Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
   
   
   
ཤོག་ལྷེབ་ ༥༠༡ ནས་ ༥༨༣ བར།
   
   
   
   
   
   


 
previousཤོག་ལྷེབ་ ༥༠༡ ནས་ ༥༨༣ བར།next

ཤོག་ལྷེབ་ ༥༠༡ ནས་ ༥༨༣ བར།


JLD015_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་པར་འགྱུར་ཞིང་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་དེ་ཡོད་བ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་པ་ལ་མཁས་པ་ཞེས་བྱའོ། །ཞེས་གསུངས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ཁས་ལེན་པར་མི་ནུས་ན། དེ་ཁོ་ན་ཉིད་ལ་དཔྱོད་པའི་ནོར་མ་ནོར་གྱི་དཔྱད་པ་དུ་མ་ཞིག་བྱེད་པའི་ངལ་བ་དོན་མེད་དེ་དོན་དམ་པ་ལ་མཁས་པ་མི་སྲིད་པའི་ཕྱིར་དང༌། ཐུབ་པ་ཆེན་པོས་ཆོས་ཕུང་བོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལ། །གང་གིས་དེ་ཉིད་མི་ཤེས་པ། །དེ་ཡི་ཐམས་ཅད་འབྲས་བུ་མེད། ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། ཅེས་གསུངས་ཤིང་དེའི་འགྲེལ་པ་ལས། ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་རྣམ་པ་ཐམས་ཅད་དུ་དེའི་ཡུལ་ཅན་སེམས་དང་སེམས་ལས་བྱུང་བ་རྣམས་མི་འཇུག་པས། སྐུ་ཁོ་ནས་མངོན་སུམ་དུ་མཛད་པར་རྣམ་པར་བཞག་གོ །ཞེས་གསུངས་པ་དང་ཡང་མི་འགལ་ཏེ་སངས་རྒྱས་པའི་ཚེ་སེམས་སེམས་བྱུང་གི་རྒྱུ་བ་རྣམ་རྟོག་རྣམས་མི་འབྱུང་བས། དེའི་སྒོ་ནས་ཆོས་ཀྱི་སྐུ་མངོན་དུ་བྱས་པར་མི་འཇོག་གི་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནས་མངོན་དུ་མཛད་པར་འཇོག་ཅེས་པའི་དོན་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་


JLD015_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ངོར་ནི་རང་གི་ཡུལ་དང་ཡུལ་ཅན་གྱི་བར་ན་གཉིས་སུ་སྣང་བ་ཕྲ་མོ་ཡང་མེད་པར་ཆུ་ལ་ཆུ་བཞག་པ་བཞིན་དུ་མཉམ་པར་ཞུགས་པ་ཡིན་ལ་དེའི་ཕྱིར། དེས་ཇི་སྙེད་པའི་དོན་རྣམས་མངོན་སུམ་དུ་འཇལ་བ་མ་ཡིན་ཏེ། འཇལ་ན་ནི་ཤུགས་ལ་རྟོགས་པ་མི་རུང་བས་དངོས་སུ་རྟོགས་དགོས་ཤིང་དེ་ཡང་རྣམ་པ་མེད་པར་འཇལ་བ་འདི་བའི་ལུགས་མིན་པས། གཟུགས་སྒྲ་ལ་སོགས་པའི་རྣམ་པ་དངོས་སུ་ཤར་བའི་བློ་ལ་ཡུལ་ཡུལ་ཅན་གཉིས་སུ་སྣང་བ་མེད་པ་བྱར་མི་རུང་བའི་ཕྱིར་རོ། །དེས་ཇི་སྙེད་པ་མ་གཞལ་ན་ཆོས་ཅན་དང་ཆོས་ཉིད་ཡ་བྲལ་དུ་ཐལ་བར་མི་འགྱུར་ཏེ། དེ་ཁོ་ན་ཉིད་རྟོགས་པའི་རིགས་ཤེས་ཀྱི་ངོ་ན་ཆོས་ཅན་དང་ཆོས་ཉིད་ཀྱི་འབྲེལ་པ་མི་འཇོག་པའི་ཕྱིར་དང་། སྔོན་པོ་རྟོགས་པའི་ཐ་སྙད་པའི་ཚད་མའི་ངོ་ན་དོན་དམ་བདེན་པ་མེད་པས་དེ་གཉིས་འབྲལ་མི་དགོས་པ་དང་འདྲ་བའི་ཕྱིར་རོ། །གཞན་ཡང་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་སྙེད་པའི་དོན་རྣམས་འཇལ་ན། ཡང་དག་པའི་དོན་མཐོང་བའི་རིགས་ཤེས་ཀྱིས་ཀུན་རྫོབ་པའི་བདེན་པ་རྙེད་པར་འགྱུར་བས་བདེན་གཉིས་ཀྱི་མཚན་ཉིད་འཆོལ་བ་དང༌། ཀུན་རྫོབ་བདེན་པ་རྣམས་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱི་རིགས་ཤེས་ཀྱི་དབང་གིས་གཞག་དགོས་པར་འགྱུར་རོ། །གཉིས་པ་ནི། ལུགས་འདི་ལ་སངས་རྒྱས་ཀྱི་སར་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་འདོད་དམ་མི་འདོད། གཉིས་པ་ལྟར་ན་འཇུག་པ་ལས། སྟོབས་བཅུའི་མཁྱེན་ཚུལ་གསུངས་པ་ཡང་མི་འཐད་ལ། སངས་རྒྱས་ཐམས་ཅད་མཁྱེན་པར་ཁས་བླང་དུ་མི་རུང་བས་རང་གི་


JLD015_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ལ་སྐུར་བ་བཏབ་པར་འགྱུར་རོ། །དང་པོ་ལྟར་ན། བྱིས་པ་རྣམས་ལ་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་དེར་སྣང་བ་མེད་ན་ནི་འགའ་ཡང་འཁྲུལ་བར་མི་འགྱུར་བས་ཡོད་དོ། །དེའི་ཚེ་དེ་རྣམས་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་སྣང་དགོས་སོ། །དེ་ལྟ་ན་ཇི་ལྟར་སྣང་བ་ལྟར་གྱི་དོན་དུ་མེད་པས་འཁྲུལ་བར་འགྱུར་རོ་སྙམ་ན། དེ་ལ་ཇི་སྐད་བཤད་པའི་སྐྱོན་དུ་འགྱུར་བས་ཕྱོགས་གཉིས་པ་ནི་མི་འདོད་དོ། །དེ་ཡང་འཇུག་འགྲེལ་དུ་མདོ་དྲངས་པ་ལས། ཡང་ཤིང་རྟའི་འཁོར་ལོ་ཙམ་གྱི་ས་ཕྱོགས་ན་སྣང་བར་མ་གྱུར་པའི་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་སྣང་བར་གྱུར་བ་དེ་དག་ནི་ཆེས་མང་གི །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་མི་རྣམས་ནི་དེ་ལྟ་མ་ཡིན་ནོ། །ཞེས་ཕྱི་རོལ་བའི་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་དང་ཉན་རང་དང་བྱང་སེམས་ལ། ཤིང་རྟའི་འཁོར་ལོ་ཙམ་གྱི་ས་ཕྱོགས་ན་མི་སྣང་བ་སངས་རྒྱས་ལ་སྣང་བའི་སེམས་ཅན་ཆེས་མང་བར་གསུངས་པ་ལྟར་སྣང་ནས་མཁྱེན་པ་ཡིན་གྱི་མི་སྣང་བ་མིན་ནོ། །སྣང་བའི་ཡུལ་ཡང་མ་རིག་པའི་བག་ཆགས་ཀྱིས་མ་བསླད་པའི་ཇི་སྙེད་པ་སངས་རྒྱས་ཀྱི་མཚན་དཔེ་སོགས་དང༌། མ་རིག་པའི་བག་ཆགས་ཀྱིས་བསླད་པའི་ཇི་སྙེད་པ་མ་དག་པའི་སྣོད་བཅུད་ལ་སོགས་པ་གཉིས་སོ། །དེའི་དང་པོ་ནི་སངས་རྒྱས་ཀྱི་སར་ལྡོག་པའི་དོན་མེད་ལ་གཉིས་པ་ནི་ས་དེར་རྒྱུ་ལོག་པས་ལྡོག་པ་ཡིན་ནོ། །སྣང་ཚུལ་ནི་སངས་རྒྱས་ཀྱི་མཚན་དཔེ་མ་རིག་པ་མ་སྤངས་


JLD015_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གང་ཟག་ལ་སྣང་བ་ན་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་དེར་སྣང་བ་ནི། ཡུལ་དེ་མ་རིག་པའི་བག་ཆགས་ཀྱི་དབང་གིས་བྱུང་བའི་རྒྱུ་མཚན་གྱིས་མིན་གྱི་ཡུལ་ཅན་དེ་མ་རིག་པའི་བག་ཆགས་ཀྱིས་བསླད་པའི་དབང་གིས་སྣང་བ་ཡིན་ཏེ། དེ་ནི་གང་ཟག་གཞན་ལ་དེ་ལྟར་སྣང་བ་ཙམ་གྱི་ངོས་ནས་ཡུལ་ཅན་དེ་ལ་སྣང་བ་མིན་པར་རང་ངོས་ནས་དེ་ལྟར་སྣང་བ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་མ་རིག་པའི་བག་ཆགས་ཀྱིས་བསླད་པའི་དོན་སྣང་བ་ན། མ་རིག་པའི་བསླད་པ་ཡོད་པའི་གང་ཟག་ལ་དེ་དག་སྣང་བ་ཁོ་ནའི་སྒོ་ནས་སངས་རྒྱས་ལ་སྣང་བ་ཡིན་གྱི། གཞན་ལ་དེ་ལྟར་སྣང་བ་ལ་མ་ལྟོས་པར་སངས་རྒྱས་ཀྱི་རང་ངོས་ནས་སྣང་བ་མིན་ནོ། །དེའི་ཕྱིར་གཟུགས་སྒྲ་སོགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་དེར་སྣང་བ་སངས་རྒྱས་ཀྱིས་མཁྱེན་པ་ཡང་མ་རིག་པ་དང་ལྡན་པ་ལ་དེ་ལྟར་སྣང་བའི་ངོས་ནས་ཡིན་གྱི། གང་ཟག་དེ་ལ་དེར་སྣང་བ་ལ་མ་ལྟོས་པར་སངས་རྒྱས་རང་གི་ངོས་ནས་དེ་ལྟར་སྣང་བའི་ཚུལ་གྱིས་མཁྱེན་པ་མིན་པས་དེ་སྣང་བས་འཁྲུལ་བར་འགྱུར་བའི་དོན་མེད་དོ། །དེ་ལྟར་ན་ཇི་སྙེད་པ་མཁྱེན་པའི་རང་ངོས་ནས་ནི། དངོས་པོ་ཐམས་ཅད་བདག་མེད་པ་དང་རང་བཞིན་གྱིས་མེད་པའི་ངོ་བོར་བརྫུན་པ་སྒྱུ་མ་བཞིན་དུ་སྣང་གི་བདེན་པར་མི་སྣང་ལ། མ་རིག་པ་དང་ལྡན་པ་རྣམས་ལ་སྣང་བའི་ཆ་ནས་ཡེ་ཤེས་དེ་ལ་སྣང་བ་ན་གང་ཟག་གཞན་དེ་ལ་བདེན་པར་སྣང་བར་ཤར་བ་ཙམ་མོ། །རིགས་པ་དྲུག་ཅུ་པ་ལས་ཀྱང༌།


JLD015_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ལ་མཁས་པ་རྣམས་ཀྱིས་ནི། །དངོས་པོ་མི་རྟག་སླུ་བའི་ཆོས། །གསོག་དང་སྟོང་པ་བདག་མེད་པ། །རྣམ་པར་དབེན་ཅེས་བྱ་བར་མཐོང༌། །གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་གནས་པ་མེད། །མ་རིག་རྒྱུ་ལས་ཤིན་ཏུ་བྱུང༌། །ཐོག་མ་དབུས་མཐའ་རྣམ་པར་སྤངས། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །དྲི་ཟའི་གྲོང་ཁྱེར་འདྲ་བ་སྟེ། །རྨོངས་པའི་གྲོང་ཁྱེར་མི་བཟད་པ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང༌། ཞེས་གསུངས་ཤིང་ཚིགས་བཅད་ཕྱི་མ་གཉིས་ཀྱི་མཚམས་སྦྱོར་དུ་འཕགས་པ་མཛད་པ་མཐར་ཕྱིན་པ་རྣམས་ཁོ་ནས་དེ་ལྟར་གཟིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་སློབ་དཔོན་ཡང་རང་གི་ཤེས་པ་ལ་ལྟོས་ནས་ཀྱང་དེ་ལྟར་རྟོགས་པར་གསུངས་པས། ཚིགས་བཅད་དང་པོ་ལྟར་གཟིགས་པ་ནི་མཛད་པ་མཐར་ཕྱིན་བའི་འཕགས་པའི་གཟིགས་ཚུལ་ལོ། །ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱང་ངོ་བོ་ཐ་མི་དང་པས་སངས་རྒྱས་ཀྱི་ཡེ་ཤེས་གཅིག་གིས་ཀྱང་ཤེས་བྱ་ཀུན་ལ་ཁྱབ་པར་བཤད་པ་དང་ཡང་མི་འགལ་ཏེ། ཡེ་ཤེས་ཆོས་སྐུ་དང་གཟུགས་སྐུ་གཉིས་ངོ་བོ་གཅིག་ཡིན་ཀྱང་དེ་གཉིས་ཕན་ཚུན་ཡིན་མི་དགོས་པ་བཞིན་དུ་ཡེ་ཤེས་གཉིས་ཀྱང་དེ་དང་འདྲའོ། །གསུམ་པ་ནི། དོན་དམ་པའི་བདེན་པ་ལ་རྒྱས་པར་དབྱེ་ན་སྟོང་པ་ཉིད་བཅུ་དྲུག་དང༌། འབྲིང་དུ་ཕྱེ་ན་དངོས་པོ་དང་དངོས་མེད་དང་རང་དང་གཞན་གྱི་ངོ་བོ་སྟོང་པ་ཉིད་དེ་བཞི་དང༌། བསྡུས་ན་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་སུ་འཇུག་བར་གསུངས་སོ། །


JLD015_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གཞན་ལས་ནི། དོན་དམ་པ་ལ་དོན་དམ་བདེན་པ་དངོས་དང་མཐུན་པའི་དོན་དམ་པ་གཉིས་བཤད་དེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་བ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། ཅེས་དང་དབུ་མ་སྣང་བ་ལས་ཀྱང༌། དེ་ལྟར་ན་སྐྱེ་བ་མེད་པ་འདི་ཡང་དོན་དམ་པ་དང་མཐུན་བའི་ཕྱིར་དོན་དམ་པ་ཞེས་བྱའི་དངོས་སུ་ནི་མ་ཡིན་ཏེ། དངོས་སུ་ནི་དོན་དམ་པ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལ་སྤྲོས་པ་ནི་འདིར་རྟགས་ཀྱི་དགག་བྱའི་སྤྲོས་པ་ཙམ་མ་ཡིན་གྱི་སྣང་བའི་སྤྲོས་པ་ཡང་ཡིན་ནོ། །དེ་ལས་འདས་པའི་ཚུལ་ནི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ངོར་གཉིས་སྣང་གི་སྤྲོས་པ་ཐམས་ཅད་ནུབ་པ་ལ་བྱའི། སྣང་བའི་སྤྲོས་པ་མེད་པ་ལ་མི་བྱ་སྟེ་གཞན་དུ་ན་ཆོས་ཉིད་དང་ཆོས་ཅན་སྣང་བའི་སྤྲོས་པ་གཉིས་ཡ་མི་འབྲལ་བས་དོན་དམ་བདེན་པ་མི་སྲིད་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཕུང་པོའི་ཆོས་དང་གང་ཟག་གི་བདག་མེད་རྟགས་ཀྱི་དགག་བྱའི་སྤྲོས་པ་བཅད་ཙམ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཟག་པ་མེད་པས་རྙེད་པའི་དོན་ཡིན་ལ། དེའི་ངོར་གང་ཟག་དང་ཕུང་པོའི་གཉིས་སྣང་གི་སྤྲོས་པ་ཡང་ཞི་བ་ཡིན་པས་དོན་དམ་བདེན་པའོ། །འོན་ཀྱང་དོན་དམ་པའི་སྐྱེ་བ་སོགས་ཕུང་པོ་དང་གང་ཟག་གི་སྟེང་དུ་བཀག་པའི་མ་ཡིན་དགག་གི་སྟོང་པ་ནི་སྟོང་གཞི་དེ་དག་མངོན་སུམ་དུ་སྣང་བའི་ཐ་སྙད་པའི་ཚད་མ་མིང་ཤེས་ལ་སོགས་པ་ལ་སྣང་དགོས་པས། རང་མངོན་སུམ་དུ་མཐོང་བའི་བློའི་ངོར་གཉིས་སྣང་དང་


JLD015_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པར་འཆར་གྱི་གཉིས་སྣང་དང་བྲལ་བར་མི་འཆར་བས་དོན་དམ་བཏགས་པ་བ་ཀུན་རྫོབ་མཚན་ཉིད་བའོ། །བདེན་གཉིས་རང་འགྲེལ་ལས་ཀྱང༌། ཡང་དག་པའི་སྐྱེ་བ་ལ་སོགས་པ་དངོས་པོ་སྣང་བ་ན་མི་སྣང་བས་ལོག་པའི་ཀུན་རྫོབ་ཡིན་པ་བཞིན་དུ། ཡང་དག་པའི་སྐྱེ་བ་ལ་སོགས་པ་བཀག་པ་ཡང་དགག་གཞིའི་དངོས་པོ་སྣང་བའི་བློ་ལ་མི་སྣང་བས་ལོག་པའི་ཀུན་རྫོབ་ཏུ་འགྱུར་རོ་ཞེས་པའི་ལན་དུ། དངོས་པོའི་ངོ་བོ་དང་ཐ་མི་དད་པའི་ཕྱིར་མི་སྣང་བ་མ་ཡིན་ཞེས་གསུངས་ཏེ། རྟགས་ཀྱི་དགག་བྱ་བཅད་ཙམ་གྱི་སྤྲོས་པ་མེད་པར་དགག་པ་མིག་ལ་སོགས་པའི་ཤེས་པ་ལ་དངོས་སུ་མི་སྣང་བས་དེ་མིན་གྱི། མ་ཡིན་དགག་ནི་དགག་གཞིའི་དངོས་པོ་གང་ལ་སྣང་བ་དེ་ལ་སྣང་བར་བཞེད་པའི་ལུགས་སོ། །རིགས་པ་འདིས་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་འཕགས་པ་འོག་མའི་རྗེས་ཐོབ་ཀྱི་ཡེ་ཤེས་མ་ཡིན་དགག་སྒྱུ་མ་ལྟ་བུའི་དོན་འཇལ་བ་རྣམས་ཀྱི་ཡུལ་རྣམས་ཀྱང་རྣམ་གྲངས་པའི་དོན་དམ་དུ་ཤས་པར་བྱའོ། །གང་དག་འཕགས་པའི་མཉམ་གཞག་གི་ཡེ་ཤེས་ཀྱིས་སྤྲོས་པ་རྣམ་པར་བཅད་ཙམ་གྱི་སྤྲོས་བྲལ་རྟོགས་སོ་ཞེས་བྱས་ན་ཤིན་ཏུ་རངས་ཤིང་དགའ་ལ། སྤྲོས་པ་མེད་བར་དགག་པ་འཇལ་ལོ་ཞེས་བྱས་ན་མི་བཟོད་པ་ནི། དགག་བྱ་རྣམ་པར་བཅད་པ་ཙམ་ཞིག་མེད་དགག་གི་དོན་ཡིན་པ་མ་རྟོགས་པར་མེད་དགག་ཐམས་ཅད་རི་བོང་རྭ་དང་འདྲ་བའི་ཅང་མེད་དུ་འདོད་པའི་བློའི་སྐྱོན་ཡིན་ཏེ།


JLD015_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་ཡང་མ་གྲུབ་ན་མེད་དགག་ཡིན་པར་འགལ་བའི་ཕྱིར་རོ། །གསུམ་པ་ནི། ཀུན་རྫོབ་ཙམ་དང་བདེན་པའི་ཁྱད་པར་ཕྱེ་བ་ནི་ཀུན་རྫོབ་བདེན་པར་མི་འདུ་བའི་ཀུན་རྫོབ་འདོད་པ་མིན་པ་དང༌། གཟུགས་བརྙན་ལ་སོགས་པ་ཀུན་རྫོབ་ཏུ་བརྫུན་པ་རྣམས་ཀུན་རྫོབ་བདེན་པ་མིན་ནོ་ཞེས་གསུངས་པའི་དོན་ཡང༌། ཀུན་རྫོབ་བདེན་པ་མིན་པའི་ཀུན་རྫོབ་ཡོད་པར་སྟོན་པ་མིན་བར་སྔར་བཤད་ཟིན་ལ། རིགས་པ་དྲུག་ཅུ་པའི་འགྲེལ་པ་དང་འཇུག་འགྲེལ་ལས་སྡུག་ཀུན་དང་ལམ་གྱི་བདེན་པ་གསུམ་ག་ཀུན་རྫོབ་བདེན་པར་བཤད་ཅིང༌། ཚིག་གསལ་ལས་ཀྱང༌། བརྗོད་བྱ་དང་རྗོད་བྱེད་དང་ཤེས་པ་དང་ཤེས་བྱ་ལ་སོགས་པའི་ཐ་སྙད་མ་ལུས་པ་འདི་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །ཞེས་ཐ་སྙད་པའི་དོན་ཐམས་ཅད་ཀུན་རྫོབ་བདེན་པར་གསུངས་པས་བདེན་པ་གཉིས་སུ་ཤེས་བྱ་ཐམས་ཅད་འདུ་བ་ཡིན་ནོ། །དེ་ཡང་གཞི་གང་ཞིག་བརྫུན་བ་སླུ་བའི་དོན་དུ་ཡོངས་སུ་བཅད་ན་མི་སླུ་བའི་དོན་ཡིན་པ་རྣམ་པར་གཅད་དགོས་པས་སླུ་མི་སླུ་ནི་དངོས་སུ་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བའོ། །དེ་ལྟར་ཡིན་པ་དེ་ནི་ཤེས་བྱ་ཐམས་ཅད་ལ་ཕན་ཚུན་སྤངས་པའི་ཚུལ་གྱིས་ཁྱབ་བྱེད་དུ་འཇུག་པས་ཕུང་པོ་གསུམ་པ་ཡང་ལྡོག་པ་ཡིན་ནོ། །དེའི་ཕྱིར་ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་པར་ཤེས་བར་བྱའོ། །དེ་ཡང་དངོས་ཀུན་ཡང་དག་བརྫུན་པའི་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། ཞེས་བདེན་གཉིས་ཀྱི་མཚན་


JLD015_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འཇོག་ཚུལ་དེ་ཉིད་ཀྱིས་གྲངས་ངེས་འགྲུབ་པ་ཡིན་ནོ། །གཉིས་པ་ནི། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པའི་ཚུལ་བདེན་པ་གཉིས་ལ་གནས་པ་ཡིན་དང༌། གང་དག་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་སྔར་བཤད་པ་ལྟར་རྣམ་པར་མི་ཤེས་པ་དེ་དག་གིས། སངས་རྒྱས་ཀྱི་བསྟན་པ་ནི་རྟེན་འབྱུང་ཟབ་མོའི་དེ་ཁོ་ན་ཉིད་རྣམ་པར་མི་ཤེས་སོ། །དེའི་ཕྱིར་རྒྱལ་བའི་བསྟན་པའི་དེ་ཁོ་ན་ཉིད་ཤེས་པར་འདོད་ན་བརྟེན་ནས་སྐྱེ་བ་དང་བརྟན་ནས་བཏགས་པའི་ཀུན་རྫོབ་པ་ཆུའི་ཟླ་བ་ལྟར་སྣང་བ་ལ་བྱ་བྱེད་ཐམས་ཅད་འཐད་པ་དང༌། རྒྱུ་མཚན་དེ་ཉིད་ཀྱིས་རང་གི་ངོ་བོས་ཡོད་པའི་མཐའ་དང་གཏན་མེད་པའི་མཐའ་གཉིས་སྤངས་པའི་དོན་དམ་པའི་ཚུལ་ཤེས་པར་བྱའོ། །གསུམ་པ་ནི། གལ་ཏེ་དོན་དམ་པ་སྤྲོས་པ་དང་བྲལ་བའི་རང་བཞིན་ཡིན་ན་འོ་ན་དེ་ཉིད་བསྟན་ལ་རག་མོད། ཕུང་ཁམས་སྐྱེ་མཆེད་དང་བདེན་པ་དང་རྟེན་འབྲེལ་ལ་སོགས་པའི་ཀུན་རྫོབ་པ་བསྟན་པས་ཅི་ཞིག་བྱ། དེ་ཉིད་མ་ཡིན་པ་ནི་སྤང་བར་བྱ་བ་ཡིན་ན་སྦང་བར་བྱ་བ་བསྟན་པ་དགོས་པ་མེད་དོ་ཞེ་ན། དེ་ཁོ་ན་ཉིད་མ་ཡིན་བཞིན་དུ་དེར་སྣང་བའི་ཀུན་རྫོབ་པའི་འཁྲུལ་པ་རྣམས་སྤང་བར་བྱ་བ་བདེན་མོད་ཀྱི། བརྗོད་བྱ་དང་རྗོད་བྱེད་དང་ཤེས་པ་དང་ཤེས་བྱ་ལ་སོགས་པའི་འཇིག་རྟེན་པའི་དོན་དམ་པ་འཕགས་པ་ལ་ལྟོས་པའི་ཐ་སྙད་ཀུན་རྫོབ་པའི་བདེན་པ་ཁས་བླངས་པ་ལ་མ་བརྟེན་པར། དམ་པའི་དོན་ནི་བསྟན་པར་མི་ནུས་ལ་དེ་མ་བསྟན་


JLD015_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་རྟོགས་པར་མི་ནུས་ཤིང་། དམ་པའི་དོན་ནི་མ་རྟོགས་པར་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་ཐར་པ་ཐོབ་པའི་ཐབས་ཡིན་པའི་ཕྱིར་ཆུ་འདོད་པས་སྣོད་ལྟར་ཐོག་མར་གདོན་མི་ཟ་བར་ཀུན་རྫོབ་ཇི་ལྟར་གནས་པ་ཁས་བླང་བར་བྱའོ། །བཞི་པ་ནི། རྣལ་འབྱོར་པ་ཀུན་རྫོབ་ཀྱི་བདེན་པ་མི་ཤེས་པ་ཙམ་གྱིས་བསྐྱེད་པ་རང་བཞིན་མེད་པར་རྟོགས་ནས། དེའི་སྟོང་པ་ཉིད་དོན་དམ་པའི་མཚན་ཉིད་ཅན་རྟོགས་པ་ནི་མཐའ་གཉིས་སུ་ལྟུང་བར་མི་འགྱུར་ཏེ། མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་སྔར་ཡོད་ཕྱིས་མེད་པར་འཛིན་པའི་རྒྱུ་མཚན་སྔར་ཡང་མ་དམིགས་པའི་ཕྱིར་དང༌། འཇིག་རྟེན་གྱི་ཀུན་རྫོབ་གཟུགས་བརྙན་དང་འདྲ་བ་ལ་གནོད་པ་མ་བྱས་པས་ལས་དང་ལས་ཀྱི་འབྲས་བུ་ལ་ཡང་གནོད་པ་མ་ཡིན་ནོ། །རྣལ་འབྱོར་པ་དེས་ནི་དོན་དམ་པར་དངོས་པོ་ཡོད་པར་སྒྲོ་འདོགས་ང་ཡང་མིན་ཏེ། དངོས་པོ་རང་བཞིན་མེད་པ་ཁོ་ན་ལ་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་མཐོང་བའི་ཕྱིར་དང༌། དངོས་པོ་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་པར་ཤེས་པའི་ཕྱིར་དང་། དངོས་པོ་རང་བཞིན་གྱིས་གྲུབ་པར་སྨྲ་བ་ལྟར་ན་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་ཐམས་ཅད་མི་རུང་བའི་ཕྱིར་རོ། །གང་གིས་བདེན་གཉིས་ཀྱི་རྣམ་དབྱེ་དེ་ལྟར་མ་མཐོང་བར་འདུ་བྱེད་རང་བཞིན་མེད་པའི་སྟོང་པར་མཐོང་བ་དེས་ནི། རང་བཞིན་མེད་པའི་སྟོང་པར་མཐོང་བ་ན་འདུ་བྱེད་རྣམས་ཡོད་པ་མ་ཡིན་པར་རྟོག་པར་བྱེད་ལ། ཡང་ན་ནི་སྟོང་པ་


JLD015_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འགའ་ཞིག་བདེན་པར་བརྟགས་ནས་དེའི་རྟེན་དུ་དངོས་པོ་རང་བཞིན་གྱིས་གྲུབ་པ་རྟོག་པར་བྱེད་དོ། །དེ་གཉིས་ཀ་ཡང་སྟོང་པ་ཉིད་ལ་ལྟ་ཉེས་པ་ཡིན་ལ་དེ་ལྟ་ན་དེ་ལྟར་ལྟ་བའི་ཤེས་རབ་ཆུང་བ་རྣམས་ཕུང་བར་འགྱུར་རོ། །ཕུང་ཚུལ་ནི་གལ་ཏེ་རང་བཞིན་མེད་པར་མཐོང་བ་ན་བྱ་བྱེད་བཞག་ས་མེད་པས་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེས་རྟོག་ན་ནི་སྐུར་འདེབས་ཀྱི་ལོག་ལྟར་འགྱུར་ཏེ། རིན་ཆེན་འཕྲེང་བ་ལས། ཆོས་འདི་ལོག་པར་བཟུང་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་འཛའ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིན་བར་འགྱུར། ཞེས་གསུངས་སོ། །ཅི་སྟེ་ཡང་ཐམས་ཅད་ལ་སྐུར་བ་མི་འདེབས་ན་ནི་དེའི་ཚེ་དངོས་པོ་འདི་དག་དམིགས་བཞིན་དུ་ཇི་ལྟར་ན་རང་བཞིན་གྱིས་ཡོད་པས་སྟོང་པར་འགྱུར། དེའི་ཕྱིར་རང་བཞིན་མེད་པའི་དོན་ནི་སྟོང་པ་ཉིད་ཀྱི་དོན་མ་ཡིན་ནོ་ཞེས་ངེས་པར་སྟོང་པ་ཉིད་སྤོང་བར་འགྱུར་རོ། །དེ་སྤངས་ན་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱིས་ངན་འགྲོར་འགྲོ་བར་འགྱུར་ཏེ། རིན་ཆེན་འཕྲེང་བ་ལས། གཞན་ཡང་འདི་ནི་ལོག་བཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མ་རུང་བདག་ཉིད་ཅན། །མནར་མེད་པར་ནི་སྤྱིའུ་ཚུགས་འགྲོ། ཞེས་བཤད་དོ། །གལ་ཏེ་ཕན་འདོགས་པ་དེ་རྣམ་པ་གཞན་དུ་བཟུང་ན་ཕན་མི་འདོགས་མོད་གནོད་པ་བྱེད་པར་ཇི་ལྟར་འགྱུར་ཏེ། འབྲུ་རྣམས་གོ་རིམས་ལས་ཉམས་པར་བཏབ་པ་ན་འདེབས་པ་པོ་བརླག་བར་བྱེད་པ་ནི་མ་ཡིན་


