Nitartha Digital Library
Tibetan
 
previousརྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་མངོན་སུམ་ལེའུའི་བརྗེད་བྱང་།next

རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་མངོན་སུམ་ལེའུའི་བརྗེད་བྱང་།


JLD015_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་མངོན་སུམ་ལེའུའི་བརྗེད་བྱང་བཞུགས་སོ། །


JLD015_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་རྣམ་འགྲེལ་ལེའུ་གསུམ་པ་སློབ་དཔོན་ལྷ་དབང་བློས་ཇི་ལྟར་བཀྲལ་བའི་ཚུལ་འཆད་པ་ལ་ཚད་མའི་བསྟན་བཅོས་སྤྱིའི་དགོས་པ་དང་། ཚད་མ་ཀུན་ལས་བཏུས་དགོས་པ་གང་གི་ཆེད་དུ་མཛད་པ་དང་། ལེའུ་འདི་ཉིད་ཀྱི་དོན་རྣམ་པར་འགྲེལ་བའོ། །དང་པོ་ནི། ཚད་མ་རྣམ་ངེས་ལས། ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་དེ་མི་མཁས་པ་རྣམས་ལ་བསྟན་པའི་དོན་དུ་འདི་བརྩམ་མོ་ཞེས་གསུངས་པ་ལྟར། ཚེ་འདི་དང་ཕྱི་མར་རེ་ཞིག་པ་དང་གཏན་དུ་བའི་ཕན་གནོད་ལ་འདོར་ལེན་བྱེད་པ་ནི་དེའི་ཐབས་ལ་འདོར་ལེན་ཕྱིན་ཅི་མ་ལོག་པར་བྱས་


JLD015_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཡིན་ལ། དེའང་ཡང་དག་པའི་ཤེས་པས་གཏན་ལ་ཕབ་པ་ལ་རག་ལས་པས། དེ་ཉིད་ཚད་མའི་བསྟན་བཅོས་སུ་གཏན་ལ་འབེབས་པ་ཡིན་པས་དེ་ལ་རྟོག་གེའི་ཚིག་དོན་བརྒྱད་དོ། །མངོན་སུམ་དང་རྗེས་དཔག་ལྟར་སྣང་དང་བཅས་པ་བཞི་དང་། སྒྲུབ་པ་དང་སུན་འབྱིན་ལྟར་སྣང་དང་བཅས་པ་བཞིའོ། །དེ་ལ་དང་པོ་བཞི་ནི་མངོན་སུམ་དང་རང་དོན་ལེའུར་རང་ཉིད་ཀྱིས་གཞལ་བྱ་ངེས་པའི་ཐབས་སུ་སྟོན་ལ། ཕྱི་མ་བཞི་ནི་གཞན་རྗེས་སུ་འཛིན་པའི་ཆེད་དུ་གཞན་དོན་ལེའུར་འཆད་དེ། རིགས་པའི་སྒོར། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། ཞེས་གསུངས་སོ། །


JLD015_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། ཐར་པ་དོན་དུ་གཉེར་བ་དག་རྒྱལ་བའི་བསྟན་པ་ཐར་འདོད་ཀྱི་འཇུག་ངོགས་ཡིན་ནམ། དེ་ལས་ཕྱི་རོལ་ཏུ་གྱུར་བ་དག་ཡིན་སྙམ་ནས་དཔྱོད་པ་ཞུགས་པ་དག་རྗེས་སུ་བཟུང་བའི་ཆེད་དུ། རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་ངེས་པར་བྱ་བའི་ཆེད་དུ། སློབ་དཔོན་གྱིས་ཚད་མ་ཀུན་ལས་བཏུས་པ་མཛད་པ་ཡིན་ལ། དེ་ལ་ལེའུ་དྲུག་ཡོད་ཀྱང་། རྣམ་འགྲེལ་མཛད་པས་སེལ་བ་བརྟག་པ་རང་དོན་གྱི་ནང་དུ་བསྡུས་ཤིང་། དཔེ་དང་དཔེ་ལྟར་སྣང་དང་ལྟག་ཆོད་བརྟག་པ་གཞན་དོན་དུ་བསྡུས་ནས་ལུས་ལྟ་བུའི་བསྟན་བཅོས་གསུམ་ལ་ལེའུ་བཞི་དང་གསུམ་དུ་མཛད་དོ། །རྣམ་འགྲེལ་ལེའུ་གཉིས་པ་ནི་ཀུན་ལས་བཏུས་ཀྱི་མཆོད་བརྗོད་ཀྱི་ཚིག་དོན་རྒྱས་པར་བཤད་པ་ལ་བརྟེན་ནས། སློབ་དཔོན་ཕྱོགས་ཀྱི་གླང་པོས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་དང་དེའི་བསྟན་པ་ཁོ་ན་ཐར་འདོད་ལ་ཚད་མར་བསྒྲུབས་པ་ཉིད་ཀྱི་སྒོ་ནས། གསུང་རབ་མཐའ་དག་གི་དགོངས་པ་འགྲེལ་བ་ཡིན་ནོ་ཞེས་ངེས་པའི་ཆེད་དུ་ལེའུ་ཟུར་དུ་མཛད་ལ། ལེའུ་གཞན་གསུམ་དེའི་ཡན་ལག་ཏུ་ཤེས་པར་བྱའོ། །སློབ་དཔོན་རྒྱལ་དབང་བློའི་གསུང་ནས། གཟུགས་གསལ་པོ་བལྟ་བ་ལ་ཤེས་འདོད་ཞུགས་ནས་དེའི་ཐབས་སུ་མིག་གི་རབ་རིབ་ལ་སོགས་པའི་སྐྱོན་སེལ་བ་ལ་འབད་པ་བཞིན་གནས་སྐབས་དང་མཐའི་ཐོབ་བྱ་ལ་དོན་གཉེར་ཞུགས་པ་དག་དེའི་ཐབས་ལ་རྨོངས་པའི་བློའི་སྐྱོན་སེལ་བ་ལ་འབད་དགོས་པས་ཚད་མ་ཀུན་ལས་བཏུས་ཀྱིས་བློའི་སྐྱོན་སེལ་བའི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་ནོ་གསུང་ངོ་། །གསུམ་པ་ལ་མཚམས་སྦྱར་བ་ནི། སློབ་དཔོན་གྱིས་ཞེས་པ་ནས་བརྩམས་པ་ཡིན་ནོ་ཞེས་པའི་བར་ཏེ། སློབ་དཔོན་


JLD015_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གྲགས་ཀྱིས་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་ཀུན་ལས་བཏུས་ཀྱི་ཚིག་དོན་གཉིས་ཀ་འཆད་བའི་རྒྱུ་རང་དོན་རྗེས་དཔག་སྔར་བཞག་པ་དང་། དེ་ནས་ཀུན་ལས་བཏུས་ཀྱི་མཆོད་བརྗོད་ཀྱི་ཚིགས་བཅད་ཕྱེད་རྫོགས་པར་བཤད་ནས། ཚད་མའི་མཚན་ཉིད་ཀྱི་བཤད་པ་མཛད་པའི་ཕྱིར། གཞལ་བྱ་གཉིས་ཕྱིར་། ཞེས་སོགས་ལེའུ་གསུམ་པ་གསུངས་སོ། །ལེའུ་དང་པོའི་རང་འགྲེལ་གྱི་མཚམས་སྦྱོར་དུ། དེ་ལ་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་ཡིན་ལ་ཞེས་པའི་དོན་ལ། འགྲེལ་བཤད་བྱེད་པ་སྔ་མ་ཁ་ཅིག་གིས་དོན་ཕན་པ་དང་དོན་མ་ཡིན་པ་གནོད་པ་ལ་བཤད་པ་ལ་སློབ་དཔོན་ཤཱཀྱ་བློས། དེ་ནི་མི་རིགས་ཏེ། དེ་གཉིས་ཁོ་ན་རྣམ་པར་འབྱེད་པ་རྗེས་དཔག་ལ་བརྟེན་པའི་ཕྱིར་རོ། །དེ་གཉིས་རྣམ་པར་འབྱེད་པ་རྗེས་དཔག་ཁོ་ན་ལ་བརྟེན་པས་རང་དོན་རྗེས་དཔག་དང་པོར་འཆད། དང་པོ་མི་རིགས་ཏེ། བཏང་སྙོམས་སུ་བྱ་བ་རྗེས་དཔག་གིས་རྟོགས་དགོས་པ་དུ་མ་ཡོད་པའི་ཕྱིར། གཉིས་པའང་མི་རིགས་ཏེ་མངོན་སུམ་གྱིས་ཀྱང་འབྱེད་ནུས་པའི་ཕྱིར། །དེས་ན་དོན་ནི་རིགས་པ་དང་འཐད་པ་སློབ་དཔོན་ཕྱོགས་གླང་གིས་གསུངས་པའི་ཚད་མའི་མཚན་ཉིད་སོགས་ཡིན་ལ། མི་རིགས་ཤིང་མི་འཐད་པ་ནི་དོན་མ་ཡིན་པ་སྟེ་ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་དག་གིས་བཤད་པའི་ཚད་མའི་མཚན་ཉིད་སོགས་ཡིན་ལ། དེ་དག་རྣམ་པར་འབྱེད་པའི་ཆེད་དུ་རྣམ་འགྲེལ་བརྩམས་ཤིང་དེ་དངོས་


JLD015_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབྱེད་པའང་རྗེས་དཔག་ཁོ་ན་ལ་ལས་པས་རང་དོན་རྗེས་དཔག་དང་པོར་བཤད་ལ། མཆོད་བརྗོད་ཀྱི་དོན་དེ་དག་དངོས་སུ་འབྱེད་པའང་རྗེས་དཔག་ཉིད་ལ་རག་ལས་ཀུན་ལས་བཏུས་ཀྱི་ཚིག་དོན་གཉིས་ཀ་འཆད་པའི་རྒྱུ་རང་དོན་རྗེས་དཔག་དང་བོར་བཞག་གོ །ཚིག་དོན་གཉིས་ཀ་རྫོགས་པར་འཆད་པས་ཚད་མ་རྣམ་ངེས་ཀྱི་ལེའུའི་གོ་རིམ་དང་མི་མཐུན་པས་འགལ་བར་མི་བསམ་མོ། །ལོག་རྟོག་བཞི་བསལ་བའི་ཆེད་དུ་ལེའུ་གསུམ་པ་གསུངས་པར་བསྟན་པའི་མདོར་བསྟན་ནི། ཚད་མ་དང་ཞེས་སོ། །གྲངས་ལ་ལོག་པར་རྟོག་པ་བསལ་བ་ནི་དེ་ལ་དང་པོར་ཞེས་སོགས་སོ། །དེ་ལ་ཚད་མའི་གྲངས་ངེས་བསྒྲུབ་པ་ལ་རྟགས་དགོད་པ་དང་། ཚུལ་བསྒྲུབ་པའོ། །དང་པོ་ནི། གཞལ་བྱ་གཉིས་ཕྱིར། ཞེས་པས་སྟོན་ནོ། །དེ་ལ་མངོན་རྗེས་གང་ཡང་མ་ཡིན་པའི་ཚད་མ་གསུམ་པ་མེད་དེ། རང་སྤྱི་གང་ཡང་མིན་པའི་གཞལ་བྱ་གསུམ་པ་མེད་པའི་ཕྱིར་ཞེས་པས་གྲངས་ངེས་འགྲུབ་པར་འདོད་པ་ཤིན་ཏུ་མི་རིགས་ཏེ། གྲངས་ངེས་བསྒྲུབ་པ་ལ་དགག་ཕྱོགས་དང་སྒྲུབ་ཕྱོགས་ཀྱི་ཕུང་གསུམ་གཉིས་ཀ་བསལ་དགོས་པས། དེ་ཙམ་གྱིས་མི་ཆོག་པའི་ཕྱིར་དང་། མངོན་རྗེས་གང་ཡང་མིན་པའི་ཚད་མ་ཡོད་ན་གྲངས་ངེས་འཇིག་པར་འདོད་པ་ནི་གྲངས་ངེས་བསྒྲུབ་པའི་ཚུལ་ལ་བློ་ཁ་ལེགས་པར་མ་ཕྱོགས་པའི་ལྟག་ཆོད་འབའ་ཞིག་ཡིན་ཏེ། ཁྱོད་ལྟར་ན་དབྱེ་གཞི་ཁས་བླངས་ན་གྲངས་ངེས་བསྒྲུབ་ཏུ་མི་རུང་ཞིང་། དེ་བསྒྲུབས་ན་དབྱེ་གཞི་ཁས་བླང་དུ་མི་རུང་བར་འདོད་པའི་ཕྱིར་དང་།


JLD015_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་བཞིར་གྲངས་ངེས་པ་དང་། ཕུང་པོ་པོར་གྲངས་ངེས་པ་སོགས་ལའང་ཉེས་པ་དེ་ཉིད་འཇུག་པས་ཁྱོད་ལྟར་ན་གྲངས་ངེས་ཅུང་ཟད་ཀྱང་བྱར་མེད་ལ། གལ་ཏེ་བྱེད་ན་ཁྱོད་རང་གི་ཉེས་པ་དེ་ཉིད་ཐོག་ཏུ་འབབ་པའི་ཕྱིར་རོ། །དེས་ན་སྒྲུབ་ཕྱོགས་ལས་དགག་ཕྱོགས་ཀྱི་ཕུང་གསུམ་འགོག་པ་ལ་དོགས་པ་ཤས་ཆེ་ལ། དེའང་གཞན་སྡེས་མངོན་རྗེས་ལས་ངོ་བོ་ཐ་དད་པའི་དཔེ་ཉེར་འཇལ་སོགས་ཀྱི་ཚད་མ་གཞན་ཁས་བླངས་པ་ཡིན་ལ། དེ་འགོག་པ་ལ་སྔར་བཀོད་པའི་རྟགས་ལྟར་སྣང་འབའ་ཞིག་ཡིན་པས་སློབ་དཔོན་ཆོས་མཆོག་གི་བཀོད་པ་ལྟར་བྱ་སྟེ། མངོན་རྗེས་ལས་ངོ་བོ་ཐ་དད་པའི་ཚད་མ་ཕུང་གསུམ་མེད་དེ། རང་སྤྱི་ལས་ངོ་བོ་ཐ་དད་པའི་གཞལ་བྱ་ཕུང་གསུམ་པ་མེད་པའི་ཕྱིར་ཞེས་པ་སྟེ། འགྲེལ་པ་དེ་ཉིད་ཀྱི་གྲངས་ངེས་བསྒྲུབ་པའི་སྐབས་ལས་གོ་བར་ཟད་དོ། །གྲངས་ངེས་བསྒྲུབ་པ་ལ་ཕུང་གསུམ་གཉིས་ཀ་སེལ་བ་དགོས་ཀྱང་དེ་གྲངས་ངེས་ཀྱི་སྒྲུབ་བྱེད་དུ་འགོག་པ་ནི་མ་ཡིན་ནོ། །གཞལ་བྱ་གཉིས་ཕྱིར། །ཞེས་པ་ཚད་མར་སོང་ས་རང་མཚན་དང་སྤྱི་མཚན་གཉིས་སུ་ངེས་པ་རྟགས་སུ་བཀོད་པ་མ་ཡིན་ཏེ། རྗེས་དཔག་གིས་རང་མཚན་འཇལ་བ་དང་། མངོན་སུམ་གྱིས་སྤྱི་མཚན་འཇལ་བ་དུ་མ་ཡོད་པའི་ཕྱིར་རོ། །གཉིས་པ་ཚུལ་བསྒྲུབ་པ་ལ་ཁྱབ་པ་བསྒྲུབ་པ་ནི། ཚད་མ་ཀུན་ལས་བཏུས་ཀྱི་རང་འགྲེལ་དུ། གཞལ་བྱ་གཉིས་སུ་ངེས་པས་ཚད་མ་གཉིས་སུ་ངེས་ཏེ། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མངོན་སུམ་ཡིན་ལ། སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་


JLD015_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་སོགས་དང་། སློབ་དཔོན་རྒྱལ་དབང་བློས་ངེས་བཟུང་གི་དོན་དུ་བཤད་ཅིང་། ཚད་མ་མངོན་སུམ་གཅིག་པུར་དོགས་པར་མི་བྱ་སྟེ། རང་མཚན་ལས་གཞལ་བྱ་གཞན་མཐོང་བའི་ཕྱིར། ཞེས་པས་གྲངས་ཉུང་བ་སེལ་ལ། གཞལ་བྱ་གཉིས་སུ་ངེས་པས་མང་བ་སེལ་བར་བཞེད་དོ། །དོན་ནི། རང་མཚན་གྱི་རྣམ་པ་དངོས་སུ་ཤར་ཞིང་གཟུང་ཡུལ་དུ་བྱས་ནས་གཞལ་བྱ་འཇལ་བ། སྤྱི་མཚན་གྱི་རྣམ་པ་དངོས་སུ་ཤར་ཞིང་གཟུང་ཡུལ་དུ་བྱས་ནས་གཞལ་བྱ་འཇལ་བ་གཉིས་སུ་ངེས་པས་ཚད་མ་གཉིས་སུ་ངེས་པའོ། །རྩ་བའི་རྟགས་ཀྱི་དམ་བཅའ་བཤད་པ་ནི་འདིས་འཇལ་བར་བྱེད་པས་ན་ཞེས་སོགས་སོ། །འཇལ་བ་ལ་ལས་སུ་བྱ་བ་དང་བྱེད་པ་གཉིས་ཀྱི་བྱེད་པའི་ངོས་ནས་ཚད་མར་བཞག་ལ། དེའང་གཉིས་ཁོ་ནར་ངེས་པ་ནི། མངོན་སུམ་གཅིག་པུར་ངེས་པ་མ་ཡིན་ཏེ། རྗེས་དཔག་ཀྱང་ཚད་མར་བསྒྲུབ་པར་འགྱུར་པའི་ཕྱིར། ཚད་མའི་མཚན་ཉིད་སྟོན་པ་ལ་གྲངས་ལ་སོགས་པ་གསུམ་སྟོན་པ་དོན་མེད་དོ་ཞེ་ན། དོན་མེད་མ་ཡིན་ཏེ། གསུམ་པོ་དེ་མཚན་ཉིད་རྣམ་པར་དག་པ་རྟོགས་པའི་དོན་ཅན་ཡིན་པའི་ཕྱིར། དེའང་མངོན་རྗེས་དག་ལ་མི་སླུ་བས་ཚད་མར་མཚོན་པའི་ཐུན་མོང་གི་མཚན་ཉིད་གཅིག་ཏུ་འགྱུར་ལ། མཚོན་བྱར་གྱུར་བའི་མངོན་རྗེས་གཉིས་ལ་སྤྱིའི་མཚན་ཉིད་ལས་གཞན་པའི་མཚན་ཉིད་གཅིག་ཡོད་པ་མ་ཡིན་ན། གཅིག་པུ་དེས་དེ་གཉིས་སོ་སོར་མཚོན་མི་ནུས་པའི་ཕྱིར། དབྱེ་བ་ངེས་པའི་སྒོ་ནས་བསྟན་ནི་བྱེ་བྲག་གི་མཚན་ཉིད་རྣམ་པར་དག་པ་རྟོགས་ལ། དེ་རྟོགས་


JLD015_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྤྱིའི་མཚན་ཉིད་ཀྱང་རྣམ་པར་དག་པ་རྟོགས་པའི་ཕྱིར་རོ། །སྤྱོད་ཡུལ་མ་བསྟན་ན་སྐྲ་ཤད་འཛག་སྣང་སོགས་ཀྱང་ཚད་མར་བཟུང་ནས་དེ་དག་སླུ་བ་མཐོང་ནས་ཚད་མ་ལ་མི་སླུ་བའི་ངེས་པ་མེད་པར་དོགས་པ་བཅད་པའི་ཆེད་དུ་སྤྱོད་ཡུལ་བསྟན་ནོ། །ཚད་མའི་འབྲས་བུ་མ་བསྟན་ན་ཚད་མ་གཞལ་བྱར་རྟོགས་པ་ལས་ངོ་བོ་ཐ་དད་དུ་དོགས་པར་འགྱུར་ལ། གཞལ་བྱ་མི་ཤེས་པའང་ཚད་མར་མི་རུང་བའི་ཕྱིར་ཚད་མའི་འབྲས་བུ་བསྟན་པ་ཡིན་ནོ། །ཚད་མ་གཉིས་ལས་མང་བའང་མི་འཐད་དེ་གཞལ་བྱ་གཉིས་ལས་མང་བ་དང་གཞལ་བྱ་གཅིག་ལའང་ཚད་མ་དུ་མ་འཇུག་པ་གང་ཡང་རྒྱུ་མཚན་དུ་མི་འཐད་པ་འཆད་པར་འགྱུར་རོ། །འགྲེལ་པར་རྒྱུ་མཚན་བཀོད་པ་འདི་དག་རྩ་བའི་དམ་བཅའ་བཤད་པ་ཡིན་གྱི་རྩ་བའི་གཏན་ཚིགས་བཀོད་པ་ནི་མ་ཡིན་ནོ། །ཕྱོགས་ཆོས་བསྒྲུབ་པ་ལ་གཉིས་ཡིན་གྱི་ཕུང་གསུམ་དགག་པ་ནི། གལ་ཏེ་སྤྱི་ཞེས་སོ། །ཨུཏྤལ་སྔོན་པོ་ལྟ་བུའི་རང་སྤྱི་འདྲེས་པའི་གཉིས་ཡིན་གྱི་ཕུང་པོ་གསུམ་པ་ཡོད་པས་རང་སྤྱི་རེ་རེ་བ་རྣམ་བ་གཉིས་སུ་ངེས་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་མཚན་དང་སྤྱི་མཚན་སོ་སོ་རེ་རེ་བ་རྣམ་པ་གཉིས་མ་གཏོགས་པའི་གཞལ་བྱ་གཞན་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྤྱིར་རང་མཚན་དང་སྤྱི་མཚན་ལས་མ་གཏོགས་པའི་གཞལ་བྱ་མེད་པ་ནི་ཕ་རོལ་པོའང་འདོད་པས་ཡ་གྱལ་སོ་སོར་ངེས་པ་མ་ཡིན་པའི་གཞན་མེད་པའོ། །གཉིས་ཡིན་གྱི་ཕུང་གསུམ་ཡོད་ན་གྲངས་


JLD015_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་འཇིག་པ་རང་ལུགས་ལའང་འདོད་དགོས་སོ། །ཨུཏྤལ་བྱེ་བྲག་དང་སྔོན་པོ་སྤྱི་ཡིན་པས་ཨུཏྤལ་སྔོན་པོ་ཕུང་པོ་གསུམ་པར་འདོད་ན་མི་རིགས་ཏེ། གཉིས་ཀ་རང་མཚན་འབའ་ཞིག་ཡིན་པའི་ཕྱིར་རོ། །སྔ་མ་རང་མཚན་དང་ཕྱི་མ་སྤྱི་མཚན་དུ་འདོད་ནའང་མི་རིགས་ཏེ། སྔོན་པོ་རང་མཚན་ཁོ་ན་ཡིན་པའི་ཕྱིར་རོ། །དོན་བྱེད་ནུས་པ་དང་མི་ནུས་པ་གཉིས་ཕུན་ཚུན་སྤང་འགལ་ལ་བརྟེན་པའི་དངོས་འགལ་ཡིན་ལ་འབྲས་བུ་ཅུང་ཟད་བྱེད་ནུས་པ་དེ་ནི་རང་མཚན་ཁོ་ན་ཡིན་ལ། དོན་བྱེད་མི་ནུས་པའི་གཞལ་བྱ་དེ་ནི་སྤྱི་མཚན་ཡིན་པས་གཉིས་ཡིན་གྱི་ཕུང་གསུམ་རྣམ་པ་ཐམས་ཅད་དུ་མི་སྲིད་དོ། །གལ་ཏེ་ཚད་མ་གཉིས་ཀྱི་གྲངས་ངེས་བསྒྲུབ་པའི་རྣམ་གཞག་འདི་དག་མདོ་སྡེ་པ་ཁོ་ནའི་དབང་དུ་བྱས་སམ། སེམས་ཙམ་པ་དང་ཐུན་མོང་བའི་དབང་དུ་བྱས་པ་ཡིན། དང་པོ་མི་རིགས་ཏེ། འོག་ནས་གཉིས་སྟོང་གི་དེ་ཁོ་ན་ཉིད་རྒྱས་པར་གཏན་ལ་འབེབས་པས་དེ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་དབྱེ་བའི་ཡ་གྱལ་དུ་བསྡུས་པའི་ཚད་མ་གཉིས་ཀྱི་གྲངས་ངེས་འཆད་དགོས་ཤིང་། དེའང་སྐབས་འདི་མ་གཏོགས་གཞན་དུ་མ་བཤད་པའི་ཕྱིར་དང་། རང་མཚན་གྱི་སྒྲུབ་བྱེད་ཕྱི་མ་གསུམ་འགྱུར་མེད་ཡོངས་གྲུབ་ལའང་ངེས་པར་ཚང་བའི་ཕྱིར་རོ། །གཉིས་ཀའི་ཐུན་མོང་བའི་དབང་དུ་བྱས་ནའང་འགྱུར་མེད་ཡོངས་གྲུབ་དོན་བྱེད་མི་ནུས་པ་ཡིན་ཡང་སྤྱི་མཚན་དུ་སེམས་ཙམ་པ་ཁས་མི་ལེན་ཞིང་མི་རིགས་པའི་ཕྱིར་རོ་ཞེ་ན། རྣམ་རིག་


JLD015_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

པས་དོན་བྱེད་མི་ནུས་པ་ལ་སྤྱི་མཚན་གྱིས་ཁྱབ་པ་དང་། རང་མཚན་ལ་དོན་བྱེད་ནུས་པས་ཁྱབ་པ་ཁས་མི་ལེན་ཞིང་། རྒྱུ་མཚན་ཕྱི་མ་གསུམ་འགྱུར་མེད་ཡོངས་གྲུབ་ལའང་གྲུབ་པ་བདེན་ཡང་སྐབས་འདིར་ནི་མདོ་སྡེ་པ་ཁོ་ནའི་དབང་དུ་བྱས་པ་ཡིན་གྱི་རྣམ་རིག་པའི་ཐུན་མོང་མ་ཡིན་པའི་ལུགས་སྟོན་པའི་དབང་དུ་མ་བྱས་ཏེ། ཐུན་མོང་བའི་དབང་དུ་བྱས་པ་ནི། དཔེར་ན། སྔར་ལེའུ་གཉིས་པར་གྲོལ་བ་དོན་གཉེར་གྱི་སྟོན་པའི་མཚན་ཉིད་བཤད་པ་དང་། འོག་ནས་རྣལ་འབྱོར་མངོན་སུམ་གྱི་སྐབས་སུའང་སྔར་ལེའུ་གཉིས་པར་བཤད་པ་ལ་ཁ་འཕངས་ནས་ཐུན་མོང་བའི་རྣལ་འབྱོར་མངོན་སུམ་བཤད་པ་བཞིན་ནོ། །དེའི་དབང་དུ་བྱས་ན་གང་ཟག་གི་བདག་མེད་འཇལ་བའི་རྣལ་འབྱོར་མངོན་སུམ་གྱིས་གང་ཟག་གི་བདག་མེད་ཤུགས་རྟོགས་དང་། དངོས་སུ་དངོས་པོ་རང་མཚན་གཟུང་ཡུལ་དུ་བྱེད་པ་ཡིན་ཏེ། རྣལ་འབྱོར་རྣམས་ཀྱིས་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། ཞེས་བཤད་པ་དང་། དེ་ཉིད་རིགས་པ་དྲུག་ཅུ་པའི་འགྲེལ་པར་ཕྱོགས་སྔར་བླངས་ནས་དགག་པ་མཛད་པ་ལས་གསལ་བར་ཤེས་སོ། །འགྱུར་མེད་ཡོངས་གྲུབ་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱིས་ནི་དངོས་སུ་རྟོགས་པ་ཡིན་གྱི་ཤུགས་ལ་རྟོགས་པ་མ་ཡིན་ནོ། །གཉིས་མ་ཡིན་གྱི་ཕུང་གསུམ་དགག་པ་ནི་འོ་ན་ཞེས་སོ། །སྐྲ་ཤད་སོགས་གསལ་བར་སྣང་བའི་ཚེ་སྐྲ་ཤད་དེ་ཉིད་རང་མཚན་མ་ཡིན་ཏེ། དོན་བྱེད་མི་ནུས་པའི་


JLD015_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །སྤྱི་མཚན་མ་ཡིན་ཏེ། གསལ་བར་སྣང་བའི་ཕྱིར་དང་། གསལ་བ་གཞན་ལ་རྗེས་འགྲོ་མི་བྱེད་པའི་ཕྱིར། ཡུལ་ཡིན་ཏེ། གསལ་བར་སྣང་བའི་ཕྱིར། དེས་ན་གཉིས་ཀ་མ་ཡིན་པའི་གཞལ་བྱ་ཕུང་པོ་གསུམ་པ་ཡོད་དོ་ཞེ་ན། སྔ་མ་གཉིས་ཀྱི་ཁྱབ་རྟགས་རང་ལུགས་ལའང་ཁས་ལེན་ཀྱང་། ཕྱི་མ་ལ་ཁྱབ་པ་མ་གྲུབ་སྟེ། ཡུལ་དུ་ཚད་མས་གྲུབ་ན། གཞལ་བྱ་གཉིས་པོ་གང་རུང་ཞིག་ཡིན་ནམ། དེ་ལས་གཞན་པའི་ཕུང་པོ་གསུམ་པ་ཡིན་ཞེས་དཔྱད་རིགས་པ་ལ་ཡུལ་དུ་ཚད་མས་མ་གྲུབ་པའི་ཕྱིར། ཕུང་གསུམ་དུ་ཐལ་བར་མི་འགྱུར་རོ། །སྐྲ་ཤད་དེ་ཉིད་ཡུལ་མ་ཡིན་ཏེ། ཡུལ་ཡིན་ན་བརྡའ་ལ་བྱང་བས་གང་དུ་སྣང་བ་དེ་ཉིད་དུ་གྲུབ་པར་མོས་ཤིང་ཞེན་དགོས་པ་ལ་དེ་ལྟར་མ་གྲུབ་པའི་ཕྱིར། འདིར་ནི་སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྣང་བའི་སྐྲ་ཤད་ཉིད་ཡུལ་ཡིན་པ་འགོག་པ་ཡིན་གྱི། སྐྲ་ཤད་དུ་སྣང་བ་ཤེས་སམ། སྐྲ་ཤད་དུ་སྣང་བའི་རྣམ་པ་ཡུལ་ཡིན་པ་འགོག་པ་མ་ཡིན་ནོ། །སྦྱོར་བ་ནི་སྐྱེས་བུ་གང་རང་རྒྱུད་ཀྱི་ཚད་མ་ལ་གཉིས་སུ་སྣང་བའི་ཡུལ་གྱི་ངོ་བོ་ཉིད་དུ་མོས་པ་མེད་པ་དེ་ལ། ཚད་མ་དེས་གཉིས་སུ་སྣང་བའི་སྒོ་ནས་རྟོགས་བྱའི་ཡུལ་གྱི་ཐ་སྙད་འཇུག་པ་མ་ཡིན་པས་ཁྱབ་སྟེ། དཔེར་ན་གཟུང་དང་དེ་འཇལ་བའི་འཛིན་པའི་རྣམ་པ་བཞིན། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་ཀྱང་རང་རྒྱུད་ལྡན་གྱི་སྐྱེས་བུས་ཞེས་སོགས་ཁྱབ་བྱེད་མ་དམིགས་པའོ། །དཔེ་མ་གྲུབ་པའི་སྐྱོན་མེད་དེ། འཛིན་རྣམ་གྱི་ངོར་གཉིས་སྣང་


JLD015_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་པའི་ཕྱིར། རྗེས་ཀྱི་རྟོག་པ་ལ་ཡུལ་ཡུལ་ཅན་དེ་གཉིས་སོ་སོར་སྣང་ཡང་གཟུང་རྣམ་དང་དེ་མྱོང་གི་འཛིན་རྣམ་ལ་གཉིས་སྣང་ཡོད་པར་ཐལ་བར་མི་འགྱུར་རོ། །གཉིས་མ་ཡིན་གྱི་ཕུང་གསུམ་སེལ་བ་འདི་དོན་ཚན་བཞི་པོ་འདིའི་སྐབས་གང་དུ་སྦྱར་ཀྱང་འདྲ་བ་ཡིན་ནོ། །སྒྲུབ་བྱེད་གཉིས་པ་ནི། ཆོས་གཉིས་ལ་ཐུན་མོང་དུ་རྗེས་སུ་འགྲོ་བ་འདྲ་བ་ཐུན་མོང་བ་དང་། གཞན་ལ་རྗེས་སུ་མི་འགྲོ་བའི་དོན་དུ་བཞག་ན་རྣམ་པ་ཐམས་ཅད་དུ་མི་རུང་སྟེ། སྔོན་པོ་ལ་སོགས་པ་རང་གི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་ཕྱིར། དེས་ན་བློ་ལ་སྣང་ཚུལ་གྱི་ངོས་ནས་བཞག་སྟེ། རྟོག་པ་ལ་ཆོས་གཅིག་དུ་མ་ལ་ཐུན་མོང་དུ་རྗེས་སུ་འགྲོ་བར་སྣང་ལ། སྣང་བ་དེ་ཉིད་སྤྱི་མཚན་དང་། སྔོ་འཛིན་མངོན་སུམ་ལྟ་བུ་ལ་ཐུན་མོང་མ་ཡིན་པར་སྣང་བའི་དོན་དེ་ཉིད་རང་མཚན་ཏེ། མདོར་ན་ཐུན་མོང་བ་འཛིན་པའི་རྟོག་པའི་གཟུང་ཡུལ་དང་། དེ་ལྟར་མིན་པའི་གཞལ་བྱ་གཉིས་སུ་གྲངས་ངེས་པའོ། །སྒྲུབ་བྱེད་གསུམ་པ་ནི། རྗོད་བྱེད་སྒྲའི་བདག་རྐྱེན་ལས་བྱུང་བའི་སྒྲ་བྱུང་གི་ཤེས་པ་ལ་སྣང་གི །རྟོག་མེད་ཀྱི་ཤེས་པས་མཐོང་བ་བཞིན་དུ་གཞན་དང་མ་འདྲེས་པར་སྣང་བ་མེད་པའི་དོན་དེ་སྤྱི་མཚན་དང་། དེ་ལྟར་མ་ཡིན་པའི་གཞལ་བྱ་རང་མཚན་ནོ། །དོན་ནི། གཞལ་བྱ་གཞིར་བྱས་པ་ལ་རྗོད་བྱེད་སྒྲའི་བདག་རྐྱེན་ཙམ་ལས་རང་གི་ངོ་བོ་རྫོགས་པར་འཆར་ཐུབ་པ་དང་། མི་ཐུབ་པ་གཉིས་སུ་གྲངས་ངེས་སོ། །བུམ་པ་ཞེས་པའི་སྒྲ་ཉན་ཤེས་ཀྱིས་


JLD015_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་དེའི་སྟོབས་ཀྱིས་དྲངས་པའི་རྟོགས་ལ་བུམ་པའི་རྣམ་པ་འཆར་བ་ནི་རྗོད་བྱེད་ཀྱིས་བརྗོད་བྱ་བརྗོད་པའི་དོན་ནོ། །རང་མཚན་དོན་དམ་པར་སྒྲའི་བརྗོད་བྱ་ཡིན་པ་སྔར་ཡང་བཀག་ཅིང་ཕྱིས་ཀྱང་འགོག་པར་འགྱུར་གྱི། སྤྱིར་བརྗོད་བྱ་མ་ཡིན་པར་འདོད་པ་ནི་ཁོ་བོའི་མ་མོ་གཤམ་མོ་ཞེས་པ་དང་ཆོས་མཚུངས་སོ། །སྒྲུབ་བྱེད་བཞི་པ་ནི། ཡུལ་གང་ཞིག་རང་ལས་གཞན་པའི་ཡིད་བྱེད་སོགས་ཡོད་པ་ཙམ་གྱིས་རང་ཉིད་རྟོགས་ནུས་པ་དེ་ནི་སྤྱི་མཚན་དང་། དེ་དག་ཡོད་ཀྱང་རང་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་མེད་ན་རྟོགས་མི་ནུས་པའི་ཡུལ་དེ་ནི་རང་མཚན་ནོ། །རྒྱུ་མཚན་བཞི་པོ་དེ་དང་པོ་རང་སྤྱི་གཉིས་ཀྱི་རང་གི་ངོ་བོའི་སྒོ་ནས་བཞག་ལ། ཕྱི་མ་གསུམ་ཡུལ་ཡུལ་ཅན་གྱི་ངོས་ནས་བཞག་སྟེ། དེའང་གཅིག་བརྗོད་བྱེད་དང་གཉིས་བློའི་ངོས་ནས་བཞག་གོ །དོན་དམ་དོན་བྱེད་ནུས་པ་གང་། ཞེས་སོགས་དོན་བསྡུ་བའོ། །དེ་དག་ནི་ཚད་མའི་གྲངས་ངས་བསྒྲུབ་པའི་རྒྱུ་མཚན་ཟུང་ལྔ་པོ་གང་ཞིག་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་དུ་ཡོད་པའི་ཁྱད་པར་ཕྱེ་ནས་སྟོན་པའོ། །རྩོད་སྤང་ལ་མཚན་ཉིད་མི་སྲིད་པ་སྤང་བ་དང་། ཁྱབ་ཆེས་པ་སྤང་བ་དང་། མ་ཁྱབ་པ་སྤངས་ནས་དེས་གྲུབ་པའི་དོན་དང་། རྒྱུ་མཚན་ཟུང་ལྔ་པ་ལ་མཚུངས་པ་སྤང་བ་རྣམས་ཀྱིས་ཤེས་པར་བྱ་བའོ། །དང་པོ་ནི། དོན་དམ་པར་དོན་བྱེད་ནུས་པ་མི་སྲིད་དེ། བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པའི་ཡུལ་རང་ངོས་ནས་གྲུབ་པ་


JLD015_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲིད་པའི་ཕྱིར། ཁྱོད་ཀྱི་མཚན་ཉིད་མི་སྲིད་པ་ཡིན་ནོ་ཞེ་ན། མི་འཐད་དེ། ས་བོན་སོགས་ཀྱི་མྱུ་གུ་སོགས་ལ་ཕན་འདོགས་པའི་ནུས་པ་མངོན་སུམ་གྱིས་མཐོང་བས་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །གཉིས་པ་ནི། དེ་དག་ཀུན་རྫོབ་ཏུ་སྐྱེ་བ་ཡིན་གྱི་དོན་དམ་པར་མ་ཡིན་པས་མཚན་ཉིད་ཁྱབ་ཆེས་པར་འགྱུར་རོ་ཞེ་ན། མིང་ཇི་ལྟར་འདོགས་ལ་རང་གིས་སྒྲོ་མ་བཏགས་པར་དོན་བྱེད་ནུས་པ་དོན་དམ་པར་ཡོད་པར་རིགས་པ་ཁོ་ནའོ། །གཞན་ཡང་ཁྱེད་ཀྱི་ཀུན་རྫོབ་ཏུ་སྐྱེ་ཞེས་བའི་ཀུན་རྫོབ་པ་བརྫུན་པའི་དོན་གང་ཡིན། ནུས་པ་ཐམས་ཅད་ཀྱིས་མེད་པ་ཡིན་ན། ཀུན་རྫོབ་ཏུ་སྐྱེ་ཞེས་པ་འགལ་བར་འགྱུར་ཏེ། དོན་བྱེད་ནུས་པ་དང་མི་ནུས་པ་ཕན་ཚུན་སྤང་འགལ་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་དོན་སྐྱེ་བའི་དོན་དུ་འདོད་ན་ཀུན་རྫོབ་ཏུ་སྐྱེ་ཞེས་པ་སྐྱེ་བ་སྐྱེ་ཞེས་པར་འགྱུར་བས་མི་འཐད་ལ། དོན་དམ་དུ་སྐྱེ་བ་མེད་དོ། །ཞེས་པའི་དོན་སྐྱེ་བ་མེད་པ་མི་སྐྱེ་ཞེས་པར་འགྱུར་བས། སྐྱེ་བ་མེད་པ་སྐྱེ་བར་རང་གིས་ཀྱང་ཁས་མ་བླངས་པས་མི་རིགས་སོ། །གསུམ་པ་ནི། ཀུན་རྫོབ་ཏུ་ཡོད་པས་ཀྱང་དོན་བྱེད་ནུས་པས་མཚན་ཉིད་འཁྲུལ་བར་འགྱུར་རོ། །ཞེ་ན། ཀུན་རྫོབ་ཏུ་ཡོད་པ་ནི་སྤྱི་མཚན་ཡིན་ལ་དེས་ནི་ཐ་ན་རང་འཛིན་ཤེས་པ་སྐྱེད་པ་ཙམ་གྱིའང་བྱ་བ་མི་བྱེད་དེ། དེ་ལ་ཕན་འདོགས་བྱེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་མཐོང་བའི་ཕྱིར་རོ། །དེས་ནི་རྫས་ལ་སོགས་པ་ལ་རྟོག་པའི་བློའི་


