་ཀྱང་


JLD015_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་བའི་ཕྱིར་རོ། །དངོས་པོ་སྟེ་སྐྱེ་བ་ནི་དངོས་པོ་མེད་པ་སྟེ་འཇིག་པ་ལས་ངོ་བོ་ཉིད་ཀྱིས་མི་སྐྱེ་སྟེ་རང་བཞིན་གྱིས་གྲུབ་པ་ལྟར་ན་འཇིག་པའི་ཚེ་ཞིག་དགོས་པས་འཇིག་རྒྱུའི་དངོས་པོ་ལོག་པ་ལས་སྐྱེ་ན་མོ་གཤམ་གྱི་བུ་མོས་ཀྱང་བུ་སྐྱེད་པར་འགྱུར་བའི་ཕྱིར་རོ། །དངོས་པོ་མེད་པ་སྟེ་འཇིག་པ་ནི་དངོས་པོ་མེད་པ་འཇིག་པ་ལས་རང་བཞིན་གྱིས་མི་སྐྱེ་སྟེ་འཇིག་རྒྱུའི་དངོས་པོ་ལོག་པ་ལ་ནི་འབྲས་བུ་རང་བཞིན་གྱིས་སྐྱེད་པའི་ནུས་པ་མེད་པའི་ཕྱིར་དང་ཞིག་པས་ཞིག་པ་ངོ་བོ་ཉིད་ཀྱིས་སྐྱེད་ན་མོ་གཤམ་གྱི་བུ་མོས་ཀྱང་བུ་སྐྱེད་པར་འགྱུར་བའི་ཕྱིར་རོ། །དངོས་པོ་མེད་པ་སྟེ་འཇིག་པ་ནི་དངོས་པོ་སྟེ་འབྱུང་བ་ལས་ངོ་བོ་ཉིད་ཀྱིས་མི་སྐྱེ་སྟེ་དེ་ལྟར་སྐྱེ་ན་ནི་མ་ཞིག་བའི་དངོས་པོས་རང་དང་མི་མཐུན་པའི་ཞིག་པ་སྐྱེད་པ་བཞིན་དུ་སྒྲོན་མེ་ལས་ཀྱང་མུན་པ་སྐྱེ་བར་ཐལ་བས་སོ། །དེ་ལྟ་བུའི་ཚུལ་གྱིས་དཔྱད་ན་འབྱུང་འཇིག་རང་བཞིན་གྱིས་མེད་པས་དེ་གཉིས་རང་བཞིན་གྱིས་ཡོད་པར་མཐོང་བ་ནི་གཏི་མུག་གིས་བསླད་ནས་མཐོང་བའོ། །ཡང་ན་འབྱུང་འཇིག་རང་བཞིན་གྱིས་ཡོད་ན་དངོས་པོའམ་དངོས་མེད་ལ་བརྟེན་པར་འགྱུར་བ་ཞིག་ན་དེ་གཉིས་ནི་དཔྱད་པ་ན་རང་བཞིན་གྱིས་མེད་པས། རྟེན་མེད་པས་འབྱུང་འཇིག་ག་ལ་ཡོད་དེའི་ཕྱིར་དེ་གཉིས་རང་བཞིན་གྱིས་ཡོད་པར་མཐོང་བ་གཏི་མུག་གིས་བསླད་པས་མཐོང་བའོ། །དངོས་པོ་ཡོད་མེད་རང་བཞིན་གྱིས་མེད་པར་ནི། དངོས་པོ་དངོས་ལས་མི་སྐྱེ་སྟེ། ཞེས་སོགས་ཀྱིས་བཤད་དེ་ཞེས་ཚིག་གསལ་ལས་བཤད་པ་ནི་བུད་དྷ་པཱ་ལི་ཏ་ལས་བཤད་པའོ། །གཉིས་པ་ནི།


JLD015_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དངོས་པོ་འགའ་ཞིག་རང་བཞིན་གྱིས་ཡོད་ན་འབྱུང་འཇིག་ཀྱང་རང་བཞིན་གྱིས་ཡོད་པར་འགྱུར་ནའང་དེ་ནི་མེད་དེ་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་རོ། །རང་བཞིན་གྱིས་མ་སྐྱེས་པ་ཉིད་མ་གྲུབ་བོ་ཞེ་ན། མ་གྲུབ་པ་མ་ཡིན་ཏེ་འདི་ལྟར་དངོས་པོ་བདག་ལས་མི་སྐྱེ་སྟེ་གཞན་ལས་སྐྱེ་བ་ཉིད་ཀྱང་ཡོད་པ་མ་ཡིན་ལ། བདག་དང་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་ནི་ཡོད་པ་མིན་པས་ཇི་ལྟར་ན་རང་བཞིན་གྱིས་སྐྱེ་བར་འགྱུར་ཏེ་མི་འགྱུར་རོ། །འདི་ནི་རབ་བྱེད་དང་པོར་བཤད་ཟིན་ཏོ། །གཉིས་པ་ལ་གསུམ། དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ན་རྟག་ཆད་དུ་འགྱུར་ཚུལ། དེ་ལྟར་ཁས་བླངས་ཀྱང་སྐྱོན་དེ་སྤོང་བའི་ལན་དགག་པ། དེ་ལྟར་བགག་པའི་དོན་བསྡུ་བའོ། །དང་བོ་ནི། དངོས་པོ་རང་བཞིན་གྱིས་སྐྱེ་བ་རྣམས་པ་ཐམས་ཅད་དུ་མེད་དོ་ཞེས་པ་འདི་ནི་དེ་ལྟར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །ད་ལྟ་མིན་པར་དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ན་གསུངས་རབ་དང་ཤིན་ཏུ་འགལ་བའི་རྟག་པ་དང་ཆད་པར་ལྟ་བར་ནི་ཐལ་བར་འགྱུར་ཏེ། གང་གི་ཕྱིར་དངོས་པོ་དེ་ནི་རྟག་པར་སྨྲ་ན་རྟག་པར་ལྟ་བར་འགྱུར་ལ་མི་རྟག་པར་སྨྲ་ན་ནི་ངེས་པར་ཏེ་ཆད་པར་ལྟ་བར་འགྱུར་བའི་ཕྱིར་རོ། །འདི་ནི་གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །ཅེས་པའི་སྐབས་སུ་བཤད་པ་བཞིན་དུ་རང་བཞིན་གྱིས་གྲུབ་པ་དེ་ནམ་ཡང་མེད་པར་མི་འགྱུར་བས་རྟག་ལྟ་དང༌། རང་བཞིན་གྱིས་གྲུབ་པ་དུས་དང་པོར་ཡོད་ལ་གཉིས་པར་མེད་ན་ཆད་ལྟར་འགྱུར་གྱི་ཡོད་པ་ཙམ་དང་སྐད་ཅིག་གིས་འཇིག་པ་


JLD015_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླངས་པས་རྟག་ཆད་དུ་ལྟ་བར་སྟོན་པ་མིན་ཏེ། རྟག་ཆད་ནི་རྟེན་འབྲེལ་ཁས་བླངས་ནས་སྤོང་ལ་རྟེན་འབྲེལ་གསུང་བ་ན་འདི་ཡོད་ན་འདི་འབྱུང་ཞེས་གསུངས་པའི་ཕྱིར་དང༌། བརྒྱ་པའི་འགྲེལ་པ་ལས་ཀྱང༌། ཅི་ཆོས་མངོན་པ་བསྐད་ཅིག་མར་འཇིག་པ་ཁས་མི་ལེན་ནམ་གལ་ཏེ་ཁས་མི་ལེན་ན་ནི། དེ་བདེ་བར་གཤེགས་པ་པ་མ་ཡིན་པ་ཉིད་དུ་འགྱུར་རོ་ཞེས་སྐད་ཅིག་མ་ཁས་མི་ལེན་ན་ནང་པ་སངས་རྒྱས་པ་མིན་པར་ཐལ་བའི་གནོད་པ་གསུངས་པས་སོ། །གཉིས་པ་ལ་གཉིས། རང་བཞིན་གྱིས་གྲུབ་པ་ཁས་བླངས་ནས་རྟག་ཆད་སྤོང་ཚུལ་དང༌། དེ་དགག་པའི་ལན་ནོ། །དང་པོ་ནི། དངོས་པོ་རང་གི་མཚན་ཉིད་ཀྱིས་ཡོད་པར་ཁས་བླངས་ཀྱང་ཆད་པར་ལྟ་བ་དང་རྟག་པར་ལྟ་བར་མི་འགྱུར་ཏེ། གང་གི་ཕྱིར་འབྲས་བུའི་འབྱུང་བ་སྟེ་སྐྱེས་པ་དང་རྒྱུ་ཡི་འཇིག་པ་སྟེ་ཞིག་པ་གཉིས་རྒྱུན་ལྡན་དུ་འབྱུང་བའི་རྒྱུན་ད་སྲིད་པ་འཁོར་བ་ཡིན་པའི་ཕྱིར་རོ། །འདི་ལྟར་རྒྱུ་འགགས་ནས་དེའི་འབྲས་བུ་མི་སྐྱེ་ན་ཆད་པ་དང་རྒྱུ་མི་འགག་པར་རང་གི་ངོ་བོས་གནས་ན་རྟག་པར་འགྱུར་ཡང་དེ་ལྟར་མི་འདོད་པས་རྟག་ཆད་ཀྱི་སྐྱོན་མེད་དོ་ཞེ་ན། གཉིས་པ་ལ་གཉིས། རྒྱུན་ཁས་བླངས་ཀྱང་རྟག་ཆད་སྤོང་མི་ནུས་པ་དང༌། རྒྱུན་ཉིད་རང་བཞིན་གྱིས་མ་གྲུབ་པར་བསྟན་པའོ། །དང་པོ་ནི། འབྲས་བུའི་འབྱུང་བ་དང་རྒྱུ་ཡི་འཇིག་པའི་རྒྱུན་དེ་སྲིད་པ་ཡིན་པར་གྱུར་ན་རྒྱུའི་སྐད་ཅིག་འཇིག་པ་སྟེ་འབྲས་བུ་སྐྱེད་པའི་བྱ་བ་བྱས་ནས་འགགས་པ་ལ་སླར་ཡང་སྐྱེ་བ་མེད་པའི་ཕྱིར་རྒྱུའི་རྒྱུན་ནི་ཆད་པར་ཐལ་བར་འགྱུར་རོ། །དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་


JLD015_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ན་འབྲས་བུ་རྒྱུ་ལ་མི་ལྟོས་པའི་གཞན་དུ་འགྱུར་བས། འབྲས་བུ་སྐྱེས་ཀྱང་རྒྱུའི་རྒྱུན་མི་འཆད་པ་ལ་མི་ཕན་ལ་རྒྱུ་འགགས་པ་སླར་ཡང་སྐྱེ་བའི་རྒྱུན་མེད་པས་རྒྱུའི་རྒྱུན་ཆད་པར་འགྱུར་རོ། །རང་ལ་ཉེས་པ་དེ་མེད་དེ་དངོས་པོ་རང་བཞིན་གྱིས་གྲུབ་པར་ཁས་མི་ལེན་པའི་ཕྱིར་དང༌། གང་ལ་བརྟེན་ཏེ་གང་འབྱུང་བ། ཞེས་པའི་ཚུལ་གྱིས་བརྟེན་ནས་འབྱུང་བའི་རྒྱུ་མཚན་ཉིད་ཀྱིས་རྒྱུ་འབྲས་གཉིས་རང་གི་ངོ་བོས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པར་འདོད་པའི་ཕྱིར་རོ། །དངོས་པོ་རང་བཞིན་གྱིས་གྲུབ་པར་ཁས་ལེན་པ་ལ་རྟག་ལྟར་ཡང་འགྱུར་ཏེ། དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་ན་ནི་ཕྱིས་མེད་པར་མི་འགྱུར་ཏེ་རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་དེའི་རྟག་པར་ཐལ་བ་སོ་ན་འདུག་གོ །རིགས་པ་དེ་དག་ནི་དངོས་པོ་རང་བཞིན་གྱིས་ཡོད་ན་འབྲས་བུ་རྒྱུ་སྔ་མ་ལས་སྐྱེ་བ་དང་རྒྱུ་འབྲས་བུའི་དུས་སུ་འགགས་པ་མི་རུང་བས་དེ་གཉིས་ཀྱི་སྒོ་ནས་རྟག་ཆད་སྤོང་མི་ནུས་པའོ། །གཞན་ཡང་ཁྱེད་ལྟར་ན་ཕུང་པོ་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་དུས་ན། སྲིད་པ་སྟེ་ཕུང་པོའི་རྒྱུན་རང་བཞིན་གྱིས་འཇུག་པ་རབ་ཏུ་ཞི་བ་སྟེ་ཆད་པས་ཆད་པར་ཐལ་བར་འགྱུར་ན་སྟོན་པས་ཆད་ལྟ་ནི་སྤང་བར་གསུངས་སོ། །གལ་ཏེ་དེ་འདྲ་བའི་རྒྱུན་ཆད་པར་འཛིན་པ་ནི་ཆད་ལྟ་མིན་ནོ་ཞེ་ན། དེ་ལྟ་ན་འཁོར་བའི་སྐབས་སུ་ཡང་དེ་ལྟར་འཛིན་པ་ཆད་ལྟ་མིན་པར་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། ཕ་རོལ་པོས་སྔར་ལྟར་བཤད་པའི་སྲིད་པའི་རྒྱུན་དེ་རང་བཞིན་གྱིས་ཡོད་པ་ནི་མི་འཐད་དོ། །ཇི་ལྟར་ཞེ་ན། འདིར་སྲིད་པ་ཐ་མ་ནི་ཚེ་འདིའི་སེམས་


JLD015_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་འཆི་སྲིད་ཡིན་ལ་སྲིད་པ་དང་པོ་ནི་སྐྱེ་བ་ཕྱི་མའི་ཉིང་མཚམས་སྦྱོར་བའི་སེམས་སོ། །དེའི་ཐ་མ་འགག་བཞིན་པ་ནི་རྒྱུར་གནས་ལ་དང་པོ་ནི་འབྲས་བུར་གནས་ཤིང་སྲིད་པ་དེ་གཉིས་ལ་ནི་འཁོར་བ་ཞེས་བྱའོ། །དེ་ལ་སྲིད་པ་དང་པོ་དེ་སྲིད་པ་ཐ་མ་འགགས་པའམ་མ་འགགས་བའམ་འགག་བཞིན་པ་ལས་སྐྱེ་གྲང༌། དེ་ལ་སྲིད་པ་ཐ་མ་འགགས་པར་གྱུར་པ་ན་དེ་ལས་སྲིད་པ་དང་པོའི་སེམས་སྐྱེ་བར་རིགས་པར་མི་འགྱུར་ཏེ། རང་གི་རྒྱུ་རང་གི་སྔ་རོལ་དུ་འགགས་ན་དེའི་ཚེ་རྒྱུ་མེད་པ་དང༌། ས་བོན་ཚིག་པ་ལས་ཀྱང་མྱུ་གུ་སྐྱེ་བར་འགྱུར་ན་དེ་ནི་འདོད་པ་ཡང་མིན་ནོ། །སྲིད་པ་ཐ་མ་འགགས་པར་མ་གྱུར་པའི་ཚེ་ཞེས་པ་ནི་འགག་བཞིན་པ་ལོགས་སུ་བཤད་པས་འཆི་སྲིད་འགག་པ་ལ་མངོན་དུ་མ་ཕྱོགས་པའོ། །འདི་འདྲ་མེད་ཀྱང་བརྟག་པའི་མཐའ་བཟུང་ནས་འགོག་པའོ། །དེ་ལས་སྲིད་པ་དང་པོ་སྐྱེ་བ་རིགས་པར་མི་འགྱུར་ཏེ་འགྱུར་ན་ནི་ཉེས་པ་དུ་མ་ཡོད་པའི་ཕྱིར་རོ། །དེ་ལ་རྒྱུ་མེད་པའི་ཉེས་པ་ནི་འཆི་སྲིད་འགག་པ་ལ་མངོན་དུ་མ་ཕྱོགས་པའི་དུས་སུ་སྐྱེ་བ་ཕྱི་མའི་སེམས་དང་པོ་སྐྱེ་ན་དེ་གཉིས་དུས་གཅིག་ཏུ་གནས་པར་འགྱུར་ལ་དེ་ལྟ་ན་རྒྱུས་མི་སྐྱེད་པའོ། །སེམས་ཅན་གཅིག་ལ་ངོ་བོ་གཉིས་ཡོད་པ་ནི་ཚེ་འདིའི་སེམས་ཐ་མ་དང་ཕྱི་མའི་སེམས་དང་པོ་གཉིས་དུས་གཅིག་ཏུ་ཡོད་པའོ། །སྔོན་མེད་པའི་སེམས་ཅན་འབྱུང་བ་ནི་སྐྱེ་བཞིན་པའི་སེམས་ཅན་དེའི་སྔོན་དུ་རང་གི་རྒྱུར་གྱུར་པའི་སེམས་ཅན་སྔོན་དུ་མ་སོང་བའོ། །སེམས་སྔ་མ་རྟག་པའི་ཉེས་པ་ནི་རྒྱུད་གཅིག་པའི་སེམས་ཕྱི་མ་བྱུང་གི་བར་དུ་སྔ་མ་གནས་པའོ། །ས་


JLD015_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བོན་མ་ཞིག་པ་ལས་མྱུ་གུ་སྐྱེ་བར་འགྱུར་བའི་སྐྱོན་གསུངས་པ་ནི་ས་བོན་རྣམ་པར་མ་འགྱུར་པའི་སྐབས་སུ་མྱུ་གུ་སྐྱེས་པའོ། །གལ་ཏེ་སྲིད་པ་ཐ་མ་འགག་བཞིན་པ་སྟེ་འགག་པ་ལ་མངོན་དུ་ཕྱོགས་པའི་དུས་ན་སྐྱེ་བ་ཕྱི་མའི་དང་པོའི་སེམས་རང་བཞིན་གྱིས་སྐྱེ་བར་འགྱུར་ན་ནི། སེམས་ཅན་གཅིག་ལ་སྲིད་པ་མི་མཐུན་པ་གཉིས་དུས་ཅིག་ཅར་དུ་ཡོད་པར་འགྱུར་ཏེ་མི་ལྟ་བུ་ཤི་ནས་ལྷར་སྐྱེ་བ་ཡིན་ན། འགག་བཞིན་པ་མིའི་སྲིད་པ་ནི་གཅིག་ཏུ་འགྱུར་ཞིང་སྐྱེ་བཞིན་པ་ལྷའི་བར་དོའི་སྲིད་པ་ཡང་སྲིད་པ་གཞན་གཅིག་ཏུ་འགྱུར་ལ། རང་མཚན་གྱིས་སྐྱེ་ན་རྒྱུ་འགག་བཞིན་པའི་དུས་སུ་སྐྱེ་བཞིན་པའི་འབྲས་བུ་ཡོད་པར་སྔར་བསྟན་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་སྔར་བཤད་པའི་ཚུལ་གྱིས་གལ་ཏེ་འགག་བཞིན་པའི་འགག་པ་པོ་དང་སྐྱེ་བཞིན་པའི་སྐྱེ་བ་པོ་དག་ལྷན་ཅིག་དུས་གཅིག་ཏུ་རིགས་པ་མིན་ལ། ཡང་གི་སྒྲས་བསྡུས་པ་སྲིད་པ་ཐ་མ་འགགས་པ་དང་འགག་པ་ལ་མངོན་དུ་མ་ཕྱོགས་པའི་མ་འགགས་པ་ལས་སྲིད་པ་དང་པོ་སྐྱེ་བ་རིགས་པ་མིན་ན། ད་ཅི་ཕུང་པོ་གང་ལ་གནས་ནས་འཆི་བར་འགྱུར་བའི་ཕུང་པོ་དེ་དག་ཉིད་ལ་སྐྱེ་བ་རང་བཞིན་གྱིས་འབྱུང་བར་འགྱུར་རམ་སྟེ་མི་འགྱུར་ཏེ་སྐྱེ་བཞིན་པའི་དུས་ན་འཆི་བཞིན་པར་ནི་ཤིན་ཏུ་འགལ་བའི་ཕྱིར་རོ། །དེ་ལྟར་སྲིད་པ་ཐ་མ་འགགས་པ་དང་མ་འགགས་པ་དང་འགག་བཞིན་པའི་དུས་གསུམ་དག་ཏུ་ཡང་སྲིད་པ་དང་པོ་སྐྱེ་བའི་སྲིད་པའི་རྒྱུན་རང་བཞིན་གྱིས་ཡོད་པ་ནི་མི་རིགས་ན། གང་ཞིག་


JLD015_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་དུ་རང་བཞིན་གྱིས་ཡོད་པ་མིན་པ་དེ་ནི་ཇི་ལྟར་ན་བདག་ཉིད་གཞན་གྱིས་ཡོད་པར་ག་ལ་འགྱུར། དེའི་ཕྱིར་སྲིད་པའི་རྒྱུན་རང་བཞིན་གྱིས་མེད་པས། འབྲས་བུ་རྒྱུའི་འབྱུང་འཇིག་གི་རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །ཞེས་སྲིད་རྒྱུན་རང་བཞིན་གྱིས་ཡོད་པར་སྨྲས་པ་དེ་མི་རིགས་སོ། །གཉིས་པ་ནི། དེ་ལྟར་སྐྱེ་འཇིག་དང་སྐྱེ་ཤི་དང་སྲིད་པ་གཅིག་ནས་གཅིག་ཏུ་འགྲོ་འོང་བྱེད་པ་རང་བཞིན་མེད་པར་བཤད་པ་འདི་ཉིད་ཟབ་མོའི་ལུང་གིས་ཀྱང་གྲུབ་པ་དང༌། དེ་ལྟར་གསུངས་པའི་མདོ་སྡེ་ཐམས་ཅད་རབ་ཏུ་བྱེད་པ་འདིས་བཤད་པར་བྱའོ་ཞེས་བཤད་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྨོས་ན། ཏིང་འཛིན་རྒྱལ་པོ་ལས། སྲིད་གསུམ་རྨི་ལམ་དང་འདྲ་སྙིང་པོ་མེད། །མྱུར་དུ་འཇིག་ཅིང་མི་རྟག་སྒྱུ་མ་བཞིན། །འོང་བ་མད་ཅིང་འདི་ནས་འགྲོ་བའང་མེད། །རྒྱུན་རྣམས་རྟག་ཏུ་སྟོང་ཞིང་མཚན་མ་མེད། ཅེས་དང༌། སྐྱེ་བ་དང་ནི་འཆི་འགྱུར་ཡང༌། །སྐྱེ་བ་མེད་ཅིང་འཆི་མེད་པར། །གང་གིས་ཤེས་པར་འགྱུར་བ་ཡིས། །ཏིང་འཛིན་འདི་ནི་རྙེད་མི་དགའ། ཞེས་དང༌། གང་དག་བསམ་ཡས་ཆོས་རྣམས་འདི་ཤེས་བ། །མི་རྣམས་དེ་དག་རྟག་ཏུ་བདེ་བ་ཡིན། །ཆོས་དང་ཆོས་མིན་རྣམ་རྟོག་མེད་པ་སྟེ། །ཐམས་ཅད་སེམས་ཀྱིས་སྤྲོས་པས་ཕྱེ་བ་ཡིན། །ཐམས་ཅད་བསམ་ཡས་ཐམས་ཅད་འབྱུང་མིན་པས། །དངོས་དང་དངོས་མེད་ཤེས་པ་རྣམ་པར་ཤིག །བྱིས་པ་གང་དག་སེམས་ཀྱི་དབང་སོང་བ། །དེ་དག་སྲིད་པ་བྱེ་བ་བརྒྱར་སྡུག་བསྔལ། ཞེས་གསུངས་སོ། །གསུམ་པ་ནི། སྐྱེ་འཇིག་དང་སྐྱེ་འཆི་གཅིག་ནས་གཅིག་