JLD015_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེ་ན། དེ་ལྟར་མིན་པའི་དཔེ་གཞན་ནི་ཇི་ལྟར་ཏེ་དཔེར་ན་སྦྲུལ་སྔགས་དང་སྨན་གྱི་སྟོབས་ཀྱིས་མན་ངག་ཇི་ལྟ་བ་བཞིན་དུ་བཟུང་ན་ནོར་གྱི་ཕུང་པོ་ཆེན་པོ་འགུགས་པ་དེ། ཇི་ལྟར་ཉེ་བར་བསྟན་པ་པོར་ནས་བཟུང་ཉེས་ན་འཛིན་པ་པོ་ཕུང་བར་བྱེད་པ་དང༌། ཡང་ཇི་ལྟར་མན་ངག་ཇི་བཞིན་དུ་བསྒྲུབས་པའི་རིག་སྔགས་སྒྲུབ་པ་པོ་ལ་ཕན་འདོགས་པ་དེ། མན་ངག་ལས་ཉམས་པས་ཉེས་པར་བསྒྲུབས་ན་སྒྲུབ་པ་པོ་ཕུང་བ་བཞིན་ནོ། །ལྔ་པ་ནི། དེ་ལྟ་སྟོང་པ་ཉིད་ལ་ལྟ་ཉེས་ན་འཛིན་པ་པོ་ཕུང་བར་བྱེད་ལ། ཤེས་རབ་ཞན་པ་རྣམས་ཀྱིས་ཀྱང་དེ་ཁོ་ན་ཉིད་ཀྱི་དོན་ཡང་དག་པར་འཛིན་མི་ནུས་པ་དེའི་ཕྱིར། སྟོན་པ་སངས་རྒྱས་ནས་སེམས་ཅན་གྱི་ཁམས་དང་ཆོས་ཤིན་ཏུ་ཟབ་པ་ལ་གཟིགས་ཏེ། ཤེས་རབ་ཞན་པ་དག་གིས་རྟེན་འབྱུང་ཟབ་མོའི་ཆོས་འདི་ཡི་གཏིང་རྟོགས་དཀའ་བར་མཁྱེན་པར་གྱུར་ནས། ཐུབ་པ་བཅོམ་ལྡན་འདས་ཀྱི་ཐུགས་ཆོས་བསྟན་པ་ལས་རབ་ཏུ་ལོག་པར་གྱུར་པ་ཡིན་ནོ། །དེ་ལྟར་ཡང་མདོ་ལས། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་འདི་སྙམ་དུ་དགོངས་ཏེ། ངས་ཆོས་ཟབ་མོ་ཟབ་པར་སྣང་བ་བརྟག་པར་བྱ་བ་མ་ཡིན་ཞིང་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ཞིབ་མོ་མཁས་ཤིང་མཛངས་པས་རིག་པར་བྱ་བ་ཐུགས་སུ་ཆུད་དེ། དེ་གལ་ཏེ་ངས་གཞན་དག་ལ་བསྟན་ན་གཞན་གྱིས་དའི་དེ་རྟོགས་པར་མི་འགྱུར་ཏེ་དེས་ང་ལ་གནོད་པར་འགྱུར་ཞིང་ཞུམ་པར་འགྱུར། ཐུགས་མི་སྤྲོ་བར་འགྱུར་བས་གང་བདག་ཉིད་གཅིག་པུ་དགོན་པ་རབ་ཏུ་དབེན་པར་མཐོང་བའི་ཆོས་ལ་བདེ་


JLD015_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་རེག་པར་གནས་པ་ཐོབ་པས་གནས་པར་བྱའོ། །ཞེས་རྒྱས་པར་གསུངས་སོ། །གཉིས་པ་ནི། དེ་ལྟར་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་གནས་པ་མ་ཤེས་པར། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། ཅེས་པ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བ་མང་པོ་བཀོད་པ་ནི། བདེན་པ་གཉིས་ཀྱི་རྣམ་གཞག་མ་ཤེས་པས་སྟོང་པ་ཉིད་དང་སྟོང་པ་ཉིད་ཀྱི་དོན་དང་སྟོང་པ་ཉིད་ཀྱི་དགོས་པ་ཁོང་དུ་མ་ཆུད་ནས་བཀོད་པ་ཡིན་པས། ཁོ་བོ་ཅག་གིས་སྟོང་པ་ཉིད་དུ་སྨྲས་པ་ལ་འཇུག་པར་འཐད་པ་མ་ཡིན་ནོ། །དེའི་ཕྱིར་ཁྱོད་ནི་སྟོང་པ་ཉིད་ལ་ཉེས་པ་མང་པོ་བརྗོད་ནས་སྟོང་པ་ཉིད་སྤོང་བར་བྱེད་པ་གང་ཡིན་པ་དེ་ངའི་ལུགས་ལ་འཇུག་པར་མི་འཐད་དོ། །འདི་ལྟར་ཁྱོད་ཀྱིས་ནི་བྱ་བ་བྱེད་ནུས་ཀྱི་དངོས་པོ་མེད་པའི་དོན་སྟོང་པ་ཉིད་ཀྱི་དོན་དུ་སྒྲོ་བཏགས་ནས་སྐྱོན་བརྗོད་པ་ཡིན་ན། ཁོ་བོ་ཅག་ནི་དེ་ལྟར་མི་འདོད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རང་བཞིན་སྟོང་པའི་དོན་དུ་འཆད་པས་སུན་འབྱིན་འདི་དག་མི་རིགས་སོ། །དབུ་མ་པའི་ལུགས་ལ་བྱ་བྱེད་ཐམས་ཅད་མི་འཐད་པའི་རྩོད་པ་ནི། སྟོང་པ་རྟེན་འབྱུང་གི་དོན་དུ་མ་རྟོགས་པའི་རྒྱུ་མཚན་གྱིས་ཡིན་པར་གསུངས་པ་འདི་རྟོགས་པར་བྱ་བ་ལ་འབད་པར་བྱའོ། །གསུམ་པ་ནི། ཁོ་བོ་ཅག་གི་ཕྱོགས་ལ་ཇི་སྐད་སྨྲས་པའི་སྐྱོན་མི་འཇུག་པར་མ་ཟད་བདེན་བ་ལ་སོགས་པ་རྣམ་གཞག་ཐམས་ཅད་ཆེས་ཤིན་ཏུ་


JLD015_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པ་ཡིན་ཏེ་འདི་ལྟར་ལུགས་གང་ལ་དངོས་པོ་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་གྱིས་སྟོང་པ་ཉིད་རུང་བ་དེ་ལ་ཇི་སྐད་སྨྲས་པ་དེ་དག་ཐམས་ཅད་རུང་བར་འགྱུར་རོ། །རུང་ལུགས་ནི་ཁོ་བོ་ཅག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རང་བཞིན་གྱིས་ཡོད་པས་སྟོང་པའི་སྟོང་པ་ཉིད་དུ་སྨྲ་སྟེ། དེའི་ཕྱིར་གང་ལ་སྟོང་པ་ཉིད་རུང་པ་དེ་ལ་རྟེན་འབྲེལ་རུང་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་སྡུག་བསྔལ་དུ་འགྱུར་གྱི་རྟེན་ཅིང་འབྲེལ་པར་མི་འབྱུང་བ་ནི་སྡུག་བསྔལ་དུ་མི་རུང་ངོ་། །སྡུག་བསྔལ་ཡོད་ན་ནི་སྡུག་བསྔལ་ཀུན་འབྱུང་བ་དང་སྡུག་བསྔལ་འགོག་བ་དང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་རུང་བར་འགྱུར་རོ། །དེ་དག་ཡོད་ན་དེ་དག་ཤེས་པ་སོགས་བཞི་རུང་ལ་དེ་བཞི་ཡོད་ན་འབྲས་བུ་རྣམས་དང་དེ་ལ་གནས་པ་རྣམས་རུང་ངོ་། །འབྲས་གནས་དང་ཞུགས་པ་ཡོད་ན་དགེ་འདུན་དང་བདེན་པ་རྣམས་ཡོད་ན་དམ་བའི་ཆོས་དང༌། དེ་གཉིས་ཡོད་ན་སངས་རྒྱས་རུང་ལ་དེའི་ཕྱིར་དཀོན་མཆོག་གསུམ་ཡང་རུང་ངོ་། །འཇིག་རྟེན་ལས་འདས་མ་འདས་ཀྱི་དངོས་པོ་ཐམས་ཅད་དང་ཆོས་དང་ཆོས་མ་ཡིན་དང་དེའི་འབྲས་བུ་དང་འཇིག་རྟེན་བའི་ཐ་སྙད་དག་ཀྱང་རུང་བར་འགྱུར་རོ། །རུང་ལུགས་ཐམས་ཅད་ནི་ཡོད་པ་ལ་འགྲེལ་པས་བཤད་ཅིང་དེ་ཡང་དབུ་མ་པའི་ལུགས་ལ་ཡིན་པར་གསུངས་པས། ཡོད་ཅེས་འདོད་ན་ཡོད་མཐར་ལྟུང་བ་དང་རྣམ་གཞག་ཐམས་ཅད་གཞན་ངོ་ཁོ་ན་ལ་སྐྱེལ་ཟིན་དོན་མིན་ནོ། །གཉིས་པ་ལ་གསུམ། སྐྱོན་


JLD015_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་པ་པོ་ལ་སྐྱོན་དེ་འཇུག་པའི་རྒྱུ་མཚན། དེས་རང་གི་སྐྱོན་ལ་གཞན་གྱི་སྐྱོན་དུ་བཟུང་ཚུལ། སྐྱོན་དེ་རྣམས་གང་ཡིན་གསལ་བར་བསྟན་པའོ། །དང་པོ་ནི། ལུགས་གང་ལ་རང་བཞིན་གྱིས་ཡོད་བས་སྟོང་པ་ཉིད་མི་རུང་བ་དེ་ལ། རྟེན་འབྲེལ་མི་རུང་བས་རྣམ་གཞག་ཐམས་ཅད་མི་རུང་བར་འགྱུར་ཏེ། ཇི་ལྟར་མི་རུང་བའི་ཚུལ་ནི་རྒྱས་པར་འཆད་པར་འགྱུར་རོ། །གཉིས་པ་ནི། དེ་ལྟར་ཁོ་བོ་ཅག་གི་ཕྱོགས་ཆེས་ཡོངས་སུ་དག་ཅིང་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་དང་མི་འགལ་བར་གནས་པ་ཡིན་དང༌། རང་གི་ཕྱོགས་རགས་པ་ཤིན་ཏུ་ཉེ་བ་སྐྱོན་དང་ལྡན་བ་དང་འགལ་བ་ལ། ཤིན་ཏུ་བླུན་པས་ཡོན་ཏན་དང་སྐྱོན་ཇི་ལྟར་གནས་པ་མ་མཐོང་བ་ཁྱོད་ནི་རང་གི་སྐྱོན་རྣམས་ང་ལ་སྐྱོན་དུ་སྒྱུར་བར་བྱེད་པ་ཡིན་ཏེ། དཔེར་ན་འགའ་ཞིག་རྟ་ལ་ཞོན་བཞིན་དུ་རྟ་དེ་ཉིད་བརྗེད་པར་གྱུར་བའི་ཚེ། རྟ་དེ་གཞན་གྱིས་ཕྲོགས་པའི་ཉེས་པས་གཞན་ལ་ཀླན་ཀ་ཚོལ་བ་དེ་བཞིན་དུ། རང་བཞིན་གྱིས་ཡོད་པས་སྟོང་པ་རྟེན་འབྱུང་གི་མཚན་ཉིད་ཅན་གྱི་རྟ་ལ་ཞོན་བཞིན་དུ། སེམས་གཡེངས་བས་དེ་མ་དམིགས་པ་ན་ཁོ་བོ་ཅག་ལ་རྩོད་བ་ཡིན་ནོ། །གསུམ་པ་ནི། གང་དག་མ་དམིགས་པས་སྟོང་པ་ཉིད་དུ་སྨྲ་བ་ཁོ་ན་ལ་ཀླན་ཀ་ཚོལ་བའི་གཞན་གྱི་སྐྱོན་དེ་དག་ཀྱང་གང་ཞེ་ན། དེ་སྟོན་པ་ནི། གལ་ཏེ་ཁྱོད་དངོས་པོ་རྣམས་རང་བཞིན་ལས་སམ་རང་བཞིན་གྱིས་ཡོད་པར་རྗེས་སུ་ལྟ་བར་བྱེད་ན། དེ་ལྟ་ཡིན་ན་རང་


JLD015_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྒྱུ་རྐྱེན་གྱིས་མི་སྐྱེད་པས་དངོས་པོ་རྣམས་རྒྱུ་དང་རྐྱེན་ལ་ལྟོས་པ་མེད་པར་ཁྱོད་ལྟ་བ་ཡིན་ནོ། །གལ་ཏེ་བུམ་པ་རང་བཞིན་གྱིས་ཡོད་པར་རྟོག་ན་དེ་ལ་འཇི་བ་ལ་སོགས་པའི་རྒྱུ་དང་རྐྱེན་དག་གིས་དགོས་པ་མེད་ལ་བུམ་པ་ཞེས་པའི་འབྲས་བུ་རྒྱུ་མེད་པ་ཡང་མི་འཐད་དོ། །བུམ་བ་མེད་ན་ནི་བྱེད་པ་པོ་རྫ་མཁན་དང་བྱེད་པ་འཁོར་ལོ་ལ་སོགས་པ་དང་བུམ་པ་བྱེད་པའི་བྱ་བ་ཡང་མེད་དོ། །དེ་དག་མེད་པས་སྐྱེ་བ་དང་ནི་འགག་པ་ཡང་མེད་པས་འབྲས་བུ་ལ་ཡང་གནོད་པ་བྱེད་དོ། །མདོར་ན་རྒྱུ་འབྲས་དང་སྐྱེ་འགག་སོགས་གཞག་ཏུ་མི་རུང་བ་ནི་དངོས་པོ་རང་བཞིན་གྱིས་ཡོད་པར་སྨྲ་བ་ཁོ་ན་ལ་སྐྱོན་དུ་འགྱུར་བས་ཁྱོད་ཉིད་ཀྱི་སྐྱོན་ཁོ་བོ་ཅག་གི་སྐྱོན་དུ་བསྒྱུར་བའོ། །གཉིས་པ་ནི། ཁོ་བོ་ཅག་གི་ཕྱོགས་ལ་རྣམ་གཞག་ཐམས་ཅད་འཐད་པའི་རྒྱུ་མཚན་ནི་ཁོ་བོ་ཅག་གིས་རྒྱུ་རྐྱེན་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི། རང་བཞིན་གྱིས་སྐྱེས་བས་སྟོང་པའི་དོན་ཉིད་བུ་བཤད་པ་ལྟར་འདོད་པའི་ཕྱིར་རོ། །གང་ལས་དེ་ལྟར་བཤད་པ་ནི་མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། ཞེས་དང༌། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་སོ། །ཞེས་དང༌། འཕགས་པ་བརྒྱ་ལྔ་བཅུ་པ་ལས་ཀྱང༌། ཆོས་ཐམས་ཅད་ནི་སྟོང་པ་སྟེ་རང་བཞིན་མེད་པའི་ཚུལ་གྱིས་སོ། །ཞེས་བཤད་པ་


JLD015_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡིན་ནོ། །དེ་ལ་ལུང་དང་པོས་ནི་རྐྱེན་ལས་སྐྱེས་པའི་རྟེན་འབྱུང་གི་གཏན་ཚིགས་ཀྱིས་རང་བཞིན་གྱིས་སྐྱེ་བ་འགོག་པ་དང༌། རྐྱེན་ལ་རག་ལས་པའི་དོན་ཉིད་རང་བཞིན་གྱིས་ཡོད་པས་སྟོང་པའི་དོན་དུ་གསུངས་པས། རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་འགག་བྱེད་པའི་རྟེན་འབྲེལ་ལ་རང་བཞིན་གྱིས་ཡོད་པས་ཁྱབ་པར་སྨྲ་བ་དང༌། རང་བཞིན་མེད་པ་ལ་བྱ་བྱེད་གཞག་ས་མེད་པར་འདོད་པ་ཐམས་ཅད་བཀག་པ་ཡིན་ཏེ། མ་སྐྱེས་པ་དང་རང་བཞིན་གྱིས་མ་སྐྱེས་པའི་ཁྱད་པར་ལེགས་པར་ཕྱེ་བའི་ཕྱིར་རོ། །ལུང་གཉིས་པས་ནི་སྟོན་པ་རང་གིས་སྐྱེ་བ་མེད་པར་གསུངས་པ་རྣམས་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་པ་ཡིན་ནོ་ཞེས་རང་གི་དགོངས་པ་རང་གིས་བླངས་ནས་བཤད་པས། དངོས་པོ་ལ་སྐྱེ་བ་བཀག་པའི་མདོ་སྡེ་རྣམས་ཀྱི་དོན་སྐྱེ་བ་གཏན་མེད་དུ་མི་བྱེད་པར་རང་བཞིན་གྱིས་མ་སྐྱེས་པའི་དོན་དུ་ཟུང་ཞིག་ཅེས་བའི་དོན་ནོ། །ལུང་གསུམ་པས་ནི་སྟོང་པའི་དོན་རང་བཞིན་གྱིས་ཡོད་པས་སྟོང་པའི་རང་བཞིན་མེད་བར་གསུངས་པས་རང་བཞིན་གྱིས་མེད་པ་དང་མེད་པ་གཉིས་ཀྱི་ཁྱད་པར་སྟོན་པ་ཡིན་ནོ། །གལ་ཏེ་རང་བཞིན་གྱིས་གྲུབ་པས་སྟོང་པའི་དོན་རྟེན་འབྱུང་གི་དོན་ཡིན་ནོ་ཞེས་མང་དུ་གསུངས་ན་འདིའི་དོན་གང་ཡིན། ཇི་ལྟར་ལྟོ་ལྡིར་བ་བུམ་པའི་དོན་དུ་འཇོག་པ་ལྟ་བུའི་དོན་ཡིན་ན་ནི། འབྲས་བུ་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་ངེས་པའི་བློ་དེ་ཉིད་ཀྱིས་སྟོང་པའི་དོན་ཡང་


JLD015_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འགྱུར་བས་མི་རིགས་སོ། །འོན་ཏེ་རྟེན་འབྲེལ་རྗོད་བྱེད་ཀྱི་སྒྲའི་དོན་ཉིད་སྟོང་པའི་དོན་དུ་འདོད་ནའང་གནོད་པ་དེ་ཉིད་ཡོད་དོ། །ཅི་སྟེ་རྟེན་འབྲེལ་དངོས་སུ་ངེས་པའི་ཤུགས་ཀྱི་དོན་ལ་འདོད་ནའང་སྔར་ལྟར་མི་འཐད་པས་འདིའི་དོན་གང་ཡིན་སྙམ་ན་དེ་ལྟར་ནི་མི་འདོད་དོ། །འོ་ན་ཇི་ལྟར་འཇོག་སྙམ་ན། སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་འགྲོ་བ་ནི་རང་བཞིན་གྱིས་གྲུབ་པ་ཚད་མས་ཁེགས་པའི་དབུ་མ་པ་རྣམས་ལ་ཡིན་གྱི་གཞན་ལ་མིན་ནོ། །དེ་འདྲ་བའི་དབུ་མ་པ་ལ་ནི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་ལ་རག་ལས་བའི་རྟེན་འབྱུང་དུ་དངོས་སུ་ངེས་པ་ན། བློ་དེ་ཉིད་ཀྱི་མཐུ་ལ་བརྟེན་ནས་རང་བཞིན་གྱིས་ཡོད་པས་སྟོང་པའི་དོན་དུ་ངེས་པར་འགྱུར་རོ། །རང་བཞིན་གྱིས་གྲུབ་པ་གཞན་ལ་ལྟོས་པ་མེད་པར་རྟོགས་ཤིང་དེ་དང་རྟེན་འབྱུང་གཉིས་འགལ་བར་ཚད་མས་རྟོགས་པའི་ཕྱིར་རོ། །དེས་ན་རྟེན་འབྱུང་ཉིད་ཀྱིས་རང་བཞིན་གྱིས་ཡོད་པ་ཁེགས་བའི་སྟོང་ཉིད་ལ་ངེས་པ་རྙེད་པས་ནི། ནམ་མྱུ་གུ་ལ་སོགས་བརྒྱུ་རྐྱེན་ལ་ལྟོས་པར་མཐོང་བ་དང་ཐོས་པ་དང་དྲན་པའི་མོད་ལ་རྒྱུ་མཚན་དེ་ཉིད་ཀྱིས་རང་བཞིན་མེད་པ་ཡིན་པའི་ཚུལ་སེམས་པ་ལ་གོམས་བར་བྱའོ། །དེ་ལྟར་བྱས་ན་ཚེ་རབས་གཞན་དུ་རང་བཞིན་མེད་པའི་སྟོང་པ་དངོས་སུ་མ་བཤད་ཀྱང་རྟེན་འབྱུང་གི་ཆོས་བཤད་པ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ལྟ་བའི་བག་ཆགས་སད་པར་འགྱུར་ཏེ། རྟ་ཐུལ་གྱིས་ཀུན་ཏུ་རྒྱུ་ཉེ་རྒྱལ་ལ་བདེན་པ་བཞིའི་རྟེན་འབྲེལ་ཙམ་ཞིག་བཤད་པས་དེ་ཁོ་ན་ཉིད་རྟོགས་པ་བཞིན་ནོ། །རང་བཞིན་


JLD015_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྟོང་པ་དེ་ནི་བརྟེན་ནས་གདགས་པར་བཞག་སྟེ། འཁོར་ལོ་ལ་སོགས་པ་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་འདོགས་ལ། རང་གི་ཡན་ལག་ལ་བརྟེན་ནས་བཏགས་པ་ནི་རང་བཞིན་གྱིས་མ་སྐྱེས་པའི་སྟོང་པའོ། །རང་བཞིན་གྱིས་མ་སྐྱེས་པའི་སྟོང་པ་ཉིད་དེ་ནི་ཡོད་མེད་ཀྱི་མཐའ་གཉིས་སྤངས་པས་དབུ་མ་དང་དེའི་ལམ་སྟེ་དབུ་མ་པས་བགྲོད་པའི་ཤུལ་ཡིན་ནོ། །དེ་བཞིན་དུ་རྩོད་ཟློག་ལས་ཀྱང༌། གང་གིས་སྟོང་དང་རྟེན་འབྱུང་དང༌། །དབུ་མའི་ལམ་དུ་དོན་གཅིག་པར། །གསུངས་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་དེ་གསུམ་རྣམ་གྲངས་པར་གསུངས་སོ། །གང་གི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ལ། རྟེན་འབྱུང་ཡང་རང་བཞིན་གྱིས་གྲུབ་པས་སྟོང་པ་དེའི་ཕྱིར་རང་བཞིན་གྱིས་ཡོད་པས་སྟོང་པ་མ་ཡིན་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ནོ། །རྒྱ་མཚོས་ཞུས་པ་ལས་ཀྱང༌། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་གྱུར་ཏེ། །མཐར་ལྟ་བ་ལ་རྟེན་པར་ཡང་མི་བྱེད། །རྒྱུ་དང་བཅས་ཤིང་རྐྱེན་བཅས་ཆོས་ཤེས་ཀྱི། །རྒྱུ་མེད་རྐྱེན་མེད་ཆོས་ཉིད་ཡོད་མ་ཡིན། ཞེས་གསུངས་སོ། །གསུམ་པ་ལ་དྲུག །ཤེས་བྱ་བདེན་པ་བཞི་མི་རུང་བ་དང༌། བདེན་བཞི་ཤེས་པ་སོགས་དང་འབྲས་བུ་བཞི་མི་རུང་བ་དང༌། དཀོན་མཆོག་གསུམ་མི་རུང་བ་དང༌། བྱེད་པ་པོ་དང་ལས་འབྲས་མི་རུང་བ་དང༌། འཇིག་རྟེན་བའི་ཐ་སྙད་མི་རུང་


JLD015_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། འཇིག་རྟེན་ལས་འདས་པའི་ཐ་སྙེད་མི་རུང་བའོ། །དང་པོ་ནི། གལ་ཏེ་ཕྱི་ནང་གི་དངོས་པོ་འདི་ཀུན་རང་བཞིན་གྱིས་གྲུབ་པས་མི་སྟོང་པ་ལྟར་ན་ནི་འབྱུང་བ་སྐྱེ་བ་མེད་ཅིང་འཇིག་བ་མེད་པར་འགྱུར་རོ། །དེའི་ཚེ་འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གང་ཞིག་རང་བཞིན་གྱིས་གྲུབ་པ་དེ་ནི་རྟེན་འབྱུང་མ་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ན་མི་རྟག་པ་མ་ཡིན་ཏེ་ནམ་མཁའི་མེ་ཏོག་བཞིན་ནོ། །དེའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཡོད་པར་ག་ལ་འགྱུར་ཏེ་གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཟག་བཅས་ཀྱི་མི་རྟག་པ་རྣམས་སྡུག་བསྔལ་དུ་གསུངས་པ་དེ་རང་བཞིན་ཉིད་ལ་སྟེ་རང་བཞིན་གྱིས་ཡོད་པར་ཁས་ལེན་ན་དངོས་པོ་རྣམས་ལ་ཡོད་པ་མ་ཡིན་པས་སྡུག་བསྔལ་མི་རུང་ངོ་། །སྡུག་བསྔལ་རང་བཞིན་ལས་ནི་ཡོད་པ་ཡིན་ན་དེ་ཡང་སྐྱེ་བ་མེད་པས་ཀུན་འབྱུང་ལས་ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་སྡུག་བསྔལ་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་གནོད་པ་བྱེད་པ་ལ་ཀུན་འབྱུང་ཡོད་པ་མ་ཡིན་ཏེ། འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ཀུན་འབྱུང་དུ་འཇོག་པའི་ཕྱིར་རོ། །སྡུག་བསྔལ་རང་བཞིན་གྱིས་ཡོད་པ་ལ་སྟེ་ཡོད་ན་སྡུག་བསྔལ་འགོག་པའི་བདེན་པ་ཡོད་པ་མ་ཡིན་ཏེ་རང་བཞིན་དེ་འདྲ་ལ་དུས་ནམ་ཡང་ལྡོག་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་རང་བཞིན་གྱིས་ཡོད་ན་དུས་ཀུན་ཏུ་ཡོངས་སུ་གནས་


JLD015_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར་རང་བཞིན་གྱིས་ཡོད་པའི་ཕྱོགས་བཟུང་ནས་སྟོང་པ་སྨྲ་བ་ལ་ཕྱིར་ཟློག་པར་བྱེད་པ་ནི། སྡུག་བསྔལ་འགོག་པའི་བདེན་པ་ལ་གནོད་པར་བྱེད་པ་ཡིན་ནོ། །ལམ་གྱི་བདེན་པ་ལ་རང་བཞིན་གྱིས་གྲུབ་པ་ཡོད་ན་ནི་དེ་མ་བསྒོམས་ཀྱང་ཡོད་པས་བསྒོམ་པ་འཐད་པར་མི་འགྱུར་ཏེ་དེ་ལ་ཡང་བསྒོམས་བས་ཅི་ཞིག་བྱ། ཅི་སྟེ་ལམ་གྱི་བདེན་པ་དེ་བསྒོམ་པར་བྱ་བར་ཁས་ལེན་ན། ཁྱོད་ཀྱི་འཕགས་པའི་ལམ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་འགྱུར་ཏེ་བྱ་བ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་འགོག་པ་ཐོབ་པར་བྱ་བ་དང་ཀུན་འབྱུང་སྤང་བར་བྱ་བའི་ཕྱིར་ལམ་སྒོམ་པ་ཡིན་ན། དངོས་པོ་རང་བཞིན་གྱིས་གྲུབ་པར་སྨྲ་བ་ལྟར་ན་གང་གི་ཚེ་སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་བ་དང་སྡུག་བསྔལ་འགོག་པའི་བདེན་པ་ཡོད་པ་མ་ཡིན་ན། ལམ་བདེན་གྱིས་ཀུན་འབྱུང་སྤོང་བའི་སྒོ་ནས་སྡུག་བསྔལ་འགོག་པའི་བདེན་པ་ནི་གང་ཞིག་ཐོབ་པར་འདོད་པའི་འགོག་པ་མེད་པས་ལམ་སྒོམ་པ་མི་འཐད་དོ། །གཉིས་པ་ནི། གལ་ཏེ་སྡུག་བསྔལ་སྔར་ཡོངས་སུ་ཤེས་པ་མ་ཡིན་པའི་རང་བཞིན་ཉིད་ཀྱིས་གནས་པ་ཡིན་ན། དེ་ནི་ཕྱིས་ཇི་ལྟར་ན་ཡོངས་སུ་ཤེས་པར་འགྱུར་ཞེས་པ་མི་འགྱུར་ཏེ། རང་བཞིན་གྱིས་གྲུབ་པ་དེ་ནི་མེའི་ཚ་བ་ལྟར་ཡང་དག་པར་གནས་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་པ་དང་གཞན་དུ་འགྱུར་བ་གཉིས་འགལ་བའི་ཕྱིར་རོ། །ཡོངས་སུ་ཤེས་པ་མི་སྲིད་པ་དེ་བཞིན་དུ་ནི་ཁྱོད་ཀྱི་