JLD015_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གཞན་དག་ཀྱང་བཤད་པ་ཡིན་ནོ། །བཞི་པ་ནི། རང་སྣང་བའི་ཤེས་པ་སྐྱེ་བ་བདག་རྐྱེན་དབང་པོ་དང་ཡིད་བྱེད་ལ་སོགས་པ་ཡོད་པ་ཙམ་གྱིས་རང་ཉིད་ཡུལ་དུ་ཡོད་པ་སྤྱི་མཚན་ཡིན་ན། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྣང་བའི་སྐྲ་ཤད་སྤྱི་མཚན་དུ་ཐལ་བར་འགྱུར་རོ་ཞེ་ན། སྐྲ་ཤད་སོགས་སྤྱི་མཚན་མ་ཡིན་ཏེ། རང་སྣང་མཁན་གྱི་སྐྱེས་བུ་བརྡའ་ལ་བྱང་བས་དོན་དུ་མོས་ཤིང་ཞེན་པ་མེད་པའི་ཕྱིར་རོ། །འོ་ན་དངོས་མེད་བུམ་མེད་ལ་སོགས་པའང་སྤྱི་མིན་པར་འགྱུར་ཏེ། དོན་དུ་ཞེན་པ་མེད་པའི་ཕྱིར་རོ་ཞེ་ན། སྤྱིའི་ངོ་བོ་ཉིད་དུ་གྱུར་བའི་བུམ་མེད་སོགས་ལ་ཉེས་པ་དེར་མི་འགྱུར་ཏེ། ཕྱི་རོལ་གྱི་དོན་དུ་ཞེན་པ་མེད་ཀྱང་རྣམ་བཅད་དགག་པའི་སྒོ་ནས་ཤེས་བྱར་འཛིན་ཅིང་ཞེན་པ་མཐོང་བའི་ཕྱིར། ཕྱིས་ཀྱི་རྟོག་པས་སྐྲ་ཤད་འདི་དེ་ལྟར་སྣང་བའི་དབང་ཤེས་ཀྱི་ཡུལ་ཡིན་ནོ་སྙམ་པའི་ཚེ་རྟོག་པ་ལ་སྣང་བའི་སྐྲ་ཤད་དབང་ཤེས་ཀྱི་ཡུལ་ཡིན་པ་དེ་སྤྱི་ཡིན་ལ། རྟོག་པས་སྐྲ་ཤད་རང་མཚན་པ་དང་འདྲ་བར་ཞེན་པའི་གཟུང་ཆའང་སྤྱི་ཡིན་ནོ། །དབང་ཤེས་ལ་སྐྲ་ཤད་གསལ་བར་སྣང་བ་ཤེས་པའི་རྫས་ཡིན་ན། གཟུགས་འཛིན་རྟོག་པ་ལ་གཟུགས་མ་ཡིན་པ་ལས་ལོག་པར་སྣང་བའང་རྟོག་པའི་རྫས་སུ་ཁས་ལེན་དགོས་པས་རང་མཚན་དུ་ཐལ་བར་འགྱུར་རོ་ཞེ་ན། དེ་ལ་ཆ་གཉིས་ཡོད་དེ། གཟུགས་ཀྱི་གསལ་བ་རྣམས་གཟུགས་འཛིན་རྟོག་པ་ལ་གཟུགས་མ་ཡིན་པ་ལས་ལོག་པར་སྣང་བ་སྒྲ་དོན་དང་། རྟོག་


JLD015_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཏགས་པའི་ཆོས་ཡིན་ཡང་གསལ་བ་ཀུན་ལ་རྗེས་སུ་འགྲོ་བའི་ངོ་བོ་ཡིན་པ་ཉིད་ཀྱི་སྤྱི་ཡིན་ཏེ། གཟུགས་ཀྱི་གསལ་བ་རྣམས་ལ་ཐུན་མོང་དུ་རྗེས་འགྲོ་བྱེད་པའི་ཕྱིར་དང་། གཟུགས་ཀྱི་གསལ་བ་རྣམས་གཟུགས་མ་ཡིན་པ་ལས་ལོག་པར་རང་རྒྱུ་ལས་སྐྱེས་པའི་སྒོ་ནས་དང་པོ་ཤེས་ལ་དེ་ལྟར་སྣང་བའི་ཕྱིར་དང་། དབང་ཤེས་དེས་བསྐྱེད་པའི་གཟུགས་འཛིན་རྟོག་པ་ལའང་གཟུགས་མ་ཡིན་པ་ལས་ལོག་པར་སྣང་བ་མཚུངས་པའི་ཕྱིར་རོ། །གཟུགས་འཛིན་རྟོག་པའི་རྫས་ཉིད་གཟུགས་མ་ཡིན་པ་ལས་ལོག་པར་སྣང་བའི་རྣམ་པ་དེ་ཉིད་ཤེས་པའི་རྫས་ཡིན་པས་རང་མཚན་ཡིན་གྱི། གཞི་གཅིག་ཉིད་ཡུལ་སོ་སོ་ལ་བལྟོས་ནས་ཀྱང་རང་མཚན་དང་སྤྱི་མཚན་གྱི་གཞི་མཐུན་དུ་ཁས་ལེན་པ་མ་ཡིན་ནོ། །སྒྲའི་ཡུལ་གྱི་སྤྱི་རྟོག་པ་ལ་གཟུགས་མ་ཡིན་པར་སྣང་བ་དེ་གསལ་བ་རང་མཚན་དང་རྫས་གཅིག་གམ་ཐ་དད་ཡིན་པ་ནི་སྔར། གསལ་བ་རྣམས་ནི་རྗེས་མི་འགྲོ། ཞེས་པའི་སྐབས་སུ་བཀག་ཟིན་ལ། འོ་ན་ཕྱི་རོལ་གྱི་གཟུགས་ཉིད་དོ་སྙམ་དུ་དོགས་པ་བཟློག་པའི་དོན་དུ། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། ཞེས་གསུངས་ཏེ། དེ་རང་གི་སྣང་ཚུལ་རྫོགས་པར་ཞེས་པ་ནི་སྤྱི་མཚན་དུ་གྱུར་པ་རྟོག་པའི་སྣང་བ་དེའོ། །དེ་ལ་རྟགས་དགོད་པ་དང་། ཁྱབ་པ་བསྒྲུབ་པ་གཉིས། དང་པོ་ནི། རྟོག་པ་ལ་གཟུགས་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན།


JLD015_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་དངོས་པོ་མ་ཡིན་ཏེ། གཟུགས་ཞེས་པའི་བདག་རྐྱེན་ཙམ་ལ་བརྟེན་ནས་སྒྲ་བྱུང་ཤེས་པ་ལ་རང་གི་སྣང་ཚུལ་རྫོགས་པར་སྣང་བའི་སྒོ་ནས་སྒྲའི་བརྗོད་བྱར་གྱུར་པ་ཡིན་པའི་ཕྱིར། ཁྱབ་པ་ལ་གནོད་པ་ཅན་གྱི་ཚད་མ་མེད་དོ་ཞེ་ན། གཟུགས་བལྟ་བ་ལ་མིག་ལ་སོགས་པའི་དབང་པོའི་ཚོགས་དགོས་པ་མེད་པར་ཐལ། གཟུགས་ཞེས་པའི་སྒྲ་ཙམ་ལ་བརྟེན་ནས་རང་གི་ངོ་བོ་ཐུན་མོང་མ་ཡིན་པ་རྫོགས་པར་འཆར་ནུས་པའི་ཕྱིར་རོ། །འདོད་ན། ཚད་མས་བསལ་བས་ཁྱབ་པ་གྲུབ་བོ། །དེས་ན་སྒྲ་བྱུང་ཤེས་པ་དང་དབང་ཤེས་མ་འཁྲུལ་བ་གཉིས་ཡུལ་གཅིག་ཏུ་འགྱུར་བ་མ་ཡིན་ཏེ། ཡུལ་སྣང་བའི་ཚུལ་མི་མཚུངས་པའི་ཕྱིར། དཔེར་ན་བུམ་སྣམ་འཛིན་པའི་དབང་ཤེས་གཉིས་བཞིན་ནོ། །སྒྲ་ཙམ་གྱི་བདག་རྐྱེན་ལ་བརྟེན་ནས་རྟོག་པ་ལ་མཚན་ཉིད་ཇི་ལྟ་བ་བཞིན་དུ་སྣང་བའི་ཡུལ་གང་ཡིན་པ་དེ་རྟོག་པའི་སྣང་ཡུལ་གྱི་དོན་ཡིན་གྱི་དེ་ལ་སྣང་ཡང་རང་མཚན་ནི་རྟོག་པའི་སྣང་ཡུལ་མ་ཡིན་ནོ། །རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་དེ་ཉིད་ཕྱི་རོལ་བ་རྣམས་ཀྱིས་དངོས་པོར་འདོད་ལ། དེ་དངོས་པོ་ཡིན་པ་བཀག་པ་ན་ཉེས་པ་དེ་ཉིད་རང་མཚན་ལའང་མཚུངས་ནས་རང་མཚན་སྒྲའི་བརྗོད་བྱ་མ་ཡིན་ཞེས་ཁས་ལེན་པ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་མཐའ་དག་ལ་སྐུར་པ་འདེབས་པ་ཡིན་ལ། ཡང་རང་མཚན་སྒྲ་དང་རྟོག་པའི་ཡུལ་དུ་ཁས་བླངས་པ་ན་སྒྲ་དོན་དངོས་པོ་ཡིན་པ་རིགས་པས་ལེགས་པར་མ་ཁེགས་ན། གཞན་སྡེ་དང་


JLD015_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའ་མཚུངས་པས་རྟག་ཆད་ཀྱི་ལྟ་བ་ལས་མ་འདས་སོ། །རྟོག་པའི་གཟུང་རྣམ་དུ་གྲགས་པ་ནི་བག་ཆགས་ལ་བརྟེན་ནས་བུམ་འཛིན་རྟོག་པ་རང་ཉིད་བུམ་པའི་གཟུགས་བརྙན་དུ་སྐྱེས་པའི་བུམ་པའི་གཟུགས་བརྙན་རྟོག་པ་རང་གི་ཆར་གྱུར་བ་དེ་ཉིད་ཡིན་ལ། དེ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་མ་ཡིན་ཏེ། གཟུགས་འཛིན་དབང་ཤེས་མ་འཁྲུལ་བ་ཉིད་གཟུགས་སུ་མི་སྣང་བ་ལྟ་བུའོ། །མང་པོའི་བཀུར་བ་པ་ཁ་ཅིག་ན་རེ། རྟོག་པ་དང་དབང་ཤེས་སྣང་བ་མི་མཚུངས་པས་ཡུལ་གཅིག་མ་ཡིན་པ་དེ་ལྟར་ནི་འགྱུར་མོད་ཀྱི། ཕྱི་རོལ་གྱི་གཟུགས་ལ་སོགས་པའང་སྒྲའི་བརྗོད་བྱར་སོང་བ་དེ་ཉིད་མ་ཡིན་ཡང་སྒྲའི་བརྗོད་བྱ་དེ་ཉིད་རང་མཚན་ཡིན་ཏེ། ལྡན་མིན་འདུ་བྱེད་ཀྱིས་བསྡུས་པའི་མིང་དང་མཚན་མ་རྣམ་པར་ཤེས་པ་ལས་རྫས་ཐ་དད་པ་དེ་ཉིད་སྒྲའི་བརྗོད་བྱ་ཡིན་ཞེས་ཟེར་རོ། །རྟོག་པ་ལ་སྣང་བའི་སྒྲའི་སྤྱི་དང་དོན་སྤྱི་ལ་མིང་མཚན་མར་ཐ་སྙད་བཏགས་པའོ། །དེ་དགག་པ་ནི། དོན་དེ་དག་འཆད་པ་པོ་དང་ཉན་པ་པོ་འབྲེལ་པ་སྟེ་དེ་དག་གི་རྒྱུད་དུ་བཏགས་པ་ཞིག་གམ། ཕྱི་རོལ་གྱི་དོན་གྱི་སྟེང་འབའ་ཞིག་ན་གནས་པའམ། དེ་གསུམ་གང་དང་ཡང་འབྲེལ་མེད་ཀྱི་དངོས་པོ་ཞིག་ཡིན། དང་པོ་ལྟར་ན། བུམ་པ་ཞེས་པའི་སྒྲ་ལས་ཕྱི་རོལ་གྱི་དོན་བུམ་པ་ལ་འཇུག་པར་མི་འགྱུར་བར་ཐལ། དེས་དེ་མ་བརྗོད་པའི་ཕྱིར། དེས་ནི་གཟུང་རྣམས་ལ་ཕྱི་རོལ་ཏུ་བཏགས་པའི་ཆ་སྒྲས་བརྗོད་པ་ཡིན་གྱི་རང་


JLD015_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་བརྗོད་པར་འདོད་པའང་ལེགས་པར་བཀག་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཕྱི་རོལ་གྱི་བུམ་པ་དང་དེའི་མིང་དང་མཚན་མ་གཅིག་ཏུ་ཞེན་པའི་སྒོ་ནས་འཆད་ཉན་བྱེད་པ་པོ་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན། ཕྱི་རོལ་གྱི་བུམ་པ་དང་དེའི་མིང་དང་མཚན་མ་དངོས་པོ་ལ་གཅིག་ཏུ་གྱུར་ནས་གཅིག་ཏུ་ཞེན་པ་ཡིན་ནམ། དོན་ལ་མིང་དང་མཚན་མར་བཏགས་ནས་གཅིག་ཏུ་ཞེན་པའམ། ཡང་ན་མིང་དང་མཚན་མ་ལ་ཕྱི་རོལ་གྱི་བུམ་པར་བཏགས་ནས་གཅིག་ཏུ་ཞེན་པའམ། ཡང་ན་ཕན་ཚུན་གཉིས་ཀ་གདགས་གཞི་དང་བཏགས་ཆོས་སུ་བྱས་ནས་གཅིག་ཏུ་ཞེན་པ་ཡིན། དང་པོ་ལྟར་ན། དབང་པོའི་མངོན་སུམ་གྱི་ཡུལ་དུ་གྱུར་པའི་ཕྱི་རོལ་གྱི་བུམ་པ་བསྙོན་མི་ནུས་པར་མཐོང་བའི་ཕྱིར་ལྡན་མིན་འདུ་བྱེད་ཀྱིས་བསྡུས་པོའི་མིང་དང་མཚན་མ་དང་གཅིག་ཏུ་མི་འགྱུར་རོ། །ཕྱི་རོལ་གྱི་བུམ་པ་བལྟ་བ་ལ་མིག་ལ་སོགས་པའི་དབང་པོའི་ཚོགས་འབྲས་བུ་དང་མི་ལྡན་པར་ཐལ། རྗོད་བྱེད་སྒྲ་ཙམ་ལས་དེ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར། མིང་སོགས་རང་མཚན་བརྗོད་བྱར་ཁས་བླངས་པའི་སྐབས་དོན་ཡང་ཉམས་པར་འགྱུར་བར་ཐལ། རྒྱུ་མཚན་སྔ་མ་དེའི་ཕྱིར། ཕྱོགས་གཉིས་པ་ལྟར་ནའང་མིག་ལ་སོགས་པའི་དབང་པོ་དོན་མེད་པའི་ཉེས་པའི་གནས་སྐབས་དེ་ཉིད་དུ་ཐལ། རྗོད་བྱེད་སྒྲ་ཙམ་ལས་དོན་གཞན་དང་མ་འདྲེས་པར་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར།ཕྱོགས་གསུམ་པ་ལྟར་ན། རྒྱལ་པོ་དང་ནུས་པ་མཉམ་པའི་སྐྱེས་བུ་


JLD015_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱལ་པོ་ཞེས་བཏགས་པས་དེ་གོ་བའི་བློས་རྒྱལ་པོ་མི་གོ་བ་བཞིན་དུ་བུམ་པ་ཞེས་པའི་སྒྲ་ལ་བརྟེན་ནས་དོན་བུམ་པ་ལ་འཇུག་པར་མི་འགྱུར་བར་ཐལ། བུམ་པའི་སྒྲ་བྱུང་གི་ཤེས་པས་བུམ་པ་མ་རྟོགས་པའི་ཕྱིར། མི་བླུན་པོ་ལ་བ་ལང་ཞེས་བརྗོད་པ་ལ་བརྟེན་ནས་མི་བླུན་པོ་གོ་བའི་བློ་དེས་བ་ལང་མི་རྟོགས་པ་བཞིན་དུ། མིང་དང་མཚན་མ་གདགས་གཞིར་བྱས་ཕྱི་རོལ་གྱི་བུམ་པ་བཏགས་ཆོས་སུ་བྱས་པའི་སྒོ་ནས་གཅིག་ཏུ་ཞེན་པའི་སྒྲ་བྱུང་གི་ཤེས་པས་མིང་དང་མཚན་མ་གོ་བའི་ཕྱི་རོལ་གྱི་བུམ་པ་བརྗོད་བྱའི་གཙོ་བོར་མི་གོའོ། །བརྟག་པ་བཞི་པ་ལྟར་ནའང་མིག་ལ་སོགས་པའི་དབང་པོ་དོན་མེད་པར་ཐལ་བ་དང་། སྒྲ་ལས་དོན་ལ་མི་འཇུག་པའི་སྐྱོན་གཉིས་ཀ་ཡོད་དེ། མིང་དང་མཚན་མ་རང་མཚན་པ་དང་ཕྱི་རོལ་གྱི་དོན་རང་མཚན་པ་འདྲ་བས་གཅིག་ཏུ་འཁྲུལ་ནས་དོན་གྱི་རྗེས་སུ་འཇུག་པར་བྱེད་དོ་ཞེ་ན་མི་འཐད་དེ། དུས་འགའ་ཞིག་གི་ཚེ་འཁྲུལ་ནས་དོན་ལ་འཇུག་ཀྱང་དུས་ཀུན་གྱི་ཚེ་སྒྲ་ལས་དོན་ལ་འཇུག་པར་མི་འཐད་པར་ཐལ་ཏེ། རེས་འགའ་མིང་དང་མཚན་མ་ལའང་འཇུག་དགོས་པའི་ཕྱིར། དཔེར་ན་མཚེ་མ་སྤུན་ལྟ་བུའོ། །ཡུལ་སོ་སོར་ངེས་པ་ན་གནས་པའི་དོན་གཉིས་འདྲ་བ་ཡོད་ཀྱང་བརྗོད་ཀྱང་ཅིག་ཤོས་ལ་འཇུག་པར་མི་འགྱུར་བ་དེ་བཞིན་དུ། ཡུལ་ལ་འཁྲུལ་ནས་འཇུག་པར་མི་རིགས་ཏེ། མིང་དང་མཚན་མ་འཆད་ཉན་བྱེད་པའི་


JLD015_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འབའ་ཞིག་ཏུ་གཏོགས་པའི་ཕྱིར། སྒྲ་བྱུང་ཤེས་པའི་སྣང་བ་བརྗོད་བྱར་འདོད་པ་ལ་དོན་ལ་མི་འཇུག་པའི་ཉེས་པ་མཚུངས་པ་མ་ཡིན་ཏེ། རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་པས་དངོས་པོ་འཛིན་པ་བཞིན་དུ་སྣང་ཞིང་། རང་གི་སྣང་བས་དེ་ཉིད་ལ་དོན་དུ་ཞེན་ནས་འཇུག་པར་འགྱུར་བའི་ཕྱིར། རྩ་བ་འགྲེལ་པ་དང་བཅས་པ་གཞན་རྣམས་ནི་གོ་བར་ཟད་ལ། རྨི་ལམ་ན་ཡིད་ཀྱི་ཤེས་པ་རྟོག་པ་དང་རྟོག་མེད་གཉིས་ཡོད་པའི་རྟོག་པ་ལ་སྒྲ་དོན་གཟུང་ཡུལ་དུ་བྱེད་པ་དང་གཟུང་རྣམ་ཤེས་པའི་ངོ་བོར་གྱུར་པ་གཉིས་ཁས་ལེན་པ་སད་དུས་དང་འདྲ་ལ། རྟོག་མེད་ལ་སྔོ་སོགས་གསལ་བར་སྣང་བའི་སྔོ་སོགས་ནི་སད་པའི་དུས་ཀྱི་སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྣང་བའི་སྐྲ་ཤད་དང་འདྲ་ལ། སྔོན་པོ་གསལ་བར་སྣང་བ་ཤེས་པའི་ངོ་བོ་ཡིན་པར་ཡང་སྐྲ་ཤད་གསལ་བར་སྣང་བ་དང་འདྲའོ། །རྨི་ལམ་གྱི་ལུས་ལོགས་སུ་ཆད་པ་ལྟར་སྣང་བའི་ལུས་དངོས་པོ་དང་མཐུན་པར་ལོགས་སུ་གྲུབ་པ་མ་ཡིན་ཏེ། མལ་ན་གནས་པའི་ལུས་ལ་དབུགས་འབྱུང་རྔུབ་མེད་པར་ཐལ་བ་དང་། དེ་ཉིད་ཤི་བར་ཐལ་བ་དང་དེ་ལ་མཚོན་བསྣུན་ནས་བསད་པས་སྲོག་གཅོད་ཀྱི་ལས་ལམ་མི་རྫོགས་པར་ཐལ་ལོ། །ཁྱབ་པ་ཡོད་དེ། སྐྱེས་བུ་གཅིག་ལ་དུས་གཅིག་ཏུ་རྣམ་པར་ཤེས་པའི་རྒྱུད་ཐ་དད་པ་གཉིས་མེད་པའི་ཕྱིར་རོ། །གཞན་ཡང་མིག་བློ་མ་འཁྲུལ་བ་གཟུང་དོན་དང་ལྡན་པར་རྒྱུ་མཚན་གང་ལས་འདོད་དྲིས་པས་འབྲས་བུས་རྣམ་


JLD015_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྡོག་པའི་རྟགས་ལས་གཟུང་དོན་གྱིས་ཕན་འདོགས་པའི་ནུས་པ་གྲུབ་པའི་ཕྱིར་རོ་ཞེ་ན། འོ་ན་སྤྱི་བོ་ལ་གཟུང་དོན་མེད་པ་ཅན་ཐོབ་པར་འགྱུར་ཏེ། ཡིད་བྱེད་སོགས་ནང་གི་རྒྱུ་མཚན་ཡོད་ན་ཡོད་པའི་ཕྱིར་མ་གྲུབ་སྟེ། སྣམ་བུ་འཛིན་པའི་རྟོག་པ་ལ་བུམ་པའི་སྤྱི་མི་སྣང་བ་ནི་སྣམ་བུ་ལ་དེ་མེད་པའི་སྟོབས་ཀྱིས་དེར་སྣང་གི་བློ་མ་སྐྱེས་པ་ཡིན་པས་ཡུལ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྟོག་པ་དེ་ལ་བུམ་སྤྱི་མི་སྣང་བ་ནི་རང་གི་བག་ཆགས་ཀྱི་ཉེར་ལེན་གྱི་ཁྱད་པར་གྱིས་རྟོག་གཉིས་ཅིག་ཅར་མི་སྐྱེ་བའི་རྒྱུ་མཚན་གྱིས་ཡིན་གྱི། དེ་གཉིས་ལ་སྣང་ཡུལ་དངོས་པོར་གྱུར་པ་སོ་སོར་དམིགས་པའི་དབང་གིས་མ་ཡིན་ནོ། །སྣམ་བུ་དེ་ལ་བློས་བུམ་པའོ་སྙམ་དུ་བསྒྱུར་ནས་རྟོག་པར་བྱེད་པའམ། རྟོག་མེད་ཀྱི་ཡུལ་ལ་བུམ་པའོ་སྙམ་དུ་རྟོག་པའི་ཚེའང་བུམ་པའི་དོན་སྤྱི་ཤར་ཡང་ཡུལ་སྟེང་ན་བུམ་པ་ཡོད་པ་མ་ཡིན་ནོ། །འཆད་ཉན་དོན་གསུམ་གང་དང་ཡང་འབྲེལ་མེད་ཀྱི་ལྡན་མིན་འདུ་བྱེད་ཡོད་ནའང་སྒྲ་ལས་དོན་ལ་མི་འཇུག་པའི་ཉེས་པ་སོ་ན་གནས་སོ། །དོན་རང་མཚན་ཁོ་ནའི་སྟེང་ཡོད་པའི་ལྡན་མིན་འདུ་བྱེད་བརྗོད་པ་ཡིན་ན། དེ་རིང་གི་དུས་ན་རྒྱལ་པོ་མང་པོས་བཀུར་བ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དུས་ཞེས་བརྗོད་དུ་མི་རུང་བར་འགྱུར་ཏེ། དེ་རིང་གི་དུས་ན་སྔ་མ་ཟད་ཅིང་འགགས། ཕྱི་མ་མ་སྐྱེས་པས་དེ་དག་ལ་


JLD015_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་ཆོས་གཞན་དག་ཀྱང་འགགས་པ་དང་མ་སྐྱེས་པའི་ཕྱིར། གཞན་སྡེ་ན་རེ། ཁོ་བོ་ཅག་ལྟར་ན་སྒྲ་ཡན་གར་བའི་སྤྱི་སྒྲས་བརྗོད་པས་དངོས་པོའང་བརྗོད་ལ། དབང་པོའི་ཚོགས་དོན་མེད་དུ་ཐལ་བའི་སྐྱོན་ཡང་མེད་དོ་ཞེ་ན། དེའི་དགག་པ་གཞན་རྣམས་ནི་གོ་བར་ཟད་ལ། སྤྱི་རྟག་དངོས་དེས་རང་འཛིན་ཤེས་པ་ལ་ཕན་འདོགས་པའི་ནུས་པ་ཡོད་ན་དུས་རྟག་ཏུ་བསྐྱེད་དགོས་ལ། དུས་འགའ་ཞིག་གི་ཚེ་མི་བསྐྱེད་ན་དུས་ནམ་ཡང་མི་བསྐྱེད་དགོས་ཏེ། ནུས་པའི་རང་བཞིན་དུ་རྟག་ན་དུས་རྟག་ཏུ་ནུས་དགོས་པ་དང་། ནུས་མེད་དུ་རྟག་ན་དུས་ནམ་ཡང་ནུས་པ་མེད་དགོས་པའི་ཕྱིར། དེའི་རྒྱུ་མཚན་རྟག་པ་ལ་མཐུན་རྐྱེན་དང་འགལ་རྐྱེན་གྱིས་ནུས་པ་འཕེལ་བ་དང་ཟད་པའི་ཆེད་དུ་བཅོས་སུ་མི་རུང་བའི་ཕྱིར། གཞན་སྡེ་རྟག་པ་ཁས་ལེན་པ་རྣམས་ནི་རྟག་འཛིན་ལྷན་སྐྱེས་ཀྱིས་ཇི་ལྟར་ཞེན་པ་ལྟར་སྔ་ཕྱི་གཅིག་ཏུ་འཛིན་ཅིང་། དེའང་སྒྲུབ་པ་རང་དབང་བའི་ཚུལ་གྱིས་འཛིན་པ་ལྟར་གྲུབ་པར་འདོད་ལ། རང་སྡེ་དེ་འདྲ་བའི་རྟག་པ་ཁས་ལེན་པ་ནི་སུའང་མེད་དོ། །བྱེ་བྲག་སྨྲ་བ་རྟག་པས་བྱ་བ་བྱེད་ནུས་པར་ཁས་ལེན་པའང་དགག་བྱ་ཐོགས་པའི་རེག་བྱ་དང་བྲལ་བ་ཉིད་ལ་རྟག་པར་འདོད་ཀྱི། སྒྲུབ་པ་རང་དབང་པའི་ཚུལ་གྱིས་འཆར་བའི་རྟོག་པ་ནི་བླུན་པོ་འབའ་ཞིག་ལ་གྲགས་པའོ། །མཁས་པ་ལ་གྲགས་པའི་རྟོག་པ་ནི་དགག་བྱ་འཇིག་པ་ལོག་པའི་སྤྱི་དང་བྱེ་བྲག་གིས་བསྡུས་པའི་ཚད་མས་ལེགས་པར་གྲུབ་པ་རྣམས་


JLD015_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རྟག་པ་ཚད་མས་མ་གྲུབ་པར་འདོད་པ་ནི་རིགས་པའི་གནོད་པ་དུ་མ་དང་བཅས་པའོ། །སྤྱི་ཡན་གར་བ་སྤྱི་འཛིན་ཤེས་པས་གཟུང་དོན་དུ་བྱས་ནས་འཛིན་ན་ཉེས་པ་གཞན་ཡང་སྤྱི་འཛིན་རྣམ་པར་ཤེས་པ་དེ་ལ་སྣང་བའི་སྔོན་པོ་ལ་སོགས་པའི་རྣམ་པའི་ཆ་སྣང་བར་རྣམ་པར་ངེས་པ་སྟེ་མཚོན་ནུས་པའི་ཁ་དོག་ལ་སོགས་ཀྱི་རྣམ་པ་དེ་དག་ཤེས་པ་དེ་ལ་གང་གིས་སྤྲུལ་ཞིང་གཏད་པ་ཡིན། སྤྱིས་མ་ཡིན་ཏེ། དེ་ཁ་དོག་དབྱིབས་སོགས་ཀྱིས་སྟོང་པར་ཁས་བླངས་པའི་ཕྱིར། གསལ་བས་མ་ཡིན་ཏེ། དེ་མི་སྣང་བར་སྤྱི་ཡན་གར་བ་སྣང་བའི་ཕྱིར། གལ་ཏེ་དོན་མངོན་གྱུར་རམ་གསལ་བར་སྣང་བ་ནི་བདག་རྐྱེན་མིག་ལ་སོགས་པའི་དབང་པོ་ལ་བརྟེན་ནས་ཡིན་ལ། ལྐོག་གྱུར་གྱི་དོན་རང་མཚན་འཛིན་པ་དང་སྤྱིར་མི་གསལ་བར་སྣང་བ་ནི་རྗོད་བྱེད་སྒྲའི་བདག་རྐྱེན་ལ་བརྟེན་ནས་ཡིན་པས་གཉིས་ཀས་རང་མཚན་གཟུང་ཡུལ་དུ་བྱེད་པར་འདྲའང་། མིག་ལ་སོགས་པའི་དབང་པོའི་ཚོགས་དོན་མེད་དུ་ཐལ་བར་མི་འགྱུར་རོ་ཞེ་ན། དེའི་ལན་དུ་ཡུལ་གཅིག་ལ་དམིགས་པས་གསལ་མི་གསལ་སོ་སོར་སྣང་བ་མི་འཐད་པར་ཐལ་བ་འཕེན་པ་མི་འཐད་དེ། སྐྱེས་བུ་གཅིག་གིས་མི་རྟག་པ་སོགས་དོན་གཅིག་སྔར་མི་གསལ་བར་སྣང་བ་གོམས་སྟོབས་ཀྱིས་ཕྱིས་མངོན་སུམ་དུ་གསལ་བར་སྣང་བ་མཐོང་བའི་ཕྱིར། གསལ་མི་གསལ་གྱི་ཁྱད་པར་མེད་པར་ཐལ་བ་འཕེན་པའང་


JLD015_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐད་དེ། ཉེ་རིང་ལ་སོགས་ཁྱད་པར་གྱི། །གསལ་དང་མི་གསལ་མི་རུང་ངོ་། །ཞེས་གཟུགས་གཅིག་ལ་ཐག་ཉེ་རིང་ནས་བལྟ་བའི་དབང་ཤེས་ལ་གསལ་མི་གསལ་གྱི་ཁྱད་པར་མཐོང་བའི་ཕྱིར་རོ། །དེ་ནས་སྤྱི་འཛིན་གྱི་ཤེས་པས་གཟུང་དོན་དུ་བྱས་པའི་དོན་དེ་ཉིད་དབང་ཤེས་ཀྱིས་ཀྱང་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར་གསལ་མི་གསལ་ཐ་དད་དུ་སྣང་བ་མི་འཐད་པར་ཐལ་བའོ། །དེ་ལྟར། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། ཞེས་པ་ལས་འཕྲོས་པའི་རྩོད་སྤང་རྒྱས་པར་བཤད་ནས། སྤྱི་མཚན་དངོས་མེད་དུ་བསྒྲུབ་པའི་རིགས་པ་གཉིས་པ་སྟོན་པ་ནི། རིགས་འདིར་གསལ་བ་ལས་གཞན་ནམ་ཞེས་སོགས་སོ། །གོང་འོག་ཀུན་ཏུ་སྤྱི་གསལ་རྫས་གཅིག་ཏུ་འདོད་པ་གྲངས་ཅན་དང་། རྫས་ཐ་དད་དུ་འདོད་པ་བྱེ་བྲག་པའི་ལུགས་བཀོད་ནས་དགག་པ་མཛད་དེ། དེ་ལ་གྲངས་ཅན་གྱིས་ཆོས་རྣམས་ཀྱི་གནས་ལུགས་དོན་དམ་པར་གྲུབ་པའི་རང་བཞིན་གང་ཡིན་པ་དེ་ཉིད་གཙོ་བོ་ཞེས་ཀྱང་བྱ། རྣམ་འགྱུར་རྣམས་ལ་རྗེས་སུ་འགྲོ་བའི་སྤྱིའང་ཡིན་ནོ། །རྗེས་སུ་འགྲོ་བའི་ཚུལ་ནི་སྔོན་པོའི་རང་བཞིན་གང་ཡིན་པ་དེ་ཉིད་སེར་པོའི་རང་བཞིན་དང་། སེར་པོའི་རང་བཞིན་གང་ཡིན་པ་དེ་ཉིད་སྔོན་པོའི་རང་བཞིན་ཡིན་པ་འདོད་དོ། །དེ་ལྟ་ན་རིགས་ལྡན་གྱི་གསལ་བ་སྔོན་པོ་དེའི་རང་བཞིན་དེ་སྔོ་སེར་སོགས་ཀུན་ལ་རྗེས་སུ་འགྲོ་བའི་རིགས་མ་ཡིན་པར་ཐལ། གསལ་བའི་ངོ་བོ་སྔོན་པོ་


JLD015_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སེར་པོ་སོགས་གཞན་ལ་རྗེས་སུ་འགྲོ་བ་བརྟེན་པ་མེད་པའི་ཕྱིར། ཡང་ན་སྔོན་པོའི་རང་བཞིན་གང་ཡིན་པ་དེ་ཉིད་སེར་པོའི་རང་བཞིན་དང་། སེར་པོའི་རང་བཞིན་གང་ཡིན་པ་དེ་ཉིད་སྔོན་པོའི་རང་བཞིན་དུ་གྱུར་པའི་རིགས་སུ་མི་འཐད་པར་ཐལ། གསལ་བའི་ངོ་བོའམ་རང་བཞིན་དེ་དག་ཕན་ཚུན་རྗེས་འགྲོ་མི་བརྟེན་པའི་ཕྱིར་ཏེ། གསལ་བ་ནང་ཕན་ཚུན་རྗེས་འགྲོ་མི་བྱེད་པའི་ཕྱིར། བྱེ་བྲག་པ་སྤྱི་གསལ་རྫས་གཅིག་པ་ལ་སྐྱོན་དེར་འགྱུར་གྱི་ཁོ་བོ་ཅག་སྤྱི་གསལ་རྫས་ཐ་དད་པ་ལ་སྐྱོན་མེད་དོ་ཞེ་ན། གསལ་བ་འདིའི་སྤྱི་འདི་ཡིན་ནོ་ཞེས་ཐ་སྙད་དངོས་སུ་བྱར་མི་རུང་བར་ཐལ། སྤྱི་གསལ་རྫས་ཐ་དད་པས་བུམ་པའི་གསལ་བ་རྣམས་ལ་བུམ་པའོ་སྙམ་པའི་སྤྱི་བློ་འཇུག་པ་མི་རུང་བའི་ཕྱིར་སྤྱི་དང་གསལ་བ་འབྲེལ་མེད་དུ་འགྱུར་ཏེ། བདག་གཅིག་པའི་འབྲེལ་པའང་མི་འཐད། དེ་ལས་བྱུང་བའི་འབྲེལ་བའང་མི་འཐད་པའི་ཕྱིར། སྤྱི་གསལ་བལྟོས་མེད་ཡིན་པས་དོན་དམ་པའི་འབྲེལ་པ་གྲུབ་པའང་མི་རིགས་ཏེ། འབིགས་བྱེད་དང་གངས་ཅན་ལྟ་བུའོ། །གསལ་བ་དོན་གཞན་སྤྱིའི་བལྟོས་ས་དང་སྤྱི་བལྟོས་ཆོས་ཡིན་ན་སྤྱི་གསལ་བའི་འབྲས་བུར་གྱུར་ནའང་དེ་འཐད་པ་མ་ཡིན་ཏེ། སྤྱི་རྟག་པ་ཉིད་ཀྱི་ཕྱིར་རྒྱུ་འབྲས་མ་ཡིན་པའི་དོན་གང་ཡིན་པ་དེ་ནི་བལྟོས་མེད་ཡིན་ལ། དེ་ལྟ་ན་འབྲེལ་པ་ཡོད་པ་མ་ཡིན་པས་གསལ་


JLD015_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེའི་སྤྱིའོ་ཞེས་དོན་དམ་པའི་འབྲེལ་པ་རིགས་པ་མ་ཡིན་ནོ། །རྒྱུ་འབྲས་ཀྱི་འབྲེལ་བ་དོན་དམ་པར་གྲུབ་པ་བཀག་ནས་སྤྱི་གསལ་གྱི་འབྲེལ་པ་དོན་དམ་པར་གྲུབ་པ་དགག་པ་ནི། གཞན་ཡང་རེ་ཞིག་ཅེས་སོ། །མྱུ་གུ་ས་བོན་ལས་གྲུབ་ཟིན་པའི་ཕྱིར་དེ་ལ་རག་ལས་པ་མེད་པར་ཐལ་བ་སོར་བཞག་གཞུང་གི་དོན་དུ་བྱེད་པ་ནི། རྒྱུ་ལས་གྲུབ་ན་འབྲས་བུ་མ་ཡིན་པས་ཁྱབ་པ་ཁས་ལེན་དགོས་པས་ཧ་ཅང་ཐལ་བར་འགྱུར་ལ། སྔ་མ་ཁ་ཅིག་གིས་བརྟག་པ་བྱས་པ་ལྟར་མྱུ་གུ་ཆོས་ཅན། འབྲས་བུ་ཡིན་ཏེ། ཕན་གདགས་བྱ་ཡིན་པའི་ཕྱིར། ཞེས་པ་ལ་མྱུ་གུ་གྲུབ་ཟིན་ན་ཕན་གདགས་བྱར་མི་རུང་བས་ཕྱོགས་ཆོས་མ་གྲུབ། གྲུབ་མ་ཟིན་ན་ཆོས་ཅན་མ་གྲུབ་པས་ཕྱོགས་ཆོས་མ་གྲུབ་པའི་ཉེས་པར་འགྱུར་བས་དེ་ལ་བརྟགས་ཡང་དག་མི་རུང་བར་འགྱུར་རོ། །དེས་ན་འགྲེལ་པར་དེ་ལ་གྲུབ་པའི་འོག་ཏུ་ས་བོན་ལ་སོགས་པའང་ཅུང་ཟད་མི་བྱེད་པ་དེ་བས་ན་ཞེས་གསུངས་པ་ལྟར། མྱུ་གུ་ཆོས་ཅན་རང་ཉིད་གྲུབ་ཟིན་པའི་འོག་ཏུ་ས་བོན་ལ་རག་ལས་པ་མེད་པར་ཐལ། རང་གི་རྒྱུ་ས་བོན་ལས་གྲུབ་ཟིན་པའི་ཕྱིར། འདོད་ན་མྱུ་གུ་འདི་ས་བོན་འདིའི་འབྲས་བུའོ་སྙམ་པའི་འབྲེལ་པ་རྟོག་པས་བཏགས་པ་ཙམ་དུ་ཐལ། མྱུ་གུ་དེ་རང་ཉིད་གྲུབ་ཟིན་པའི་འོག་ཏུ་ས་བོན་ལ་རག་ལས་པ་མེད་པའི་ཕྱིར། དེ་ལ་ཁྱབ་པ་གྲུབ་པའི་དོན་ནི། ས་མྱུག་གི་འབྲེལ་བ་རྟོག་པའི་གཟུང་ཡུལ་ཡིན་པས་དེ་རྫས་སུ་གྲུབ་ན་རྟོག་པ་མ་འཁྲུལ་