JLD015_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྒྱུད་པའི་སྲིད་རྒྱུན་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་འཇོག་པ་ནི་དེ་ཁོ་ནར་གྲུབ་མ་གྲུབ་དཔྱོད་པའི་རིགས་པས་བཀག་ལ། ཐ་སྙད་དེ་དག་མི་བྱར་ཡང་མི་རུང་བས་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་དེ་རྣམས་ཆེས་འཐད་པའི་ཚུལ་ལ་ངེས་པ་དྲང་བར་བྱའོ། །འབྱུང་བ་དང་འཇིག་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་ཉེར་གཅིག་གི་བདག་ཉིད་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།ལྔ་པ་སྲིད་པའི་རྒྱུན་གྱི་རང་བཞིན་གྱིས་སྟོང་པར་བསྟན་པ་ལ་གཉིས། དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་པ་དགག །ཉོན་མོངས་པ་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ་ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ་སྲིད་པའི་རྒྱུན་ནི་རང་བཞིན་གྱིས་ཡོད་དེ་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་པའི་ཕྱིར་རོ། །འདི་ན་བཅོམ་ལྡན་འདས་བསྐལ་བ་གྲངས་མེད་པ་གསུམ་མམ་བདུན་དུ་བར་མ་ཆད་བར་ཚོགས་རྒྱ་ཆེན་པོ་སེམས་ཅན་གྱི་དོན་དུ་བསགས་ནས་དུས་རིང་མོ་ཞིག་གིས་སངས་རྒྱས་པ་ཡིན་ལ་སྲིད་པའི་རྒྱུན་རང་བཞིན་གྱིས་མེད་ན་དེ་བཞིན་གཤེགས་པ་ཡང་ཡོད་པར་མི་འགྱུར་ཏེ། སྲིད་པའི་སྐྱེ་བ་དུ་མ་བརྒྱུད་པ་ལ་བརྟེན་ནས་འཚང་བརྒྱ་དགོས་པའི་ཕྱིར་རོ། །གང་གི་མ་རིག་པའི་མུན་པ་འཐུག་པོ་རིགས་པའི་སྣང་བ་སྣ་ཚོགས་བས་བཟློག་ཀྱང་ཤིན་ཏུ་ཡུན་རིང་མོ་ནས་གོམས་པས། ད་དུང་དུ་ཡང་མི་ལྡོག་པ་ཁྱོད་ཀྱི་མི་ཤེས་པ་ཤིན་ཏུ་ཆེ་བ་


JLD015_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཀྱིས་སྲིད་པའི་རྒྱུན་མི་འཆད་པར་ཆེས་རིང་བ་གོ་བར་བྱེད་དོ། །གལ་ཏེ་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་ན་སྲིད་པའི་རྒྱུན་རང་བཞིན་གྱིས་ཡོད་ནའང་དེ་རང་བཞིན་གྱིས་མེད་དོ། །འདི་ལ་བཞི། དེ་བཞིན་གཤེགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དགག །དེ་ལ་ལོག་ལྟ་གཞན་གྱིའང་གནས་མེད་པར་བསྟན་པ། ལོག་པར་བཟུང་བའི་ཉེས་དམིགས་བསྟན་པ། རིགས་པ་དེ་གཞན་ལའང་སྦྱར་བའོ། །དང་པོ་ལ་གསུམ། ལེན་པ་པོ་རང་བཞིན་གྱིས་གྲུབ་པ་དགག །བླང་བྱ་རང་བཞིན་གྱིས་གྲུབ་པ་དགག །དེ་གཉིས་ཀའི་མཇུག་བསྡུ་བའོ། །དང་པོ་ལ་གསུམ། དེ་བཞིན་གཤེགས་པ་རྫས་སུ་ཡོད་པ་དགག །ཕུང་པོ་ལ་བརྟེན་ནས་བཏགས་པ་རང་བཞིན་གྱིས་ཡོད་པ་དགག །དེ་རྣམས་ཀྱི་མཇུག་བསྡུ་བའོ། །དང་པོ་ནི། གལ་ཏེ་དེ་བཞིན་གཤེགས་པ་རང་གི་མཚན་ཉིད་ཀྱིས་ཡོད་ན། དེ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་དང་རང་བཞིན་གྱིས་གཅིག་ཏུ་གྲུབ་པའམ་རང་བཞིན་གྱིས་ཐ་དད། སངས་རྒྱས་ཀྱི་སར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལྔ་ཡང་ཡོད་མོད་ཀྱང༌། ཕུང་པོ་ལྔ་སྔ་མ་འདིར་གཟུང་གི་ཕྱི་མ་ནི་མིན་ཏེ་སྔ་མ་ནི་སེམས་ཅན་དུ་གདགས་པའི་རྒྱུ་ཡིན་པའི་ཕྱིར་དང༌། ཕྱི་མ་ནི་སྐྱེ་འཕགས་ཀུན་ལ་ཁྱབ་པར་བྱེད་པ་མིན་པའི་ཕྱིར་དང་སྔ་མའི་ཁོངས་སུ་འདུ་བའི་ཕྱིར་རོ། །རང་བཞིན་གྱིས་ཐ་དད་ན་དེ་བཞིན་གཤེགས་པ་ལ་ཕུང་པོ་བརྟེན་པ་དང་ཕུང་པོ་ལ་དེ་བཞིན་གཤེགས་པ་བརྟེན་པ་དང༌། ལྷས་བྱིན་ནོར་དང་ལྡན་


JLD015_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པར་འགྱུར་གྲང་ན། དེ་ཐམས་ཅད་འཐད་པ་མ་ཡིན་ནོ། །འདི་ལྟར་དེ་བཞིན་གཤེགས་པ་ནི་ཕུང་པོ་ལྔ་དང་རང་གི་མཚན་ཉིད་ཀྱིས་གཅིག་མིན་ཏེ། གཞན་དུ་ན་རབ་བྱེད་བཅུ་པར་བཤད་པ་ལྟར་བྱེད་པ་པོ་དང་ལས་གཅིག་ཏུ་འགྱུར་བ་དང༌། བཅོ་བརྒྱད་པར་བཤད་པ་ལྟར་རང་མཚན་གྱིས་སྐྱེ་བ་དང་འཇིག་པ་ཅན་དུ་འགྱུར་རོ། །ཕྱི་མ་འདོད་ན་ནི་འཇུག་པ་རྩ་འགྲེལ་དུ་བཤད་པ་ལྟར་ཉེས་པ་གསུམ་སྟེ་ལས་བྱེད་པའི་བྱེད་པ་པ་སྐད་ཅིག་མ་ཡིན་པས་ལས་ཀྱི་འབྲས་བུའི་དུས་ན་མེད་པས། རྟེན་མེད་པའི་ཕྱིར་ལས་རྣམས་འབྲས་བུ་དང་འབྲེལ་བ་མེད་པའི་ཕྱིར་ལས་བྱས་པ་ཆུད་ཟ་བར་འགྱུར་རོ། །སྐད་ཅིག་སྔ་མས་བྱས་པའི་ལས་ཀྱི་འབྲས་བུ་ཕྱི་མ་རྣམས་སུ་ལོངས་སྤྱོད་པར་འདོད་ན་ནི། གཞན་གྱིས་བསགས་པའི་ལས་ཀྱི་འབྲས་བུ་གཞན་གྱིས་ལོངས་སྤྱོད་པས་ལས་མ་བྱས་པ་དང་ཕྲད་པའི་སྐྱོན་དུ་འགྱུར་རོ། །སྐད་ཅིག་སྔ་ཕྱི་གཞན་ཡིན་ཀྱང་རྒྱུད་གཅིག་པས་སྐྱོན་མེད་དོ་ཞེས་ཀྱང་སྨྲ་མི་ནུས་ཏེ། རང་གི་མཚན་ཉིད་ཀྱིས་སྐད་ཅིག་སོ་སོ་བ་སྐྱེ་ན་རྒྱུ་འབྲས་མི་རུང་བས་རྒྱུད་གཅིག་པ་མི་འཐད་པའི་ཉེས་པ་སྔར་བརྗོད་པ་མི་ལྡོག་གོ །ཇི་ལྟར་ངའི་ལུས་འདི་སྔར་བྱུང་བར་གྱུར་ཏོ་ཞེས་མི་དྲན་པ་བཞིན་དུ་ང་དེའི་ཚེ་དེའི་དུས་ན་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ་ཞེས་ཀྱང་གསུང་བར་མི་འགྱུར་ཏེ། དེའི་དུས་ཀྱི་བདག་ནི་ལུས་ལྟར་ཞིག་པའི་ཕྱིར་དང་འདིར་སྔ་མ་ལས་རང་མཚན་གྱིས་གཞན་པའི་བདག་


JLD015_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་ཁས་བླངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཕུང་པོ་ལྔ་ལས་རང་མཚན་གྱིས་གཞན་པ་མིན་ཏེ། གཞན་དུ་ན་བཅུ་པར་བཤད་པ་ལྟར་ཕུང་པོ་མེད་པར་ཡང་འབྱུང་བ་དང༌། བཅོ་བརྒྱད་པར་བཤད་པ་ལྟར་ཕུང་པོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་དམ་ཕུང་པོ་སོ་སོའི་མཚན་ཉིད་ལས་རྫས་ཐ་དད་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་དང་ཕུང་པོ་རང་བཞིན་གྱིས་ཐ་དད་དུ་མ་གྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་དེ་ལ་ཕུང་པོ་བརྟེན་པ་དང་ཕུང་པོ་དེར་དེ་བཞིན་གཤེགས་པ་བརྟེན་པར་ངོ་བོ་ཉིད་ཀྱིས་མེད་དོ། །ལྷས་བྱིན་གནག་དང་ལྡན་པ་དང་རྣ་བ་དང་ལྡན་པའི་ལྡན་ཚུལ་ལྟར་དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཏེ། རིམ་པ་བཞིན་དུ་རང་བཞིན་གྱིས་ཐ་དད་པ་དང་གཅིག་ཏུ་མ་གྲུབ་པའི་ཕྱིར་རོ། །ཕྱོགས་ལྷག་མ་གསུམ་དང་པོ་གཉིས་སུ་ཅི་རིགས་པར་འདུ་བས་གཅིག་དང་ཐ་དད་ཀྱི་ཕྱོགས་གཉིས་སུ་འདུ་མོད་ཀྱང༌། འཇིག་ལྟས་འཛིན་ཚུལ་གྱི་འཇུག་པ་ལ་ལྟོས་ནས་འདི་དང་བཅུ་པར་ཕྱོགས་ལྔ་གསུངས་སོ། །དེ་ལྟར་ཕྱོགས་ལྔ་རང་བཞིན་གྱིས་མེད་པས་དེ་བཞིན་གཤེགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་གང་ཞིག་ཡོད་པ་ཡིན་ཏེ་འགའ་ཡང་མེད་པས་སྲིད་པའི་རྒྱུན་ཀྱང་རང་བཞིན་གྱིས་མེད་དོ། །གཉིས་པ་ལ་གཉིས། ཕུང་པོ་ལ་བརྟེན་ནས་བཏགས་པའི་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་པ་དགག །དེ་བཞིན་གཤེགས་པ་དང་ཕུང་པོ་ལེན་པ་པོ་དང་བླང་བྱར་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ལ་བཞི། ཕུང་


JLD015_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་བརྟེན་ནས་བཏགས་ན་རང་བཞིན་གྱིས་ཡོད་པ་མ་ཡིན་བ་དང༌། དེ་གཉིས་མི་འགལ་བའི་ལན་དགག་པ་དང༌། རང་དངོས་མ་གྲུབ་ན་གཞན་དངོས་མ་གྲུབ་པ་དང༌། དེས་ན་དེ་བཞིན་གཤེགས་པ་རང་བཞིན་གྱིས་མེད་པར་གྲུབ་པའོ། །དང་པོ་ནི། མང་པོས་བཀུར་བ་དག་ན་རེ་ཇི་སྐད་བཤད་པའི་ཉེས་པར་འགྱུར་བས་དེ་བཞིན་གཤེགས་པ་དང་ཕུང་པོ་གཅིག་དང་གཞན་མ་ཡིན་ཞིང༌། རི་གངས་ཅན་ལ་ཤིང་ལྟར་དེ་བཞིན་གཤེགས་པ་ལ་ཕུང་པོ་དང་ནགས་ཁྲོད་ན་སེང་གེ་ལྟར་ཕུང་པོ་ལ་དེ་བཞིན་གཤེགས་པ་དང༌། འཁོར་སྒྱུར་མཚན་དང་ལྡན་པ་ལྟར་དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པའང་མིན་ཏེ་གཅིག་དང་གཞན་དུ་ཁས་མི་ལན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་ཕུང་པོ་ལ་བརྟེན་ནས་འཇོག་པས། ཕྱོགས་ལྔ་བཀག་པ་ནི་ཁོ་བོ་ཅག་ལ་གནོད་པར་བྱེད་པ་མིན་ནོ་ཞེས་སྨྲའོ། །གལ་ཏེ་སངས་རྒྱས་ཕུང་པོ་ལ་བརྟེན་ནས་འདོགས་ན་འོ་ན་ནི་དེ་རང་བཞིན་ལས་སམ་རང་བཞིན་གྱིས་ཡོད་པ་མིན་པར་འགྱུར་ཏེ་བརྟེན་ནས་བཏགས་པའི་ཕྱིར་གཟུགས་བརྙན་བཞིན་ནོ། །གང་ཞིག་རང་བཞིན་ལས་ཏེ་རང་གི་ངོ་བོ་ཉིད་ལས་མེད་པ་དེ་ཕུང་པོ་ལ་བརྟེན་ནས་གཞན་གྱི་དངོས་པོ་ལས་ངོ་བོ་ཉིད་ཀྱིས་ག་ལ་ཡོད་དེ་མེད་དོ། །གཉིས་པ་ནི། ཅི་སྟེ་གཟུགས་བརྙན་རང་གང་དུ་སྣང་བ་དེའི་རང་བཞིན་དུ་མ་གྲུབ་པས་རང་བཞིན་ལས་ཡོད་པ་མིན་ཡང༌། བྱད་བཞིན་དང་


JLD015_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་ལ་སོགས་པ་གཞན་གྱི་དངོས་པོ་ལ་ལྟོས་ནས་ཡོད་པ་བཞིན་དུ། དེ་བཞིན་གཤེགས་པ་ཡང་རང་བཞིན་ལས་ཡོད་པ་མིན་ཡང་ཕུང་པོ་ལ་བརྟེན་ནས་གཞན་གྱི་དངོས་པོ་ལས་ངོ་བོ་ཉིད་ཀྱིས་ཡོད་པར་འགྱུར་རོ་ཞེ་ན། གལ་ཏེ་དེ་བཞིན་གཤེགས་པ་གང་ཞིག་གཞན་གྱི་དངོས་པོ་ལ་བརྟེན་ནས་གཟུགས་བརྙན་ལྟར་ཡོད་པར་འདོད་ན་ནི། དེ་བཞིན་གཤེགས་པ་དེ་བདག་ཉིད་དེ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པའི་རང་བཞིན་དུ་མི་འཐད་དེ་གཟུགས་བརྙན་བཞིན་ནོ། །གང་ཞིག་གཟུགས་བརྙན་ལྟར་བདག་ཉིད་དེ་རང་བཞིན་གྱིས་མེད་པ་དེ་ཇི་ལྟར་ན་དེ་བཞིན་གཤེགས་པར་རང་བཞིན་གྱིས་ཡོད་པར་འགྱུར་ཏེ་མི་འགྱུར་རོ། །ཚིགས་བཅད་སྔ་མས་ངོ་བོ་ཉིད་ལས་ཡོད་ན་རང་གི་ངོ་བོ་ཁོ་ནས་གདགས་དགོས་ཀྱི་ཕུང་པོ་ལ་བརྟེན་ནས་གདགས་པ་མི་འཐད་དོ་ཞེས་གསུངས་པ་ལ། གཞན་ལ་མ་བརྟེན་པའི་རང་གི་ངོ་བོས་གྲུབ་པ་མིན་གྱི་གཞན་ལ་བརྟེན་ནས་རང་གི་ངོ་བོས་གྲུབ་པའོ་ཞེས་པའི་ལན་དུ་དེ་གཉིས་འགལ་བར་ཚིགས་བཅད་ཕྱི་མས་བསྟན་ནོ། །གསུམ་པ་ནི། དེ་བཞིན་གཤེགས་པ་ངོ་བོ་ཉིད་ཀྱིས་ཡོད་ན་དེ་ལ་ལྟོས་ནས་ཕུང་པོའི་ངོ་བོ་གཞན་དུ་འགྱུར་ལ་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པར་འགྱུར་བ་ཞིག་ན། གལ་ཏེ་དེ་བཞིན་གཤེགས་པ་ལ་ངོ་བོ་ཉིད་ཀྱིས་ཡོད་པའི་རང་བཞིན་ཡོད་པ་མིན་ན། དེ་ལ་ལྟོས་ནས་ཕུང་པོ་རྣམས་གཞན་གྱི་དངོས་པོར་ཡོད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །བཞི་པ་ནི། དེ་ལྟར་རང་དངོས་དང་གཞན་གྱི་དངོས་པོ་དག་ངོ་བོ་ཉིད་ཀྱིས་ཡོད་པ་མིན་པའི་ཕྱིར་རང་བཞིན་དང་གཞན་དངོས་དག་ལས་མ་གཏོགས་


JLD015_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་བཞིན་གཤེགས་པ་རང་བཞིན་གྱིས་གྲུབ་པ་དེ་གང་ཞིག་ཡོད་དེ་མེད་དོ། །བསྟན་བཅོས་འདི་ཡི་གཞུང་ཀུན་བརྟེན་ནས་འབྱུང་བ་དང་རང་གི་མཚན་ཉིད་ཀྱིས་ཡོད་པ་འགལ་བར་རྟོགས་པའི་ཕྱིར་དུ་འཇུག་མོད་ཀྱང་རབ་བྱེད་འདིས་དོན་དེ་ཡང་དང་ཡང་དུ་གསལ་བར་སྟོན་ནོ། །གཉིས་པ་ནི། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་ཕུང་པོ་ལ་བརྟེན་ནས་འདོགས་སོ་ཞེས་སྨྲ་བའི་མང་པོས་བཀུར་བས་ནི། དེ་བཞིན་གཤེགས་པ་ལེན་པ་པོ་དང་དེའི་ཕུང་པོ་བླང་བྱར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་དོ། །དེའི་ཚེ་གལ་ཏེ་ནོར་གྱི་སྔར་གྲུབ་པའི་ལྷས་བྱིན་གྱིས་ནོར་ལེན་པ་བཞིན་དུ། ཕུང་པོ་ལ་མ་བརྟེན་པར་ཏེ་ཕུང་པོའི་སྔར་དེ་བཞིན་གཤེགས་པ་འགའ་ཞིག་ཡོད་ན། དེ་ནི་ད་གཟོད་ཕུང་པོ་དག་ལ་བརྟེན་པར་འགྱུར་ཞིང་ཕུང་པོ་ལ་བརྟེན་ནས་དེ་ནས་དེའི་ལེན་པ་པོར་འགྱུར་ལ་རག་ན། དཔྱད་པ་ན་ཕུང་པོ་རྣམས་ལམ་བརྟེན་པར་ཏེ་དེའི་སྔར་དེ་བཞིན་གཤེགས་པ་འགའ་ཡང་མེད་དེ། དེ་བཞིན་གཤེགས་པར་གདགས་པའི་རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་གང་ཞིག་ཕུང་པོ་ལ་མ་བརྟེན་པར་ཏེ་དེའི་སྔར་ཡོད་པ་མིན་ན། དེ་བཞིན་གཤེགས་པ་དེས་ནི་ཇི་ལྟར་ན་རང་བཞིན་གྱིས་ཕུང་པོ་ཉེ་བར་ལེན་པར་འགྱུར་ཏེ་མི་འགྱུར་རོ། །དེ་ལྟར་ཕུང་པོ་ལེན་པ་ཅུང་ཟད་ཀྱང་རང་བཞིན་གྱིས་མེད་པ་ན། ཕུང་པོ་ལ་བརྟེན་ནས་དེ་བཞིན་གཤེགས་པ་ངོ་བོ་ཉིད་ཀྱིས་ཡོད་པར་


JLD015_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་པ་མི་འཐད་དོ། །དེ་བཞིན་གཤེགས་པ་སྔ་རོལ་ན་མེད་པས་ཉེ་བར་ལེན་པ་ཅུང་ཟད་ཀྱང་རང་བཞིན་གྱིས་ཉེ་བར་བླངས་པ་མ་ཡིན་པས། ཕུང་པོ་རྣམས་ཉེ་བར་ལེན་པར་རང་བཞིན་གྱིས་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །གང་གི་ཚེ་དེ་ལྟར་སུས་ཀྱང་རང་བཞིན་གྱིས་མ་བླངས་པའི་ཕྱིར་ཉེ་བར་ལེན་པ་ཕུང་པོ་རྣམས་རང་བཞིན་གྱིས་ཉེ་བར་ལེན་པར་མི་འགྱུར་བ་དེའི་ཚེ། རང་བཞིན་གྱིས་ཉེ་བར་ལེན་པ་མེད་པ་ཡི་དེ་བཞིན་གཤེགས་པ་རང་བཞིན་གྱིས་གྲུབ་པ་ཅི་ཡང་མེད་དོ། །གསུམ་པ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་བརྟག་པ་རྣམ་པ་ལྔས་ནི་དཔྱད་ཅིང་བཙལ་བར་བྱས་པ་ན། གང་ཞིག་ཕུང་པོ་ལས་དེ་ཉིད་དེ་གཅིག་དང་གཞན་ཉིད་དུ་ངོ་བོ་ཉིད་ཀྱིས་མེད་པས། རྟེན་དང་བརྟེན་པ་སོགས་གསུམ་དུ་ཡང་ངོ་བོ་ཉིད་ཀྱིས་མེད་བའི་དེ་བཞིན་གཤེགས་པ་དེ་རང་བཞིན་གྱིས་ཡོད་པར་ཉེ་བར་ལེན་པ་ཕུང་པོས་ཇི་ལྟར་གདགས་པར་ནུས་ཏེ་མི་ནུས་སོ། །གཉིས་པ་ནི། རྣམ་པར་དཔྱད་པ་འདིས་དེ་བཞིན་གཤེགས་པ་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་གང་ཞིག་ཉེ་བར་བླང་བ་གཟུགས་དང་ཚོར་བ་ལ་སོགས་པ་ཕུང་པོ་ལྔ་པོ་དེ་ཡང་རང་བཞིན་ལས་ཏེ་རང་བཞིན་གྱིས་ཡོད་པ་མིན་ཏེ། དེ་ནི་རྟེན་འབྲེལ་ཡིན་པའི་ཕྱིར་དང་ཕུང་པོ་བརྟག་པར་རང་བཞིན་གྱིས་ཡོད་པ་རྒྱས་པར་བཀག་ཟིན་པའི་ཕྱིར་རོ། །ཅི་སྟེ་ཡང་ཉེ་བར་ལེན་པ་དེ་གཞན་ལ་མ་ལྟོས་པའི་རང་བཞིན་ལས་མེད་ཀྱང་རྒྱུ་རྐྱེན་གཞན་གྱི་དངོས་པོ་ལ་བརྟེན་ནས་རང་བཞིན་གྱིས་ཡོད་