JLD015_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་ཀུན་འབྱུང་སྤང་བ་དང་འགོག་པ་མངོན་དུ་བྱ་བ་དང་ལམ་བསྒོམ་པ་ཡང་མི་རུང་སྟེ། ཀུན་འབྱུང་སྔར་མ་སྤངས་པའི་རང་བཞིན་གྱིས་གནས་པ་ནི་ཕྱིས་ཀྱང་སྦོང་བར་མི་འགྱུར་བའི་ཕྱིར་ཏེ་རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར། སྔར་ཡོངས་ཤེས་ལ་བཤད་པ་བཞིན་དུ་དགག་སྟེ་གཞན་གཉིས་ལ་ཡང་དེ་ལྟར་སྦྱར་རོ། །ཡོངས་ཤེས་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་འབྲས་བུ་བཞི་ཡང༌། སྔར་མེད་ན་ཕྱིས་ཀྱང་ཡོད་པ་མི་སྲིད་པར་འགྱུར་རོ། །འབྲས་བུ་བཞི་སྔར་ཐོབ་པ་མིན་པའི་རང་བཞིན་ཉིད་ཀྱིས་གནས་པ་གང་ཡིན་པ་དེ། ཕྱིས་ཇི་ལྟར་འཐོབ་པར་ནུས་པར་འགྱུར་ཞེས་པ་མི་འགྱུར་ཏེ། རང་བཞིན་ཡོངས་སུ་འཛིན་པ་སྟེ་རང་བཞིན་ལ་ལྡོག་བ་མེད་པའི་ཕྱིར་རོ། །གསུམ་པ་ནི། འབྲས་བུ་བཞི་དང་དེ་དག་ཐོབ་པ་མེད་ན་འབྲས་བུ་ལ་གནས་པ་དང་དེའི་ཕྱིར་དུ་ཞུགས་པ་བཞི་དག་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་པོ་དེ་དག་མེད་ན་དགེ་འདུན་དཀོན་མཆོག་མེད་པར་འགྱུར་ལ། འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར་དམ་པའི་ཆོས་དཀོན་མཆོག་ཀྱང་ཡོད་བ་མ་ཡིན་ནོ། །ཆོས་དང་དགེ་འདུན་དཀོན་མཆོག་ཡོད་པ་མིན་ན་སངས་རྒྱས་ཇི་ལྟར་ན་ཡོད་པར་འགྱུར་ཏེ་མི་འགྱུར་རོ། །དེ་དག་ནི་སྔར་བཤད་བ་ལྟར་ཤེས་པར་བྱའོ། །གལ་ཏེ་ཁྱེད་ཀྱི་ལྟར་སངས་རྒྱས་ཞེས་པ་འགའ་ཞིག་རང་བཞིན་གྱིས་ཡོད་ན་ནི། བྱང་ཆུབ་སྟེ་ཐམས་ཅད་མཁྱེན་བའི་ཡེ་ཤེས་ལ་མ་བརྟེན་པར་ཏེ་མ་ལྟོས་པར་འགྱུར་ཏེ།


JLD015_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཁྱོད་ཀྱི་བྱང་ཆུབ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་སངས་རྒྱས་ལ་མ་བརྟེན་བར་ཏེ་མ་ལྟོས་པར་རྟེན་མེད་དུ་ཐལ་བར་འགྱུར་ཏེ་རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །གཞན་ཡང་ཁྱོད་ཀྱི་ལྟར་ན་སངས་རྒྱས་པའི་སྔོན་རོལ་དུ་སངས་རྒྱས་པ་མིན་པའི་ངོ་བོར་རང་བཞིན་ཉིད་ཀྱིས་གནས་པའི་གང་ཟག་དེས། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བརྩལ་ཡང་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། རང་བཞིན་དེ་འདྲ་བ་དེ་ནམ་ཡང་ལྡོག་པ་མེད་པའི་ཕྱིར་རོ། །བཞི་པ་ནི། གཞན་ཡང་རང་བཞིན་གྱིས་གྲུབ་པར་ཁས་ལེན་ན་གང་ཟག་འགའ་ཡང་ཆོས་དགེ་བ་དང་ཆོས་མིན་པ་མི་དགེ་བ་རྣམ་ཡང་བྱེད་པར་མི་འགྱུར་ཏེ། རང་བཞིན་གྱིས་ཡོད་པས་མི་སྟོང་པ་ལ་བྱ་བ་ཅི་ཞིག་ཡོད་དེ་རང་བཞིན་གྱིས་ཡོད་པ་ལ་ནི་བྱ་བ་མི་འཐད་པའི་ཕྱིར་རོ། །གཞན་ཡང་འབྲས་བུ་རང་བཞིན་གྱིས་ཡོད་པར་སྨྲ་ན་ཆོས་དང་ཆོས་མིན་པ་བྱས་པ་མེད་པར་ཡང་དེ་གཉིས་ཀྱི་རྒྱུ་ཅན་གྱི་འབྲས་བུ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ཁྱོད་ལ་ཡོད་པར་འགྱུར་རོ། །དེ་ལྟ་ན་འབྲས་བུ་དེ་དག་གི་དོན་དུ་ལས་གཉིས་བྱེད་པ་དོན་མེད་པར་འགྱུར་བས། ཆོས་དང་ཆོས་མིན་གྱི་རྒྱུས་འབྱུང་བའི་འབྲས་བུ་གཉིས་ལས་གཉིས་བྱས་པ་མེད་པར་ཁྱོད་ལ་ཡོད་པ་མ་ཡིན་ནོ། །གལ་ཏེ་འབྲས་བུ་


JLD015_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཆོས་དང་ཆོས་མིན་པའི་རྒྱུས་འབྱུང་བ་ཁྱོད་ལ་ཡོད་ན་ནི། འབྲས་བུ་གཉིས་པོ་དེ་ཅིའི་ཕྱིར་རང་བཞིན་གྱིས་གྲུབ་པས་སྟོང་པ་མ་ཡིན་ཞེས་པ་ཡིན་ཏེ། ཆོས་དང་ཆོས་མིན་ལས་འབྱུང་བའི་རྟེན་འབྲེལ་ཡིན་བའི་ཕྱིར་གཟུགས་བརྙན་བཞིན་ནོ། །ལྔ་པ་ནི། དངོས་པོ་རང་བཞིན་གྱིས་གྲུབ་པར་སྨྲ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡི་སྟོང་པ་ཉིད་ལ་གནོད་བ་བྱེད་པ་ཡིན་ལ། དེ་ལྟར་བྱེད་པ་གང་ཡིན་པ་དེ་ནི་སོང་ཞིག་བྱོས་ཤིག་ལྷོགས་ཤིག་འདུག་ཅིག་ཅེས་པ་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་ནི་ཀུན་ལ་གནོད་པ་བྱེད་པ་ཡིན་ནོ། །གཞན་ཡང་དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་ལ་གནོད་པ་བྱེད་ན། དེའི་ཚེ་རང་བཞིན་གྱིས་གྲུབ་པ་ནི་མ་བྱས་ཀྱང་ཡོད་པས་སུས་ཀྱང་བྱ་བ་ཅི་ཡང་བྱེད་པ་མེད་བར་འགྱུར་རོ། །རྩོམ་པ་མེད་པ་སྟེ་བྱེད་བཞིན་པ་མ་ཡིན་པ་ཡང་བྱ་བར་འགྱུར་ལ། བྱ་བ་ཅི་ཡང་མི་བྱེད་པ་ཡང་བྱེད་པ་པོར་འགྱུར་ན་དེ་ཡང་མི་རིགས་པས་དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པས་མི་སྟོང་པ་མ་ཡིན་ནོ། །གཞན་ཡང་ཆོས་རྣམས་རང་བཞིན་གྱིས་ཡོད་ན་འགྲོ་བ་རྣམས་མ་སྐྱེས་པ་དང་མ་འགགས་པར་འགྱུར་ཏེ། རང་བཞིན་བཅོས་མ་མ་ཡིན་པ་དང་ནམ་ཡང་ལྡོག་པ་མེད་པའི་ཕྱིར་རོ། །མ་སྐྱེས་ཤིང་མ་འགགས་ན་འགྲོ་བ་རྣམས་ཐེར་ཟུག་ཏུ་ནི་གནས་པར་འགྱུར་བ་དང༌། རྒྱུ་རྐྱེན་ལ་མི་ལྟོས་པས་འགྲོ་བ་རྣམས་གནས་སྐབས་སྣ་ཚོགས་པ་རྣམས་དང་བྲལ་བར་འགྱུར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས།


JLD015_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྟོང་ཅུང་ཞིག་ཡོད་ན་རྒྱལ་བ་ཡིས། །འགའ་ཡང་ལུང་སྟོན་མི་གསུང་འགྱུར་མེད་པར། །རང་རང་དངོས་ལ་ཐེར་ཟུག་གནས་དེ་ལ། །འཕེལ་བར་བྱེད་ཅིང་ཡོངས་སུ་ཉམས་པ་མེད། ཅེས་དང༌། གླང་པོའི་རྩལ་གྱི་མདོ་ལས་ཀྱང༌། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་རྣམས་མྱ་ངན་འདའ་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་པ་མེད་མི་འགྱུར། ཞེས་གསུངས་ཏེ་མདོ་སྡེ་འདི་ནི་སྟོང་པ་རྟེན་འབྱུང་གི་དོན་དུ་སྟོན་པ་ཤིན་ཏུ་གསལ་ལོ། །དྲུག་པ་ནི། གལ་ཏེ་རང་བཞིན་གྱིས་གྲུབ་པས་སྟོང་པ་ཡོད་པ་མིན་ན་སྔར་འབྲས་བུ་མ་ཐོབ་པ་ཕྱིས་ཐོབ་པར་བྱ་བ་དང༌། སྔར་སྡུག་བསྔལ་ཟད་པའི་མཐར་མ་བྱས་པ་ཕྱིས་སྡུག་བསྔལ་ཟད་པའི་མཐར་བྱེད་པ་དང༌། སྔར་ལས་དང་ཉོན་མོངས་པ་ཐམས་ཅད་སྤངས་བར་མ་གྱུར་པ་ཕྱིས་སྤོང་བའང་མེད་པར་འགྱུར་པས། འཇིག་རྟེན་ལས་འདས་པའི་ཐ་སྙད་ཐམས་ཅད་ཀྱང་མི་འཐད་བར་འགྱུར་རོ། །བཞི་པ་ནི། གང་གི་ཕྱིར་དངོས་པོ་རང་བཞིན་གྱིས་གྲུབ་པར་ཁས་བླངས་ན་རྣམ་གཞག་ཐམས་ཅད་མི་འཐད་པ་དེའི་ཕྱིར། རྣལ་འབྱོར་པ་གང་གིས་སྟོང་པ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཅན་མཐོང་བ་དེས་ནི། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་སྟེ་བདེན་པ་བཞི་པོ་དེ་དག་གི་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ། །


JLD015_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་དུ་འཕགས་པ་བསམ་གཏན་པའི་དཔེ་མཁྱུད་ཀྱི་མདོ་ལས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་རྣམས་ལ་ཇི་ལྟར་ཁུམས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་གིས་འདུ་བྱེད་ཐམས་ཅད་མ་སྐྱེས་བར་མཐོང་བ་དེས་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བ་དེས་ནི་ཀུན་འབྱུང་བ་སྤངས་པ་ཡིན་ནོ། །གང་ཞིག་ཆོས་ཐམས་ཅད་གཏན་མྱ་ངན་ལས་འདས་པར་མཐོང་བ་དེས་ནི་འགོག་པ་མངོན་དུ་བྱས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པར་མཐོང་བ་དེས་ནི་ལམ་བསྒོམས་པ་ཡིན་ནོ། །འཇམ་དཔལ་གང་གིས་དེ་ལྟར་འཕགས་པའི་བདེན་པ་བཞི་མཐོང་བ་དེ་ནི་ཆོས་འདི་དག་ནི་དགེ་བའོ། །ཆོས་འདི་དག་ནི་མི་དགེ་བའོ། །ཆོས་འདི་དག་ནི་སྤང་བར་བྱའོ། །ཆོས་འདི་དག་ནི་མངོན་དུ་བྱའོ། །སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་ཀུན་འབྱུང་སྤང་བར་བྱ་འགོག་པ་མངོན་དུ་བྱ་ལམ་བསྒོམ་པར་བྱའོ་ཞེས་མི་རྟོག་རྣམ་པར་རྟོག་བར་མི་བྱེད་དོ། །འདི་ལྟར་གང་བརྟག་པར་བྱ་བའི་ཆོས་དེ་དེས་མ་མཐོང་བའི་ཕྱིར་རོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཆོས་དེ་དག་མངོན་དུ་རྟོག་པ་ན་ཆགས་པར་འགྱུར་རོ། །སྡང་བར་འགྱུར་རོ། །རྨོངས་པར་འགྱུར་རོ། །དེ་ཆོས་འགའ་ཡང་མི་ལེན་མི་འདོར་དེ་ལྟར་མི་ལེན་མི་འདོར་བ་དེ་ནི་ཁམས་གསུམ་ལ་སེམས་ཆགས་པར་མི་འགྱུར་རོ། །ཁམས་གསུམ་ཐམས་


JLD015_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མ་སྐྱེས་པ་དང་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུ་དང་བྲག་ཆ་ལྟ་བུར་མཐོང་ངོ་། །ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་མཐོང་བས་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བར་འགྱུར་བའི་ཆོས་དེ་མ་དམིགས་པའི་ཕྱིར་རོ། །དེས་སེམས་ནམ་མཁའ་དང་མཉམ་པས་སངས་རྒྱས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་དགེ་འདུན་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་མཐོང་བས་ཆོས་གང་ལ་ཡང་སོམ་ཉི་སྐྱེད་པར་མི་བྱེད་དོ། །སོམ་ཉི་མེད་པས་ཉེ་བར་ལེན་པ་མེད་པར་འགྱུར་རོ། །ཉེ་པར་ལེན་པ་མེད་པས་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའོ། །ཞེས་གསུངས་སོ། །གཉིས་པ་ནི། དབུ་མ་པས་འཁོར་འདས་ཀྱི་ཆོས་རྣམས་ལ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པར་བསྟན་པ་ན། ཕ་རོལ་པོས་ལུགས་དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་གཞག་གང་ཡང་བྱར་མེད་པར་འགྱུར་རོ་ཞེས་རྩོད་པ་ཡིན་ལ། དེའི་ལན་དུ་རྣམ་པར་དཔྱད་ནས་དེ་ལྟར་འགོག་པའི་རིགས་པས་དཔྱད་བཟོད་པ་རྡུལ་ཙམ་ཡང་མེད་པས། གཞན་ལུགས་ལ་འདི་ཡིན་དང་འདི་མ་ཡིན་གྱི་རྣམ་གཞག་གང་ཡང་བྱར་མེད་པའི་སྐྱོན་ཡོད་པ་དང༌། རང་ལུགས་ལ་སྐྱོན་དེ་དག་མེད་པར་མ་ཟད་རྣམ་གཞག་ཐམས་


JLD015_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཆེས་ཤིན་ཏུ་འཐད་པར་ནི་རབ་བྱེད་འདིས་གཙོ་བོར་སྟོན་ནོ། །དེ་ཡང་སྟོང་པའི་དོན་རྟེན་འབྱུང་གི་དོན་ཡིན་གྱི་བྱ་བྱེད་ཀྱི་དངོས་པོ་བཀག་པ་སྟོང་པའི་དོན་མིན་པ་ལ་ཐུག་པས། དབུ་མའི་ཚུལ་ལ་མོས་པའི་རྣམ་དཔྱོད་ཅན་ཡིན་ན་ནི་ཚུལ་དེ་ལྟར་དུ་སྨྲ་བར་བྱའི། དངོས་པོར་སྨྲ་བ་རྣམས་ཀྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་གཞག་གང་ཡང་ཁྱོད་ཀྱི་ལུགས་འདི་ལ་བྱར་མི་རུང་ངོ་ཞེས་ནན་གྱིས་འཕུལ་བ་ལ། ཁོ་བོ་ཅག་གི་ལྟར་ན་གང་ལ་ཡང་འདི་ཡིན་དང་འདི་མ་ཡིན་གྱི་ངོས་གཟུང་གི་རྣམ་གཞག་བྱར་མི་རུང་ངོ་ཞེས། གཞན་གྱིས་འཕུལ་མི་དགོས་པར་དང་པོ་ནས་རང་ཉིད་དེའི་གསེབ་ཏུ་འཇུག་པར་མི་བྱའོ། །འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཞི་བཅུའི་བདག་ཉིད་རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།གཉིས་པ་མྱང་འདས་བརྟག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་པོ་ནི། འདིར་སྨྲས་པ་བཅོམ་ལྡན་འདས་ཀྱིས་ཐར་འདོད་རྣམས་ལ་ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་རྣམ་པ་གཉིས་གསུངས་ཏེ། དེ་ལ་དང་པོ་ནི་ཆོམ་རྐུན་པ་ཀུན་བསད་ནས་གྲོང་ཙམ་ཞིག་ལུས་པ་ལྟར་འཇིག་ལྟ་ལ་སོགས་པའི་ཉོན་མོངས་པ་ཟད་པར་སྤངས་ནས་སྔོན་གྱི་ལས་ཉོན་གྱིས་འཕངས་པའི་ཕུང་པོ་ཙམ་ཞིག་ལུས་པའི་འགོག་པ་སྟེ་མདོ་སྡེ་ལས། མ་ཞུམ་པ་ཡི་


JLD015_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་ནི། །ཚོར་བ་དང་དུ་ལེན་པ་ན། །དེ་ཡི་སེམས་ནི་རྣམ་པར་གྲོལ། །མར་མེ་ཤི་བར་གྱུར་པ་བཞིན། །ཞེས་སོ། །གཉིས་པ་ནི། ཆོམ་རྐུན་པ་ཀུན་བསད་ནས་གྲོང་ཡང་བཅོམ་པ་ལྟར་ཉོན་མོངས་པ་ཀུན་སྤངས་པར་མ་ཟད་ཉེར་ལེན་གྱི་ཕུང་པོའི་ལྷག་མ་དང་ཡང་བྲལ་བའི་འགོག་པ་སྟེ་མདོ་སྡེ་ལས། གང་ན་ལུས་ཞིག་འདུ་ཤེས་འགགས། །ཚོར་བ་ཐམས་ཅད་བྲལ་གྱུར་ཅིང༌། །འདུ་བྱེད་ཉེ་བར་ཞི་བ་དང༌། །རྣམ་པར་ཤེས་པ་ནུབ་གྱུར་པ། །ཞེས་སོ། །གལ་ཏེ་ཕྱི་ནང་གི་ཆོས་འདི་དག་ཀུན་རང་བཞིན་གྱིས་གྲུབ་པས་སྟོང་ན་འབྱུང་བ་སྟེ་སྐྱེ་བ་དང་འཇིག་པ་ཅུང་ཟད་ཀྱང་མེད་པས། ཉོན་མོངས་པ་གང་ཞིག་སྤོང་བ་སྟེ་སྤངས་པ་དང་ཉེར་ལེན་གྱི་ཕུང་པོ་གང་ཞིག་འགགས་པ་ལས་མྱང་འདས་གཉིས་ཀྱི་སྒོ་ནས་མྱ་ངན་ལས་འདའ་བར་འགྱུར་བར་འདོད་ཅེས་པ་དེ་ལྟར་འདོད་པར་མི་རིགས་ཏེ། ཕུང་པོ་དང་ཉོན་མོངས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །དེ་ཡི་ཕྱིར་དངོས་པོ་རྣམས་རང་བཞིན་གྱིས་ཡོད་དོ་ཞེས་འཛིན་ཏོ། །གཉིས་པ་ལ་བཞི། དངོས་པོ་རང་བཞིན་གྱིས་གྲུབ་པའི་ཕྱོགས་ལ་མྱང་འདས་མི་འཐད་པ་དང༌། རང་གི་ལུགས་ཀྱིས་མྱང་འདས་ངོས་གཟུང་བ་དང༌། དེ་ལས་ཚུལ་གཞན་དུ་སྨྲ་བ་དགག་པ་དང༌། དེ་ལྟར་བཀག་པ་ལ་ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། གལ་ཏེ་ཕྱི་ནང་གི་ཆོས་འདི་དག་ཀུན་རང་བཞིན་གྱིས་ཡོད་པས་མི་སྟོང་ན། རང་བཞིན་གྱིས་གྲུབ་པ་ལ་སྔར་མེད་གསར་དུ་འབྱུང་བ་དང་སྔར་ཡོད་གསར་


JLD015_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇིག་པ་མེད་པས་ཉོན་མོངས་དང་ཕུང་པོ་གང་ཞིག་སྤོང་བ་དང་འགགས་པ་ལས་མྱ་ངན་ལས་འདའ་བར་འགྱུར་བར་འདོད་པ་མི་རིགས་ཏེ། ཉོན་མོངས་དང་ཕུང་པོ་རང་བཞིན་གྱིས་གནས་པ་རྣམས་ལྡོག་པར་མི་འགྱུར་བའི་ཕྱིར་ཏེ། དེ་འདྲ་བའི་རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱིས་ནི་ཉོན་མོངས་པ་དང་ཕུང་པོ་རང་བཞིན་གྱིས་སྔར་གྲུབ་པ་ཕྱིས་ལྡོག་པའི་མྱང་འདས་མི་འདོད་པས་འབྱུང་འཇིག་མེད་པས་མྱང་འདས་མི་རུང་བའི་སྐྱོན་མེད་དོ། །འོ་ན་དེ་དག་གིས་མྱང་འདས་མཚན་ཉིད་གང་དང་ལྡན་པར་འདོད་ཅེ་ན། གང་ཞིག་ཆགས་སོགས་ལྟར་སྤངས་པ་དང་དགེ་སྦྱོང་གི་འབྲས་བུ་ལྟར་ཐོབ་པ་དང་ཉེར་ལེན་གྱི་ཕུང་པོ་ལ་སོགས་པ་ལྟར་ཆད་པ་དང་མི་སྟོང་པ་ལྟར་རྟག་པ་སྟེ་དེ་བཞིར་རང་བཞིན་གྱིས་མ་གྲུབ་ཅིང༌། རང་བཞིན་གྱིས་འགག་པ་དང་སྐྱེ་བ་མེད་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་དེ་ནི་མྱ་ངན་ལས་འདས་པར་བརྗོད་དོ། །དེའི་ཕྱིར་དེ་ལ་ཉོན་མོངས་སྤངས་ཤིང་ཕུང་པོ་འགགས་པས་མྱ་ངན་ལས་འདའ་བར་འདོད་པའི་ཉོན་མོངས་དང་ཕུང་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྟོག་པ་ག་ལ་ཡོད། ཇི་སྲིད་དུ་རྟོག་པ་དེ་གཉིས་ཡོད་པ་དེ་སྲིད་དུ་མྱང་འདས་ཐོབ་པ་མིན་ཏེ་སྤྲོས་པ་དེ་དག་ཐམས་ཅད་ཟད་པ་ལས་དེ་འཐོབ་པའི་ཕྱིར་རོ། །ཅི་སྟེ་མྱ་ངན་ལས་འདས་པའི་དུས་ན་ཉོན་མོངས་སམ་ཕུང་པོ་མེད་མོད་ཀྱང་དེ་ཐོབ་པའི་སྔ་རོལ་ན་དེ་རྣམས་རང་བཞིན་གྱིས་ཡོད་པས་དེ་དག་གི་སྤྲོས་པ་ཟད་པ་ལས་མྱ་ངན་ལས་འདས་


JLD015_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ་སྙམ་ན། མྱང་འདས་ཀྱི་སྔ་རོལ་ན་རང་བཞིན་གྱིས་ཡོད་ན་ཕྱིས་ཟད་པར་བྱ་བར་མི་ནུས་པས་ཐར་འདོད་ཀྱིས་རྟོག་པ་འདི་དོར་བར་བྱ་སྟེ། མྱ་ངན་འདས་མཐའ་གང་ཡིན་པ། ཞེས་སོགས་འཆད་པར་འགྱུར་བའི་ཕྱིར་དང་ཏིང་འཛིན་རྒྱལ་པོ་ལས་ཀྱང༌། མྱ་ངན་འདས་ལ་ཆོས་རྣམས་ཡོད་ཉིད་མེད། །ཆོས་གང་དེར་མེད་དེ་དག་གཞར་ཡང་མེད། །ཡོད་དང་མེད་ཅེས་རྟོག་པ་དང་ལྡན་ཞིང༌། །དེ་ལྟར་སྤྱོད་རྣམས་སྡུག་བསྔལ་ཉེར་མི་ཞི། ཞེས་གསུངས་སོ། །དེའི་དོན་ནི་ཕུང་པོ་ལྷག་མེད་ཀྱི་མྱང་འདས་ཀྱི་དབྱིངས་ན་ལས་དང་ཉོན་མོངས་དང་དེའི་འབྲས་བུ་སྐྱེ་བའི་མཚན་ཉིད་ཅན་གྱི་ཕུང་པོའི་ཆོས་རྣམས་དང་བྲལ་བས། དེ་རྣམས་ཡོད་བ་མིན་པ་ནི་རྒོལ་བ་ཐམས་ཅད་ཀྱིས་འདོད་པ་ཡིན་ནོ། །དེར་མེད་པའི་ཆོས་དེ་དག་གཞར་ཡང་སྟེ་ནམ་ཡང་མེད་ཅེས་གསུངས་པས་ནི་འཁོར་བའི་སྐབས་སུ་ཡང་དེ་ཁོ་ན་ཉིད་དུ་ཡོད་པ་མིན་པར་བསྟན་ནོ། །འོ་ན་ཇི་ལྟར་འཁོར་སྙམ་ན། རབ་རིབ་ཅན་ལ་སྐྲ་ཤད་ལ་སོགས་པར་སྣང་བ་ལྟར་བྱིས་པ་བདག་དང་བདག་གི་བར་འཛིན་པའི་ཕྱིན་ཅི་ལོག་གི་གདོན་གྱིས་བཟུང་བ་རྣམས་ལ་བདེན་པར་སྣང་བ་ནི་རྐང་པ་ཐ་མ་གཉིས་ཀྱིས་གསུངས་སོ། །དེ་ཡང་ཡོད་པར་རྟོག་བ་ནི་རྒྱལ་དཔོག་དང་གཟེགས་ཟན་དང་སེར་སྐྱེ་ལ་སོགས་པ་བྱེ་བྲག་ཏུ་སྨྲ་བ་ལ་ཐུག་པ་དང༌། མེད་པར་རྟོག་པ་ནི་རྒྱད་པ་ན་པ་དང་འདས་མ་འདས་དང་རིག་མིན་དང་ལྡན་མིན་རྫས་སུ་མེད་ཅིང་དེ་ལས་གཞན་ཡོད་པར་སྨྲ་


JLD015_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་དང་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མེད་ཅིང་ངོ་བོ་ཉིད་གཞན་གཉིས་ངོ་བོས་ཡོད་པར་སྨྲ་བའོ། །གལ་ཏེ་རྐང་པ་དང་པོའི་དོན་ལྷག་མེད་ཀྱི་མྱང་འདས་ཀྱི་དབྱིངས་ན་སྡུག་ཀུན་གྱི་ཆོས་རྣམས་མེད་པ་ཡིན་ན། ཐེག་དམན་གྱི་དགྲ་བཅོམ་པ་ཚེའི་འདུ་བྱེད་བཏང་བ་ན་རིག་པའི་རྒྱུན་ལོག་པ་འདོད་པས་དེ་ལྟར་སྨྲ་མོད་ཀྱང༌། རང་གི་ལུགས་ཀྱིས་ནི་དེ་དག་ཀྱང་མཐར་འཚང་རྒྱ་བར་བཞེད་པས་དེའི་མྱང་འདས་ལ་ཕུང་པོའི་ལྷག་མ་ཡོད་མེད་ཇི་ལྟར་བཞེད་ཅེ་ན། རིགས་པ་དྲུག་ཅུ་བའི་འགྲེལ་པ་ལས། མདོ་ལས་ནི་གང་ཕུང་པོ་འདི་མ་ལུས་པར་སྤངས་པ་ངེས་པར་སྤངས་པ་བྱང་བར་གྱུར་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་ཉེ་བར་ཞི་བ་ནུབ་པ། སྡུག་བསྔལ་གཞན་གྱི་མཚམས་མི་སྦྱོར་ཞིང་མི་སྐྱེ་བ་འདི་ནི་ཞི་བ་འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ་ཕུང་པོ་ཐམས་ཅད་ངེས་པར་སྤངས་པ་སྲེད་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་མྱ་ངན་ལས་འདས་པའོ་ཞེས་ཕུང་པོ་འགགས་པ་ལས་མྱ་ངན་ལས་འདས་པར་རྣམ་པར་བཞག་གོ །ཞེས་གསུངས་ཤིང༌། ཕུང་པོ་ཟད་པའི་དོན་ཕུང་པོའི་ཕྱོགས་གཅིག་ཉོན་མོངས་ཟད་པ་ལ་འཆད་པ་བཀག་ནས་སྡུག་བསྔལ་གྱི་ཕུང་པོ་སྤྱི་ཟད་པ་ལ་ཕུང་པོ་ཟད་པར་བྱ་དགོས་པར་གསུངས་སོ། །དེ་ཡང་ཕུང་པོའི་རྒྱུན་ཟད་པ་ལ་བྱས་ན་ཕུང་པོ་མ་ཟད་པའི་ཚེ་ཐོབ་བྱ་མྱང་འདས་མེད་ལ་ཕུང་པོ་ཟད་པའི་ཚེ་ཐོབ་མཁན་མེད་པས་མྱང་འདས་ཐོབ་པ་མི་སྲིད་པའི་སྐྱོན་བསྟན་ནས། གལ་ཏེ་སྡུག་བསྔལ་གྱི་རང་བཞིན་སྐྱེ་བ་མེད་པར་མཐོང་ན་ནི་དེའི་


JLD015_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གནས་སྐབས་དེར་ཡང་སྐྱེ་བ་དེ་མི་དམིགས་པའི་ཕྱིར་སྡུག་བསྔལ་དེ་ཟད་པ་ཁོ་ནར་འགྱུར་ན། །ཞེས་ཕུང་པོ་ལྔ་ཆར་རང་བཞིན་གྱིས་སྐྱེ་བ་མེད་པར་མངོན་སུམ་དུ་མཐོང་བའི་ཚེ་དེའི་ངོ་ན་ཕུང་པོ་མེད་པ་ཕུང་པོ་འདི་མ་ལུས་པར་སྤངས་པ་ཞེས་གསུངས་པའི་དོན་དུ་བཞེད་དོ། །དེས་ན་ཐེག་དམན་གྱིས་ཉོན་མོངས་ཟད་པར་སྤངས་བའི་ཚེ་མཉམ་གཞག་གི་ངོ་ན་ཕུང་པོའི་སྣང་བ་ལྷག་མ་མེད་པར་ནུབ་པའི་འགོག་པ་ནི་དེའི་ལྷག་མེད་ཀྱི་མྱང་འདས་དང༌། དེའི་སྣང་བ་མ་ནུབ་པའི་རྗེས་ཐོབ་ཀྱི་ཚེ་དེའི་ལྷག་བཅས་ཀྱི་མྱང་འདས་སུ་འཇོག་པ་ཡིན་ནོ། །གསུམ་པ་ལ་གསུམ། མྱང་འདས་མཐའ་བཞིར་གྲུབ་པ་དགག །མྱང་འདས་ཐུགས་སུ་ཆུད་པ་པོ་མཐའ་བཞིར་མ་གྲུབ་པར་བསྟན། དེས་གྲུབ་པའི་དོན་ནོ། །དང་པོ་ལ་གསུམ། མྱང་འདས་དངོས་པོར་ཡོད་མེད་སོ་སོ་བའི་མཐར་འདོད་པ་དགག །དེ་གཉིས་ཀའི་མཐར་འདོད་པ་དགག །གཉིས་ཀ་མ་ཡིན་པའི་མཐར་འདོད་པ་དགག་པའོ། །དང་པོ་ལ་བཞི། མྱང་འདས་དངོས་པོའི་མཐར་འདོད་པ་དགག །དངོས་པོ་མེད་པའི་མཐར་འདོད་པ་དགག །མཐའ་གཉིས་སྤངས་པའི་མྱང་འདས་གང་ལ་འཇོག་པ། མཐའ་གཉིས་སུ་ལྟ་བ་སྟོན་པས་སྨད་པའི་ཚུལ་ལོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་མྱང་འདས་ནི་ལས་ཉོན་དང་སྐྱེ་བའི་རྒྱུན་ཕྱི་མ་འཇུག་པའི་འགོག་བྱེད་ཆུའི་རྒྱུན་འགོག་པའི་ཆུ་ལོན་ལྟ་བུ་ཡིན་པས་དངོས་པོ་ཡིན་ཏེ། དངོས་མེད་ཀྱིས་དོན་བྱེད་མི་ནུས་པའི་ཕྱིར་རོ། །གལ་