JLD015_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ལ། དེ་ལྟ་ན་འབྲེལ་པ་འཛིན་པའི་རྟོག་པ་ལས་མྱུག་རྭ་གཡས་གཡོན་བཞིན་དུ་དུས་མཉམ་དུ་སྣང་བས་དུས་མཉམ་དུ་གྲུབ་དགོས་པར་འགྱུར་བའོ། །དུ་བ་ཡིན་ན་མེ་སྔོན་དུ་སོང་བའི་ཁྱབ་པ་དང་། མེ་སྔོན་དུ་མ་སོང་ན་དེ་མི་འབྱུང་ཞིང་མེ་ཡོད་ན་དེའི་རྗེས་སུ་བྱེད་པའི་འབྲེལ་བའི་དོན་ལྡོག་མངོན་སུམ་གྱི་གཟུང་ཡུལ་དུ་བྱེད་ནའང་རྒྱུ་འབྲས་སུ་དུས་མཉམ་པར་འགྱུར་བའོ། །འབྲེལ་པ་རྟོག་པས་བཏགས་པ་ཙམ་ཡིན་པས་ཚད་མའི་གཞལ་བྱ་མ་ཡིན་པར་འདོད་པ་ནི་ལྟག་ཆོད་འབའ་ཞིག་ཡིན་ཏེ། ཚད་མའི་གཞལ་བྱ་ཡིན་པ་འགོག་པ་པ་དང་རྟོག་བཏགས་སུ་བསྒྲུབ་པ་དང་སྒྲུབ་བྱེད་གང་འགོད་ཀྱང་སེའུ་བཅུ་པའི་ངག་ལྟར་འབྲེལ་མེད་དུ་ཁས་བླངས་དགོས་པར་འགྱུར་བས་སོ། །དེས་ན་འབྲེལ་བརྟག་ལས། དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཏུ་ན་མེད། ཅེས་དགག་བྱ་ལ་ཁྱད་པར་སྦྱར་ནས་བཤད་པས་འབྲེལ་པ་དོན་དམ་པ་གྲུབ་པ་འགོག་པ་ཡིན་གྱི། ཚད་མའི་གཞལ་བྱ་ཡིན་པ་རྣམ་པ་ཐམས་ཅད་དུ་འགོག་ཏུ་མི་རུང་ངོ་། །རྟོག་པས་བཏགས་པ་ལ་དོན་བྱེད་ནུས་པའི་གཞི་མཐུན་ལེགས་པར་འཇོག་མ་ཤེས་ན་དབུ་མ་ཆེན་པོའི་ལུགས་ལས་འདས་པ་ལྟར། ཚད་མས་གྲུབ་པའི་གཞི་མཐུན་འཇོག་མི་ཤེས་ན་གཞུང་ལུགས་འདི་ལས་ཕྱིར་རོལ་དུ་གྱུར་པར་ཤེས་པར་བྱའོ། །རྒྱུ་འབྲས་ཀྱི་འབྲེལ་པའང་


JLD015_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པར་མ་གྲུབ་ན་སྤྱི་གསལ་གྱི་འབྲེལ་པ་དོན་དམ་པར་ག་ལ་གྲུབ་སྙམ་དུ་དགོངས་ནས་འདྲས་མིན་ཇི་ལྟར་ཡང་། ཞེས་གསུངས་སོ། །སྤྱི་མཚན་གསལ་བ་དང་རྫས་གཅིག་དང་ཐ་དད་གང་དུའང་མ་གྲུབ་པ་དེའི་ཕྱིར་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པར་གྲུབ་བོ། །སྤྱི་གསལ་བ་ལས་རྫས་དེ་ཉིད་དང་གཞན་གང་དུ་ཡིན་པར་བརྗོད་དུ་མེད་པས་དངོས་པོོའི་རང་བཞིན་མེད་པ་ཡིན་ལ། དེ་ཉིད་སྤྱི་ཡིན་ན་རི་བོང་གི་རྭའང་སྤྱི་ཡིན་པར་འགྱུར་རོ་ཞེ་ན། གཏན་མེད་རིགས་སུ་ཐལ་བར་མི་འགྱུར་ཏེ། རང་བཞིན་མེད་པ་ཐམས་ཅད་སྤྱིར་ཁས་མི་ལེན་པའི་ཕྱིར། རང་བཞིན་མེད་ན་འགའ་ཞིག་ཀྱང་སྤྱིར་མི་འགྱུར་ཏེ། རི་བོང་གི་རྭ་བཞིན་ནོ་ཞེ་ན། སྤྱི་གང་ཡིན་པ་དངོས་པོར་མི་འགྱུར་བར་ཐལ་བ་གྲུབ་ཟིན་བསྒྲུབས་ལ། གཅིག་གི་རྣམ་པ་ཅན་གྱི་ཤེས་པའི་ཡུལ་དུ་མི་འགྱུར་བར་ཐལ། རང་བཞིན་མེད་པའི་ཕྱིར། ཞེས་བརྗོད་ན་ཁྱབ་པ་མ་ངེས་སོ། །དེས་ན་རི་བོང་གི་རྭ་གསལ་བའི་སྤྱིར་མི་འགྱུར་ཏེ། གསལ་བ་ལ་བལྟོས་པ་མེད་པའི་ཕྱིར། དངོས་པོ་མེད་པ་ཡིན་ཡང་སྤྱིར་བཞག་ཅིང་རྗོད་བྱེད་སྒྲས་བསྟན་པའི་དགོས་པ་ནི། དེ་ཕྱིར་ངོ་བོ་ལ་བརྟེན་ནས། ཞེས་ཏེ། རྟོག་པ་ལ་བུམ་མ་ཡིན་ལས་ལོག་པར་སྣང་བ་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ཡང་རིགས་སུ་བཏགས་ཤིང་བཞག་པ། རྗོད་བྱེད་སྒྲས་བསྟན་པའི་དགོས་པོ་ནི་ཁྱད་པར་རང་མཚན་ལ་སྐྱེས་བུ་འཇུག་པའི་དོན་དུ་ཡིན་ནོ། །སྤྱི་འཛིན་འཁྲུལ་


JLD015_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པ་ནི། དེ་ལ་ངོ་བོར་སྣང་བའམ། ཞེས་ཏེ། སྤྱི་བློ་སྣང་བ་ལ་འཁྲུལ་པའི་ཚུལ་ནི་འགྲེལ་པ་ལས་རིགས་ཀྱི་ངོ་བོར་སྣང་བའི་སྒོ་ནས་ཕྱི་རོལ་གྱི་དོན་ལ་གཅིག་ཏུ་ཞེན་པ་གང་དེ་འཁྲུལ་པ་ཡིན་ནོ་ཞེས་ཏེ། དཔེར་ན་རྒན་པོ་བརྡའ་བྱང་རང་གི་བཞིན་ལ་སྐྱོན་ཡོད་མེད་མེ་ལོང་ལ་བརྟེན་ནས་རྟོག་པ་ན་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་སྣང་ཞིང་སྣང་བ་དེ་ལ་བརྟེན་ནས་བྱད་བཞིན་རྟོགས་པར་བྱེད་ཀྱི་གཟུགས་བརྙན་དེ་ཉིད་བྱད་བཞིན་ནོ་སྙམ་དུ་ཞེན་པར་ནི་མི་བྱེད་དོ། །དེ་བཞིན་དུ་བུམ་འཛིན་རྟོག་པ་ལ་རིགས་ཀྱི་ངོ་བོར་གྱུར་པ་བུམ་པའི་གཟུགས་བརྙན་སྣང་བའི་སྒོ་ནས་བུམ་པའོ་སྙམ་དུ་ཞེན་པར་བྱེད་ཀྱི། བུམ་པའི་གཟུགས་བརྙན་དེ་ཉིད་བུམ་པའོ་སྙམ་དུ་ཞེན་པར་མི་བྱེད་པ་ནི་ཁ་ནང་དུ་ལོག་པས་ཤེས་སོ། །དེ་ཡི་དངོས་པོ་སྟོང་དེ་དག །ད་ཡི་ངོ་བོར་ཞེན་པའི་ཕྱིར། ཞེས་སོགས་ཀྱང་དོན་དེ་བཞིན་དུ་གོ་བར་བྱའི་རྟོག་པ་མཐའ་དག་ཞེན་ཡུལ་ལ་འཁྲུལ་བར་མི་གཟུང་ངོ་། །འཁྲུལ་བའི་རྒྱུ་ནི་ཐོག་མེད་པའི། །ཞེས་སོ། །མེད་དགག་གཞན་སེལ་གྱི་སྤྱི་དངོས་མེད་དུ་བསྒྲུབ་པ་ནི། དོན་རྣམས་ཀྱིས་ནི། ཞེས་ཏེ། རྗོད་བྱེད་སྒྲ་ལ་བརྟེན་ནས་ཤུགས་ལ་རྟོགས་པར་བྱ་བ་བུམ་པའི་སྟེང་གི་བུམ་མ་ཡིན་རྣམ་པར་དཔྱད་པ་དེ་ལའང་ངོ་བོ་ཅུང་ཟད་ཀྱང་མེད་པ་ཡིན་ཡང་། རྗོད་བྱེད་རྣམས་ཀྱིས་རྗོད་པར་བྱེད་པ་ཡིན་ནོ། །བློའི་གཞན་སེལ་གྱི་སྤྱི་དངོས་མེད་དུ་བསྒྲུབ་


JLD015_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སྤྱི་འཛིན་འཁྲུལ་བར་བསྟན་པ་དང་། དེའི་གཟུང་ཡུལ་བརྫུན་པར་བསྟན་པའི་དང་པོ་ནི། ངོ་བོ་མེད་ཅན། ཞེས་ཏེ། སྤྱི་འཛིན་གྱི་བློ་ལ་དངོས་པོར་སྣང་བ་དེ་དངོས་པོའི་ངོ་བོ་ཅུང་ཟད་ཀྱང་མེད་པ་ཅན་ཡིན་ཡང་དེ་ལ་དོན་དུ་འཁྲུལ་ནས་འཇུག་པའི་སྣང་བ་གང་ཡིན་པ་དེ་ཉིད་སྤྱི་ཡིན་པར་ཁོ་བོ་ཅག་འདོད་ལ། དེའང་དངོས་པོར་རིགས་པ་མ་ཡིན་ཏེ། བརྫུན་པ་ཉིད་ཡིན་པའི་ཕྱིར། བློ་དེ་ཉིད་འཁྲུལ་པ་ཡིན་ཏེ། བུམ་གསལ་རྫས་ཐ་དད་པ་དུ་མ་སྤྱི་ཉིད་དུ་སྟེ་བུམ་པའོ་སྙམ་དུ་མཐོང་བའི་ཕྱིར། དེའི་དོན་ནི་རྫ་བུམ་མཐོང་ནའང་བུམ་པའོ་སྙམ་པ་དང་། དངུལ་བུམ་མཐོང་ནའང་བུམ་པའོ་སྙམ་དུ་ངེས་པའི་འཛིན་སྟངས་ལ་གཅིག་གི་མཚན་གཞིར་བཟུང་དུ་རུང་བའི་དུ་མ་པའོ་སྙམ་པ་ཡོད་ཀྱི། བུམ་གསལ་རྫས་ཐ་དད་པ་དུ་མ་གཅིག་ཏུ་འདྲེས་པར་ཞེན་པ་ནི་མེད་དོ། །གཉིས་པ་ནི། བསླད་ཕྱིར། ཞེས་ཏེ། སྤྱི་བློའི་སྣང་བ་དེ་ཉིད་བརྫུན་པ་ཡིན་ཏེ། བསླད་པ་སྟེ་དངོས་པོར་སྣང་བའི་ངོ་བོ་ཡིན་ཡང་སྣང་བ་ལྟར་གྱི་དངོས་པོར་བརྟག་པའི་རྟེན་མ་ཡིན་པའི་ཕྱིར་ཏེ་དེ་ཁོ་ན་ཉིད་དུ་དངོས་པོར་མེད་བཞིན་དུ་དངོས་པོར་སྣང་བའི་ཕྱིར། དངོས་པོར་མེད་པས་རྫས་གཅིག་དང་ཐ་དད་གང་དུའང་བརྗོད་པར་བྱ་བ་མ་ཡིན་ནོ། །འདིས་ནི་བློའི་སེལ་བ་ལ་དོན་དམ་པར་ངོ་བོ་ཅུང་ཟད་ཀྱང་མེད་པར་བསྟན་ཏོ། །གལ་ཏེ་བུམ་སྤྱི་དེ་བུམ་པའི་ཉེ་བར་ལེན་པ་གཟུགས་དྲི་སོགས་ལས་རྫས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ནའང་། བུམ་སྣམ་རྫས་ཤིན་ཏུ་ཐ་དད་པས་བུམ་པའི་སྤྱི་དེ་སྣམ་བུ་ལས་


JLD015_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་གཞན་དུ་བརྗོད་པར་བྱར་ཡོད་པས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་དངོས་པོ་མ་ཡིན་པར་བསྒྲུབ་པའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། བུམ་པ་ཞེས་བྱ་བའི་ཚོགས་པ་སྟེ་སྤྱི་སྣམ་བུ་ལས་རྫས་གཞན་དུ་བརྗོད་པར་བྱར་ཡོད་པ་དེ་ལྟར་ནའང་དངོས་པོ་མ་ཡིན་པར་ཐལ། རང་གི་ཚོགས་པ་གཟུགས་དྲི་སོགས་ལས་རྫས་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། གང་དུའང་བརྗོད་བྱ་མ་ཡིན་པ་དེའང་དངོས་པོ་ཉིད་མ་ཡིན་པས་ཁྱབ་པའི་ཕྱིར་བུམ་སྤྱི་དངོས་པོ་མ་ཡིན་པར་འདོད་དོ། །དེ་ལྟ་མ་ཡིན་ཏེ། དངོས་པོ་ཡིན་ན་གཟུགས་དྲི་སོགས་དེ་ལས་ཀྱང་རྫས་དེ་ཉིད་དང་གཞན་གང་དུའང་བརྗོད་དུ་མེད་པར་མི་འགྱུར་ན། བརྗོད་དུ་མེད་པ་དེ་ཡོད་པའང་ཡིན་ཏེ། དངོས་པོའི་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར། དངོས་པོ་ཡིན་ན་དངོས་པོ་གང་ལ་བལྟོས་ཀྱང་དེ་ཉིད་དང་གཞན་དུ་བརྗོད་བྱ་མ་ཡིན་པར་མི་འགྱུར་ཏེ། དངོས་པོ་ལ་རྫས་གཅིག་དང་ཐ་དད་ཀྱི་བརྟག་པ་ལས་མ་འདས་པའི་ཕྱིར། དེས་ན་བུམ་སྤྱི་དངོས་མེད་དུ་བསྒྲུབ་པ་ལ་དངོས་པོ་གང་ལ་བལྟོས་ནས་ཀྱང་རྫས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར། ཞེས་རྟགས་ཁྱད་པར་དང་བཅས་པ་མ་གྲུབ་པ་མ་ཡིན་ལ། རྟགས་ཟུར་སྔ་མ་མེད་པར་རྫས་གཅིག་དང་ཐ་དད་གང་དུའང་མེད་པ་སྤྱིར་བཀོད་ཀྱང་རྟགས་མ་གྲུབ་པའི་སྐྱོན་མེད་དེ། བུམ་སྤྱི་དེ་སྣམ་བུ་ལས་ཀྱང་རྫས་གཞན་དུ་བརྗོད་པར་བྱར་མེད་པའི་ཕྱིར། བུམ་སྤྱི་དང་སྣམ་བུའི་སྤྱི་རྟོག་པ་ལ་རྫས་ཐ་དད་དུ་སྣང་ཞིང་དེ་ལྟར་ཐ་སྙད་


JLD015_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་ནི་ཉེར་ལེན་བུམ་སྣམ་རྫས་ཐ་དད་པས་ཐ་དད་དུ་བཏགས་པ་ཙམ་ཡིན་ནོ། །གཞན་ཡང་སྒྲ་བློ་འཇུག་པ་སྤྱི་དངོས་པོ་བ་ཁྱད་ཆོས་སུ་ཡོད་པའི་རྒྱུ་མཚན་གྱིས་ཡིན་ན། འདས་མ་འོངས་ཀྱི་བུམ་པ་ལའང་སྤྱི་དངོས་པོ་བ་ཡོད་པའི་རྒྱུ་མཚན་གྱིས་བུམ་པའི་སྒྲ་སྦྱོར་བར་འགྱུར་ལ། དེ་འདོད་དོ་ཞེ་ན། བུམ་སྤྱི་ཆོས་ཅན། དངོས་པོར་མེད་པ་འདས་མ་འོངས་ཀྱི་ཆོས་སུ་ཇི་ལྟར་ཡང་མི་འགྱུར་བར་ཐལ། རྫས་སུ་མེད་པའི་ཕྱིར། ཡང་ན་རྫས་སུ་མེད་པར་ཐལ། དངོས་པོར་མེད་པའི་ཆོས་ཡིན་པའི་ཕྱིར། འདས་མ་འོངས་ཀྱི་བུམ་པ་ལ་བུམ་པའི་སྒྲ་བཏགས་མིང་དུ་འཇུག་ན་རྒྱུ་མཚན་མེད་པར་མཚུངས་བཞིན་དུ་འདས་མ་འོངས་ཀྱི་བུམ་པ་ལ་བཏགས་མིང་དུ་འཇུག་ལ་སྣམ་སོགས་ལ་བཏགས་མིང་དུ་མི་འཇུག་པ་མི་འཐད་དོ། །འདས་པ་དང་མ་འོངས་པའི་བུམ་པ་བྱུང་ཟིན་པའི་ཁ་སང་གི་བུམ་པ་དང་འབྱུང་འགྱུར་སང་ཉིན་གྱི་བུམ་པ་ལ་བརྗོད་ན་བུམ་པའི་སྒྲ་དངོས་མིང་དུ་འཇུག་པས། བུམ་པའི་མིང་འཇུག་པ་འགོག་པ་མི་འཐད་ལ། བུམ་པ་ཞིག་པ་དང་མ་སྐྱེས་པའི་དངོས་མེད་ལ་བརྗོད་ནའང་བུམ་པའི་སྒྲ་འཇུག་པ་མི་འཐད་ལ། དེ་རིང་གི་དུས་ན་ཁ་སང་གི་བུམ་པ་ཞིག་ཀྱང་ཁ་སང་གི་བུམ་པ་ཞེས་བརྗོད་དུ་རུང་མི་རུང་ལ་བྱེད་ན་བཏགས་མིང་དུ་འཇུག་པ་འགོག་པའང་མི་འཐད་དེ། དངོས་མིང་དུ་དེ་ལས་ཀྱང་མི་འཇུག་པའི་ཕྱིར་རོ། །ད་ལྟར་གྱི་བུམ་པ་ཆུ་འཛིན་པའི་དོན་བྱེད་ནུས་པར་ཡོད་པ་དེ་ལྟར་འདས་མ་འོངས་ཀྱི་བུམ་པ་ལའང་ཆུ་འཛིན་པར་གྱུར་ཟིན་པ་དང་འབྱུང་བར་འགྱུར་བས་ཆུ་


JLD015_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོར་གྱི་དོན་བྱེད་ནུས་པ་ཉིད་འདས་མ་འོངས་ཀྱི་བུམ་པ་ལ་བཏགས་མིང་དུ་འཇུག་པའི་རྒྱུ་མཚན་ཡིན་ནོ་ཞེ་ན། ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་ན་བུམ་པ་ཉིད་ཡིན་པས་དངོས་མིང་དུ་འཇུག་པ་ལྡོག་ཏུ་མེད་ལ། བུམ་པ་ཞིག་པ་ལྟ་བུའི་དངོས་མེད་ཡིན་ན་འདོགས་པའི་རྒྱུ་མཚན་དེ་ཉིད་མེད་པའི་ཕྱིར་བཏགས་མིང་ཡང་མི་རིགས་སོ། །དེ་བཞིན་དུ་མ་འོངས་པ་ལའང་སྦྱར་ནས་ཤེས་པར་བྱའོ། །གཞན་ཡང་ཐ་དད་པའི་སྤྱི་དོན་གཞན་ཁྱད་པར་གྱི་ཆོས་སུ་ཡོད་པ་དེ་ལ་དངོས་མིང་དང་དེ་འདྲ་མེད་པའི་མིང་འཇུག་པ་བཏགས་མིང་དུ་འདོད་པའང་མི་འཐད་དེ། འཇིག་རྟེན་ན་མིང་གང་ལས་འདྲ་བ་དང་འབྲེལ་པ་སོགས་ལ་བལྟོས་པ་མེད་པར་བློ་འཁྲུལ་མེད་དུ་འཇུག་པའི་དོན་དེ་ལ་དངོས་མིང་དང་། དོན་དེ་དང་འདྲ་བ་སོགས་རྒྱུ་མཚན་དུ་བྱས་ནས་ཕྱིས་མིང་དུ་བཏགས་པ་འཇིག་རྟེན་ན་ཡོད་པ་དེ་དོར་བར་རིགས་པ་མ་ཡིན་ནོ། །བུམ་པའི་སྤྱི་ལའང་སྤྱི་དོན་གཞན་ཁྱད་པར་གྱི་ཆོས་སུ་མེད་ཀྱང་བུམ་པའི་སྤྱི་ཞེས་པའི་མིང་དངོས་མིང་དུ་འཇུག་པས་གནས་མ་ཡིན་པ་ལ་ཞེན་པས་ཅི་ཞིག་བྱ། བརྗོད་བྱའི་དོན་དངོས་པོར་ཡོད་མེད་ཀྱི་སྒོ་ནས་དངོས་མིང་དང་བཏགས་མིང་གི་ཁྱད་པར་འབྱེད་པའང་མི་འཐད་དེ། བརྗོད་བྱའི་དོན་དངོས་པོར་མེད་ནའང་ཐོག་མར་གྲགས་པས་བཀོད་པའི་མིང་དེ་དོན་དེ་ལ་དངོས་མིང་དང་། ཕྱིས་འདྲ་བ་སོགས་ཀྱིས་འཁྲུལ་ནས་མིང་དུ་བཏགས་པ་དོན་དེ་ལ་ཕལ་བ་བཏགས་མིང་ཡིན་ནོ། །འཇིག་རྟེན་པ་རྣམས་ནི་འདས་མ་འོངས་ཀྱི་བུམ་པ་


JLD015_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བུམ་པའི་བློ་འཁྲུལ་མེད་དུ་སྐྱེ་ཞིང་། ད་ལྟར་བའི་བུམ་པ་དང་ཁྱད་པར་མེད་པར་བུམ་པའི་སྒྲ་དངོས་མིང་དུ་སྦྱོར་བས་ཁོ་བོ་ཅག་ལ་ཀླན་ཀ་བཙལ་དུ་མེད་དོ། །བུམ་པ་ཆག་ཟིན་པ་ལ་སྔར་གྱི་བུམ་པ་དེ་ཞེས་ཐ་སྙད་བྱེད་པའོ། །དཔེར་ན་མངོན་པར་འདོད་པའི་དོན་བསྒྲུབ་པའི་ནུས་པ་མེད་པའི་བུ་དངོས་པོར་ཡོད་ནའང་བུ་མེད་ཅེས་བཏགས་མིང་དང་། རི་བོང་རྭ་ལ་སོགས་པ་ལ་མེད་ཅེས་དངོས་མིང་དུ་འགྱུར་བ་ལྟ་བུའོ། །གཞི་མ་གྲུབ་ཀྱང་གྲངས་ཅན་གྱིས་བཏགས་པའི་གཙོ་བོ་མཚན་ཉིད་ལྔ་ལྡན་ལ་གཙོ་བོ་ཞེས་པའི་མིང་དངོས་མིང་དང་། ཡུལ་གྱི་རྒན་པོ་འགའ་ཞིག་ལ་གཙོ་བོ་ཞེས་པ་བཏགས་མིང་དུ་འཇུག་པ་དང་། ཡང་གྲངས་ཅན་གྱིས་བཏགས་པར་གྱུར་པའི་གཏན་མེད་ཀྱི་སྐྱེས་བུ་ལ་སྐྱེས་བུ་ཞེས་པ་དང་། བྱ་བ་བྱེད་ནུས་ཀྱི་སྐྱེས་བུ་ལ་སྐྱེས་བུ་ཞེས་པའི་དངོས་བཏགས་ཀྱི་ཁྱད་པར་ཡང་ཤེས་པར་བྱ་སྟེ། དཔེ་ཕྱི་མ་འདི་དག་དེ་ལྟར་གྲགས་པའི་འཆད་པ་པོ་དང་ཉན་པ་པོའི་དབང་དུ་བྱས་ཀྱི་འཇིག་རྟེན་ན་གྲགས་པའི་དངོས་བཏགས་ཀྱི་ཁྱད་པར་ནི་མ་ཡིན་ནོ། །དེ་ལྟར་སྤྱི་མཚན་དངོས་མེད་དུ་བསྒྲུབ་པའི་རིགས་པ་གཉིས་བསྟན་ནས། རིགས་པ་གསུམ་པ་ནི། ཞིག་ལ་སྒྲ་ལས་ཞེས་སོ། །མ་ཞིག་པ་ད་ལྟར་བའི་བུམ་པ་ལ་རྟོག་པོའི་སྣང་བ་དངོས་པོར་མེད་དེ། ཞིག་པ་འདས་པའི་བུམ་པ་ལ་རྟོག་པའི་བློ་དང་སྣང་ཚུལ་མཚུངས་པའི་ཕྱིར། མི་གསལ་བར་སྣང་བ་མཚུངས་པ་ཡིན་གྱི་དུས་སྔ་ཕྱི་དང་འབྲེལ་བའི་སྣང་ཚུལ་ཁྱད་པར་ནི་ཡོད་དོ། །འདས་


JLD015_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་དངོས་མེད་དུ་ཁས་མི་ལེན་པ་དེའི་ལུགས། དེ་ལའང་ད་ལྟར་དོན་བྱེད་ནུས་པའི་གནས་སྐབས་ཀྱི་ངོ་བོ་མངོན་སུམ་གྱི་དམིགས་པ་བཞིན་དུ། འདས་མ་འོངས་ལ་དམིགས་པའི་བློ་ལའང་སྣང་ཚུལ་དེ་ལྟར་ཡོད་པ་མ་ཡིན་པས་དེའི་ངོར་ཡང་གཏན་ཚིགས་དང་དཔེ་མ་གྲུབ་པ་མ་ཡིན་ནོ། །སྣ་བ་ལ་སོགས་ཞེས་པའི་རྐང་པ་གཉིས་ནི་མི་མཐུན་པའི་དཔེ་སྟོན་པ་ཡིན་ལ། སྐབས་འདི་དག་ཏུ་ཕལ་ཆེར་སྤྱི་བློའི་སྣང་བ་དངོས་མེད་དུ་བསྒྲུབ་པའི་རིགས་པ་ཉིད་འཆད་པ་ཡིན་ནོ། །ད་ལྟར་བའི་བུམ་པ་ལ་རྟོག་པའི་བློ་སྣང་བ་མཚུངས་པས་དངོས་པོར་གྱུར་པའི་སྤྱི་གཟུང་ཡུལ་དུ་མི་བྱེད་པར་མི་འགྲུབ་སྟེ། གསལ་བ་ལ་བལྟོས་མེད་ཀྱི་སྤྱི་ཡན་གར་བ་གཟུང་དོན་དུ་བྱེད་པས་སྣང་བ་མཚུངས་པ་ཡིན་ནོ་ཞེ་ན། དེ་སྔར་དེ་མཚུངས་མིན་དང་། ཞེས་པའི་སྐབས་སུ་བཟློག་ཟིན་པས་ལན་མ་ཡིན་ནོ། །བྱེ་བྲག་པས་གསལ་བ་སྔར་མཐོང་ནས་སྤྱི་འཛིན་དེའི་རྗེས་སུ་སྐྱེ་བ་ཡིན་ཀྱང་གསལ་བ་ལ་སྒྲ་བློ་འཇུག་པ་སྤྱི་མཐོང་བ་ལ་རག་ལས་པར་འདོད་དོ། །སྤྱི་མཚན་དངོས་མེད་དུ་བསྒྲུབ་པའི་རིགས་པ་བཞི་པ་ཆ་ཤས་ཅུང་ཟད་ཀྱང་མེད་པའི་སྤྱི་ཡིན་པ་ཉིད་ཀྱིས་དངོས་མེད་དུ་བསྒྲུབ་པ་ནི། གཞན་ཡང་གང་གི་ཕྱིར་ཞེས་སོ། །རེ་ཞིག་ཆ་ཐ་དད་མེད་པའི་སྤྱི་གཅིག་འདོད་དུ་ཆུག་ནའང་གསལ་བ་རྫས་ཐ་དད་པ་རྣམས་གནས་སྐབས་ལ་སོགས་པའི་རྣམ་པ་མི་འདྲ་བ་འགའ་ཞིག་གིས་ཐ་དད་པར་ཁས་བླང་བར་བྱ་སྟེ།


JLD015_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་རྫས་ཐ་དད་པ་འདི་རྣམ་འགྱུར་མི་འདྲ་བ་དེའི་རྟེན་ཅན་ཡིན་པའི་ཕྱིར། གང་ཡང་འགྲོ་བ་རྣམ་འགྱུར་གྱི་དངོས་པོ་རྣམས་གཙོ་བོ་ཆ་མེད་གཅིག་གི་རང་བཞིན་དུ་འདོད་པའི་གྲངས་ཅན་དེས་ཀྱང་རྡུལ་མུན་སྙིང་སྟོབས་གསུམ་ཐ་དད་པ་དང་། སེམས་པ་ཅན་ཡིན་མིན་ཕན་ཚུན་ཐ་དད་པར་འདོད་པ་ཡིན་ནོ། །དེས་ན་གསལ་བ་རྫས་ཐ་དད་པ་རྣམས་ཐ་དད་པ་དགག་མི་ནུས་པས་ཁྱད་པར་ཅན་གྱི་གསལ་བ་རྣམས་ཁྱད་པར་མེད་པའི་སྤྱི་ཆ་མེད་གཅིག་གི་རང་བཞིན་དུ་མི་རིགས་སོ། །ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པའི་ངོ་བོ་གཉིས་ཡོད་ན་དངོས་པོ་ཆ་མེད་གཅིག་གི་རང་བཞིན་དུ་ཇི་ལྟར་འགྱུར། སྤྱི་གསལ་རྫས་གཅིག་པ་ལ་སྐྱོན་དེ་ཡོད་པས་རྫས་གཞན་དུ་འདོད་ན་གསལ་བ་དེ་དག་གི་སྤྱི་འདིའོ་ཞེས་པ་འབྲེལ་མེད་དུ་འགྱུར་རོ། །རྣམ་གཅོད་གཞན་སེལ་ཁས་ལེན་པ་ལ་ནི་རྫས་གཅིག་དང་ཐ་དད་ཀྱི་སུན་འབྱིན་དེ་དག་འཇུག་པ་མེད་དེ། མཐེ་བོང་མ་ཡིན་པ་དེ་མཛུབ་མོ་ལྷག་མ་བཞི་ལ་ཁྱད་པར་མེད་པར་རྗེས་སུ་འགྲོ་བའི་སྤྱི་ཡིན་པ་ལྟ་བུའོ། །སྤྱི་མཚན་དངོས་མེད་དུ་བསྒྲུབ་པའི་རིགས་པ་ལྔ་པ་དང་དྲུག་པ་རྩ་བ་འགྲེལ་པ་དང་བཅས་པ་ནི་གོ་བར་ཟད་དོ། །རིགས་པ་བདུན་པ་ནི་རྣམ་པ་འགས་ཀྱང་ཞེས་སོ། །རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་དངོས་པོར་མི་རུང་སྟེ། དེ་ཡིན་ན་གསལ་བ་ལ་བལྟོས་མེད་ཀྱི་ཡན་གར་བར་སྣང་དགོས་པ་ལ་རྣམ་པ་འགས་ཀྱང་རྣམ་ཤེས་ལ་དེ་ལྟར་སྣང་བ་མེད་པའི་ཕྱིར། དངོས་པོ་རྫས་ཐ་དད་པ་ཡིན་ན་


JLD015_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་གཅིག་གཟུང་ཡུལ་ཡིན་ནའང་སོ་སོར་སྣང་དགོས་ཏེ། ལུས་ཀྱི་ཤེས་པ་གཅིག་གི་ཡུལ་དུ་གྱུར་པའི་རླུང་དང་ཉི་མའི་འོད་ཟེར་གྱི་རེག་བྱ་ལྟ་བུའོ། །གཞན་རྣམས་ནི་གོ་བོར་ཟད་དོ། །རང་མཚན་མ་གཏོགས་པའི་གཞལ་བྱ་གཞན་ཅུང་ཟད་ཀྱང་དོན་བྱེད་ནུས་པར་ཡོད་པ་མ་ཡིན་པ་དང་། རང་མཚན་གཅིག་པུ་གཞལ་བྱར་བཞག་པའི་དགོངས་པ་ནི་དངོས་མེད་ཚད་མའི་གཞལ་བྱར་མི་རུང་བར་སྟོན་པ་མ་ཡིན་ཏེ། དེ་ལྟ་ཡིན་ན། གཞུང་གོང་འོག་དུ་མ་དང་རིགས་པ་དུ་མ་དང་འགལ་བར་འགྱུར་རོ། །དེས་ན་ཐ་མལ་པ་ལས་མངོན་པར་འཕགས་པ་སྐྱེས་བུ་རྟོག་པ་དང་ལྡན་པ་དག་ཕྱི་མ་ཕན་ཆད་དུ་བླང་བར་བྱ་བ་ཕན་པ་སྐྱེད་པ་ནི་གང་ཞིག་ཡིན། དོར་བར་བྱ་བ་གནོད་པ་སྐྱེད་པ་ནི་གང་ཞིག་ཡིན། འདོར་ལེན་བྱ་བ་དེ་དག་གི་རྒྱུ་ནི་གང་ཞིག་སྙམ་དུ་དཔྱོད་པའི་དབང་དུ་བྱས་ལ། དོན་བྱེད་ནུས་པ་དེའང་རང་མཚན་ཁོ་ན་ལས་གཞན་མེད་པས་རང་མཚན་གཅིག་པུ་གཞལ་བྱ་ཞེས་བྱའོ། །སྤྱི་ལའང་དཔྱོད་པ་འཇུག་པ་མ་ཡིན་ནམ་ཅི་ལྟར་དེ་ཁོ་ན་གཞལ་བྱ་ཡིན་ཞེ་ན། དེ་ལ་དཔྱོད་པའང་རང་མཚན་ཁོ་ནའི་རྟེན་ཅན་ཡིན་ཏེ། སྤྱི་དངོས་པོར་ཕྱི་རོལ་བ་དག་གིས་སྟོན་པར་བྱེད་ལ། སྤྱི་དེ་འགའ་ཞིག་ལ་དོན་བྱད་པར་རུང་ངམ་མི་རུང་ཞེས་དངོས་པོའི་རྗེས་སུ་འབྲངས་ནས་དཔྱོད་པ་ཡིན་གྱི་གཏམ་མེད་དུ་ངེས་ཟིན་ན་འབྲས་བུ་དོན་གཉེར་དཔྱོད་པ་ཅུང་ཟད་ཀྱང་མི་བྱེད་དོ། །


JLD015_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་རྟོགས་པའི་ཚད་མ་རྣམས་ཀྱང་སྔར་བཤད་པ་དེའི་ཡན་ལག་ཏུ་རྟོག་ལྡན་ལ་ཉེ་བར་མཁོ་བ་ཡིན་གྱི། དེ་ལྟ་མ་ཡིན་ན་འཁྲིག་པ་དོན་གཉེར་གྱི་བུད་མེད་ཀྱི་འདོད་དོན་དེ་བསྒྲུབ་པའི་ཆེད་དུ་མ་ནིང་ཁྱད་པར་གྱི་གཞིར་བཟུང་ནས་གཟུགས་བཟང་མི་བཟང་དཔྱོད་པ་དང་འདྲའོ། །གཞལ་བྱ་གཅིག་ཁོ་ན་ཡིན་ན་སློབ་དཔོན་ཕྱོགས་གླང་གིས་གཞལ་བྱ་གཉིས་སུ་གསུངས་པའི་དོན་ཅི་ཡིན་ཞེ་ན། རང་མཚན་ལྟར་སྤྱི་མཚན་རང་རྒྱུད་པ་ཡོད་པའི་སྒོ་ནས་གཉིས་བཞེད་པ་མ་ཡིན་གྱི། མངོན་སུམ་གྱིས་རང་མཚན་རྟོགས་པར་བྱེད་པ་ནི་ཐུན་མོང་མ་ཡིན་པའི་རང་གི་ངོ་བོ་གཞན་དང་མ་འདྲེས་པར་སྣང་བའི་སྒོ་ནས་རྟོགས་པར་བྱེད་ལ། རྗེས་དཔག་གིས་ལྐོག་གྱུར་རང་མཚན་རྟོགས་པར་བྱེད་པ་ན་རང་མཚན་ལས་གཞན་པའི་ངོ་བོ་ལ་རང་མཚན་དུ་སྣང་བའི་སྒོ་ནས་རང་མཚན་ལ་ཞེན་ནས་རྟོགས་པར་བྱེད་པས་གཉིས་སུ་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ལྐོག་གྱུར་གྱིས་མ་རྟོགས་པའི་རྗེས་དཔག་ཚད་མས་སྤྱི་མཚན་དེ་ཉིད་དཔྱོད་པར་བྱེད་པ་ཡིན་ན་སྤྱི་མཚན་དེ་ཉིད་ལ་འཇུག་པར་འགྱུར་ཏེ། དེ་ཙམ་རྟོགས་པའི་བསམ་པ་ཅན་ཡིན་པའི་ཕྱིར། མེ་ལ་འཇུག་པར་མི་འགྱུར་བར་ཐལ། བུམ་པ་ཡོངས་སུ་དཔྱད་ནས་སྣམ་བུ་ལ་མི་འཇུག་པ་ལྟ་བུའོ། །དེས་ན་རྗེས་དཔག་རང་མཚན་འཇལ་བར་བྱེད་པ་ནའང་རང་གི་གཟུང་ཆ་དངོས་པོ་རང་མཚན་དུ་སྣང་ནས་རང་མཚན་ལ་ཞེན་པར་བྱེད་པ་ཡིན་ནོ། །དེ་ལ་གཞན་དག་གིས་ཁས་བླངས་བརྗོད་


JLD015_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་མི་འཐད་པར་རྩོད་པ་ལ། ཁས་བླངས་བརྗོད་པ་ནི། གལ་ཏེ་གཞན་གྱི་ངོ་བོས་ནི། །རྟོགས་ན་ཞེས་པ་སྟེ། གལ་ཏེ་སྤྱི་མཚན་མི་གསལ་བར་སྣང་བའི་རྗེས་དཔག་རང་གི་གཟུང་རྣམ་སྣང་བའི་སྒོ་ནས་རང་གི་མཚན་ཉིད་དུ་ཞེན་ནས་རྟོགས་པ་ཡིན་ལ། དེའང་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ལ་ཞེན་པས་འཁྲུལ་བར་འདོད་ན། འཁྲུལ་པའང་ཞེས་ཏེ། འགྲེལ་པ་འདི་ལྟར་ནའང་སྒྲ་ཡོད་པར་གསལ་ཏེ། སྨིག་རྒྱུ་ལ་ཆུར་འཛིན་འཁྲུལ་པ་ལྟར་སྤྱི་འཛིན་གྱི་རྣམ་པར་ཤེས་པའང་འཁྲུལ་པ་ཡིན་ན། རང་མཚན་མི་རྟོགས་པར་འགྱུར་བས་ཚད་མ་མ་ཡིན་པར་འགྱུར་རོ། །རྩོད་པ་པོའི་ཐལ་འགྱུར་གྱི་སྦྱོར་བ་ནི་ཡུལ་གང་ཞིག་ཡུལ་གང་ལས་གཞན་གྱི་ངོ་བོ་ཡིན་པ་དེ་ལ་ནི་དེ་རྟོགས་པ་ན་ཅིག་ཤོས་དེ་རྟོགས་པར་མི་འགྱུར་ཏེ། སྒྲ་འཛིན་གྱི་ཤེས་པས་གཟུགས་མི་རྟོགས་པ་ལྟ་བུའོ། །རང་གི་མཚན་ཉིད་ཀྱང་རྟོག་པའི་གཟུང་རྣམ་ལས་གཞན་གྱི་ངོ་བོ་ཡིན་ནོ་ཞེས་པའི་ཁྱབ་བྱེད་འགལ་དམིགས་ཀྱི་ཐལ་བ་དང་། གང་འཁྲུལ་པ་ཡིན་པ་དེ་ཚད་མ་མ་ཡིན་པས་ཁྱབ། དཔེར་ན་མིག་སེར་གྱི་ནད་ཀྱིས་དུང་སེར་པོར་མཐོང་བ་ལྟ་བུའོ། །རྗེས་དཔག་ཀྱང་འཁྲུལ་པ་ཡིན་ནོ་ཞེས་པའི་ཁྱབ་བྱེད་འགལ་དམིགས་ཀྱི་ཐལ་བའོ། །རང་མཚན་གྱི་བསམ་པ་ཅན་གྱི་རྗེས་དཔག་ནི་ཚད་མ་ཡིན་པས་མ་འཁྲུལ་བ་དང་། རང་མཚན་གྱི་ངོ་བོ་འབའ་ཞིག་རྟོགས་པའོ། །ཐལ་བས་འཕངས་པའི་བཟློག་པ་རང་རྒྱུད་ནི།