JLD015_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེ་ན། གཞན་ལ་མ་བརྟེན་པར་བདག་གི་དངོས་པོ་ལས་ཏེ་ངོ་བོ་ཉིད་ལས་གང་མེད་པ་དེ་ནི། རྒྱུ་རྐྱེན་གཞན་གྱི་དངོས་པོ་ལས་རང་གཞིན་གྱིས་ཡོད་རེ་སྐན་ཏེ་ཡོད་པ་མི་སྲིད་དེ། རང་གི་ངོ་བོ་ཉིད་ལས་གྲུབ་པ་དང་གཞན་ལ་ལྟོས་དགོས་པ་གཉིས་འགལ་བའི་ཕྱིར་རོ། །ཡང་ན་ཉེ་བར་ལེན་པ་པོ་ལ་ལྟོས་པའི་ཕྱིར་ཉེ་བར་བླང་བྱ་རྣམས་རང་གི་ངོ་བོས་གྲུབ་པ་མེད་དོ། །གལ་ཏེ་དེ་ལྟར་ཡིན་ཀྱང་ཉེ་བར་ལེན་པ་པོ་ལ་ལྟོས་པ་དང་བཅས་བར་འགྱུར་རོ་ཞེ་ན། ཉེ་བར་བླང་བྱ་གང་ཞིག་རང་གི་ངོ་བོ་ལས་མ་གྲུབ་པ་དེ་ལེན་པ་པོ་གཞན་གྱི་དངོས་པོ་ལས་རང་བཞིན་གྱིས་ཡོད་པར་ཇི་ལྟར་འགྱུར། གསུམ་པ་ནི། སྔར་བཤད་པ་དེ་ལྟར་ཉེ་བར་བླང་བར་བྱ་བ་དང་ཉེ་བར་ལེན་པ་པོ་གཉིས་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པས་རྣམ་པ་ཐམས་ཅད་ཀྱིས་སྟོང་པ་ཡིན་ནོ། །དེ་ལྟར་ཉེ་བར་བླང་བྱ་རང་བཞིན་གྱིས་ཡོད་པས་སྟོང་བས། དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་པས་སྟོང་པ་ཇི་ལྟ་བུར་ན་ངོ་བོ་ཉིད་ཀྱིས་ཡོད་པར་འདོགས་པར་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་ཕུང་པོ་ལ་བརྟེན་ནས་བཏགས་པའི་དེ་བཞིན་གཤེགས་པ་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་པ་ནི་མི་རིགས་སོ། །གཉིས་པ་ནི། ཨེ་མ་ཁོ་བོ་ཅག་ནི་གཟེགས་ཟན་ལ་སོགས་པའི་སྟོན་པ་གཞན་སྤངས་ནས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་ཞིང་ཐར་པ་དོན་དུ་གཉེར་ན། དེ་ལྟར་ཉེར་བླང་ཉེར་ལེན་པོ། ཞེས་སོགས་ཀྱིས་དེ་རང་བཞིན་གྱིས་མེད་པར་སྨྲས་པས་ཁོ་བོ་ཅག་གི་ཐར་པའི་རེ་ཐག་བཅད་དོ། །དེའི་ཕྱིར་དེ་


JLD015_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་རྩི་སྨན་གྱི་ལྗོན་ཤིང་རྩད་ནས་འདོན་པ་ཁྱོད་དང་བརྩད་པས་ད་ཆོག་གོ་ཞེ་ན། འདིར་ཁྱོད་འདྲ་བའི་སྐྱེ་བོ་ལ་ཁོ་བོ་ཅག་གི་ཐར་པའི་རེ་བ་ཆད་པ་ཡིན་ཏེ། ཐར་པ་འདོད་པས་སྟོན་པ་གཞན་གྱི་ལུགས་དོར་ནས་སངས་རྒྱས་ལ་སྐྱབས་སུ་སོང་ཡང་བདག་མེད་པའི་སྒྲ་མུ་སྟེགས་ཐམས་ཅད་དང་ཐུན་མོང་མིན་པ་མི་བཟོད་པ་ན། ལམ་ངན་པ་འཁོར་བའི་འབྲོག་དགོན་པ་དང་རྗེས་སུ་མཐུན་པ་དེ་ཉིད་ནས་སོང་བ་ཡིན་ནོ། །ཁོ་བོ་ནི་སྐུར་པ་བཏབ་པས་ཉེས་པར་འགྱུར་བ་དེ་བཞིན་གཤེགས་པ་སྟོང་པ་སྟེ་མེད་པ་ཞེས་ཀྱང་མི་བརྗོད་དོ། །གཞན་ཡང་དེ་བཞིན་གཤེགས་པ་རང་བཞིན་མེད་པར་སྟོན་ཞིང་ཕྱིན་ཅི་མ་ལོག་པའི་དོན་བརྗོད་བར་འདོད་པས་མི་སྟོང་པ་སྟེ་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་ཀྱང་མི་བྱ་ཞིང༌། དེ་གཉིས་ཀར་ཡང་བརྗོད་བར་མི་བྱ་ལ་ཡོད་མེད་གཉིས་ཀ་མིན་པ་ཡང་བརྗོད་པར་མི་བྱ་སྟེ་དོན་དམ་པར་དེ་བཞི་ཀ་ཁས་མི་ལེན་པའོ། །འོན་ཀྱང་ཐ་སྙད་དུ་མ་བརྗོད་ན་གདུལ་བྱ་རྣམས་ཀྱིས་མི་རྟོགས་པས་ཐ་སྙད་ཀྱི་བདེན་པ་ལ་གནས་ནས་ཐ་སྙད་ཀྱི་དོན་དུ། གདུལ་བྱའི་སྐྱེ་བོའི་ངོར་བློས་བཏགས་ནས་སྟོང་པ་དང་མི་སྟོང་པ་དང་སྟོང་མི་སྟོང་གཉིས་ཀ་དང༌། སྟོང་པ་ཡང་མིན་ལ་མི་སྟོང་པ་ཡང་མིན་ནོ་ཞེས་ཀྱང་སྨྲ་སྟེ་དེའི་ཕྱིར་དེ་ཁོ་ན་གདགས་པའི་དོན་དུ་བརྗོད་པར་བྱའོ། །སྟོན་པས་དགོངས་པ་གང་གིས་སྟོང་པ་ལ་སོགས་པ་གསུངས་པ་ནི་བཅོ་བརྒྱད་པ་ལས་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ལ་སྟོང་པ་ལ་སོགས་པ་བཞི་པོ་དོན་དམ་པར་མི་མངའ་བ་དེ་བཞིན་དུ།


JLD015_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་རྟག་པ་དང་མི་རྟག་པ་དང་ལ་སོགས་པས་བསྡུས་པ་རྟག་མི་རྟག་གཉིས་ཀ་དང༌། གཉིས་ཀ་མ་ཡིན་པ་བཞི་ཡི་ལྟ་བ་ལོག་པས་ཇི་ལྟར་བཟུང་བ་ཡང་སངས་རྒྱས་ངོ་བོ་ཉིད་ཀྱིས་ཡོད་པ་ཞི་བ་འདི་ལ་ག་ལ་ཡོད་དེ་མེད་དོ། །དེ་བཞིན་དུ་འཇིག་རྟེན་མཐའ་དང་ལྡན་པ་དང་མཐའ་མེད་པ་དང་ལ་སོགས་ཀྱིས་བསྡུས་པ་མཐའ་དང་ལྡན་མི་ལྡན་གཉིས་ཀ་དང༌། གཉིས་ཀ་མ་ཡིན་པའི་ལོག་པར་ལྟ་བ་བཞིས་བཟུང་བའི་དོན་ཡང་ཞི་བ་འདི་ལ་ག་ལ་ཡོད་དེ་མེད་དོ། །རྒོལ་བ་གང་གིས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་སྙམ་དུ་འཛིན་པ་སྟུག་པོ་བཟུང་བར་གྱུར་པ་དེ་ནི། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ལ་སྟེ་འདས་ནས་དེ་བཞིན་གཤེགས་པ་ཡོད་དོ་ཞེའམ་མེད་ཅེས་པ་དང༌། ཡོད་མེད་གཉིས་ཀ་དང་གཉིས་ཀ་མིན་པ་ཞེས་པའི་ལོག་པར་རྣམ་པར་རྟོག་པ་བཞིས་རྣམ་པར་རྟོག་པར་བྱེད་དོ། །ཚིག་གསལ་གྱི་འགྱུར་གྱི་རྩ་བ་ལ། གང་གིས་དེ་བཞིན་གཤེགས་ཡོད་ཅེས། །འཛིན་པ་སྟུག་པོས་བཟུང་གྱུར་པ། །དེས་ནི་མྱ་ངན་འདས་པ་ལ། །མེད་ཅེས་རྣམ་པར་རྟོག་པར་བྱེད། ཅེས་འབྱུང་ཞིང་དེ་དང་མཐུན་པའི་འགྲེལ་པའང་བསྒྱུར་མོད་ཀྱང༌། བུད་དྷ་པཱ་ལི་ཏ་ལས། གང་གིས་འཛིན་སྟུག་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །དེ་བཞིན་གཤེགས་པ་ཡོད་ཅེའམ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། ཅེས་བསྒྱུར་ཞིང་དེ་དང་མཐུན་པར་འགྲེལ་པ་མཛད་པ་ཉིད་འགྱུར་ལེགས་པར་མཐོང་ནས་དེ་ལྟར་བཤད་དོ། །གང་གི་ལྟར་ན་དེ་བཞིན་གཤེགས་པ་རང་བཞིན་གྱིས་


JLD015_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གྲུབ་པས་སྟོང་པ་དེ་ལ་སངས་རྒྱས་མྱ་ངན་ལས་འདས་ནས་ནི་སངས་རྒྱས་ཡོད་དོ་ཞེའམ་མེད་དོ་ཞེའམ་ཡོད་མེད་གཉིས་ཀ་དང་གཉིས་ཀ་མིན་པ་ཞེས་སེམས་པའི་བསམ་པས་བཟུང་བ་ལྟར་འཐད་པ་ཉིད་དུ་མི་འགྱུར་རོ། །དེ་འདྲ་བའི་ལྟ་བ་བཅུ་གཉིས་དང་ལུས་སྲོག་གཅིག་དང་ཐ་དད་དུ་ལྟ་བ་གཉིས་ནི་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ཞེས་གསུངས་པ་ཡིན་ཏེ། དེ་ཐམས་ཅད་བདག་ངོ་བོ་ཉིད་ཀྱིས་ཡོད་པ་ལ་བརྩམས་ནས་འདྲི་བས་ལན་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་འདྲི་བ་དེ་དག་ནི་ཟབ་མོའི་སྣོད་མིན་པས་བདག་མེད་པའི་དོན་ནི་བཤད་དུ་མི་རུང་ལ། རྟག་མི་རྟག་ལ་སོགས་པ་བཤད་པས་ཀྱང་རྟག་ཆད་ཀྱི་ལྟ་བ་སྐྱེད་ཅིང་དོན་དུ་ཡང་མི་འགྱུར་བའི་ཕྱིར་རོ། །འདིར་འཇིག་རྟེན་ནི་བདག་ལ་ཟེར་ལ་དེ་ནི་དེ་བཞིན་གཤེགས་པ་ལ་ཡང་བྱ་བས་འདིར་དེ་ཐམས་ཅད་སངས་རྒྱས་ལ་སྦྱར་ལ། ལྟ་བ་ཐ་མ་གཉིས་སྐབས་འདིར་མ་གསུངས་ཀྱར་སྔར་ཕུང་པོ་དང་གཅིག་ཐ་དད་བཀག་པ་ལ་དེ་གཉིས་མི་རུང་བའི་དོན་ཚང་ངོ་། །གསུམ་པ་ནི། གང་དག་བློ་ཞན་པ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་པའི་སྤྲོས་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང༌། རང་བཞིན་གྱིས་སྐྱེ་བ་མེད་པས་རང་བཞིན་གཞན་དུ་འགྲོ་བའི་ཟད་པ་མེད་པ་ལ། སྔར་བཤད་པ་ལྟར་གྱི་རྟག་མི་རྟག་ལ་སོགས་པའི་ལོག་པར་རྟོག་པས་སྤྲོས་པར་བྱེད་པ་སྤྲོས་པ་དེ་དག་གིས། ཡེ་ཤེས་ཀྱི་མིག་ཉམས་པར་གྱུར་པ་དེ་དག་ཀུན་གྱིས་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་མཐོང་བར་མི་འགྱུར་ཏེ་དམུས་ལོང་


JLD015_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཉི་མ་བཞིན་ནོ། །དེའི་ཕྱིར་སུམ་བརྒྱ་པ་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས། ཞེས་གསུངས་སོ། །ཚིག་དེ་དག་གིས་ནི་གཟུགས་སྒྲ་ལ་སོགས་པའི་སྤྲོས་པའི་ཆོས་སུ་བདེན་པར་འཛིན་པས་ནི། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ལ་ལོག་པར་ཞུགས་ཤིང་སྤོང་བ་ཡིན་པས། དེས་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་མི་མཐོང་བས་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ནི་ཆོས་ཉིད་དུ་ལྟ་བར་བྱ་བ་དང་ཆོས་ཀྱི་སྐུའོ། །ཆོས་ཉིད་ནི་སྔར་ལྟར་བཟུང་བའི་ཚུལ་གྱིས་ཤེས་པར་བྱ་བ་མིན་ཏེ་ཚུལ་དེས་ཤེས་པར་མི་ནུས་པའི་ཕྱིར་རོ་ཞེས་བསྟན་ཏེ། སྤྲོས་པས་བློ་མིག་ཉམས་པས་དེ་བཞིན་གཤེགས་པའི་དེ་ཉིད་མི་མཐོང་བའི་ཤེས་བྱེད་ཡིན་པའི་ཕྱིར་དང༌། སྤྲོས་པའི་རྟོག་པས་བློ་མིག་མ་བསླད་ན་མཐོང་བར་དོན་གྱིས་བསྟན་པའི་ཕྱིར་རོ། །བཞི་པ་ནི། དེ་བཞིན་གཤེགས་པ་བརྟགས་པས་སེམས་ཅན་གྱི་འཇིག་རྟེན་ཡང་བརྟགས་པ་ཡིན་ལ་སེམས་ཅན་གྱི་འཇིག་རྟེན་རང་བཞིན་མེད་པ་ལྟར་སྣོད་ལ་ཡང་རང་བཞིན་མེད་དེ། དེ་བཞིན་གཤེགས་པའི་རང་བཞིན་གང་ཡིན་པ་དེ་དང་འདྲ་བར་འགྲོ་བ་འདི་ཡི་རང་བཞིན་ཡང་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་རང་བཞིན་གང་ཞེ་ན། དེ་བཞིན་གཤེགས་པ་ནི་ཕུང་པོ་ལ་བརྟེན་ནས་བཏགས་ཀྱི་


JLD015_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོ་ཉིད་ལས་གྲུབ་པ་མེད་པས་རང་བཞིན་གྱིས་གྲུབ་པ་མེད་དོ། །དེ་བཞིན་དུ་འགྲོ་བ་འདི་དག་ཀྱང་ལྟོས་ས་དེ་དང་དེ་དག་ལ་བརྟེན་ནས་བཏགས་ཀྱི་རང་ལས་རབ་ཏུ་གྲུབ་པ་ཡི་རང་བཞིན་ཉིད་མེད་དོ། །འགྲོ་བ་ངོ་བོ་ཉིད་མེད་པར་ནི་རྐྱེན་བརྟག་པ་སོགས་ལས་བསྟན་ཟིན་ཏོ། །གཉིས་པ་ནི། དེ་ལྟར་དེ་བཞིན་གཤེགས་པ་དང་དེའི་ཆོས་ཕུང་པོ་རྣམས་རང་བཞིན་མེད་པར་བཤད་པ་དེ་ཉིད་ཟབ་མོའི་ལུང་གིས་ཀྱང་གྲུབ་པ་དང་། དེ་ལྟར་བཤད་པ་ཐམས་ཅད་རབ་ཏུ་བྱེད་པ་འདིས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་མཚོན་ནི། ཡེ་ཤེས་སྣང་པ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད། །དེ་བཞིན་གཤེགས་པ་ཟག་པ་མེད་པ་ཡི། །དགེ་བའི་ཆོས་ཀྱི་གཟུགས་བརྙན་ལྟ་བུ་ཡིན། །འདི་ན་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་ཐམས་ཅད་ཀྱིས་ནི་གཟུགས་བརྙན་མཐོང༌། ཞེས་དང༌། བཅོམ་ལྡན་འདས་མ་ལས་ཀྱང༌། འཕགས་པ་རབ་འབྱོར་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་ཡིན་གྱི་སྒྱུ་མ་མ་ཡིན་ནམ་དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་རྨི་ལམ་ལྟ་བུ་སྟེ། ལྷའི་བུ་དག་དེ་ལྟར་ན་སྒྱུ་མ་དང་སེམས་ཅན་དེ་དག་ནི་གཉིས་སུ་མེད་དེ་གཉིས་


JLD015_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱར་མེད་པའོ། །དེ་ལྟར་ན་རྨི་ལམ་དང་སེམས་ཅན་དེ་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལྷའི་བུ་དག་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་གསུངས་ཤིང་། རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དང་དེ་དག་གི་འབྲས་བུ་བཞི་ཡང་དེ་ལྟར་གསུངས་ཏེ་གང་ཟག་དང་དེའི་རྒྱུད་ཀྱི་འབྲས་བུ་རྣམས་རང་བཞིན་མེད་པར་བསྟན་ནོ། །དེ་ནས་རང་སངས་རྒྱས་དང་རང་སངས་རྒྱས་ཉིད་དང་རྫོགས་པའི་སངས་རྒྱས་དང་སངས་རྒྱས་ཉིད་ཀྱང་དེ་ལྟར་གསུངས་པས་ནི་གང་ཟག་དང་དེའི་ཆོས་གཉིས་རང་བཞིན་མེད་པར་སྟོན་པའོ། །དེ་ནས་འཕགས་པ་རབ་འབྱོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའམ། རབ་འབྱོར་གྱིས་སྨྲས་པ་ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་སྨྲ་ན་ཆོས་གཞན་ལྟ་ཅི་སྨོས། ལྷའི་བུ་དག་གིས་སྨྲས་པ་འཕགས་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་ཁོ་བོ་ནི་མྱ་ངན་ལས་འདས་པ་བས་ཆོས་ཁྱད་པར་དུ་འཕགས་པའི་ཆོས་འགའ་ཞིག་ཡོད་ནའང་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའོ། །དེ་ལྟ་ན་རྨི་ལམ་དང་མྱ་ངན་ལས་འདས་པ་འདི་ནི་གཉིས་སུ་མེད་གཉིས་སུ་བྱར་མེད་དོ་ཞེས་གསུངས་སོ། །གསུམ་པ་ནི།


JLD015_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་ན་དེ་བཞིན་གཤེགས་པ་དང་དེའི་ཆོས་རྣམས་ཀྱི་རྣམ་གཞག་གཏན་མི་རུང་ཞིང༌། དེས་སྟོང་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་གཞག་ཐམས་ཅད་ཤིན་ཏུ་འཐད་པས་དེ་བཞིན་གཤེགས་པ་སྐྱབས་གནས་སོགས་སུ་འཇོག་པ་ཡང་ལུགས་འདི་ཁོ་ན་ལ་ཤིན་ཏུ་འཐད་པ་ཡིན་ནོ། །དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་དྲུག་གི་བདག་ཉིད་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།གཉིས་པ་ཉོན་མོངས་རང་བཞིན་གྱིས་ཡོད་པ་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། དེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ་སྲིད་པའི་རྒྱུ་ནི་རང་བཞིན་གྱིས་ཡོད་དེ་དེའི་རྒྱུ་རང་བཞིན་གྱིས་ཡོད་པའི་ཕྱིར་རོ། །འདི་ན་ཉོན་མོངས་པ་ལས་ནི་ལས་འབྱུང་ཞིང་ལས་དང་ཉོན་མོངས་པའི་འབྲས་བུ་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་སྐྱེ་ལ་དེ་ཡང་སྲིད་པའི་རྒྱུན་ནོ། །གཙོ་བོའི་རྒྱུ་ནི་ཉོན་མོངས་ཡིན་ཏེ་དེ་སྤངས་ན་ལས་ཡོད་ཀྱང་སྲིད་རྒྱུན་ལྡོག་པའི་ཕྱིར་རོ། །གལ་ཏེ་ཉོན་མོངས་པ་རང་བཞིན་གྱིས་ཡོད་ན་སྲིད་པའི་རྒྱུན་རང་བཞིན་གྱིས་ཡོང་མོད་ཀྱང་དེ་མེད་དོ་ཞེས་འགོག་པ་ལ་གཉིས། ཉོན་མོངས་པ་རང་བཞིན་གྱིས་ཡོད་པ་དགག །དེའི་སྒྲུབ་བྱེད་དེ་སྤོང་བའི་ཐབས་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ལ་ལྔ། རྟེན་འབྲེལ་གྱི་རྟགས་ཀྱིས་དགག །རྟེན་རང་བཞིན་གྱིས་མེད་པའི་རྟགས་ཀྱིས་དགག །རྒྱུ་རང་བཞིན་གྱིས་མེད་པའི་རྟགས་ཀྱིས་དགག །