JLD015_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མདོ་ལས་དགའ་བའི་འདོད་ཆགས་དང་ལྷན་ཅིག་ཏུ་གྱུར་པའི་སྲེད་པ་ཟད་ཅིང་འདོད་ཆགས་དང་བྲལ་བ་འགོག་པ་གང་ཡིན་པ་ནི་མྱ་ངན་ལས་འདས་པའོ། །ཞེས་སྲེད་པ་ཟད་པ་ཙམ་དུ་གསུངས་ཤིང༌། མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་སེམས་ནི་རྣམ་པར་ཐར། ཞེས་གསུངས་པས་མར་མེ་ཤི་བ་དང་ཉོན་མོངས་ཟད་པ་ཙམ་ནི་དངོས་མེད་ཡིན་པས་དངོས་པོར་མི་རིགས་སོ་ཞེ་ན། སྲེད་པ་ཟད་པ་ཞེས་གསུངས་པས་སྲེད་པ་ཟད་ཙམ་མྱང་འདས་སུ་མི་སྟོམ་གྱི་མྱང་འདས་དེ་ཡོད་ན་དེའི་མཐུས་སྲེད་པ་ཟད་པར་འགྱུར་བ་ནི་སྲེད་བ་ཟད་པ་ཞེས་པའི་དོན་ནོ། །མར་མེ་ཤི་བ་ནི་ཉོན་མོངས་ཟད་པའི་དཔེ་ཙམ་ཡིན་ལ་དེ་ཡང་མྱང་འདས་གང་ཡོད་ན་སེམས་ཐར་པའམ་གྲོལ་བར་འགྱུར་བ་ཡིན་ནོ་ཞེས་སྟོན་པས་དངོས་མེད་དུ་སྟོན་པའི་ཁུངས་མིན་ནོ་ཞེས་ཟེར་རོ། །རེ་ཞིག་མྱ་ངན་ལས་འདས་པ་ནི་ཉོན་མོངས་དང་སྐྱེ་བའི་རིགས་འདྲ་ཕྱི་མ་འགོག་པའི་དངོས་པོ་མིན་ཏེ། དངོས་པོ་ཡིན་ན་རྒ་བ་སྟེ་གཞན་དུ་འགྱུར་བ་དང་ཤི་བ་སྟེ་འཇིག་པའི་མཚན་ཉིད་ཅན་དུ་ཐལ་བར་འགྱུར་ཏེ། དངོས་པོ་ནི་དེ་འདྲ་བའི་རྒ་ཤི་ལ་མི་འཁྲུལ་བའི་ཕྱིར་རོ། །གཞན་འགྱུར་གྱི་རྒ་བ་དང་འཇིག་པའི་འཆི་བ་མེད་པའི་དངོས་པོ་ནི་ཡོད་པ་མ་ཡིན་ནོ། །ཞེས་པ་ནི་དངོས་པོ་རྒ་ཤི་ལ་མི་འཁྲུལ་བ་གསལ་བར་བྱེད་པའོ། །རྒ་ཤིའི་མཚན་ཉིད་ཅན་ཡིན་ན་ནི་མྱང་འདས་སུ་ཡང་མི་འགྱུར་རོ། །གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་མྱ་ངན་ལས་འདས་པ་འདུས་བྱས་སུ་འགྱུར་རོ། །དེའི་ལྡོག་པ་ནི་འདུས་བྱས་མ་ཡིན་


JLD015_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིའམ་ནང་གི་དངོས་པོ་རྟེན་པ་འགའ་ཡང་ཡུལ་དུས་གྲུབ་པའི་མཐའི་རྟེན་གང་ནའང་ཡོད་པ་མ་ཡིན་ནོ་ཞེས་པས་བཤད་དོ། །གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་ཇི་ལྟར་ན་མྱང་འདས་དེ་རང་གི་རྒྱུའི་ཚོགས་པ་ལ་བརྟེན་ནས་སྐྱེ་བ་མིན་ཏེ་ཡིན་ནོ། །དེའི་ལྡོག་པ་ནི་རང་གི་རྒྱུའི་ཚོགས་པ་ལ་བརྟེན་ནས་མི་སྐྱེ་བའི་དངོས་པོ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་པས་བཤད་དོ། །དེ་ལྟར་ཐལ་བ་དང་པོ་དང་གསུམ་བས་འདུས་བྱས་ཀྱི་མཚན་ཉིད་སྐྱེ་འཇིག་གཞན་འགྱུར་གསུམ་དང་ལྡན་པ་དང༌། ཐལ་བ་གཉིས་བས་མཚན་གཞི་འདུས་བྱས་ཀྱིས་དངོས་པོ་ལ་ཁྱབ་པར་བསྒྲུབས་ནས་ཁྱབ་བྱེད་བཀག་པའི་སྒོ་ནས་ཁྱབ་བྱ་དངོས་པོ་ཡིན་པ་འགོག་གོ །གཉིས་པ་ནི། མདོ་སྡེ་པ་ལ་སོགས་པ་རྣམས་ན་རེ་ཇི་སྐད་བཤད་པའི་སྐྱོན་དུ་འགྱུར་བས་མྱང་འདས་དངོས་པོ་མིན་པ་བདེན་མོད་ཀྱང༌། ཉོན་མོངས་པ་དང་སྐྱེ་བ་ལོག་པ་ཙམ་ཡིན་པས་མྱང་འདས་ནི་དངོས་པོ་མེད་པ་ཡིན་ནོ་ཞེས་འཛེར་ཏོ། །འདི་དགག་བྱའི་ཉོན་མོངས་དང་སྐྱེ་བ་ལོག་ཙམ་གྱི་དངོས་མེད་དུ་འདོད་པ་མི་འགོག་མོད། འོན་ཀྱང་དངོས་མེད་དེར་ཡོད་པ་ཡང་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མིན་པར་རང་གི་ངོ་བོ་ཉིད་ཀྱིས་ཡོད་པར་འདོད་པས་དེ་འགོག་པ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མིན་ན་དངོས་མེད་དུ་རང་གི་ངོ་བོས་ཡོད་པ་ཡང་ཇི་ལྟར་རུང་བར་འགྱུར་ཞེས་པ་མི་འགྱུར་རོ། །འདི་ལྟར་ཕྱོགས་གང་ལ་བསྟན་


JLD015_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པའི་ཉེས་པས་མྱ་ངན་ལས་འདས་པ་དངོས་པོ་མིན་པའི་ཕྱོགས་དེ་ལ་སྟེ་དེས་མྱ་ངན་ལས་འདས་པ་དངོས་པོ་མེད་པར་རང་གི་ངོ་བོས་ཡོད་པའང་ཁས་བླང་བར་རིགས་པ་མ་ཡིན་ཏེ། དངོས་པོ་གཞན་འགྱུར་ལ་དངོས་མེད་དུ་སྨྲ་བའི་ཕྱིར་དང་དངོས་པོ་རང་བཞིན་གྱིས་ཡོད་པ་བཀག་ཟིན་པས་དངོས་པོ་རང་བཞིན་གྱིས་ཡོད་པ་གཞན་དུ་འགྱུར་པ་མི་རིགས་པའི་ཕྱིར་རོ། །གལ་ཏེ་དངོས་མེད་ལ་དངོས་པོའི་ཁྱད་པར་ཞིག །གཞན་དུ་འགྱུར་བས་ཁྱབ་ན་དེ་ལྟར་ཡིན་ཀྱང་དེ་མིན་པའི་དངོས་མེད་དུ་མ་ཡོད་པས་རྒྱུ་མཚན་དེས་མྱང་འདས་དངོས་མེད་དུ་རང་གི་ངོ་བོས་ཡོད་པ་ཇི་ལྟར་ཁེགས་སྙམ་ན། དངོས་མེད་ཐམས་ཅད་ལ་དེ་ལྟར་མ་ཁྱབ་ཀྱང་དངོས་མེད་རང་གི་ངོ་བོས་ཡོད་ན་དངོས་པོ་ཡིན་དགོས་ལ། དེའི་ཚེ་དངོས་པོ་འདི་འདྲ་ཞིག་མེད་པའི་དངོས་མེད་ཅེས་འཇིག་པའི་ཚུལ་དེ་དངོས་པོ་གཅིག་གཞན་དུ་འགྱུར་བའི་སྒོ་ནས་འདོད་དགོས་པའི་ཕྱིར་སྐྱོན་མེད་དོ། །གལ་ཏེ་མྱང་འདས་ནི་ཉོན་མོངས་ཟད་པ་དང་ལས་ཉོན་གྱི་དབང་གིས་སླར་ཡང་སྐྱེ་བ་མེད་པ་ཙམ་ཡིན་པས་དངོས་མེད་དོ་སྙམ་ན། དེ་ལྟ་ན་ཉོན་མོངས་དང་སྐྱེ་བའི་མི་རྟག་པ་ཉིད་མྱང་འདས་སུ་འགྱུར་ཏེ་ཉོན་མོངས་དང་སྐྱེ་བ་མེད་པ་ནི་དེ་ཉིད་ཡིན་གྱི་དེ་ལས་གཞན་མིན་པའི་ཕྱིར་རོ། །དེས་ན་དེ་གཉིས་ཀྱི་མི་རྟག་པ་ཉིད་མྱང་ངན་ལས་འདས་པར་འགྱུར་ན་དེ་ལྟར་འདོད་པ་ཡང་མིན་ཏེ་འདོད་ན་བསྒྲིམ་མི་དགོས་པར་གྲོལ་བར་འགྱུར་བའི་ཕྱིར་རོ། །འགྲེལ་པས་དེ་ལྟར་བཤད་པ་ལ་འདི་སྙམ་དུ་མྱང་འདས་ཉོན་མོངས་དང་ལུས་ལེན་པའི་སྐྱེ་བ་སླར་མི་འབྱུང་བ་ཙམ་དུ་འདོད་པ་ལ་ཉོན་མོངས་དང་སྐྱེ་བ་གཉིས་ཀྱི་མི་


JLD015_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་མྱང་འདས་སུ་ཐལ་བ་བརྗོད་པ་འདི་མ་འབྲེལ་ལོ་ཞེ་ན། གང་ཐོབ་ཕྱིན་ཆད་སླར་ཡང་ཉོན་མོངས་པ་འབྱུང་མི་སྲིད་པའི་ཉོན་མོངས་མི་སྐྱེ་བ་ཉོན་མོངས་སྔར་ཡོད་དུས་གཉིས་པར་ཞིག་པའི་མི་རྟག་པ་མིན་མོད་ཀྱང༌། མ་འོངས་པ་ན་ཉོན་མོངས་མི་སྐྱེ་བ་དེ་རང་གི་ངོ་བོས་ཡོད་ན་ཉོན་མོངས་སྔར་ཡོད་དུས་གཉིས་པར་ཞིག་པ་དང༌། དེ་གཉིས་དོན་གཞན་ཡིན་པ་ཁེགས་པའི་རྒྱུ་མཚན་གྱིས་དེ་གཉིས་གཅིག་ཏུ་འགྱུར་བར་བསྟན་པ་ན་དེ་ལྟར་ཁས་བླང་དགོས་པས་སྐྱོན་མེད་དོ། །གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མིན་པ་སྟེ་དངོས་མེད་དུ་རང་གི་ངོ་བོས་ཡོད་ན། དཔེར་ན་སྔོན་པོ་ཞིག་པའི་མི་རྟག་པ་སྔོན་པོའི་དངོས་པོ་མེད་པ་དེ་སྔོན་པོ་ལ་བརྟེན་ནས་འཇོག་པ་བཞིན་དུ་མྱ་ངན་ལས་འདས་པ་ཡང་ཇི་ལྟར་ན་རང་གི་དགག་བྱའི་དངོས་པོ་ཞིག་པ་ལ་བརྟེན་ནས་འདོགས་པ་མིན་ཏེ་ཡིན་ནོ། །གལ་ཏེ་དངོས་པོ་ལ་མ་བརྟེན་པའི་དངོས་མེད་མེད་ན་འོ་ན་མོ་གཤམ་གྱི་བུ་ལ་སོགས་པ་དངོས་པོ་གང་ལ་བརྟེན་ནས་དངོས་མེད་དུ་འགྱུར་སྙམ་ན། རབ་བྱེད་ལྔ་པར་གལ་ཏེ་དངོས་པོ་མ་གྲུབ་ན་ཞེས་སོགས་བཤད་པ་བཞིན་དུ་དངོས་པོ་གཞན་འགྱུར་ལ་དངོས་མེད་དུ་འཇིག་རྟེན་ན་སྨྲ་བས་མོ་གཤམ་གྱི་བུ་ལ་སོགས་པ་འདི་འདྲ་བའི་དངོས་མེད་དུ་སུས་སྨས། འོ་ན་ནམ་མཁའ་རི་བོང་རྭ་དག་དང༌། །མོ་གཤམ་གྱི་ནི་བུ་དག་ཀྱང༌། །མེད་བཞིན་ཚིག་ཏུ་བརྗོད་པ་ལྟར། །དངོས་ལ་བརྟེན་པའང་དེ་བཞིན་ནོ། །ཞེས་ལུང་ལས་དེ་རྣམས་དངོས་པོར་མེད་པར་གསུངས་པ་དང་འགལ་ལོ་ཞེ་ན།


JLD015_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ནི་དངོས་པོ་བཀག་ཙམ་ལ་དངོས་མེད་དུ་གསུངས་ཀྱི་དངོས་མེད་དུ་ངོ་བོས་ཡོད་པར་སྟོན་པ་ནི་མིན་ཏེ། དངོས་པོ་ཉིད་ངོ་བོས་མ་གྲུབ་པའི་ཕྱིར་རོ། །འདིར་རི་བོང་གི་རྭ་ལ་སོགས་བའི་གཞི་མ་གྲུབ་རྣམས་དངོས་མེད་མིན་ཞེས་གསུངས་པ་ནི། དངོས་པོ་ཞིག་པའི་དངོས་མེད་དང་རང་གི་ངོ་བོས་གྲུབ་པའི་དངོས་མེད་འགོག་གི་དངོས་མེད་ཙམ་ཞིག་མིན་པར་བཞེད་པ་མིན་ཏེ། དངོས་པོའི་རྟོག་པ་བདག་པ་ཙམ་ཞིག་ཡིན་གྱི་ཞེས་གསུངས་པའི་ཕྱིར་དང་སྐབས་གཞན་དུ་ཡང་དངོས་པོ་མེད་པར་ལན་དུ་མར་བཤད་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་དངོས་པོ་ལ་བརྟེན་ནས་འདོགས་པ་མ་ཡིན་པའི་དངོས་མེད་རང་གི་ངོ་བོས་ཡོད་པ་མིན་ནོ་ཞེས་པ་འདི་ནི་གནས་སོ། །གསུམ་པ་ནི། གལ་ཏེ་མྱང་འདས་དེ་དངོས་པོ་དང་དངོས་མེད་ཀྱི་ངོ་བོས་ཡོད་པ་མིན་ན་འོ་ན་དེ་གང་ཡིན་ཞེ་ན། འཇིག་རྟེན་སྔ་མ་ནས་འདིར་འོང་བ་དང་འདི་ནས་འཇིག་རྟེན་ཕྱི་མར་འགྲོ་བའི་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པའི་དངོས་པོ་རིང་ཐུང་ལྟར་རང་གི་རྒྱུ་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་འདོགས་པའམ། མར་མེ་ལས་འོད་སྐྱེ་བ་ལྟར་རང་གི་རྒྱུ་རྐྱེན་གྱི་ཚོགས་པ་རྒྱུར་བྱས་ནས་འདོགས་པ་གང་ཡིན་པ་དེ་ནི། རང་གི་རྒྱུ་རྐྱེན་གྱི་ཚོགས་པ་ལ་བརྟེན་པ་མིན་པ་དང་རྒྱུར་བྱས་ནས་འཇུག་པ་མིན་པར་ཉོན་མོངས་དང་ཕུང་པོའི་སྤྲོས་པ་སྔར་བཤད་པ་ལྟར་རབ་ཏུ་ཞི་བ་ཙམ་དེ་ནི་མྱ་ངན་ལས་འདས་པ་ཡིན་པར་བཅོམ་ལྡན་འདས་ཀྱིས་བསྟན་ལ། དེ་ཙམ་ནི་དངོས་པོ་ཡང་མིན་ལ་དངོས་མེད་དུ་ངོ་བོས་གྲུབ་པའང་མིན་ནོ། །ཡང་ན་བརྟེན་ནས་འཁོར་བར་འཇུག་པ་ནི་སྔར་བཤད་པ་ལྟར་


JLD015_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་འཁོར་བ་དང༌། ཉེར་ལེན་གྱི་ཕུང་པོ་རྒྱུར་བྱས་ནས་འཇུག་པ་ནི་སྔར་བཤད་པའི་གང་ཟག་འཁོར་བའོ་འདིར་ཉོན་མོངས་ཀྱི་ས་བོན་སྤངས་པ་དང་ཉེར་ལེན་གྱི་ཕུང་པོའི་སྣང་བ་ནུབ་པའི་གཞིར་གྱུར་པའི་སེམས་ཀྱི་ཆོས་ཉིད་མྱང་འདས་སུ་བྱའི། ཉོན་མོངས་ལ་སོགས་པའི་རྒྱུ་རྐྱེན་རྒྱུན་ཆད་པ་ལས་ཕྱི་མའི་རིགས་འདྲ་མ་སྐྱེས་པ་ནི་མྱང་འདས་སུ་མི་བྱ་སྟེ། དེ་ནི་རྒྱུ་སྔ་མ་ཟད་པས་བསྐྱེད་པའི་མ་འོངས་པར་བཤད་ཟིན་པའི་ཕྱིར་རོ། །བཞི་པ་ནི། གཞན་ཡང་མདོ་ལས། དགེ་སློང་དག་གང་དག་འབྱུང་བའམ་འཇིག་པས་སྲིད་པ་ལས་ངེས་པར་འབྱུང་བ་འཚོལ་བ་དེ་དག་གི་ཡོངས་སུ་མི་ཤེས་པ་ཡིན་ནོ་ཞེས་འབྱུང་བའི་སྲེད་བ་དང་ནི་འཇིག་པའི་སྲེད་པ་དག་སྤང་བར་སྟོན་པས་བཀའ་སྩལ་ཞིང༌། མྱང་འདས་ནི་སྤང་བྱ་མིན་པར་བཀའ་སྩལ་ཏོ། །དེའི་ཕྱིར་མྱ་ངན་ལས་འདས་པ་ནི་དངོས་པོ་མིན་ཞིང་དངོས་མེད་ཀྱི་ངོ་བོས་ཡོད་བ་མིན་པར་རིགས་སོ། །གལ་ཏེ་དེ་གཉིས་ཀྱི་ངོ་བོས་ཡོད་ན་ནི་མྱང་འདས་ཀྱང་དོར་བར་བྱ་བ་ཁོ་ནར་འགྱུར་ལ། འབྱུང་བ་དངོས་པོ་དང་འཇིག་པ་དངོས་པོ་མེད་པ་ལ་རང་བཞིན་གྱིས་གྲུབ་པར་ཞེན་ཅིང་ཆགས་པའི་སྲེད་པས་འཁོར་བ་ལས་ངེས་པར་འབྱུང་འདོད་པ་ལ་སྨད་པ་ཡང་མི་འཐད་པར་འགྱུར་རོ། །གཉིས་པ་ནི། རྒོལ་བ་གང་གི་ལྟར་ན་ཉོན་མོངས་པ་དང་སྐྱེ་བ་ལེན་པ་གཉིས་ཀྱི་དངོས་པོ་མེད་པས་མྱང་འདས་དངོས་མེད་དང་རང་ཉིད་དངོས་པོའི་ངོ་བོ་ཡིན་པས་དེ་གཉིས་ཀར་རང་བཞིན་གྱིས་གྲུབ་པར་འདོད་པ་ལ་དེ་གཉིས་རེ་རེ་བ་ལ་བཀོད་པའི་


JLD015_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་གྱིས་མི་གནོད་དོ་སྙམ་ན། འདི་ནི་མུ་སྟེགས་འོས་པ་པས་འདོད་པར་ཤེས་རབ་སྒྲོན་མའི་འགྲེལ་བཤད་ལས་བཤད་དེ་ཐར་པ་ནི་འཇིག་རྟེན་འདུས་པ་ཞེས་པ་གྲུབ་པའི་ཞིང་གི་མཚན་ཉིད་ཡིན་པ་དང་སྲོག་གི་ཚིག་གི་དོན་གནས་པས་དངོས་པོ་དང་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པས་དངོས་པོ་མེད་པ་ཡང་ཡིན་ནོ། །དེ་ཡང༌། རྒྱལ་བས་གསུངས་པའི་ཐར་པ་འཚོ་བྱེད་པ། །རྒྱ་སྤོས་དྲི་མ་མེད་པའི་མདོག་དང་ནི། །འོ་མ་མུ་ཏིག་བ་མོའི་མདོག་འདྲ་ཞིང༌། །དབྱིབས་ནི་གདུགས་ཟླུམ་བཀན་པ་ལྟ་བུ་ཡིན། ཞེས་བཤད་པ་འདྲ་བ་ཞིག་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་གནས་པར་སྨྲའོ། །གལ་ཏེ་མྱ་ངན་ལས་འདས་པ་ཐར་པ་ནི་དངོས་པོ་དང་དངོས་མེད་གཉིས་ཀར་རང་བཞིན་གྱིས་གནས་པ་ཡིན་ན། དེའི་ཚེ་དངོས་པོ་དང་དངོས་པོ་མེད་པ་དག་ཐར་པར་འགྱུར་རོ། །དེའི་ཕྱིར་འདུ་བྱེད་རང་གི་བདག་ཉིད་གསར་དུ་སྐད་ཅིག་དང་པོར་ཐོབ་པ་དང་དེའི་དུས་གཉིས་པར་དེ་དང་བྲལ་བ་ཐམས་ཅད་ཐར་པར་འགྱུར་ན་དེ་དག་ནི་ཐར་པར་མི་རིགས་སོ། །འདི་ནི་མེ་དུ་ལྟ་བུ་གཅིག་ལ་རང་གི་ངོ་བོས་གཞན་དུ་གྲུབ་པའི་རྒྱུ་འབྲས་འདོད་ན་གཞན་གང་ཡིན་ཐམས་ཅད་ཀྱང་རྒྱུ་འབྲས་སུ་ཐལ་བ་བརྗོད་པ་བཞིན་དུ། དངོས་པོ་དང་དངོས་མེད་ཀྱི་ཁྱད་པར་ལ་རང་བཞིན་གྱིས་གྲུབ་པའི་ཐར་པ་འདོད་པ་ལའང་དེ་ལྟར་ན་དེ་གཉིས་ཐམས་ཅད་ཀྱང་ཐར་པར་འགྱུར་རོ་ཞེས་རྒྱུ་མཚན་མཚུངས་པའི་མགོ་སྙོམས་བྱེད་པའོ། །གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་སུ་རང་བཞིན་གྱིས་གྲུབ་པ་ཡིན་ན། དེའི་ཚེ་མྱ་ངན་


JLD015_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་རྒྱུ་རྐྱེན་ལ་མ་བརྟེན་པ་མིན་པར་བརྟེན་ནས་སྐྱེ་བར་འགྱུར་ཏེ། དངོས་པོ་དང་དངོས་མེད་རང་བཞིན་གྱིས་གྲུབ་པ་དེ་གཉིས་ནི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་ཡིན་པའི་ཕྱིར་རོ། །མྱང་འདས་དངོས་མེད་དུ་རང་གི་ངོ་བོས་ཡོད་ན་གང་གི་དངོས་པོ་མེད་རྒྱུ་འཁོར་བའི་དངོས་པོ་ཞིག་པའི་མི་རྟག་པ་ལ་འདོད་དགོས་ལ་དེ་ལྟ་ན་དེ་དངོས་པོ་ལ་བརྟེན་ནས་སྐྱེ་བའི་རིགས་པའོ། །གཞན་ཡང་ཇི་ལྟར་ན་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་སུ་རང་གི་ངོ་བོས་ཡོད་པ་ཡིན་ཞེས་པ་མིན་ཏེ། ཡིན་ན་མྱ་ངན་ལས་འདས་པ་འདུས་མ་བྱས་མ་ཡིན་པར་འདུས་བྱས་སུ་འགྱུར་བའི་ཕྱིར་རོ། །འདི་ལྟར་དངོས་པོ་དང་འཁོར་བའི་དངོས་པོ་ཟད་པའི་དངོས་མེད་དུ་རང་གི་ངོ་བོས་གྲུབ་པ་གཉིས་ཀའང་འདུས་བྱས་ཡིན་པའི་ཕྱིར་ཏེ། དེ་ནི་དངོས་པོ་དེའི་ཞིག་པ་ཡིན་ལ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་ཤི་བའི་ཞིག་པ་ཡང་སྐྱེ་བའི་རྐྱེན་ལས་སྐྱེ་བར་གསུངས་པའི་ཕྱིར་རོ། །ཅི་སྟེ་མྱང་འདས་དངོས་པོ་དང་དངོས་མེད་ཀྱི་རང་བཞིན་དུ་མི་འདོད་ཀྱི་དེ་ལ་དེ་གཉིས་ཡོད་པར་འདོད་དོ་ཞེ་ན། མྱ་ངན་ལས་འདས་པ་ལ་ཇི་ལྟར་ན་དངོས་པོ་དང་དངོས་མེད་གཉིས་རང་བཞིན་གྱིས་ཡོད་དེ་མེད་དོ། །འདི་ལྟར་གཞི་གཅིག་ལ་དེ་གཉིས་རང་གི་ངོ་བོས་ཡོད་པ་ནི་མིན་ཏེ་ཕན་ཚུན་འགལ་བའི་ཕྱིར་སྣང་བ་དང་མུན་པ་བཞིན་ནོ། །གལ་ཏེ་གཞི་དེ་ལ་བུམ་པའི་དངོས་པོ་ཡོད་པ་དང་སྣམ་བུའི་དངོས་མེད་ཡོད་པ་གཉིས། མི་འགལ་བ་བཞིན་དུ་མྱང་འདས་ལའང་འཁོར་བའི་དངོས་མེད་ཡོད་པ་དང་ཐར་པའི་དངོས་པོ་ཡོད་པ་


JLD015_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མི་འགལ་ལོ་ཞེ་ན། དངོས་བོ་དང་དངོས་མེད་རང་མཚན་གྱིས་གྲུབ་ན་གཅིག་གི་དངོས་པོ་ཡོད་ན་དངོས་པོ་ཀུན་ཡོད་པ་དང༌། གཅིག་གི་དངོས་པོ་མེད་ན་དངོས་པོ་ཀུན་མེད་པ་དགོས་པས་མཐར་གཞི་གཅིག་ལ་དངོས་པོ་གཅིག་ཡོད་མེད་གཉིས་ཀར་ཁས་བླང་དགོས་སོ། །གསུམ་པ་ནི། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡང་མིན་ལ་དངོས་པོ་མེད་པ་ཡང་མིན་པར་རང་བཞིན་གྱིས་ཡོད་པར་གང་སྟོན་པ་དེའི་ལྟར་ནའང་མི་རིགས་ཏེ། ཤེས་བྱ་ལ་དངོས་པོ་མེད་པ་དང་དངོས་པོ་དག་རང་བཞིན་གྱིས་གྲུབ་ན་དེ་དག་གི་ཁྱད་པར་བཀག་པའི་སྒོ་ནས་དངོས་པོའི་ཁྱད་པར་དང་དངོས་མེད་ཀྱི་ཁྱད་པར་འགའ་ཞིག་རང་བཞིན་གྱིས་འགྲུབ་པར་འགྱུར་ནའང༌། དེ་གཉིས་གང་ཡང་རང་བཞིན་གྱིས་གྲུབ་པ་མི་སྲིད་པས་རེ་རེ་བཀག་བའི་ཅིག་ཤོས་ཀྱང་རང་བཞིན་གྱིས་འགྲུབ་པར་མི་འགྱུར་རོ། །དཔེར་ན་རི་བོང་དང་རྭ་མི་སྲིད་ན་རི་བོང་གི་རྭ་བཀག་པ་དང་མོ་གཤམ་དང་བུ་མི་སྲིད་ན་མོ་གཤམ་གྱི་བུ་བཀག་པ་མི་སྲིད་པ་བཞིན་ནོ། །གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་མེད་མིན་པའི་ངོ་བོར་རང་བཞིན་གྱིས་གྲུབ་ན། དེ་འདྲ་བ་དེ་དངོས་པོ་མིན་ཞིང་དངོས་པོ་མེད་པ་མིན་པའི་ངོ་བོར་རང་བཞིན་གྱིས་ཡོད་དོ་ཞེས་གང་ཞིག་གིས་ནི་མྱང་འདས་དེ་མངོན་པར་ཏེ་འཛིན་པ་དང་གསལ་བར་བྱེད། ཅི་ལྷག་མེད་ཀྱི་ཚེ་དེ་ཡོད་ན་ནི་དེའི་དུས་སུ་བདག་ཡོད་པར་འགྱུར་ན། དེ་ལྟར་ཁྱོད་ཀྱིས་མི་འདོད་དེ་ཉེ་བར་ལེན་བའི་ཕུང་པོ་མེད་པའི་བདག་ཡོད་པར་མི་འདོད་པའི་ཕྱིར་དང༌། ལྷག་མེད་ཀྱི་ཚེ་ཕུང་པོ་རྒྱུན་ཆད་པར་འདོད་པའི་ཕྱིར་རོ། །