JLD015_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་ཡིན་ན་མ་འཁྲུལ་བས་ཁྱབ་སྟེ། མངོན་སུམ་ལྟ་བུའོ། །རྗེས་དཔག་ཀྱང་ཚད་མ་ཡིན་ནོ། །ཞེས་པའི་ཁྱབ་བྱེད་འགལ་དམིགས་དང་། གང་གི་ཡུལ་གང་གི་རྟོགས་བྱེད་ཡིན་པའི་ཡུལ་དེ་ནི་རྟོགས་བྱ་དེའི་ངོ་བོ་ཉིད་ཡིན་པས་ཁྱབ་སྟེ། རྗེས་དཔག་ཀྱང་རང་གི་མཚན་ཉིད་རྟོགས་པ་ཡིན་ནོ། །ཞེས་པའི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །ཞེས་པ་ནི་རྩོད་པ་པོའི་བསམ་པའོ། །དེའི་ལན་ནི་བསམ་པ་ལ་ཞེས་སོ། །བསམ་པའི་དོན་ལ་སླུ་བ་མེད་པས་ཚད་མས་འཇོག་པ་ཡིན་ནོ། །གཞན་དག་རྗེས་དཔག་གཟུང་རྣམ་ལ་ཕྱི་རོལ་ཏུ་ཞེན་ནས་འཇུག་པར་བྱེད་པ་ཡིན་ལ། དེས་ཇི་ལྟར་ཞེན་པ་ལྟར་མ་གྲུབ་པ་ནི་རང་བཞིན་སེམས་དཔའི་བློ་ཕྱི་མ་ཞིག་གིས་རྟོགས་པར་འདོད་ལ། དེ་ལ་ཁ་ཅིག་ན་རེ་རང་བཞིན་སེམས་པའི་བློ་ཕྱི་མ་མངོན་སུམ་དུ་མི་འཐད་པས་རྗེས་དཔག་ཏུ་བྱེད་དགོས་ལ། དེའང་གཟུང་རྣམ་ལ་ཕྱི་རོལ་ཏུ་ཞེན་པས་དེ་ལའང་རང་བཞིན་སེམས་པའི་བློ་གཞན་ཞིག་བཙལ་དགོས་པས་ཐུག་པ་མེད་པར་འགྱུར་ལ། རང་བཞིན་སེམས་པའི་རྗེས་དཔག་ཕྱི་མ་གཅིག་ཞེན་ཡུལ་ལ་མ་འཁྲུལ་ན་དང་པོའི་རྗེས་དཔག་ལའང་མཚུངས་པས་རྗེས་དཔག་གང་ཡིན་ཞེན་ཡུལ་ལ་མ་འཁྲུལ་བར་འདོད་དགོས་ཞེས་པ་ནི་ལེགས་པར་བཤད་པའོ། །སྔར་ཐལ་འགྱུར་གྱི་སྦྱོར་བ་གཉིས་བཀོད་པའི་དང་པོ་དེའི་དམ་བཅའ་དེ་རྟོགས་པ་ན་ཅིག་ཤོས་རྟོགས་པར་མི་འགྱུར་བའི་དོན། རྟོགས་བྱའི་དོན་ལ་ཅིག་ཤོས་དེ་འདྲ་བ་ཡོད་པ་མ་ཡིན་པར་


JLD015_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ཡིན་ན། ནོར་བུའི་འོད་ལ་ནོར་བུར་ཞེན་པས་མ་ངེས་ལ། རང་མཚན་ཇི་ལྟ་བ་བཞིན་དུ་འཛིན་པ་མ་ཡིན་པར་བསྒྲུབ་ན་གྲུབ་ཟིན་བསྒྲུབས་པའོ། །ལྡོག་པ་རང་རྒྱུད་འཕངས་པའི་གཏན་ཚིགས་དང་པོ་ལ་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློས་མ་ངེས་པར་འགྲེལ་པ་མཁན་གྱིས་མཛད་པས་ཚད་མར་བཞེད་པར་གསལ། སློབ་དཔོན་ཤཱཀྱ་བློས་རྗེས་དཔག་ཏུ་མཛད་དོ། །རྩོམ་པ་པོས་བཀོད་པའི་རང་རྒྱུད་གཉིས་པ་ནི་མ་གྲུབ་པའི་རྟགས་སུ་བརྗོད་བྱ་ཉིད་ཕྱིར། ཞེས་སོགས་ཀྱིས་ལན་བཏབ་ཟིན་པར་བཤད་དོ། །དཔེ་འདིའི་དོན་ལ་སློབ་དཔོན་ཆོས་མཆོག་གིས་ཤེས་པ་དེ་གཉིས་ཚད་མ་མ་ཡིན་པར་མཚུངས་ཀྱང་ནོར་བུ་ཐོབ་པའི་ཤེས་པ་གཞན་གྱི་རྒྱུ་བྱེད་མི་བྱེད་ཀྱི་ཁྱད་པར་ཡོད་པ་དཔེར་བཀོད་པ་ཡིན་གྱི། རྗེས་དཔག་ཏུ་བྱེད་པ་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། རྩོད་པ་པོ་རྗེས་དཔག་ཙམ་ལོག་ཤེས་ཡིན་པས་ཚད་མ་མ་ཡིན་པར་འདོད་པ་ལ་རྗེས་དཔག་བྱེ་བྲག་པ་ཞིག་དཔེར་འགོད་པ་རྣམ་པ་ཐམས་ཅད་དུ་མི་རིགས་པའི་ཕྱིར་རོ། །འཇིག་རྟེན་ན་རྗེས་དཔག་ཚད་མར་གྲགས་པ་ཁ་ཅིག་དཔེར་བྱེད་པའང་མ་ཡིན་ཏེ། རྗེས་དཔག་ཚད་མ་ཡིན་པ་ལ་བསྙོན་ཅིང་སྐུར་པ་འདེབས་པར་བྱེད་པའི་ཕྱིར་རོ། །གཞན་ཡང་རྗེས་དཔག་ལ་རྟགས་ཆོས་ཀྱི་འབྲེལ་པ་ངེས་པ་སྔོན་དུ་འགྲོ་དགོས་པ་ལ་འདི་ལ་དེ་མེད་པའི་ཕྱིར། འདི་རྟགས་སུ་བཀོད་ན་གོ་སྐབས་འདི་ན་ནོར་བུ་ཡོད་


JLD015_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ནོར་བུའམ་ནོར་བུའི་འོད་གང་རུང་ཡིན་པའི་ཕྱིར་ཞེས་པར་འགྱུར་བས་ཐེ་ཚོམ་ཟ་བའི་མ་གྲུབ་པར་འགྱུར་རོ། །རྟགས་མི་འཁྲུལ་བར་འཛིན་པ་གཉིས་བཤད་པའི་དང་པོ་དཔེའི་སྟེང་དུ་སྤྱིར་གྲུབ་པ་དང་། ཕྱི་མ་དེ་ཉིད་དུས་ཕྱིས་དྲན་པ་ཡིན་གྱི་ཕྱི་མ་འདི་རྗེས་དཔག་ཏུ་བྱེད་པ་ཆོས་མཆོག་གི་བཞད་པར་མི་རུང་ངོ་། །དཔེ་དེ་ཉིད་དོན་ལ་སྦྱར་བ་ནི་རྗེས་དཔག་ལོག་ཤེས་སུ་བཞག་པ་ནི་སྣང་ཡུལ་ལ་འཁྲུལ་པའི་དོན་ཡིན་གྱི་ཞེན་ཡུལ་ལ་འཁྲུལ་བ་ནི་མ་ཡིན་ལ། སྒྲོ་བཏགས་རྟོགས་པ་ལས་གཞན་དུ་རང་མཚན་རྟོགས་པ་བཞག་ཏུ་མེད་པར་ཆོས་མཆོག་གིས་བཤད་པ་ནི་རང་མཚན་འཇལ་བའི་རྗེས་དཔག་གི་ཞེན་ཡུལ་གྱི་རང་ལྡོག་རྟོག་བཏགས་སུ་སྟོན་པ་ཡིན་གྱི། གཟུང་ཡུལ་དུ་གྱུར་པའི་སྒྲོ་བཏགས་དེ་ཉིད་རྟོགས་པའི་སྒོ་ནས་རང་མཚན་རྟོགས་པར་བཞེད་པ་མ་ཡིན་ནོ། །ནོར་བུའི་འོད་ལ་ནོར་བུར་ཞེན་པ་འགོག་པ་ན་སློབ་དཔོན་ཆོས་མཆོག་གིས་རྟགས་ལ་བརྟགས་ནས་འགོག་པ་དང་། དམ་བཅའ་ལ་བརྟགས་ནས་འགོག་པ་གཉིས་མཛད་དེ། དང་པོ་ནི། གཞན་དག་གིས་ནོར་བུའམ་ནོར་བུའི་འོད་གང་རུང་ཡིན་པ་རྟགས་སུ་བྱེད་པར་གསལ་ཏེ། ང་ལ་དམིགས་ཕུག་ནས་དགག་པ་མཛད་པའི་ཕྱིར་དང་། ཕྱོགས་སྔ་མའི་འདོད་པ་མ་དགོངས་པའང་མི་སྲིད་པའི་ཕྱིར། གང་རུང་རྟགས་སུ་མི་རིགས་ཏེ། གཞི་འགར་ནོར་བུའི་འོད་ངེས་པའི་གང་ཟག་གིས་ནོར་བུ་ཡོད་པ་མ་ངེས་པ་མི་སྲིད་ཅིང་། ཁྱད་པར་ནོར་བུ་དང་ནོར་བུའི་འོད་གཉིས་


JLD015_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐེ་ཚོམ་ཟ་བཞིན་དུ་གང་རུང་གི་སྤྱི་ཚད་མས་ངེས་པ་མི་སྲིད་པའི་ཕྱིར་རོ། །སྔ་མ་ཁ་ཅིག་གིས་སློབ་དཔོན་ཆོས་མཆོག་གིས་དགག་པ་མཛད་པ་དེ་མི་འཐད་དེ། ཡ་གྱལ་བ་ལང་དང་བ་མིན་གང་ཡང་མ་ངེས་ཀྱང་གང་རུང་གི་སྤྱི་ཚད་མས་ངེས་ནས་རྭ་ཅན་དཔོག་པའི་རྟགས་སུ་འགྱུར་བས་སོ་ཞེས་ཟེར་བ་མི་མཚུངས་ཏེ། ཕྱི་མ་འདི་ཡ་གྱལ་གང་རུང་རེ་རེ་བཀོད་ནས་ཀྱང་གཞི་འགར་རྭ་ཅན་དཔོག་པའི་རྟགས་སུ་འགྱུར་བ་ཡོད་ལ། སྔ་མ་ལ་ཡ་གྱལ་གང་བཀོད་ཀྱང་ཕྱོགས་ཆོས་མི་སྲིད་པའི་ཕྱིར་རོ། །དེས་ན་སློབ་དཔོན་ཆོས་མཆོག་གིས་སྒོ་གསེབ་ལྟ་བུར་ནོར་བུའི་འོད་མཐོང་བ་ན་ནོར་བུ་དང་ནོར་བུའི་འོད་གང་ཡིན་གཏོལ་མེད་པར་འདི་ན་ནོར་བུ་འདུག་གོ་སྙམ་པ་ཡིན་པས། རྟགས་སུ་འགོད་ན་ནོར་བུའམ་ནོར་བུའི་འོད་ཡིན་པས་ནོར་བུ་ཡོད་དོ་ཞེས་ཐེ་ཚོམ་གྱི་ཡུལ་ཉིད་རྟགས་སུ་འགྱུར་བས་ཐེ་ཚོམ་ཟ་བའི་མ་གྲུབ་པ་ལྟར་སྣང་དུ་འགྱུར་རོ། །དམ་བཅའ་ལ་བརྟགས་ནས་མི་འཐད་པ་ནི་འདི་ན་ནོར་བུ་ཡོད་དོ་སྙམ་དུ་ཞེན་ལ་ཁང་ནང་གི་ཕུགས་ལྟ་བུར་ཐོབ་པས་ཕྱོགས་དེ་ན་ནོར་བུ་ཡོད་པ་ལ་མི་བསླུ་བ་འོང་ངོ་ཞེ་ན། སྒོ་གསེབ་ན་ནོར་བུ་འདུག་གོ་སྙམ་དུ་ཡུལ་གྱིས་ཁྱད་པར་དུ་བྱས་ནས་ཞེན་པས་དཔྱད་སར་མ་ཐོབ་ཐོབ་སར་མ་དཔྱད་པས་ཚད་མར་མི་རུང་སྟེ། ཡུལ་དང་དུས་དང་རྣམ་པ་ལ་འཁྲུལ་བ་ཚད་མར་མི་རུང་བས་སོ། །དེ་ལ་རྩོད་པ་སྤང་བ་ལ། སྐད་ཅིག་མ་ཡིན་མིན་


JLD015_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟགས་ནས་མི་འཐད་པ་སྤང་བ་དང་། གཅིག་དང་དུ་མ་ལ་བརྟགས་ནས་མི་འཐད་པ་སྤང་བ་དང་། ཕྲ་རགས་ལ་བརྟགས་ནས་མི་འཐད་པ་སྤང་བའོ། །དང་པོ་ནི། སྔོན་འཛིན་མངོན་སུམ་ལྟ་བུས་སྐད་ཅིག་མ་མ་དཔྱད་ལ། ཐོབ་པའི་སྔོན་པོ་ནི་སྐད་ཅིག་མ་ཡིན་པ་དང་། ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་གིས་ཀྱང་སྐད་ཅིག་མ་མ་ངེས་ཀྱང་ཐོབ་པའི་དངོས་པོ་ནི་སྐད་ཅིག་མ་ཡིན་པས་དེ་དག་ཀྱང་ཚད་མ་མ་ཡིན་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྐད་ཅིག་མའི་ལྡོག་པ་ཚད་མ་གཞན་གྱིས་ངས་པར་བྱ་བ་ཡིན་ཡང་། སྔོ་འཛིན་མངོན་སུམ་གྱིས་སྔོན་པོ་ཉིད་ཐོབ་པས་དཔྱད་པ་དེ་ཉིད་མ་ཐོབ་པར་ཐལ་བའི་སྐྱོན་མེད་ལ། ཐོབ་པའི་སྐད་ཅིག་མ་དེའང་ཡོངས་སུ་དཔྱད་པའི་སྔོན་པོའི་ཁོངས་སུ་གཏོགས་པས་འགལ་བ་མེད་དོ། །གཉིས་པ་ནི། མངོན་སུམ་ལ་ཆ་དུ་མ་ཅན་དུ་མི་སྣང་ཞིང་སྔོན་པོ་གཅིག་ཡོངས་སུ་དཔྱད་ལ་ཐོབ་པ་ནི་ཆ་དུ་མའི་རང་བཞིན་ཐོབ་པས་སོ། །ཞེ་ན། སྐྱོན་མེད་དོ། །མངོན་སུམ་གྱི་གཟུང་ངོར་ཆ་དང་ཆ་ཅན་མི་སྣང་ཡང་སྔོན་པོ་གཟུང་ཞིང་དེ་ལ་བརྟེན་ནས་སྔོན་པོ་ཐོབ་པ་ཡིན་པས་སོ། །ནོར་བུའི་འོད་ལ་ནོར་བུར་ཤེས་པ་ལ་ནི་སྒོ་གསེབ་ན་ཡོད་པར་བཟུང་ནས་ར་བའི་ཕུགས་སུ་ཐོབ་པས་ཚད་མར་མི་རུང་ངོ་། །གསུམ་པ་ནི། སྔོ་འཛིན་མངོན་སུམ་གྱིས་མཐོང་ཞིང་དཔྱད་པའི་སྔོན་པོ་ནི་རགས་པ་ཡིན་ལ་ཐོབ་པའི་ཆེ་ཕྲ་མོ་རྣམས་ཐོབ་ཅིང་བྱ་བ་བྱེད་པས་དཔྱད་པ་མ་ཐོབ། ཐོབ་པ་མ་དཔྱད་པའི་ཉེས་པ་དེ་ལའང་


JLD015_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ཏེ། རགས་པ་དང་ཕྲ་བ་འགལ་བའི་ཕྱིར་རོ། །ཞེ་ན། གཞི་གཅིག་ལ་ཕྲ་རགས་འགལ་ཡང་སྔོ་འཛིན་མངོན་སུམ་གྱིས་མཐོང་བའི་སྔོན་པོ་དེ་ཉིད་རགས་པ་ཡིན་ལ་ཐོབ་པའི་སྔོ་རྡུལ་དུ་མའང་རགས་པ་གཅིག་གི་རང་བཞིན་ཡིན་པས་སྐྱོན་མེད་དོ། །འོ་ན་མངོན་སུམ་ལ་རགས་པ་སྣང་བར་འགྱུར་རོ་ཞེ་ན། སྔོན་པོ་དོན་གྱི་ཆོས་ཡིན་ཡང་སྔོ་རྡུལ་དུ་མ་སྔོན་པོར་སྣང་བ་བློ་ཆོས་ཡིན་པ་བཞིན་དུ་སྔོན་པོ་དང་སྔོ་རྡུལ་དུ་མ་དོན་གྱི་ཆོས་ཡིན་ཡང་དེ་དག་རགས་པར་སྣང་བ་རྟོག་པའི་སྒོས་ཆོས་ཡིན་གྱི་དབང་ཤེས་ལ་མི་སྣང་ངོ་། །དེས་ན་སློབ་དཔོན་ཆོས་མཆོག་གིས་གནོད་པ་སྔ་ཕྱིར་འཕངས་པ་དང་རྩོད་པ་དེ་རྣམས་ཀྱི་ལན་བཏབ་པ་དེ་དག་གཞན་གྱིས་བཟློག་པར་དཀའ་བས་ལུགས་དེ་ཁོ་ན་ལེགས་པར་མངོན་ནོ། །རྩོད་ལན་གྱི་དོན་བསྡུས་ན་ཕྱོགས་དེ་ན་ནོར་བུ་ཡོད་དོ་སྙམ་པ་ནི་ལོག་ཤེས་ཀྱི་འཛིན་སྟངས་མ་ཡིན་ཏེ། སྒོ་གསེབ་ཀྱི་འོད་ཀྱི་སྣང་བ་ཁྱད་པར་གྱི་གཞིར་བཟུང་ནས་དེ་ན་ནོར་བུ་འདུག་གོ་སྙམ་དུ་ཞེན་པའི་ཕྱིར། དེའི་རྒྱུ་མཚན་ར་ཕུགས་གཞན་གང་ལའང་བློ་ཁ་མ་ཕྱོགས་པར་སྒོ་གསེབ་ཀྱི་སྣང་བ་མིག་ཤེས་ཀྱིས་མཐོང་ནས་ནོར་བུ་འདུག་གོ་སྙམ་དུ་ཞེན་པའི་ཕྱིར། དེ་དགག་པ་མདོར་བསྡུས་པ་ནི། བློ་དེ་ཚད་མ་མ་ཡིན་པར་ཐལ། གཞི་གང་ན་འདུག་སྙམ་དུ་དཔྱད་པ་དེར་མེད་པས་མ་ཐོབ། གང་དུ་ཐོབ་ས་དེར་དངོས་ཤུགས་གང་ལའང་བློ་ཁ་མ་ཕྱོགས་པས་མ་དཔྱད་པའི་ཕྱིར། ཁྱབ་པ་ཡོད་དེ།


JLD015_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསེབ་ཀྱིས་ཁྱད་པར་དུ་བྱས་ནས་དེ་ན་གནས་པའི་ནོར་བུ་དང་ར་ཕུགས་ཀྱིས་ཁྱད་པར་དུ་བྱས་ནས་དེ་ན་གནས་པའི་ནོར་བུ་གཉིས་འགལ་བའི་ཕྱིར། །དེ་ལ་རྩོད་པ་ནི་འོ་ན་སྔོ་འཛིན་མངོན་སུམ་གྱིས་ཐོབ་པ་མ་དཔྱད་པས་དེའང་ཚད་མ་མ་ཡིན་པར་ཐལ་ཏེ། སྐད་ཅིག་མ་མ་དཔྱད་ཅིང་སྐད་ཅིག་མར་གྱུར་བའི་སྔོན་པོ་ཐོབ་པའི་ཕྱིར་རོ་ཞེ་ན། སྐད་ཅིག་མར་བློས་མ་དཔྱད་པ་དང་སྐད་ཅིག་མར་གྱུར་པའི་སྔོན་པོ་ཐོབ་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དེ། དཔྱད་པའི་སྔོན་པོའང་སྐད་ཅིག་མའི་ཁོངས་སུ་གཏོགས་པའི་ཕྱིར། ཡང་མངོན་སུམ་གྱིས་གཅིག་དཔྱད་ལ་ཐོབ་པའི་ཚེ་དུ་མ་ཐབ་པས་ཚད་མ་མ་ཡིན་པར་ཐལ་ཏེ། གཅིག་དང་དུ་མ་འགལ་བའི་ཕྱིར་ཞེས་པ་དང་། ཡང་མངོན་སུམ་གྱི་གཟུང་ཞིང་དཔྱད་པའི་སྔོན་པོ་རགས་པ་ཡིན་ལ་ཐོབ་པའི་ཚེ་ཕྲ་མོ་ཐོབ་པས་ཚད་མ་མ་ཡིན་པར་ཐལ་ཏེ། རགས་པ་དང་ཕྲ་བ་འགལ་བའི་ཕྱིར་ཞེས་པའི་རྩོད་པ་རྣམས་ཀྱང་མི་མཚུངས་པ་རྟོགས་པར་སླའོ། །དེ་ལྟར་རང་མཚན་ཁོ་ན་གཞལ་བྱར་བྱས་པའི་ཚེའང་རང་གི་ཐུན་མོང་མ་ཡིན་པའི་ངོ་བོ་གཟུང་ཡུལ་དུ་བྱས་པའི་སྒོ་ནས་གསར་དུ་རྟོགས་པ་དང་། སྤྱི་མཚན་གཟུང་ཡུལ་དུ་བྱས་པའི་སྒོ་ནས་གསར་དུ་རྟོགས་པའི་མངོན་རྗེས་ཀྱི་མཚན་ཉིད་ཅི་འདྲ་བ་དང་། གཞལ་བྱ་གཉིས་སུ་གསུངས་པའི་དོན་གང་ཡིན་པ་དང་། གཞལ་བྱ་གཉིས་སུ་གྲངས་ངེས་པའི་ཕྱོགས་ཆོས་བསྒྲུབས་ནས་རྩ་བའི་རྟགས་ཀྱི་ཁྱབ་པ་བསྒྲུབ་པ་ནི། དེ་ནི་ཇི་ལྟར་ཞེས་སོ། །དོན་རང་མཚན་ཡུལ་


JLD015_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ན་ཉེ་བའི་ཚེ་སྐྱེ་ཉེ་བ་མ་ཡིན་པའི་ཚེ་ལྡོག་པའི་གཟུང་དོན་གྱི་ནུས་པའི་སྟོབས་ལས་རྗེས་སུ་འགྲོ་ལྡོག་བྱེད་པའི་སྒོ་ནས་གཞལ་བྱ་གསར་དུ་རྟོགས་པ་དེ་ལ་མངོན་སུམ་ཚད་མ་ཞེས་བྱ་ལ། ཡུལ་དེ་ལ་བལྟོས་ནས་འཛིན་པ་རང་དབང་ཅན་ཞེས་བྱའོ། །དེ་ལས་གཞན་པའི་ངོ་བོ་དབང་པོའི་ཤེས་པའི་གཟུང་ཡུལ་ལས་འདས་པའི་སྤྱི་མཚན་གཟུང་ཡུལ་དུ་བྱས་པའི་སྒོ་ནས་རྟོགས་དགོས་པའི་དོན་དེ་ལ་གཞལ་བྱ་ལྐོག་གྱུར་དང་། དེ་གསར་དུ་རྟོགས་བྱེད་ལ་རྗེས་དཔག་ཚད་མ་ཞེས་བྱའོ། །དེ་ན་གང་གང་ཟག་གང་ལ་མངོན་གྱུར་དུ་སོང་བ་དེ་ལ་ལྐོག་གྱུར་དུ་མ་སོང་ལྐོག་གྱུར་དུ་སོང་བ་དེ་ལ་མངོན་གྱུར་དུ་མ་སོང་བས་རྟོགས་པ་པོའི་དེ་ལྟར་གྱི་གནས་སྐབས་ལ་བལྟོས་ནས་བཞག་པས་འགལ་བ་ཁོ་ན་ཡིན་གྱི། དེ་ལྟ་མ་ཡིན་པར་གནས་སྐབས་སོ་སོ་ལ་བལྟོས་ནས་ནི་ལྟ་བ་པོ་ལ་སྔར་ལྐོག་ཏུ་གྱུར་པ་ཕྱིས་མངོན་དུ་འགྱུར་བ་ཡོད་པས་མངོན་ལྐོག་གི་མཚན་ཉིད་འཆོལ་པར་ཐལ་བར་འགྱུར་རོ། །དེས་ན་དོན་གང་ལ་མངོན་སུམ་ཡིན་པའི་དོན་དེ་ཐུན་མོང་མ་ཡིན་པའི་ངོ་བོར་སྣང་བར་ཁས་ལེན་པའི་ཕྱིར་དེ་ལས་གཞན་པ་ནི་སྤྱིའི་མཚན་ཉིད་ཡིན་ནོ། །རྣམ་པར་རྟོག་པའི་ཤེས་པས་ཀྱང་རང་མཚན་གཟུང་ཡུལ་དུ་བྱེད་ན་མངོན་གྱུར་དུ་འགྱུར་བས་མངོན་ལྐོག་མི་འགལ་བར་འགྱུར་རོ། །རང་མཚན་གཟུང་ཡུལ་དུ་བྱས་ཀྱང་དབང་པོ་གཟུགས་ཅན་པའི་སྒོ་ནས་རྟོགས་པ་མེད་པས་མངོན་གྱུར་དུ་མི་འགྱུར་རོ་ཞེ་ན། ལྐོག་གྱུར་


JLD015_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་དོན་དབང་ཤེས་ཀྱིས་འཛིན་པའི་ཚེ་རང་མཚན་གཟུང་དོན་དུ་བྱས་ནས་འཛིན་པ་ལས་ལྷག་པ་མེད་པའི་ཕྱིར་རྒྱུ་མཚན་གང་གིས་ན་དབང་པོ་གཟུགས་ཅན་པའི་སྒོ་ནས་མི་རྟོགས་པས་མངོན་གྱུར་མ་ཡིན་པར་འགྱུར། དེ་ལྟ་ན་བདེ་སོགས་ཀྱང་མངོན་གྱུར་མ་ཡིན་པར་ཐལ། དབང་པོ་གཟུགས་ཅན་པའི་སྒོ་ནས་རྟོགས་པ་མེད་པའི་ཕྱིར་ཏེ་རང་གི་ངོ་བོ་འཛིན་རྣམ་གྱིས་མངོན་སུམ་དུ་རྟོགས་པའི་ཕྱིར་རྟོགས་པས་ཀྱང་རང་མཚན་གཟུང་ཡུལ་དུ་བྱེད་ན་གཟུགས་ལྟ་བ་ལ་མིག་དབང་དོན་མེད་དུ་ཐལ་བར་འགྱུར་བས་སྐྱོན་འདི། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། ཞེས་པ་ལས་སྐྱོན་གཞན་ཡིན་ནོ། །རང་མཚན་གཟུང་ཡུལ་དུ་བྱས་ནས་འཛིན་པར་འདྲ་ན་གསལ་མི་གསལ་གྱི་ཁྱད་པར་ཡང་མི་འཐད་པས་གཟུགས་གསལ་བ་སྣང་བས་དབང་པོ་འབྲས་བུ་དང་བཅས་པར་འགྱུར་རོ་ཞེས་བཤད་པའང་མི་རིགས་པར་འགྱུར་རོ། །དེས་ན་རྣམ་པར་རྟོག་པ་ཐམས་ཅད་དོན་ཉམས་སུ་མྱོང་བས་བཞག་པའི་བག་ཆགས་ལས་སྐྱེས་པའི་འཁྲུལ་པ་ཡིན་ནོ། །སྤྱི་མཚན་བཟུང་ཡུལ་དུ་བྱས་པའི་སྒོ་ནས་རྟོགས་དགོས་པའི་དོན་དེ་ལྐོག་གྱུར་ཡིན་པས་ཁྱབ་སྟེ། དེ་རྟོགས་པའི་རྟེན་དོན་གཞན་ཚུལ་གསུམ་པའི་རྟགས་ལས་རྟོགས་དགོས་པའི་ཕྱིར། དེའང་དུ་བའི་རྟགས་ལས་སྤྱི་མེ་ཙམ་ཞིག་རྟོགས་པར་འགྱུར་གྱི་རྩྭ་ལས་བྱུང་བ་སོགས་ཀྱི་ཁྱད་པར་རྣམས་རྟོགས་པ་མ་ཡིན་ཏེ། རྗེས་དཔག་གིས་རང་མཚན་གཟུང་ཡུལ་དུ་བྱེད་ན་ཁྱད་པར་མཐའ་དག་


JLD015_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་དགོས་པར་འགྱུར་རོ།།དེ་དག་གི་དོན་བསྡུ་བ་ནི། མངོན་སུམ་ལྐོག་ཏུ་གྱུར་པ་ལས། ཞེས་སོགས་སོ། །དེ་ལ་རྩོད་སྤང་ནི་དངོས་པོར་མེད་ན་གཞལ་བྱ་མ་ཡིན་པས་ཁྱབ་སྟེ། དཔེར་ན་འཇིག་རྟེན་ཕ་རོལ་བཞིན། སྤྱི་ཡང་དངོས་པོར་མེད་པའོ། །དེ་ལྟར་སྤྱི་སོགས་གཞལ་བྱ་མ་ཡིན་པར་གྲུབ་པས་ཚད་མ་མངོན་སུམ་ཁོ་ནའོ་ཞེ་ན། ཕན་གནོད་བསྐྱེད་པའི་དོན་གང་ཡིན་སྙམ་དུ་རྟོག་པའི་རྟོག་ལྡན་གྱིས་བརྟག་པར་བྱ་བའི་གཞལ་བྱ་རང་མཚན་ཁོ་ནར་ངེས་པ་ཁོ་བོ་ཅག་ཀྱང་འདོད་ལ། དེ་ཉིད་རྟོགས་ཚུལ་གྱི་སྒོ་ནས་གཞལ་བྱ་གཉིས་སུ་བཞག་པ་ཡིན་ནོ། །དངོས་མེད་ངེས་པའི་ཚད་མ་མེད་ན་རྟགས་དེ་ཁྱོད་རང་གི་ཚད་མས་མ་ངེས་པས་གཞན་ལའང་དེ་གོ་བའི་རྟོགས་པ་བསྐྱེད་མི་ནུས་ལ། ཚད་མས་གྲུབ་ན་དེ་ཉིད་ཀྱིས་རྩ་བའི་རྟགས་ལ་ཁྱབ་པ་མ་ངེས་པས་ཚད་མ་གཉིས་པ་གྲུབ་པ་ཁོ་ནའོ། །དངོས་མེད་ངེས་པའི་ཚད་མ་མེད་ན་རྟགས་དེ་ཁྱོད་རང་གི་ཚད་མས་མ་ངེས་པས་གཞན་ལའང་དེ་གོ་བའི་རྟོགས་པ་བསྐྱེད་མི་ནུས་ལ། ཚད་མས་གྲུབ་ན་དེ་ཉིད་ཀྱིས་རྩ་བའི་རྟགས་ལ་ཁྱབ་པ་མ་ངེས་པས་ཚད་མ་གཉིས་པ་གྲུབ་པ་ཁོ་ནའོ། །དབང་པོའི་མངོན་སུམ་ཉིད་ཀྱིས་སྤྱི་དང་འཇིག་རྟེན་ཕ་རོལ་མེད་པ་དང་། སྐྱེས་བུ་ཁྱད་པར་ཅན་མེད་པ་སོགས་གྲུབ་པས་ཚད་མ་གཉིས་པ་མེད་དོ་ཞེ་ན། དགག་གཞི་དངོས་སུ་རྟོགས་ནས་མེད་དགག་དབང་པོའི་མངོན་སུམ་གྱིས་ཤུགས་ལ་རྟོགས་པ་ཁྱོད་ཀྱི་ལུགས་ལ་མི་རུང་བས་མེད་དགག་དངོས་རྟོགས་སུ་ཁས་ལེན་དགོས་ལ། དེ་མི་རིགས་ཏེ། དབང་མངོན་གཟུང་དོན་གྱི་ནུས་པའི་སྟོབས་ལས་སྐྱེ་བའི་ཕྱིར། དེ་མ་གྲུབ་ན། སྒྲིབ་བྱེད་ཀྱིས་བར་


JLD015_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆོད་པ་སོགས་ལ་དམིགས་ན་ས་ཀྱང་དབང་མངོན་སྐྱེ་བར་ཐལ་བར་འགྱུར་རོ། །སྤྱི་དང་འཇིག་རྟེན་ཕ་རོལ་མེད་པའི་རྣམ་པ་ཤར་ནས་དབང་པོའི་མངོན་སུམ་གྱིས་དངོས་སུ་འཇལ་བ་འདོད་པ་མ་ཡིན་གྱི། སྤྱི་དང་འཇིག་རྟེན་ཕ་རོལ་ལ་དབང་པོའི་མངོན་སུམ་འཇལ་བྱེད་དུ་འཇུག་པ་ལོག་པ་ཉིད་སྤྱི་དང་འཇིག་རྟེན་ཕ་རོལ་མེད་པ་དབང་པོོའི་མངོན་སུམ་གྱིས་རྟོགས་པའི་དོན་ཡིན་ནོ་ཞེ་ན། དེ་ནི་རང་ཚིག་དང་འགལ་བ་ཡིན་ཏེ། དབང་མངོན་དང་དབང་མངོན་མེད་པ་གཅིག་ཏུ་མི་རུང་བའི་ཕྱིར་དང་། དབང་མངོན་ལོག་པས་དེ་མེད་པར་འཕངས་ཤིང་སྤྱི་དང་འཇིག་རྟེན་ཕ་རོལ་མེད་པ་དབང་མངོན་གྱིས་གྲུབ་པས་དེ་ཡོད་པར་འཕངས་པའི་ཕྱིར་རོ། །དེ་དག་མེད་དེ། དབང་པོའི་མངོན་སུམ་གྱིས་མ་དམིགས་པའི་ཕྱིར་ཞེས་པའི་དོན་ཡིན་ན་དེ་ལ་ལྡོག་ཁྱབ་འཁྲུལ་པ་མེད་པ་ཅན་མ་ཡིན་ཏེ། རྟོག་པ་པོའི་དབང་པོའི་མངོན་སུམ་འཇལ་བྱེད་དུ་འཇུག་པ་བཟློག་པའི་དོན་གཞན་ཡང་སྣང་བའི་ཕྱིར། ལྡོག་ཁྱབ་འཁྲུལ་པ་མེད་པ་ཅན་ཡིན་ན་དགག་རྟགས་ལ་བརྟེན་པའི་རྗེས་དཔག་ཁས་བླངས་པར་འགྱུར་རོ། །འབྲས་རྟགས་ལ་བརྟེན་པའི་རྗེས་དཔག་ཀྱང་དོན་གྱིས་ཁས་བླངས་ཏེ། ངག་སྨྲ་བ་སོགས་ལ་འཇུག་པ་ལས་ཕ་རོལ་པོ་ལ་སེམས་ཡོད་པར་ཁས་བླངས་པའི་ཕྱིར། རྟགས་སུ་འདོད་པ་ཁ་ཅིག་འཁྲུལ་བར་མཐོང་བས་ཐམས་ཅད་ལ་ཡིད་བརྟན་པ་བྱར་མེད་དོ་ཞེ་ན། ཁྱོད་རང་གིས་ལྟར་སྣང་འགའ་ཞིག་ཡང་


JLD015_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུ་བཟུང་ནས་དེ་སླུ་བར་མཐོང་བ་ན། རྟགས་ཐམས་ཅད་དེ་དང་འདྲ་བར་ཞེན་པ་ཡིན་གྱི་རྟགས་ཡང་དག་འཁྲུལ་བ་མི་སྲིད་དེ། འབྲེལ་པ་ཚད་མས་ངེས་པ་ལས་བསླུ་བ་མི་སྲིད་པའི་ཕྱིར་རོ། །རྟགས་གང་ལས་གཞི་ལ་ལར་བསྒྲུབ་བྱའི་ཆོས་ཚད་མས་རྟོགས་པ་གྲུབ་པ་དེའང་རྟགས་ཆོས་བདག་གཅིག་གམ་དེ་ལས་བྱུང་བའི་འབྲེལ་པ་ངེས་པ་ལས་ཡིན་ལ། རྟགས་དེ་ནི་ནམ་ཡང་སླུ་བ་མི་སྲིད་པས་ཡང་དག་གི་རྟགས་གཞན་ཡང་དེའི་མཚན་ཉིད་ཅན་དུ་ཤེས་པར་བྱའོ། །དེས་ན་ལྟར་སྣང་འགའ་ཞིག་སླུ་བས་ཡང་དག་ལ་སྐྱོན་ཅུང་ཟད་ཀྱང་མེད་དོ། །སྤྱི་བློ་ཚད་མ་མིན་ན་འཇིག་རྟེན་ཕ་རོལ་བཞིན་དུ་ཀུན་དགའ་ར་བ་སོགས་ལྐོག་གྱུར་གྱི་དོན་ཐམས་ཅད་མེད་པར་ཐོབ་པར་ཐལ་བ་འཕངས་པ་ལ་དབང་མངོན་གྱིས་ད་ལྟར་དམིགས་པ་ཁོ་ན་ཡོད་ཅེས་མི་སྨྲིའི།སྔར་མཐོང་ཟིན་པ་དང་མ་འོངས་པ་ན་མཐོང་བར་འགྱུར་བ་རྣམས་ཀྱང་ཡོད་པར་འདོད་པས་དུས་ནམ་ཡང་དབང་མངོན་གྱིས་མ་དམིགས་པ་འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་པར་འདོད་དོ་ཞེ་ན། འཇིག་རྟེན་ཕ་རོལ་ལའང་རྣམ་གྲངས་གང་གི་སྒོ་ནས་ཀྱང་དབང་མངོན་གྱིས་མཐོང་བར་མི་འགྱུར་བ་རྒྱུ་མཚན་གང་ལས་ཡིན་ཏེ། དེ་ལ་ངེས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། དེ་སུའི་དབང་མངོན་གྱིས་ཀྱང་མཐོང་བ་མི་སྲིད་དོ་ཞེ་ན། རྟོགས་པ་པོ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་ལ་བལྟོས་ནས་དོན་ལ་ལ་དབང་པོ་ལས་


JLD015_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པར་བརྗོད་ཀྱི། འཇིག་རྟེན་ཕ་རོལ་ཡང་དུས་གཞན་དུ་དབང་མངོན་གྱིས་མི་འཛིན་པའི་ངེས་པ་མེད་པའི་ཕྱིར། གཞན་ཡང་མིག་དབང་གིས་མིག་ཤེས་བསྐྱེད་པའི་ནུས་པ་སོགས་ཀྱང་སོ་སོ་སྐྱེ་བོས་དབང་མངོན་གྱིས་རྟོགས་པ་མེད་པས་བློ་དེ་དག་སྐྱེ་བ་རྒྱུ་མེད་དུ་ཐལ་བར་འགྱུར་རོ། །དེས་ན་སྤྱིའི་སྒོ་ནས་ལྐོག་གྱུར་གྱི་དོན་རྟོགས་པའི་ཚད་མ་རྟོག་པ་ལས་མ་འདས་པས་རྗེས་དཔག་ཚད་མ་ཡོད་དོ་ཞེས་ཤེས་པར་བྱའོ། །རྩོད་སྤང་ལ་རྩོད་པ་ནི། གཞལ་བྱ་ངེས་ན་ཞེས་སོགས་སོ། །དེའི་ལན་ནི། སྐྱོན་འདིར་ཞེས་སོ། །ཁ་དོག་མི་རྟག་པར་རྟོགས་པའི་ཚད་མ་རང་སྤྱི་འདྲེས་པ་འཇལ་བའི་ཚད་མ་གསུམ་པར་ཐལ་བའི་སྐྱོན་མེད་པར་ཐལ། ཁ་དོག་དང་མི་རྟག་པ་གཉིས་ཀའི་སྤྱི་སྦྱར་ནས་གཟུང་ཡུལ་དུ་བྱེད་པའི་རྗེས་དཔག་ཡིན་པའི་ཕྱིར། མི་རྟག་པ་དང་སྦྱོར་བ་དེའི་ཚེ་སྤྱི་དངོས་པོ་མ་ཡིན་པས་སྤྱི་མཚན་ཐོབ་པར་འགྱུར་གྱི་རང་མཚན་མ་ཡིན་པས་དེ་ལ་མི་འཇུག་པའི་ཕྱིར་རོ། །ཞེ་ན། མི་རྟག་པ་དངོས་མེད་ཀྱི་ངོ་བོ་མ་ཡིན་པར་ཐལ། ཁ་དོག་གི་རྫས་ཡིན་པའི་ཕྱིར། སྤྱི་མཚན་བཟུང་བས་རང་མཚན་མི་འགྲུབ་པའི་སྐྱོན་མེད་པར་ཐལ། རྗེས་དཔག་ལ་ཁ་དོག་མི་རྟག་པའི་སྤྱིའི་རྣམ་པ་ཤར་བ་དེ་ལྟར་གྲུབ་པ་དག་གི་ཁ་དོག་མི་རྟག་པ་རང་མཚན་གྲུབ་པའི་ཕྱིར། སྤྱི་མཚན་བསྒྲུབས་པས་རང་མཚན་གྲུབ་པ་མི་འཐད་དེ། གཞན་སྤྱི་མཚན་ལ་གཞན་རང་མཚན་ཡོད་པ་མ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྤྱི་གཟུང་