JLD015_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་རང་བཞིན་གྱིས་མེད་པའི་རྟགས་ཀྱིས་དགག །རྒྱུ་རང་བཞིན་གྱིས་མེད་པའི་རྟགས་བཞན་གྱིས་དགག་པའོ། །དང་པོ་ནི། མདོ་སྡེ་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཚུལ་བཞིན་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་འབྱུང་བར་གསུངས་ཏེ། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་བྱུང༌། ཞེས་མདོ་སྡེ་ལས་འབྱུང་བའི་ཕྱིར་རོ། །དུག་གསུམ་ཙམ་ཞིག་སྨོས་པ་ནི་ཉོན་མོངས་པ་གཞན་ཐམས་ཅད་འདི་གསུམ་གྱི་འབྲས་བུ་ཡིན་བས་འདི་གསུམ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ཡང་སྡུག་པའི་རྣམ་པ་ལ་བརྟེན་པ་ལས་འདོད་ཆགས་དང་མི་སྡུག་པའི་རྣམ་པ་ལ་བརྟེན་པ་ལས་ཞེ་སྡང་དང༌། ཕྱིན་ཅི་ལོག་ལ་བརྟེན་པ་ཉིད་ལས་གཏི་མུག་ཀུན་ཏུ་འབྱུང་སྟེ་ཀུན་རྟོག་ནི་དེ་གསུམ་གྱི་རྒྱུ་ཐུན་མོང་བའོ། །རྟེན་འབྲེལ་གྱི་མདོ་ལས། མ་རིག་པའི་རྒྱུ་གང་ཞེ་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ་ཞེས་དང་ཡིད་ལ་བྱེད་པ་རྙོག་པ་ཅན་ལས་གཏི་མུག་སྐྱེ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་གཏི་མུག་ཀུན་རྟོག་ལས་སྐྱེ་བར་ཤེས་སོ། །གང་དག་ཡུལ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་ལ་བརྟེན་ནས་འབྱུང་བ་དེ་དག་ནི་རང་བཞིན་ལས་མེད་དེ། ཆགས་སོགས་རང་བཞིན་གྱིས་གྲུབ་ན་ནི་རང་བཞིན་མ་བཅོས་པ་དང་རྒྱུ་རྐྱེན་གཞན་ལ་ལྟོས་པ་མེད་པའི་ཕྱིར། ཡུལ་སྡུག་པ་སོགས་ལ་བརྟེན་ནས་མི་འབྱུང་བ་ཞིག་ན་ཡུལ་སྡུག་པ་སོགས་ལ་བརྟེན་ནས་འབྱུང་ངོ་། །དེའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དེ་དག་ཡང་དག་པར་མེད་དེ་དེ་ཡང་དོན་དམ་


JLD015_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པར་མེད་པ་དང་རང་བཞིན་གྱིས་མེད་པའི་དོན་ཏོ། །འདིས་ནི་དགག་བྱ་ལ་ཡང་དག་པ་སོགས་ཀྱི་ཁྱད་པར་མ་སྦྱར་བར་བཀག་ན་མི་རུང་བར་སྟོན་ཏེ་གཞན་ལ་ཡང་འདྲའོ། །གཏི་མུག་གི་རྒྱུའི་ཀུན་རྟོག་ནི་ཕྱིན་ཅི་ལོག་སྟེ་འཆད་པར་འགྱུར་ལ་ཆགས་སྡང་གཉིས་ཀྱི་རྒྱུའི་ཀུན་རྟོག་ནི་སྡུག་པ་དང་མི་སྡུག་པའི་མཚན་མ་སྒྲོ་འདོགས་པའི་ཚུལ་མིན་ཡིད་བྱེད་དེ། །སློབ་དཔོན་གཞན་གཉིས་ཀྱིས་ཚིགས་བཅད་དང་པོའི་དོན་དུག་གསུམ་ལས་འབྱུང་བས་རང་བཞིན་གྱིས་ཡོད་དོ་ཞེས་པའི་ལན་དུ་ཚིགས་བཅད་གཉིས་པས་དེ་འགོག་པར་མཛད་ཅིང་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་ཅེས་གཉིས་སུ་འཆད་དོ། །འབྲས་བུ་རྒྱུ་ལས་འབྱུང་བ་དབུ་མ་བས་རང་བཞིན་མེད་པའི་སྒྲུབ་བྱེད་དུ་བཞེད་ལ་དངོས་པོར་སྨྲ་བས་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དུ་སྨྲ་བས་སྒོ་གཉིས་ཀ་ནས་བཤད་དུ་རུང་བས་མི་འགལ་ལ། སྟོང་ཉིད་བདུན་ཅུ་བའི་རང་འགྲེལ་དུ་སྡུག་པ་སོགས་གསུམ་རིམ་པ་བཞིན་དུ་དུག་གསུམ་གྱི་རྒྱུར་གསུངས་སོ། །རྣམ་རྟོག་གི་དབང་གིས་སྐྱེ་བ་ལ་རང་མཚན་གྱིས་ཡོད་པས་སྟོང་པ་བསྒྲུབ་སླ་བས་དེ་ཉིད་དེའི་སྒྲུབ་བྱེད་དུ་ཡང་གསུངས་ཏེ། སྟོང་ཉིད་བདུན་ཅུ་པ་ལས། གང་ཕྱིར་དེར་ཆགས་དེར་སྡང་དེར། །རྨོངས་པ་དེ་ཕྱིར་དེ་དག་ནི། །རྣམ་རྟོག་གིས་བསྐྱེད་རྣམ་རྟོག་ཀྱང༌། །ཡང་དག་ཉིད་དུ་ཡོད་མ་ཡིན། ཞེས་གསུངས་སོ། །གཉིས་པ་ལ་གཉིས། བདག་རྟེན་དུ་མེད་པའི་རྟགས་ཀྱིས་དགག །སེམས་རྟེན་དུ་མེད་པའི་རྟགས་ཀྱིས་དགག་པའོ། །དང་པོ་ནི། བདག་གི་ཡོད་པ་དང་མེད་པ་ཉིད་ཇི་ལྟ་བུར་ཡང་རང་བཞིན་གྱིས་གྲུབ་པ་


JLD015_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ནི་བདག་བརྟག་པ་ལ་སོགས་པར་བཤད་ཟིན་ཏོ། །དེ་མེད་པའི་ཕྱིར་ན་བདག་དེ་ལ་བརྟེན་པའི་ཉོན་མོངས་པ་རྣམས་ཀྱི་ཡོད་པ་ཉིད་དང་མེད་པ་ཉིད་རང་བཞིན་གྱིས་འགྲུབ་པ་ཇི་ལྟར་ཡོད་པར་འགྱུར་ཏེ་མི་འགྱུར་རོ། །གལ་ཏེ་བདག་གི་ཡོད་པ་དང་མེད་པ་རང་བཞིན་གྱིས་མེད་པས་ཉོན་མོངས་ཀྱི་ཡོད་པ་དང་མེད་པ་རང་བཞིན་གྱིས་མི་འགྲུབ་པའི་རྒྱུ་མཚན་གང་ཡིན་སྙམ་ན། ཉོན་མོངས་རྣམས་ནི་རྩིག་ངོས་ཀྱི་རི་མོ་བཞིན་དུ་བསྐྱེད་པར་བྱ་བ་རྟོག་པ་ལ་ལྟོས་པས་ཉོན་མོངས་འདི་དག་རྟེན་གང་ཞིག་གི་ཡིན་པར་འགྱུར་གྱི་རྟེན་མེད་པར་མད་དོ། །རྟེན་དེ་ཡང་བརྟགས་པ་ན་བདག་གམ་སེམས་ཅན་གཅིག་ཡིན་ན་དེ་ནི་སྔར་རྒྱས་པར་བཀག་ཟིན་པས་རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན་ནོ། །རྟེན་བདག་གམ་གང་ཟག་འགའ་ཡང་མེད་པར་ནི་རྟེན་གང་གི་ཡང་ཉོན་མོངས་པ་དག་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། གལ་ཏེ་ཉོན་མོངས་ཀྱི་རྟེན་སྔར་གྲུབ་པ་ཡང་ཁས་མི་ལེན་ལ་རྟེན་དུ་གྱུར་པའི་བདག་ཀྱང་མེད་མོད་ཀྱང༌། ཉོན་མོངས་ཅན་གྱི་སེམས་ལ་བརྟེན་ནས་ཉོན་མོངས་རྣམས་སྐྱེ་བར་འགྱུར་ལ་སེམས་དེ་ཡང་ཉོན་མོངས་དང་ལྷན་ཅིག་སྐྱེའོ་ཞེས་ཟེར་རོ། །རང་གི་ལུས་ལ་ལྟ་བའི་འཇིག་ལྟས་བཟུང་བའི་ཡུལ་གྱི་བདག་དེ་རྣམ་པ་ལྔར་དཔྱད་པ་ན་ཡོད་པ་མིན་པ་དེ་བཞིན་དུ། ཉོན་མོངས་པར་བྱེད་པའི་ཉོན་མོངས་པ་རྣམས་ཉོན་མོངས་པར་བྱ་བའི་ཉོན་མོངས་ཅན་ལ་རྣམ་པ་ལྔར་མེད་དོ། །དེ་ལ་ཉོན་མོངས་ཅན་གྱི་སེམས་དེ་ཉིད་སེམས་བྱུང་ཉོན་མོངས་པ་ཡིན་ནོ་ཞེས་པ་མི་རིགས་ཏེ་གཞན་དུ་ན་བྱེད་པ་པོ་དང་ལས་གཉིས་གཅིག་ཏུ་འགྱུར་བའི་ཕྱིར་རོ། །དེ་གཉིས་


JLD015_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རང་མཚན་གྱིས་གཞན་དུ་ཡང་མེད་དེ་གཞན་དུ་ནི་མི་ལྟོས་པར་འགྱུར་བའི་ཕྱིར་རོ། །རང་བཞིན་གྱིས་གཅིག་དང་ཐ་དད་གང་དུ་ཡང་མེད་པའི་ཕྱིར་ཕན་ཚུན་རྟེན་དང་བརྟེན་པ་དང་ལྡན་པ་ཡང་ངོ་བོ་ཉིད་ཀྱིས་མེད་དོ། །རང་གི་ལུས་ལ་ལྟ་བའི་འཇིག་ལྟས་བཟུང་བའི་བདག་རྣམ་པ་ལྔར་མེད་པ་བཞིན་དུ་ཉོན་མོངས་ཅན་གྱི་སེམས་ཀྱང་ཉོན་མོངས་པ་ལ་རྣམ་པ་ལྔར་མེད་པ་སྔར་བཤད་པ་བཞིན་དུ་སྦྱར་ཏེ་འདི་ནི་ཞར་ལ་བྱུང་བའོ། །གསུམ་པ་ནི། གལ་ཏེ་ཉོན་མོངས་པ་རྣམས་རང་བཞིན་གྱིས་ཡོད་དེ་དེའི་རྒྱུ་སྡུག་མི་སྡུག་ཕྱིན་ཅི་ལོག་རྣམས་རང་བཞིན་གྱིས་ཡོད་པའི་ཕྱིར་རོ་ཞེ་ན། ཡུལ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་རྣམས་ནི་རང་གི་རང་བཞིན་ལས་ཏེ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཏེ་རྟེན་འབྲེལ་ཡིན་པའི་ཕྱིར་དང་དེ་རྣམས་རང་བཞིན་གྱིས་ཡོད་པ་འགོག་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་སྡུག་མི་སྡུག་ཕྱིན་ཅི་ལོག་ལ་བརྟེན་ནས་ཉོན་མོངས་གང་དག་བྱུང་བ་དེ་དག་ནི་རང་བཞིན་གྱིས་ཡོད་པ་མིན་ནོ། །བཞི་པ་ནི། ཉོན་མོངས་པ་རྣམས་རང་བཞིན་གྱིས་ཡོད་དེ་དེ་དག་གི་དམིགས་པ་དྲུག་རང་བཞིན་གྱིས་ཡོད་པའི་ཕྱིར་རོ་ཞེ་ན། དེ་ལ་གཟུགས་སུ་རུང་བས་གཟུགས་དང་སྒྲོགས་ཤིང་སྟོན་པས་སྒྲ་དང་བྲོ་ཞིང་མྱང་བས་རོ་དང་བརྡུབ་ཅིང་བསྣམ་པར་བྱ་བས་དྲི་དང་རེག་པར་བྱ་བས་རེག་བྱ་དང༌། མཚན་ཉིད་འཛིན་པས་སམ་ཆོས་ཀྱི་མཆོག་མྱང་ངན་ལས་འདས་པ་འཛིན་པས་ཆོས་ཏེ་རྣམ་པ་དྲུག་ནི་འདིར་གནས་པས་གཞི་སྟེ་དམིགས་པ་ཡིན་ནོ། །གང་གི་ན་སེམས་དགའ་བར་བྱེད་པས་འདོད་ཆགས་དང་སེམས་སུན་འབྱིན་པར་བྱེད་པས་ཞེ་སྡང་དང་སེམས་གཏི་མུག་ཏུ་བྱེད་པས་གཏི་མུག་གི་ནི་གཞི་ཡིན་ཏེ། དེ་དག་


JLD015_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྡུག་པའི་རྣམ་པར་སྒྲོ་བཏགས་པས་འདོད་ཆགས་དང་མི་སྡུག་པའི་རྣམ་པར་སྒྲོ་བཏགས་པས་ཞེ་སྡང་དང་རྟག་བདག་ལ་སོགས་པར་སྒྲོ་བཏགས་པས་གཏི་མུག་སྐྱེའོ། །དེ་རྣམས་ཁྱོད་ཀྱིས་ཉོན་མོངས་པའི་གཞིར་བཏགས་པ་བདེན་མོད་ཀྱང་གཟུགས་དང་སྒྲ་དང་རོ་དང་རེག་པ་དང་དྲི་དང་ཆོས་དག་འབའ་ཞིག་སྟེ་བཏགས་པ་ཙམ་དུ་ཟད་ཀྱི་རང་བཞིན་གྱིས་གྲུབ་པ་མེད་དོ། །གལ་ཏེ་རང་བཞིན་མེད་ན་དམིགས་པ་འདི་ཇི་ལྟར་ཡིན་ཞེ་ན། རང་བཞིན་མེད་བཞིན་དུ་དམིགས་པ་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་སྨིག་རྒྱུ་དང་རྨི་ལམ་དང་འདྲ་བ་ཡིན་ནོ། །ལྔ་པ་ལ་གཉིས། ཆགས་སྡང་གི་རྒྱུ་རང་བཞིན་གྱིས་གྲུབ་པ་དགག་གཏི་མུག་གི་རྒྱུ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ནི། གང་གི་ཚེ་དེ་དག་དྲི་བའི་གྲོང་ཁྱེར་ལ་སོགས་པ་ལྟར་ཕྱིན་ཅི་ལོག་ལས་རང་བཞིན་གྱིས་མེད་བཞིན་དུ་དེར་དམིགས་པ་འབའ་ཞིག་ཏུ་ཟད་པ་དེའི་ཚེ། ཡུལ་དྲུག་སྒྱུ་མའི་སྐྱེས་བུ་ལྟ་བུ་དང་གཟུགས་བརྙན་འདྲ་བ་དེ་དག་ལ་སྟེ་དེ་དག་གི་སྡུག་པའི་མཚན་མ་དང༌། མི་སྡུག་པའི་མཚན་མ་རང་བཞིན་གྱིས་ཡོད་པ་འབྱུང་བར་ཡང་ནི་ག་ལ་འགྱུར་ཏེ་མི་འགྱུར་ཏེ་རྟེན་ལོག་པའི་དབང་གིས་བྱུང་བས་སོ། །ཇི་སྐད་དུ། ངར་འཛིན་ལས་བྱུང་ཕུང་པོ་རྣམས། །ངར་འཛིན་དེ་ནི་དོན་དུ་བརྫུན། །གང་གི་ས་བོན་བརྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཅེས་གསུངས་སོ། །དེ་དག་ནི་རྟེན་ལོག་པ་ཡིན་པས་སྡུག་མི་སྡུག་གི་མཚན་མ་བརྫུན་པར་སྟོན་པའི་རིགས་པའོ། །ད་ནི་ཕན་ཚུན་རྟེན་པའི་རྒྱུ་མཚན་


JLD015_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཀྱང་བརྫུན་པར་བསྟན་པར་བྱ་སྟེ། འདི་ན་སྡུག་མི་སྡུག་ནི་རིང་ཐུང་ལྟར་ཕན་ཚུན་ལྟོས་ནས་ཡོད་ཀྱི་མ་ལྟོས་པར་མེད་དོ། །དེ་ལྟ་ནི་མི་སྡུག་པ་གང་ལ་བརྟེན་པ་སྟེ་ལྟོས་ནས་སྡུག་པ་ཞེས་གདགས་པ་སྟེ་གཞག་པར་བྱ་བའི་ལྟོས་ས་མི་སྡུག་པ་ནི། སྡུག་པ་ལ་མི་ལྟོས་པར་ཡོད་པ་མིན་པས་དེའི་ཕྱིར་ཡུལ་སྡུག་པ་ངོ་བོ་ཉིད་ཀྱིས་ཡོད་པ་འཐད་པ་མ་ཡིན་ན་སྟེ། ཡུལ་མི་སྡུག་པ་སྡུག་པ་ལ་ལྟོས་ན་ངོ་བོ་ཉིད་ཀྱིས་མེད་ལ་ལྟོས་ས་ངོ་བོ་ཉིད་ཀྱིས་མེད་ན་ལྟོས་ཆོས་ངོ་བོ་ཉིད་ཀྱིས་ཡོད་པ་འགལ་བའི་ཕྱིར་རོ། །ཡུལ་སྡུག་པ་གང་ལ་བརྟེན་པ་སྟེ་ལྟོས་ནས་མི་སྡུག་པར་གདགས་པ་སྟེ་གཞག་པར་བྱ་བའི་ལྟོས་ས་སྡུག་པ་ནི། མི་སྡུག་པ་ལ་མི་ལྟོས་པར་ཡོད་པ་མིན་པས་དེའི་ཕྱིར་མི་སྡུག་པ་ངོ་བོ་ཉིད་ཀྱིས་ཡོད་པ་འཐད་པ་མ་ཡིན་ནོ། །དེ་ལྟར་སྡུག་པའི་མཚན་མ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ན་དེའི་རྒྱུ་ཙམ་གྱི་འདོད་ཆགས་ཡོད་པ་དག་པར་འགྱུར་ལ། མི་སྡུག་པའི་མཚན་མ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ན་དེའི་རྒྱུ་ཅན་གྱི་ཞེ་སྡང་ཡོད་བར་ག་ལ་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །གཉིས་པ་ལ་བཞི། ཕྱིན་ཅི་ལོག་རང་བཞིན་གྱིས་གྲུབ་པ་དགག །ཕྱིན་ཅི་ལོག་དང་ལྡན་པ་རང་བཞིན་གྱིས་གྲུབ་པ་དགག །ཕྱིན་ཅི་ལོག་གི་ཡུལ་ཡོད་མེད་བརྟགས་ལ་དགག །དེ་ལྟར་འགོག་པ་དོན་ཆེ་བར་བསྟན་པའོ། །དང་པོ་ལ་གསུམ། རྟག་འཛིན་ཕྱིན་ཅི་ལོག་ཏུ་རང་བཞིན་གྱིས་གྲུབ་པ་དགག །མི་རྟག་པར་འཛིན་པ་ཕྱིན་ཅི་མ་ལོག་པར་རང་བཞིན་གྱིས་གྲུབ་པ་དགག །འཛིན་པ་ཙམ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ནི། འདིར་ཕྱིན་ཅི་ལོག་བཞི་


JLD015_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཕུང་པོ་ལྔ་པོ་སྐད་ཅིག་རེ་རེ་ལ་འཇིག་ཅིང་མི་རྟག་པ་ལ་རྟག་གོ་སྙམ་པ་དང་ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་བ་ལ་བདེའོ་སྙམ་པ་དང༌། ལུས་མི་གཙང་བ་ལ་གཙང་བར་འཛིན་པ་དང་ཕུང་པོ་བདག་གི་མཚན་ཉིད་དང་མི་མཐུན་པ་ལ་བདག་ཏུ་འཛིན་པའོ། །དེ་བཞི་ནི་གཏི་མུག་གི་རྒྱུ་ཡིན་ནོ། །དེ་ལ་བདག་ཏུ་འཛིན་པ་ནི་གཏི་མུག་གི་རིགས་འདྲ་སྔ་མས་ཕྱི་མའི་རྒྱུ་བྱེད་ལ་གཞན་གསུམ་ནི་ལྷན་ཅིག་བྱེད་པའི་རྐྱེན་དུའང་འགྱུར་རོ། །གལ་ཏེ་ཕུང་པོ་རྟག་པས་སྟོང་པའི་མི་རྟག་པ་ལ་རྟག་པའོ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་ཡིན་ནོ་ཞེས་རྣམ་པར་འཇོག་ན། ཕུང་པོ་ངོ་བོ་ཉིད་ཀྱིས་ཡོད་པས་སྟོང་པ་ལ་མི་རྟག་པར་རང་གི་ངོ་བོས་ཡོད་པ་མིན་པས་ཕུང་པོ་རྟག་པར་འཛིན་པ་ཇི་ལྟར་ན་ཕྱིན་ཅི་ལོག་ཏུ་རང་བཞིན་གྱིས་གྲུབ་པ་ཡིན་ཏེ། མིན་ནོ། །དེ་བཞིན་དུ་ལྷག་མ་གསུམ་ལའང་སྦྱར་ཏེ། གལ་ཏེ་སྡུག་བསྔལ་བདེའོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་སྡུག་བསྔལ་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་བ་ཡིན། ཞེས་པའི་ཚུལ་གྱིས་སོ། །འགྲེལ་ཆེན་གཞན་གཉིས་སུ། གལ་ཏེ་མི་རྟག་རྟག་པ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་རྟག་པ་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། ཞེས་འབྱུང་ངོ་། །གཉིས་པ་ནི། གལ་ཏེ་མི་རྟག་པ་ལ་རྟག་གོ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་ཡིན་ནོ་ཞེས་རྣམ་པར་འཇོག་ན། དངོས་པོ་རང་བཞིན་གྱིས་མེད་པ་ལ་མི་རྟག་པ་ཡང་རང་བཞིན་གྱིས་མེད་པས་རང་བཞིན་གྱིས་ཡོད་པས་སྟོང་པ་ལ་མི་རྟག་པའོ་ཞེས་འཛིན་པའང་ཇི་


JLD015_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་ཕྱིན་ཅི་ལོག་མ་ཡིན་པར་རང་བཞིན་གྱིས་ཡོད་དེ་མེད་དོ། །མི་རྟག་པར་འཛིན་པ་ཕྱིན་ཅི་མ་ལོག་པའི་ཤེས་པར་རང་བཞིན་གྱིས་གྲུབ་ན་མི་རྟག་པ་ཤེས་བྱ་ཕྱིན་ཅི་མ་ལོག་པར་རང་བཞིན་གྱིས་གྲུབ་དགོས་པའི་རིགས་པའོ། །དེ་ལྟར་ཕུང་པོ་ལ་ལྟོས་ཏེ་རྟག་མི་རྟག་གཉིས་ཀ་ཤེས་བྱ་ཕྱིན་ཅི་མ་ལོག་པར་ངོ་བོ་ཉིད་ཀྱིས་མེད་བ་ན་དེ་གཉིས་ལས་མ་གཏོགས་པའི་ཤེས་བྱ་ཕྱིན་ཅི་མ་ལོག་པ་ངོ་བོ་ཉིད་ཀྱིས་གྲུབ་པ་ཅི་ཡང་མེད་དོ། །དེ་མེད་པའི་ཕྱིར་ཤེས་བྱ་ཕྱིན་ཅི་མ་ལོག་པ་རང་བཞིན་གྱིས་གྲུབ་པ་ཅི་ལ་ལྟོས་ནས་ཕྱིན་ཅི་ལོག་ཏུ་འགྱུར་བ་གང་ཞིག་ཡོད། དེ་བཞིན་དུ་ལྷག་མ་གསུམ་ལ་ཡང་སྦྱར་ཏེ། གལ་ཏེ་སྡུག་བསྔལ་བདེའོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་སྡུག་བསྔལ་ཉིད་དོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། ཞེས་པའི་ཚུལ་གྱིས་སོ། །རྟག་འཛིན་ཕྱིན་ཅི་ལོག་ཏུ་རང་བཞིན་གྱིས་གྲུབ་ན་མི་རྟག་པ་ཕྱིན་ཅི་མ་ལོག་པར་རང་བཞིན་གྱིས་གྲུབ་དགོས་ཞེས་པའི་རིགས་པའོ། །གསུམ་པ་ནི། གལ་ཏེ་རྟག་འཛིན་ཕྱིན་ཅི་ལོག་ཏུ་རང་བཞིན་གྱིས་མ་གྲུབ་པ་དེ་ལྟ་ནའང་རེ་ཞིག་འཛིན་པ་ཙམ་ནི་རང་བཞིན་གྱིས་ཡོད་དོ། །དེ་ལ་འཛིན་པ་ནི་བྱ་བའི་རང་བཞིན་ནོ། །དེ་ལ་ཡང་གདོན་མི་ཟ་བར་སྒྲུབ་བྱེད་རྟག་པ་ལ་སོགས་པའི་བྱེད་པ་དང༌། བདག་གམ་སེམས་ཀྱི་བྱེད་པ་པོ་དང་གཟུགས་ལ་སོགས་པའི་ལས་ཀྱང་ཡོད་དགོས་སོ། །དེ་རྣམས་རང་བཞིན་གྱིས་གྲུབ་ན་ཁོ་བོའི་འདོད་པ་གྲུབ་བོ་ཞེ་ན། བྱེད་པ་གང་གིས་འཛིན་པ་དང་འཛིན་པ་གང་ཡིན་པའི་བྱ་བ་དང་འཛིན་པར་བྱེད་པ་པོ་དང་གང་བཟུང་བའི་ལས་ཐམས་ཅད་ཉེ་བར་ཞི་བ་སྟེ་རང་བཞིན་གྱིས་