JLD015_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་སྟེ་དེའི་དུས་སུ་འཛིན་མཁན་དེ་མེད་ན་ནི་མྱང་འདས་དེ་འདྲའི་ངོ་བོར་ཡོད་པར་གང་གིས་ཤེས་པར་འགྱུར། གལ་ཏེ་འཁོར་བ་ན་གནས་པས་ཡོངས་སུ་གཅོད་དོ་ཞེ་ན། དེ་ཅི་རྣམ་ཤེས་ཀྱིས་སམ་ཡེ་ཤེས་ཀྱིས་གཅོད་གྲང་། དང་པོ་ནི་མི་རིགས་ཏེ་རྣམ་ཤེས་ནི་སྤྲོས་པའི་མཚན་མ་ལ་དམིགས་པ་ཡིན་ལ། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པའི་ངོ་ན་སྤྲོས་པའི་མཚན་མ་ཅུང་ཟད་ཀྱང་མེད་པའི་ཕྱིར་དང༌། འདིར་ཡོངས་སུ་གཅོད་པར་བྱེད་པ་ནི་མངོན་སུམ་དུ་གཅོད་པར་བྱེད་བའི་སྐབས་ཡིན་པའི་ཕྱིར། །དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་གཅོད་པར་འདོད་ནའང་མི་རིགས་ཏེ། ཡེ་ཤེས་དེ་ནི་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་དང་རོ་མཉམ་དུ་ཞུགས་པ་ཡིན་པས་རང་བཞིན་གྱིས་ཡོད་པ་མ་ཡིན་ལ། དེས་ནི་རང་བཞིན་གྱིས་ཡོད་པའི་མྱང་འདས་གཅོད་པར་མི་བྱེད་པའི་ཕྱིར་ཏེ། ཡེ་ཤེས་ནི་སྤྲོས་པའི་མཚན་མ་ཐམས་ཅད་ལས་འདས་པ་ཡིན་པའི་ཕྱིར་དང་མྱང་འདས་རང་བཞིན་གྱིས་ཡོད་པར་འཛིན་ན་མཚན་འཛིན་གྱི་འཆིང་བ་ཡིན་པའི་ཕྱིར་རོ། །འདིར་རྣམ་ཤེས་དང་ཡེ་ཤེས་གཉིས་སུ་ཕྱེ་བ་ནི་སྤྲོས་པའི་སྣང་བ་ནུབ་མ་ནུབ་ཀྱི་དབང་དུ་བྱས་ཀྱི་ཕུང་པོ་ལྔའི་རྣམ་ཤེས་ཀྱི་ཕུང་པོའི་དབང་དུ་བྱས་པ་མིན་ནོ། །གཉིས་པ་ནི། ཇི་ལྟར་མྱ་ངན་ལས་འདས་པ་ལ་དངོས་པོ་ལ་སོགས་པར་རྟོག་པའི་རྟོག་པ་བཞིས་བཟུང་བ་ལྟར་མེད་བ་དེ་བཞིན་དུ། མྱང་འདས་ཐུགས་སུ་ཆུད་པ་པོ་བཅོམ་ལྡན་འདས་མྱ་ངན་ལས་འདས་པར་གྱུར་ནས་རང་བཞིན་གྱིས་


JLD015_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་མི་མངོན་པ་སྟེ་གཟུང་དུ་མེད་ལ། དེ་བཞིན་དུ་མྱ་ངན་གང་ལས་འདས་པའི་དངོས་པོ་དེ་མེད་དོ་ཞེས་པར་ཡང་རང་བཞིན་གྱིས་གྲུབ་པ་མེད་དོ། །དེ་གཉིས་མེད་པས་ཡོད་མེད་དེ་གཉིས་ཀ་ཚོགས་པར་ཡོད་པ་དང་གཉིས་ཀ་ཚོགས་པ་མེད་པས། ཡོད་མེད་དེ་གཉིས་ཀ་མིན་པའི་ངོ་བོར་རང་བཞིན་གྱིས་ཡོད་དོ་ཞེས་ཀྱང་མི་མངོན་པ་སྟེ་གཟུང་དུ་མེད་དོ། །གཞན་ཡང་བཅོམ་ལྡན་འདས་བཞུགས་པར་གྱུར་པའི་དུས་ན་ཡང་རང་བཞིན་གྱིས་ཡོད་པར་མི་མངོན་ལ་དེ་བཞིན་དུ་མེད་དོ་ཞེའམ། ཡོད་མེད་གཉིས་ཀ་ཚོགས་པ་རང་གཉིས་ཀ་མིན་པར་རང་བཞིན་གྱིས་ཡོད་དོ་ཞེས་ཀྱང་མི་མངོན་ཏེ་འདི་ནི་དེ་བཞིན་གཤེགས་པ་བརྟག་པར་བཤད་ཟིན་ཏོ། །གསུམ་པ་ལ་གཉིས། སྲིད་ཞི་མཉམ་ཉིད་དུ་གྲུབ་པ་དང༌། ལུང་མ་བསྟན་གྱི་ལྟ་བ་དགག་པ་གྲུབ་པའོ། །དང་པོ་ནི། སྟོན་པ་བཞུགས་དུས་དང་མྱ་ངན་ལས་འདས་དུས་གཉིས་ལ་མཐའ་བཞི་དང་བྲལ་མ་བྲལ་གྱི་ཁྱད་པར་མེད་པ་དེའི་ཕྱིར་འཁོར་བ་མྱ་ངན་ལས་འདས་པ་ལས་དང༌། མྱ་ངན་ལས་འདས་པ་འཁོར་བ་ལས་ཕན་ཚུན་དུ་བདེན་བརྫུན་གྱི་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རིགས་པས་སྔར་ལྟར་རྣམ་པར་དཔྱད་ན་རང་བཞིན་གྱིས་གྲུབ་པས་སྟོང་པའི་རང་བཞིན་ཀུན་ནས་མཚུངས་པའི་ཕྱིར་རོ། །དེ་ཡི་ཕྱིར་དགེ་སློང་དག་སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་པ་ཡིན་ནོ་ཞེས་གསུངས་པ་ཡང་ཚུལ་འདི་ཉིད་ལ་འཐད་དེ། དང་པོའི་འཁོར་བ་དང་ཕྱིས་ཀྱི་མྱང་འདས་གཉིས་ཀ་རང་བཞིན་མཚུངས་པའི་ཕྱིར་རོ། །འདི་


JLD015_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མྱ་ངན་ལས་འདས་པའི་ཡང་དག་པའི་མཐའ་སྟོང་ཉིད་ཀྱི་སྟོང་ཚུལ་གང་ཡིན་པ་དེ་ནི་འཁོར་བའི་ཡང་དག་པའི་མཐའ་སྟོང་ཉིད་ཀྱི་སྟོང་ཚུལ་ཡིན་ཏེ། དེ་གཉིས་ལ་ནི་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། སྲིད་ཞི་རང་བཞིན་ཁྱད་པར་མེད་པས་སྔོན་དུ་ཕྱི་མའི་མཐར་རྟོག་པ་མི་རུང་བར་མ་ཟད་ཀྱི་དེ་བཞིན་གཤེགས་པ་གང་མྱ་ངན་ལས་འདས་པའམ་གྲོངས་ཕན་ཆད་ཡོད་པ་དང་མེད་པ་དང་གཉིས་ཀ་དང༌། གཉིས་ཀ་མ་ཡིན་པའི་ངོ་བོར་རང་བཞིན་གྱིས་ཡོད་པར་ལྟ་བ་དག་ནི་མྱ་ངན་ལས་འདས་པ་ལ་བརྟེན་ནས་མཆོག་ཏུ་འཛིན་པར་ཞུགས་པའོ། །འཇིག་རྟེན་མཐའ་དང་ལྡན་པ་དང་ལ་སོགས་ཀྱིས་བསྡུས་པ་མཐའ་དང་མི་ལྡན་པ་དང་གཉིས་ཀ་དང༌། གཉིས་ཀ་མིན་པའི་ངོ་བོར་རང་བཞིན་གྱིས་ཡོད་པར་ལྟ་བ་དག་ནི་ཕྱི་མའི་མཐའ་ལ་བརྟེན་ནས་འཇུག་པའོ། །དེ་ལ་བདག་དང་འཇིག་རྟེན་ལ་མ་འོངས་པའི་སྐྱེ་བ་མ་མཐོང་བ་ན་མཐའ་དང་ལྡན་པ་དང་སྐྱེ་བ་མཐོང་བ་ན་མཐའ་དང་མི་ལྡན་པ་དང༌། འགའ་ཞིག་ལ་མཐོང་ཞིང་འགའ་ཞིག་ལ་མ་མཐོང་བ་ན་གཉིས་ཀ་དང་གཉིས་ཀ་བཀག་པས་ནི་གཉིས་ཀ་མ་ཡིན་པར་རྟོག་པ་སྐྱེའོ། །འཇིག་རྟེན་རྟག་པ་དང་ལ་སོགས་ཀྱིས་བསྡུས་པ་འཇིག་རྟེན་མི་རྟག་པ་དང་རྟག་མི་རྟག་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་ངོ་བོར་རང་བཞིན་གྱིས་ཡོད་པར་ལྟ་བ་དག་ནི་སྔོན་གྱི་མཐའ་ལ་བརྟེན་ནས་འཇུག་པའོ། །དེ་ལ་བདག་དང་འཇིག་རྟེན་ལ་སྔོན་འདས་པའི་དུས་སུ་སྐྱེ་བ་མཐོང་བ་དང་མ་མཐོང་བ་དང་


JLD015_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་འགའ་ཞིག་མཐོང་ཞིང་ཆ་འགའ་ཞིག་ལ་མ་མཐོང་བས་དང་དེ་གཉིས་ཀ་བཀག་པས་ནི་རྟག་པ་ལ་སོགས་པར་རྟོག་པ་སྐྱེའོ། །ལྟ་བ་འདི་རྣམས་ནི་དངོས་པོ་རང་བཞིན་གྱིས་གྲུབ་པ་ཡོད་ན་འཐད་མོད་ཀྱང་དངོས་པོ་ཐམས་ཅད་རང་བཞིན་གྱིས་ཡོད་པས་སྟོང་པ་ལ། མཐའ་ཡོད་པ་དང་མཐའ་མེད་པ་དང་མཐའ་ཡོད་པ་དང་མཐའ་མེད་པ་གཉིས་ཀ་དང་མཐའ་ཡོད་དང་མཐའ་མེད་མིན་པར་ལྟ་བ་དང༌། ལུས་གང་ཡིན་པ་དེ་ཉིད་སྲོག་དང་ལུས་ཀྱང་གཞན་ལ་སྲོག་ཀྱང་གཞན་ནོ་ཞེས་པ་དང༌། རྟག་པ་དང་མི་རྟག་པ་དང་རྟག་མི་རྟག་གཉིས་ཀ་དང་གཉིས་ཀ་མིན་པར་ལྟ་བའི་ལྟ་བས་བཟུང་བ་ལྟར་གྱི་དོན་ཅི་ཞིག་ཡོད་དེ་མེད་དོ། །དངོས་པོ་ལ་རང་བཞིན་གྱིས་གྲུབ་པའི་རང་གི་ངོ་བོ་སྒྲོ་བཏགས་ནས་དེ་དང་བྲལ་བ་དང་མ་བྲལ་བ་ལས་ལྟ་བ་འདི་དག་བསྐྱེད་ནས་མངོན་པར་ཞེན་པ་འདིས་ནི། ཐར་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་འགོག་ཅིང་འཁོར་བའི་སྡུག་བསྔལ་ལ་སྦྱོར་བར་བྱེད་པ་ཤེས་པར་བྱའོ། །བཞི་པ་ནི། ཁྱོད་ཀྱིས་མྱང་འདས་རང་བཞིན་གྱིས་གྲུབ་པ་བཀག་ན་སྟོན་པས་སེམས་ཅན་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུ་ཉོན་མོངས་ལ་སྤྱོད་པའི་གཉེན་པོར་དེ་དང་རྗེས་སུ་མཐུན་པའི་ཆོས་བསྟན་པ་དོན་མེད་པར་འགྱུར་རོ་ཞེ་ན། གལ་ཏེ་བཤད་བྱའི་ཆོས་དང་ཉན་པ་པོ་དང་སྟོན་པ་པོ་རང་བཞིན་གྱིས་གྲུབ་པ་འགའ་ཞིག་ཡོད་ན་དེ་ལྟར་ཡིན་ཀྱང༌། གང་གི་ཚེ་ངང་པའི་རྒྱལ་པོ་ནམ་མཁའ་ལ་རང་གི་གཤོག་པ་བརྡབས་པའི་རླུང་ལ་གནས་པའམ་རླུང་ནམ་མཁའ་ལ་གནས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་སྤྲོས་


JLD015_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བའི་ངོ་བོ་ལ་མཚན་མར་མི་གནས་པའི་ཚུལ་གྱིས་གནས་པ་དེའི་ཚེ། མཚན་མར་འཛིན་པའི་དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་མ་དམིགས་པའི་ཕྱིར་དེའི་དབང་དུ་བྱས་ན་སངས་རྒྱས་ཀྱིས་ནི། ལྷ་ཡུལ་ལམ་མི་ཡུལ་གང་དུ་ཡང་ལྷ་འམ་མི་སུ་ལའང་ཀུན་ནས་ཉོན་མོངས་སམ་རྣམ་བྱང་གི་ཆོས་འགའ་ཡང་མ་བསྟན་ཏོ། །སྤྲོས་པ་ཉེར་ཞི་དང་ཞི་བ་གཉིས་ནི་རིམ་པ་བཞིན་དུ་མྱང་འདས་ལ་མཚན་མ་རྣམས་མི་འཇུག་པ་དང་རང་བཞིན་གྱིས་ཉེ་བར་ཞི་བའི་མ་ཚིག་དང་སེམས་མི་འཇུག་པའམ་ཉོན་མོངས་དང་སྐྱེ་བ་མི་འབྱུང་བའམ། ཉོན་མོངས་དང་བག་ཆགས་མ་ལུས་པར་སྤངས་པའམ་ཤེས་བྱ་དང་ཤེས་པ་མ་དམིགས་པའོ། །དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། གང་གི་ནུབ་མོ་ལེན་པ་མི་མངའ་བར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་ཐ་ན་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་མི་འགྱུར་རོ་ཞེས་དང༌། ཏིང་འཛིན་རྒྱལ་པོ་ལས། ཐམས་ཅད་ཚིག་མེད་ཡི་གེ་མེད། །གདོད་ནས་ཞི་ཞིང་དྲི་མེད་དེ། །ཆོས་རྣམས་དེ་ལྟར་སུས་ཤེས་པ། །དེ་ནི་གཞོན་ནུ་སངས་རྒྱས་བརྗོད། །ཅེས་གསུངས་སོ། །སངས་རྒྱས་ཀྱིས་སུ་ལའང་ཆོས་མ་བསྟན་ན་གསུང་རབ་ཀྱི་ཐ་སྙད་སྣ་ཚོགས་པ་འདི་དག་མངོན་པར་ཇི་ལྟར་


JLD015_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། སྟོན་པས་ཁོ་བོ་ཅག་ལ་ཆོས་བསྟན་ཏོ་ཞེས་པ་འདི་ནི་གདུལ་བྱ་མ་རིག་པའི་གཉིད་དང་ལྡན་པའི་རྨི་ལམ་རྨི་བཞིན་པ་རྣམས་ཀྱི་རང་གི་རྣམ་རྟོག་ལས་བྱུང་བ་ཡིན་ནོ། །དེ་ལྟར་ཡང་ཡེ་ཤེས་སྣང་བ་རྒྱན་ལས། དེ་བཞིན་གཤེགས་པ་ཟག་པ་མེད་པ་ཡི། །དགེ་བའི་ཆོས་ཀྱི་གཟུགས་བརྙན་ལྟ་བུ་ཡིན། །འདི་ན་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་ཐམས་ཅད་ཀྱིས་ནི་གཟུགས་བརྙན་མཐོང༌། ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་མྱང་འདས་ཀྱི་དོན་དུ་ཆོས་བསྟན་པ་དེ་ཁོ་ན་ཉིད་རྟོགས་པའི་རིགས་ངོར་མེད་ཀྱི་ཐ་སྙད་པའི་ཤེས་པའི་ངོར་ཡོད་པ་ཙམ་ཡིན་པས་དེ་ལས་མྱང་འདས་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར།གཉིས་པ་ནི། དེ་ལྟར་མྱང་འདས་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་དེ་ཉིད་ཟབ་མོའི་ལུང་གིས་ཀྱང་གྲུབ་པ་དང༌། རབ་ཏུ་བྱེད་པ་འདིས་མྱ་ངན་ལས་འདས་པ་བདེན་པ་མེད་ཅིང་སྒྱུ་མ་ལྟ་བུར་བསྟན་པ་ཐམས་ཅད་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་བསྟན་པ་ནི། ཐེག་ཆེན་གྱི་མདོ་སྡེའི་མཐའ་ལས། མྱ་ངན་འདས་མེད་མྱང་འདས་སུ། །འཇིག་རྟེན་མགོན་ཀྱིས་བསྟན་པ་སྟེ། །ནམ་མཁའ་མདུད་པ་བོར་བ་ནི། །ནམ་མཁའ་ཉིད་ཀྱིས་བཀྲོལ་བ་ཡིན། །ཞེས་སྐུད་པ་རིང་པོས་འདྲུབས་ཀྱི་ལས་བྱེད་པའི་སྐུད་པ་དེ་ནམ་མཁའ་ལ་འཇུར་མདུད་འཆའ་བ་ན་ནམ་མཁའ་ཉིད་ལས་འགྲོལ་བ་བཞིན་དུ། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པས་ཀྱང་མྱ་ངན་ལས་འདས་པ་ལ་སོགས་པ་བདེན་


JLD015_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་གྲུབ་བ་སྟེ་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡོད་པར་སྟོན་ཞིང་རང་བཞིན་མེད་བར་ཡང་སྟོན་ནོ། །ཚངས་པས་ཞུས་པ་ལས་ཀྱང༌། བཅོམ་ལྡན་འདས་གང་དག་ཆོས་འགའ་ཞིག་སྐྱེ་བའམ་འགག་པར་འཚལ་བ་དེ་དག་ལ་ནི་སངས་རྒྱས་འབྱུང་བ་མ་ལགས་སོ། །བཅོམ་ལྡན་འདས་གང་དག་འཁོར་བ་དངོས་པོར་ཚོལ་བ་དེ་དག་ནི་འཁོར་བ་ལས་འདའ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི་གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ་རྣམ་པར་རྟོག་པ་ཐམས་ཅད་འགགས་པ་ལགས་ན། བཅོམ་ལྡན་འདས་སྐྱེས་བུ་བླུན་པོ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་མུ་སྟེགས་ཀྱི་ལྟ་པར་ལྷུང་བ་དེ་དག་ནི་འདི་ལྟ་སྟེ། ཏིལ་ལས་ཏིལ་མར་དང་འོ་མ་ལས་མར་སར་ལྟར་མྱ་ངན་ལས་འདས་པ་དངོས་པོ་ལས་ཚོལ་བར་བགྱིད་དོ། །བཅོམ་ལྡན་འདས་གང་དག་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པ་ཚོལ་བ་མངོན་པའི་ང་རྒྱལ་ཅན་དེ་དག་ནི་མུ་སྟེགས་ཅན་ཡིན་ནོ། །ཞེས་ཁོ་བོ་གླེང་སྟེ། བཅོམ་ལྡན་འདས་རྣལ་འབྱོར་སྤྱོད་པ་ཡང་དག་པར་ཞུགས་པ་ནི་ཆོས་གང་ཡང་སྐྱེ་བའམ་འགག་པར་མི་བགྱིད་ལ་ཆོས་གང་ཡང་ཐོབ་པའམ་མངོན་པར་རྟོགས་པར་མི་འཚལ་ལོ། །ཞེས་གསུངས་སོ། །གསུམ་པ་ནི། ཆོས་རྣམས་རང་བཞིན་གྱིས་གྲུབ་པ་ལ་ནི་སྤང་བྱ་སྤངས་པ་དང་མྱང་འདས་ཐོབ་པ་སོགས་མི་རུང་བ་དང་རང་བཞིན་གྱིས་གྲུབ་པས་སྟོང་པའི་ཕྱོགས་ལ་དེ་


JLD015_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་འཐད་པའི་ཚུལ་ངེས་པར་བྱའོ། །མྱ་ངན་ལས་འདས་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་ཉེར་བཞིའི་བདག་ཉིད་རབ་ཏུ་བྱེད་པ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།གཉིས་པ་རྟེན་འབྱུང་རྟོགས་མ་རྟོགས་ལས་འཁོར་བའི་འཇུག་ལྡོག་བྱེད་ལུགས་ལ་གཉིས། རབ་བྱེད་ཀྱི་གཞུང་བཤད་པ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། ཅེས་པའི་རྟེན་འབྱུང་དེ་གང་ཡིན་ཞེས་པའམ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །མཐོང་བ་དེས་ནི་སྡུག་བསྔལ་དང༌། ཞེས་རྟེན་འབྱུང་མཐོང་ན་བདེན་བཞིའི་དེ་ཉིད་མཐོང་པར་གསུངས་པའི་རྟེན་འབྱུང་དེ་གང་ཞེ་ན། འདི་སྟོན་པ་ལ་གཉིས། ལུགས་འབྱུང་གི་རྟེན་འབྲེལ་དང༌། ལུགས་བཟློག་གི་རྟེན་འབྲེལ་ལོ། །དང་པོ་ལ་གཉིས། འཕེན་བྱེད་ཀྱི་རྒྱུ་འབྲས་དང༌། འགྲུབ་བྱེད་ཀྱི་རྒྱུ་འབྲས་སོ། །དང་པོ་ནི། མ་རིག་པ་ནི་དེ་ཁོ་ན་ཉིད་རིག་པ་བཀག་ཙམ་དང་དེ་ལས་གཞན་པ་ཙམ་མིན་གྱི་རིག་པ་དེའི་འགལ་བ་མི་མཐུན་ཕྱོགས་གང་ཟག་གམ་ཆོས་ལ་དམིགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའོ། །དེས་ཡང་དག་པའི་དོན་བསྒྲིབས་པའི་གང་ཟག་གིས་ཡང་སྲིད་མངོན་པར་འདུ་བྱེད་པའི་འདུ་བྱེད་བསོད་ནམས་དང་བསོད་ནམས་མིན་པ་དང་མི་གཡོ་བའམ། ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་པོ་དག་མངོན་པར་འདུ་བྱེད་བ་སྟེ་སྐྱེད་པར་བྱེད་དོ། །དེ་ནི་ཡང་སྲིད་པ་སྟེ་སྐྱེ་བ་ཕྱི་མའི་ཕུང་པོ་འབྱུང་བའི་ཕྱིར་


JLD015_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདུ་བྱེད་དེ་གང་ཟག་དེས་དེ་ཐོབ་པའི་ཕྱིར་དུ་དམིགས་ནས་འདུ་བྱེད་པར་མ་ངེས་ཀྱང་ལས་དེ་འབྲས་བུ་དེའི་དོན་དུ་འཇུག་པའོ། །དེ་ལྟར་བསྐྱེད་པ་གང་ཡིན་པའི་ལས་དེ་དག་གི་དབང་གིས་ནི་འགྲོ་བར་འགྲོ་བར་འགྱུར་རོ། །དེ་ནས་འདུ་བྱེད་བསགས་པའི་གང་ཟག་དེའི་རྣམ་པར་ཤེས་པ་འདུ་བྱེད་ཀྱི་རྐྱེན་ཅན་འཁོར་བའི་ས་བོན་དུ་གྱུར་པ་ནི་འདུ་བྱེད་དང་མཐུན་པའི་འགྲོ་བ་ལྷ་ལ་སོགས་པ་རྣམས་སུ་འཇུག་པ་སྟེ་སྐྱེ་བར་འགྱུར་ཏེ། དེ་ཡང་འཆི་སྲིད་འགགས་པ་ན་སྐད་ཅིག་གཅིག་ཁོ་ན་ལ་སྲང་མདའི་མཐོ་དམན་གྱི་ཚུལ་དུ་སྐྱེ་སྲིད་ཀྱི་ཕུང་པོ་རྣམས་ལས་ཀྱིས་ཇི་ལྟར་འཕངས་པ་བཞིན་སྐྱེའོ། །དེའི་ཕྱིར་དེ་ལྟར་མའི་མངལ་དུ་རྣམ་པར་ཤེས་པ་ཞུགས་ནས་བརྒྱལ་བར་གྱུར་ན་དེའི་རྐྱེན་ཅན་གྱི་མིང་བཞིའི་ཕུང་པོ་དང་གཟུགས་ཀྱི་ཕུང་པོ་ཆགས་པར་འགྱུར་རོ། །མིང་ནི་ཕུང་པོ་ལྷག་མ་བཞི་ཡིན་ལ་དེ་ལ་མིང་ཞེས་པ་ནི། ལས་ཉོན་གྱིས་བསྒོས་པས་སྐྱེ་བའི་གནས་དེ་དང་དེར་བཀྲི་བས་སམ་དོན་རྣམས་ལ་འདུ་ཤེས་ཀྱི་དབང་གིས་རྒྱུག་པས་ན་མིང་ངོ་། །གཟུགས་ནི་སྐབས་དེའི་མེར་མེར་པོ་ལ་སོགས་པའོ། །དེ་ལྟར་མིང་བཞི་དང་མེར་མེར་པོ་ལ་སོགས་པའི་གཟུགས་ནི་ཆགས་པར་གྱུར་ན་སྡུག་བསྔལ་འབྱུང་བའི་སྐྱེ་སྒོར་གྱུར་བས་སྐྱེ་མཆེད་དེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་སྐྱེ་མཆེད་དྲུག་མིང་དང་གཟུགས་ཀྱི་རྐྱེན་ལས་འབྱུང་བར་འགྱུར་རོ། །ལུས་དང་ཡིད་ཀྱི་དབང་པོ་དེའི་སྔོན་ནས་ཡོད་ཀྱང་དྲུག་ཚོགས་པ་


JLD015_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་བྱུང་བའི་དབང་དུ་མཛད་དོ། །དེ་ནས་སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི་རེག་པ་ཡང་དག་པར་འབྱུང་བར་འགྱུར་རོ། །རེག་པ་དེ་ཇི་ལྟར་སྐྱེ་བ་དང་ངོ་བོ་གང་ཡིན་སྙམ་ན། བདག་རྐྱེན་མིག་དང་དམིགས་རྐྱེན་གཟུགས་དང་དེ་མ་ཐག་རྐྱེན་དྲན་བྱེད་དེ་ཡིད་ལ་བྱེད་པ་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཁོ་ནའོ། །དེ་ལྟར་དྲན་བྱེད་ཀྱིས་མཚོན་པའི་དེ་མ་ཐག་རྐྱེན་གྱིས་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞིའི་མིང་དང་རྐྱེན་དང་པོ་གཉིས་ཀྱི་གཟུགས་ལ་བརྟེན་ནས་ནི། མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བའི་མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་པོ་འདུས་པ་གང་ཡིན་པ་དེ་ནི་རེག་པའི་མཚན་ཉིད་ཡིན་ལ་སྐྱེ་ཚུལ་ཡང་རྣམ་ཤེས་ལྟར་རོ། །ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་མིག་གི་འདུས་ཏེ་རེག་པས་ནི་རེག་པ་གཞན་ལྔ་ཡང་ཤེས་པར་བྱའོ། །དེ་ཡང་གསུམ་པོ་འདུས་པའི་སྐབས་སུ་ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་ཡོངས་སུ་གཅོད་པའོ། །དེ་ནས་རེག་པ་དེ་ལས་ཡིད་དུ་འོང་མི་འོང་སོགས་བཅད་པ་དང་མཐུན་པར་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཀུན་ཏུ་འབྱུང་བར་འགྱུར་ལ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བས་ནི་ཚོར་བ་ལྷག་མ་ལྔ་ཡང་ཤེས་པར་བྱའོ། །དེ་ལྟར་ན་གང་འཕངས་པ་ནི་མིང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་སྟེ་བཞིར་ཀུན་ལས་བཏུས་ལས་གསུངས་ཏེ་འབྲས་དུས་ཀྱི་རྣམ་ཤེས་ཀྱང་ངོ་། །གང་གིས་འཕངས་ན་མ་རིག་བ་ལ་བརྟེན་པའི་འདུ་བྱེད་ཀྱིས་སོ། །ཇི་ལྟར་འཕངས་ན་རྒྱུ་དུས་ཀྱི་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པའི་ཚུལ་གྱིས་སོ། །


JLD015_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འཕངས་པའི་དོན་ནི་སྲེད་པ་སོགས་ཀྱི་འགྲུབ་བྱེད་ཡོད་ན་འབྲས་བུ་དེ་དག་འགྲུབ་རུང་དུ་བྱས་པའོ། །གཉིས་པ་ནི། དེ་ནས་ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེ་བར་འགྱུར་ཏེ་སྲེད་པ་ནི་ཚོར་བའི་ཡུལ་ཅན་ནོ། །ཅིའི་ཕྱིར་སྲེད་ན་སྲེད་པ་ཅན་དེ་ཚོར་བའི་དོན་དུ་སྲེད་པར་འགྱུར་ཏེ་མངོན་པར་འདོད་པ་སྐྱེད་དོ། །དེ་ཡང་ཚོར་བ་བདེ་བ་ལ་ནི་མི་འབྲལ་བའི་ཕྱིར་དང་སྡུག་བསྔལ་ལ་ནི་འབྲལ་བའི་ཕྱིར་དང་བཏང་སྙོམས་ལ་མི་ཉམས་པའི་ཕྱིར་དུ་སྲེད་དོ། །དེ་ལྟར་སྲེད་བར་གྱུར་ན་སྲེད་པའི་རྐྱེན་ཅན་ལས་འཕེན་པའི་རྒྱུ་འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་རྣམ་པ་བཞི་པོ་སྲེད་ལྡན་དེས་ཉེ་བར་ལེན་པར་འགྱུར་རོ། །ཉེ་བར་ལེན་པ་བཞི་པོ་དེ་ཡོད་ན་དེ་བཞི་ཉེ་བར་ལེན་པ་པོ་སྟེ་སྐྱེད་པ་པོ་དེའི་ལེན་པའི་རྐྱེན་གྱིས་སྲིད་པ་རབ་ཏུ་འབྱུང་བ་སྟེ་སྐྱེ་བར་འགྱུར་ལ། གལ་ཏེ་ཉེ་བར་ལེན་པ་པོ་གང་གིས་དེ་ཁོ་ན་ཉིད་རྟོགས་པའི་སོ་སོར་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཚོར་བ་ལ་སྲེད་པ་བདག་གིར་མ་བྱས་པར། གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་བྱས་པ་ལས་ཉེ་བར་ལེན་པ་མེད་པར་གྱུར་ན་ནི། དེ་གྲོལ་བར་འགྱུར་ཏེ་དེའི་ཚེ་ཡང་སྲིད་ཡོད་པར་མི་འགྱུར་རོ། །ལེན་པའི་རྐྱེན་གྱིས་འབྱུང་བའི་སྲིད་པ་དེ་ཡང་ཕུང་པོ་ལྔའི་རང་བཞིན་དུ་རིག་པར་བྱ་སྟེ། ལུས་དང་ངག་དང་ཡིད་ཀྱི་ལས་དགེ་མི་དགེ་གསུམ་ཆར་ཡང་མ་འོངས་པའི་ཕུང་པོ་ལྔའི་སྲིད་པ་འབྱུང་བས་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་ནས་