JLD015_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒོ་ནས་ཁ་དོག་མི་རྟག་པ་དེ་ཉིད་གྲུབ་པའི་ཕྱིར། དངོས་པོ་རང་མཚན་ལ་ཇི་ལྟར་ཞེན་པ་ལྟར་དངོས་པོ་ལ་གནས་པ་དེ་དག་དོན་ལ་མི་སླུ་བ་ཡིན་གྱི། གཞན་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བརྒྱུད་པས་ཞེས་སོགས་གསུངས་སོ། །རྟགས་ཅན་རྗེས་དཔག་གིས་ཇི་ལྟར་ཞེན་པ་ལྟར་གྱི་དོན་དེ་སྒྲུབ་པར་བྱེད་པའི་རྟགས་རྟགས་འཛིན་སེམས་ཀྱི་རྒྱུ་ཡིན་ལ། དེ་རྟགས་འཛིན་རྗེས་དཔག་གི་རྒྱུ་ཡིན་པས་རྗེས་དཔག་བསྒྲུབ་བྱ་ལ་མི་སླུ་བ་ཡིན་གྱི་རང་མཚན་ལས་བརྒྱུད་ནས་སྐྱེས་ཀྱང་སྒྲ་རྟག་འཛིན་ལྟ་བུ་ལོག་ཤེས་ནི་མི་སླུ་བ་མིན་ནོ། །དེ་ལ་ལོཙྪ་བ་ཆེན་པོས་སློབ་དཔོན་ཆོས་མཆོག་གི་འགྲེལ་པར་རྩོད་ལན་ཇི་ལྟར་བྱུང་བ་བརྗོད་པ་དང་། དེ་ལ་འཐད་མི་འཐད་དཔྱད་པ་དང་། ལོཙྪ་བ་ཆེན་པོ་རང་གི་ལུགས་བརྗོད་པ་དང་། དེས་སློབ་དཔོན་ཆོས་མཆོག་ལ་སྐྱོན་བརྗོད་བྱས་པ་སོགས་འཇུག་མི་འཇུག་དཔྱད་པའོ། །དང་པོ་ནི། བདེ་བྱེད་ཅེས་པའི་ཕྱི་རོལ་པ་ཁ་ཅིག་གིས་སློབ་དཔོན་ཆོས་གྲགས་ཀྱིས་རྟགས་འཛིན་སེམས་མི་སླུ་བར་གཞུང་འདིས་བསྟན་པར་བསམས་ནས་དེ་ལ་མི་འཐད་པ་དང་། སྐབས་སུ་མ་བབ་པའི་གནོད་པ་གཉིས་བརྗོད་དེ། དང་པོ་ནི། རྟགས་འཛིན་རྟགས་ལ་མི་སླུ་བ་ཡིན་ནམ་རྟགས་ཅན་ལ་མི་སླུ་བ་ཡིན། དང་པོ་ལྟར་ན། མངོན་སུམ་མམ་རྗེས་དཔག་ཡིན། དང་པོ་ལྟར་ན་དེར་སྣང་བས་སྟོང་པ་འགལ། ཕྱི་མ་ལྟར་ན་རྗེས་དཔག་མི་སླུ་བར་བསྒྲུབ་པ་ནི་རྟགས་ཅན་ཉིད་ལས་འདས་པའི་ཕྱིར།


JLD015_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། རྗེས་དཔག་འཁྲུལ་ཡང་མི་སླུ་པར་སྟོན་པ་སྐབས་སུ་བབ་པ་ཡིན་གྱི་རྟགས་འཛིན་མི་སླུ་བར་བསྒྲུབ་པ་སྐབས་སུ་མ་བབ་པའི་ཕྱིར་རོ། །ཡང་དོན་གང་བཟུང་ཞིང་ཇི་ལྟར་ཞེན་པ་ལྟར་གྲུབ་པ་ལ་མི་སླུ་བར་འཐད་པ་ཡིན་གྱི་རྟགས་འཛིན་གྱིས་རྟགས་བཟུང་ཞིང་ཞེན་ཡང་རྟགས་ཅན་ཡུལ་དུ་མ་བྱས་པའི་ཕྱིར་དེ་ལ་མི་སླུ་བ་མི་འཐད་དོ་ཞེས་ཟེར་རོ། །གཉིས་པ་ནི། རྟགས་འཛིན་སེམས་ཀྱིས་རྟགས་གཅིག་པུ་ཡུལ་དུ་བྱེད་པ་མ་ཡིན་གྱི་རྟགས་དང་བསྒྲུབ་བྱའི་ཆོས་ཀྱི་འབྲེལ་པའང་འཇལ་བར་བྱེད་པས་འབྲེལ་ཡུལ་མི་རྟག་པ་ལའང་མི་སླུ་བས། སྔར་བཤད་པའི་སྐྱོན་མེད་ལ། སྐབས་སུ་མ་བབ་པའི་སྐྱོན་ཡང་མེད་དེ། རྟགས་ཅན་རྗེས་དཔག་མི་སླུ་བར་བསྒྲུབ་པ་ལ་དེ་རྟགས་འཛིན་སེམས་ལ་འབྲེལ། དེ་རྟགས་ལ་འབྲེལ། དེ་བསྒྲུབ་བྱའི་ཆོས་ལ་འབྲལ་བ་ངེས་པ་ལ་རག་ལས་བའི་ཕྱིར། གསུམ་པ་ནི། ལོཙྪ་བ་ན་རེ་ཆོས་མཆོག་གི་བཞེད་པ་དེ་མི་འཐད་དེ། རྟགས་འཛིན་མངོན་སུམ་ཡིན་ན་དེར་སྣང་བས་སྟོང་པ་དང་འགལ་ལ། རྗེས་དཔག་ཡིན་ན་རྟགས་ཅན་ཉིད་ཡིན་པས་དེ་ལས་ལོགས་སུ་སྨོས་པ་དོན་མེད་ཅིང་སྔར་བཤད་པའི་སྐབས་སུ་མ་བབ་པའི་ཉེས་པའང་ཡོད་ལ། ཚད་མར་མི་འདོད་པའང་མི་འཐད་དེ། མི་སླུ་བ་ཚད་མ་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར། དེས་ན་རྟགས་འཛིན་མི་སླུ་བར་སྟོན་པ་མ་ཡིན་གྱི། རྟགས་ཅན་གྱི་བློ་ཉིད་མི་སླུ་བར་བསྒྲུབ་པ་ལ་བརྒྱུད་ནས་འབྲེལ་བའི་ཚུལ་སྟོན་པ་ཡིན་ནོ། །འབྲེལ་ཚུལ་སྟོན་པ་ལ་འབྲེལ་


JLD015_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཚད་མར་བསྒྲུབ་མི་དགོས་ཏེ། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལས་ཚད་མ་ཉིད། ཅེས་མངོན་སུམ་མི་སླུ་བར་བསྒྲུབ་པ་འབྲེལ་པ་བསྒྲུབས་པའི་སྒོ་ནས་ཡིན་ཀྱང་། འབྲེལ་ཡུལ་ཚད་མར་ཁས་བླང་མི་དགོས་པ་བཞིན་ནོ་ཞེས་ཟེར་རོ། །བཞི་པ་ནི། སློབ་དཔོན་ཆོས་མཆོག་ལ་ཉེས་པ་བརྗོད་པ་དེ་དག་མི་འཐད་དེ། རྟགས་འཛིན་མི་སླུ་བར་བསྒྲུབ་པ་སྐབས་སུ་མ་བབ་སྟེ། རྟགས་ཅན་གྱི་བློ་ཉིད་མི་སླུ་བར་བསྒྲུབ་པ་ཉིད་སྐབས་སུ་བབ་པ་ཡིན་པའི་ཕྱིར་ཞེས་པ་མི་འཐད་དེ། རྟགས་ཅན་མི་སླུ་བར་བསྒྲུབ་པ་ལ་རྟགས་འཛིན་སེམས་ལ་འབྲེལ། དེ་རྟགས་ལ་འབྲེལ་བར་ངེས་པར་བསྒྲུབ་དགོས་ལ། རྟགས་འཛིན་སེམས་ནི་ཚུལ་གསུམ་འཇལ་བའི་ཚད་མ་དང་དེའི་སྟོབས་ཀྱིས་དྲངས་པའི་དཔྱད་ཤེས་ཡིན་པས་དེ་ཚུལ་གསུམ་ལ་མི་སླུ་བར་ངེས་པར་བསྒྲུབ་དགོས་པའི་ཕྱིར་རོ། །རྟགས་འཛིན་རྗེས་དཔག་ཡོད་ན་རྟགས་ཅན་ལས་ལོགས་སུ་བསྟན་པ་དོན་མེད་པར་ཐལ། རྟགས་ཅན་རྗེས་དཔག་གི་ནང་དུ་འདུས་པའི་ཕྱིར། ཞེས་པའི་ཉེས་པའང་མི་གནས་ཏེ། རྟགས་འཛིན་རྗེས་དཔག་རྩ་བའི་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་གི་ནང་དུ་འདུས་པས་དེ་ལས་ལོགས་སུ་བསྟན་པ་དོན་མེད་པར་ཐལ་བ་ནི་རྟགས་མ་གྲུབ་སྟེ། སྤྱིར་རྗེས་དཔག་གི་ནང་དུ་འདུས་པས་སྔ་མ་དེ་ལས་ཐ་དད་དུ་བྱས་པ་དོན་མེད་དུ་ཐལ་བ་ནི་ཁྱབ་པ་མ་གྲུབ་པས་


JLD015_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

སུན་འབྱིན་ལྟར་སྣང་ཁོ་ནའོ། །རྣམ་ངེས་ལས། མངོན་སུམ་རང་གི་གཞལ་བྱ་ལ་མི་སླུ་བ་དེ་དང་འབྲེལ་བའི་སྒོ་ནས་ཡིན་པ་བཞིན་དུ་རྗེས་དཔག་ཀྱང་དེ་དང་མཚུངས་པར་བཤད་པས་རང་གི་གཞལ་བྱ་ལ་འབྲེལ་བ་བསྒྲུབ་པ་སྐབས་སུ་བབ་པ་ཡིན་གྱི། རྟགས་འཛིན་མི་སླུ་བར་བསྒྲུབ་པ་སྐབས་སུ་མ་བབ་མོ་ཞེས་པའང་འགལ་ཏེ། དེ་མི་སླུ་བར་བསྒྲུབ་པ་འབྲེལ་བ་བསྒྲུབ་པའི་ཡན་ལག་ཏུ་ངེས་པར་དགོས་པའི་ཕྱིར། རྟགས་འཛིན་མངོན་སུམ་ཡོད་ན། དེར་སྣང་བ་ཡིས་སྟོང་བར་དེ་མ་ཐག་ཏུ་འཆད་པར་འགྱུར་བ་དང་འགལ་ལོ་ཞེས་པ་མི་འཐད་དེ། རྟགས་འཛིན་མངོན་སུམ་ཡོད་ཀྱང་དེ་ལ་འདིར་དོགས་པ་གཅོད་མི་དགོས་ཤིང་། འཁྲུལ་པ་ཡིན་ན་མི་སླུ་བར་འགལ་སྙམ་པའི་དོགས་པ་རྗེས་དཔག་ཉིད་ལ་ཡོད་པས་དེ་གཅོད་པ་སྐབས་སུ་བབ་པའི་ཕྱིར། དེས་ན་སློབ་དཔོན་ཆོས་མཆོག་གི་ལུགས་ཉིད་སྐྱོན་མེད་པར་གནས་སོ། །ཚུལ་གསུམ་འཇལ་བའི་ཚད་མ་ཉིད་རྟགས་འཛིན་སེམས་ཡིན་ལ་དེ་ལ་ལྷ་ཤཱཀྱ་དང་སློབ་དཔོན་ཆོས་མཆོག་མི་མཐུན་པ་མེད་དོ། །འོ་ན་སློབ་དཔོན་ཤཱཀྱ་བློ་གྲོས་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་ཚད་མའི་རྒྱུ་ཡིན་པས་ཚད་མར་བཏགས་ནས་བཞག་ཅེས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། མངོན་སུམ་ལས་དུས་ཕྱིས་བྱུང་བ་ཞེེས་སྨོས་པས་ཕྱོགས་ཆོས་འཇལ་བའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་བཅད་ཤེས་ཉིད་ལ་དགོངས་པའོ། །དེ་ན་རྟགས་ཅན་


JLD015_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དཔག་ཉིད་རང་གི་གཞལ་བྱ་ལ་མི་སླུ་བ་ནི་དེ་ཉིད་ཚུལ་གསུམ་འཇལ་བའི་ཚད་མ་ལས་སྐྱེ་དགོས་པས་རྟགས་འཛིན་སེམས་ལ་འབྲེལ། དེ་རང་གི་གཞལ་བྱ་ཚུལ་གསུམ་པོ་ལ་འབྲེལ། ཚུལ་གསུམ་པོ་བསྒྲུབ་བྱ་ལ་འབྲེལ་བའི་དོན་ནོ། །ལྷག་མ་གཞན་རྣམས་ནི་གོ་བར་ཟད་དོ། །འགལ་ཟླ་དམིགས་པ་དང་འབྲེ་ཟླ་མ་དམིགས་པའི་དགག་རྟགས་ཐམས་ཅད་མ་དམིགས་པ་རྟགས་སུ་འཕངས་པའི་དོན་ནི། རང་བཞིན་འགལ་དམིགས་ལ་དཔེར་མཚོན་ན། མེས་ཁྱབ་པར་ནོན་པ་དེ་དགག་བྱའི་ཆོས་གྲང་རེག་དང་གྲང་རེག་གི་ཡུལ་ཅན་གྱི་ཚད་མ་ཁེགས་པའི་ངོ་བོར་གནས་པ་ཙམ་གྱི་དོན་མ་ཡིན་ལ། དངོས་སུ་མེས་ཁྱབ་པར་ནོན་པ་རྟོགས་ནས་ཤུགས་ལ་གྲང་རེག་དམིགས་བྱེད་ཀྱིས་ཚད་མ་མེད་པར་རྟོགས་པའི་དོན་ཡང་མ་ཡིན་ཏེ། དེ་ལྟ་ན་གནོད་པ་དུ་མ་དང་བཅས་པའི་ཕྱིར། དེས་ན་དོན་གང་དང་གང་ཡོད་པར་འཇོག་པ་ལ་དམིགས་བྱེད་ཀྱི་ཚད་མ་མཐོང་བའི་སྒོ་ནས་འཇོག་དགོས་པར་འདྲ་བར་དོན་གང་དང་གང་མེད་པར་འགྲུབ་པའང་དེའི་ཡུལ་ཅན་གྱི་ཚད་མ་མེད་པར་རྟོགས་པའི་སྒོ་ནས་གྲུབ་དགོས་ཀྱི་དམིགས་བྱེད་ཀྱི་ཚད་མ་མ་བཀག་ན་དེ་མེད་པ་མི་འགྲུབ་པའི་ཕྱིར་རོ། །དེས་ན་རྟགས་སུ་མེས་ནོན་པ་ལྟ་བུའི་སྒྲུབ་པ་བཀོད་ནའང་། གྲང་རེག་མེད་པའི་སྒྲུབ་བྱེད་གྲང་རེག་གི་ཡུལ་ཅན་གྱི་ཚད་མ་མེད་པ་དོན་གྱི་ཤུགས་ཀྱིས་ངེས་པར་འཕེན་དགོས་


JLD015_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། ཡུལ་ཅན་བཀག་པ་བློ་ཡུལ་དུ་མ་སོང་བར་དེའི་རྗེས་སུ་ཡུལ་མེད་པ་བློ་ཡུལ་དུ་འགྲུབ་པ་མི་སྲིད་པའི་ཕྱིར་རོ། །ཡུལ་ཅན་བཀག་པས་ཡུལ་དེ་མེད་པར་བསྒྲུབ་པའི་གཏན་ཚིགས་དེ་ནི་དངོས་སུ་ན་རང་བཞིན་མ་དམིགས་པའི་གཏན་ཚིགས་ཡིན་ལ། དགག་རྟགས་ཐམས་ཅད་ཀྱིས་རྟགས་དེ་ཉིད་འཕེན་པས་ཁྱབ་པས་རང་བཞིན་མ་དམིགས་པའི་གཏན་ཚིགས་ཀྱི་ནང་དུ་འདུས་པ་ཞེས་བྱའོ། །དགག་རྟགས་གསུམ་དུ་བསྡུས་པའི་སྒོ་ནས་མཇུག་བསྡུ་བ་ནི། མི་དམིགས་པ་ནི་འདི་ཙམ་ཞིག །ཅེས་སོ། །དེའང་འབྲེལ་བ་གཉིས་ཀྱི་དོན་ལྡོག་གི་དངོས་འབྲེལ་ཡོད་པའི་དབང་དུ་བྱས་པའོ། །དངོས་མེད་ངོ་བོ་མིན་དེ་ཉིད། ཅེས་པ་ནས་འདིའི་བར་ནི་རྗེས་དཔག་གིས་སྤྱི་མཚན་གཟུང་ཡང་རང་མཚན་ལ་མི་སླུ་བའི་རྒྱུ་མཚན་འཕྲོས་དོན་དུ་བྱས་ནས་རྒྱས་པར་བཤད་པ་ཡིན་ལ། དཀྱུས་མའི་དབང་དུ་བྱས་ན། ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །རྗེས་སུ་དཔག་པས་མི་རྟགས་སོགས། ཞེས་སྦྱར་རོ། །མར་མེའི་སྐད་ཅིག་ཐ་མ་འཛིན་པ་ལྟ་བུ་རིགས་འདྲ་ཕྱི་མ་མཚམས་མི་སྦྱོར་བའི་ཁ་དོག་གི་སྐད་ཅིག་ཐ་མ་མཐོང་བའི་མངོན་སུམ་ཚད་མས་དྲངས་པའི་ཁ་དོག་འདི་མི་རྟག་གོ་སྙམ་པའི་དྲན་ཤེས་ལ་ཟེར་ན་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་བྱེད་པ་མ་མཉམ་པའི་དོན་རྟོགས་པར་བྱེད་པས་ཚད་མ་ཉིད་དུ་མི་འདོད་པར་རྒྱུ་མཚན་གང་གིས་དེ་ལས་ཁ་དོག་མི་རྟག་པའི་རྣམ་པ་དང་ལྡན་པའི་


JLD015_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྤྱི་འདྲེས་པའི་གཞལ་བྱ་ཕུང་གསུམ་འཇལ་བའི་ཚད་མ་ཕུང་གསུམ་དུ་བསྒྲུབ་པ་ཡིན་ཏེ་མི་འཐད་དོ། །རྗེས་དཔག་སྐད་ཅིག་གཉིས་པ་མན་ཆད་དུས་ཕྱིས་བྱུང་བ་རྣམས་ཀྱང་བཅད་ཤེས་ཡིན་གྱི་ཚད་མ་མ་ཡིན་པར་རྟོགས་པར་བྱའོ། །ཁ་དོག་སྐད་ཅིག་ཐ་མ་མི་རྟག་པར་མངོན་སུམ་གྱི་སྟོབས་ཀྱིས་དྲངས་པའི་ངེས་ཤེས་སྐྱེ་དུས་ནི་ཁ་དོག་ཞིག་དུས་ཡིན་གྱི་ཁ་དོག་གི་རིགས་འདྲ་བར་མ་ཆད་པའི་དུས་ན་ཚུ་རོལ་མཐོང་བ་དེ་མི་སྲིད་དོ། །དེ་རྟོགས་ཟིན་ལ་འཇུག་པའི་རྒྱུ་མཚན་ནི་རང་འདྲེན་བྱད་ཁ་དོག་སྐད་ཅིག་ཐ་མ་མཐོང་བའི་དབང་པའི་མངོན་སུམ་གྱིས་དེའི་མི་རྟག་པ་སྔར་རྟོགས་ཟིན་པའི་ཕྱིར། དེའི་རྒྱུ་མཚན་དེས་ཁ་དོག་སྐད་ཅིག་ཐ་མ་རྟོགས་པ་གང་ཞིག་དེ་དང་དེའི་མི་རྟག་པ་གྲུབ་བདེ་རྫས་གཅིག་ལ། དེས་རིགས་འདྲ་ཕྱི་མ་མཚམས་མི་སྦྱོར་བའི་ཕྱིར། དེ་རྟག་པར་འཁྲུལ་བའི་རྟག་འཛིན་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀ་མེད་དེ། དངོས་པོ་རྟག་པར་འཁྲུལ་བ་ལ་འདྲ་བ་གཞན་འབྱུང་དང་། ཡོད་པ་བར་མ་ཆད་གཉིས་ཀ་ཚང་དགོས་པའི་ཕྱིར་རོ། །དེས་ན་མངོན་སུམ་དེས་སྐད་ཅིག་ཐ་མ་དེ་འཇལ་བ་ན་དེའི་མི་རྟག་པའང་གྲུབ་པ་ཡིན་ནོ། །མི་རྟག་པ་ཕྱིས་འབྱུང་དུ་འདོད་པ་དང་ཞིག་པ་ལ་མི་རྟག་པར་འདོད་པ་འགོག་པ་ནི་དེ་ལྟར་ན་ཞེས་སོགས་ཏེ། གང་ཞིག་གང་གི་གྲུབ་བདེ་རྫས་གཅིག་པའི་བདག་ཉིད་དུ་གྱུར་


JLD015_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ། དེ་གྲུབ་དུས་ན་གྲུབ་པས་ཁྱབ་སྟེ། དཔེར་ན་ཞེས་སོ། །ཁ་དོག་གི་མི་རྟག་པའང་ཁ་དོག་དང་གྲུབ་བདེ་རྫས་གཅིག་པའི་བདག་ཉིད་དུ་གྱུར་པ་ཡིན་ནོ། །ཅི་སྟེའང་དེའི་མི་རྟག་པ་དེ་ལས་དོན་གཞན་ཡིན་ན་དེ་འཇིག་པར་མི་འགྱུར་ཏེ། འབྲེལ་མེད་གཞན་ཡོད་ན་དེའི་འཇིག་པར་རུང་བ་མ་ཡིན་ནོ། །འཇིག་པ་དོན་གཞན་དང་ལྡན་པས་དངོས་པོ་འཇིག་པའི་རང་བཞིན་ཅན་དུ་གྱུར་པ་ཞེས་རྟོག་པའང་མི་རིགས་ཏེ། མི་འཇིག་པའི་རང་བཞིན་ཅན་གྱི་རྫས་ཡིན་ན་ཕྱིས་འབྱུང་གི་རྒྱུ་གཞན་གྱིས་འཇིག་པར་བྱེད་མི་ནུས་ལ། འཇིག་པའི་རྫས་སུ་གནས་ན་འཇིག་པ་དོན་གཞན་ཁས་བླངས་པ་ལ་འབྲས་བུ་ཅུང་ཟད་ཀྱང་མེད་པ་ཅན་ཡིན་ཏེ། ལེའུ་གཉིས་པར་བསྟན་ཟིན་ཏོ། །ཞིག་པ་ལ་མི་རྟག་པར་འདོད་པ་ཡིན་ན་དངོས་པོ་དང་རྫས་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པས། དངོས་པོ་མེད་པའི་ཕྱིར་ཀུན་རྫོབ་པ་རྟོག་པས་བཏགས་པའི་མི་རྟག་པར་འགྱུར་གྱི་དོན་དམ་པར་གྲུབ་པ་མ་ཡིན་ནོ། །གང་ཡང་རྟོག་པ་ལ་སྣང་བའི་དབང་དུ་བྱས་པ་ཡིན་ན་ཅུང་ཟད་ཅིག་རྫས་སུ་ཡོད་ན་རང་མཚན་ལས་རྫས་དེ་ཉིད་དང་གཞན་གང་རུང་དུ་བཞག་ནུས་པར་འགྱུར་ན། དེའང་མ་ཡིན་ཏེ། དངོས་པོར་མེད་པའི་ཕྱིར་ཞེས་བསྟན་ཟིན་ཏོ། །ཁ་དོག་གི་མི་རྟག་པ་ཞེས་ཆོས་དང་ཆོས་ཅན་གྱི་སྒོ་ནས་བརྗོད་པའི་ཕྱིར་རྫས་གཞན་ཡིན་ནོ། །ཞེ་ན་ཆོས་དང་ཆོས་ཅན་གྱི་རྟོག་པས་བཏགས་པ་ཙམ་ཡིན་གྱི་དངོས་པོ་མ་ཡིན་


JLD015_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྒྲ་མི་རྟག་ཅེས་བརྗོད་པའི་ཚེ་ཆོས་རྫས་གཞན་མ་ཡིན་ཏེ། ཆོས་ཀྱི་སྒྲ་ནི་ཆོས་ཅན་ལས་དོན་གཞན་མ་ཡིན་པ་ཞིག་སྟོན་པའི་ཕྱིར་རོ། །དེ་ལྟར་བརྗོད་པའི་ཚེ་ཆོས་ཅན་གང་ཡིན་པ་དེ་ཉིད་ཆོས་མ་ཡིན་ཏེ། དེ་ལྟར་ན་ཆོས་བརྗོད་ཀྱི་སྒྲས་ཀྱང་ཆོས་གཞན་འཕངས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་དེའི་ཚེ་ཆོས་ཆོས་ཅན་རྫས་དུ་མ་སྟེ་ཐ་དད་པ་བརྗོད་པ་མ་ཡིན་གྱི། རྟོག་པས་བསྐྱེད་པ་སྟེ་བཏགས་པའི་ཐ་དད་བརྗོད་པ་ཡིན་ནོ། །ཆོས་ཅན་གཅིག་ལྡོག་ཆོས་སྣ་ཚོགས་སུ་སྣང་བ་དེ་རྟོག་པའི་སྣང་བའི་རྗེས་སུ་བྱེད་པ་ཡིན་གྱི། རང་གི་མཚན་ཉིད་ཀྱི་ངོས་ནས་དེ་ལྟར་གྲུབ་པ་མ་ཡིན་ནོ། །དེས་ན་སྤྱིའི་རྟེན་ཁ་དོག་སྐད་ཅིག་ཐ་མ་མངོན་སུམ་གྱིས་གཟུང་ཞིང་གྲུབ་པ་ན་སྤྱི་དེ་ཉིད་ཀྱི་མི་རྟག་པའང་གཟུང་ཞིང་གྲུབ་པ་ཡིན་ནོ། །ཁ་དོག་གི་རིགས་འདྲ་ཕྱི་མ་མཚམས་སྦྱོར་བའི་གནས་སྐབས་ལྟ་བུ་ཁ་དོག་མི་རྟག་པ་མངོན་སུམ་གྱིས་མ་བཟུང་བ་སྟེ་མ་གྲུབ་ན། དེ་གྲུབ་ཅིང་རྟོགས་པར་བྱ་བའི་ཕྱིར་དུ་རྗེས་དཔག་འཇུག་པ་ཡིན་ནོ། །མངོན་སུམ་གྱིས་ཁ་དོག་གི་ཆ་ཤས་ཐམས་ཅད་གཟུང་ན་དེེ་གྲུབ་དགོས་པས་རྗེས་དཔག་འཇུག་པ་དོན་མེད་དོ་ཞེ་ན། གྲུབ་བདེ་རྫས་གཅིག་གི་རང་བཞིན་ལ་ཕྱོགས་གཅིག་ཁོ་ན་འཛིན་པ་མ་ཡིན་གྱི། འོན་ཀྱང་རྣམ་པ་ཐམས་ཅད་འཛིན་ལ། དེ་ལྟ་ནའང་འཁྲུལ་པས་བར་ཆོད་ནས་ངེས་པ་མ་ཡིན་པས་ཆ་ཐམས་ཅད་ལ་ཚད་མ་མ་ཡིན་


JLD015_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཉམས་སུ་མྱོང་བར་ཁྱད་པར་མེད་ཀྱང་གོང་བུ་གཅིག་ལ་གོམས་པ་ཆེ་ཆུང་དང་ཐག་ཉེ་རིང་ལ་སོགས་པའི་དབང་གིས་ངེས་པ་སྐྱེ་ཚུལ་དུ་མ་མཐོང་བས་སོ། །སྐྱོན་དེ་ནི་མངོན་སུམ་ངེས་ཤེས་སུ་འདོད་པ་དག་ལ་འཇུག་སྟེ། དེ་ལྟ་ན་མཐོང་བ་ཐམས་ཅད་ངེས་པར་ཁས་བླང་དགོས་སོ། །ཁོ་བོ་ཅག་ལ་ནི་གཟུང་ཡང་མ་ངེས་པར་དག་ལ་སྒྲོ་འདོགས་བཅད་པའི་ཆེད་དུ་རྗེས་དཔག་འཇུག་པ་ཉེས་པ་ཅུང་ཟད་ཀྱང་མེད་དོ། །སྐབས་ལ་ལར་ཁ་དོག་མི་རྟག་པར་མི་ཤེས་པའི་རྒྱུ་མཚན་ནི་གང་ཐ་དད་གཅིག་ཏུ་འཁྲུལ་པ་བཞིན་དུ་སྔ་ཕྱི་གཅིག་ཏུ་འཁྲུལ་པའི་འཁྲུལ་རྒྱུས་ཟིན་པའི་དབང་གིས་ཡིན་ལ། དེའང་ནང་གི་འཁྲུལ་རྒྱུ་བློ་གཞན་པ་དང་ཕྱིའི་འཁྲུལ་རྒྱུ་ཡོད་པ་བར་མ་ཆད་དང་འདྲ་བ་གཞན་འབྱུང་ཡོད་པས་ཡིན་ནོ། །ཕྱི་མའིི་རྒྱུ་མཚན་སྐད་ཅིག་སྔ་ཕྱི་ཐ་དད་གཟུང་དུ་ཟིན་ཀྱང་སོ་སོར་མཐོང་བ་མེད་པས་ཡིན་ནོ། །འདྲ་བ་གཞན་འབྱུང་དངོས་པོ་རྟག་པར་འཁྲུལ་པའི་རྒྱུར་དགོས་པའི་རྒྱུ་མཚན་ནི། འདྲ་བའི་སྐད་ཅིག་གཞན་མཚམས་སྦྱོར་བ་མེད་པའི་མར་མེའི་སྐད་ཅིག་ཐ་མ་མངོན་སུམ་གྱིས་མཐོང་བའི་བྱིས་པའི་སྐྱེ་བོའི་བར་གྱིས་མི་རྟག་པར་ཡོངས་སུ་གཅོད་ནུས་པའི་ཕྱིར། ཆོས་ཀྱི་སྡོམས་བཞིའི་ནང་ནས་འདུ་བྱེད་སྐད་ཅིག་མར་བསྒྲུབ་པའི་རིགས་པ་མགོ་མཇུག་ཀུན་ཏུ་གཞུང་གཞན་ལས་ཀྱང་ཆེས་ཤིན་ཏུ་ཕུལ་དུ་བྱུང་ཞིང་རྒྱས་པར་གཏན་ལ་ཕབ་པའི་དགོས་པ་ནི་ཟག་བཅས་ཐམས་ཅད་སྡུག་བསྔལ་དུ་རྟོགས་པ་ལ་


JLD015_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་འདི་སྔོན་དུ་འགྲོ་དགོས་ཤིང་། དེ་སོང་ན་ཕུང་པོ་བདག་མེད་པ་དང་མྱ་ངན་ལས་འདས་པ་ཞི་བ་སོགས་ཕུལ་དུ་བྱུང་བ་རྟོགས་པའི་དགོས་པ་ཡོད་དོ། །མངོན་སུམ་གྱིས་གཟུང་ཡང་མ་ངེས་པའི་དཔེ་ནི། ནུས་པ་དངོས་པོའི་རང་བཞིན་དུ། ཞེས་སོགས་སོ། །ས་བོན་གྱིས་མྱུ་གུ་བསྐྱེད་པའི་ནུས་པ་ས་བོན་གྱི་རང་བཞིན་དུ་མེད་ན་མྱུ་གུ་དང་རྒྱུ་འབྲས་ཀྱི་འབྲེལ་པ་མེད་པར་འགྱུར་ལ། ས་བོན་གྱིས་མྱུ་གུ་བསྐྱེད་པའི་ནུས་པ་ལ་ཕན་འདོགས་པས་ཀྱང་རྒྱུ་འབྲས་སུ་མི་འགྲུབ་སྟེ། དེ་ལྟ་ན་ནུས་པ་ཐུག་མེད་རྟོགས་དགོས་པས་རྩ་བའི་རྒྱུད་ཉིད་མི་འགྲུབ་ལ། ནུས་པ་ཐ་མ་གཅིག་མྱུ་གུ་ལ་ཕན་འདོགས་པའི་ནུས་པའི་རང་བཞིན་དུ་ཁས་ལེན་ན་ས་བོན་ལའང་མཚུངས་པས་ནུས་པའི་རང་བཞིན་དུ་གྲུབ་ལ། ནུས་པ་གཟུང་ཡང་མངོན་སུམ་གྱིས་ངེས་པ་མི་འདྲེན་པའི་རྒྱུ་མཚན་ནི། འབྲས་བུ་དེ་མ་ཐག་འབྱུང་བ་མེད་པས་རྨོངས་པས་ཟིལ་གྱིས་ནོན་ནས་ངེས་ཤེས་འདྲེན་ནུས་ཀྱི་གསལ་པོར་མཐོང་བ་མེད་པས་རྨོངས་པ་དེ་བཟློག་པའི་ཆེད་དུ་རྗེས་དཔག་འཇུག་པ་ཡིན་ནོ། །འཁྲུལ་རྒྱུ་དང་བྲལ་བའི་བློ་གྲོས་ཆེན་པོས་མངོན་སུམ་གྱིས་མཐོང་ཙམ་ཉིད་ནས་ཆ་ཐམས་ཅད་ལ་ངེས་པ་འདྲེན་པར་བྱེད་ཅིང་དངོས་པོས་ཀྱང་རང་གི་གནས་ཚོད་ཇི་ལྟར་ཡོད་པ་མ་ལུས་པ་རྟོགས་པའི་བློ་སྐྱེད་པར་བྱེད་དོ། །རང་སྡེ་ཁ་ཅིག་ཞིག་པ་ལ་མི་རྟག་པར་འདོད་པ་དེ་ལྟར་


JLD015_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་སྔར་མངོན་སུམ་གྱིས་མཐོང་ཞིང་ཕྱིས་མ་དམིགས་པའི་རྟགས་ལ་ཁ་དོག་མི་རྟག་པར་རྗེས་དཔག་གིས་རྟོགས་པ་ཡིན་པས་རང་སྤྱི་འདྲེས་པ་འཛིན་པའི་ཚད་མ་ཕུང་གསུམ་དུ་ཐལ་བའི་སྐྱོན་མེད་དོ། །ཞིག་པ་མི་རྟག་པར་མི་རུང་བར་བསམས་ནས་རིགས་པ་ཅན་པས་ཡོད་པ་ཙམ་མི་རྟག་པ་མ་ཡིན་ཏེ། ནམ་མཁའ་སོགས་ཀྱང་མི་རྟག་པར་ཐལ་བས་སོ། །དེས་ན་མཐའ་གཉིས་སུ་ཆད་པའི་དབུས་ན་ཡོད་པ་དང་ཡོད་པ་དེ་ལ་འཕྲོད་འདུའི་འབྲེལ་པ་གྲུབ་པ་དེ་ཉིད་མི་རྟག་ཅེས་བརྗོད་པའི་སྒྲའི་དོན་ཡིན་ནོ་ཞེ་ན། མཐའ་གཉིས་པོ་དེ་གང་ཡིན་དྲིས་པས་སྔ་ན་མེད་པ་དང་ཕྱིས་མེད་པ་གཉིས་ཡོད་ནོ་ཞེ་ན། མེད་པ་དེ་གཉིས་མི་རྟག་པ་ཅིའི་ཕྱིར་མ་ཡིན་དྲིས་པས་དེ་གཉིས་དངོས་མེད་ཡིན་པས་དངོས་པོའི་མི་རྟག་པ་ཞེས་པ་དང་དངོས་པོ་ལ་མི་རྟག་པ་ཡོད་ཅེས་པ་དང་དངོས་པོ་མི་རྟག་ཅེས་རྣམ་དབྱེ་དྲུག་པ་དང་བདུན་པ་དང་ཆོས་ཆོས་ཅན་སོགས་མི་རུང་བའི་ཕྱིར་རོ་ཞེ་ན། འོ་ན་དངོས་པོའི་སྔ་ན་མེད་པ་ཞེས་སོགས་ཀྱང་མི་རུང་བར་ཐལ། དངོས་པོ་དང་འབྲེལ་པ་མེད་པའི་ཕྱིར་ཏེ་དངོས་པོ་དང་སྦྱར་ནས་དྲུག་སྒྲ་སོགས་གང་ཡང་མི་རུང་པར་ཁས་བླངས་པའི་ཕྱིར། ཡོད་པ་ཉིད་ཅེས་པའི་སྤྱི་རྟག་པ་གཅིག་ཡིན་ན་དེ་ལ་འཕྲོད་པ་འདུས་པའང་རྟག་པ་ཡིན་པས་མཐའ་གཉིས་པོས་ཁྱད་པར་དུ་བྱས་པའང་མི་འཐད་དོ། །གལ་ཏེ་རྒྱུ་འབྲས་གཉིས་པོ་མཐའ་ཡིན་ནོ་ཞེ་ན། ཁྱད་པར་དུ་བྱེད་ཆོས་རྒྱུ་འབྲས་ཀྱང་མེད་པར་འགྱུར་


JLD015_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྔར་མེད་དང་དངོས་པོའི་འབྲེལ་པ་མེད་པའི་ཕྱིར་ཏེ། རིགས་པ་ཅན་པས་དངོས་པོ་སྔར་མེད་མི་འདོད་པའི་ཕྱིར། རྒྱུ་འབྲས་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་མི་རྟག་པར་བརྗོད་པ་དེའང་མི་འགྲུབ་པར་ཐལ། ཁྱད་པར་བྱེད་ཆོས་མེད་པའི་ཕྱིར། སྔར་མེད་གསར་སྐྱེའི་འབྲས་བུ་ཁས་མི་ལེན་གྱི་གྲུབ་ཟིན་གྱི་མྱུ་གུ་ཡོད་པ་ཉིད་དང་འབྲེལ་བར་བྱེད་པ་པོ་རྒྱུ་ཡིན་ནོ་ཞེ་ན། དེ་ལའང་གནོད་པ་སྔ་མ་ཉིད་དུ་འགྱུར་བས་འབྲས་བུ་མེད་པ་དང་དངོས་པོ་རིལ་རྟག་པར་ཁས་ལེན་དགོས་པར་འགྱུར་རོ། །མངོན་སུམ་གྱི་མཚན་ཉིད་ལ་ལོག་པར་རྟོག་པ་བསལ་བ་ནི་དེ་ལ་ཐོག་མར་ཚད་མ་རྣམ་ངེས་ཀྱི་འགྲེལ་པར་སློབ་དཔོན་ཆོས་མཆོག་གིས་མངོན་སུམ་ཞེས་བྱ་བ་ནི་མཚན་གཞི་རྗེས་སུ་བརྗོད་པས་ཏེ། མངོན་སུམ་གྱིས་བརྗོད་པར་བྱ་བ་མངོན་སུམ་དུ་བྱེད་པའི་ཤེས་པ་རབ་ཏུ་གྲགས་པ་དེ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའོ། །ཞེས་དེ་ལྟར་མངོན་སུམ་རྗེས་སུ་བརྗོད་ནས་རྟོག་པ་དང་བྲལ་བ་ཉིད་ལ་སོགས་པའི་མཚན་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་མཚན་གཞི་གྲུབ་ཟིན་པའི་དོན་དེ་ཉིད་སླར་ཡང་རྗེས་སུ་བརྗོད་པའི་སྒྲ་ནི་མཚན་གཞིའམ་མཚོན་བྱ་རྗེས་བརྗོད་ཀྱི་སྒྲ་ཞེས་ཟེར་ལ། མཚན་ཉིད་རྟོག་བྲལ་མ་འཁྲུལ་བ་སྔར་མ་གྲུབ་པ་བསྒྲུབ་པའི་ཆེད་དུ་བརྗོད་པ་ཡིན་པས་དེ་བརྗོད་པའི་སྒྲ་ལ་མཚན་ཉིད་སྒྲུབ་པའི་སྒྲ་ཞེས་ཟེར་རོ། །དེ་ལ་འཕྲོས་དང་བཅས་པའི་སློབ་དཔོན་ཆོས་མཆོག་