JLD015_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་པ་དེའི་ཕྱིར་འཛིན་པ་ཙམ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །བྱེད་པ་མེད་པར་ནི། གལ་ཏེ་མི་རྟག་རྟག་པ་ཞེས། ཞེས་སོགས་དང་བྱེད་པ་པོ་མེད་པར་ནི། བདག་གི་ཡོད་ཉིད་མེད་ཉིད་ནི། ཞེས་སོགས་དང་གཟུང་བྱ་མེད་པར་ནི། གཟུགས་སྒྲ་རོ་དང་རེག་པ་དང༌། ཞེས་སོགས་ཀྱིས་བསྟན་ཟིན་ཏོ། །ཡང་ན་རབ་བྱེད་དང་པོ་ལ་སོགས་པ་རྣམས་ཀྱིས་བྱེད་པ་དང་དངོས་པོ་དང་བྱེད་པ་པོ་དང་ལས་ཐམས་ཅད་མ་སྐྱེས་པར་བསྟན་པས་འཛིན་པ་མེད་དོ། །གཉིས་པ་ནི། གལ་ཏེ་ཕྱིན་ཅི་ལོག་རང་བཞིན་གྱིས་ཡོད་དེ་ཕྱིན་ཅི་ལོག་དང་ལྡན་པའི་ལྷས་བྱིན་རང་བཞིན་གྱིས་ཡོད་བའི་ཕྱིར་རོ་ཞེ་ན། འདི་དགག་པ་ལ་གསུམ། ལྡན་ཆོས་རང་བཞིན་གྱིས་མེད་པས་ལྡན་པ་པོ་རང་བཞིན་གྱིས་ཡོད་པ་དགག །ཕྱིན་ཅི་ལོག་གི་རྟེན་རང་བཞིན་གྱིས་གྲུབ་པ་དགག །ཕྱིན་ཅི་ལོག་རང་བཞིན་གྱིས་སྐྱེས་པ་དགག་པའོ། །དང་པོ་ནི། འཛིན་པའི་ཡན་ལག་ཏུ་གྱུར་པའི་བྱེད་པ་དང་བྱེད་པ་པོ་དང་ལས་སུ་བྱ་བ་རྣམས་རང་བཞིན་གྱིས་མེད་པར་སྔར་བཤད་ཟིན་པ་དེའི་ཕྱིར་ཕྱིན་ཅི་ལོག་པའམ་ཡང་དག་པ་ཉིད་དུ་སྟེ་ཕྱིན་ཅི་མ་ལོག་པར་འཛིན་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ན་རྟེན་གྱི་གང་ཟག་གང་ལ་ཕྱིན་ཅི་ལོག་དང་གང་ལ་ཕྱིན་ཅི་མ་ལོག་པ་རང་བཞིན་གྱིས་ཡོད་དེ་མེད་དོ། །གཉིས་པ་ནི། གཞན་ཡང་ཕྱིན་ཅི་ལོག་འདི་གང་ཟག་གི་རྟེན་ལ་འདོད་ན་ཕྱིན་ཅི་ལོག་ཏུ་གྱུར་ཟིན་པ་སོགས་གསུམ་ལས་མི་འདའ་ལ་དེ་ཡང་ཕྱིན་ཅི་ལོག་ཏུ་གྱུར་ཟིན་པ་ལ་ཕྱིན་ཅི་ལོག་དག་རང་བཞིན་གྱིས་


JLD015_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མི་སྲིད་དེ་དེ་སྲིད་ན་ཕྱིན་ཅི་ལོག་ཏུ་འཛིན་པ་པོར་འཇོག་པའི་ཕྱིན་ཅི་ལོག་ལས་དོན་གཞན་པའི་ཕྱིན་ཅི་ལོག་དང་ལྡན་དགོས་ན་དེ་ལ་ཕྱི་མ་དེ་མི་དགོས་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་མ་གྱུར་པའི་གང་ཟག་ལ་ཕྱིན་ཅི་ལོག་དག་མི་སྲིད་དེ་སངས་རྒྱས་ལ་ཡང་ཕྱིན་ཅི་ལོག་ཡོད་པར་ཐལ་བའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་གྱུར་བཞིན་པ་ལ་ཕྱིན་ཅི་ལོག་རང་བཞིན་གྱིས་གྲུབ་པ་མི་སྲིད་དེ་ཕྱིན་ཅི་ལོག་གི་བྱ་བ་ཞིག་པ་དང་མ་སྐྱེས་པ་ལས་མ་གཏོགས་པའི་ཕྱིན་ཅི་ལོག་རང་བཞིན་གྱིས་མེད་པའི་ཕྱིར་དང༌། ཆ་འགའ་ཞིག་ཕྱིན་ཅི་ལོག་དང་འགའ་ཞིག་མ་ལོག་པའི་གྱུར་བཞིན་པ་ཡང་བརྟག་པ་སྔ་མ་གཉིས་ཀྱི་སྐྱོན་ལས་མི་འདའ་བའི་ཕྱིར་རོ། །དེ་ལྟར་ཕྱིན་ཅི་ལོག་གི་རྟེན་དུས་གསུམ་པོ་གང་ལ་ཡང་ཕྱིན་ཅི་ལོག་རང་བཞིན་གྱིས་མེད་ན། རྟེན་གང་ལ་ཕྱིན་ཅི་ལོག་རང་བཞིན་གྱིས་སྲིད་ཅེས་བདག་ཉིད་ཀྱིས་ནི་གཟུ་བོའི་བློས་རྣམ་པར་དཔྱོད་ཅིག །གསུམ་པ་ནི། གཞན་ཡང་ཕྱིན་ཅི་ལོག་རྣམས་རང་བཞིན་གྱིས་མ་སྐྱེས་ན་ཇི་ལྟ་བུར་ན་རང་བཞིན་གྱིས་ཡོད་པར་འགྱུར་ཏེ་མི་འགྱུར་ལ། ཕྱིན་ཅི་ལོག་རྣམས་རང་བཞིན་གྱིས་སྐྱེ་བ་མེད་ན་ཕྱིན་ཅི་ལོག་པ་ཅན་གྱི་གང་ཟག་རང་བཞིན་གྱིས་གྲུབ་པ་ག་ལ་ཡོད་དེ་མེད་དོ། །རང་བཞིན་གྱིས་མི་སྐྱེ་བའི་རྒྱུ་མཚན་ནི། ཕྱིན་ཅི་ལོག་གི་དངོས་པོ་བདག་ལས་མི་སྐྱེ་སྟེ་གཞན་ལས་སྐྱེ་བ་ཉིད་ཀྱང་མ་ཡིན་ལ་བདག་དང་གཞན་ཚོགས་པ་ལས་ཀྱང་སྐྱེ་བ་མིན་ན། ཕྱིན་ཅི་ལོག་རང་བཞིན་གྱིས་མེད་པའི་ཕྱིར་ཕྱིན་ཅི་ལོག་པ་ཅན་གྱི་གང་ཟག་རང་བཞིན་གྱིས་གྲུབ་པ་ག་ལ་ཡོད་དེ་མེད་དོ། །གསུམ་


JLD015_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། གལ་ཏེ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་རང་བཞིན་གྱིས་ཡོད་ན་ནི་ཤེས་བྱ་ཕྱིན་ཅི་ལོག་མ་ཡིན་པར་འགྱུར་ཏེ། བདག་མེད་པ་ལ་སོགས་པ་བཞིན་ནོ། །ཞེས་གཞན་དོན་གྲུབ་པ་ཙམ་གྱི་དཔེའོ། །གལ་ཏེ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་རང་བཞིན་གྱིས་མེད་ན་ནི་བདག་མེད་པ་དང་མི་གཙང་བ་དང་མི་རྟག་པ་དང་སྡུག་བསྔལ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། དགག་བྱ་མེད་ན་དེ་བཀག་པ་བདེན་པར་མི་འགྲུབ་པའི་ཕྱིར་རོ། །དེ་ལྟ་ཡིན་ན་བདག་མེད་རང་གི་ངོ་བོས་མེད་བའི་ཕྱིར་བདག་མེད་པ་ལ་སོགས་པ་བཞི་རང་བཞིན་གྱིས་ཡོད་པ་ཡང་ཤེས་བྱ་ཕྱིན་ཅི་ལོག་ཏུ་འགྱུར་ཏེ་བདག་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་ཐར་པ་འདོད་པས་ཕྱིན་ཅི་ལོག་བརྒྱད་ཆར་སྤང་བར་བྱའོ། །བཞི་པ་ནི། སྔར་བཤད་པ་ལྟར་ཕྱིན་ཅི་ལོག་རང་གི་ངོ་བོས་ཡོད་མེད་རིགས་པས་དཔྱོད་པ་འདི་ནི་དོན་ཆེན་པོ་ཅན་ཡིན་ཏེ། སྔར་བཤད་པ་དེ་ལྟར་རྣལ་འབྱོར་པས་ཕྱིན་ཅི་ལོག་མ་དམིགས་པས་ཕྱིན་ཅི་ལོག་འགག་པར་འགྱུར་ལ་དེ་འགགས་པས་དེའི་རྒྱུ་ཅན་གྱི་མ་རིག་པ་འགག་པར་འགྱུར་རོ། །མ་རིག་འགགས་པར་གྱུར་ན་ནི་འདུ་བྱེད་ལ་སོགས་པའི་སྲིད་པའི་ཡན་ལག་ཕྱི་མ་ཐམས་ཅད་འགག་པར་འགྱུར་ཏེ་དེ་རྣམས་མ་རིག་པའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དེ་ལྟ་ན་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་སྤོང་བ་རྣམས་རང་བཞིན་གྱིས་ཡོད་པའི་ཕྱིར་ཉོན་མོངས་པ་རྣམས་རང་བཞིན་གྱིས་ཡོད་པས་སྲིད་པའི་རྒྱུན་རང་བཞིན་གྱིས་ཡོད་པར་


JLD015_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེ་ན། ཉོན་མོངས་སྤོང་བ་རང་བཞིན་གྱིས་ཡོད་ན་དེ་ལྟར་འགྱུར་ཡང་དེ་ནི་མེད་དེ་འདི་ལྟར་གལ་ཏེ་གང་ཟག་ལ་ལའི་ཉོན་མོངས་པ་གང་དག་རང་བཞིན་གྱིས་ཡོད་ན་ཇི་ལྟ་བུར་ན་གཉེན་པོས་སྤོང་བར་འགྱུར་ཞེས་པ་མི་འགྱུར་ཏེ། རང་བཞིན་གྱིས་ཡོད་པ་ལམ་སུ་ཞིག་གིས་སྤོང་བར་འགྱུར་ཞེས་པ་བཟློག་པར་མི་ནུས་པའི་ཕྱིར་ཏེ་རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །གལ་ཏེ་གང་ཟག་ལ་ལའི་ཉོན་མོངས་པ་གང་དག་རང་བཞིན་གྱིས་མེད་ན་ཇི་ལྟ་བུར་ན་སྤོང་བར་འགྱུར་ཞེས་པ་མི་འགྱུར་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལྟར་ན་རང་བཞིན་མེད་ན་གཏན་མེད་པས་གཏན་མེད་ནི་གཉེན་པོ་སུ་ཞིག་གིས་སྤོང་བར་བྱེད་དེ་མི་བྱེད་པའི་ཕྱིར་ཏེ་མེ་ལ་གྲང་བ་སུས་ཀྱང་ཟློག་མི་ནུས་པ་བཞིན་ནོ། །རང་ལུགས་ལ་རང་བཞིན་གྱིས་མེད་པ་ལ་གཉེན་པོས་སྤང་བྱ་སྤོང་བ་ཆེས་འཐད་པར་འདོད་མོད་ཀྱང་ཕ་རོལ་པོ་ལ་རང་བཞིན་གྱིས་ཡོད་པ་ལ་སྤོང་བ་མི་འཐད་པར་སྟོན་པའི་སྐབས་སུ་ནི་ཚུལ་གཉིས་ཏེ་སྔར་བཤད་པ་དང་སྤོང་བ་རང་གི་མཚན་ཉིད་ཀྱིས་ཁས་བླངས་པའི་སྒོ་ནས་སྐྱོན་བརྗོད་པའོ། །ཚུལ་དེ་དག་དེ་འདྲ་བའི་རིགས་ཀུན་ལ་ཤེས་པར་བྱའོ། །གཉིས་པ་ནི། དེ་ལྟར་ཆགས་སོགས་ཀྱི་ཉོན་མོངས་རྒྱུ་རྐྱེན་དང་བཅས་པ་དང་རྟག་མི་རྟག་སོགས་ཀྱི་ཡུལ་ཡུལ་ཅན་རྣམས་རང་བཞིན་མེད་པར་རིགས་པས་གཏན་ལ་ཕབ་པ་དེ་ཉིད་ཟབ་མོའི་ལུང་གིས་ཀྱང་གྲུབ་པ་དང༌། དེ་ལྟར་གསུང་རབ་ལས་བཤད་པ་ཐམས་ཅད་རབ་བྱེད་འདིས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་


JLD015_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྨོས་ན། ལྷག་པའི་བསམ་པ་བརྟན་པས་ཞུས་པ་ལས། རིགས་ཀྱི་བུ་འདི་ནི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ཁ་ཅིག་མ་སྐྱེས་ཤིང་མ་བྱུང་བའི་ཆོས་རྣམས་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་བསྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ་དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་སྒྱུ་མའི་བུད་མེད་མཐོང་བ་ན་བུད་མེད་དངོས་སུ་འཁྲུལ་ཏེ་འདོད་ཆགས་སྐྱེས་པ་ན་བུད་མེད་དེ་ལ་མི་སྡུག་པ་སོགས་སུ་ཡིད་ལ་བྱེད་པ་དཔེར་བྱས་ནས་གསུངས་ཤིང༌། ཡང་དེ་ཉིད་ལས་རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་འདོད་ཆགས་ཀྱི་མཐའ་མི་ཤེས་ནས་འདོད་ཆགས་ཀྱི་མཐའི་འཇིགས་པས་སྐྲག་སྟེ་འདོད་ཆགས་ཀྱི་མཐའ་ལས་ངེས་པར་འབྱུང་བ་འཚོལ་ལོ། །ཞེ་སྡང་གི་མཐའ་ཅི་ཡང་མེད་པའི་མཐར་མ་ཤེས་ནས་ཞེ་སྡང་གི་མཐའི་འཇིགས་པས་སྐྲག་ཅིང་ཅི་ཡང་མེད་པའི་མཐའ་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་ལོ། །གཏི་མུག་གི་མཐའ་སྟོང་པ་ཉིད་ཀྱི་མཐར་མ་ཤེས་ནས་གཏི་མུག་གི་མཐའི་འཇིགས་པས་སྐྲག་སྟེ་སྟོང་པ་ཉིད་ཀྱི་མཐའ་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་བར་བྱེད་དོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་བསྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ་དེ་དག་ནི་ཡོངས་སུ་ལོག་པར་ཞུགས་པ་ཞེས་བྱའོ། །


JLD015_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་ཡུལ་སྡུག་པ་སོགས་དང་ཀུན་ཏུ་རྟོག་པ་ལས། ཉོན་མོངས་རྣམས་འབྱུང་བ་དང་རྟག་སོགས་སུ་འཛིན་པ་ལ་ཕྱིན་ཅི་ལོག་མ་ལོག་གི་རྣམ་དབྱེ་དང༌། ཉོན་མོངས་སྤོང་བ་ལ་སོགས་པ་གཏན་མི་རུང་ལ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པས་སྟོང་པ་ལ་དེ་དག་ཐམས་ཅད་ཆེས་འཐད་པའི་ཚུལ་ལ་ངེས་པ་དྲང་བར་བྱའོ། །ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་ཉེར་ལྔའི་བདག་ཉིད་རབ་ཏུ་བྱེད་པ་ཉི་ཤུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས། བདེན་པ་བརྟག་པ་དང༌། མྱང་འདས་བརྟག་པའོ། །དང་པོ་ལ་གཉིས། རབ་བྱེད་ཀྱི་གཞུང་བཤད་པ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ལ་གཉིས། རྩོད་པ་དང༌། དེའི་ལན་ནོ། །དང་པོ་ལ་གཉིས། འབྱུང་འཇིག་སོགས་མི་འཐད་པའི་རྩོད་པ་དང༌། ལས་འབྲས་སོགས་མི་འཐད་པའི་རྩོད་པའོ། །དང་པོ་ལ་གསུམ། བདེན་བཞིའི་བྱ་བྱེད་མི་འཐད་པའི་རྩོད་པ་དང༌། ཞུགས་པ་དང་འབྲས་གནས་མི་འཐད་པའི་རྩོད་པ་དང༌། དཀོན་མཆོག་གསུམ་མི་འཐད་པའི་རྩོད་པའོ། །དང་པོ་ནི། གལ་ཏེ་ཕྱི་ནང་གི་དངོས་པོ་འདི་དག་ཀུན་ངོ་བོ་ཉིད་ཀྱིས་ཡོད་པས་སྟོང་པ་ཉིད་དོ་ཞེས་སྒྲུབ་ན་ཁྱོད་ལ་ཉེས་པ་ཆེན་པོ་དང་ཉེས་པ་མང་པོར་འགྱུར་རོ། །ཇི་ལྟར་ཞེ་ན། དེ་ལྟར་སྟོང་ན་དེ་ནི་མེད་པ་ཡིན་པས་མོ་གཤམ་གྱི་བུ་བཞིན་དུ་སྐྱེ་བ་དང་འགག་པ་མེད་པས་དངོས་པོ་འགའ་ཡང་འབྱུང་བ་མེད་


JLD015_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འཇིག་པ་མེད་པར་འགྱུར་རོ། །དེ་མེད་པས་འཕགས་པའི་བདེན་པ་བཞི་པོ་རྣམས་སྟོང་པར་སྨྲ་བ་ཁྱོད་ལ་མེད་པར་ཐལ་བར་འགྱུར་ཏེ། འདི་ལྟར་ཉེར་ལེན་གྱི་ཕུང་པོ་ལྔ་པོ་སྔར་གྱི་རྒྱུས་བསྐྱེད་པ་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ན་སྐྱེ་འགག་ཅུང་ཟད་ཀྱང་མེད་པའི་ཚེ་དེ་མེད་དོ། །དེ་མེད་ན་སྡུག་བསྔལ་གྱི་ཕུང་པོ་གང་ལས་འབྱུང་བའི་ལས་དང་ཉོན་མོངས་པའི་ཀུན་འབྱུང་ཡང་མེད་དོ། །སྡུག་བསྔལ་མེད་ན་གང་གིས་སྡུག་བསྔལ་འགོག་པའི་འགོག་བདེན་ཡང་མེད་དོ། །སྡུག་བསྔལ་འགོག་པ་མེད་ན་དེར་འགྲོ་བའི་ཡན་ལག་བརྒྱད་ཀྱི་ལམ་གྱི་བདེན་པ་ཡང་མེད་དོ། །དེ་ལྟར་གྱུར་ན་འཕགས་པའི་བདེན་པ་བཞི་མེད་པས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་སྤོང་བ་དང་ལམ་སྒོམ་པ་དང་འགོག་པ་མངོན་དུ་བྱ་བ་དག་འཐད་པར་འགྱུར་བ་མ་ཡིན་ཏེ། ཤེས་བྱ་དང་སྤང་བྱ་སོགས་ཀྱི་བྱ་བ་བཞི་མེད་ན་ཤེས་པར་བྱེད་པ་སོགས་ཀྱི་བྱེད་པ་བཞི་ཡང་མི་འཐད་པའི་ཕྱིར་ཏེ་བྱེད་པ་ནི་བྱ་བ་ལ་མི་འཁྲུལ་བའི་ཕྱིར་རོ། །གཉིས་པ་ནི། སྡུག་བདེན་ཤེས་པ་ལ་སོགས་པ་དེ་དག་ཡོད་པ་མ་ཡིན་པས་འབྲས་བུ་བཞི་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ནི་མཐོང་སྤང་སྤངས་པའི་སྐད་ཅིག་མ་བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་རྣམ་གྲོལ་ལམ་དང་འདོད་པར་གཏོགས་པའི་སྒོམ་སྤང་གི་ཉོན་མོངས་ཆུང་འབྲིང་ཆེ་གསུམ་ལ་གསུམ་གསུམ་དུ་ཕྱེ་བའི་དགུ་ཡོད་པའི་དྲུག་པ་མ་སྤངས་ཤིང་མཐོང་སྤང་སྤངས་པའི་