JLD015_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་ཞེས་བྱའོ། །དེ་ལ་ལུས་དང་ངག་གི་ལས་ནི་གཟུགས་ཀྱི་ཕུང་པོ་ཡིན་ལ་ཡིད་ཀྱི་ལས་ནི་ཕུང་པོ་བཞིའི་རང་བཞིན་ནོ། །དེ་ལ་གཞུང་གཞན་ལས་བྱེ་བྲག་ཏུ་སྨྲ་བས་ལུས་ངག་གི་ལས་གཟུགས་ཅན་དུ་འདོད་པ་བཀག་ནས། ལུས་ངག་བྱ་བ་ལ་འཇུག་དུས་ཀྱི་སེམས་པ་ལ་བཤད་མོད་ཀྱང་ཟླ་བས་གཟུགས་ཅན་དུ་བཞེད་དོ། །ཡིད་ཀྱི་ལས་ནི་སེམས་པ་ཡིན་མོད་ཀྱང་སེམས་པ་དང་མཚུངས་ལྡན་གྱི་སེམས་སམས་བྱུང་གཞན་རྣམས་དེ་དང་ངོ་བོ་གཅིག་པས་ཡིད་ལས་ཕུང་པོ་བཞིའི་རང་བཞིན་དུ་བཤད་དོ། །སྲེད་ལེན་གྱིས་གསོས་བཏབ་པས་ཡང་སྲིད་འགྲུབ་པའི་ལས་ནུས་པ་མཐུ་ཅན་དུ་སོང་བའི་སྲིད་པ་དེ་ལས་ནི་ཚེ་ཕྱི་མའི་ཕུང་པོའི་སྐྱེ་བ་ལེན་པ་འབྱུང་ལ། ཕུང་པོ་སྨིན་པའི་རྒ་བ་དང་ཕུང་པོ་འཇིག་པའི་ཤི་བ་དང༌། འཆི་བཞིན་པའི་ཀུན་ཏུ་རྨོངས་པའི་ཆགས་པ་དང་བཅས་པའི་སྙིང་གི་གདུང་བ་མྱ་ངན་དང༌། མྱ་ངན་དེས་ཀུན་ནས་བསླང་བའི་ངག་གིས་སྨྲེ་སྔགས་འདོན་པ་དང་དབང་པོ་ལྔ་ལ་གནོད་པའི་སྡུག་བསྔལ་དང༌། ཡིད་ཀྱི་ཤེས་པ་ལ་གནོད་བའི་ཡིད་མི་བདེ་བ་དང་སྡུག་བསྔལ་དང་ཡིད་མི་བདེ་ལས་བྱུང་བའི་ལུས་དང་སེམས་ཀྱི་འཁྲུག་པ་རྣམས་ཏེ་དེ་དག་ནི་སྐྱེ་བ་ལས་རབ་ཏུ་འབྱུང་ངོ་། །སྔར་ཇི་སྐད་བཤད་པའི་ཚུལ་གྱིས་དེ་ལྟར་ཏེ་རང་གི་རྒྱུ་དང་རྐྱེན་ཙམ་གྱི་མཐུས་སྡུག་བསྔལ་བ་ཕུང་པོ་དང་ཚོགས་དང་ཁྱུ་སྟེ་སྡུག་བསྔལ་སྤུངས་པའོ། །བདག་དང་བདག་གི་བའི་རང་བཞིན་དང་བྲལ་བ་དང་བྱིས་པས་བཏགས་པ་ཙམ་སྡུག་བསྔལ་གྱི་བདག་


JLD015_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བདེ་བ་དང་མ་འདྲེས་པས། འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་ཞེས་འཁོར་བར་ལུགས་སུ་འཇུག་པ་གསུངས་སོ། །དེ་ལ་གང་འགྲུབ་ན་སྐྱེ་བ་དང་རྒ་ཤིའོ། །གང་གིས་འགྲུབ་པར་བྱེད་ན་སྲེད་པའི་རྐྱེན་ཅན་གྱི་ལེན་པས་སོ། །ཇི་ལྟར་འགྲུབ་པར་བྱེད་ན་འདུ་བྱེད་ཀྱིས་རྣམ་ཤེས་ལ་བསྒོས་པའི་ལས་ཀྱི་བག་ཆགས་དེ་ནུས་པ་མཐུ་ཅན་དུ་བྱས་པ་ལས་ཀྱི་སྲིད་པར་བྱས་པའི་ཚུལ་གྱིས་སོ། །འདིས་ནི་མ་རིག་པ་དང་འདུ་བྱེད་ཀྱིས་འཕངས་པ་དེ་ཉིད་འགྲུབ་པར་བྱེད་པས། འཕེན་བྱེད་དང་འགྲུབ་བྱེད་ཀྱི་རྒྱུ་འབྲས་ནི་སྐྱེ་བ་ལེན་ཐེབས་གཅིག་གི་རྒྱུ་འབྲས་ཡིན་གྱི་སྐྱེ་བ་སོ་སོ་བའི་དབང་དུ་བྱས་པ་མིན་ནོ། །འོན་ཀྱང་སོ་སོར་བསྟན་པ་ནི་འཕངས་པའི་སྡུག་བསྔལ་དང་གྲུབ་པའི་སྡུག་བསྔལ་གྱི་ཁྱད་པར་དང༌། འཕེན་བྱེད་དང་འགྲུབ་བྱེད་ཀྱི་རྒྱུའི་མི་འདྲ་བའི་ཁྱད་པར་བསྟན་པའི་ཕྱིར་ཡིན་ཏེ། ས་ཡི་དངོས་གཞི་ལས། རྣམ་པར་ཤེས་པ་ལ་སོགས་པ་ནས་ཚོར་བ་ལ་ཐུག་པ་དག་དང་སྐྱེ་བ་དང་རྒ་ཤི་རྣམས་འདྲེས་པའི་མཚན་ཉིད་ཡིན་ན་ཅིའི་ཕྱིར་རྣམ་པ་གཉིས་སུ་བསྟན་ཞེ་ན། སྡུག་བསྔལ་བའི་དངོས་པོའི་མཚན་ཉིད་ཐ་དད་པར་བསྟན་པའི་ཕྱིར་དང༌། འཕེན་པ་དང་མངོན་པར་འགྲུབ་བའི་རབ་ཏུ་དབྱེ་བ་ཡོངས་སུ་བསྟན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། མ་རིག་པ་ལ་སོགས་པ་ལས་སྲིད་པའི་ཡན་ལག་རྣམས་འབྱུང་བས་འཁོར་བ་རྣམ་ཤེས་ཉིང་མཚམས་སྦྱོར་བ་ལ་སོགས་པའི་རྩ་བ་སྟེ་རྒྱུའི་གཙོ་བོ་


JLD015_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདུ་བྱེད་ཡིན་ཏེ། དེའི་ཕྱིར་མཁས་པ་རྟེན་འབྱུང་གི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་རྣམས་འཕེན་བྱེད་ཀྱི་ལས་འདུ་མི་བྱེད་པ་དེ་ཡི་ཕྱིར། མི་མཁས་པ་དེ་ཁོ་ན་ཉིད་མངོན་སུམ་དུ་མ་མཐོང་བ་ནི་འདུ་བྱེད་ཀྱི་བྱེད་པ་པོ་ཡིན་ཏེ། མདོ་སྡེ་ལས། དགེ་སློང་དག་མ་རིག་པ་དང་རྗེས་སུ་འབྲེལ་བའི་སྐྱེས་བུ་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །མི་གཡོ་བ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མི་མཁས་པ་བྱེད་པ་པོ་ཡིན་པས་མ་རིག་པ་དང་ལྡན་པ་ཁོ་ན་འདུ་བྱེད་ཀྱི་བྱེད་པ་པོར་འགྱུར་གྱི། མཁས་པ་དེ་ཉིད་མཐོང་བ་མ་རིག་པ་སྤངས་པ་ནི་བྱེད་པ་པོ་མིན་ཏེ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་འབྱུང་ལ་མེད་ན་མི་འབྱུང་བའི་ཕྱིར་མ་རིག་འགགས་པ་སྟེ་སྤངས་པར་གྱུར་ན་ནི་འདུ་བྱེད་རྣམས་ཀྱང་འབྱུང་བར་མི་འགྱུར་ཏེ་རྒྱུ་མ་ཚང་བའི་ཕྱིར་རོ། །མ་རིག་པ་དེ་གང་གིས་འགོག་པར་འགྱུར་ཞེ་ན། མ་རིག་འགགས་པ་སྟེ་ཟད་པར་འགྱུར་བ་ནི་རྟེན་འབྱུང་གི་དེ་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པས། དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་པ་ལ་བརྟེན་ནས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བར་འགྱུར་ལ་དེ་ཉིད་མཐོང་བའི་རྣལ་འབྱོར་པས་ནི་མ་རིག་པ་ངེས་པར་སྤོང་ངོ་། །མ་རིག་པ་སྤངས་པས་ནི་འདུ་བྱེད་འགག་པར་འགྱུར་ལ་དེ་བཞིན་དུ་འདུ་བྱེད་ལ་སོགས་པའི་ཡན་ལག་སྔ་མ་དེ་དང་ང་དག་འགགས་པར་


JLD015_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས་ཡན་ལག་ཕྱི་མ་དེ་དང་དེ་ནི་མངོན་པར་མི་འབྱུང་ངོ་། །རིམ་པ་འདི་དག་ནི་རྣལ་འབྱོར་བའི་སྡུག་བསྔལ་གྱི་ཕུང་པོ་བདག་དང་བདག་གི་བ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་ཞིང༌། བདེ་བ་དང་མ་འདྲེས་པས་འབའ་ཞིག་པ་དེ་ནི་སླར་ཡང་མི་འབྱུང་བས་དེ་ལྟར་ཡང་དག་པར་འགག་པ་སྟེ་ཟད་པར་འགྱུར་རོ། །རབ་བྱེད་གཞན་ཐམས་ཅད་དུ་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་རིགས་པས་བཀག་ནས་རབ་བྱེད་འདིར་མ་བཀག་པ་ནི། གང་ཟག་དང་ཆོས་ཀྱི་རྟེན་འབྲེལ་ལ་རང་བཞིན་གྱིས་གྲུབ་པའི་རང་བཞིན་བཀག་པ་དེར་ཡན་ལག་འདི་དག་ཐམས་ཅད་ཀྱང་རང་བཞིན་མེད་པར་བཤད་ཟིན་ཅིང༌། འདིར་ནི་དེ་ལྟར་གཏན་ལ་ཕབ་པའི་དེ་ཁོ་ན་ཉིད་བསྒོམས་ན་མ་རིག་པ་ལྡོག་ལ། དེའི་དབང་གིས་སྲིད་པའི་ཡན་ལག་ལྷག་མ་ཐམས་ཅད་ལོག་ནས་ཐར་པ་འཐོབ་པ་དང༌། དེ་འདྲ་བའི་ལྟ་བ་མ་རྙེད་ན་མ་རིག་པ་མི་ལྡོག་པས་དེའི་དབང་གིས་ཡན་ལག་ཕྱི་མ་རྣམས་འཇུག་པས་འཁོར་བའི་འཁོར་ལོ་བསྐོར་བར་འཆད་པ་ཡིན་ནོ། །གཉིས་པ་ནི། གང་ཟག་དང་ཆོས་ཀྱི་རྟེན་འབྲེལ་ལ་དམིགས་ནས་བདག་ཏུ་འཛིན་པའི་མ་རིག་པ་གཉིས་ཀྱིས་བདག་གཉིས་ཇི་ལྟར་བཟུང་བའི་ལྷན་སྐྱེས་ཀྱི་མ་རིག་པའི་འཛིན་སྟངས་ངེས་པར་བྱས་ནས། རིགས་པ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་དེ་གཉིས་ཀྱིས་ཇི་ལྟར་བཟུང་བའི་བདག་གཉིས་བཀག་ནས། དེའི་གཉེན་པོ་བདག་མེད་གཉིས་རྟོགས་པའི་ལྟ་བ་སྐྱེད་པའི་ཡན་ལག་ཏུ་ཤེས་པར་བྱས་ལ། བདག་


JLD015_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྟོགས་པའི་ལྟ་བ་རྣམ་པར་དག་པ་པུ་ཐག་ཆོད་བར་བྱས་ནས་ཐོས་པ་དང་བསམ་པ་དང་བསྒོམ་པ་གསུམ་གྱིས་རྟེན་འབྲེལ་ལུགས་བཟློག་གི་ཕྱོགས་སུ་ཅི་འགྱུར་ལ་འབད་པར་བྱའོ། །སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་བདག་ཉིད་རབ་ཏུ་བྱེད་པ་ཉི་ཤུ་རྩ་དྲུག་བའི་རྣམ་པར་བཤད་པའོ།། །།གསུམ་པ་རྟེན་འབྱུང་རྟོགས་ན་ལྟ་བ་ངན་པ་ལྡོག་ཚུལ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། ས་ལུ་ལྗང་པའི་མདོ་ལས། གང་གིས་དེ་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བུར་ཡང་དག་པར་མཐོང་བ་དེ་ནི། སྔོན་གྱི་མཐའ་ལ་རྟེན་པར་མི་བྱེད་ཕྱི་མའི་མཐའ་ལ་རྟེན་པར་མི་བྱེད་དོ་ཞེས་གསུངས་པ་ཡིན་ན་སྔོན་དང་ཕྱི་མའི་མཐའ་ནི་གང་ཞིག་ཡིན་ལ་དེ་ལ་རྟེན་པར་མི་བྱེད་པའི་ཚུལ་ཡང་ཇི་ལྟར་ཡིན་ཞེ་ན། འདི་བཤད་པ་ལ་གཉིས། ལྟ་བ་ངན་པ་བཅུ་དྲུག་ངོས་གཟུང་བ་དང༌། རྟེན་འབྲེལ་རྟོགས་པས་དེ་ལ་མི་གནས་པའི་ཚུལ་ལོ། །དང་པོ་ནི། ཅི་བདག་འདས་པའི་དུས་ན་བྱུང་བ་དང་མ་བྱུང་བ་དང༌། དེ་གཉིས་ཀ་དང་གཉིས་ཀ་མ་ཡིན་པའོ་ཞེས་ལྟ་བ་བཞི་དང༌། འཇིག་རྟེན་རྟག་པ་དང་ལ་སོགས་ཀྱིས་བསྡུས་པ་འཇིག་རྟེན་མི་རྟག་པ་དང་གཉིས་ཀ་དང་གཉིས་ཀ་མིན་པར་ལྟ་བ་བཞི་སྟེ་བརྒྱད་པོ་གང་ཡིན་པ་དེ་དག་ནི། ད་ལྟར་གྱི་ལུས་ལ་ལྟོས་ནས་འདས་པའི་ལུས་ལ་སྔོན་གྱི་ཞེས་བྱ་སྟེ་


JLD015_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ནི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་བའི་ཆ་སྔ་མ་དང་དེ་ལ་བརྟེན་པ་ནི་དམིགས་པའི་དོན་ཡིན་ནོ། །བྱུང་མ་བྱུང་གཉིས་ཀར་དང་རྟག་མི་རྟག་གཉིས་ཀར་ལྟ་བ་ནི་གཅེར་བུ་པས་ཚེ་སྔ་ཕྱིའི་སྲོག་ནི་གཅིག་དང་ཕུང་པོ་ནི་སོ་སོར་འདོད་པ་ལྟ་བུ་ཡིན་ལ། གཉིས་ཀ་མིན་པ་ནི་སྔ་མ་དེ་ཉིད་རྣམ་གྲངས་ལས་གཉིས་ཀ་མིན་པའི་ཕྱོགས་སུ་བཤད་པ་བཞིན་དང༌། མང་པོས་བཀུར་བས་གང་ཟག་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པར་འདོད་པ་ལ་བུ་དང་བརྟག་པའི་མཐའ་བཟུང་ནས་བཀག་པ་ཡང་ཡོད་དེ། དེ་དག་གིས་ཕྱི་མའི་མཐའ་ལ་བརྟེན་པ་རྣམས་ཀྱི་མུ་གཉིས་ཀྱང་ཤེས་པར་བྱའོ། །དེ་ལ་བྱུང་མ་བྱུང་གཉིས་སྨོས་པ་ནི་ལྟ་བ་གཞན་གཉིས་ཀྱི་མཚོན་བྱེད་ཡིན་ལ་བྱུང་སོགས་བཞི་ནི་བདག་ཁོ་ན་ལ་དམིགས་ནས་ཞུགས་ཤིང་འཇིག་རྟེན་རྟག་པ་ལ་སོགས་པར་ལྟ་བ་བཞི་ནི་སྦྱིར་སྔོན་གྱི་མཐའ་ལ་དམིགས་ནས་འཇུག་པས་ཁྱད་པར་ཡོད་དོ། །བདག་མ་འོངས་པའི་དུས་གཞན་ན་འབྱུང་བར་འགྱུར་བ་དང་མི་འབྱུང་བ་དང་དེ་གཉིས་ནི་མཚོན་བ་ཙམ་ཡིན་པས། མ་འོངས་པའི་དུས་ན་བདག་འབྱུང་མི་འབྱུང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་བཞི་དང༌། འཇིག་རྟེན་མཐའ་དང་ལྡན་པ་དང་སོགས་ཀྱིས་བསྡུས་པ་འཇིག་རྟེན་མཐའ་དང་མི་ལྡན་པ་དང་གཉིས་ཀ་དང་གཉིས་ཀ་མིན་པར་ལྟ་བ་བཞི་གང་ཡིན་པ་དེ་དག་ནི། ད་ལྟར་གྱི་བདག་ལ་ལྟོས་ནས་འབྱུང་འགྱུར་གྱི་ལུས་ལ་ཕྱི་མ་ཞེས་བྱ་སྟེ་སྐྱེ་བ་གཅིག་ནས་གཅིག་ཏུ་


JLD015_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བའི་ཆ་ཕྱི་མ་ནི་དེའི་མཐའ་ཡིན་ལ་དེ་ལ་དམིགས་པས་ན་དེ་ལ་བརྟེན་པ་ཡིན་ནོ། །ལྟ་བ་བཞི་ཚན་དེ་གཉིས་ཀྱི་ཁྱད་པར་ཡང་སྔ་མ་བཞིན་ནོ། །གཉིས་པ་ལ་གཉིས། ཐ་སྙད་དུ་གཟུགས་བརྙན་ལྟ་བུའི་རྟེན་འབྲེལ་གྱི་དབང་དུ་བྱས་ནས་ལྟ་བ་དེ་དག་ལ་གནས་པ་དགག །དོན་དམ་པར་སྤྲོས་པ་ཐམས་ཅད་ཞི་བས་ལྟ་བ་དེ་དག་ལ་གནས་པ་དགག་པའོ། །དང་པོ་ལ་བཞི། སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ཚན་དང་པོ་དགག །དེས་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ཚན་དང་པོ་ཁེགས་པར་བསྟན། སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ཚན་གཉིས་པ་དགག །ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ཚན་གཉིས་པ་དགག་པའོ། །དང་པོ་ལ་གཉིས། འདས་དུས་སུ་བྱུང་མ་བྱུང་དུ་ལྟ་བ་གཉིས་དགག །མཇུག་བསྡུས་ཏེ་ལྟ་བ་གཞན་གཉིས་ཀྱང་མི་འཐད་པར་བསྟན་པའོ། །དང་པོ་ལ་གཉིས། འདས་དུས་སུ་བྱུང་བར་ལྟ་བ་དགག །འདས་དུས་སུ་མ་བྱུང་བར་ལྟ་བ་དགག་པའོ། །དང་པོ་ལ་གཉིས། དགག་པ་དངོས་དང༌། བཀག་པའི་མཇུག་བསྡུ་བའོ། །དང་པོ་ནི། བདག་སྔར་འདས་པའི་ཚེ་རབས་སུ་བྱུང་བར་གྱུར་ཏོ་ཞེས་བྱ་བར་ལྟ་བ་དེ་ནི་འཛིན་སྟངས་དོན་དང་མཐུན་པར་འཐད་པ་མ་ཡིན་ནོ། །དམིགས་པ་བདག་ལ་དམིགས་ནས་རྣམ་པ་སྔོན་གྱི་དུས་ན་འདི་འདྲ་ཞིག་ཏུ་གྱུར་ཞེས་གང་དུ་གྱུར་པ་དེའི་ངོ་བོར་རང་བཞིན་གྱིས་གྱུར་པའམ་བྱུང་བར་འཛིན་པའོ། །དེས་ཇི་ལྟར་བཟུང་བའི་དོན་དེ་ཡོད་ན། ད་ལྟ་བདག་སྔར་འདི་འདྲར་གྱུར་ཏོ་ཞེས་དྲན་པ་དང་སྨྲ་བའི་དུས་ཀྱི་བདག་འདི་དང་ཚ་


JLD015_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རབས་སྔ་མའི་དུས་ཀྱི་བདག་དེ་གཉིས་གཅིག་ཡིན་དགོས་པ་ལས། སྔོན་གྱི་ཚེ་རབས་རྣམས་ཀྱི་དུས་སུ་གང་བྱུང་བའི་བདག་དེ་ཉིད་ཚེ་འདིའི་བདག་འདི་ནི་མ་ཡིན་པའི་ཕྱིར་དེ་ལྟར་ལྟ་བ་དེ་ནི་འཐད་བ་མིན་ནོ། །བདག་སྔོན་གྱི་དུས་ན་འདིར་གྱུར་ཏོ་ཞེས་དམིགས་པའི་བདག་དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་ན་ཚེ་སྔ་ཕྱིའི་དུས་ཀྱི་བདག་གཉིས་གཅིག་ཏུ་འགྱུར་བའི་རྒྱུ་མཚན་ནི། བདག་གཉིས་རང་བཞིན་གྱིས་གྲུབ་ན་ངོ་བོ་ཉིད་ཀྱིས་གཅིག་དང་ཐ་དད་གང་རུང་དུ་གྲུབ་པ་ལས་མི་འདའ་ལ། ངོ་བོ་ཉིད་ཀྱིས་ཐ་དད་པའང་འཆད་པར་འགྱུར་བ་ལྟར་འགོག་པས་གཅིག་ཏུ་འགྱུར་རོ། །ཚེ་སྔ་ཕྱིའི་དུས་ཀྱི་བདག་གཉིས་གཅིག་ཡིན་ན་རྟག་པར་འགྱུར་ལ་དེ་ལྟ་ན་རིམ་གྱིས་འཁོར་བ་ན། འགྲོ་བ་གཅིག་ཀྱང་དུས་གཅིག་ཏུ་མི་དང་དམྱལ་བ་ལ་སོགས་པ་འགྲོ་བ་དུ་མར་འགྱུར་རོ། །འོ་ན་མདོ་ལས། ང་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བར་གྱུར་ཏོ། །ཞེས་སྟོན་པ་ཤཱཀ་ཐུབ་ཀྱིས་དེ་ལྟར་གསུང་བ་མི་རིགས་ཏེ། མང་པོས་བཀུར་བའི་བདག་དང་ཤཱཀ་ཐུབ་ཀྱི་བདག་གཉིས་གཅིག་མ་ཡིན་པའི་ཕྱིར་རོ་ཞེ་ན། ལུང་འདིས་ནི་དེ་གཉིས་རྒྱུད་གཞན་ཡིན་པ་བཀག་ནས་རྒྱུད་གཅིག་ཏུ་སྟོན་གྱི་དེ་གཉིས་ཀྱི་བདག་གཉིས་གཅིག་ཏུ་སྟོན་པ་མིན་ནོ། །དེ་ལྟར་ཡིན་པར་ཡང་མདོ་སྡེ་རྣམས་ལས་སྔོན་གྱི་བྱུང་བ་བརྗོད་ནས་དེ་ནས་མིང་འདི་ཞེས་བྱ་བ་དེ་གཞན་ཞིག་ཡིན་ནམ་སྙམ་ན་དེ་ནི་དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་


JLD015_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེར་གྱུར་ཏོ་ཞེས་རྒྱུད་གཞན་འགོག་པ་གཙོ་བོར་མཛད་ནས་གསུངས་པའི་ཕྱིར་རོ། །ང་ཞེས་གསུངས་པའི་བདག་ཐ་སྙད་ཀྱི་གཞིར་གྱུར་པའི་གང་ཟག་ཀྱང་དུས་སྔ་ཕྱི་སོ་སོར་མ་ཕྱེ་བའི་སྤྱི་ཙམ་པ་ལ་བྱེད་བའི་རྣམ་གཞག་ནི་སྔར་བཤད་ཟིན་ཏོ། །གལ་ཏེ་ཚེ་སྔ་ཕྱིའི་བདག་དེ་གཉིས་གཅིག་ཏུ་གྱུར་ན་སྐྱོན་ཅི་ཡོད་ཅེ་ན་དེ་ལ་རྟག་པར་ཐལ་བའི་ཉེས་པ་བརྗོད་ཟིན་ཏོ། །སྐྱོན་གཞན་ཡང་བརྗོད་པར་བྱ་སྟེ། གལ་ཏེ་ཚེ་སྔ་མའི་དུས་ཀྱི་བདག་དེ་ཉིད་ཚེ་འདིའི་དུས་ཀྱི་བདག་ཏུ་འགྱུར་རོ་སྙམ་ན། དེའི་ཚེ་ཉེ་བར་ལེན་པ་པོའི་བདག་གཅིག་ཡིན་པས་གནས་སྐབས་དེ་གཉིས་ཀྱི་ཉེ་བར་ལེན་པ་ཕུང་པོ་གཉིས་ཀྱང་གཅིག་ཡིན་པར་འགྱུར་ན། ཉེ་བར་ལེན་པ་ཕུང་པོ་གཉིས་ནི་སོ་སོ་བ་ཁོ་ན་སྟེ་དེའི་རྒྱུ་དང་དུས་ཐ་དད་པའི་ཕྱིར་རོ། །ཅི་སྟེ་ཉེ་བར་ལེན་པ་སོ་སོ་བ་ཡིན་པ་དང་གནས་སྐབས་དེ་གཉིས་ཀྱི་བདག་གཉིས་གཅིག་ཡིན་པ་མི་འགལ་བས་བདག་འདས་པའི་དུས་ན་རང་བཞིན་གྱིས་བྱུང་བར་ལྟ་བ་འཐད་དོ་སྙམ་ན། ཉེ་བར་ལེན་པ་དང་བདག་གཉིས་རང་མཚན་གྱིས་སོ་སོ་བར་གྲུབ་ན་དེ་གཉིས་མི་འགལ་ཡང༌། ཉེ་བར་ལེན་པ་མ་གཏོགས་པར་ཏེ་དེ་ལས་རང་བཞིན་གྱིས་ཐ་དད་པའི་ཁྱོད་ཀྱི་བདག་ནི་གང་ཞིག་ཡོད་པ་ཡིན་ཏེ་མེད་པས་ལན་དེ་མི་རིགས་སོ། །གལ་ཏེ་ཉེ་བར་ལེན་པ་ཕུང་པོ་མ་གཏོགས་པའི་བདག་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་བྱས་པའི་ཚེ། ཉེ་བར་ལེན་པ་ཕུང་པོ་ཉིད་བདག་ཏུ་རང་བཞིན་གྱིས་ཡོད་དོ་སྙམ་ན། དེ་ལྟ་ན་ཁྱོད་ཀྱིས་བདག་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་བདག་ཁས་བླངས་པ་དེ་མེད་པ་ཡིན་ཏེ། ཕུང་


JLD015_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་གྲངས་ཙམ་དུ་ཟད་པས་བདག་གི་དོན་མེད་པའི་ཕྱིར་རོ། །གལ་ཏེ་ཉེ་བར་ལེན་པའི་ཕུང་པོ་ཉིད་བདག་དང་རང་བཞིན་གྱིས་གཅིག་པ་ཉིད་མ་ཡིན་ཏེ། ཡིན་ན་ནི་ཉེ་བར་ལེན་པའི་ཕུང་པོ་དེ་སྐད་ཅིག་རེ་རེ་ལ་འབྱུང་བ་དང་འཇིག་པ་ཡིན་པ་བཞིན་དུ་བདག་ཀྱང་དེ་ལྟར་འགྱུར་ན་དེ་ནི་མི་རིགས་སོ། །མི་རིགས་པའི་རྒྱུ་མཚན་ནི་བདག་མི་རྟག་པར་སྨྲ་ན་ཆད་པར་འགྱུར་ཏེ། རང་བཞིན་གྱིས་གྲུབ་ན་སྔ་མ་ལས་ཕྱི་མ་སྐྱེ་བའི་རྒྱུན་མ་ཆད་པ་མི་རིགས་ཏེ། རང་མཚན་གྱིས་སྔ་ཕྱི་སོ་སོ་བ་ལ་ལྟོས་པ་མི་རུང་བའི་ཕྱིར་རོ། །མི་འཇིག་ན་ནི་བདག་རྟག་པར་སྨྲ་བ་ཉིད་དུ་འགྱུར་རོ། །གཞན་ཡང་ཉེ་བར་བླང་བར་བྱ་བ་དེ་ཇི་ལྟ་བུར་ན་ཉེ་བར་ལེན་པ་པོའི་བདག་ཡིན་པར་འགྱུར་ཞེས་པ་མི་འགྱུར་ཏེ། ལས་དང་བྱེད་པ་པོ་གཅིག་ཏུ་འགྱུར་བས་བུམ་པ་དང་རྫ་མཁན་སོགས་ཀྱང་གཅིག་ཏུ་འགྱུར་བའི་ཕྱིར་རོ། །གལ་ཏེ་ཉེ་བར་ལེན་པའི་ཕུང་པོ་ཙམ་ཞིག་བདག་མིན་པ་བདེན་མོད་ཀྱང་བདག་ནི་ཉེ་བར་ལེན་པ་ལས་རང་བཞིན་ཐ་དད་དོ་སྙམ་ན། ལེན་པ་པོའི་བདག་ནི་བླང་བྱ་ཉེ་བར་ལེན་པ་ལས་རང་བཞིན་གྱིས་གཞན་དུ་ཡོད་པ་འཐད་པ་ཉིད་མ་ཡིན་ཏེ། གལ་ཏེ་དེ་གཉིས་རང་གི་ངོ་བོས་གཞན་དུ་གྲུབ་ན་ཉེ་བར་ལེན་པ་ཕུང་པོ་མེད་པར་བདག་དེ་གཟུང་དུ་ཡོད་པར་རིགས་ན་དེ་ལྟར་གཟུང་དུ་མེད་པའི་ཕྱིར་རོ། །འདི་ཡང་རང་མཚན་གྱིས་གཞན་དུ་གྲུབ་ན་ལྟོས་པ་མི་རུང་བས་འབྲེལ་པ་འགོག་ནུས་ལ། འབྲེལ་མེད་དོན་གཞན་ནི་ཡ་བྲལ་དུ་དམིགས་དགོས་པ་ལས་དེ་ལྟར་མ་དམིགས་པའི་ཕྱིར་