JLD015_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གི་རང་ལུགས་བཞག་པ་མི་འཐད་པ་དང། གཞན་ལུགས་བཀག་པ་མི་འཐད་པ་དང་། སློབ་དཔོན་ཆོས་མཆོག་གི་ལུགས་འཐད་པར་སྒྲུབ་པའི་བོད་སྔ་མ་དག་གི་སྒྲུབ་བྱེད་རྣམས་ལྟར་སྣང་ཡིན་པ་དང་། དེས་ན་ལོཙྪ་བ་ཆེན་པོའི་བཞེད་པ་ཉིད་རྣམ་པར་ངེས་པའི་གཞུང་གི་བཞེད་པར་འཐད་པའི་བརྒལ་ལན་རྒྱས་པར་གཏན་ལ་ཕབ་པ་ནི། བླ་མ་གྲོ་ལུང་པ་ཆེན་པོས་མཛད་པའི་རྣམ་བཤད་ཆེན་མོར་བལྟ་བར་བྱའོ། །དེ་ལ་རང་གི་ལུགས་ནི་སློབ་དཔོན་ཆོས་མཆོག་གི་བཞེད་པ་ཉིད་དུ་སྐྱོན་མེད་པར་གནས་ཏེ། སློབ་དཔོན་ཆོས་མཆོག་གི་ལུགས་འཐད་པ་དང་མི་འཐད་པའི་སྒྲུབ་པའི་ཕྱོགས་གཉིས་ཀས་ཀྱང་ཕྱོགས་སྔ་མ་ལེགས་པར་མ་དགོངས་པ་ཡིན་ཏེ་རྣམ་པར་བཞག་འཇོག་ལ་མཚན་མཚོན་དུ་བྱས་ནས་མཚོན་བྱ་རྗེས་བརྗོད་དང་མཚན་ཉིད་སྒྲུབ་པར་བཞེད་པ་མ་ཡིན་ཏེ། རྣམ་པར་འཇོག་བྱེད་མ་ངེས་པར་རྣམ་པར་གཞག་བྱ་ངེས་པར་སློབ་དཔོན་ཆོས་མཆོག་མི་བཞེད་ཅིང་། དེའི་རྣམ་པར་བཞག་བྱ་མ་ཡིན་པར་ཐལ་བར་འགྱུར་རོ། །དེས་ན་འདིར་རྟོག་བྲལ་མ་འཁྲུལ་བའི་ཤེས་པའི་རྣམ་པར་གཞག་བྱ་ནི་མངོན་སུམ་ཚད་མ་ཡིན་ལ་འདིར་ནི་སྤྱོད་པ་པ་ལ་སོགས་པས་དོན་མངོན་དུ་བྱེད་པས་ན་མངོན་སུམ་ཞེས་པའི་སྒྲའི་དོན་ངེས་ཀྱང་དེ་རྟོག་པར་སྒྲོ་འདོགས་པས་རྟོག་བྲལ་མ་འཁྲུལ་པ་སྔར་མ་གྲུབ་པ་བསྒྲུབ་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །དེས་ན་རྗེས་བརྗོད་ཀྱི་སྒྲའི་དོན་ནི་དོན་མངོན་དུ་བྱེད་པས་མངོན་སུམ་ཞེས་པ་སྟེ་ཡིན་ལ་དེ་ལ་མཚན་


JLD015_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་གཟུགས་འཛིན་པའི་དབང་པོའི་ཤེས་པ་སོགས་དང་། ཁོ་རང་གི་རང་ལྡོག་རྣམས་སུ་ཡོད་པས་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་མ་གྲུབ་པར་ཡང་དོན་དེ་དག་ངེས་ནུས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །དེས་ན་སློབ་དཔོན་ཆོས་མཆོག་གིས་མིང་དང་མིང་ཅན་འབྲེལ་བར་འདོད་པ་ལ་གནོད་པ་སྟོན་པའི་སྐབས་སུ་མིང་དོན་གྱི་འབྲེལ་པ་ངེས་པར་བྱད་པ་ཙམ་ཡིན་ན་མིང་ཅན་རྟོག་བྲལ་མ་འཁྲུལ་བ་གཞི་ལ་མ་བརྟེན་པར་གྲུབ་པ་མི་སྲིད་ཅིང་། སྔར་བཤད་པའི་གཞི་གཉིས་པོ་གང་རུང་གི་སྟེང་དུ་གྲུབ་ན་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་གཞུང་རྒྱུན་ཕྱི་མ་འདི་དག་གིས་སྔར་མ་གྲུབ་པའི་དོན་ཅི་ཞིག་བསྒྲུབ་པར་བྱར་ཡོད་ཅེས་པའི་བརྟག་པ་རྣམས་འཇུག་པ་ཁོ་ནའོ། །མཚན་ཉིད་མ་གྲུབ་པའི་སྔར་མཚོན་བྱ་གྲུབ་པ་སློབ་དཔོན་ཆོས་མཆོག་གི་བཞེད་པར་འདོད་པ་དེ་ལྟར་ན། སྒྲུབ་བྱེད་གང་ཡང་མེད་པ་ནི་སྒྲུབ་པ་མི་འཐད་ལ། དོན་མངོན་དུ་བྱེད་པའི་ཤེས་པ་འཇོག་བྱེད་དུ་བྱས་ནས་དེས་གྲུབ་པར་འདོད་པའང་མི་འཐད་དེེ། མངོན་སུམ་ལ་རྟོག་བྲལ་མ་འཁྲུལ་བས་ཁྱབ་ལ། དེ་ལ་རྟོག་བྲལ་དང་མ་འཁྲུལ་བ་གང་གིས་ཀྱང་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །དེས་ན་ཆོས་མཆོག་གི་དགོངས་པ་ནི་ཊཱིཀྐའི་ཚིག་དོན་ལེག་པར་བཤད་པ་ལས་རྟོགས་པར་འགྱུར་ཏེ། འདི་ལྟར་མངོན་སུམ་རྟོག་བྲལ་མ་འཁྲུལ་བ། ཞེས་བཤད་པའི་མངོན་སུམ་གྱི་སྒྲའི་དོན་ནི་ལྐོག་ཏུ་མ་གྱུར་པའི་དོན་མངོན་


JLD015_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་བྱེད་པའི་ཤེས་པ་སྤྱོད་པ་པས་ཀྱང་གྲུབ་ཟིན་པ་ཁྱད་གཞི་སྒྲ་འཛིན་ཉན་ཤེས་མ་འཁྲུལ་བ་ལྟ་བུ་ཡིན་ལ། རྟོག་བྲལ་མ་འཁྲུལ་བ་ནི་དེའི་སྟེང་དུ་མ་གྲུབ་པ་བསྒྲུབ་པར་བྱ་བ་མི་རྟག་པ་ལྟ་བུ་ཡིན་པར་ཆེས་ཤིན་ཏུ་གསལ་བས་མཚན་ཉིད་མ་གྲུབ་པའི་སྔར་མཚོན་བྱ་གྲུབ་པ་ལ་གནོད་པ་བརྗོད་པ་ནི་ཕྱོགས་སྔ་མ་མ་ལོན་པའོ། །དེ་ལ་སྒྲུབ་པ་དང་རྗེས་བརྗོད་ཀྱི་སྒྲའི་སྐབས་གཉིས་ལས་མཚན་གཞི་དོན་མངོན་དུ་བྱེད་པའི་ཤེས་པ་དང་། མཚན་ཉིད་རྟོག་བྲལ་མ་འཁྲུལ་བ་གྲུབ་ཟིན་པར་ནི་མཚན་ཉིད་རྗེས་སུ་བརྗོད་ནས་མཚན་གཞི་སྟེ་མཚོན་བྱ་མངོན་སུམ་ཤེས་པར་བྱེད་ལ། དེ་དང་མཚན་ཉིད་སྔར་མ་གྲུབ་པ་ལ་ནི་མཚན་ཉིད་སྒྲུབ་པར་བྱེད་དོ། །དེའི་དཔེ་ནི་དཔེར་ན་ཞེས་སོ། །དཔེ་འདིའི་དོན་ཡང་མཚན་མཚོན་དུ་མི་བཞེད་པར་ཆེས་ཤིན་ཏུ་གསལ་ལོ། །གཞན་ལུགས་དགག་པ་ནི་མིང་དང་ཞེས་སོགས་ཏེ། སློབ་དཔོན་ཞི་བ་བཟང་པོ་ལྟར་མིང་འདིའི་དོན་གང་ཡིན་ཞེས་པ་དང་། དོན་འདིའི་མིང་གང་ཡིན་ཞེས་པ་ལ་མིང་དོན་འབྲེལ་བར་བྱེད་པ་ཡིན་ནོ་ཞེས་པའང་སྐབས་སུ་མ་བབ་སྟེ། སྤྱིར་ཚད་མའི་གྲངས་སོགས་དང་བྱེ་བྲག་ཏུ་མངོན་སུམ་རྟོག་པ་དང་འཁྲུལ་པར་ལོག་པར་རྟོག་པ་སེལ་བའི་སྐབས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། མིང་དང་མིང་ཅན་འབྲེལ་བར་བྱེད་པ་ལ་མིང་ཅན་ད་དུང་མ་གྲུབ་པའི་ཕྱིར། དགོས་པའང་ཅུང་ཟད་ཀྱང་མེད་དེ། མཚན་ཉིད་ལ་ལོག་རྟོག་བསལ་དགོས་པ་མ་


JLD015_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བའི་ཕྱིར། རང་གི་འདོད་པས་མངོན་སུམ་གྱི་སྒྲའི་དོན་སྔར་བཤད་པ་ཁྱད་གཞིར་བཟུང་ནས་དེའི་སྟེང་དུ་མཚན་ཉིད་སྒྲུབ་པར་བྱེད་པ་ལ་མིང་དང་མི་ཅན་འབྲེལ་བར་བྱེད་པ་ཞེས་པའི་མིང་བཏགས་ནའང་འདོད་པའི་དོན་ལ་ལོག་རྟོག་མ་བསལ་བར་འགྱུར་བའི་ཕྱིར། འཐད་པའི་དངོས་པོ་དེ་ལ་ཕ་རོལ་པོས་མིང་གཞན་དུ་བཏགས་ནའང་རྟོག་བྲལ་མ་འཁྲུལ་བ་ནི་མངོན་སུམ་ཞེས་པའི་སྒྲའི་དོན་མ་ཡིན་ལ། དོན་མངོན་དུ་བྱེད་པའི་ཤེས་པ་ཉིད་མངོན་སུམ་གྱི་སྒྲའི་བརྗོད་བྱ་ཡིན་ལ། སྔ་མ་དེའི་ཁྱད་པར་ཡིན་ཏེ། དཔེར་ན་སྒྲ་རྣ་བས་ཞེས་སོ། །དཔེ་དེ་བཞིན་དུ་མངོན་སུམ་གྱི་ཤེས་པ་སོགས་བཞི་མངོན་སུམ་གྱི་སྒྲའི་དོན་དུ་གྲགས་ཤིང་གྲུབ་པར་གྱུར་པ་རྗེས་སུ་བརྗོད་ནས་ཁྱད་པར་རྟོག་བྲལ་མ་འཁྲུལ་བ་སྒྲུབ་པར་བྱད་པ་ཡིན་གྱི་སྔར་མེད་ཀྱི་མིང་དང་མིང་ཅན་འབྲེལ་བར་སྒྲུབ་པར་བྱད་པ་མ་ཡིན་ནོ། །གང་ཡང་ཕྱོགས་གཞན་དོན་མངོན་དུ་བྱེད་པའི་ཤེས་པ་གྲུབ་ཟིན་ལ་མཚན་ཉིད་གྲུབ་ཟིན་པ་རྗེས་སུ་བརྗོད་པར་བཏགས་ནས་མཚོན་བྱ་མངོན་སུམ་སྒྲུབ་པར་རྟོག་པ་དེའང་དོན་ཕྱིན་ཅི་ལོག་ལ་བརྟན་པ་ཡིན་ཏེ། མངོན་སུམ་གྱི་སྒྲའི་དོན་དང་མཚན་ཉིད་བསྒྲུབ་པའི་ངག་འཛིན་ནའང་དེ་ལྟར་མ་མཐོང་ངོ་ཞེས་བསྟན་ཟིན་པའི་ཕྱིར་རོ། །རིགས་པས་ཀྱང་མི་འཐད་དེ། ཕྱོགས་གཞན་དུ་ཁྱད་པར་རྟོག་བྲལ་མ་འཁྲུལ་བ་དེ་དག་མངོན་སུམ་གྱི་དོན་མངོན་དུ་བྱེད་པའི་ཤེས་


JLD015_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གྲུབ་བམ། གཞི་མེད་པར་གྲུབ། ཕྱི་མ་མི་སྲིད་པས། དང་པོ་ལྟར་ན། ངག་འདིས་སྔར་མ་གྲུབ་པའི་དོན་ཅི་ཞིག་གྲུབ་པར་འདོད། དེས་ན་ཁོ་བོ་ཅག་ལྟར་འཐད་པ་མདོར་བསྟན་གྱི་ངག་འདི་ཉིད་ཀྱི་ངག་རྒྱུན་ཕྱི་མ་རྒྱས་བཤད་ཀྱི་ཚིག་རྣམས་ཀྱིས་འཐད་པར་བརྗོད་པས་གྲུབ་པ་དང་རྗེས་བརྗོད་ཚུལ་འདི་ཉིད་རིགས་སོ། །མཚན་ཉིད་ཉེ་བར་བཟུང་བའི་དགོས་པ་སྟོན་པ་ནི་འདིར་ཡང་ཞེས་སོ། །སྤྱིར་མཚན་ཉིད་ལ་རིགས་མི་འཐུན་སེལ་བ་དང་། ལོག་རྟོག་སེལ་བ་གཉིས་ལས་མཚན་ཉིད་གཉིས་ངེས་པར་སྨོས་པ་རིགས་མི་མཐུན་རྣམ་པར་བཅད་པའི་དོན་མ་ཡིན་གྱི་ལོག་རྟོག་བསལ་བའི་དོན་ཡིན་ནོ། །རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན་ཚད་མ་མ་ཡིན་པ་ནི་ཡང་དག་ཤེས་པར་གྲུབ་ཟིན་པ་ཉིད་ཀྱིས་བསལ་ལ། དེ་གཞིར་བྱས་ན་རྟོག་བྲལ་སྨོས་པའི་བསལ་བྱ་རྗེས་དཔག་ཉིན་ཡིན་ལ། མ་འཁྲུལ་བ་སྨོས་པའི་ཡང་བསལ་བྱ་རྗེས་དཔག་ཉིད་ཡིན་ཏེ། ཡང་དག་ཤེས་པར་གྱུར་པའི་རྟོག་པ་དང་འཁྲུལ་པ་དེ་ལས་མེད་པའི་ཕྱིར། དེེས་ན་ཡང་དག་ཤེས་པར་གྲུབ་པ་ལ་རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན་ཡ་གྱལ་རེ་རེས་གྲུབ་ཀྱང་། ལོག་རྟོག་སེལ་བའི་ཆེད་དུ་གཉིས་སྨོས་ཏེ། དབང་པོ་མིག་སེར་གྱིས་ཉམས་པར་བྱས་པའི་ཤེས་པ་ལྟ་བུ་འཁྲུལ་པ་ཁ་ཅིག་མངོན་སུམ་དུ་འདོད་པ་དང་། མངོན་སུམ་འགའ་ཞིག་རྟོག་པར་འདོད་པ་དགག་པའི་ཆེད་ཡིན་ནོ། །སྤྱིའི་དོན་འདི་


JLD015_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་དོན་ཚན་བཞི་ཡོད་པའི་རྗེས་བརྗོད་ཀྱི་སྒྲ་དང་སྒྲུབ་པའི་གཏན་ལ་དབབ་པ་ནི་ཚུལ་འདི་ཉིད་རིགས་པ་ཡིན་ནོ་ཞེས་པ་ཡན་ཆད་ཡིན་ལ། རིགས་མི་མཐུན་དང་ལོག་རྟོག་སེལ་བའི་མཚན་ཉིད་དུ་འགྲོ་ཚུལ་ནི་འདིར་ཡང་ཞེས་པ་ནས་ཐམས་ཅད་སྤངས་པ་ཡིན་ནོ། །ཞེས་པའི་བར་རོ། །སྐབས་འདིར་མཚོན་བྱ་སྟོན་པའི་ཚིག་ཡོད་དམ་མེད་ཅེ་ན། ངེས་པར་དངོས་སུ་སྨོས་དགོས་པ་མ་ཡིིན་ཏེ། མཚན་ཉིད་རྟོག་བྲལ་མ་འཁྲུལ་བ་རྒྱས་པར་གཏན་ལ་པབ་པ་ཉིད་ཀྱིས་མཚོན་བྱ་བདེ་བླག་ཏུ་གོ་བའི་ཕྱིར་དང་། བསྟན་དགོས་ནའང་མ་བསྟན་པ་མིན་ཏེ། འདིའི་ཕྱི་འགྲེལ་དུ་ཤེས་པ་གང་ཡིན་པ་དེ་ནི་མངོན་སུམ་མོ་ཞེས་པས་བསྟན་ནོ། །མཚན་མཚོན་གཉིས་གང་རུང་ཞིག་དངོས་སུ་བསྟན་ན་གཉིས་ཀ་དངོས་སུ་བསྟན་དགོས་པ་མ་ཡིན་ཏེ། རྣམ་འགྲེལ་དུ་མཚོན་བྱ་དངོས་སུ་བསྟན་ཀྱང་མཚན་ཉིད་སྤྱིར་བཏང་དམིགས་བསལ་དུ་མའི་སྒོ་ནས་ཤུགས་ལ་གོ་དགོས་པ་ཡོད་པའི་ཕྱིར། དེ་ལ་ཚད་མ་སྤྱིའི་མཚན་ཉིད་དང་དེ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་གྲུབ་ཟིན་ནས་བྱེ་བྲག་མངོན་སུམ་ཚད་མའི་མཚན་ཉིད་སྒྲུབ་པར་བྱེད་པ་ལ་རྟོག་བྲལ་མ་འཁྲུལ་བ་ཙམ་གྱིས་རྫོགས་པ་མ་ཡིན་ལ། མངོན་སུམ་ཚད་མའི་བསལ་བྱ་ལ་ཚད་མ་དང་ཚད་མིན་གཉིས་ཀྱི་ཕྱི་མ་ནི་མི་སླུ་བར་གྲུབ་པ་ཉིད་ཀྱིས་བསལ་ཟིན་ལ། མངོན་སུམ་མ་ཡིན་པའི་ཚད་མ་ནི་རྗེས་དཔག་ཉིད་དུ་ངེས་པར་རྟོག་


JLD015_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་སྨོས་པས་ཀྱང་རྗེས་དཔག་བསལ་ནས། མངོན་སུམ་ཚད་མར་མཚོན་ནུས་ལ། མ་འཁྲུལ་བས་ཀྱང་དེ་ལྟར་ནུས་པས་ཡ་གྱལ་རེ་རེས་ཀྱང་རིགས་མི་མཐུན་སེལ་ནུས་ལ། རྟོག་བྲལ་གྱིས་དེ་ལྟར་ནུས་ན་མ་འཁྲུལ་བ་སྨོས་ཅི་དགོས་སྙམ་ན། ལོག་རྟོག་སེལ་བའི་ཆེད་དུ་སྨོས་ལ། ཕྱི་མས་དེ་ལྟར་ནུས་ན་སྔ་མ་དགོས་པ་མེད་དོ་སྙམ་ནའང་ལོག་རྟོག་སེལ་བའི་ཆེད་དུ་སྨོས་པས་ཡ་གྱལ་གང་རུང་རེ་རིགས་མི་མཐུན་སེལ་བའི་ཚེ་ཅིག་ཤོས་ལོག་རྟོག་སེལ་བ་ལ་སྦྱར་བ་དེ་ལྟར་གཉིས་ཀ་ཡིན་པས་གཉིས་ཀ་བསྡོམས་པ་སྨོས་པ་ནི་ལོག་རྟོག་བསལ་བའི་དོན་དུ་ཡིན་ནོ། །མ་འཁྲུལ་བ་སྨོས་ན་མིག་སེར་གྱིས་ཉམས་པའི་མིག་གི་ཤེས་པ་གཟུང་ཡུལ་ལ་འཁྲུལ་བས་མངོན་སུམ་མ་ཡིན་པར་ཤེས་ལ། ཚུལ་གསུམ་པའི་རྟགས་ལ་མ་བརྟེན་པས་རྗེས་དཔག་མ་ཡིན་ཞིང་སྣང་ཞེན་གང་ལའང་མི་སླུ་བ་མེད་པས་ཚད་མ་གཞན་ཡང་མ་ཡིན་པར་གྲུབ་བོ། །མ་འཁྲུལ་བ་སྨོས་པ་མེད་ན་ཁ་ཅིག་དེ་འདྲའི་ཤེས་པ་རྟོག་པར་ཞེན་ནས་མངོན་སུམ་ཚད་མ་མ་ཡིན་པར་འཇོག་པ་དང་། ཁ་ཅིག་དོན་ཙམ་ལ་མི་སླུ་བ་དང་རྟོག་མེད་དུ་ཞེན་པས་མངོན་སུམ་ཚད་མར་འཇོག་པའི་ལོག་རྟོག་དེ་དག་མ་འཁྲུལ་བ་སྨོས་པས་སྤངས་པ་ཡིན་ནོ། །དོན་ཚན་གསུམ་པ་མཚན་ཉིད་འདི་མདོ་སེམས་གཉིས་ཀའི་དབང་དུ་བྱས་སམ། མདོ་སྡེ་པ་ཁོ་ནའི་དབང་དུ་བྱས་སྙམ་པའི་དོགས་པ་གཅོད་པ་ནི། གཞན་དག་ཅེས་


JLD015_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཏེ། ཁ་ཅིག་མདོ་སྡེ་བ་བཞིན་སེམས་ཙམ་པའི་ཡང་མངོན་སུམ་གྱི་མཚན་ཉིད་ཐུན་མོང་བ་བསྟན་པའི་ཕྱིར་མ་འཁྲུལ་བའི་དོན་མི་སླུ་བ་ལ་འདོད་ལ། སློབ་དཔོན་དུལ་བ་ལྷའང་དེ་ལྟར་འདོད་དོ། །དེ་དགག་པ་ལ་མ་འཁྲུལ་བའི་སྒྲའི་དོན་གཟུང་ཡུལ་ལ་མ་འཁྲུལ་བ་ཡིན་པར་བསྒྲུབ་པ་དང་། མི་སླུ་བ་ལ་འདོད་པ་དགག་པའོ། །དང་པོ་ནི་གང་ཞིག་གི་ཕྱིར་ཞེས་ཏེ། སློབ་དཔོན་གྱིས་མ་འཁྲུལ་བའི་དོན་དེ་ལྟར་མི་བཞེད་དེ། དེའི་བཟློག་ཟླ་འཁྲུལ་པ་དེའི་མཚན་ཉིད་ནི་ཕྱིན་ཅི་ལོག་ཏུ་སྣང་བ་ཡིན་ནོ་ཞེས་སྣང་བ་ལ་འཁྲུལ་བར་དེ་དང་དེར་གསུངས་པའི་ཕྱིར་རོ། །ཡང་རྣམ་པར་རྟོག་པ་ནི་མངོན་སུམ་ཡིན་ཏེ། དངོས་པོ་རང་མཚན་མི་སྣང་བའི་ཤེས་པ་ཡིན་པའི་ཕྱིར་ཞེས་གསུངས་པ་ནའང་མངོན་སུམ་ཡིན་ན། དངོས་པོ་ཇི་ལྟར་གནས་པ་དང་མཐུན་བར་སྣང་བ་གཟུང་ཡུལ་དོན་བྱེད་ནུས་པ་ལ་མ་འཁྲུལ་བ་ཡིན་པར་བརྗོད་པའི་ཕྱིར་ཡང་རྗེས་དཔག་དེ་མ་ཡིན་ལ་དེར་འཛིན་པས་འཁྲུལ་པར་ཡང་དང་ཡང་དུ་གསུངས་པ་ན་མངོན་སུམ་དེ་ལས་བཟློག་པར་མི་བཞེད་ན་རྗེས་དཔག་འབའ་ཞིག་འཁྲུལ་པར་བསྟན་པ་དགོས་པ་མེད་ལ། བཞེད་ན་དེ་ནི་གཟུང་ཡུལ་ལ་འཁྲུལ་བ་ཡིན་གྱི་ཞེན་ཡུལ་ལ་འཁྲུལ་བ་མ་ཡིན་ལ། འཁྲུལ་ཚུལ་དེ་ལས་བཟློག་པས་མངོན་སུམ་མ་འཁྲུལ་བ་ཡིན་པའི་ཕྱིར་མངོན་སུམ་གཟུང་ཡུལ་ལ་མ་འཁྲུལ་བ་ཡིན་པར་གྲུབ་བོ། །གཉིས་པ་ནི།


JLD015_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་ཚད་མ་ཡང་དག་པའི་ཤེས་པར་གོང་དུ་བསྒྲུབས་ཟིན་པས་མ་འཁྲུལ་བའི་དོན་མི་སླུ་བ་ལ་བྱེད་ན་མངོན་སུམ་ཚད་མའི་མཚན་ཉིད་ཡང་དག་པར་ཤེས་པའི་རྟོག་པ་དང་བྲལ་ཞིང་མི་སླུ་བ་ཞེས་པར་འགྱུར་བས་མ་འཁྲུལ་བའི་དོན་དེ་ལ་བྱེད་པ་དོན་མེད་དོ། །རྣམ་རིག་པའི་ལུགས་མགོ་མཇུག་ཀུན་ལ་སྦྱར་བར་བྱ་བ་མ་ཡིན་ཏེ། རྗེས་དཔག་འབའ་ཞིག་གཟུང་ཡུལ་ལ་འཁྲུལ་བ་དང་དབང་པོའི་མངོན་སུམ་གཟུང་དོན་གྱི་མཐུ་ལས་སྐྱེས་པས་རྟོག་བྲལ་དུ་བསྒྲུབ་པ་སོགས་རྣམ་རིག་པ་ལ་སྦྱར་དུ་མི་རུང་བའི་ཕྱིར་རོ། །འོ་ན་རྣམ་རིག་པའི་མངོན་སུམ་གྱི་མཚན་ཉིད་གང་དུའང་མ་བསྟན་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། རྟོག་པ་དང་བྲལ་བ་ལ་བག་ཆགས་བརྟན་མི་བརྟན་གྱི་དབང་གིས་འཇོག་པ་ཚད་མ་རྣམ་པར་ངེས་པ་ཉིད་དུ་གསུངས་པའི་ཕྱིར་རོ། །དེས་ན་མ་འཁྲུལ་བའི་དོན་གཟུང་ཡུལ་ལ་མ་འཁྲུལ་བ་གྲུབ་ན་མདོ་སྡེ་པ་འབའ་ཞིག་ལ་སྦྱར་དགོས་པར་ལེགས་པར་གྲུབ་པ་ཡིན་ནོ། །ཁ་ཅིག་ན་རེ་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་མངོན་སུམ་ཚད་མ་ཡིན་པ་བཟློག་པའི་དོན་དུ་མ་འཁྲུལ་བ་སྨོས་པ་མི་རིགས་ཏེ། དེ་ཆ་འགའ་ཞིག་ལ་མི་སླུ་བས་ཚད་མ་ཡིན་པའི་ཕྱིར་དང་། ཕྱོགས་གླང་གིས་ཀྱང་མངོན་སུམ་གྱི་མཚན་ཉིད་དུ་མི་འཁྲུལ་བ་སྨོས་པ་མ་མཛད་པར་རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་གསུངས་སོ། །ངེས་ཤེས་ཀྱི་ཡུལ་ཐམས་ཅད་ལ་མི་སླུ་བ་ཚད་མར་རྟོགས་པའི་དོན་དུ་མི་སླུ་བ་སྨོས་


JLD015_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་མི་རིགས་ཏེ། དོན་གྱི་བདག་ཉིད་ཐམས་ཅད་ལ་མི་སླུ་བའི་ཤེས་པ་འགའ་ཡང་མེད་དོ་ཞེས་ཟེར་རོ། །དེ་དགག་པ་ནི། སློབ་དཔོན་ཕྱོགས་གླང་གིས་མངོན་རྗེས་གཉིས་ཁོ་ན་ཚད་མར་གསུངས་པ་མི་རིགས་པར་ཐལ། ཁྱོད་ལྟར་ན་བྱིས་པའི་རྟོག་པ་ཡན་ཆད་ཆ་འགའ་ཞིག་ལ་མི་སླུ་བ་མ་ཡིན་པ་མེད་ལ། བདག་ཉིད་ཐམས་ཅད་ལ་མི་སླུ་བ་འགའ་ཡང་མེད་པའི་ཕྱིར། དེས་ན་ཚད་མ་གཉིས་སུ་ངེས་པར་བསྟན་པའི་ཕྱིར། རྟོག་པ་འགའ་ཞིག་སླུ་བར་བཞེད་པ་མ་ཡིན་ནོ། །ཁྱེད་ལྟར་ན་ཤེས་པ་ཐམས་ཅད་མི་སླུ་བར་ཁར་བླང་ནུས་པར་འགྱུར་རོ། །དེས་ན་སློབ་དཔོན་གྱི་དགོངས་པ་ནི་དོན་བྱེད་ནུས་པའི་དོན་གང་འཇུག་ཡུལ་དུ་གྱུར་པའི་དོན་དེ་ཐོབ་པ་ལ་བརྟེན་ནས་མི་སླུ་བར་འཇོག་ལ། དེའང་ངེས་ཤེས་ཀྱི་ཡུལ་དུ་གྱུར་པའི་བདག་ཉིད་ཐམས་ཅད་ལ་མི་སླུ་བ་ཡིན་ནོ། །ཐུན་མོང་བའི་ཆོས་གང་ལ་མི་སླུ་བ་དེའང་ཁྱད་པར་ལ་མི་སླུ་བ་ཡིན་ལ། ཚད་མའི་སྟོབས་ཀྱིས་དྲངས་པའི་ངེས་ཤེས་དེ་ཁྱད་པར་གཅིག་ལ་བསླུས་ན་སྤྱི་ལ་མ་སླུས་པ་ཞེས་བྱ་བ་མེད་ལ། དེས་ན་བདག་ཉིད་ཐམས་ཅད་ལ་བསླུས་པ་ཡིན་ནོ། །སྨིག་རྒྱུ་ལ་ཆུའི་རང་བཞིན་སྤངས་པ་ཡིན་པས་ཆུའི་ཆ་གང་ལ་མི་སླུ་བ་སྤངས་ལ། ནོར་བུ་ཕུགས་དང་འོད་སྒོ་གསེབ་ན་འདུག་པ་ལ་ནོར་བུ་འདུག་པ་སྙམ་པའང་ནོར་བུ་ཡོད་པའི་ཡུལ་སྤངས་བ་ཡིན་པས་ནོར་བུའི་ཆ་དང་ཆ་ཅན་གང་ལའང་ཚད་མ་མ་ཡིན་ལ།


JLD015_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཕྱེད་ཀྱི་དུས་ན་ཉིན་ཕྱེད་ཀྱི་བུ་བྱུང་བར་རྨིས་པའང་དུས་ལ་འཁྲུལ་བས་ཚད་མ་མ་ཡིན་པས། ཆ་གཞན་ལ་བསླུས་ནས་ཕྱོགས་གཅིག་ལ་མི་སླུ་བ་ཞེས་བྱ་བའི་ཚད་མ་མི་སྲིད་དོ། །དེས་ན་རྗེས་དཔག་ལས་ཐ་དད་པའི་རྟོག་པ་ཚད་མ་ཡིན་པ་སྤངས་པ་བཞིན་དུ། སློབ་དཔོན་འདི་དག་ཀྱང་མངོན་སུམ་ཡིན་པ་སྤངས་པར་བཞེད་པས་དེའི་དོན་དུ་མ་འཁྲུལ་བ་སྨོས་པ་ཡིན་ནོ། །བཞི་པ་ནི། ཡུལ་ལ་འཁྲུལ་བ་མངོན་སུམ་ཚད་མར་མི་རུང་བ་ནི། ནོར་བུ་སྒྲོན་མའི་འོད་དག་ལ་ཞེས་པའི་སྐབས་སུ་རྟོགས་ལ། དུས་ལ་འཁྲུལ་བ་དེར་མི་རུང་བ་ནི་དོགས་པའི་གནས་ཆུང་བས་མ་སྨོས་ལ། རང་བཞིན་ལ་འཁྲུལ་བའི་དོགས་པ་བསྐྱེད་པ་ནི། གལ་ཏེ་དངོས་པོའི་གནས་ཚོད་དང་འགལ་བ་འཛིན་པ། འཁྲུལ་པས་ཚད་མར་མི་རུང་ན། སྔོ་འཛིན་དབང་ཤེས་འཁྲུལ་པར་ཐལ། རྡུལ་ཕྲ་རབ་མ་འདྲེས་པ་རྣམས་ལ་འདྲེས་པར་འཛིན་པའི་ཕྱིར། ཕྱི་རོལ་གཟུང་དོན་དུ་བྱས་ནས་འཛིན་པའི་ལུགས་ལ། རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་བཅས་སུ་མི་རུང་བའི་ལུགས་ཇི་ལྟར་འཐད་བའི་ཚུལ་གྱིས་ལན་གདབ་པར་བྱའོ། །སྔོ་སྣང་དབང་ཤེས་རང་བཞིན་འདྲེས་པ་འཛིན་པའི་དོན་དེ། རྡུལ་ཕྲ་རབ་རྣམས་རང་བཞིན་ཐ་དད་པ་མ་འདྲེས་པའི་དོན་ཡིན་པ་ལ་རང་བཞིན་ཐ་དད་མེད་པར་འདྲེས་པར་འཛིན་པའི་དོན་ཡིན་པའམ། གོ་ས་སོ་སོར་གནས་པ། གོ་ས་གཅིག་ཏུ་འཛིན་པའམ། བར་སྟོངས་དང་བཅས་པར་གནས་པ། བར་སྟོངས་མེད་པར་འཛིན་པའམ། དབང་ཤེས་


JLD015_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མི་མཐུན་གྱི་གཟུང་དོན་གྱིས་བར་བཅད་ནས་གནས་པ་ལ། བར་མ་ཆད་དུ་འཛིན་པ། མ་འདྲེས་པར་གནས་པ་འདྲེས་པར་འཛིན་པའི་དོན་ཡིན།སྐྱོན་དང་པོ་མེད་དེ། དེ་ལྟ་ན་གོང་བུ་རྡུལ་ཕྲན་ཙམ་དུ་སྣང་བར་ཐལ་བའི་ཕྱིར། སྐྱོན་གཉིས་པ་མེད་པའང་ངེས་གྲུབ་ལ། སྐྱོན་གསུམ་པའང་མེད་དེ། བར་སྟོངས་དང་། བར་སྟོངས་མེད་པ་གཉིས་ཀ་དངོས་པོར་མེད་པས་དབང་མངོན་གྱི་གཟུང་དོན་མ་ཡིན་ནོ། །སྐྱོན་བཞི་པའང་མེད་དེ། ཁ་དོག་དང་། རེག་བྱའི་རྡུལ་ཕྲ་རབ། བར་མ་ཆད་པར་མིག་ཤེས་ལ་མི་སྣང་ཞིང་། རེག་རྡུལ་གྱིས་སྟོངས་པར་ཁ་དོག་གི་རྡུལ་སྣང་བ་འདྲེས་པའི་དོན་ཡིན་ན། འདོད་དེ། དེ་ལ་རེག་བྱ་མི་སྣང་བའི་ཕྱིར། དེ་མི་སྣང་ཡང་རང་བཞིན་འགལ་བ་འཛིན་པར་མི་འགྲུབ་བོ། །ཁ་དོག་རེག་བྱའི་ཡུལ་ན་གནས་པ་མཐོང་བས་ཡུལ་ལ་འཁྲུལ་ལོ་ཞེ་ན། མི་རིགས་ཏེ། རེག་བྱ་ལས་རྫས་ཐ་དད་པའི་ཡུལ་འགའ་ཡང་མིག་ཤེས་ལ་མི་སྣང་ལ། དེ་མི་སྣང་ན། དེའི་ཡུལ་ན་ཁ་དོག་ཡོད་པར་ཇི་ལྟར་སྣང་། དེས་ན་འདྲེས་པར་འཛིན་པ་ནི། ཡིད་བློ་རྟོག་པ་ཡིན་གྱི་དབང་མངོན་མ་ཡིིན་ནོ། །དེས་ན་དབང་མངོན་ནི། འཁྲུལ་ཚུལ་རྣམ་པ་གསུམ་གང་དུ་མེད་པས་མ་འདྲེས་པ་ལ་འདྲེས་པར་འཛིན་པ་ཇི་ལྟར་འཐད། ཕྱི་དོན་རགས་པ་དང་། ཕྱོགས་ཐ་དད་པ་ནི། འགལ་བ་ཅུང་ཟད་ཀྱང་མེད་ལ། གང་ལ་མངོན་སུམ་དུ་སོང་


JLD015_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་དེའི་ཆ་གཞན་ལ་འཁྲུལ་བ་དང་། ཆ་གཞན་དངོས་པོར་མེད་པ་ཡིན་ན། རྣམ་པ་ཐམས་ཅད་དུ་མངོན་སུམ་ཚད་མར་མི་རུང་ལ། ཆ་གཞན་ཚད་མ་དེས་མ་གཞལ་ན། ཚད་མ་གཞན་ལས་ཁོང་དུ་ཆུད་པར་བྱ་བ་ཡིན་ལ། འཁྲུལ་ཤེས་ནི། རང་ཡུལ་གྱི་ཆ་ཐམས་ཅད་ལ་འཁྲུལ་བས། དེ་མངོན་སུམ་ཡིན་པ་ལོག་པའི་དོན་དུ་མ་འཁྲུལ་བ་སྨོས་པ་ཡིན་ནོ། །སློབ་དཔོན་རྒྱལ་དབང་བློ་ལ་སོགས་པ་གཞན་དག །དུང་སེར་འཛིན་གྱི་དབང་ཤེས། ཁ་དོག་གི་ཆ་ལ་ཚད་མ་མིན་ཡང་། དབྱིབས་ཀྱི་ཆ་ལ་ཚད་མ་ཡིན་ལ། དེ་ཆ་ཐམས་ཅད་ལ་ཚད་མ་ཡིན་པ་བཟློག་པའི་དོན་དུ། མི་འཁྲུལ་བ་སྨོས་སོ། །ཞེས་ཟེར་བའང་མི་རིགས་ཏེ། ཆ་གཅིག་ལ་ཚད་མ་ཡིན་ན། ཆ་གཞན་ལ་ཚད་མ་ཡིིན་པར་བསྒྲུབས་པ་དགོས་པ་མེད་ལ། འཇུག་ཡུལ་ལ་ཚད་མ་མི་འཁྲུལ་བའི་ཆེད་དུ་སྨོས་པའང་མི་འཐད་དེ། ཐ་སྙད་ལས་ཐ་སྙད་ལ་ཚད་མ་མ་ཡིན་པ་རང་ཁོ་ན་ལས་རྟོགས་སོ། །དབྱིབས་ནི། ཁ་དོག་ལས་རྫས་ཐ་དད་པའི་དོན་བྱེད་ནུས་པ་མ་ཡིན་པས། ཁ་དོག་ལ་མ་འཁྲུལ་ན་དབྱིབས་ལ་མ་འཁྲུལ་བར་ག་ལ་འགྱུར། དུང་གི་སྒྲའང་། དབྱིབས་ཀྱི་ཁྱད་པར་ཅན་གྱི་ཁ་དོག་ལ་འཇུག་ལ། དུང་ཐོབ་པའང་། ཚད་མ་གཞན་ལ་བརྟན་ནས་ཡིན་གྱི། སེར་པོར་འཛིན་པ་ལས་ནི་མ་ཡིན་ནོ། །དེས་ན་རང་བཞིན་འགལ་བ་འཛིན་པ་ནི། ཡུལ་གྱི་ཆ་ཐམས་ཅད་ལ་སླུ་བ་ཡིན་པས་མངོན་སུམ་ཚད་མར་མི་རུང་ངོ་། །ཡང་སློབ་དཔོན་ཆོས་མཆོག་གིས་