JLD015_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་གཉིས་ཏེ། མཛོད་ལས། འབྲས་བུ་འདུས་བྱས་འདུ་མ་བྱས། ཞེས་བཤད་པ་ལྟར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་འདོད་པའི་སྒོམ་སྤང་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་དང་སྤངས་པའོ། །ཕྱིར་མི་འོང་བའི་འབྲས་བུ་ནི་མཐོང་སྤང་དང་འདོད་པའི་སྒོམ་སྤང་དགུ་པ་སྤངས་པའི་རྣམ་གྲོལ་ལམ་དང་སྤངས་པའོ། །དགྲ་བཅོམ་པའི་འབྲས་བུ་ནི་སྲིད་རྩེའི་སྒོམ་སྤང་གི་ཉོན་མོངས་དགུ་པ་སྤངས་པའི་རྣམ་གྲོལ་ལམ་དང་སྤངས་པ་སྟེ་རགས་པ་ཙམ་མོ། །འབྲས་བུ་བཞི་པོ་དེ་དག་མེད་ན་དེ་དག་ལ་གནས་པའི་འཕགས་པའི་གང་ཟག་འབྲས་བུ་ལ་གནས་པ་བཞི་ཡང་མེད་དོ། །དེ་མེད་པའི་ཕྱིར་འཕགས་པའི་གང་ཟག་ཞུགས་པ་བཞི་པོ་དག་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལ་རྒྱུན་ཞུགས་ཞུགས་པ་ནི་བཅུ་དྲུག་པ་ལམ་ལ་རྗེས་ཤེས་ཀྱི་སྔ་རོལ་གྱི་བཟད་པ་དང་ཤེས་པའི་སྐད་ཅིག་མ་བཅོ་ལྔ་ལ་གནས་པ་འདོད་པའི་སྒོམ་སྤང་དྲུག་པ་མ་སྤངས་པའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། །འཇིག་ལྟ་དང་མཐར་ལྟ་དང་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་དང་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་སྟེ་འདོད་པའི་སྡུག་བསྔལ་མཐོང་སྤང་བཅུའི་གཉེན་པོ་བར་ཆད་མེད་པའི་ལམ། འདོད་པའི་སྡུག་བདེན་ལ་དམིགས་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པར་སྐྱེས་པའོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་དམིགས་པ་


JLD015_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པ་དེ་ལྟ་བུ་ཅན་སྤང་བྱ་བཅུ་པོ་དེ་སྤངས་པའི་རྣམ་གྲོལ་ལམ་མོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། གོང་མ་གཉིས་ན་ཁོང་ཁྲོ་མེད་པས་ཕྲ་རྒྱས་དགུ་གཉིས་བཅོ་བརྒྱད་ཀྱི་གཉེན་པོ་བར་ཆད་མེད་པའི་ལམ་གོང་མའི་སྡུག་བདེན་ལ་དམིགས་ནས་རྣམ་པ་སྔ་མ་ལྟར་སྐྱེས་པའ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་སྤང་བྱ་དེ་དག་སྤངས་པའི་རྣམ་གྲོལ་ལམ་དམིགས་རྣམ་དེ་ལྟ་བུར་སྐྱེས་པའོ། །ཀུན་འབྱུང་དང་འགོག་བདེན་དང་ལམ་བདེན་ལ་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་བཞི་ཚན་གསུམ་ཡང་སྔ་མ་བཞིན་དུ་ཤེས་པར་བྱ་སྟེ། འོན་ཀྱང་ཀུན་འབྱུང་དང་འགོག་པ་མཐོང་སྤང་ནི་ལྟ་བ་དང་པོ་གཉིས་དང་ཐ་མ་མ་གཏོགས་པ་ཕྲ་རྒྱས་བདུན་བདུན་དང༌། ལམ་མཐོང་སྤང་ནི་ལྟ་བ་དང་པོ་གཉིས་མ་གཏོགས་པ་ཕྲ་རྒྱས་བརྒྱད་དེ། །ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་པོ་དེ་དག་ནི་བདེན་པ་མངོན་སུམ་དུ་མཐོང་ཟིན་གོམས་པ་ལ་མི་ལྟོས་པར་བདེན་པ་རྣམས་མངོན་སུམ་དུ་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར་མཐོང་བས་སྤང་བར་བྱ་བ་ཞེས་བརྗོད་དོ། །བདེན་པ་མངོན་སུམ་དུ་མཐོང་བ་བཞིན་ཕྱིས་གོམས་པས་སྤོང་བ་ནི་བསྒོམ་པས་སྤང་བར་བྱ་བ་སྟེ། འདོད་པར་གཏོགས་པའི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་བཞི་དང་གཟུགས་ཁམས་དང་གཟུགས་མེད་ཁམས་སུ་གཏོགས་པ་ལ་ཁོང་ཁྲོ་མ་གཏོགས་པ་གསུམ་


JLD015_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ་བཅུའོ། །དེ་དག་ནི་འདོད་པའི་ཁམས་དང་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་སྟེ་ས་དགུ་ལ། སྔར་བཤད་པ་ལྟར་དགུ་དགུར་ཕྱེ་བའི་ཉོན་མོངས་རེ་རེ་ལ་ཡང་གཉེན་པོ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་གཉིས་སོ། །ཕྱིར་འོང་ཞུགས་པ་ནི་མཐོང་ལམ་གྱི་འོག་ཏུ་སྔར་བཤད་པའི་ཕྱིར་འོང་གི་འབྲས་བུའི་དོན་དུ་ཞུགས་ཤིང་སྦྱོར་བ་ལ་གནས་པའོ། །འདོད་པའི་སྒོམ་སྤང་དྲུག་པ་སྤངས་པའི་འོག་ཏུ་འཕགས་པ་འདོད་པའི་སྒོམ་སྤང་དགུ་པའི་གཉེན་པོ་རྣམ་གྲོལ་ལམ་གྱི་སྔ་རོལ་དུ་ཕྱིར་མི་འོང་གི་འབྲས་བུའི་དོན་དུ་ཞུགས་ཤིང་དེའི་སྦྱོར་བ་ལ་གནས་པའོ། །འགྲེལ་པར་དེ་བཞིན་དུ་བཤད་པ་ནི་འབྲས་བུ་མཐར་གྱིས་པའི་དབང་དུ་མཛད་པའོ། །འདོད་པའི་སྒོམ་སྤང་དགུ་པ་སྤངས་པའི་འོག་ཏུ་སྲིད་རྩེའི་སྒོམ་སྤང་དགུ་པའི་གཉེན་པོ་རྣམ་གྲོལ་ལམ་གྱི་སྔ་རོལ་དུ་དགྲ་བཅོམ་པའི་འབྲས་བུའི་དོན་དུ་ཞུགས་ཤིང་དེའི་སྦྱོར་བ་ལ་གནས་པའོ། །གསུམ་པ་ནི། གལ་ཏེ་འབྲས་གནས་བཞི་དང་ཞུགས་པ་བཞི་སྟེ་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་ན་དགེ་འདུན་དཀོན་མཆོག་མེད་དོ། །གལ་ཏེ་འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར་གང་ཟག་བརྒྱད་པོ་དེ་དག་མེད་ན་འཕགས་པ་དམ་པ་རྣམས་ཀྱི་ཆོས་སུ་གྱུར་པ་དམ་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལ་འགོག་པ་ནི་འབྲས་བུ་དང་ལམ་ནི་དེ་ལ་འཇུག་པའི་ཆོས་ཏེ་རྟོགས་པའི་ཆོས་སོ། །དེ་དག་གསལ་བར་བྱེད་པའི་བསྟན་པ་ནི་ལུང་གི་ཆོས་སོ། །དམ་པའི་ཆོས་ཡོད་པ་མིན་ན་སངས་རྒྱས་ཇི་ལྟར་ཡོད་པར་འགྱུར་


JLD015_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་མི་འགྱུར་ཏེ། དམ་པའི་ཆོས་དང་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་གྱིས་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ལས་སངས་རྒྱས་སུ་འགྱུར་བའི་ཕྱིར་རོ། །དགེ་འདུན་མེད་པ་ཡིན་ན་སངས་རྒྱས་ཇི་ལྟར་ཡོད་པར་འགྱུར་ཏེ་མི་འགྱུར་བའི་ཚུལ་ནི་བཞི་སྟེ། དང་པོ་ནི་དགེ་འདུན་གྱིས་ཉེ་བར་བསྟན་པ་ལས་ཡེ་ཤེས་ཀྱི་ཚོགས་དང་དེ་ལ་འབུལ་བ་དང་རིམ་འགྲོ་དང་སྐྱབས་འགྲོ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་བསགས་པ་ལས་སངས་རྒྱས་འཐོབ་དགོས་པའོ། །ཡང་ན་དགེ་འདུན་མེད་ན་རྒྱུན་ཞུགས་ཞུགས་པ་སོགས་མེད་ལ་དེ་དག་སྔར་མ་ཐོབ་པར་ནི་སངས་རྒྱས་ཐོབ་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་གདོན་མི་ཟ་བར་འབྲས་བུ་འགའ་ཞིག་ལ་ཞུགས་པའི་ཕྱིར་རོ། །ཡང་ན་བཅོམ་ལྡན་འདས་ཀྱང་མི་སློབ་པའི་དགེ་འདུན་ཡིན་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞེས་སྡེ་བ་ཁ་ཅིག་གིས་བརྗོད་པ་ལྟར་རོ། །དེའི་ལུགས་ལྟར་ན་དགེ་འདུན་མེད་ན་སངས་རྒྱས་མེད་པ་ཆེས་གསལ་ལོ། །ལུང་བར་མ་འདོན་པར་བྱེད་པ་དག་ནི་གཞི་ཆེན་པོ་ལས་སའི་རྣམ་པར་བཞག་པ་བསྟན་པ་ལས། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པ་མཐོང་བའི་ལམ་སྐྱེས་པར་སྨྲ་བ་ན་དགེ་འདུན་གྱི་ཁོངས་སུ་གཏོགས་པར་འདོད་དོ། །དེ་ལྟ་ནའང་དོན་དེ་ཉིད་ཆེས་གསལ་ལོ། །དེ་དག་ནི་ཉན་ཐོས་སྡེ་པའི་རྩོད་པ་ཡིན་པས་དེ་དག་གི་ལུགས་ཀྱིས་ཇི་ལྟར་སྨྲས་པ་བརྗོད་པའོ། །དེའི་ཕྱིར་སྟོང་པ་ཉིད་


JLD015_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་དེ་སྐད་དུ་སྨྲ་ན་རྙེད་པར་དཀའ་བ་དང་རེས་འགའ་འབྱུང་བ་དང་བསོད་ནམས་ཆུང་བ་རྣམས་ཀྱིས་དེ་དང་མི་ཕྲད་བ་དང་རིན་ཐང་ཆེ་བའི་ཕྱིར་ན། དཀོན་མཆོག་གསུམ་པོ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཡང་གནོད་པ་བྱེད་པ་ཡིན་ནོ། །གཉིས་པ་ནི། གཞན་ཡང་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ཉིད་དུ་དེ་སྐད་སྨྲ་ན་དེའི་ཚེ་ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར། ཆོས་མ་ཡིན་པ་མི་དགེ་བ་དང་ཆོས་དགེ་བ་གཉིས་ཀྱི་འབྲས་བུ་ཡིད་དུ་འོང་མི་འོང་ཡང་མེད་ལ། འཇིག་རྟེན་པའི་ཐ་སྙད་གྱིས་ཤིག་ཟོ་ཞིག་འདུག་ཅིག་སོང་ཞིག་ཤོག་ཅིག་ཅེས་པ་ལ་སོགས་པ་རྣམས་ཀྱང་ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར་དེ་དག་ཀུན་ལ་གནོད་པ་བྱེད་པ་ཡིན་པས་སྟོང་པ་ཉིད་ཇི་སྐད་བསྟན་པའི་ཚུལ་འདི་ནི་མི་ལེགས་སོ་ཞེས་འཛེར་ཏོ། །སྔར་རབ་བྱེད་དང་པོ་ནས་ཉེར་གསུམ་པའི་བར་གྱིས་ཕྱི་ནང་གི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་མེད་པར་རིགས་པས་གཏན་ལ་ཕབ་པའི་ཚེ། དེ་ཁོ་ནར་གྲུབ་མ་གྲུབ་དཔྱོད་པའི་རིགས་པས་སྐྱེ་འཇིག་དང་འཆིང་གྲོལ་ལ་སོགས་པའི་བྱ་བྱེད་ཐམས་ཅད་བཀག་གོ་སྙམ་ནས་རྩོད་པའོ། །གཉིས་པ་ལ་བཞི། གཞན་གྱིས་སྨྲས་པ་རྟེན་འབྱུང་གི་དེ་ཉིད་མ་རྟོགས་པའི་རྩོད་པར་བསྟན་པ། རང་གི་བཞེད་པ་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་བསྟན་པ། དེ་ལྟར་མི་འདོད་པ་ལ་རྣམ་གཞག་ཐམས་ཅད་མི་འཐད་པའི་ཚུལ། རྟེན་འབྱུང་གི་དེ་ཉིད་མཐོང་ན་བདེན་བཞིའི་དེ་ཉིད་མཐོང་བར་འགྱུར་བའོ། །དང་པོ་


JLD015_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས། གཞན་གྱིས་བཀོད་པའི་སྐྱོན་རང་ལ་མི་འཇུག་བའི་ཚུལ། སྐྱོན་འགོད་པ་པོ་ཉིད་ལ་སྐྱོན་དེ་འཇུག་པའི་ཚུལ་ལོ། །དང་པོ་ལ་གསུམ། སྐྱོན་བརྗོད་མི་འཇུག་པའི་རྒྱུ་མཚན་དང༌། སྐྱོན་བརྗོད་མི་འཇུག་པར་བསྟན་པ་དངོས་དང༌། སྐྱོན་མེད་པར་མ་ཟད་ཡོན་ཏན་ཡོད་པའི་ཚུལ་ལོ། །དང་པོ་ལ་གཉིས། དོན་གསུམ་མ་རྟོགས་པའི་རྩོད་པར་བསྟན་པ། དེ་ལྟར་རྩོད་པས་བདེན་གཉིས་མ་རྟོགས་པར་བསྟན་པའོ། །དང་པོ་ནི། གཞན་གྱིས་རྩོད་པ་སྨྲས་པ་དེ་ལ་ལན་བཤད་པར་བྱ་སྟེ། ཁྱོད་ཀྱིས་ནི་སྟོང་པ་ཉིད་བསྟན་པའི་དགོས་པ་དང་སྟོང་པ་ཉིད་ཀྱི་ངོ་བོ་དང༌། དོན་གང་ཉེ་བར་བཟུང་ནས་སྟོང་པ་ཉིད་དུ་བཤད་པའི་སྟོང་པ་ཉིད་ཀྱི་དོན་ནི་མ་རྟོགས་པས་དེའི་ཕྱིར། ཁྱོད་ཉིད་ལ་ཤིན་ཏུ་གནོད་པ་ཡིན་ཏེ་ལོག་པའི་ཀུན་རྟོག་སྣ་ཚོགས་པ་རྣམས་ཀྱིས་ཉམས་པ་ཡིན་ནོ། །དེ་ཡང་ཁྱོད་ཀྱིས་རང་གི་རྣམ་རྟོག་ཁོ་ནས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་རང་བཞིན་མེད་པའི་དོན་ནི། མེད་པའི་དོན་ཡིན་ནོ་སྙམ་དུ་དེ་ལྟར་སྟོང་པ་ཉིད་ཀྱི་དོན་ལོག་པར་སྒྲོ་བཏགས་ནས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། ཅེས་སོགས་ཀྱིས་ཀླན་ཀ་སྨྲ་ཞིང་ཁོ་བོ་ཅག་ལ་ཆེར་མི་དགའ་བ་ན་གནོད་པ་ཡིན་ནོ། །དེ་ལ་སྔར་དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། ཞེས་མཚན་མར་འཛིན་པའི་སྤྲོས་པ་མ་ལུས་པ་ཞི་བའི་དོན་དུ་སྟོང་པ་ཉིད་སྟོན་པ་ཡིན་པར་བཤད་ན། ཁྱོད་ཀྱིས་ནི་རང་བཞིན་སྟོང་པའི་དོན་ནི་མེད་པ་


JLD015_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་འཛིན་པ་ན། སྤྲོས་པའི་དྲ་བ་ཁོ་ན་སྤེལ་བར་བྱེད་པས་སྟོང་ཉིད་བསྟན་པའི་དགོས་པ་མ་ཤེས་པ་ཡིན་ནོ། །སྟོང་པ་ཉིད་ཀྱི་ངོ་བོ་ནི། །གཞན་ལས་ཤེས་མིན་ཞི་བ་དང༌། ཞེས་སོགས་ཀྱི་སྐབས་སུ་དེ་ཉིད་མངོན་དུ་གྱུར་པའི་གཟིགས་དོན་རབ་རིབ་མེད་པས་སྐྲ་ཤད་དུ་སྣང་བ་ཙམ་ཡང་མ་མཐོང་བ་ལྟར། གཉིས་སུ་སྣང་བའི་སྤྲོས་པ་ཐམས་ཅད་ལོག་པའི་རང་བཞིན་དུ་བཤད་ལ། ཁྱེད་ཀྱིས་རང་བཞིན་སྟོང་པའི་དོན་མེད་པའི་དོན་དུ་འཛིན་པ་ལྟར་ན། སྤྲོས་པ་ཐམས་ཅད་ལྡོག་བ་འགལ་བས་སྟོང་ཉིད་ཀྱི་མཚན་ཉིད་དམ་ངོ་བོ་མི་ཤེས་སོ། །འོག་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། ཞེས་སོགས་དང༌། མདོ་སྡེ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། ཞེས་སོགས་ཀྱིས་རྐྱེན་ལ་རག་ལས་པའི་དོན་གང་ཡིན་པ་དེ་ཉིད། རང་ལ་ཚུགས་ཐུབ་ཀྱི་རང་བཞིན་མེད་པ་སྟོང་པའི་དོན་དུ་བཤད་བའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲའི་དོན་གང་ཡིན་པ་དེ་ཉིད་རང་བཞིན་གྱིས་སྟོང་པའི་སྒྲའི་དོན་ཡིན་གྱི། དོན་བྱེད་ནུས་པའི་དངོས་པོ་མེད་པའི་དོན་ནི་སྟོང་པ་ཉིད་ཀྱི་སྒྲའི་དོན་མིན་ནོ། །ཁྱོད་ནི་རང་བཞིན་གྱིས་ཡོད་པས་སྟོང་ན་བྱ་བ་བྱེད་ནུས་པའི་དངོས་པོ་མེད་པར་འགྱུར་སྙམ་དུ་བསམ་ནས། དངོས་པོ་མེད་པ་རང་བཞིན་གྱིས་སྟོང་པའི་སྒྲའི་དོན་དུ་སྒྲོ་བཏགས་ནས་ཀླན་ཀ་སྨྲ་བས་སྟོང་པ་ཉིད་ཀྱི་སྒྲའི་དོན་ཡང་མི་ཤེས་སོ། །དེ་དག་གིས་ནི་རང་བཞིན་གྱིས་མེད་ན་དེ་ནས་ཅི་ཡོད་སྙམ་དུ་བསམས་ནས་རང་བཞིན་གྱིས་མེད་ན་མེད་དགོས་སོ་ཞེས་སྨྲ་བ་ནི་དབུ་མའི་


JLD015_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མ་རྟོགས་པའི་ཀླན་ཀ་སྨྲ་བའི་ལུགས་སུ་བསྟན་པས། དབུ་མའི་ཕྱོགས་འཛིན་པར་འདོད་པས་དེ་སྐད་སྨྲ་བ་ནི་ཤིན་ཏུ་མི་རིགས་བའོ། །གཉིས་པ་ལ་ལྔ། གང་ཞིག་མ་རྟོགས་པའི་བདེན་པ་གཉིས་ཀྱི་ངོ་བོ། བདེན་གཉིས་མི་ཤེས་ན་གསུང་རབ་ཀྱི་དེ་ཉིད་མི་ཤེས་པ། བདེན་པ་གཉིས་བསྟན་པའི་དགོས་པ། བདེན་པ་གཉིས་ལ་ལོག་པར་གཟུང་བའི་ཉེས་དམིགས། བདེན་གཉིས་རྟོགས་དཀའ་བས་སྟོན་བས་དང་པོར་མ་བསྟན་པའི་ཚུལ་ལོ། །དང་པོ་ལ་གཉིས། རྩ་བར་བསྟན་པའི་ཚིག་དོན་བཤད་པ་དང༌། འགྲེལ་བར་ཁ་འཕངས་པའི་དོན་ངེས་པར་བྱ་བའོ། །དང་པོ་ནི། དབུ་མ་བས་བཤད་པའི་སྟོང་པ་ཉིད་ཀྱི་དགོས་པ་ལ་སོགས་པ་མི་ཤེས་བཞིན་དུ་ཀླན་ཀ་སྨྲ་བ་དེ་སུ་ཞིག་ཡིན་ཞེ་ན། གསུང་རབ་ལས་བཤད་པའི་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་དོན་ཕྱིན་ཅི་མ་ལོག་པར་མི་ཤེས་པར། གསུང་རབ་ཀྱི་གཞུང་ཙམ་འབའ་ཞིག་འདོན་པ་ལྷུར་ལེན་པའི་རང་སྡེ་རྣམས་ཀྱིས་སྔར་བཤད་པ་ལྟར་རྒོལ་ལོ། །དེ་ཡི་ཕྱིར་འཕགས་པས་གཞན་གྱིས་གསུང་རབ་ཀྱི་དོན་ལོག་པར་རྟོག་པ་བཟློག་པར་བྱ་བའི་ཕྱིར། རེ་ཞིག་གསུང་རབ་ལས་བསྟན་པའི་བདེན་གཉིས་ཕྱིན་ཅི་མ་ལོག་པར་རྣམ་པར་བཞག་པའི་དབང་དུ་མཛད་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་བདེན་པ་གཉིས་ལ་ཡང་དག་པར་བརྟེན་ནས་འཇུག་ལ། བདེན་པ་གཉིས་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་དམ་པའི་དོན་གྱི་བདེན་པའོ་ཞེས་གསུངས་


JLD015_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་འཇིག་རྟེན་ནི་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ཡིན་ཏེ། འཇིག་རྟེན་ཕུང་པོར་རབ་གྲགས་པ། །དེ་ལ་འཇིག་རྟེན་ངེས་པར་རྟེན། ཞེས་འཇིག་པ་ཕུང་པོ་ལ་བརྟེན་པ་ལ་འཇིག་རྟེན་དུ་གསུངས་པའི་ཕྱིར་རོ། །ཀུན་རྫོབ་ནི་མི་ཤེས་པའམ་མ་རིག་པ་སྟེ་དངོས་པོའི་དེ་ཁོ་ན་ཉིད་འགེབས་ཤིང་སྒྲིབ་པར་བྱེད་པའི་ཕྱིར་རོ། །འདི་ནི་ཀུན་རྫོབ་ཀྱི་སྐད་དོད་སྒྲིབ་པ་ལའང་འཇུག་པས་དེའི་ཆ་ནས་བཤད་པ་ཡིན་གྱི་ཀུན་རྫོབ་ཐམས་ཅད་སྒྲིབ་བྱེད་དུ་འཆད་པ་མིན་ནོ། །ཡང་ན་ཀུན་རྫོབ་ནི་ཕན་ཚུན་བརྟེན་པའི་དོན་ནོ། །འདི་ནི་ཕན་ཚུན་བརྟེན་དགོས་པས་ན་རང་ལ་ཚུགས་ཐུབ་ཀྱི་རང་བཞིན་ཡོད་པ་མི་བདེན་པའི་དོན་ནོ། །ཚུལ་དེའི་སྒྲ་བཤད་པའི་རྒྱུ་མཚན་དོན་དམ་བདེན་པ་ལ་ཡང་ཡོད་མོད་ཀྱང་ཀུན་རྫོབ་པའི་སྒྲ་འཇུག་པ་ནི་མིན་ཏེ། དཔེར་ན་མཚོ་སྐྱེས་ཀྱི་སྒྲ་བཤད་པའི་རྒྱུ་མཚན་སྦལ་པ་ལ་ཡོད་ཀྱང་མི་འཇུག་པ་བཞིན་ནོ། །ཡང་ན་ཀུན་རྫོབ་ནི་བརྡ་སྟེ་འཇིག་རྟེན་གྱི་ཐ་སྙད་དོ། །དེ་ཡང་བརྗོད་བྱ་དང་རྗོད་བྱེད་དང་ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་དུ་བཤད་པས་ཡུལ་ཅན་གྱི་ཐ་སྙད་ཤེས་བརྗོད་ཙམ་ལ་མི་བཟུང་ངོ་། །ཅི་འཇིག་རྟེན་ཀུན་རྫོབ་ཅེས་འཇིག་རྟེན་སྨོས་པའི་དགོས་པ་འཇིག་རྟེན་གྱི་མིན་པའི་ཀུན་རྫོབ་ཀྱང་ཡོད་དམ་སྙམ་ན། འཇིག་རྟེན་གྱི་མིན་པའི་ཀུན་རྫོབ་ཡོད་པ་བཅད་པའི་ཕྱིར་དུ་འཇིག་རྟེན་ཞེས་སྨོས་པ་མིན་གྱི་དངོས་པོ་ཇི་ལྟར་གནས་པ་བརྗོད་པའོ། །རྣམ་པ་གཅིག་ཏུ་ན་རབ་རིབ་དང་ལིང་ཏོག་སྔོན་པོ་དང་མིག་སེར་ལ་སོགས་པས་དབང་པོ་ཉམས་པས་མཐོང་བ་ཕྱིན་ཅི་ལོག་ལ་