JLD015_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་གཞན་དུ་གྲུབ་པ་མེད་པར་སྟོན་པའི་རིགས་པའོ། །གཉིས་པ་ནི། སྔར་བཤད་པ་དེ་ལྟར་ཕུང་པོ་ལ་མ་ལྟོས་པར་གཟུང་དུ་ཡོད་པར་འགྱུར་བས་བདག་ནི་ཉེ་བར་ལེན་པ་ལས་རང་བཞིན་གྱིས་གཞན་པའང་མ་ཡིན་ལ། ལས་དང་བྱེད་པ་པོ་གཅིག་ཏུ་འགྱུར་བ་དང་མི་རྟག་པར་སྨྲ་ན་ཆད་པར་འགྱུར་བས་བདག་དེ་ནི་ཉེ་བར་ལེན་པ་ཕུང་པོ་ཉིད་ཀྱང་མིན་ནོ། །བདག་ཏུ་གདགས་པ་རྒྱུ་མེད་པར་ཐལ་བའི་ཕྱིར་བདག་ནི་ཉེ་བར་ལེན་པ་ལ་ལྟོས་པ་མེད་པར་ཡོད་པའང་མིན་ནོ། །དེ་ལྟ་ན་བདག་མེད་དོ་སྙམ་ན། བདག་དེ་ནི་མེད་པ་ཉིད་དུའང་མ་ངེས་ཏེ་ཕུང་པོ་ལ་བརྟེན་ནས་འདོགས་པའི་ཕྱིར་ཏེ་མེད་པ་མོ་གཤམ་གྱི་བུ་ལ་སོགས་པ་ནི་ཕུང་པོ་ལ་བརྟེན་ནས་འདོགས་པ་མིན་ནོ། །གཉིས་པ་ནི། འདས་པའི་ཚེ་རབས་ཀྱི་དུས་སུ་སྔོན་མ་བྱུང་བའི་ངོ་བོར་རང་བཞིན་གྱིས་གནས་སོ་ཞེས་བྱ་བར་ལྟ་བ་དེ་ཡང་མི་འཐད་དེ། ད་ལྟར་གྱི་ཚེ་འདིའི་བདག་འདི་ཚེ་སྔོན་མའི་བདག་ལས་རང་བཞིན་གྱིས་གཞན་དུ་གྲུབ་ན། དེའི་ཚེ་བདག་འདས་པའི་དུས་ན་མ་བྱུང་བར་རང་བཞིན་གྱིས་གྲུབ་པར་འཛིན་པ་འཐད་ནའང་དེ་ནི་མི་སྲིད་དོ། །གལ་ཏེ་ཚེ་སྔ་ཕྱིའི་བདག་གཉིས་ངོ་བོ་ཉིད་ཀྱིས་གཞན་དུ་གྲུབ་ན་ཉེས་པ་ཅི་ཡོད་ཅེ་ན། གལ་ཏེ་ཚེ་འདིའི་བདག་འདི་ནི་ཚ་སྔ་མའི་བདག་ལས་ངོ་བོ་ཉིད་ཀྱིས་གཞན་དུ་གྱུར་ན་སྔར་གྱི་བདག་དེ་ལ་ལྟོས་པ་མེད་པར་ཡང་འབྱུང་བར་འགྱུར་བ་དང༌། བདག་སྔ་མ་དེ་ནི་རང་གི་དུས་དེ་བཞིན་དུ་ཕྱི་མ་སྐྱེས་པ་ནའང་མ་འགགས་པར་གནས་པར་འགྱུར་ཞིང་ཚེ་སྔ་མ་དེར་མ་ཤི་བར་ཡང་ཚེ་འདིར་སྐྱེ་བར་འགྱུར་རོ། །


JLD015_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་སྔར་གྱི་བདག་དེ་ལ་ལྟོས་པ་མེད་པར་འདིར་བདག་འབྱུང་ན་ཉེས་པ་ཅིར་འགྱུར་ཞེ་ན། ཉེས་པ་མང་པོར་འགྱུར་ཏེ་འདི་ལྟར་སྔར་གྱི་བདག་དེ་དུས་དེར་ཞིག་པའི་ཕྱིར་དང༌། ཚེ་འདིར་དེ་ལས་རང་བཞིན་གྱིས་གཞན་དུ་གྱུར་པ་ཞིག་ཁོ་ན་སྐྱེས་པའི་ཕྱིར་སྔར་གྱི་བདག་དེ་རྒྱུན་ཆད་པར་འགྱུར་ཏེ། བདག་སྔ་མ་ལས་ཕྱི་མ་འབྱུང་བ་མི་འཐད་པའི་ཕྱིར་རོ། །བདག་སྔ་མ་དེ་རྒྱུན་ཆད་ན་ནི་དེའི་མཇུག་ཏུ་འབྱུང་བའི་ལས་ཀྱི་འབྲས་བུ་རྣམས་རྟེན་ཆད་པས་རྣམ་པར་ཆད་པའི་ཕྱིར་དང༌། དེའི་ཟ་བ་པོ་ཡང་མེད་པའི་ཕྱིར་ལས་རྣམས་ཀྱི་འབྲས་བུ་ཆུད་ཟ་བར་འགྱུར་རོ། །ཅི་སྟེ་སྔར་གྱི་བདག་གོས་བྱས་པའི་ལས་ཀྱི་འབྲས་བུ་བདག་ཕྱི་མས་ལོངས་སྤྱོད་པར་འདོད་ན། ད་ལྟ་ན་ཡང་རྒྱུད་གཞན་གྱིས་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྒྱུད་གཞན་གྱིས་སོ་སོར་མྱོང་བ་དང༌། དེ་ལ་སོགས་པ་ནི་རབ་བྱེད་བརྒྱད་པར། ཅི་སྟེ་ལས་ནི་མ་བྱས་ན། །མ་བྱས་པ་དང་ཕྲད་འཇིགས་འགྱུར། ཞེས་བཤད་པ་དེ་ལྟ་བུ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །གཞན་ཡང་ཚེ་འདིའི་བདག་འདི་སྔར་གྱི་བདག་ལས་རང་བཞིན་གྱིས་གཞན་དུ་གྱུར་པ་ཞིག་འདིར་སྐྱེས་ན་ནི། ངའོ་སྙམ་པའི་ཐ་སྙད་ཀྱི་གཞིའི་བདག་དེ་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བར་འགྱུར་ན་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བ་ནི་མིན་ཏེ། དེ་ལྟར་འདོད་པ་འདི་ལ་མི་འདོད་པའི་སྐྱོན་དུ་ཐལ་བར་འགྱུར་ཏེ། འདི་ལྟར་བདག་སྔར་མ་བྱུང་བ་ལས་ཕྱིས་འབྱུང་ན་ནི་བདག་རྒྱུས་བྱས་པར་འགྱུར་ན། བདག་


JLD015_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སུ་ཡོད་པར་འདོད་པ་རྣམས་ཀྱིས་ནི་རྟག་པ་དང་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པར་འདོད་ལ་བྱས་ན་ནི་མི་རྟག་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་བདག་དེ་སྒྲུབ་པར་བྱེད་པ་དེ་ལས་ཐ་དད་པའི་བྱེད་པ་པོ་མེད་པའི་ཕྱིར་བདག་བྱས་པ་ཉིད་དུ་ག་ལ་རིགས། བདག་བྱས་པར་རྟོག་ན་འཁོར་བའི་ཐོག་མ་ཡོད་པ་དང་སྔོན་མེད་པའི་སེམས་ཅན་གསར་དུ་འབྱུང་བར་འགྱུར་བའི་སྐྱོན་འགྲེལ་པར་གསུངས་སོ། །སྐྱོན་འདི་དག་འཇུག་ཚུལ་ནི་ཚེ་སྔ་ཕྱིའི་བདག་གཉིས་ངོ་བོ་ཉིད་ཀྱིས་གཞན་དུ་སྨྲ་ན། ཚེ་སྔ་ཕྱི་ལ་སོགས་པའི་དུས་ཀྱིས་ཁྱད་པར་དུ་མ་བྱས་པ་ལྷས་བྱིན་གྱིས་གང་ལ་དམིགས་ནས་ངའོ་སྙམ་པ་སྐྱེ་བའི་བདག་སྤྱི་ཙམ་པ་དེ། གང་ཟག་དེའི་ཚེ་འདིའི་དུས་ཀྱི་བདག་དང་རང་བཞིན་གྱིས་ཐ་དད་པ་མི་འཐད་པས་རང་བཞིན་གྱིས་གཅིག་ཏུ་འདོད་དགོས་སོ། །དེ་ལྟ་ན་ཚེ་འདིའི་དུས་ཀྱི་བདག་སྐྱེ་བ་སྔ་མ་རྣམས་སུ་མེད་པར་གསར་དུ་འདིར་འབྱུང་བ་བཞིན་དུ། བདག་ཙམ་པོ་དེ་ཡང་དེ་བཞིན་དུ་འབྱུང་བས་བདག་ཙམ་པ་དེ་ལ་ཐོག་མ་ཡོད་བ་དང་དེ་འདྲ་བའི་བདག་གམ་སེམས་ཅན་ཙམ་དེ། ཚེ་སྔ་མར་མ་བྱུང་བར་གསར་དུ་འདིར་འབྱུང་བའི་སྐྱོན་དུ་འགྱུར་ཞིང་བདག་ཙམ་དེ་ཚེ་འདིར་གསར་དུ་བྱུང་ན། དེའི་སྔོན་དུ་དེ་སྒྲུབ་པའི་བདག་གཞན་ཞིག་འགྲོ་དགོས་ན་དེ་ཡང་མེད་པའི་ཕྱིར་བདག་ཙམ་དེ་ཚེ་འདིར་གསར་དུ་བྱས་པར་ཡང་མི་རིགས་པའོ། །ལྷས་བྱིན་གྱི་བདག་ཙམ་དེ་ཚེ་འདིར་གསར་དུ་བྱུང་བ་ཡིན་ན་དེ་ལྟར་འབྱུང་བ་དེ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། དེའི་སྔར་ལྷས་བྱིན་


JLD015_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱུད་གཅིག་བའི་བདག་མ་སོང་བའི་ཕྱིར་དང་ཚེ་འདིའི་བདག་ལ་དེ་བྱེད་པ་པོ་བདག་ཅིག་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །འམ་ཞེས་པ་ནི་རྣམ་པར་བརྟག་པའི་དོན་ཡིན་ཏེ། ཡང་ན་བདག་བྱས་པར་འགྱུར་ཡང་ན་བདག་འདས་དུས་སུ་མ་བྱུང་བར་ཁས་མི་བླང་ཞེས་པ་དང༌། ཡང་ན་བདག་འབྱུང་བ་རྒྱུ་མེད་དུ་འགྱུར་ཡང་ན་བདག་འདས་དུས་སུ་མ་བྱུང་བར་ཁས་མི་བླང་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་ལྟར་སྔར་ཇི་སྐད་བཤད་པའི་ཚུལ་དུ་བདག་འདས་པའི་དུས་ན་བྱུང་བ་དང་བདག་འདས་བའི་དུས་སུ་མ་བྱུང་བའི་ངོ་བོར་རང་བཞིན་གྱིས་གནས་པར་ལྟ་བ་གཉིས་མི་འཐད་ལ། སོ་སོ་བ་མི་འཐད་པའི་ཕྱིར་བདག་འདས་དུས་སུ་བྱུང་མ་བྱུང་གཉིས་ཀ་ཚོགས་བར་ལྟ་བ་ཡང་མི་འཐད་དོ། །དེ་ལྟར་གཉིས་ཀ་ཚོགས་པ་མི་འཐད་པའི་ཕྱིར་དེ་གཉིས་བཀག་པའི་སྒོ་ནས་འདས་པའི་དུས་སུ་བྱུང་མ་བྱུང་གཉིས་ཀ་མ་ཡིན་པའི་ངོ་བོར་རང་བཞིན་གྱིས་གནས་པར་ལྟ་བ་ཡང་མི་འཐད་དོ། །དེ་ལྟར་ན་རྟེན་འབྱུང་ཇི་བཞིན་དུ་མཐོང་བ་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་དེ་རྣམས་ལ་རྟེན་པར་མི་བྱེད་དེ། དེ་རྣམས་ནི་དངོས་པོ་རྣམ་པ་གཞན་དུ་གནས་པ་ལ་དེ་ལས་རྣམ་པ་གཞན་དུ་འཛིན་པ་ཡིན་ལ་རྟེན་འབྱུང་རྟོགས་པ་ལ་ནི་དེ་ལྟར་ཞེན་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ང་འདས་པའི་དུས་ན་འདིར་གྱུར་ཏོ་ཞེས་པའི་དོན་ཐ་སྙད་པའི་ང་ནི་དེ་སྐད་སྨྲ་བའི་དུས་ཀྱི་གང་ཟག་དེ་ལ་མི་བྱེད་ཀྱི། དུས་སྔ་ཕྱི་ལ་སོགས་བས་ཁྱད་པར་དུ་


JLD015_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་པར་དེ་རྣམས་ལ་རྗེས་སུ་འགྲོ་བའི་གང་ཟག་ཙམ་ཞིག་ལ་བྱ་བ་ཡིན་ནོ། །ཚུལ་དེ་རྟོགས་ན་ནི་མདོ་སྡེ་ལས། ང་སྔོན་ཚེ་འདིར་གྱུར་ཞེས་མང་པོ་གསུངས་པའི་དོན་དེ་སྐད་སྨྲ་དུས་ཀྱི་སངས་རྒྱས་དེ། ཚེ་རབས་སྔ་མའི་དུས་སུ་བྱུང་བའི་གང་ཟག་རྣམས་དང་དངོས་པོ་གཅིག་ཏུ་ཡོད་དོ། །ཞེས་སྨྲ་བའི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་ངན་པ་རྣམས་ལྡོག་སྟེ་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་ངན་པ་རྣམས་ཀྱང་ལྡོག་གོ །གཉིས་པ་ནི། བདག་མ་འོངས་པའི་དུས་གཞན་ན་འབྱུང་བར་འགྱུར་བ་དང་བདག་དུས་དེར་འབྱུང་བར་མི་འགྱུར་ཞེས་བྱ་བར་རང་བཞིན་གྱིས་གནས་པར་ལྟ་བ་གང་ཡིན་པ་དེ་དག་དགག་བ་ནི། འདས་པའི་དུས་སུ་བྱུང་མ་བྱུང་དུ་ལྟ་བ་དགག་པ་དང་མཚུངས་པ་ཡིན་པས་དེའི་འདོན་པ་བསྒྱུར་ལ་དགག་གོ །དེ་ཡང་མ་འོངས་དུས་ན་འབྱུང་འགྱུར་ཞེས། །བྱ་བ་དེ་ནི་མི་འཐད་དེ། །མ་འོངས་ཚེ་ལ་གང་འབྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །ཞེས་སོགས་ཀྱིས་ཚེ་སྔ་ཕྱིའི་བདག་གཉིས་གཅིག་པ་དགག་པ་དང༌། མ་འོངས་དུས་ན་མི་འབྱུང་ཞེས། །བྱ་བ་དེ་ཡང་མི་འཐད་དེ། །མ་འོངས་ཆ་ལ་གང་འབྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་བདག་གཉིས་གཞན་ཡིན་པ་འགོག་པ་རྣམས་མཚུངས་བར་སྦྱར་རོ། །གསུམ་པ་ལ་གཉིས། རྟག་མི་རྟག་གི་མཐར་ལྟ་བ་དང་པོ་གཉིས་དགག །མཐར་ལྟ་བ་ཕྱི་མ་གཉིས་དགག་པའོ། །དང་པོ་ནི། འདི་ན་མིའི་འགྲོ་བ་ཁ་ཅིག་དགེ་བའི་ལས་བྱས་


JLD015_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྷའི་འགྲོ་བར་འགྲོའོ། །དེ་ལ་དེ་གཉིས་རང་བཞིན་གྱིས་ཡོད་ན་ངོ་བོ་ཉིད་ཀྱིས་གཅིག་བའམ་ཐ་དད་པ་གང་ཡིན། གལ་ཏེ་དང་པོ་ལྟར་ན་ལྷ་དེ་ཉིད་མི་དེ་ཉིད་དོ་ཞེས་བྱ་བར་འགྱུར་ལ་དེ་ལྟ་ན་ནི་མི་དེ་རྟག་བར་འགྱུར་ཏེ་མིའི་དངོས་པོ་མ་དོར་བར་ལྷའི་སྐྱེ་བ་ལེན་པའི་ཕྱིར་རོ། །མི་དེ་ལྷར་ན་མི་སྐྱེས་པ་ཉིད་དུ་ཡང་འགྱུར་ཏེ་རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་སྔོན་གྱི་མཐའ་ལ་དམིགས་ནས་འཇིག་རྟེན་རྟག་གོ་ཞེས་ལྟ་བ་འཐད་བ་མ་ཡིན་ནོ། །གལ་ཏེ་ལྷ་ལས་མི་རང་བཞིན་གྱིས་གཞན་ཡིན་ན་དེ་ལྟ་ཡིན་ན་ནི་ཨ་མྲའི་ཤིང་ནི་མ་པའི་ཤིང་དང་རྒྱུད་མི་གཅིག་པ་བཞིན་དུ། ལྷ་མི་གཉིས་ཀྱང་རྒྱུད་གཅིག་ཏུ་གཏོགས་པར་མི་འགྱུར་ཏེ་རང་མཚན་གྱིས་སོ་སོ་བ་ལ་རྒྱུ་འབྲས་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་སྔར་གྱི་མིའི་རྒྱུན་མི་རྟག་པ་སྟེ་ཆད་པར་འགྱུར་རོ། །གལ་ཏེ་ལྷ་ལས་མི་རང་བཞིན་གྱིས་གཞན་ཡིན་ན་དེ་གཉིས་རྒྱུད་གཅིག་ནི་འཐད་པར་མི་འགྱུར་ན་སྔ་མའི་རྒྱུད་རྗེས་སུ་འཇུག་པའི་རྒྱུད་གཅིག་ནི་ཡོད་དོ། །དེའི་ཕྱིར་སྔོན་གྱི་མཐའ་ལ་དམིགས་ནས་འཇིག་རྟེན་མི་རྟག་གོ་ཞེས་རང་བཞིན་གྱིས་གནས་བར་ལྟ་བ་ཡང་མི་འཐད་དོ། །གཉིས་པ་ནི། གལ་ཏེ་མི་འདི་ཕྱོགས་གཅིག་གིས་མིའི་ལུས་བཏང་ནས་ཕྱོགས་གཅིག་གིས་ལྷའི་ལུས་ལེན་པས་རིལ་བོ་རྟག་པ་དང་མི་རྟག་པའི་སྐྱོན་མེད་དོ་ཞེ་ན། འདི་ནི་སྐྱེ་བ་སྔ་ཕྱིའི་ལྷ་མི་གཉིས་སྲོག་གམ་བདག་གི་ཆ་ནས་གཅིག་དང་ལུས་ཀྱི་ཆ་ནས་སོ་སོར་འདོད་བ་ལྟ་བུའོ། །གལ་ཏེ་མི་འདི་ཕྱོགས་གཅིག་སྟེ་བདག་གི་


JLD015_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ནས་ལྷ་ཡིན་ལ་ཕྱོགས་གཅིག་པ་སྟེ་ལུས་ཀྱི་ངོས་ནས་མི་ནི་ཡིན་པར་གྱུར་ན། དེའི་ཚེ་ལྷའི་ཕྱོགས་གཅིག་མིའི་དུས་སུ་ཡང་གནས་པས་རྟག་པ་དང་། མིའི་ཕྱོགས་གཅིག་ལྷའི་དུས་སུ་ཞིག་པས་མི་རྟག་པར་འགྱུར་བ་ཡིན་ན། མིའི་འགྲོ་བའི་ཆ་གཅིག་ལྷས་བསྡུས་ལ་ཆ་གཅིག་མིས་བསྡུས་པ་དེ་ཡང་རིགས་པ་མ་ཡིན་ནོ། །དེའི་ཕྱིར་སྔོན་གྱི་མཐའ་ལ་དམིགས་ནས་རྟག་མི་རྟག་གཉིས་ཀར་ལྟ་བ་ཡང་མི་འཐད་དོ། །གལ་ཏེ་རྟག་པ་དང་མི་རྟག་པ་གཉིས་ཀ་ངོ་བོས་གྲུབ་པར་གྱུར་ན་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མིན་བ་ངོ་བོས་གྲུབ་པར་འགྱུར་བ་འདོད་ལ་རག་ན། དེ་གཉིས་ངོ་བོས་གྲུབ་པ་སྔར་བཀག་པས་མི་འགྲུབ་བོ། །འདིར་འགྲེལ་པས་རྟག་པ་ཅུང་ཟད་ཅིག་ཡོད་ན་དེ་ཕྱིས་མི་རྟག་པར་མཐོང་བ་ལས་རྟག་པ་མིན་པ་དང་མི་རྟག་པ་ཅུང་ཟད་ཅིག་ཡོད་ན་ནི། དེ་ཕྱིས་རྟག་པར་འགྱུར་བ་ལས་མི་རྟག་པ་མིན་པ་འགྲུབ་ནའང་ཞེས་གསུངས་པའི་རིགས་པ་དེའི་དོན་ཇི་ལྟར་ཡིན་སྙམ་ན། མི་ལྷར་སྐྱེ་བ་ལྟ་བུ་དེ་ལ་མིའི་བདག་རྟག་པ་ཅིག་ཡོད་ན་དེས་ལྷའི་ལུས་བླངས་པའི་ཚེ་མིའི་ཕུང་པོ་འདོར་བས། ཆ་དེ་ནས་རྟག་པ་མིན་བ་དང་མིའི་ཕུང་བོ་འདོར་རྒྱུ་མི་རྟག་པ་ཅིག་རང་བཞིན་གྱིས་ཡོད་ན། ལྷའི་ལུས་བླངས་པའི་ཚེ་ཕུང་པོ་དེ་ཞིག་ཀྱང་འདོར་བ་པོ་རྟག་པར་ཡོད་པས། ཆ་དེ་ནས་མི་རྟག་པ་ཡང་མིན་པའི་གཉིས་མིན་གྱི་མཐར་ལྟ་བ་དེ་རིགས་ནའང་དེ་གཉིས་མེད་ཅེས་པའི་དོན་ནོ། །འདི་ནི་གཉིས་ཡིན་གྱི་མུ་དེ་ཉིད་རྣམ་གྲངས་པས་གཉིས་ཀ་མིན་པའི་མུར་ཡང་བཤད་པའི་ལུགས་སོ། །གལ་ཏེ་ཐོག་མེད་ནས་


JLD015_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འཆི་བརྒྱུད་མར་བྱས་པའི་སྒོ་ནས་འཁྱམས་ཤིང་ད་དུང་ཡང་འཁྱམས་པར་འགྱུར་བའི་དངོས་པོ་ཡོད་པས་འཁོར་བ་པོ་རྟག་པ་ཅིག་ཡོད་ལ་དེ་ཡང་བདག་ཡིན་ནོ་སྙམ་ན། གལ་ཏེ་བདག་གམ་ཕུང་པོ་གང་ཞིག་ཚེ་སྔ་མའི་འགྲོ་བ་གང་ནས་འགྲོ་བ་གཞན་གར་འོང་བར་འགྱུར་ཞིང༌། སླར་ཡང་འགྲོ་བ་གཞན་གང་དུའང་འགྲོ་བར་འགྱུར་བ་རང་བཞིན་གྱིས་ཡོད་ན། དེའི་ཕྱིར་འཁོར་བ་ཐོག་མ་མེད་པ་ནས་འཁོར་བར་འཁོར་བ་ཞིག་རང་བཞིན་གྱིས་གྲུབ་པར་འགྱུར་ནའང་དེ་ནི་ཡོད་པ་མ་ཡིན་ཏེ། བདག་གམ་ཕུང་པོ་རང་བཞིན་གྱིས་གྲུབ་བ་རྟག་མི་རྟག་གང་ཡང་གཞན་ནས་འདིར་འོང་བ་དང༌། འདི་ནས་གཞན་དུ་འགྲོ་བ་མི་འཐད་པའི་ཕྱིར་ཏེ་འདི་ནི་བཅུ་དྲུག་པར་བཤད་ཟིན་ཏོ། །དེའི་ཕྱིར་འཁོར་བ་པོ་རང་བཞིན་གྱིས་ཡོད་པར་མི་རིགས་སོ། །དེ་ལྟར་ཇི་སྐད་བཤད་བའི་ཚུལ་གྱིས་གལ་ཏེ་འཁོར་བ་པོ་རྟག་པ་འགའ་ཡང་མེད་ན། དེས་སྐྱེ་བ་ལེན་པའི་ཚེ་ཕུང་པོ་སྔ་མ་འདོར་བའི་མི་རྟག་པ་གང་ཞིག་ཡིན་པར་འགྱུར་ཏེ་དེ་མེད་དོ། །རྟག་མི་རྟག་སོ་སོ་བ་རང་བཞིན་གྱིས་མི་དམིགས་པས་རྟག་པ་དང་མི་རྟག་པ་གཉིས་ཀ་ཚོགས་པ་དང་རྟག་མི་རྟག་དེ་གཉིས་བསལ་བར་གྱུར་བ་སྟེ་གཉིས་ཀ་མིན་བ་ཡང་ངོ་བོ་ཉིད་ཀྱིས་ག་ལ་ཡོད། དེའི་ཕྱིར་སྔོན་གྱི་མཐའ་ལ་དམིགས་ནས་འཇིག་རྟེན་རྟག་མི་རྟག་གཉིས་ཀ་མིན་པའི་ངོ་བོས་ལྟ་བ་ཡང་མི་འཐད་དོ། །བཞི་པ་ལ་གཉིས། མཐའ་དང་ལྡན་མི་ལྡན་གྱི་མཐར་ལྟ་བ་དང་པོ་གཉིས་དགག །མཐར་ལྟ་བ་ཕྱི་མ་


JLD015_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དགག་པའོ། །དང་པོ་ནི། གལ་ཏེ་སེམས་ཅན་གྱི་འཇིག་རྟེན་ཚེ་འདིའི་མཇུག་ཏུ་མཐའ་ཡོད་པ་སྟེ་ཞིག་ནས་ཕྱིས་སེམས་ཅན་གཞན་འབྱུང་བ་མེད་ན་སེམས་ཅན་གྱི་འཇིག་རྟེན་ཕ་རོལ་ཡོད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །འཇིག་རྟེན་ཕ་རོལ་ནི་ཡོད་པ་ཡང་ཡིན་པས་འཇིག་རྟེན་མཐའ་དང་ལྡན་པར་མི་འཐད་དོ། །ཅི་སྟེ་ཡང་སེམས་ཅན་གྱི་འཇིག་རྟེན་འདི་མཐའ་ནི་ཟད་དང༌། ཞེས་བཤད་པ་ལྟར་ཚེ་འདིའི་མཇུག་ཏུ་མཐའ་སྟེ་ཞིག་པ་མེད་ན་སེམས་ཅན་གྱི་འཇིག་རྟེན་ཕ་རོལ་ཡོད་བར་ཇི་ལྟར་འགྱུར་ཞེས་པ་མེད་པར་འགྱུར་ཏེ། ཚེ་འདིའི་སེམས་ཅན་མ་ཤི་བར་དེའི་སྐྱེ་བ་ཕྱི་མ་མེད་པའི་ཕྱིར་རོ། །དེ་ཡི་ཕྱིར་འཇིག་རྟེན་མཐའ་མེད་པ་ཡང་མི་འཐད་དོ། །གང་གི་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན་རྒྱུ་འབྲས་སུ་འབྲེལ་ནས་བར་མ་ཆད་དུ་འཇུག་ཅིང་སྐད་ཅིག་རེ་རེར་འཇིག་པ་འདི་ནི། མར་མེའི་འོད་དང་མཚུངས་པར་འཇུག་པ་དེ་ཡི་ཕྱིར་སེམས་ཅན་གྱི་འཇིག་རྟེན་ཚེ་འདིའི་མཐར་ཞིག་ནས་ཕྱིས་མེད་པའི་མཐའ་ཡོད་པ་ཉིད་དང༌། ཚེ་འདིའི་མཇུག་ཏུ་ཞིག་བའི་མཐའ་མེད་པ་ཉིད་ཀྱང་མི་རིགས་སོ། །ཇི་ལྟར་ཞེ་ན། གལ་ཏེ་སྔ་མ་མིའི་ཕུང་པོ་འཇིག་པར་འགྱུར་ཞིང་མིའི་ཕུང་པོ་འདི་ལ་བརྟེན་པར་བྱས་ནས། ལྷའི་འགྲོ་བས་བསྡུས་པའི་ཕུང་པོ་ཕྱི་མ་དེ་ནི་མི་འབྱུང་ན། དེས་ན་སྙིང་པོ་ཟད་པའི་མར་མེ་ལྟར་སེམས་ཅན་གྱི་འཇིག་རྟེན་མཐའ་ཡོད་པར་འགྱུར་ན། ལུས་ཕྱི་མ་འབྱུང་བའི་ཕྱིར་མཐའ་ཡོད་པ་མ་ཡིན་ནོ། །གལ་ཏེ་མིའི་ཕུང་པོ་སྔ་མ་ཚེ་འདིའི་མཐར་མི་འཇིག་ཅིང་མིའི་ཕུང་པོ་འདི་ལ་བརྟེན་པར་བྱས་ནས་ལྷའི་ཕུང་པོ་