JLD015_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་རྣམ་ངེས་ཀྱི་འགྲེལ་པའི་མགོར། ཚད་མ་སྤྱིའི་རྣམ་གཞག་འཆད་པ་ལ། དོན་དྲུག་སྟེ། དབྱེ་གཞི་དང་། དབྱེ་གྲངས་དང་། གྲངས་དེ་ཉིད་མཚན་ཉིད་རྣམ་པར་དག་པ་རྟོགས་པའི་དོན་ཅན་ཡིན་པ་དང་། མངོན་རྗེས་གཉིས་ཀྱི་སྒྲ་བཤད་པ་དང་། ཚད་མ་སྤྱིའི་མཚན་ཉིད་དང་། མི་སླུ་བ་དེ་ཉིད་ཚད་མ་རང་གཞན་གང་གིས་ངེས་པའོ། །དང་པོ་ནི། གང་ཞིག་ཐོབ་པ་དང་སྤང་བའི་རྒྱུ་འཁྲུལ་མེད་གང་ཡིན་སྙམ་དུ་རྣམ་པར་དཔྱད་པའི་སྐབས་ཀྱི་འཇུག་བྱེད་ཀྱི་ཡང་དག་ཤེས་པ་དེ་ལ་དབྱེ་ན། རྣམ་པ་གཉིས་ཡིན་ནོ་ཞེས་བསྟན་པའི་དོན་དང་། དོན་བྱེད་སྣང་གི་ཤེས་པ་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་དེ་ཞེས་སྨོས། དོན་བྱེད་སྣང་གི་ཤེས་པ་ཚད་མ་གཉིས་ཀྱི་དབྱེ་གཞི་དང་། ཚད་མ་ཙམ་དང་འཇུག་བྱེད་ཀྱི་ཡང་དག་ཤེས་པ་གང་འགག་པའི་ཆེད་དུ་རྒྱུ་མཚན་སྦྱར་བར་བྱ་བ་ཡིན་ནོ། །སློབ་དཔོན་ཆོས་མཆོག་གིས་འཇུག་བྱེད་ཀྱི་ཡང་དག་ཤེས་པ་དབྱེ་གཞིར་སྨོས་པ་ལ་དགོས་པ་མེད་མོད་ཀྱི། རྒྱུ་མཚན་དེ་ཉིད་ཀྱིས་ཚད་མ་གཉིས་སུ་གྲངས་མ་ངེས་སྙམ་པ་ལོག་པར་རྟོག་པ་འབའ་ཞིག་ཡིན་པས། དེ་དབྱེ་གཞིར་བཟུང་ནས་ཚད་མའི་གྲངས་ངེས་འཇོག་པ་ཡོད་མེད་དཔྱད་པར་བྱ་བ་ཡིན་གྱི། འགྲེལ་བའི་དགོངས་པ་མ་རྟོགས་བཞིན་དུ་དགག་པ་བྱེད་པ་ནི་མི་རིགས་སོ། །རྣམ་པ་གཉིས་ཞེས་པ་ནི་གྲངས་ཀྱི་དབྱེ་བ་དང་། ལྷག་མ་མིང་གི་དབྱེ་བ་ཡིན་ལ། ལྷག་མས་རྣམ་པ་


JLD015_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་ངེས་པ་གྲུབ་ཀྱང་། གོང་དུ་རྣམ་པ་གཉིས་སུ་སྟེ་ཞེས་སྨོས་པ་ནི། འཇིག་རྟེན་ནའང་མཐོང་སྟེ། དཔེར་ན་སྣུམ་འཁུར་དག་ནི་གཉིས་སོ་ཞེས་པ་བཞིན་ཏེ། དག་ནི་གཉིས་ཚིག་ཡིན་པས་གཉིས་གྲུབ་ཀྱང་། གྲངས་རྟོགས་པའི་དོན་དུའང་གཉིས་སྨོས་པ་བཞིན་ནོ། །ཡང་ན། ཚད་མ་ལ་མངོན་རྗེས་གཉིས་ཁོ་ནར་ངེས་སོ་ཞེས་གྲུབ་ཟིན་བསྟན་པའི་དོན་དུ་སྨོས་པ་ཡིན་ནོ། །ཁ་ཅིག་འཇིག་རྟེན་ན་གྲགས་ཀྱང་དགོས་པ་མེད་པ་དཔེར་ལེན་པ་མི་རིགས་པས་བཤད་པ་ཕྱི་མ་གཉིས་ལེགས་སོ་ཞེས་གསུངས་པ་ནི། མི་འཐད་པ་རྟོགས་པར་སླའོ། །གཉིས་པ་ནི། ཡང་དག་ཤེས་པའི་སྤྱིའི་མཚན་ཉིད་ཁོ་ན་རིགས་མི་མཐུན་ལས་བྱེ་བྲག་ཏུ་ཕྱེ་ནས་བསྟན་པར་བྱ་བ་མ་ཡིན་ནམ། གྲངས་བསྟན་པས་ཅི་བྱ་ཞེ་ན། བདེན་ཏེ་སྤྱིའི་མཚན་ཉིད་རྣམ་པར་དག་པ་རྟོགས་པའི་དོན་ཅན་ཡིན་ཏེ། མི་སླུ་བ་འཇུག་པའི་གཞི། དེ་ཙམ་དུ་ཟད་དོ། །ཞེས་པའི་གྲངས་ངེས་མ་རྟོགས་ན། སྤྱིའི་མཚན་ཉིད་རྣམ་པར་དག་པ་མི་རྟོགས་པའི་ཕྱིར་རོ། །འོ་ན་མངོན་སུམ་གྱི་མཚན་ཉིད་སྟོན་པའི་སྔོན་དུ་དེའི་གྲངས་སྟོན་དགོས་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། དེ་ནི་ཚད་མ་གཉིས་ཀྱི་གྲངས་དང་། སྤྱིའི་མཚན་ཉིད་རྟོགས་ཟིན་པའི་འོག་ཏུ་སྟོན་པས་ཚད་མིན་དང་། རྗེས་དཔག་བཅད་པ་ཉིད་ཀྱིས་མངོན་སུམ་ཚད་མ་བདེ་བླག་ཏུ་གོ་བའི་ཕྱིར་རོ། །གསུམ་པ་ནི། མི་འདོད་པ་ལོག་པའི་དོན་དུ་འདོད་པའི་མངོན་སུམ་གྱིས་སྒྲ་བཤད་འཇུག་གཉིས་སྟོན་ཏེ།


JLD015_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏྱཀྵ་ཞེས་པའི་སྒྲ་སོ་སོར་ཕྲལ་ན། པྲ་ཏྱ་ཟློས་པ་དང་། ཨཀྵ་དབང་པོ་ལ་འཇུག་པས། དབང་པོ་སོ་སོ་ལ་བརྟེན་པས་མངོན་སུམ་མོ། །ཞེས་པ་སྒྲ་བཤད་པའི་རྒྱུ་མཚན་ནོ། །སྒྲ་འཇུག་པའི་རྒྱུ་མཚན་ནི། དོན་རང་མཚན་མངོན་སུམ་དུ་བྱེད་པས་ན་མངོན་སུམ་དུ་གྲགས་པ་ཡིན་ནོ། །སྒྲ་བཤད་འཇུག་གི་རྒྱུ་མཚན་དེ་དག་ཤེས་པའི་གསལ་བ་གཅིག་ལ་འདུ་བས་དབང་པོ་སོ་སོ་ལ་བརྟེན་པས་མཚོན་ནས་སྒྲ་འཇུག་པའི་རྒྱུ་མཚན་ཤེས་པར་བྱེད་དེ། མངོན་སུམ་བཞི་ག་ལ་མངོན་སུམ་གྱི་སྒྲ་འཇུག་པ་ཡིན་ནོ། །འགྲོ་བའི་དོན་གྱིས་བ་ལང་ཞེས་འགྲོ་བའི་བྱ་བས་བ་ལང་གི་སྒྲ་འཇུག་པའི་རྒྱུ་མཚན་ཤེས་པར་བྱེད་ཀྱང་། འགྲོ་བས་སྟོངས་པའི་གོང་བུ་ལ་བ་ལང་གི་སྒྲ་མི་འཇུག་པ་མ་ཡིན་ནོ། །རྟགས་བཟུང་ཞིང་འབྲེལ་བ་དྲན་པའི་རྗེས་ལ་བསྒྲུབ་བྱ་དཔོག་པས་རྗེས་དཔག་གོ །དང་ཞེས་པ་ཚད་མ་གཉིས་ཀ་སྟོབས་མཚུངས་པར་བསྟན་པའི་ཆེད་དུ་སྡུད་པའི་ཚིག་གོ །ཞེས་བྱའོ་ཞེས་པ་ནི། དེ་ལྟར་ཚད་མ་གཉིས་ཁོ་ན་ཡིན་ནོ། །ཞེས་དང་། དོན་རྟོགས་ཟིན་པ་ལ་གྲངས་ཀྱི་ཚིག་ཡིན་པ་དེའི་ཚེ་རྫོགས་ཚིག་གོ །ལྔ་པ་ནི། དངོས་པོའི་དེ་ཁོ་ན་ཉིད་འཛིན་པ་ཙམ་དང་། བཟུང་ཟིན་ཐོབ་པར་བྱེད་པ་ཚད་མའི་དོན་དུ་འཇོག་ན་རྗེས་དཔག་ཚད་མ་མ་ཡིན་པར་འགྱུར་ལ། མ་བཟུང་བའི་དོན་ཐོབ་པར་བྱེད་པ་ཚད་མ་ཡིན་ན། སྨིག་རྒྱུ་ལ་ཆུར་འཛིན་ཡང་ཚད་མར་ཐལ་བར་འགྱུར་རོ་སྙམ་དུ་དོགས་པ་བསལ་བའི་


JLD015_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་ཚད་མ་སྤྱིའི་མཚན་ཉིད་བསྟན་པ་ནི། འདི་དག་གིས་ཞེས་སོགས་སོ། །ཚད་མ་སྤྱིའི་མཚན་ཉིད་དུ་མི་སླུ་བ་དང་མ་ཤེས་དོན་གསལ་གཉིས་བསྟན་པ་དང་། འདིར་བསྟན་པ་རྣམས་དོན་ལྡོག་མི་འདྲ་བ་གསུམ་སྟོན་པ་མ་ཡིན་གྱི། སྔ་མ་གཉིས་ཀྱང་འདིའི་ནང་དུ་འདུས་པ་ཡིན་ནོ། །ལོཙྪ་བ་ཆེན་པོས་ཡོངས་སུ་དཔྱད་ནས་ཤེས་པའི་ཚིག་གིས་ཁྱབ་ཆེས་པ་གཅོད་ལ། འཇུག་པ་ན་ཞེས་པས་མི་སྲིད་པ་བཅད་ནས་མ་ཁྱབ་པ་གཅོད་པ་ཤུགས་ལ་གོ་བར་བྱེད་ཅེས་གསུངས་སོ། །མི་སླུ་བ་མེད་པར་མི་འགྱུར་བའི་དགག་པ་གཉིས་ཀྱིས་མི་སླུ་བར་གོ་བར་བྱེད་དོ། །མི་སླུ་བར་བྱེད་པ་ཉིད་ཚད་མ་ཡིན་ལ། །དེའང་ཐོབ་པར་བྱེད་པ་ཉིད་ཡིན་ནོ། །མི་སླུ་བར་བྱེད་པ་རྒྱུ་མཚན་གང་ལས་ཤེ་ན། བཙོ་སྲེག་སོགས་ཀྱི་དོན་སྒྲུབ་པར་བྱེད་པ་པོ་མེ་ནི་གང་གི་མི་སླུ་བའི་ཡུལ་ཡིན་ལ། དེ་ཐོབ་པར་བྱེད་པ་ཡིན་ནོ། །དངོས་པོ་འཛིན་པ་ཙམ་ཚད་མ་མ་ཡིན་ཏེ། མངོན་སུམ་གྱིས་སྐད་ཅིག་མ་བཟུང་ཡང་དེ་སྒྲུབ་བྱེད་དང་། དེ་ཐོབ་པ་དང་། དེ་ཐོབ་པའི་ཐབས་ཀྱང་མ་ཡིན་ལ། དངོས་པོ་གཟུང་དོན་དུ་མ་བྱས་ཀྱང་རྗེས་དཔག་གིས་ཀྱང་དོན་ཐོབ་པའི་ཕྱིར། དོན་ཐོབ་པའི་རང་བཞིན་དོན་བྱེད་སྣང་ཅན་གྱི་མངོན་སུམ་ནི། བསྟན་བཅོས་ལས་ཞར་བྱུང་ཙམ་དུ་དཔྱད་པ་ཡིན་གྱི་གཏན་ལ་དབབ་བྱའི་གཙོ་བོ་མ་ཡིན་ནོ། །མངོན་སུམ་གྱིས་བཟུང་བའི་དོན་ཐོབ་བྱའི་ཡུལ་མ་ཡིན་ཏེ། ཆ་ཤས་དང་བྲལ་བའི་སྐད་ཅིག་མ་ཉིད་སྣང་བའི་ཕྱིར།


JLD015_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དཔག་གིས་བཟུང་བའང་དངོས་པོར་མེད་ལ། ཞེན་ཡུལ་ཡང་སྒྲོ་བཏགས་ཡིིན་པས་དོན་བྱེད་པ་གང་ཞིག་ཐོབ་པར་བྱེད་ཅེ་ན། འཇུག་ཡུལ་ཐོབ་པར་བྱེད་པས་དེ་ལ་མི་སླུ་བར་བརྗོད་དེ། མ་བཟུང་བ་འཇུག་ཡུལ་ཡིན་ན་སྨིག་རྒྱུ་ལ་ཆུར་འཛིན་ལྟ་བུར་ཚད་མར་ཧ་ཅང་ཐལ་བར་འགྱུར་བ་སྤང་བར་བྱ་བའི་ཕྱིར། དོན་ཡོངས་སུ་དཔྱད་ནས་ཞེས་སྨོས་ཏེ། བཅད་པ་ལ་བལྟོས་ནས་འཇུག་པས་ངེས་པ་དང་འཇུག་པ་རྒྱུ་འབྲས་སུ་བསྟན་ནོ། །ཡོངས་སུ་གཅོད་བྱེད་འཇུག་བྱད་ཡིན་ལ། བཅད་དོན་འཇུག་ཡུལ་ཡིན་པས་སྐྱོན་མེད་དོ། །དང་པོའི་གཅོད་བྱེད་དེས་སྐྱེས་བུ་བཅུག་པའི་ཕྱིར་རྟོགས་ཟིན་གྱི་དོན་ལ་ཚད་མ་མེད་དོ། །དེས་ན་མངོན་སུམ་སྐད་ཅིག་དང་པོ་དང་། རྗེས་དཔག་སྐད་ཅིག་དང་པོ་ཉིད་ཚད་མ་ཡིན་གྱི། དེ་དང་བྱེད་པ་འཇུག་པའི་ཡུལ་མཚུངས་པའི་གྲུབ་པ་དང་བདེ་བ་ཐ་མི་དད་པའི་རིགས་འདྲ་ཕྱི་མ་རྣམས་བཅད་ཤེས་ཡིན་གྱི། ཚད་མ་མ་ཡིན་པས། ཚད་མ་ནི་མ་རྟོགས་པའི་དོན་ཅན་ཁོ་ན་ཡིན་ནོ། །དེས་ན་དང་པོའི་འཇུག་བྱེད་ཉིད་ཚད་མར་གོ་བར་བྱ་བའི་ཆེད་དུ་འཇུག་པར་བྱེད་པའི་ཡང་དག་ཤེས་པ་ཉིད་ཚད་མ་གཉིས་ཀྱི་དབྱེ་གཞིར་སྨོས་པ་ཡིན་ནོ། །འདིར་མི་སླུ་བ་ཚད་མ་སྤྱིའི་མཚན་ཉིད་དུ་བཞག་པ་དོན་སེམས་ཐུན་མོང་བའི་དབང་དུ་བྱས་སམ། །དོན་སྨྲ་བ་འབའ་ཞིག་གི་དབང་དུ་བྱས་ཤེ་ན། ཐུན་མོང་བའི་དབང་དུ་བྱས་པ་ཡིན་ལ། འོ་ན་དེ་ལ། མངོན་རྗེས་


JLD015_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་གྲངས་ངེས་བསྒྲུབ་ཏུ་མི་རུང་བར་འགྱུར་ཏེ། རྟོག་བྲལ་མ་འཁྲུལ་བ་མངོན་སུམ་གྱི་དོན་དུ་བཞག་པ་མདོ་སྡེ་པ་ཁོ་ནའི་དབང་དུ་བྱས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་པ་ཐུན་མོང་བ་ཡིན་ཀྱང་མངོན་སུམ་གྱི་དོན་ལྡོག་སོ་སོར་ངེས་པ་འགལ་བ་ཅུང་ཟད་ཀྱང་མེད་དེ། རྟོག་པ་དང་བྲལ་ཞིང་གསར་དུ་མི་སླུ་བའི་ཤེས་པ། མངོན་སུམ་ཚད་མའི་དོན་དུ་རྣལ་འབྱོར་སྤྱོད་པ་པས་ཁས་ལེན་པའི་ཕྱིར་རོ། །དེས་ན་ཡུལ་ལ་འཇུག་པར་བྱེད་པ་ཙམ་ཡིན་ཀྱང་། བཅད་ཤེས་ཀྱིས་བསྡུས་པའི་མངོན་རྗེས་ཀྱི་རིགས་འདྲ་ཕྱི་མ་རྣམས་ཚད་མ་མ་ཡིན་གྱི། གཞན་ལ་བལྟོས་པ་མེད་པར་དང་པོའི་འཇུག་བྱེད་ཉིད་ཚད་མར་གོ་བའི་ཆེད་དུ་འཇུག་པར་བྱེད་པའི་ཡང་དག་ཤེས་པ་ཉིད་དབྱེ་གཞིར་བཞག་པ་ཡིན་གྱི་ཚད་མ་ཡིན་ན་དང་པོའི་འཇུག་བྱེད་ཡིན་པས་མ་ཁྱབ་པར་སྟོན་པ་མིན་ནོ། །ཚད་མ་སྤྱིའི་མཚན་ཉིད་སྟོན་པ་ན་དོན་བྱ་བ་ལ་བསླུ་བ་མེད་པ་ཞེས་དངོས་པོ་ལ་མི་སླུ་བ་འབའ་ཞིག་ཚད་མར་སྟོན་པར་མི་རིགས་ཏེ། དངོས་མེད་འཇལ་བའི་ཚད་མ་ཡོད་པའི་ཕྱིར། དེ་མི་སྲིད་ན། དམ་བཅས་པ་རང་གི་ཚིག་དང་འགལ་བར་འགྱུར་རོ་ཞེ་ན། དངོས་མེད་འཇལ་བའི་ཚད་མ་མི་སྲིད་ཅེས་སྨྲ་བ་རང་གི་ཚིག་དང་འགལ་བར་འགྱུར་བ་བདེན་མོད་ཀྱི། དེ་ལ་ཚད་མ་རྣམ་པར་ངེས་པའི་གཏན་ཚིགས་ལྟར་སྣང་འཆད་པའི་སྐབས་ཀྱི་འབྲེལ་པ་འདི་དག་ནི་བློས་བཀོད་པ་འབའ་ཞིག་ཏུ་དོ་ཞེས་རྣམ་འགྲེལ་དུ་བཤད་ཟིན་ཏོ། །


JLD015_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བ་བློས་བྱས་པ་ནི་མེད་པ་ལའང་གང་གིས་བཟློག །དེ་དང་དེ་མ་ཡིན་པའི་བརྡའ་ཅན་རྣམས་ཀྱི་ཞེས་སོགས་ཀྱི་རྩ་ཚིག་དང་། དེའི་འགྲེལ་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་གཉིས་སུ་དོགས་པ་བཅད་དེ་ཁ་ཅིག་ན་རེ། དངོས་མེད་ལ་ཆོས་དང་ཆོས་ཅན་འཐད་མོད། ཚད་མའི་གཞལ་བྱར་ཇི་ལྟར་འཐད་དེ། དེ་ལ་དོན་བྱེད་པའི་ནུས་པ་མེད་ལ་ཚད་མ་རྣམས་ནི། གཞལ་བྱ་ལས་སྐྱེ་དགོས་པའི་ཕྱིར་རོ་ཞེ་ན། སྔོན་པོ་འདི་ཡོད་དོ་ཞེས་པ་དང་། སྔོན་པོ་མ་ཡིན་པ་མེད་དོ་ཞེས་པ་དང་། སྔོན་པོ་དང་སྔོ་མ་ཡིན་གཉིས་ཀ་ཡོད་པ་དང་། གཉིས་ཀ་མ་ཡིན་པ་ཡོད་པ་མཐའ་གཅིག་ཏུ་ངེས་པ་ཐ་སྙད་བྱར་མི་རུང་བར་ཐལ། དངོས་མེད་འཇལ་བའི་ཚད་མ་མེད་པའི་ཕྱིར། བརྡའ་བྱེད་པ་རྣམས་ཀྱིས་འདི་ཡོད་དོ་གཞན་མེད་དོ་ཞེས་པའི་ཐ་སྙད་ངེས་པར་བྱེད་དགོས་ལ། དངོས་མེད་ལ་གཞལ་བྱར་ཐ་སྙད་དེ་དག་མི་རུང་བའི་ཕྱིར་རོ། །དངོས་པའི་ཡུལ་ཅན་ཁོ་ན་སྔར་ཚད་མར་བཤད་པ་མ་ཡིན་ནམ་ཅི་ལྟར་དངོས་མེད་གཞལ་བྱ་ཡིན་ཞེ་ན། དེ་ཁོ་ན་ཚད་མ་མ་་ཡིན་ཏེ། ཚད་མ་ནི། ངེས་ཤིང་ཁོང་དུ་ཆུད་པའི་དོན་ཐོབ་པར་བྱེད་པ་ཡིན་ལ། དངོས་པོར་ཡོད་དམ་མེད་ཀྱང་རུང་། དེས་ཐག་བཅད་པ་ལ། ཚད་མ་གང་གིས་ཀྱང་གནོད་པ་མེད་ན་ཚད་མར་འགྱུར་ལ། དེ་ནི་དངོས་མེད་འཇལ་བའི་ཚད་མ་ལའང་ཡོད་དོ། །འོ་ན་དེ་ལ་འཇུག་ཡུལ་ཐོབ་པ་ཇི་ལྟར་འཐད་སྙམ་ན་རང་གི་སྒྲ་ལྟ་བུ་གནོད་


JLD015_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་མེད་པར་ངེས་ན་སྒྲ་མེད་པ་ཁོང་དུ་ཆུད་པའི་དོན་དེ་ཉིད་ཐོབ་པའི་དོན་ཡིན་ནོ། །འོ་ན་གཏན་ཚིགས་ཐིགས་པར་སྒྲུབ་རྟགས་འཛིན་པའི་རྟོག་པ་དོན་བྱེད་ནུས་པ་མི་འཛིན་པས་ཚད་མ་མ་ཡིན་པར་བཤད་པ་དང་། རྣམ་འགྲེལ་དང་། རྣམ་པར་ངེས་པའི་ལུགས་གཉིས་པར་དགག་རྟགས་ལ་བརྟེན་པའི་རྗེས་དཔག་ཀྱང་དོན་བྱེད་ནུས་པ་ལ་མི་སླུ་བར་བཤད་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ། དངོས་པོ་དངོས་སུ་རྟོགས་པའི་ཚད་མ་མཐའ་དག་གིས་དངོས་མེད་ཤུགས་ལ་རྟོགས་པར་བྱེད་ལ། དངོས་མེད་དངོས་སུ་རྟོགས་པའི་ཚད་མས། དངོས་པོ་དངོས་ཤུགས་གང་ལའང་རྟོགས་པར་མི་བྱེད་ཀྱང་། གཞི་ཆོས་ཅན་འཇལ་བའི་ཚད་མ་ལྟ་བུ་རང་མཚན་ལ་མི་སླུ་བའི་ཚད་མ་དང་མ་འབྲེལ་ན་གཞི་གང་ལའང་ཚད་མར་མི་འགྱུར་བར་སྟོན་པའི་དོན་ཡིན་ནོ། །རང་མཚན་ལ་འབྲེལ་པ་མེད་ན་སྒྲོ་བཏགས་འཛིན་པའང་ཚད་མར་མི་རུང་བ་ལ་དགོངས་ནས། དངོས་མེད་འབའ་ཞིག་པ་དང་། དངོས་མེད་རང་རྒྱུད་པ་འཇལ་བའི་ཚད་མ་མེད་པར་གསུངས་སོ། །ཡོངས་སུ་དཔྱད་པའི་དོན་ཐོབ་པར་བྱེད་པ་ཁོ་ན་ཚད་མ་ཡིན་ནོ་ཞེས་སྨྲས་པ་ན། དུང་སེར་འཛིན་སོགས་ཚད་མ་ཡིན་པ་སྤངས་པ་ཡིན་ཏེ། དེ་ངེས་པས་གཞན་ངེས་ན་ཧ་ཅང་ཐལ་བར་འགྱུར་ལ། ཡུལ་དང་དུས་དང་། རང་བཞིན་ཐ་དད་པས་རྫས་ཐ་དད་དུ་འཇོག་མི་ནུས་ན་འགའ་ཡང་རྫས་ཐ་དད་མེད་པར་ཐལ་བར་འགྱུར་རོ། །སྔོན་པོ་བཟུང་བ་ན་བཟུང་ཡང་འཁྲུལ་པས་མ་ངེས་པ་ནི་


JLD015_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་གཞན་གྱིས་ངེས་པར་བྱེད་དེ་སྐད་ཅིག་མ་བཞིན་ནོ། །ཁ་དོག་གི་རྡུལ་ཕྲན་མང་པོ་རྣམས་དབང་ཤེས་གཅིག་ལ་སྣང་བ་ན། རིང་པོ་ལ་སོགས་པའི་དབྱིབས་སྣང་བ་ནི། ཁ་དོག་དཀར་པོའི་ཡུལ་ལ་རྣམ་པར་གནས་པའི་དབྱིབས་ནི། ཁ་དོག་གི་རྡུལ་ཕྲན་སོ་སོར་སྣང་བའི་ཆོས་ཡིན་གྱི་རང་དབང་དུ་གྲུབ་པའི་དངོས་པོའི་ཆོས་མ་ཡིན་པའི་ཕྱིར། དཀར་པོ་མ་བཟུང་ན་དེའི་ཆོས་ཀྱིས། ཁ་དོག་གཞན་གྱི་ཆོས་ཀྱི་དབྱིབས་མ་བཟུང་བས་སླུ་བ་ཡིན་པའི་ཕྱིར་དུང་སེར་འཛིན་ཚད་མ་མ་ཡིན་ནོ། །དུང་ཐོབ་པ་ནི་རེག་བྱ་འཛིན་པ་ལྟ་བུའི་ཤེས་པ་གཞན་ཁོ་ན་ལས་ཡིན་ནོ། །འཇུག་བྱེད་ཀྱི་ཚད་མས་བསྟན་པའི་དོན་ཐོབ་འདོད་ཀྱི་བྱ་བ་དང་ལྷན་ཅིག་པའི་བློ་འཇུག་པ་མིན་ལ་དེ་ཡོད་དམ་མེད་ཀྱང་རུང་། གཞལ་བྱ་ངེས་པ་ཙམ་གྱིས་མཐར་ཐུག་པའི་ཕྱིར་སྔོ་འཛིན་ཚད་མ་སྔོན་དུ་འགྲོ་བའི་འཇུག་པ་ནི་ཡུལ་གཞན་ཐོབ་པའི་རྒྱུ་མ་ཡིན་ནོ། །དེས་ན་བཅད་དོན་ཐོབ་པར་བྱེད་པ་ལ་ཚད་མ་གཉིས་ཀ་བྱེ་བྲག་མེད་དོ། །དྲུག་པ་ནི། ཁ་ཅིག་གོམ་པ་འཕྲོད་ནས་ཐོབ་པ་ལྟ་བུ་ལ། ཐོབ་པའི་དོན་དུ་བསམས་ནས་ཚད་མ་ལ་འཇུག་ཡུལ་ཐོབ་བྱེད་ཡིན་པས་ཁྱབ་ན། ཅི་ཞིག་ལྟར་འཇུག་ཡུལ་ཐོབ་པར་མི་བྱེད་པ་དེ་ཚད་མར་མི་འགྱུར་ན། དེའང་མི་རིགས་པས། འཇུག་ཡུལ་སྟོན་པ་ཙམ་གྱིས་ཚད་མའི་བྱ་བ་རྫོགས་པ་ཡིན་ནོ་ཞེ་ན། བདེན་ཏེ་འཇུག་ཡུལ་ལག་ཏུ་ཐོབ་པའི་ཤེས་པ་ཕྱི་མ་ནི་འཇུག་


JLD015_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བྱེེད་ཀྱི་ཡང་དག་ཤེས་པའི་འབྲས་བུར་ངེས་པར་ལྡན་པ་མ་ཡིན་ཏེ། ཚད་མ་ལ་དེ་དང་ལྡན་པའི་ངོ་བོ་ཡིན་པས་མ་ཁྱབ་པའི་ཕྱིར། དེས་ན་འཇུག་ཡུལ་ཐོབ་པའི་ནུས་པ་ཡོད་པ་ཙམ་གྱིས་ཆོག་ཅིང་། དངོས་སུ་ལག་པས་ཐོབ་པའི་འཇུག་བྱེད་མ་ཡིན་པ་དེ་ལའང་དོན་ཐོབ་རུང་ཡོད་པས་ཚད་མ་ཁོ་ན་ཡིན་ནོ། །ནུས་པ་ངེས་པ་དང་། དོན་བདེན་པ་ངེས་པ་དང་། དོན་མེད་ན་མི་འབྱུང་བ་སྔར་ཡང་དང་ཡང་དུ་གོམས་པདང་། ཕྱིས་མཐོང་བའི་དོན་ཆོས་མཐུན་པར་མཐོང་བས། རྗེས་དཔག་ཏུ་འགྱུར་བ་མ་ཡིན་ཏེ། གཞལ་བྱའི་དོན་ལྐོག་ཏུ་མ་གྱུར་པའི་ཕྱིར། དཔེར་ན་ནོར་བུ་ཞེས་སོ། །དེ་བཞིན་དུ་མེ་དང་འབྲེལ་པ་ངོས་ཟིན་མ་བརྗེད་པའི་མེ་མ་མཐོང་བར་དུ་བ་མཐོང་ཙམ་གྱིས་མེའི་འབྲས་བུ་རྟོགས་པའང་མངོན་སུམ་ཡིན་གྱི་རྗེས་དཔག་མ་ཡིན་ནོ། །གང་ཡང་རྗེས་སུ་དཔག་བྱ་ལས་མ་འདས་སོ་ཞེས་པ་ནི་དོན་ཐོབ་པའི་དུས་ཀྱི་མངོན་སུམ་དང་གོམས་པ་ཅན་ལྟ་བུ་ཡུལ་ཉམས་སུ་མྱོང་བ་མ་རྟོགས་པ་ཚད་མ་དང་ཚད་མ་མ་ཡིན་པར་འགྲུབ་པར་ཐལ་བའི་གནོད་པ་རྒྱང་པན་གསུངས་པའི་ཕྱིར། གོམས་པ་ཅན་དོན་མེད་ན་མི་འབྱུང་བར་རང་ལས་ངེས་པར་བསྟན་ནོ། །རྗེས་དཔག་


JLD015_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་ན་མི་འབྱུང་བར་རང་ལས་ངེས་པས་ཁྱབ་པ་བཞིན་དུ་མངོན་སུམ་ནི་དེས་ཁྱབ་པ་མ་ཡིན་ཏེ། འོན་ཀྱང་སྣང་བ་རང་སྟོབས་ཀྱིས་ངེས་པས་ཁྱབ་པ་ཡིན་ནོ། །མདོར་ན། ཚད་མ་མཐའ་དག་རང་གི་གཞལ་བྱ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་པས་ཁྱབ་ལ། གཞལ་བྱའི་དོན་མེད་ན་ཚད་མ་རང་ཉིད་མི་འབྱུང་བ་ལ་ཐེ་ཚོམ་དྲངས་ནས་དེ་སེལ་བྱེད་ཚད་མ་གཞན་ལ་རག་ལས་པའང་ཡོད་ལ། རང་ཉིད་ཀྱིས་སེལ་བར་བྱེད་པའང་ཡོད་པའི་དོན་ནོ། །སྣང་བ་རང་ལས་ངེས་ནས། བདེན་པ་གཞན་ལས་ངེས་པ་ནི། འགའ་ཞིག་ཡོད་པར་ཞེས་ཏེ། ཁ་དོག་དམར་པོ་ངེས་ནས། མ་ཡིན་པའི་ཆ་གཞན་ལས་ངེས་པར་བྱེད་པའོ། །སྤྱིར་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་པ་ནི། ཡང་འགའ་ཞིག་ལོ་མ་ཞེས་སོགས་ཏེ། དོན་ལ་ཤ་པ་ཡིན་པ་ཡལ་ག་ལོ་འདབ་དང་ལྡན་པའི་དངོས་པོས་བཟུང་ནས་ཤིང་ཙམ་དུ་ངེས་ཤིང་། ཤ་པ་ཡིན་མིན་ཐེ་ཚོམ་ཟ་བ་ན། ཤ་པ་མེད་ན། མི་འབྱུང་བ་ཚད་མ་གཞན་ལས་ངེས་པར་བྱེད་ལ། ཤ་པ་ལ་འཇུག་བྱེད་ཀྱང་ཤིང་ཙམ་འཇལ་བའི་ཚད་མ་དེ་ཉིད་ཀྱང་དཔེ་གཞལ་བའི་སྒོ་ནས་འཇུག་བྱེད་མ་ཡིན་ཏེ། ཐེ་ཚོམ་དྲངས་པའི་སྒོ་ནས་འཇུག་པའོ། །ཁྱད་པར་རང་ལས་ངེས་ཤིང་སྤྱིར་གཞན་ལས་ངེས་པ་ནི། ཅི་ལྟར་ཐུན་མོང་དུ་གྱུར་པའི་ཞེས་སོགས་ཏེ། ཤིང་གི་དོན་བྱེད་པའང་ཁྱད་པར་གྱི་མཐར་ཐུག་དགོས་པ་དེ་བཞིན་དུ་སྐད་ཅིག་མ་སྔོ་སེར་སོགས་


JLD015_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་རྗེས་སུ་འགྲོ་བའི་ཐུན་མོང་བ་ཡིན་ལ། སྔོ་འཛིན་མངོན་སུམ་ཚད་མས་སྔོན་པོ་བཟུང་བ་ན་སྐད་ཅིག་མ་བཟུང་ཡང་འདོད་དོན་འགྲུབ་པ་ནི་སྔོན་པོའི་མཐར་ཐུག་པས་དེ་ལ་ཚད་མར་འགྱུར་གྱི། སྐད་ཅིག་མ་བཟུང་ཡང་ངེས་པ་མ་ཡིན་ཞིང་དེའི་མཐར་ཐུག་པ་མ་ཡིན་པས་དེ་ལ་ཚད་མ་མ་ཡིན་ཏེ། སྔོན་པོ་ཁོ་ནས་འཇུག་ཡུལ་གྱི་དོན་བྱེད་པ་རྫོགས་པའི་ཕྱིར། དེས་ན་སྐད་ཅིག་མ་ནི་ཚད་མ་གཞན་ལས་ངེས་པར་བྱ་བ་ཡིན་ནོ། །སྤྱི་དང་ཁྱད་པར་གཉིས་ཀ་རང་ལས་ངེས་པ་ནི། ཁྱད་པར་བཟུང་བ་ནའང་ཞེས་སོགས་ཏེ། ཤིང་དང་ཤ་པ་གཉིས་ཀ་བཟུང་ཞིང་ཤ་པ་ལ་ཐེ་ཚོམ་དང་བྲལ་བ་ཤིང་ཤ་པ་འཇལ་བའི་ཚད་མ་ནི་སྤྱི་དང་ཁྱད་པར་གཉིས་ཀ་ལ་ཚད་མ་ཡིན་ལ། སྐད་ཅིག་མ་ནི། སྔོ་འཛིན་མངོན་སུམ་གྱིས་བཟུང་ཡང་མ་ངེས་ཤིང་། སྣང་བ་རང་ལས་ངེས་པའང་མ་ཡིན་པས་ཚད་མ་གཞན་ཁོ་ནས་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་ཁ་དོག་ངེས་པ་ན་དེ་དང་ལྷན་ཅིག་རྒྱུ་བའི་རེག་བྱ་སོོགས་ཀྱང་ཚད་མ་གཞན་གྱིས་ངེས་པ་ལ་བལྟ་བར་བྱའོ། །རེག་པ་དེའང་དོན་བྱེད་སྣང་གི་ཚད་མ་འབའ་ཞིག་ལ་ངེས་པ་མ་ཡིན་ཏེ། མེད་ན་མི་འབྱུང་བའི་དོན་འགའ་ཞིག་མཐོང་བ་ལས་ཀྱང་ངེས་པར་བྱེད་དོ། །དེས་ན་མངོན་སུམ་ཚད་མའི་རྗེས་སུ་སྐྱེས་པའི་ཐེ་ཚོམ་ནི་སྣང་བ་ངེས་པའི་འོག་ཏུ་ཡིན་ཏེ། དེེ་མ་ངེས་ན་ཤ་པའམ་འོན་ཏེ་གཞན་ཡིན་སྙམ་པ་མི་རིགས་པའི་ཕྱིར་རོ། །དེས་ན་ཐེ་ཚོམ་གྱིས་མངོན་སུམ་ཚད་མའི་བྱ་བ་འགོག་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གཞལ་བྱའི་དོན་བཞིན་


JLD015_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མངོན་སུམ་གོམས་པ་ཅན་ལྟ་བུར་རང་ཉིད་ལས་དོན་ཉམས་སུ་མྱོང་བ་ངེས་པའི་དོན་མེད་ན་རང་གི་ངོ་བོ་མི་འབྱུང་བའི་རང་གི་ངོ་བོ་ལའང་གཞན་མངོན་སུམ་དེ་ཉིད་ཚད་མ་ཡིན་ནོ། །ཕྱིས་འབྱུང་བའི་ཐེ་ཚོམ་སེལ་བྱེད་ཁྱད་པར་ཤ་པ་འཇལ་བའི་ཚད་མ་དེས་ཤ་པ་མེད་ན་སྔར་གྱི་ཤིང་ཙམ་འཇལ་བའི་ཚད་མ་མི་འབྱུང་བའི་འབྲེལ་པ་འཛིན་པའང་མ་ཡིན་ཏེ། དེས་ཤེས་པ་སྔ་མ་དེ་མི་འཛིན་པའི་ཕྱིར། ཚད་མ་ཕྱི་མ་དེ་རྟགས་ལ་བརྟེན་པའི་ཚད་མ་མ་ཡིན་ཏེ། དེ་སྐྱེས་པ་ཙམ་གྱིས་མངོན་གྱུར་གྱི་དོན་ལ་ཐེ་ཚོམ་སེལ་བའི་ཕྱིར་དང་། ཁྱབ་པ་དྲན་པའང་མེད་པའི་ཕྱིར། ཡུལ་ཉམས་སུ་མྱོང་བའི་ཤེས་པའི་གསལ་བ་གོམས་པ་ཅན་གྱི་མངོན་སུམ་ཚད་མ་ཤེས་པ་ཕྱི་མས་ཚད་མར་རྗེས་སུ་དཔག་དགོས་ན། རྒྱང་པན་ལ་གནོད་པ་བརྗོད་པའི་སྐབས་སུ་ཡུལ་ཉམས་སུ་མྱོང་བ་མ་གཏོགས་པ་ཅུང་ཟད་ཀྱང་ཚད་མའམ་ཚད་མ་མ་ཡིན་པ་མི་འགྲུབ་པར་ཐལ་བའི་གནོད་པ་གསུམ་མི་རིགས་པར་འགྱུར་རོ། །དེའི་ཕྱིར་སྣང་བ་ངེས་པ་མངོན་སུམ་ཚད་མའི་བྱ་བ་རྫོགས་པ་ཡིན་ལ། རྟོག་པ་ཚད་མ་ནི་དེ་ལྟར་མ་ཡིན་ཏེ། ངེས་པའི་དབང་གིས་ཡུལ་འཇོག་པ་ཡིན་ནོ། །རྟགས་ལ་མ་བརྟེན་པའི་རྟོག་པ་ནི་ཐབས་གཞན་དུ་དོགས་པ་མ་ལོག་པས་ཐེ་ཚོམ་ཟ་བ་ཡིན་ལ། དོན་ཐོབ་བྱེད་ཀྱང་མ་ཡིན་ཏེ། ཡོད་མེད་གཉིས་ཀ་ཡིན་པ་དངོས་པོ་ལ་མི་སྲིད་པའི་ཕྱིར་རོ། །རྟོག་པ་ཚད་མ་ནི། དངོས་པོ་དང་