JLD015_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དེ་དག་ནི་ཡུལ་དེ་དག་ལ་ལྟོས་ནས་གང་གི་ངོར་བདེན་པ་འཇོག་པའི་འཇིག་རྟེན་མིན་ནོ། །དེའི་ཕྱིར་དེ་དག་གི་ཀུན་རྫོབ་རབ་རིབ་ལ་སོགས་པས་དབང་པོ་བསླད་པའི་ཡུལ་དེ་དག་ནི་འཇིག་རྟེན་ལ་ལྟོས་ཏེ་སྣང་བ་ལྟར་མི་བདེན་པས། དེ་ལས་དབྱེ་བའི་ཕྱིར་འཇིག་རྟེན་ཀུན་རྫོབ་བདེན་པ་ཞེས་བདེན་པའི་ཁྱད་པར་སྨོས་སོ། །དོན་ཡང་དེ་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་མོ། །དེ་ཉིད་དེ་ཁོ་ན་ཉིད་ཇི་བཞིན་དུ་གཟིགས་པའི་ངོར་མི་སླུ་བས་བདེན་པའོ། །གཉིས་པ་ནི། འདིར་ཚིག་གསལ་ལས་བདེན་གཉིས་རྒྱས་པར་འཇུག་པ་ལས་ཤེས་པར་བྱ་བར་གསུངས་པས་དེའི་དོན་ཅུང་ཟད་བཤད་པར་བྱའོ། །དེ་ལ་ཤེས་བྱ་ནི་གང་ལ་བདེན་པ་གཉིས་རྣམ་པར་འབྱེད་པའི་དབྱེ་བའི་གཞི་ཡིན་ལ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་ནི་དེ་ལས་ཕྱེ་བའི་ངོ་བོའོ། །ཕྱེ་བ་སོ་སོའི་དོན་ངེས་པར་བྱ་བ་ལ་གསུམ། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་བཤད་པ་དང༌། བདེན་པ་གཉིས་ཀྱི་གྲངས་ངེས་བསྟན་བའོ། །དང་པོ་ལ་གསུམ། ཀུན་རྫོབ་དང་བདེན་པའི་སྒྲའི་དོན་བཤད་པ་དང༌། ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། ཀུན་རྫོབ་པའི་དབྱེ་བའོ། །དང་པོ་ནི། འོ་ན་ཀུན་རྫོབ་ནི་གང་བདེན་པ་ནི་གང་ཞེ་ན། དེ་ལ་གཟུགས་ལ་སོགས་པ་རྣམས་ཀུན་རྫོབ་གང་གི་ངོར་བདེན་པར་འཇོག་པའི་ཀུན་རྫོབ་ནི། ཆོས་རྣམས་ལ་རང་བཞིན་གྱིས་གྲུབ་པའི་རང་གི་ངོ་བོ་མེད་པ་ལ་ཡོད་པར་སྒྲོ་འདོགས་པའི་མ་རིག་པ་ཡིན་ཏེ། དངོས་པོ་ལ་བདེན་པར་གྲུབ་པ་མི་སྲིད་པས་


JLD015_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་འཇོག་པ་ནི་བློའི་ངོར་ཡིན་ལ། བདེན་འཛིན་མིན་པའི་བློའི་ངོར་བདེན་པར་གཞག་ཏུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་བའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་སོ། །འདིར་འཇུག་འགྲེལ་ལས། དེ་ལྟར་རེ་ཞིག་སྲིད་བའི་ཡན་ལག་གིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་གོ །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་བ་སྤངས་པ། འདུ་བྱེད་གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི་བཅོས་མའི་རང་བཞིན་ཡིན་གྱི། བདེན་པ་ནི་མ་ཡིན་ཏེ་བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །བྱིས་པ་རྣམས་ལ་ནི་སླུ་བར་བྱེད་པ་ཡིན་ལ་དེ་ལས་གཞན་པ་རྣམས་ལ་ནི་སྒྱུ་མ་ལ་སོགས་པ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་ཀུན་རྫོབ་ཙམ་དུ་འགྱུར་རོ། ཞེས་གསུངས་པས་ནི་ཀུན་རྫོབ་བདེན་པ་ཡོད་པར་འཇོག་པ་རྣམས་མ་རིག་པས་ཡོད་པར་འཇོག་པ་དང༌། ཉོན་མོངས་ཅན་གྱི་མ་རིག་པ་སྤངས་པའི་ཉན་རང་དང་བྱང་སེམས་ཀྱི་ངོར་ཀུན་རྫོབ་ཀྱི་བདེན་པ་མི་འཇོག་པར་སྟོན་པ་མིན་ནོ། །དེ་ལ་དང་པོའི་རྒྱུ་མཚན་ནི་སྔར་བཤད་བ་ལྟར་ཉོན་མོངས་པ་ཅན་གྱི་མ་རིག་པ་ནི་བདེན་འཛིན་ཡིན་པས་དེས་བཟུང་བའི་དོན་ཐ་སྙད་དུ་ཡང་མི་སྲིད་པའི་ཕྱིར་དང༌། ཀུན་


JLD015_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཀྱི་བདེན་པ་ཡིན་ན་ཐ་སྙད་དུ་ཡོད་པས་ཁྱབ་པའི་ཕྱིར་རོ། །དེས་ན་ཆོས་རྣམས་ཀུན་རྫོབ་ཏུ་ཡོད་པར་འཇོག་པའི་འཇོག་སའི་ཀུན་རྫོབ་ཡིན་ན་ནི། ཉོན་མོངས་ཅན་གྱི་མ་རིག་པ་ལ་ཀུན་རྫོབ་ཏུ་བྱས་པ་དེ་མ་ཡིན་དགོས་པ་ཡིན་ནོ། །གཉིས་པའི་རྒྱུ་མཚན་ནི་ཉོན་མོངས་ཅན་གྱི་མ་རིག་པའི་ཀུན་རྫོབ་སྤངས་པ་རྣམས་ལ། གང་གི་ངོར་བདེན་པར་འཇོག་པའི་བདེན་ཞེན་གྱི་ཀུན་རྫོབ་མེད་པའི་རྒྱུ་མཚན་གྱིས། འདུ་བྱེད་རྣམས་དེ་དག་གི་ངོར་མི་བདེན་པར་བསྒྲུབས་ཀྱི་ཀུན་རྫོབ་བདེན་པ་མ་ཡིན་པར་མ་བསྒྲུབས་པའི་ཕྱིར་རོ། །དེས་ན་དེ་དག་གི་ངོར་འདུ་བྱེད་རྣམས་ཀུན་རྫོབ་ཙམ་དུ་གསུངས་པས་ནི། དེའི་ངོར་ཀུན་རྫོབ་དང་བདེན་པ་གཉིས་ཀྱི་ནང་ནས་བདེན་པར་གཞག་ཏུ་མེད་པས་ཙམ་གྱི་སྒྲས་ནི་བདེན་པ་གཅོད་ཀྱི་ཀུན་རྫོབ་བདེན་པ་གཅོད་པ་ག་ལ་ཡིན། དེ་ལྟར་ན་ཀུན་རྫོབ་བདེན་པའི་བདེན་ཚུལ་ནི་མ་རིག་པའི་ཀུན་རྫོབ་པའི་ངོ་ཙམ་དུ་ཡིན་པས། ཟླ་བའི་གཞུང་ལས། ཀུན་རྫོབ་ཏུ་བདེན་པས་ཀུན་རྫོབ་བདེན་པའོ། །ཞེས་གསུངས་པ་ནི་མ་རིག་པ་ཀུན་རྫོབ་པའི་ངོར་བདེན་པ་ལ་བྱའི་ཐ་སྙད་དུ་བདེན་པར་གྲུབ་པ་ལ་མི་བྱ་སྟེ། གཞན་དུ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཡང་མི་སྲིད་པའི་ལུགས་དང་འགལ་བའི་ཕྱིར་དང༌། བདེན་གྲུབ་འགོག་པ་དང་བདེན་མེད་སྒྲུབ་པ་རྣམས་ཐ་སྙད་དུ་བྱེད་ན་ཐ་སྙད་དུ་བདེན་པར་གྲུབ་པ་འཇོག་པ་མི་འཐད་ལ། མི་བྱེད་ན་དོན་དམ་དུ་ཡང་བྱར་མི་རུང་བས་རྣམ་གཞག་དེ་རྣམས་མི་སྲིད་པར་འགྱུར་བའི་ཕྱིར་རོ། །འོ་ན་ཆོས་ཉིད་དང་བདག་གཉིས་བདེན་འཛིན་ཀུན་རྫོབ་པའི་


JLD015_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་བདེན་པས་ཀུན་རྫོབ་བདེན་པར་འགྱུར་རོ་སྙམ་ན། བདེན་འཛིན་ཀུན་རྫོབ་པའི་ངོར་བདེན་པ་ཙམ་ཞིག་ལ་ཀུན་རྫོབ་བདེན་པར་འཇོག་ན། དེ་ལྟར་འགྱུར་མོད་ཀྱང་དེ་ལྟར་ནི་མི་སྨྲའི་ཀུན་རྫོབ་བདེན་པའི་བདེན་ས་དེ་ཀུན་རྫོབ་པ་གང་གི་ངོར་བདེན་པའི་ཀུན་རྫོབ་པ་དང་དེའི་ངོར་བདེན་ཚུལ་བཤད་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཕྱི་ནང་གི་དངོས་པོ་འདི་རྣམས་རེ་རེ་ལ་ཡང་དོན་དམ་པ་དང་ཀུན་རྫོབ་པའི་ངོ་བོ་གཉིས་གཉིས་ཡོད་དེ་དེ་ཡང་མྱུ་གུ་ལྟ་བུ་གཅིག་ལ་མཚོན་ན། ཤེས་བྱ་ཡང་དག་པ་དེ་ཁོ་ནའི་དོན་གཟིགས་པའི་རིགས་ཤེས་ཀྱིས་རྙེད་པའི་མྱུ་གུའི་ངོ་བོ་དང༌། ཤེས་བྱ་བརྫུན་པ་སླུ་བའི་དོན་འཇལ་བའི་ཐ་སྙད་པའི་ཤེས་པས་རྙེད་པའི་མྱུ་གུའི་ངོ་བོའོ། །དེའི་སྔ་མ་ནི་མྱུ་གུའི་དོན་དམ་བདེན་པའི་ངོ་བོ་ཡིན་ལ་ཕྱི་མ་ནི་མྱུ་གུའི་ཀུན་རྫོབ་བདེན་པའི་ངོ་བོའོ། །དེ་ལྟར་ཡང་འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པའི་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་བརྫུན་པའི་ཀུན་རྫོབ་བདེན་པར་གསུངས། ཞེས་སོ། །འདིས་ནི་མྱུ་གུའི་ངོ་བོ་ལ་བདེན་པ་གཉིས་ཀྱི་ངོ་བོ་གཉིས་ཡོད་པའི་དོན་དམ་ནི་ཤེས་པ་སྔ་མ་དང་ཀུན་རྫོབ་ནི་ཤེས་པ་ཕྱི་མས་རྙེད་པར་སྟོན་གྱི། མྱུ་གུའི་ངོ་བོ་གཅིག་ཉིད་ཤེས་པ་སྔ་ཕྱི་གཉིས་ལ་ལྟོས་ནས་བདེན་པ་གཉིས་སུ་སྟོན་པ་མིན་ཏེ། འཇུག་འགྲེལ་ལས། དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་རྣམ་པ་གཉིས་ཉེ་བར་བསྟན་ཏེ་འདི་ལྟ་སྟེ་ཀུན་རྫོབ་དང་དོན་དམ་པའོ། །ཞེས་དངོས་པོ་རེ་རེའི་ངོ་བོ་ལ་གཉིས་གཉིས་སུ་ཕྱེ་ནས་དོན་དམ་པ་ནི་


JLD015_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པའི་དོན་གཟིགས་པའི་ཤེས་པ་དང༌། ཀུན་རྫོབ་ནི་བརྫུན་པ་མཐོང་བའི་ཤེས་པས་རྙེད་པར་གསུངས་སོ། །མྱུ་གུའི་ཆོས་ཉིད་ནི་དེའི་རང་བཞིན་ཡིན་པས་དེའི་ངོ་བོ་ཞེས་བྱ་ལ་མྱུ་གུའི་ཁ་དོག་དང་དབྱིབས་ལ་སོགས་པ་ཡང་མྱུ་གུའི་བདག་ཉིད་ཡིན་པས་དེའི་ངོ་བོའོ། །མཚན་གཞི་བུམ་པ་ལྟ་བུ་ཞིག་ཤེས་བྱ་བརྫུན་པ་སླུ་བའི་དོན་དུ་ངེས་པ་ལ་གཞི་དེ་ལ་བདེན་པར་འཛིན་པའི་ཞེན་ཡུལ་རིགས་ཤེས་ཀྱིས་སུན་ཕྱུང་བའི་ལྟ་བ་རྙེད་དགོས་ཏེ། བདེན་པ་རིགས་པས་མ་ཁེགས་པར་བརྫུན་པ་ཚད་མས་མི་འགྲུབ་པའི་ཕྱིར་རོ། །དེས་ན་གཞི་དེ་ཀུན་རྫོབ་བདེན་པའི་དོན་དུ་བློས་འགྲུབ་པ་ནི་དོན་དམ་པར་ཡོད་པ་བློས་ཁེགས་པ་ལ་ངེས་པར་ལྟོས་སོ། །བུམ་སྣམ་ལ་སོགས་པ་ཀུན་རྫོབ་བདེན་པ་ཡིན་ཀྱང་དེ་དག་བློས་གྲུབ་པ་ན་ཀུན་རྫོབ་བདེན་པའི་དོན་བློས་འགྲུབ་མི་དགོས་ཏེ། བུམ་སྣམ་སོགས་རང་བཞིན་གྱིས་མེད་བཞིན་དུ་སྣང་བའི་སྒྱུ་མ་ལྟ་བུ་ཡིན་ཀྱང་དེ་དག་གྲུབ་པའི་བློས་སྒྱུ་མ་ལྟ་བུའི་དོན་འགྲུབ་མི་དགོས་པ་བཞིན་ནོ། །དེའི་ཕྱིར་དབུ་མའི་ལྟ་བ་མེད་པའི་སོ་སྐྱེའི་ཤེས་ངོ་ལ་ལྟོས་ཏེ་བུམ་སྣམ་སོགས་ཀུན་རྫོབ་བདེན་པ་དང་འཕགས་པ་ལ་ལྟོས་ཏེ་དོན་དམ་བདེན་པར་སྨྲ་བ་ནི་རིགས་པ་མ་ཡིན་ཏེ། འཇུག་འགྲེལ་ལས། དེ་ལ་སོ་སོ་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་དོན་


JLD015_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའོ། །ཞེས་གསུངས་པ་ལས་བཟློག་ནས་སྨྲ་བ་ཡིན་པའི་ཕྱིར་རོ། །སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་བུམ་པ་ལ་སོགས་པ་ལ་བདེན་པར་འཛིན་ལ་དེ་ཉིད་དོན་དམ་པར་ཡོད་པར་འཛིན་པ་ཡང་ཡིན་པས། དེ་དག་གི་ཤེས་ངོ་དེ་ལ་ལྟོས་ཏེ་བུམ་སོགས་རྣམས་དོན་དམ་པར་གྲུབ་པ་ཡིན་གྱི་ཀུན་རྫོབ་པའི་དོན་མིན་ནོ། །དེ་དག་གི་ངོར་དོན་དམ་པར་གྲུབ་པའི་གཞི་བུམ་པ་ལ་སོགས་པ་རྣམས་འཕགས་པའི་རྒྱུད་ཀྱི་སྣང་བ་སྒྱུ་མ་ལྟ་བུའི་དོན་གཟིགས་པ་ལ་ལྟོས་ནས་ཀུན་རྫོབ་པ་ཡིན་ནོ། །ཤེས་པ་དེ་ལ་ལྟོས་ན་བདེན་པར་གཞག་ཏུ་མེད་པས་ཀུན་རྫོབ་ཙམ་ཞེས་གསུངས་སོ། །དེ་ལྟ་ནའང་དེ་དག་གི་རང་བཞིན་དོན་དམ་བདེན་པར་གསུངས་པས་བུམ་སོགས་ཀུན་རྫོབ་དང་དེ་དག་གི་རང་བཞིན་འཕགས་པའི་དོན་དམ་མོ་ཞེས་ཕྱེ་ནས་བརྗོད་པར་བྱའི། བུམ་སོགས་འཕགས་པ་ལ་དོན་དམ་མོ་ཞེས་སྨྲ་བར་མི་བྱ་སྟེ། དེའི་ཡང་དག་པའི་དོན་མཐོང་བའི་རིགས་ཤེས་ཀྱིས་བུམ་སོགས་མ་རྙེད་པའི་ཕྱིར་དང༌། ཡང་དག་པའི་དོན་མཐོང་བའི་རིགས་ཤེས་ཀྱིས་རྙེད་བ་དོན་དམ་བདེན་པའི་མཚན་ཉིད་དུ་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཤེས་བྱ་བརྫུན་པ་སླུ་བའི་དོན་མཐོང་བའི་ཤེས་པ་ལ་ཡང་རབ་རིབ་ལ་སོགས་པའི་འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་དབང་པོ་གསལ་བའི་ཤེས་པ་དང༌། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དབང་པོ་སྐྱོན་ཅན་གྱི་ཤེས་པ་གཉིས་ཡིན་ལ་དེ་ནི་སྔ་མ་ལ་ལྟོས་ནས་ལོག་པའི་ཤེས་པར་བཞག་གོ །དེ་ལྟར་ཡང་འཇུག་པ་ལས། མཐོང་བ་བརྫུན་པའང་


JLD015_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་བོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། ཅེས་གསུངས་སོ། །ཡུལ་ཅན་ལ་ལོག་མ་ལོག་གཉིས་སུ་ཕྱེ་བ་དེ་བཞིན་དུ་དེའི་ཡུལ་ལ་ཡང་ཡང་དག་དང་ལོག་པ་གཉིས་གསུངས་ཏེ། འཕྲལ་གྱི་འཁྲུལ་རྒྱུའི་གནོད་པ་མེད་པའི་དབང་པོ་དྲུག་གི་ཤེས་པས་བཟུང་བའི་དོན་དང༌། འཕྲལ་གྱི་འཁྲུལ་རྒྱུའི་གནོད་པ་ཡོད་པའི་དབང་པོ་དྲུག་གི་ཤེས་པས་བཟུང་བའི་དོན་ནོ། །དེ་ལྟར་ཡང་འཇུག་པ་ལས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་དེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་གསུངས་སོ། །དེ་ལ་དབང་པོ་ལ་གནོད་པའི་སྐྱོན་ནང་ན་ཡོད་པ་ནི་རབ་རིབ་དང་མིག་སེར་ལ་སོགས་པ་དང་ད་དུ་ར་ཟོས་པ་ལ་སོགས་པའོ། །དབང་པོ་ལ་གནོད་པའི་སྐྱོན་ཕྱི་ན་ཡོད་པ་ནི། མེ་ལོང་དང་བྲག་ཕུག་ལ་སོགས་པ་ནས་སྒྲ་བརྗོད་པ་དང་སོས་ཀའི་ཉི་མའི་འོད་ཟེར་བྱེ་མ་སྐྱེ་བོའི་ཡུལ་དང་ཉེ་བར་གྱུར་པ་ལ་སོགས་པ་སྟེ། དེ་དག་ནི་དབང་པོ་ལ་གནོད་པའི་སྐྱོན་ནང་ན་ཡོད་པ་དག་མེད་པར་གཟུགས་བརྙན་དང་བྲག་ཆ་དང་སྨིག་རྒྱུ་ལ་ཆུ་ལ་སོགས་པར་འཛིན་པའི་རྒྱུར་འགྱུར་རོ། །དེ་བཞིན་དུ་མིག་འཕྲུལ་མཁན་ལ་སོགས་པས་སྦྱར་བའི་སྔགས་དང་སྨན་ལ་སོགས་པ་ཡང་ཤེས་པར་བྱའོ། །ཡིད་ཀྱི་དབང་པོའི་གནོད་པ་ནི་དེ་དག་