JLD015_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་དེ་ནི་མི་འབྱུང་ན། དེས་ན་རང་གི་ངོ་བོ་ལས་མ་ཉམས་པའི་ཕྱིར་འཇིག་རྟེན་ཞིག་པའི་མཐའ་མེད་པར་འགྱུར་ན། ཕུང་པོ་སྔ་མ་འཇིག་ཅིང་དེའི་འབྲས་བུའི་ཕུང་པོ་ཕྱི་མ་རྣམས་སྐྱེ་བས་འཇིག་རྟེན་མཐའ་མེད་པ་ཡང་མི་འཐད་དོ། །གཉིས་པ་ནི། གལ་ཏེ་སེམས་ཅན་གྱི་འཇིག་རྟེན་འདིའི་ཕྱོགས་གཅིག་མཐའ་ཡོད་པ་སྟེ་འཇིག་ལ་ཕྱོགས་གཅིག་མཐའ་མེད་པ་སྟེ་སྐྱེ་བ་ཕྱི་མར་འགྲོ་བར་འགྱུར་ན། འཇིག་རྟེན་མཐའ་ཡོད་པ་དང་མཐའ་མེད་པ་གཉིས་ཀར་འགྱུར་ན་དེ་ལྟར་ཡོད་པ་དེ་ཡང་རིགས་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་ཕྱོགས་གཅིག་འཇིག་ཅིང་ཕྱོགས་གཅིག་མི་འཇིག་པ་མི་རིགས་ཤེ་ན། འོ་ན་དེ་འདྲ་བ་དེ་ཕུང་པོ་ཉེ་བར་ལེན་པ་པོ་བདག་ལ་རྟོག་གམ་ཉེ་བར་བླང་བྱ་ཕུང་པོ་ལ་རྟོག་གྲང༌། དང་པོ་ལྟར་ནི་མི་རིགས་ཏེ་འདིར་འཐད་པ་གང་གིས་ཇི་ལྟ་བུར་ན་ཉེ་བར་ལེན་པ་པོའི་བདག་གི་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། དེའི་ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བའི་འཐད་པ་ནི་འགའ་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་གྱིས་འཐད་པ་མ་གཟིགས་པས་ཉེ་བར་ལེན་པ་པོ་འཇིག་མི་འཇིག་གི་ཆ་གཉིས་ཀྱི་བདག་ཉིད་དེ་ལྟར་རྟོག་པ་དེ་ནི་མི་རིགས་སོ་ཞེས་གསུངས་སོ། །ཡང་ན་ཉེ་བར་ལེན་པ་པོ་ཕུང་པོ་ལ་རྣམ་པ་ལྔས་བཙལ་བ་ན་རང་བཞིན་གྱིས་ཡོད་བ་མ་ཡིན་པར་སྔར་བཤད་ཟིན་པ་ལ་དགོངས་ནས་འདིར་དེའི་འཐད་པ་མ་གསུངས་སོ། །རྣམ་པ་གཅིག་ཏུ་ན་ཉེ་བར་ལེན་པ་པོ་ཕྱོགས་གཅིག་འཇིག་ལ་ཕྱོགས་གཅིག་མི་འཇིག་ན་ཉེ་བར་ལེན་པ་པོ་གཅིག །ཆ་གཅིག་གིས་


JLD015_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་ཆ་གཅིག་གིས་མིར་འགྱུར་ན་དེ་ནི་ཕ་རོལ་པོ་མི་འདོད་པ་ལ་དགོངས་ནས་འཐད་པ་གཞན་མ་བཀོད་པར་དེ་ལྟར་དེ་ནི་མི་རིགས་སོ་ཞེས་གསུངས་སོ། །གལ་ཏེ་ཕྱོགས་གཉིས་པ་ལྟར་སྨྲ་ན་དེ་ཡང་མི་རིགས་ཏེ། ཇི་ལྟ་བུར་ན་ཉེ་བར་བླང་བར་བྱ་བ་ཕུང་པོའི་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བའི་འཐད་པ་མེད་པའི་ཕྱིར་དང༌། ཕུང་པོ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་དང་ཆ་གཅིག་གིས་མི་དང་ཆ་གཅིག་གིས་ལྷར་འགྱུར་བར་ཐལ་བའི་ཕྱིར་རོ། །དེས་ན་ཉེ་བར་བླང་བྱ་ཆ་གཉིས་ཀྱི་བདག་ཉིད་དེ་ལྟར་རྟོག་པ་ཡང་མི་རིགས་སོ། །དེའི་ཕྱིར་འཇིག་རྟེན་མཐའ་དང་ལྡན་མི་ལྡན་གཉིས་ཀར་ལྟ་བ་ཡང་མི་འཐད་དོ། །གལ་ཏེ་འཇིག་རྟེན་མཐའ་ཡོད་པ་དང་མཐའ་མེད་པ་གཉིས་ཀ་གྲུབ་པར་གྱུར་ན་ནི། དེ་གཉིས་རེ་རེ་ནས་བཀག་པའི་མཐའ་ཡོད་མ་ཡིན་ཞིང་མཐའ་མེད་ཀྱང༌། མིན་པ་འགྲུབ་པར་འགྱུར་བར་འདོད་ལ་རག་ན། དགག་པར་བྱ་བ་ངོ་བོས་མ་གྲུབ་ན་དེ་བཀག་པ་ཡང་ངོ་བོས་ཡོད་པ་མི་འགྲུབ་པའི་ཕྱིར་རོ། །འདིར་རྣམ་གྲངས་ལས་མཐའ་ཡོད་མེད་གཉིས་ཀ་མིན་པར་སྨྲ་བ་ནི་སྔར་རྟག་མི་རྟག་གཉིས་ཀ་མིན་པར་སྨྲ་བ་འགོག་པའི་རིགས་པ་དེ་ཉིད་འདོན་པ་སྤོས་ལ་དགག་གོ །དེའི་ཕྱིར་མཐའ་ཡོད་དང་མཐའ་མེད་གཉིས་ཀ་མིན་པའི་ངོ་བོར་ལྟ་བ་ཡང་མི་འཐད་དོ། །གཉིས་པ་ནི། སྔར་བཤད་པ་རྣམས་ཀྱིས་གཟུགས་བརྙན་ལྟ་བུའི་རྟེན་འབྲེལ་ཞལ་གྱིས་བཞེས་ནས་ཐ་སྙད་དུ་ཡང་ལྟ་བ་དེ་དག་གིས་ཇི་ལྟར་བཟུང་བ་ལྟར་མེད་པར་བསྟན་པ་དེ་ལ་


JLD015_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་ནས་ཡང་ན་ཞེས་གསུངས་ཏེ། འདིར་དོན་དམ་པར་ལྟ་བ་དེ་དག་གིས་གཟུང་བ་ལྟར་མི་འཐད་པའི་རྒྱུ་མཚན་སྟོན་ནོ། །དངོས་པོ་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་གཏན་ཚིགས་ཀྱིས་རང་བཞིན་གྱིས་ཡོད་པས་སྟོང་པར་སྔར་བསྟན་བཅོས་མཐའ་དག་གིས་བསྟན་ཏོ། །དེའི་ཕྱིར་རྟག་པ་དང་ལ་སོགས་ཀྱིས་བསྡུས་པ་མི་རྟག་པ་དང་གཉིས་ཀ་དང་གཉིས་ཀ་མིན་པ་ལ་སོགས་པར་ལྟ་བ་གང་དག་དང༌། ཡུལ་གང་དུ་དམིགས་ནས་ལྟ་བ་རྣམས་ཀུན་ཏུ་འབྱུང་བའི་དམིགས་པ་དང་གང་གི་རྒྱུད་ལ་ལྟ་བ་རྣམས་ཀུན་ཏུ་འབྱུང་བའི་གང་ཟག་གམ་ཕུང་པོའི་དངོས་པོ་དང༌། རྒྱུ་མཚན་ཅི་ལས་ལྟ་བ་རྣམས་ཀུན་ཏུ་འབྱུང་བར་འགྱུར་བའི་བྱེད་པ་དང་ལས་དང་བྱེད་པ་པོ་དང་བྱེད་པའི་རྒྱུ་མཚན་དངོས་པོ་ཐམས་ཅད་ཀྱི་ཁོངས་སུ་མི་འདུ་བ་མེད་པས། དེ་དག་ཐམས་ཅད་དོན་དམ་པར་ཅུང་ཟད་ཀྱང་མེད་པས་དོན་དམ་པར་དེ་དག་གང་ཡང་མི་འབྱུང་སྟེ་མོ་གཤམ་གྱི་བུ་མ་དམིགས་པས་དེའི་སྔོ་བསངས་དང་དཀར་ཤམ་མ་དམིགས་པ་བཞིན་ནོ། །གཉིས་པ་ནི། དེ་ལྟར་གང་ཟག་དང་ཆོས་ཀྱི་རྟེན་འབྲེལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་པ་སྔར་རིགས་པས་ལེགས་པར་བཀག་པ་བཞིན་དུ་རྟོགས་ན། སྔོན་གྱི་མཐའ་ལ་བརྟེན་པ་ལ་སོགས་པའི་ལྟ་བ་ངན་པ་རང་གཞན་གྱི་སྡེ་པས་ཀུན་བཏགས་པའི་ལོག་ལྟ་གང་གིས་ཀྱང་བཀྲི་བར་མི་ནུས་ལ། ཡང་དག་པའི་དོན་ཇི་ལྟར་ངེས་པ་དེ་ཉིད་ཀྱི་དོན་འདོར་བསྡུས་པའི་བདག་མེད་པའི་དོན་བསྒོམས་ན་ནི་འཁོར་བ་ལས་གྲོལ་


JLD015_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཞིང༌། བདག་མེད་པའི་དོན་རིགས་པའི་རྣམ་གྲངས་མཐའ་ཡས་པས་གཏན་ལ་ཕབ་པའི་དོན་བསྒོམས་ན་ནི་ཤེས་བྱའི་སྒྲིབ་པ་ཟད་པར་བྱེད་པ་ཡིན་ཏེ། ས་ལུ་ལྗང་པའི་མདོ་ལས། གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ་ཀྱིས་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ་སྲོག་མེད་པ་དང༌། ཇི་ལྟ་བུ་ཉིད་དང་མ་ནོར་བ་ཉིད་དང་མ་སྐྱེས་པ་དང་མ་བྱུང་བ་དང་མ་བྱས་པ་དང་འདུས་མ་བྱས་པ་དང༌། ཐོགས་པ་མེད་པ་དང་སྒྲིབ་པ་མེད་པ་དང༌། ཞི་བ་དང་འཇིག་བ་མེད་པ་དང་མི་འཕྲོགས་པ་དང་ཟད་པ་མེད་པ་དང་རྣམ་པར་ཞི་བའི་རང་བཞིན་དུ་མཐོང་བ་དང༌། མེད་པ་དང་གསོག་དང་གསོ་བ་དང་སྙིང་པོ་མེད་པ་དང་ནད་དང་འབྲས་དང་ཟུག་རྔུ་དང་སྡིག་པ་དང་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི། ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ་འོན་ཏེ་བདག་འདས་པའི་དུས་ན་མ་བྱུང་བ་ཞིག །བདག་འདས་པའི་དུས་ན་ཅིར་གྱུར་པ་ཞིག་བདག་འདས་པའི་དུས་ན་ཇི་ལྟ་བུར་གྱུར་པ་ཞིག་སྙམ་དུ་སྔོན་གྱི་མཐའ་ལ་རྟེན་པར་མི་བྱེད་དོ། །ཅི་བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་འོན་ཏེ་མ་འོངས་པའི་དུས་ན་འབྱུང་བར་མི་འགྱུར། མ་འོངས་བའི་དུས་ན་ཅིར་འགྱུར་མ་འོངས་པའི་དུས་ན་ཇི་ལྟ་བུ་ཞིག་ཏུ་འགྱུར་སྙམ་དུ་ཕྱི་མའི་མཐའ་ལ་རྟེན་པར་མི་བྱེད་དོ། །འདི་ཅི་ཞིག་འདི་ཅི་ལྟ་བུ་ཞིག་ཅི་ཞིག་ཅིར་འགྱུར་སེམས་ཅན་འདི་དག་གང་ནས་འོངས། དེ་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་ད་ལྟར་བྱུང་བ་ལ་ཡང་


JLD015_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བར་མི་བྱེད་དོ། །འཇིག་རྟེན་ན་དགེ་སྦྱོང་དང་བྲམ་ཟེ་དག་གི་ལྟ་བར་སོང་བ་གང་དག་ཡོད་པ་འདི་ལྟ་སྟེ། བདག་ཏུ་སྨྲ་བ་དང་ལྡན་པའམ་སེམས་ཅན་དུ་སྨྲ་བ་དང་ལྡན་པའམ། སྲོག་ཏུ་སྨྲ་བ་དང་ལྡན་པའམ། གང་ཟག་ཏུ་སྨྲ་བ་དང་ལྡན་པའམ་དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་དང་ལྡན་པ་དག་ཀྱང་རུང་སྟེ། ལྷག་པར་གཡོ་བ་དང་བྲལ་བར་གཡོ་བ་དེ་དག་དེའི་ཚེ་ན་དེས་སྨྲ་བ་སྤངས་པར་འགྱུར་ཏེ་ཡོངས་སུ་ཤེས་ནས་རྩ་བ་ནས་བཅད་དེ། ཏ་ལའི་མགོ་བཞིན་དུ་མི་སྣང་བའི་རང་བཞིན་དུ་ཕྱིས་མི་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཤད་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ཏེ་སྟན་ལས་ལངས་ཏེ་དོང་ངོ་ཞེས་གསུངས་སོ། །གསུམ་པ་ནི། ཐེག་པ་མཆོག་གི་རིགས་ཅན་རྣམས་ནི་སྙིང་རྗེ་ཆེན་པོས་ཡིད་ཆེས་ཆེར་བསྐྱོད་པ་ལས་སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བའི་སེམས་ཅན་འདི་ཐམས་ཅད། བདག་གིས་སྡུག་བསྔལ་ནས་བཏོན་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་བར་བྱའོ་སྙམ་དུ་ངེས་ནས་ཆེད་དུ་བྱ་བ་དེའི་ཕྱིར་དུ། རང་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་སྨོན་པའི་བདག་ཉིད་ཅན་གྱི་དམ་བཅའ་བ་བརྟན་པོ་ཐོག་མར་སྐྱེད་བར་བྱེད་དོ། །དམ་བཅའ་བ་དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་དོར་ན་མི་འགྲུབ་པར་མཐོང་ནས། འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཆོ་གས་ཡང་


JLD015_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བླངས་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཁུར་ཆེན་པོ་འཁྱེར་བར་བྱེད་དོ། །ཕྱིན་དྲུག་ལ་སློབ་པའི་སྒྲུབ་པ་སྙིང་པོར་བྱེད་པའི་སྤྱོད་པའི་གཙོ་བོ་ནི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ཉིད་དུ་མཐོང་ནས། སྔར་བཤད་པ་ལྟར་ངེས་པའི་དོན་འཕགས་པའི་གཞུང་གི་རིགས་པས་གཏན་ལ་ཕབ་པ་བཞིན་དུ། ཡིན་ལུགས་ཕུ་ཐག་ཆོད་བའི་རྣམ་པར་དག་པའི་ལྟ་བ་འཚོལ་བར་བྱེད་དོ། །དེ་རྙེད་པ་ན་ཞི་གནས་དང་མི་ལྡན་པའི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བས་ནི་ཉོན་མོངས་པ་གཞོམ་མི་ནུས་སོ་སྙམ་ནས་ཞི་གནས་བཙལ་ཏེ། རྣམ་པར་དག་པའི་ལྟ་བ་སྒོམ་བར་བྱེད་པ་ལ་ནན་ཏན་གྱིས་འབད་པར་བྱེད་པས་འདིར་ལྟ་བས་གཏན་ལ་ཕབ་པ་ནི་ཚུལ་དེ་ལྟར་དུ་བྱས་ནས་ཉམས་སུ་བླང་བར་བྱ་དགོས་ཏེ། རིམ་པ་འདི་དག་ནི་བྱང་ཆུབ་ལམ་གྱི་རིམ་པར་རྒྱས་པར་བཤད་ཟིན་ཏོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་ངེས་དོན་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་མ་ཟད་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པར་ཡང་ལྟ་བའི་འཚོལ་ལུགས་འདི་ཁོ་ན་བཞིན་བྱས་ནས་ངེས་པའི་དོན་རྙེད་པ་དགོས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ལ་ཐེག་པ་ཆེན་པོ་གཉིས་ཁྱད་པར་ཅི་ཡང་མེད་པའི་ཕྱིར་རོ། །ལྟ་བ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་སུམ་ཅུའི་བདག་ཉིད་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།གསུམ་པ་དེ་ལྟར་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་ནི། གང་གིས་སྟོན་པར་མཛད་པའི་སྟོན་པ་བླ་ན་


JLD015_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བ་དེ་ལ་ཕྱག་འཚལ་ལོ་ཞེས་སྦྱར་རོ། །ཆོས་གང་བསྟན་ན། འཕགས་པ་དམ་པ་རྣམས་ཀྱི་ཡིན་པ་དང་འཁོར་བའི་སྡུག་བསྔལ་མཐའ་དག་ཟད་པར་བྱེད་པས་བསྔགས་པར་འོས་པའི་ཕྱིར་དམ་པའོ། །ཡང་ན་བཟང་པོ་ཡིན་པས་དམ་པའོ། །ཆོས་ནི་འཁོར་འདས་ལ་སྤང་ཐོབ་ཀྱི་མཚན་མར་ལྟ་བའི་གཡང་ས་རུ་མི་ལྟུང་བར་འཛིན་པའི་ཕྱིར་ཏེ་དྷརྨཱ་ཞེས་པའི་དྷ་རའི་སྒྲ་འཛིན་པ་ལ་འཇུག་པའི་སྟེང་ནས་བཤད་པའོ། །དམ་པའི་ཆོས་དེ་ནི་རྟེན་འབྲེལ་འགག་སྐྱེ་དང་ཆད་རྟག་དང་འགྲོ་འོང་དང་གཅིག་ཐ་དད་ཀྱི་མཐའ་བརྒྱད་དང་བྲལ་བ་སྤྲོས་པ་ཉེ་བར་ཞི་ཞིང་ཞི་བའོ། །ཆོས་དེ་སྟོན་པའི་ཀུན་སློང་ནི། རྙེད་བཀུར་དང་ལན་དུ་ཕན་འདོགས་པ་བཞེད་པས་མ་ཡིན་གྱི་འགྲོ་བ་སྡུག་བསྔལ་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོ་ཉེ་བར་བཟུང་བའི་ཐུགས་རྗེ་ཆེན་པོ་ཁོ་ན་ལ་བརྟེན་ནས་སོ། །དགོས་པ་གང་གི་ཆེད་དུ་ཡིན་ན། བདག་གཉིས་ཀྱི་མཚན་མར་འཛིན་པའི་ལྟ་བ་ཉེས་སྐྱོན་ཐམས་ཅད་ཀྱི་འབྱུང་གནས་སུ་གཟིགས་ནས་མཚན་མར་འཛིན་པའི་ལྟ་བ་ཐམས་ཅད་སྤང་བའི་ཕྱིར་དུའོ། །སྟོན་པའི་མཚན་གང་ཞེ་ན། དྲང་སྲོང་གོའུ་ཏ་མའི་རིགས་སུ་འཁྲུངས་པས་གོའུ་ཏ་མ་ཞེས་པའོ། །ཚིགས་བཅད་འདི་རབ་བྱེད་ཉེར་བདུན་པའི་གཞུང་ཡིན་མོད་ཀྱང༌། སྔར་བཤད་ཟིན་པའི་ཆོས་རྟེན་འབྱུང་གི་དོན་རང་བཞིན་མེད་པའི་དོན་དུ་བཤད་པ་ཐམས་ཅད་སྟོན་པས་བསྟན་པའི་བཀའ་དྲིན་དུ་དགོངས་ནས་ཕྱག་འཚལ་བ་ཡིན་པས་ཉེར་བདུན་པ་ལས་ལོགས་སུ་བཤད་པ་ཙམ་མོ། །འཇུག་པ་ལས།


JLD015_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་ཤིང༌། ཚིག་གསལ་ལས་ཀྱང༌། མཆོད་བརྗོད་ཀྱི་སྐབས་ཀྱི་རྟེན་འབྲེལ་མཐའ་བརྒྱད་དང་བྲལ་བ་བསྟན་པ་འདིར་ཡང་སྦྱར་བས། རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བའི་རྟེན་འབྲེལ་གྱི་གཏན་ཚིགས་ཉིད་ཀྱིས་མཐའ་བརྒྱད་དང་ལྟ་བ་ངན་པ་ཐམས་ཅད་འགོག་པར་བསྟན་བཅོས་ཀྱི་དབུ་ཞབས་གཉིས་ཀར་བསྟན་ལ། བསྟན་བཅོས་ཀྱི་ལུས་ཐམས་ཅད་ཀྱིས་ཀྱང་དེ་ཉིད་འཆད་པ་ཡིན་པས་རིགས་པ་རྣམས་ཀྱི་རྒྱལ་པོ་རྟེན་འབྱུང་གི་རིགས་པ་ཉིད་ལ་འབད་ནས། ཟབ་མོ་དབུ་མའི་ཚུལ་ངེས་པའི་དོན་གྱི་སྙིང་པོའི་ལྟ་བ་རང་དང་གཞན་གྱི་རྒྱུད་ལ་རྒྱས་པར་བྱའོ། །གསུམ་པ་མཇུག་གི་དོན་ནི། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཞེས་པའི་དོན་ནི་བཤད་ཟིན་ཏོ། །ཐེག་པ་ཆེན་པོ་ཞེས་པ་ནི་སྔར་བཤད་པ་ལྟར་ཆོས་བདག་མེད་པ་ཤིན་ཏུ་རྒྱས་པར་སྟོན་པའི་དོན་ནོ། །ཆོས་མངོན་པ་རྣམ་པར་བཞག་པ་ནི་སྡེ་སྣོད་དེར་གཏོགས་པའོ། །དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ་ཞེས་པས་ནི་དོན་དམ་པའི་ཆོས་མངོན་པ་ལས་བརྩམས་པར་སྟོན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེར་ཕྱིན་འབུམ་པ་ལ་སོགས་པ་ཡིན་ལ་དེའི་ཚུལ་ཤིན་ཏུ་གསལ་བར་བྱེད་པ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་


JLD015_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པར་ལུང་བསྟན་པ་བཞིན་དུ་གསལ་པར་བྱེད་པ། དང་པོར་རབ་ཏུ་དགའ་བའི་ས་བསྒྲུབས་ནས་ཕྱིས་བདེ་བ་ཅན་གྱི་ཞིང་དུ་གཤེགས་པ། མ་འོངས་པ་ན་འཇིག་རྟེན་གྱི་ཁམས་རབ་ཏུ་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་རྒྱལ་བར་འགྱུར་བས་མཛད་པ་ཡང་དག་པར་རྫོགས་སོ། །དེ་ལྟ་བུའི་གཞུང་དེ་གངས་ཅན་དུ་ཇི་ལྟར་བསྒྱུར་པ་ནི། དབང་ཕྱུག་ཆེན་པོའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་སྟེ་ཡེ་ཤེས་སྙིང་པོ་དང༌། བོད་ཀྱི་ལོཙྪ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་ཚིག་དང་དོན་ལ་ཞུ་ཆེན་བགྱིས་པའོ། །འདི་ལ་ཤློ་ཀ་བཞི་བརྒྱ་དང་བཞི་བཅུ་ཞེ་དགུ་ཡོད་ལ་བམ་པོ་ནི་ཕྱེད་དང་གཉིས་སུ་བྱས་སོ། །སླད་ཀྱིས་གྲོང་ཁྱེར་དཔེ་མེད་ཀྱི་པཎྜི་ཏ་ཧ་སུ་མ་ཏིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོཙྪ་བ་ཤཱཀྱའི་དགེ་སློང་ཉི་མ་གྲགས་ཀྱིས་འགྲེལ་པ་དང་བསྟུན་ནས་ཤིན་ཏུ་ལེགས་པར་བཅོས་པའོ།། །།ཐུབ་དབང་ལེགས་པར་བཤད་པའི་གཏེར་ཆེན་གྱིས། །སྐྱེ་དགུ་སྤྲོས་པའི་ཐིབས་པོར་འཁྱམས་པ་ལ། །བརྩེ་བས་བསྐྱོད་པའི་དམ་ཆོས་བདུད་རྩིའི་ཆར། །ཇི་སྙེད་ཕབ་པ་ཀུན་གྱི་རབ་དང་ཕུལ། །གང་ཞིག་རྟོགས་ན་ཉེས་ཀུན་དྲུངས་འབྱིན་པ། །དེ་ནི་ཟབ་མོ་རྟེན་ཅིང་འབྲེལ་འབྱུང་གཏམ། །རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་དང༌། །མཐའ་བྲལ་དབུ་མའི་ལམ་དུའང་ཡང་དག་བསྒྲགས། །ལམ་འདི་གསུང་རབ་ཀུན་ལས་རབ་བསྔགས་མོད། །རང་གཞན་སྡེ་པའི་མཐར་འཛིན་


JLD015_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ཡིས། །ཀུན་ནས་བསྒྲིབས་པས་གསལ་བར་མ་གྱུར་པ། །གཟིགས་ནས་རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཀྱིས། །འདྲེན་པས་མདོ་རྒྱུད་དུ་མར་ལུང་བསྟན་ཞིང༌། །སྟོན་པའི་བསྟན་པའི་སྙིང་པོ་སྟོང་པ་ཉིད། །ཡོད་མེད་མཐའ་བྲལ་བཀྲལ་བའི་གཞུང་གི་མཆོག །དེ་ནི་དཔལ་ལྡན་རྩ་བ་ཤེས་རབ་བོ། །འདི་ཉིད་འཕགས་པའི་ལུགས་མཆོག་འཛིན་པ་ཡི། །མཁས་པའི་འགྲེལ་པ་མང་པོས་གསལ་མཛད་ཀྱང༌། །འཕགས་པའི་དགོངས་པ་ཡོངས་སུ་རྫོགས་པར་ནི། །ཇི་བཞིན་འགྲེལ་མཛད་གྲུབ་མཆོག་སངས་རྒྱས་བསྐྱངས། །གསུང་རབ་མཁའ་ལ་ཐོགས་པ་མེད་རྒྱུ་ཞིང༌། །མཐར་འཛིན་ཚ་གདུང་སེལ་པའི་འོད་དཀར་ཅན། །དཔལ་ལྡན་ཟླ་བ་གྲགས་པ་ཞེས་གྲགས་པའི། །རྣམ་བཤད་རྣམ་གཉིས་མཁའ་ལ་ཉི་ཟླ་བཞིན། །དོན་འདི་ཕྲ་ཞིང་ཤིན་ཏུ་རྟོགས་དཀའ་བས། །རིང་མོ་ཞིག་ནས་ཆེས་ཆེར་ཉམས་པར་གྱུར། །ཚུལ་དེ་མཐོང་ནས་རྗེ་བཙུན་མཁྱེན་པའི་གཏེར། །རྒྱུན་མ་ཆད་དུ་ལྷག་པའི་ལྷར་བསྟེན་ཞིང༌། །གཞུང་ལུགས་སྤྱི་དང་ཁྱད་པར་དབུ་མའི་གཞུང༌། །ཀུན་ལ་རིང་དུ་སྦྱངས་པས་ཟབ་མོའི་དོན། །མཁས་པ་གཉིས་ཀྱི་བཞེད་པ་ཇི་བཞིན་དུ། །ལེགས་པར་རྟོགས་ལས་འོངས་པའི་རྣམ་བཤད་འདི། །རླབས་ཆེན་བསོད་ནམས་ཚོགས་ཀྱིས་རབ་བསྐྲུན་པའི། །ཕྲིན་ལས་བཟང་པོས་བསྟན་པ་སྐྱོང་བ་དང༌། །རྣམ་དཀར་གྲགས་པའི་ཕྲེང་བ་ཕྱོགས་བཅུར་གཡོ། །རྒྱལ་མཚན་ཏོག་ལྟར་སྐྱེ་དགུའི་གཙུག་ན་མཛེས། །མངོན་མཐོའི་དཔལ་གྱིས་བཟང་པོའི་འབྲས་སྩོལ་བའི། །ས་སྐྱོང་ཆེན་པོའི་གསུང་གིས་བསྐུལ་བ་དང༌། །བསྟན་འཛིན་ཆེན་པོ་དཀོན་མཆོག་ཚུལ་ཁྲིམས་སོགས། །དམ་པ་མང་པོས་ཉི་བར་བསྐུལ་ངོར་སྤྱར། །ཟབ་མོའི་དོན་འདི་ཤིན་ཏུ་དཔག་པར་དཀའ། །བདག་ནི་བློ་གྲོས་ཉམ་ཆུང་བརྩོན་པ་ཞན། །དེ་ཕྱིར་


JLD015_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ནོངས་པའི་ཚོགས་མཆིས་ན། །ནོངས་དེ་བསམ་པ་ཐག་པས་བདག་འཆགས་སོ། །འདིར་འབད་དགེ་བ་ཆུ་ཤེལ་ཀུན་ཏ་ལྟར། །ཆེས་ཆེར་དཀར་བ་གང་ཞིག་བསགས་པ་དེས། །མཐར་འཛིན་འཆིང་བ་དམ་པོས་བཅིངས་ཀུན་གྱིས། །མཐའ་བྲལ་ལྟ་བ་བདེ་བླག་རྙེད་གྱུར་ཅིག །ཐུབ་བསྟན་དེ་ཉིད་ལྟ་བའི་མིག་གཅིག་པུ། །སྨྲ་བའི་ཁྱུ་མཆོག་ཀླུ་སྒྲུབ་ལས་འོངས་པ། །རྟེན་འབྱུང་དེ་ཉིད་རྟོགས་པ་དཔག་ཡས་ཀྱིས། །བསྟན་པའི་སྙིང་པོ་ཡུན་རིང་འཛིན་པར་ཤོག །བདག་ཀྱང་ཚེ་རབས་ཀུན་ཏུ་འཇམ་པའི་དབྱངས། །རྗེ་བཙུན་མཁྱེན་པའི་གཏེར་གྱིས་རྗེས་བཟུང་ནས། །དམ་ཆོས་སྤྱི་དང་ཁྱད་པར་རྟེན་འབྱུང་གཏམ། །སྲོག་གི་ཕྱིར་ཡང་མི་གཏོང་འཛིན་པར་ཤོག །ཅེས་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ་ཞེས་བྱ་བ་འདི་བསྟན་པ་མི་ནུབ་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་ཐུ་བོ་རྨད་དུ་བྱུང་བའི་མཁྱེན་རབ་དང་ཐུགས་རྗེ་དང་ལྡན་པ་རྗེ་བཙུན་དམ་པ་ཀུ་མཱ་ར་མ་ཏི་ལ་སོགས་པའི་དམ་པ་དུ་མའི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་པ། མཐའ་བྲལ་དབུ་མ་ཆེན་པོའི་རྣལ་འབྱོར་པ་མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་བསོད་ནམས་བློ་གྲོས་སོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousཤོག་ལྷེབ་ ༥༠༡ ནས་ ༥༨༣ བར།next