JLD015_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དང་གྲུབ་མཐའ་ལོག་པ་དང་གཏན་ཚིགས་ལྟར་སྣང་དང་གཉིད་ཀྱི་གནོད་པ་སོགས་སོ། །དེ་ལྟར་ན་ཐོག་མ་མེད་པ་ནས་ཞུགས་པའི་བདག་ཏུ་འཛིན་པ་གཉིས་ཀྱི་མ་རིག་པ་ལ་སོགས་པས་བསླད་པའི་གནོད་བ་ནི་འདིར་གནོད་པའི་རྒྱུར་མི་གཟུང་གི །སྔར་བཤད་པ་ལྟར་གྱི་འཕྲལ་གྱི་དབང་པོ་ལ་གནོད་པའི་འཁྲུལ་རྒྱུ་རྣམས་གཟུང་ངོ་། །དེ་ལྟ་བུའི་གནོད་པ་མེད་པའི་ཤེས་པ་དྲུག་གིས་བཟུང་བའི་ཀུན་རྫོབ་པའི་དོན་དང༌། དེ་ལས་བཟློག་པའི་དོན་ལ་ཡང་དག་དང་ལོག་པར་འཇོག་པ་ནི་འཇིག་རྟེན་པའི་ཤེས་པ་ཁོ་ན་ལ་ལྟོས་ནས་ཡིན་ཏེ། དེ་དག་ཇི་ལྟར་སྣང་བ་ལྟར་གྱི་དོན་དུ་ཡོད་པ་ལ་འཇིག་རྟེན་པའི་ཤེས་པས་གནོད་པ་མེད་པ་དང་ཡོད་པའི་ཕྱིར་རོ། །འཕགས་པ་ལ་ལྟོས་ནས་ནི་ཡང་དག་དང་ལོག་པ་གཉིས་སུ་མེད་དེ། ཇི་ལྟར་གཟུགས་བརྙན་ལ་སོགས་པ་སྣང་བ་ལྟར་གྱི་དོན་དུ་མེད་པ་བཞིན་དུ། མ་རིག་པ་དང་ལྡན་པ་རྣམས་ལ་སྔོན་པོ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ཡང་སྣང་བ་ལྟར་གྱི་དོན་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་དེ་གཉིས་ལ་འཁྲུལ་མ་འཁྲུལ་ཡང་དབྱེར་མེད་དོ། །འོ་ན་དབང་པོ་གཟུགས་ཅན་ལ་འཕྲལ་གྱི་གནོད་པ་ཡོད་པས་ཡུལ་ལོག་པར་སྣང་བ་དང་། ཡིད་ཀྱི་ཤེས་པ་ལ་གཉིད་ལ་སོགས་པའི་གནོད་པ་ཡོད་པས་རྨི་ལམ་དུ་མིར་སྣང་བ་སོགས་ལ་མི་ལ་སོགས་པར་འཛིན་པ་དང༌། སད་པའི་དུས་སུ་སྒྱུ་མའི་རྟ་གླང་གི་སྣང་བ་ལ་རྟ་གླང་དང་སྨིག་རྒྱུ་ཆུར་སྣང་བ་ལ་ཆུར་འཛིན་པའི་ཡུལ་རྣམས་ཕྱིན་ཅི་ལོག་ཡིན་པར་འཇིག་རྟེན་པའི་བློ་རང་དགའ་བས་ཀྱང་རྟོགས་མོད་ཀྱང༌། ཡིད་ལ་གྲུབ་མཐའ་ངན་


JLD015_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནོད་པ་ཡོད་པས་ལོག་པར་བཟུང་བའི་དོན་རྣམས་འཇིག་རྟེན་པའི་བློ་རང་དགའ་བས་ཕྱིན་ཅི་ལོག་ཏུ་ཇི་ལྟར་རྟོགས་ཤེ་ན། འདིར་གནོད་པ་ཡོད་མེད་དཔྱོད་པའི་གནོད་པ་ནི་ལྷན་སྐྱེས་ཀྱིས་ཕྱིན་ཅི་ལོག་ཏུ་འཛིན་པའི་གནོད་པ་ལ་མི་བྱེད་པས། གྲུབ་མཐའ་ངན་པས་བཏགས་པ་ནི་གྲུབ་མཐས་བློ་བསྒྱུར་བ་ཁོ་ནས་ལོག་པར་བཏགས་པའི་གཙོ་བོ་ལ་སོགས་པ་ཡིན་ལ། དེ་དག་ཕྱིན་ཅི་ལོག་ཏུ་འཇིག་རྟེན་པའི་བློ་རང་དགའ་བས་མི་རྟོགས་ཀྱང་དེ་ཁོ་ན་ཉིད་ལ་མངོན་སུམ་དུ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་ལོག་པར་རྟོགས་ན། འཇིག་རྟེན་པའི་ཤེས་པས་ལོག་པར་རྟོགས་པ་ཡིན་ནོ། །བདག་འཛིན་ལྷན་སྐྱེས་གཉིས་ཀྱིས་བཟུང་བའི་དོན་ལྟ་བུ་ནི། གནོད་པ་མེད་པའི་དབང་པོས་བཟུང་བ་ཞེས་པ་ཡིན་ལ། འཇིག་རྟེན་པའི་བསམ་པ་རང་དགའ་བ་ལ་ལྟོས་ནས་ཡང་དག་པའམ་བདེན་པ་ཡིན་མོད་ཀྱང་ཐ་སྙད་དུ་ཡང་མེད་དོ། །དབུ་མ་རང་རྒྱུད་པ་གང་དག་ཤེས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ནི་སྣང་བ་ལྟར་དུ་ཡོད་པར་ངེས་པས་ཡུལ་ཅན་ལ་ཡང་དག་དང་ལོག་པ་གཉིས་མི་འབྱེད་པར། ཡུལ་དུ་སྣང་བ་ལ་ཇི་ལྟར་སྣང་བ་ལྟར་གྱི་རང་གི་མཚན་ཉིད་ཀྱིས་ཡོད་མེད་འབྱེད་པ་རྣམས་ནི། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། ཞེས་གསུངས་པ་ལྟར་བཞེད་དོ། །ལུགས་འདི་ནི་མ་རིག་པ་དང་ལྡན་པ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་


JLD015_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པར་གང་སྣང་བ་ཐམས་ཅད་ཤེས་པ་དེ་མ་རིག་པས་བསླད་པའི་སྣང་བར་བཞེད་པས། ཀུན་རྫོབ་པའི་དོན་ལ་ཡང་དག་པ་དང་ལོག་པ་གཉིས་སུ་མི་འབྱེད་དོ། །འདིར་འཇུག་འགྲེལ་ལས། གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ནོ་ཞེས་གསུངས་པ་ནི་བརྡ་ལ་བྱང་བའི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་ངོར། བྱང་བཞིན་གྱི་གཟུགས་བརྙན་ལྟ་བུ་དེ་བྱད་བཞིན་དུ་མི་བདེན་པས་དེ་ལ་ལྟོས་པའི་ཀུན་རྫོབ་བདེན་པ་མིན་ནོ། །དེ་ལྟ་ནའང་ཤེས་བྱ་བརྫུན་པ་སླུ་བའི་དོན་མཐོང་བས་རྙེད་པའི་དོན་ནི་ཡིན་པས་ཀུན་རྫོབ་བདེན་པའོ། །གཟུགས་བརྙན་སྣང་བའི་ཤེས་པ་སྣང་ཡུལ་ལ་འཁྲུལ་བ་བཞིན་དུ། མ་རིག་པ་དང་ལྡན་པ་རྣམས་ལ་སྔོན་པོ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ཡང་སྣང་ཡུལ་ལ་འཁྲུལ་བར་མཚུངས་སོ། །གཞལ་བྱ་བདེན་པ་འཇོག་ན་དེ་ལྟར་འཁྲུལ་བ་དེས་འཇོག་པ་འགལ་ཡང་གཞལ་བྱ་བརྫུན་པ་འཇོག་པ་ལ་དེ་ཉིད་གྲོགས་སུ་འགྲོ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་སྒྱུ་མ་ལྟ་བུའི་དོན་དང་བརྫུན་པ་རྣམས་ཐ་སྙད་དུ་འཇོག་དགོས་པས་ཀུན་རྫོབ་བདེན་པ་མི་སྲིད་པར་འགྱུར་ཏེ། ཐ་སྙད་དུ་མི་བདེན་ན་ཀུན་རྫོབ་བདེན་པར་འགལ་བའི་ཕྱིར་རོ། །གཉིས་པ་ལ་གསུམ། དོན་དམ་པ་དང་བདེན་པའི་དོན་བཤད་པ་དང༌། དོན་དམ་བདེན་པའི་མཚན་ཉིད་བཤད་པ་དང༌། དོན་དམ་བདེན་པའི་དབྱེ་བ་བཤད་པའོ། །དང་པོ་ནི། ཚིག་གསལ་ལས། དོན་ཡང་དེ་ཡིན་ལ་དམ་པ་ཡང་ཡིན་པས་ན་དོན་དམ་པའོ། །དེ་ཉིད་བདེན་པ་ཡིན་པས་དོན་དམ་བདེན་པའོ། །ཞེས་གསུངས་པས་གཞན་དག་


JLD015_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་མཉམ་གཞག་ཟག་མེད་ཀྱི་ཡེ་ཤེས་དང་དོན་དམ་དེའི་ཡུལ་ལ་འཆད་པ་ལྟར་མི་བཞེད་ཀྱི། དོན་དང་དམ་པ་གཉིས་ཀ་དོན་དམ་བདེན་པ་ཉིད་ལ་བཞེད་དོ། །དོན་དམ་བདེན་པའི་བདེན་ཚུལ་ནི། མི་སླུ་བ་ཡིན་ལ་དེ་ཡང་གནས་ཚུལ་གཞན་དུ་གནས་ཤིང་སྣང་ཚུལ་གཞན་དུ་སྣང་ནས་འཇིག་རྟེན་ལ་མི་སླུ་བའི་ཕྱིར། དོན་དམ་པའི་བདེན་པར་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་ཙམ་ཡིན་ཏེ། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། གལ་ཏེ་དེ་ལྟ་ནའང་ཇི་ལྟར་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པར་གསུངས་ཤེ་ན། དེའི་བདག་ཉིད་དུ་འཇིག་རྟེན་ལ་མི་སླུ་བའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཁོ་ནས་དེ་དོན་དམ་པའི་བདེན་པར་གསུངས་སོ། །འདུས་བྱས་སླུ་བ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་མ་ཡིན་ནོ། །བདེན་པ་གསུམ་ནི་འདུས་བྱས་ཉིད་ཡིན་པས་རང་བཞིན་མེད་བཞིན་དུ་སྣང་བས། བྱིས་པ་རྣམས་ལ་སླུ་བར་བྱེད་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདེན་པར་རྣམ་པར་བཞག་གོ །ཞེས་མྱང་འདས་ཀུན་རྫོབ་ཀྱི་བདེན་པའི་ངོར་བཞག་པ་ལ་དེ་ལྟ་ན་དོན་དམ་པའི་བདེན་པར་མི་འཐད་དོ་ཞེས་པའི་ལན་དུ་གསུངས་སོ། །འོ་ན་རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་ནམ་གསུངས་པ། །དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོག་པར་བྱེད། ཅེས་མྱང་འདས་གཅིག་པུ་བདེན་གྱི་གཞན་རྣམས་མི་བདེན་ཞེས་གསུངས་པ་ཇི་ལྟར་དྲང་སྙམ་ན། འདིའི་ལན་ནི་རིགས་པ་དྲུག་ཅུ་པའི་


JLD015_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ལས། འོ་ན་ནི་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ་མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །ཞེས་གང་གསུངས་པ་དེ་ཇི་ལྟར་ཞེ་ན། ཇི་ལྟར་འདུས་བྱས་ལོག་པར་སྣང་བས་བྱིས་པ་རྣམས་ལ་སླུ་བར་བྱེད་པ་ཡིན་བ་དེ་བཞིན་དུ། མྱ་ངན་ལས་འདས་པ་ནི་མ་ཡིན་ཏེ། རྟག་ཏུ་སྐྱེ་བ་མེད་པའི་རང་བཞིན་གྱིས་ངོ་བོ་ཁོ་ནར་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་བྱིས་པ་རྣམས་ལ་ཡང་འདུས་བྱས་ལྟར་སྐྱེ་བའི་ངོ་བོར་ནམ་ཡང་མི་སྣང་ངོ་། །དེའི་ཕྱིར་མྱ་ངན་ལས་འདས་པ་ནི་རྟག་ཏུ་ཁོ་ནར་མྱ་ངན་ལས་འདས་པ་ཉིད་དུ་གནས་པའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཁོ་ནས་བདེན་པ་དམ་པར་གསུངས་ཀྱི། ཞེས་མི་སླུ་བ་བདེན་པར་གསུངས་པའི་དོན་དང་དེ་ཡང་ཐ་སྙད་ཀྱི་དབང་གིས་ཡིན་པར་གསུངས་པའི་ཕྱིར་དང༌། མདོ་སྡེ་ཉིད་ལས་ཀྱང་མི་སླུ་བའི་ཆོས་ཅན་ཞེས་བདེན་པའི་དོན་དེ་ལ་གསུངས་པའི་ཕྱིར་དང༌། འདུ་བྱེད་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཅན་ཞེས་བརྫུན་པའི་དོན་སླུ་བ་ལ་གསུངས་པས་ཀྱང་བདེན་པའི་དོན་མི་སླུ་བ་ཡིན་པར་ཤེས་སོ། །དེས་ན་ཀུན་རྫོབ་བདེན་པའི་བདེན་པ་ནི་བདེན་འཛིན་གྱི་ངོར་བདེན་པ་དང་དོན་དམ་བདེན་པ་གཉིས་སྒྲ་དོན་མི་འདྲའོ། །རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས་མྱང་འདས་ཀུན་རྫོབ་ཏུ་བདེན་པར་གསུངས་པ་ནི། མྱང་འདས་དོན་དམ་པའི་བདེན་པར་ཡོད་པ་ཀུན་རྫོབ་པའི་ངོར་འཇོག་པའི་དོན་ཡིན་གྱི་ཐ་སྙད་དུ་དེ་བདེན་པར་བཞེད་པ་མིན་ནོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། རྩོད་པ་སྤང་བའོ། །དང་པོ་ནི།


JLD015_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་བདེན་པའི་མཚན་ཉིད་ནི་འཇུག་པ་ལས། ཤེས་བྱ་ཡང་དག་པའི་དོན་མཐོང་བས་རྙེད་པ་ལ་གསུངས་པ་སྔར་བཤད་པ་ལྟར་ཡིན་ལ། དེའི་འགྲེལ་པ་ལས། དེ་ལ་དོན་དམ་པ་ནི་ཡང་དག་པ་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱི་ཡུལ་ཉིད་ཀྱིས་བདག་གི་རང་གི་ངོ་བོ་རྙེད་པ་ཡིན་གྱི། རང་གི་བདག་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ཏེ་འདི་ནི་ངོ་བོ་གཅིག་ཡིན་ནོ། ཞེས་དེ་ཁོ་ན་ཉིད་འཇལ་བའི་ཟག་མེད་ཀྱི་ཡེ་ཤེས་ཀྱིས་རྙེད་ལ་རང་གི་ངོ་བོས་མ་གྲུབ་པར་གསུངས་པས། མཉམ་གཞག་ཟག་མེད་ཀྱིས་རྙེད་རྒྱུ་ཅིག་བྱུང་ན་བདེན་པར་གྲུབ་པ་ཡིན་ནོ་ཞེས་སྨྲ་བ་བཀག་པ་ཡིན་ནོ། །ཡེ་ཤེས་ཀྱི་ཁྱད་པར་ཞེས་གསུངས་པས་ནི་འཕགས་པ་རྣམས་ཀྱི་ཡེ་ཤེས་གང་ཡིན་གྱིས་རྙེད་པས་མི་ཆོག་གི་ཡེ་ཤེས་ཀྱི་ཁྱད་པར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་རྙེད་པ་ཅིག་དོན་དམ་བདེན་པར་སྟོན་པའོ། །རྙེད་པའི་དོན་ནི་ཤེས་པ་དེས་དེ་ལྟར་གྲུབ་པའི་དོན་ཡིན་ཏེ་ཀུན་རྫོབ་ལ་ཡང་འདྲའོ། །ཡེ་ཤེས་དེས་ཇི་ལྟར་རྙེད་པའི་ཚུལ་ནི། རབ་རིབ་ཅན་གྱི་མིག་གིས་བར་སྣང་གི་གཞིར་སྐྲ་ཤད་འཛག་པར་མཐོང་བ་ན། རབ་རིབ་མེད་པའི་མིག་གིས་གཞི་དེར་སྐྲ་ཤད་འཛག་པའི་སྣང་བ་ཙམ་ཡང་མ་མཐོང་བ་བཞིན་དུ་མ་རིག་པའི་རབ་རིབ་ཀྱིས་གནོད་པ་བྱས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པའི་རང་གི་ངོ་བོ་དམིགས་པ་དེ་ཉིད། མ་རིག་པའི་བག་ཆགས་དང་བྲལ་བའི་སངས་རྒྱས་དང་དེ་ཁོ་ན་ཉིད་འཇལ་བའི་ཟག་མེད་ཀྱི་ཡེ་ཤེས་ཀྱིས། རབ་རིབ་མེད་པའི་མིག་བཞིན་


JLD015_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཉིས་སྣང་ཕྲ་མོ་ཡང་མ་གཟིགས་པའི་ཚུལ་གྱིས་རང་བཞིན་གང་གིས་གཟིགས་པ་ནི་དོན་དམ་བདེན་པ་སྟེ། འཇུག་པ་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་སྟེ་དེ་ཉིད་དེ་བཞིན་འདིར་ཤེས་ཀྱིས། ཞེས་གསུངས་ཤིའ་དེའི་འགྲེལ་པ་ལས་ཀྱང་ཕུང་པོ་ལ་སོགས་པ་དེ་དག་ཉིད་མ་རིག་པའི་བག་ཆགས་དང་བྲལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། རབ་རིབ་ཅན་མ་ཡིན་པས་སྐྲ་ཤད་མཐོང་བའི་ཚུལ་དུ་རང་བཞིན་གང་གིས་གཟིགས་པ་དེ་ནི་དེ་དག་གི་དོན་དམ་པའི་བདེན་པའོ། །ཞེས་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་འཇལ་བའི་ཡེ་ཤེས་ཀྱིས་མ་རིག་པའི་རབ་རིབ་ཀྱིས་བསླད་པ་ལ་སྣང་བའི་དོན་རབ་རིབ་མེད་པའི་མིག་གིས་སྐྲ་ཤད་མ་མཐོང་བ་ལྟར་མ་གཟིགས་པར་གསུངས་སོ། །གཉིས་པ་ལ་གཉིས། ཇི་ལྟ་བ་གཟིགས་པ་མི་འཐད་པའི་རྩོད་པ་སྦང་བ་དང༌། ཇི་སྙེད་པ་གཟིགས་པ་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་དོན་དམ་པའི་བདེན་པ་རྙེད་ན་འཇུག་འགྲེལ་ལས། གལ་ཏེ་རྣམ་པ་དེ་ལྟ་བུའི་རང་བཞིན་མཐོང་བ་མེད་པ་ཉིད་མ་ཡིན་ནམ་དེའི་ཕྱིར་ཇི་ལྟར་དེ་དག་གིས་གཟིགས་ཤེ་ན། བདེན་མོད་ཀྱི་འོན་ཀྱང་མ་གཟིགས་པའི་ཚུལ་གྱིས་དེ་དག་གིས་གཟིགས་སོ་ཞེས་བརྗོད་དོ། །ཞེས་ཅི་ཡང་མ་གཟིགས་པ་ལ་དེ་ཁོ་ན་གཟིགས་པར་བཤད་ཅིང༌། དེའི་ཤེས་བྱེད་དུ་དོན་དམ་པའི་བདེན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་


JLD015_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདས་པར་བཤད་པ་དྲངས་པ་དང༌། སངས་རྒྱས་ཀྱི་ས་ལ་སེམས་སེམས་བྱུང་གི་རྒྱུ་བ་གཏན་ལོག་པར་བཤད་པ་དང་ཇི་ལྟར་མི་འགལ་ཞེ་ན། མ་གཟིགས་པའི་ཚུལ་གྱིས་གཟིགས་ཞེས་པ་ནི་ཡུལ་གང་ཡིན་ཐམས་ཅད་མ་མཐོང་བ་ལ་མི་བྱེད་པའི་ཚུལ་རབ་བྱེད་བཅོ་ལྔ་པའི་སྐབས་སུ་བཤད་ཟིན་ནོ། །བདེན་པ་གཉིས་ལ་འཇུག་པ་ལས། ལྷའི་བུ་དག་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཞེས་དོན་དམ་བདེན་པའོ་ཞེས་བརྗོད་པའི་ཚེ་ན་བློ་ལ་ཡུལ་དང་ཡུལ་ཅན་གཉིས་སོ་སོར་སྣང་བ་ལྟར་མི་མཐོང་བ་ལ་བཤད་པས། གཉིས་སྣང་ལོག་པའི་ཁུངས་ཡིན་གྱི་སངས་རྒྱས་ཀྱིས་དོན་དམ་མ་རྟོགས་པའི་ཁུངས་མིན་ནོ། །འཇུག་འགྲེལ་ལས་ཀྱང༌། དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་མངོན་སུམ་དུ་མཛད་པས་དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ཞེས་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་གཞན་དབང་ལ་མ་རེག་པར་ཆོས་ཉིད་འབའ་ཞིག་ཐུགས་སུ་ཆུད་པར་གསུངས་སོ། །སེམས་སེམས་བྱུང་གི་རྒྱུ་བ་ལོག་པ་ནི་ཚིག་གསལ་ལས་རྣམ་རྟོག་གི་རྒྱུ་བ་ལོག་པ་ལ་གསུངས་ཏེ་སྔར་བཤད་ཟིན་ཏོ། །གཞན་ཡང་འཇུག་འགྲེལ་ལས། རང་བཞིན་དེ་ཡོད་པ་མིན་ན་དེ་རྟོགས་པའི་ཕྱིར་དུ་བྱང་སེམས་རྣམས་དཀའ་བ་སྤྱོད་པ་དོན་


JLD015_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཤེས་བྱེད་དང་བཅས་པས་བསྒྲུབས་ཏེ། ཇི་སྐད་དུ་དེ་དག་གི་རང་བཞིན་ཡང་གང་ཞིག་ཅེ་ན། དེ་དག་གི་བཅོས་མ་མ་ཡིན་པ་དང་གཞན་ལ་ལྟོས་པ་མེད་པ་གང་ཡིན་པ་སྟེ། མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་པས་རྟོགས་པར་བྱ་བའི་རང་གི་ངོ་བོའོ། །ཅི་དེ་ཡོད་དམ་མེད་དོ་ཞེས་དེ་སྐད་དུ་སུ་སྨྲ། གལ་ཏེ་མེད་ན་ནི་ཅིའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པའི་ལམ་སྒོམ་པར་འགྱུར་ཏེ། གང་གི་ཕྱིར་ཆོས་ཉིད་དེ་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་དཀའ་བ་བརྒྱ་ཕྲག་རྩོམ་པ་ཡིན་ནོ། །ཇི་སྐད་དུ་རིགས་ཀྱི་བུ་དོན་དམ་པ་ནི་སྐྱེ་བ་མེད་པ་དང་འགག་བ་མེད་པ་དང་འཇིག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང་ཡི་གེ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་དང་ཡི་གེ་རྣམས་ཀྱིས་རབ་ཏུ་བསྙད་དུ་མེད་ཅིང་སྤྲོས་པས་རྟོགས་པར་བྱ་བ་མ་ཡིན་པ་སྟེ། རིགས་ཀྱི་བུ་དོན་དམ་པ་ནི་བརྗོད་དུ་མེད་ཅིང་ཞི་བ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱའོ། །རིགས་ཀྱི་བུ་དོན་དམ་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། གང་གི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་སྐྲ་དང་ཁ་སྤུ་དག་བྲེགས་ནས་གོས་དུར་སྨྲིག་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ཞིང་རབ་ཏུ་བྱུང་ནས་ཀྱང༌། ཆོས་དེ་ཉིད་ཐོབ་པར་བྱ་བའི་ཕྱིར་སྐྲའམ་གོས་ལ་མེ་ཤོར་བ་ལྟར་བརྩོན་འགྲུས་རྩོམ་ཞིང་གནས་པ་རྣམ་པར་འཇིག་པར་མི་བྱེད་པའོ། །རིགས་ཀྱི་བུ་གལ་ཏེ་དོན་དམ་པ་ཡོད་པར་མ་གྱུར་ན་ནི་ཚངས་པར་སྤྱོད་པ་


previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next