JLD015_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་གང་གཞལ་བྱའི་དོན་མེད་ན་མི་འབྱུང་བ་རང་སྟོབས་ཀྱིས་ངེས་པའི་སྒོ་ནས་ཚད་མར་འགྱུར་ལ། མངོན་སུམ་ཚད་མའི་བྱ་བ་ནི་སྣང་བ་ངེས་པར་བྱ་བ་ལས་ཡིན་པས་ཐེ་ཚོམ་གྱིས་དེའི་བྱ་བ་མི་འགོག་ཀྱང་སྒྲོ་འདོགས་ཀྱིས་འགོག་པས་རྣམ་འགྲེལ་ལས་ཤེས་སོ། །ཁ་ཅིག་མངོན་སུམ་གོམས་པ་ཅན་མ་ཡིན་པའི་ཚད་མ་ནི་ཚད་མ་མ་ཡིན་པ་ལས་འཇུག་གོ་ཞེས་པ་ནི་འབྲེལ་མེད་ཡིན་ཏེ། ཚད་མར་མ་ངེས་པ་ལས་འཇུག་ཅེས་བརྗོད་པར་བྱ་བ་ཡིན་ནོ། །མེད་ན་མི་འབྱུང་བ་ཚད་མ་གཞན་གྱིས་ངེས་པར་བྱེད་པ་དེ་ལ་འཇུག་པ་དང་ཚད་མ་གཉིས་རྟོགས་པ་ཕན་ཚུན་བརྟེན་པའི་ཉེས་པ་མེད་དེ། ཐེ་ཚོམ་ལས་ཀྱང་འཇུག་པའི་ཕྱིར་རོ། །གང་ཡང་དབང་པོ་སྐྱོན་མེད་པ་དང་། ཡུལ་ཐག་ཉེ་བ་ལ་མི་སླུ་བའི་མངོན་སུམ་ནི་ཚད་མར་ངེས་པ་ལས་འཇུག་པ་ཡིན་ནོ་ཞེས་པའང་མི་རིགས་ཏེ། ཟླ་བ་གཉིས་སྣང་གི་དབང་ཤེས་ཟླ་བ་གཉིས་ལ་འཁྲུལ་ཡང་ནམ་མཁའ་དྲི་མ་མེད་པ་ལ་མི་སླུ་བའི་ཕྱིར་ཏེ། གང་ཡང་རྒྱང་པན་པ་ལ་རྗེས་དཔག་ཚད་མར་བསྒྲུབ་པ་དང་དོན་སེམས་གཉིས་ལ་ཁྱད་པར་མེད་པར་བརྗོད་པའི་དོན་དུ་འདི་དག་གི་དོན་ཡོངས་སུ་བཅད་ནས་ཞེས་བརྗོད་པ་ཡིན་ནོ། །ཞེས་ཟེར་བ་མ་འབྲེལ་བ་ཡིན་ཏེ་ཞེས་གསུངས་པ་ནི། ཚད་མ་སྤྱིའི་མཚན་ཉིད། དོན་སེམས་གཉིས་ཀྱི་ཐུན་མོང་མ་ཡིན་པར་སྟོན་པ་མ་ཡིན་གྱི། འདིར་གྲངས་ངེས་བསྒྲུབས་ནས་སྤྱིའི་མཚན་ཉིད་སྟོན་པར་བྱེད་པ་ཡིན་ལ། དེའི་རྒྱུན་


JLD015_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབྱུང་བའི་ཡ་གྱལ་མངོན་སུམ་གྱི་མཚན་ཉིད་ཐུན་མོང་བ་ཡིན་པ་འགོག་པ་ཡིན་ནོ། །བསགས་པ་དག་ནི་ཚོགས་པ་ཡིན་ཞེས་པའི་སྐབས་སུ་ལུང་འགལ་སྤོང་བ་ན། མདོ་སྡེ་པའི་ལུགས་ཀྱིས་དབང་ཤེས་ཀྱིས་ཕྱི་རོལ་གྱི་དོན་འཛིན་པ་ན་ཚོགས་པའི་སྤྱི་དང་བྱེ་བྲག་གང་ཡང་གཟུང་དོན་དུ་མི་བྱེད་ལ་རྡུལ་ཕྲན་སིལ་ལེ་བར་སྣང་བའང་མ་ཡིན་ཞིང་། རགས་པའི་རྣམ་པའང་མི་སྣང་ལ། སྔ་མའི་རྒྱུ་རྐྱེན་ལ་བརྟེན་ནས་དབང་ཤེས་བསྐྱེད་ནུས་ཀྱི་རྡུལ་ཕྲན་སློབ་དཔོན་དབྱིག་གཉེན་གྱི་ལུང་གི་དོན་ཡང་ཟླ་མེད་ཀྱི་རྡུལ་ཕྲན་གྱིས་དབང་ཤེས་བསྐྱེད་མི་ནུས་ཀྱི། དུ་མ་བསག་དགོས་ལ། གཟུགས་ཞེས་པ་དང་སྔོན་པོ་ཞེས་པ་སྐྱེ་མཆེད་ལ་ངེས་པར་འདྲེན་དགོས་པས་རྫས་ཀྱི་རང་མཚན་གྱི་ཡུལ་ཅན་མ་ཡིན་གྱི། སྐྱེ་མཆེད་ཀྱི་རང་མཚན་གྱི་ཡུལ་ཅན་ཞེས་བཤད་པ་ཡིན་ནོ། །དེ་དག་གི་དོན་བསྡུ་ན་ཕྱོགས་སྔ་མས་རྣམ་པར་ཤེས་པའི་ཚོགས་ལྔ་བསགས་པ་ལ་དམིགས་པར་བཤད་པས་དེ་ལ་དམིགས་ན་ཚོགས་པ་ལ་དམིགས་པས་ཁྱབ་ལ། དེ་ལྟ་ན་སྤྱི་ལ་དམིགས་པས་རྣམ་པར་རྟོག་པར་ཐལ་བར་འགྱུར་རོ། །ཞེས་པའི་རིམ་པ་གསུམ་བྱུང་བའི་སྔ་མ་ལ་ཁྱབ་པ་མེད་པར་


JLD015_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཡིན་ལ། དེའང་དབང་ཤེས་བསྐྱེད་ནུས་ཀྱི་རྡུལ་ཕྲན་ཁྱད་པར་ཅན་དུ་གྱུར་པའི་རྡུལ་ཕྲན་རེ་རེ་ནས་དབང་ཤེས་ཀྱི་དམིགས་རྐྱེན་བྱེད་པའི་ནུས་པ་དང་ལྡན་པའི་བསགས་པ་ཞེས་བཤད་ལ། དེ་དག་བསགས་པ་ཅན་དུ་བྱས་པའི་བསགས་པ་ཞེས་བྱ་བ་དེ་དག་མ་ཡིན་པའི་དེ་དག་ལས་ངོ་བོ་གཅིག་དང་ཐ་དད་གང་ཡང་དབང་ཤེས་ཀྱི་གཟུང་ངོར་མི་སྣང་ཡང་དེ་དག་རེ་རེ་ནས་ཁ་དོག་གི་རྣམ་པ་གཏོད་པས་གཟུང་དོན་དང་རང་འདྲའི་རྣམ་པ་གཏོད་པ་ཞེས་བྱའི། །དེའི་སྟེང་གི་ཆོས་ཐམས་ཅད་ཀྱི་རྣམ་པ་མ་གཏད་པས། རང་འདྲའི་རྣམ་པ་མ་གཏད་ན་ཧ་ཅང་ཐལ་བར་འགྱུར་རོ། །དབང་བློ་དེའི་གཟུང་ངོར་སྣང་བའི་རྡུལ་རེ་རེ་བ་རྣམས་ཚོགས་པའི་སྒྲས་བརྗོད་པར་བྱ་བའང་མ་ཡིན་ལ། དེ་ལས་ངོ་བོ་གཅིག་དང་ཐ་དད་ཀྱི་ཚོགས་པ་དང་ཚོགས་པ་ཅན་གང་ཡང་དེའི་གཟུང་ངོར་མི་སྣང་ངོ་། །ཟླ་མེད་ཀྱི་རྡུལ་ཕྲན་གྱིས་དབང་ཤེས་ལ་རྣམ་པ་གཏོད་པའི་ནུས་པ་མེད་ཅིང་། དུ་མ་བསགས་ནས་རྣམ་པ་གཏོད་དགོས་པས། མཚུངས་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། སྐྱེ་མཆེད་ཀྱི་རང་མཚན་གྱི་ཡུལ་ཅན་ཡིན་གྱི་རྫས་ཀྱི་རང་མཚན་གྱི་ཡུལ་ཅན་མ་ཡིན་པ་ཞེས་བྱའོ། །གལ་ཏེ་སྣ་ཚོགས་དེ་གཅིག་ན་ཞེས་པའི་སྦྱོར་བ་ལ་མ་ངེས་པ་སྤངས་ནས། རྣམ་པ་བདེན་པའམ་བརྫུན་པའི་ལུགས་རྣམ་པར་བཞག་པ་ནི་རྣམ་ངེས་ཀྱི་ལྷན་ཅིག་དམིགས་ངེས་འཆད་པའི་སྐབས་སུ་སློབ་དཔོན་ཆོས་མཆོག་གིས་རྒྱས་པར་བཤད་པ་དེ་ཉིད་བཤད་ན་རྟོགས་


JLD015_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

སླ་བས་དེའི་དོན་བརྗོད་པ་ལ། འགལ་བའི་ཆོས་དུ་མ་དང་ལྡན་པས། གཅིག་ཡིན་པ་འགོག་པ་དང་། དངོས་པོ་གཅིག་ཡིན་པ་འགོག་པ་སོགས་ནི། རིགས་པ་ལྟར་སྣང་འབའ་ཞིག་ཡིན་ཏེ། དེ་ལྟ་ཡིན་ན་གཅིག་གི་མཚན་གཞིར་རུང་བ་ཅུང་ཟད་ཀྱང་མི་རྙེད་པར་འགྱུར་རོ། །དེས་ན་ཆོས་མཆོག་ཆེན་པོའི་ལུགས་འདི་བཞིན་དུ་ཡིན་ཏེ། འདི་ནི་ཕྱི་རོལ་གྱི་དོན་ཁེགས་རྗེས་སུ་རྣམ་པ་བདེན་བརྫུན་རྩོན་པ་ཡིན་པས་འདི་སྐད་དུ་འདི་དག་གཅིག་པར་མི་བསྒྲུབ་ཅེས་སོགས་ནི། སྦྱོར་བའི་འགོད་ཚུལ་ལ་རྫས་ཐ་དད་བཀག་པ་ཙམ་བསྒྲུབ་ཀྱི་རྫས་གཅིག་མི་བསྒྲུབ་ཅེས་པ་མ་ཡིན་ཏེ། སྦྱོར་བའི་འགོད་ཚུལ་ལ་རྣམ་བདེན་བརྫུན་མི་མཐུན་པ་མེད་པའི་ཕྱིར་རོ། །དེས་ན་སྔོན་པོ་ལ་སོགས་པའི་གཟུང་རྣམ་རྫས་གཅིག་ཏུ་བདེན་པར་མི་བསྒྲུབ་ཀྱི། དུ་མར་བདེན་པ་བཀག་པ་ཙམ་ཡིན་ནོ་ཞེས་པའི་དོན་ནོ། །རྣམ་བདེན་པ་ན་རེ། ཅིའི་ཕྱིར་དེ་ལྟར་སྨྲ། སྔོན་པོ་ལྟ་བུས་རྫས་གཅིག་ཏུ་བདེན་པ་འཐད་པ་ཡིན་ཏེ། ཤེས་པ་ལ་གསལ་བར་སྣང་བའང་མི་བདེན་ན། རིག་པ་བདེན་པར་ཚད་མ་གང་གིས་རྟོགས་པར་བྱེད་ཤེས་པ་ལ། མི་བདེན་པ་གསལ་བར་བྱེད་པའི་ནུས་པ་ཡོད་ན། བདེན་པའང་གསལ་དགོས་ཏེ། བདེན་པས་ཉེས་པ་ཅིའང་མ་བྱས་པའི་ཕྱིར་ཞེ་ན། རྣམ་པ་བརྫུན་པར་སྨྲ་བས་དེ་དགག་པ་ནི། སྔོན་པོ་ཆོས་ཅན། རྫས་གཅིག་ཏུ་བདེན་པ་མ་ཡིན་ཏེ། ཕྱོགས་ཆོས་བྱས་པའི་འགལ་བའི་ཆོས་དུ་མ་དང་ལྡན་པའི་ཕྱིར། ཁྱབ་པ་མེད་


JLD015_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ན། རགས་པ་ཡན་ལག་ཅན་གྱི་རྫས་གཅིག་ཏུ་བདེན་པ་ཅིའི་ཕྱིར་འགོག་སྟེ་ཁྱད་པར་མེད་པའི་ཕྱིར། ཡན་ལག་ཅན་ལ་ཁ་བསྒྱུར་མ་བསྒྱུར་སོགས་འགལ་བ་དུ་མ་འདུས་པ་ཡིན་ལ། བློ་ལ་དེ་ལྟར་མ་ཡིན་པས་ཁྱད་པར་ཡོད་དོ་ཞེ་ན། བེམ་པོའི་ཤེས་པའི་རགས་པ་གང་ཡིན་ཀྱང་རུང་། ཕྱོགས་ཆ་བྱས་པའི་འགལ་བ་དུ་མ་དང་ལྡན་ན་གཅིག་ཏུ་བདེན་མི་བདེན་གྱི་ཁྱད་པར་ཅི་ཡོད་དེ། བློའི་རྫས་ཡིན་པས་རགས་པའི་ཉེས་པ་ཉམས་པ་མ་ཡིན་ནོ། །དེ་ཁོ་ན་མ་ཡིན་གྱི་ཕྱོགས་ཆ་ཐ་དད་པའི་འགལ་བ་འདུས་ན་གཅིག་ཏུ་མི་བདེན་པ་མང་དུ་བཤད་ཟིན་ཏོ། །འགལ་བ་དེ་ལྟར་འདུས་ཀྱང་། གཅིག་ཏུ་བདེན་ན། ཡན་ལག་ཅན་ཡང་དེ་ལྟར་འགྱུར་ལ། དེ་དུ་མར་ཁས་ལེན་དགོས་ན་ཁྱད་མེད་པས་ཤེས་པའི་རགས་པའང་དུ་མར་བདེན་པར་ཁས་བླང་དགོས་སོ། །གཞན་ཡང་རྒྱུན་ཞེས་སོགས་གོ་བར་ཟད་ལ། སྔོན་པོ་ཐ་དད་མེད་པ་གཅིག་ཏུ་བདེན་པ་སྤང་བར་རིགས་པ་ཡིན་ནོ། །དུ་མར་བདེན་པ་དགག་པ་ནི། གལ་ཏེ་སྔོན་པོ་དུ་མར་བདེན་ནོ་ཞེ་ན། དྲུག་གི་ཅིག་ཅར་སྦྱར་བ་ཞེས་པའི་གནོད་པ་ཕྱི་རོལ་གྱི་རྡུལ་ཕྲན་ལ་བཀོད་པ་བཞིན་དུ་ཤེས་པའི་རྡུལ་ཕྲན་ལའང་ཐལ་བར་འགྱུར་རོ། །ཕྱི་རོལ་གྱི་རྡུལ་ཕྲན་ལ་སྐྱོན་དེ་ཡོད་ཀྱི། ཤེས་པ་ལ་མེད་དོ་ཞེ་ན། ཕྱི་རོལ་ཞེས་བྱ་བ། རྭ་ཟེང་ངེ་བ་མེད་ཀྱི། གོ་ས་གནོད་པའི་ཚད་ཆུང་ངུ་མང་པོ་ཕན་ཚུན་གྱི་གོ་ས་སྤངས་ནས་སྐྱེས་པས་ཡུལ་རྒྱས་པར་ཁེགས་པ་དང་ལྡན་པ་ལ་བརྗོད་ལ། དེ་ནི་རྣམ་པར་ཤེས་པའི་རྫས་སྔོ་


JLD015_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སོགས་ལའང་བདེན་པར་གྲུབ་པར་ཁས་བླངས་པས་སྐྱོན་བྱེ་བྲག་མེད་པར་འཇུག་པའི་ཕྱིར། སྔོ་སེར་སོགས་བདེན་པར་གྲུབ་པ་ཁེགས་ཤིང་། ཀུན་རྫོབ་ཏུ་ཡོད་པར་མཚུངས་པར་ཐལ་བས་དུ་མར་བདེན་པ་མི་རིགས་སོ། །གཞན་ཡང་རྣམ་པར་ཤེས་པའི་རྡུལ་ཕྲན་ཉམས་སུ་མྱོང་བར་འདོད་པ་རྣམས་ལ། རགས་པའི་རྣམ་པ་གསལ་བར་མྱོང་བ་བཟློག་མི་ནུས་ལ། ཤེས་པའི་རྡུལ་ཕྲན་གཅིག་ལ་རགས་པ་མེད་ཅིང་། རྡུལ་ཕྲན་མང་པོ་ལའང་མེད་པས་ཤེས་པའི་རགས་སྣང་བདེན་པར་མེད་དོ། །ཕྱི་རོལ་གྱི་རྡུལ་ཕྲན་སོ་སོར་སྣང་བའི་སྟེང་གི་ཆོས་རགས་པ་ཡིན་པ་བཞིན་དུ་ཤེེས་པའི་རྡུལ་ཕྲན་རྣམས་ཀྱི་ཆོས་རགས་པར་སྣང་བར་འགྱུར་བའང་མ་ཡིན་ཏེ། རགས་པར་སྣང་བ་མ་ཡིན་པའི་ཤེས་པའི་རྡུལ་ཕྲན་དབང་ཤེས་གང་གིས་ཀྱང་མ་བཟུང་བའི་ཕྱིར། རགས་པ་གསལ་བར་སྣང་བ་ཉམས་སུ་མྱོང་བར་མི་འགྱུར་བ་ཞིག་ན་མྱོང་བའང་ཡིན་པ་དེའི་ཕྱིར། བདེན་པར་ཡོད་པ་མ་ཡིན་པའི་རགས་པའི་རྣམ་པ་ཤེས་པ་བདག་ཉིད་ལ་སྟོན་པར་བྱེད་པ་མཐོང་བས་ཤེས་པ་ལ་སྔོན་པོ་ལ་སོགས་པའི་བདེན་མེད་གསལ་བར་བྱེད་པའི་ནུས་པ་ཡོད་པར་གྲུབ་བོ། །སྔོན་པོ་ལ་སོགས་པ་རགས་པའི་རྣམ་པ་བདེན་པར་མེད་པ་རིགས་པས་ལེགས་པར་གྲུབ་པས། ཤེས་པའི་རྡུལ་ཕྲན་གཞན་ཅི་ཞིག་ལུས་ཤིང་དེ་བརྟགས་པས་ཀྱང་དགོས་པ་ཅི་ཞིག་ཡོད།


JLD015_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཕྱིར་ན་རྣམ་བདེན་པ་ཁྱེད་ཀྱིས་སྔོ་སོགས་རགས་པའི་རྣམ་པ་འདི། དེ་ཁོ་ན་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་དང་། སྔོ་སོགས་སྣང་བའི་དབང་ཤེས་ལ་བདེན་མེད་གསལ་བར་བྱེད་པའི་ནུས་པ་དང་མི་ལྡན་པར་བྱ་བའི་ཕྱིར། སྔོ་སོགས་གཟུང་བའི་རྣམ་པ་བདེན་པར་བརྟགས་ཤིང་ཁས་བླངས་པ་ཡིན་ནོ། །དེ་མི་བདེན་པ་དང་རྣམ་ཤེས་བདེན་མེད་གསལ་བར་བྱེད་པའི་ནུས་པ་དང་ལྡན་པར་གྲུབ་ན་ཤེས་པའི་རྡུལ་ཕྲན་རྟོགས་པ་དོན་མེད་དོ། །དེས་ན། རྣམ་པ་བདེན་རྫུན་གྱི་ཁྱད་པར་ཐུན་མོང་མ་ཡིན་པ་ནི་འདི་ཡིན་ཏེ། དེ་ལ་འགྱུར་མེད་ཡོངས་གྲུབ་འཇལ་བའི་འཕགས་པའི་མཉམ་གཞག་མ་རིག་པས་མ་བསླད་པ་ནི། སེམས་ཙམ་པ་གཉིས་ཀར་འདོད་ལ། སོ་སོ་སྐྱེ་བོའི་རྒྱུད་ལའང་རང་རིག་མངོན་སུམ་གྱི་ངོར་གཉིས་སྣང་ནུབ་པས་དེེ་མ་རིག་པས་མ་བསླད་པའང་གཉིས་ཀ་མཐུན་ལ་དབང་ཤེས་ལ་ཕྱི་རོལ་གྱི་དོན་སྣང་བའི་ཆ་མ་རིག་པས་བསླད་ཅིང་འཁྲུལ་ཡང་གཟུགས་སྒྲ་སོགས་གསལ་བར་སྣང་བ་ལ་མ་རིག་པས་བསླད་པ་ཅུང་ཟད་ཀྱང་མེད་ཅིང་གཟུགས་སྒྲ་སོགས་མ་རིག་པས་མ་བསླད་པའི་ཤེས་པའི་གཟུང་ཡུལ་ཉིད་ཡིན་པས་བདེན་པར་གྲུབ་པར་འདོད་དོ། །རྣམ་རྫུན་པ་ནི། གཟུགས་སྒྲ་སོགས་སྣང་བ་ལ་བལྟོས་ནས་ཀྱང་མ་རིག་པས་བསླད་པ་ཡིན་པས་གཟུང་བའི་རྣམ་པས་བསྡུས་པ་སྔོ་སེར་སོགས་སོ་སོ་སྐྱེ་བོའི་མ་རིག་པས་མ་བསླད་པའི་ཤེས་པའི་གཟུང་ཡུལ་དུ་འགྱུར་བ་མི་


JLD015_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པར་བཞེད་པས་མ་རིག་པས་མ་བསླད་པའི་སྣང་ཡུལ་ཉིད་རྣམ་བདེན་བརྫུན་རྩོད་པའི་བདེན་ཚད་ཡིན་གྱི་རྣམ་རྫུན་པས་སྔོ་སེར་སོགས་དངོས་པོར་ཁས་མི་ལེན་ཞེས་ཟེར་བ་ནི་དེ་དག་གི་ལུགས་ལེགས་པར་མ་རྟོགས་ཤིང་ལུང་དང་རིགས་པ་དུ་མ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ནོ། །དེས་ན་སྔོན་པོ་ཆོས་ཅན། གཅིག་ཏུ་བདེན་པར་མེད་དེ། ཕྱོགས་ཀྱི་ཆའི་འགལ་བ་དུ་མ་དང་ལྡན་པའི་ཕྱིར། ཞེས་པའོ། །རང་སྣང་འདི་རྟོག་པས་མ་འཁྲུལ་བར་ཡང་མི་རིགས་ཏེ། གསལ་བར་སྣང་བའི་ཕྱིར། ཁྱབ་སྟེ་རྟོག་པ་ལ་ཡུལ་གསལ་བར་མི་སྣང་བའི་ཕྱིར། སྨིག་རྒྱུ་དག་ལ་ཆུར་རྟོགས་དུས་ན་གསལ་སྣང་ཡོད་པ་བཞིན་ནོ་ཞེས་ཀྱང་བརྗོད་མི་ནུས་ཏེ། དེ་ལ་ཆུར་རྟོགས་དུས་ན་དབང་ཤེས་ལ་སྨིག་རྒྱུ་གསལ་བར་སྣང་བའི་འཁྲུལ་རྒྱུ་ཡོད་པ་བཞིན་དུ་འདིར་རྟོག་པ་མེད་པའི་དུས་ན་རགས་པ་གསལ་བར་སྣང་བས་རགས་པའི་སྣང་བ་རྟོག་པའི་སྣང་བར་འགྱུར་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང་རྟོག་པ་རང་གི་ངོ་བོ་མྱོང་བ་ན་གསལ་སྣང་ཡོད་ཀྱང་རགས་སྣང་མེད་དོ། །རྟོག་པ་རང་གི་བདག་ཉིད་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པས་དོན་གསལ་བར་སྣང་ངོ་ཞེ་ན། སྔོ་སོགས། དོན་བདེན་པར་མེད་པ་གསལ་བ་འདི་ངེས་པར་བརྟགས་ན་བདེན་མེད་གསལ་བར་གནས་པ་ཡིན་ཏེ། དོན་བདེན་པར་མེད་པ་གསལ་བ་ན། བདག་ཉིད་གསལ་པའམ། གཞན་གསལ་བར་བྱེད་པ་གང་


JLD015_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

རུང་དུ་འགྱུར་ཏེ། རྣམ་པ་གཞན་མི་སྲིད་པའི་ཕྱིར། རགས་པ་རང་གི་བདག་ཉིད་དོན་དམ་པར་གསལ་བ་མ་ཡིན་ཏེ། རྣམ་ཤེས་ཁོ་ན་དོན་དམ་པར་གསལ་བའི་ཕྱིར་དང་དོན་མེད་པ་ནི་དངོས་པོ་མ་ཡིན་པའི་ཕྱིར། རང་ཉིད་གསལ་བའི་ངོ་བོར། བདེན་པར་མ་གྲུབ་པ་གཞན་གྱི་རགས་པ་གསལ་བར་བྱེད་པ་ནའང་། ཤེས་པ་དེ་ཉིད་མི་བདེན་པ་གསལ་བྱེད་དུ་སྐྱེས་པར་འགྲུབ་པོ། །མ་རིག་པའི་དབང་གིས་གསལ་བ་ཡིན་ནོ་སྙམ་ན། མ་རིག་པ་དེ་དངོས་མེད་ཡིན་ན། དངོས་མེད་ཀྱིས་དངོས་མེད་གསལ་བར་བྱེད་པ་མི་འཐད་ལ། དངོས་པོ་ཡིན་ཅིང་། རྣམ་པར་ཤེས་པ་ཡིན་ན། དེ་ལས་ཀྱང་དངོས་མེད་ཇི་ལྟར་གསལ་ཏེ། དངོས་པོ་དང་དངོས་མེད་ལ་འབྲེལ་བ་མེད་པའི་ཕྱིར། དེའི་ཕྱིར་མ་རིག་པའི་བསླད་པའི་དབང་ཤེས་མི་བདེན་པའི་རང་བཞིན་གསལ་བར་བྱེད་པའི་ཕྱིར། སྔོ་སེར་སོགས་མ་རིག་པའི་དབང་གིས་གསལ་བ་ཡིན་ནོ་ཞེས་བརྗོད་པ་ལ་སྐྱོན་མེད་དོ། །དེའི་ཕྱིར་ཕྱི་རོལ་གྱི་དོན་ལྟ་བུ་བདེན་མེད་འཛིན་པའི་ཤེས་པ་རྟོག་མེད་ཐམས་ཅད་མི་བདེན་པ་གསལ་བར་བྱེད་པ་མ་རིག་པས་བསླད་པར་བལྟ་བར་བྱའོ། །གནས་སྐབས་ཐམས་ཅད་དུ་གསལ་བར་སྣང་བའི་སྣང་ལྡོག་གང་ཡིན་པ་དེ་ཐམས་ཅད་བདེན་པར་ཡོད་ན། ཚངས་པས་ཀྱང་ཤེས་པ་འགའ་ཞག་ཡོད་ཀྱང་འཁྲུལ་པར་


JLD015_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་མི་ནུས་སོ། །བདེན་མེད་གསལ་བ་ཡོད་ན། ཤེས་པ་ལ་མི་བདེན་པ་གསལ་བའི་ནུས་པ་བརྒྱ་བྱིན་གྱིས་ཀྱང་བསྙོན་མི་ནུས་སོ། །དེས་ན་སྔོ་སེར་སོགས་སྣང་བའི་དབང་ཤེས་མི་བདེན་པ་གསལ་བའི་ནུས་པ་ལས་མ་འདས་སོ། །དེའང་མ་རིག་པའི་དབང་གིས་གསལ་བར་བྱེད་ཀྱི། བདེན་པ་ནི་མི་ཡིན་ཏེ། དེ་དང་མ་རིག་པ་ལ་འབྲེལ་བ་མེད་པའི་ཕྱིར་རོ། །སྔོ་འཛིན་གྱིས་གཞལ་བའི་སྔོན་པོ་ནི་སྤང་བར་ནུས་པ་མ་ཡིན་ལ། གནོད་བྱེད་མཐོང་བའི་ཟླ་གཉིས་ལྟ་བུ་སླུ་བས་སྤང་བར་བྱའོ། །དེས་ན། སྔོ་སེར་སོགས་གཅིག་ཏུ་བདེན་པར་གྲུབ་པ་མ་ཡིན་ནོ་ཞེེས་བྱ་བར་གནས་ལ། འཁྲུལ་ཤེས་དཔེར་བརྗོད་པའི་དགོས་པའང་དེ་ཉིད་དོ། །གཞན་དུ་ན། སྔོན་པོ་དང་སྔོན་པོའི་རང་བཞིན་དག་ལྷན་ཅིག་དམིགས་པ་ངེས་པས། རྫས་ཐ་དད་ཡོད་པ་མ་ཡིན་གྱི་རྫས་གཅིག་པ་བཞིན་དུ། སྔོན་པོ་དང་དེའི་བློ་དག་ཀྱང་ཞེས་བརྗོད་པར་འགྱུར་རོ། །འཁྲུལ་ཤེས་པ་སྣང་བའི་ཟླ་བ་གཉིས་ཕན་ཚུན་དང་། དེ་དང་དེར་སྣང་བའི་དབང་ཤེས་གཉིས་རྫས་ཐ་དད་ཡོད་པ་མ་ཡིན་པའི་དཔེ་དེ་བཞིན་དུ་བལྟ་བར་བྱའོ། །གཏན་ཚིགས་ཀྱི་དོན་ནི། སྔོན་པོ་དམིགས་ན་སྔོ་འཛིན་དམིགས་པ་དང་། སྔོ་འཛིན་དམིགས་ན། སྔོན་པོ་དམིགས་པའི་དོན་མ་ཡིན་ཏེ། སྔོ་འཛིན་གྱིས་སྔོན་པོ་དམིགས་ཀྱང་དེ་དམིགས་པའི་རང་རིག་གིས།


JLD015_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་མ་དམིགས་པའི་ཕྱིར་རོ། །དེས་ན་སྔོན་པོ་དམིགས་ན། སྔོ་འཛིན་དམིགས་པའི་བདག་ཉིད་དང་། དེ་བཞིན་དུ་ཅིག་ཤོས་ལའང་སྦྱར་ཏེ། ཡུལ་གཞན་གཉིས་གྲུབ་བདེ་རྫས་གཅིག་པས། ཡུལ་གཉིས་པོ་དོན་གཞན་འགོག་པ་ཡིན་པར་ཤེས་པར་བྱའོ། །སྔ་མ་ཁ་ཅིག་སེམས་ཙམ་འགོག་པ་ན། དྲུག་གི་གཅིག་སྦྱར་བའི་རིགས་པས་ཕྱི་རོལ་བདེན་པ་འགོག་ནུས་ཀྱི་ཕྱི་རོལ་ཙམ་འགོག་མི་ནུས་ཏེ། དེ་ལྟ་ན་དུས་ཆ་ལ་བརྟགས་པའི་འགལ་བའི་ཆོས་དུ་མ་འདུས་པས་ཤེས་པ་ཙམ་ཡང་འགོག་ནུས་པར་འགྱུར་རོ། །ཞེས་ཟེར་བ་ནི་རྣམ་པ་ཐམས་ཅད་དུ་མི་མཚུངས་ཏེ། དབང་ཤེས་ལ། ཡུལ་རགས་པ་ཆ་དང་བཅས་པ་སྣང་བས་ཁྱབ་ལ། ཤེས་པ་མྱོང་བའི་རང་རིག་ལ་གཉིས་སྣང་ནུབ་པས་ཤེས་པ་ཆ་བཅས་སུ་སྣང་བ་མི་སྲིད་པའི་ཕྱིར་རོ། །གར་ལ་སོགས་པ་ལ་སྐྱེས་བུ་དུ་མས་ཐུན་མོང་དུ་བལྟ་བ་ལ། ལྷ་སྦྱིན་གྱི་མིག་ཤེས་ཀྱིས་དམིགས་ཚོད་ཀྱི་ཤེས་བྱ་གར་དམིགས་པར་མི་འགྱུར་བའི་ལྷ་སྦྱིན་མིག་ཤེས་དམིགས་པའི་བདག་ཉིད་འགའ་ཡང་མེད་པས། དེས་མ་ངེས་པ་མེད་དོ། །ལྷ་སྦྱིན་གྱིས་སྔོ་འཛིན་དང་དེ་ཡིས་དམིགས་ཚོད་ཀྱི་སྔོན་པོ་གཉིས་ལྷན་ཅིག་དམིགས་ངེས་སུ་གྲུབ་པ་ཉིད་ཀྱིས་སྔོན་པོ་དང་། སྔོར་སྣང་ཤེས་པ་ལྷན་ཅིག་དམིགས་ངེས་སུ་གྲུབ་པ་ལ་གནོད་པ་ཅུང་ཟད་ཀྱང་མེད་དེ། གཞན་དུ་ན། རྒོལ་ཕྱིར་རྒོལ་རྩོད་པའི་ཚེ། ཆོས་ཅན་མཐུན་སྣང་དུ་གྲུབ་པ་མེད་


JLD015_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ་བར་འགྱུར་རོ། །གདུལ་བྱའི་རྒྱུད་ཀྱི་སེམས་དང་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་མ་ངེས་པའང་མེད་དེ། དེ་ལ་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཏེ་གཞན་རྒྱུད་ཀྱི་སེམས་དམིགས་བྱེད་ངེས་ཅིག་ཤོས་དམིགས་པའི་ངེས་པ་མེད་པའི་ཕྱིར། སེམས་དང་སེམས་བྱུང་གིས་ཀྱང་ཁྱབ་པ་འཁྲུལ་བར་མི་འགྱུར་ཏེ། དམིགས་བྱེད་གཉིས་སོ་སོར་བདག་ཉིད་ཐ་དད་པའི་ཕྱིར། དེ་བཞིན་གཤེགས་པའི་ཐུགས་དམིགས་པའི་འཛིན་རྣམ་དེས་ཤེས་བྱ་མཐའ་དག་དམིགས་པ་མ་ཡིན་གྱི། འོན་ཀྱང་གཞན་ཡང་ཡོད་པ་ཡིན་ནོ། །ལྷན་ཅིག་ཏུ་དམིགས་རྒྱུ་གཉིས་དམིགས་བྱེད་ཀྱིས་སམ་དམིགས་བྱེད་གཉིས་ལྡོག་པ་གཅིག་ཅེས་བྱ་བ་ཁས་མ་བླངས་པའི་ཕྱིར། ཁྱེད་ལ་བརྗོད་པའི་སྐྱོན་མི་སྲིད་དོ། །ཁྱབ་པ་སྒྲུབ་པ་ནི། རང་བཞིན་ཐ་དད་པ་སྟེ་ཞེས་སོགས་ཏེ་རྫས་ཐ་དད་དུས་མི་མཉམ་པ་ལ་ལྷན་ཅིག་ཏུ་དམིགས་པ་མེད་ལ། དུས་མཉམ་པ་ལྷན་ཅིག་དམིགས་ངེས་མེད་དེ། འབྲེལ་པ་གཉིས་གང་ཡང་མེད་པའི་ཕྱིར། ཡུལ་ཡུལ་ཅན་གྱི་མཚན་ཉིད་བདེན་པར་གྲུབ་པ་རྣམ་བདེན་པའི་ཕྱོགས་བཀག་ཟིན་ལ། རྣམ་རྫུན་པའི་ཕྱོགས་ལའང་ཡུལ་ལ་ཉེ་རིང་གི་ཁྱད་པར་མེད་པའི་ཤེས་པ་མྱོང་ཙམ་ཡུལ་གྱི་ཁྱད་པར་དང་ལྡན་པར་བསྟན་མི་ནུས་སོ། །གཞན་རྣམས་ནི་གོ་བར་ཟད་ལ་སྣང་གཟུགས་སྔ་ཕྱི་རྒྱུ་འབྲས་སུ་བསྒྲུབས་ནས་དུས་མཉམ་པའི་ཡུལ་སྣང་བར་མ་ཆད་པ་


JLD015_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་དམིགས་ངེས་སུ་བཞེད་པ་ཡིན་གྱི། རྒྱུ་འབྲས་དང་གཞི་མཐུན་བསྒྲུབ་པར་ནི་དགོངས་པར་རྣམ་པ་ཐམས་ཅད་དུ་མི་རུང་ངོ་། །སྔོན་པོ་ལ་སོགས་པ་དེ་འཛིན་པའི་དབང་ཤེས་ལས་རྫས་གཞན་དུ་མེད་ན། དམིགས་རྐྱེན་ཇི་ལྟར་འཐད་དེ། མདོ་ལས། སེམས་སེམས་བྱུང་རྣམས་རྐྱེན་བཞི་ལས་སྐྱེ་བར་གསུངས་པའི་ལུང་དང་རིགས་པ་དུ་མ་དང་འགལ་བར་འགྱུར་རོ་ཞེ་ན། དེ་ལ་སྤྱིར་སེམས་ཙམ་པས་དབང་ཤེས་ཀྱི་དམིགས་རྐྱེན་ཁས་ལེན་པའི་རྒྱུ་མཚན་ནི་སྔར་བཤད་པའི་ལུང་གི་དོན་དང་མི་འགལ་བ་དང་འཇིག་རྟེན་གྱི་གྲགས་པས་མི་གནོད་པ་དང་། རིགས་པས་ཀྱང་འཐད་པས་ཡིན་ནོ། །དེའང་ཕྱོགས་གླང་གིས། ནང་གི་ཤེས་བྱའོ་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིིན་ཕྱིར་རོ། །ཞེས་པ་དང་། གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། ཞེས་པ་དང་། ཡང་ན་ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། ཞེས་སོགས་ཀྱི་དོན་ལྷ་ཤཱཀྱ་དང་། སློབ་དཔོན་ཆོས་མཆོག་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་ལ་སོགས་པ་རྣམས་ཀྱིས་རྒྱས་པར་བཤད་ལ། ཁྱད་པར་དུ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་བཤད་པའི་དོན་བསྡུས་ན། སྣང་ཚུལ་ལ་ཕྱི་རོལ་ལྟར་སྣང་ཞིང་གཟུང་བྱར་གནས་པའི་སྔོན་པོ་ལ་སོགས་


JLD015_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཤེས་པའི་རྫས་ཀྱིས་བསྡུས་པའི་སྔོན་པོ་ལྟ་བུ་དོན་དེ་སྔོར་སྣང་ཤེེས་པའི་ཡུལ་ཡིན་ལ། དེ་དམིགས་རྐྱེན་ཡང་ཡིན་པའི་ཕྱིར་རོ། །དེའང་གཅིག་ཆ་སྟེ་ཤེས་པ་རང་དང་ལྷན་ཅིག་ཏུ་འབྱུང་བ་ཅན་གྱི་སྔོན་པོ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བས་དེ་ལ་དམིགས་པ་རྒྱུ་མཚན་དུ་བྱས་ནས་སྔོར་སྣང་ཤེས་པ་སྐྱེ་བས་འཇིག་རྟེན་ན་རྐྱེན་དུ་གྲགས་པས་འཇིག་རྟེན་གྱི་གྲགས་པས་གནོད་པའི་སྐྱོན་ཡང་མེད་དོ། །ཡང་ན་ཤེས་པ་སྔ་མས་ནུས་པ་བཞག་པའི་སྒོ་ནས་ཤེས་པ་ཕྱི་མ་སྐྱེ་བས་རྐྱེན་དང་རྐྱེན་ཅན་གཉིས་རིམ་གྱིས་འབྱུང་བ་ཡིན་ཏེ། དེའང་བསྒོ་བྱེད་ཤེས་པ་སྔ་མས་བཞག་པའི་སྔོར་སྣང་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་གྱི་སྟེང་ན། སྔོར་སྣང་ཤེས་པ་དེ་གཟུང་བྱ་སྔོན་པོའི་རྣམ་ལྡན་དུ་བསྐྱེད་པའི་ལག་རྗེས་འཇོག་པའི་ནུས་པ་ཡོད་ལ། ནུས་པ་དེ་ཉིད་དབང་ཤེས་དེའི་དམིགས་རྐྱེན་ཡིན་ཏེ། ཕྱི་རོལ་གྱི་དོན་ཁས་ལེན་པ་རྣམས་ཀྱིས་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་བྱེད་དུ་འཇོག་པ་བཞིན་ནོ། །སྔོར་སྣང་དབང་ཤེས་རྒྱུན་ལྡན་དུ་འཇུག་པའི་སྐད་ཅིག་གཉིས་པ་དེའི་དམིགས་རྐྱེན་སྐད་ཅིག་དང་པོ་དང་ལྷན་ཅིག་པའི་སྔོན་པོ་དེ་ཉིད་ཡིན་ནོ་ཞེས་བརྗོད་དུ་མི་རུང་སྟེ། བག་ཆགས་ཉིད་ལས་ཡུལ་གྱི་རྣམ་ལྡན་དུ་བསྐྱེད་པར་གསུངས་ཀྱི། ཡུལ་གྱི་རྣམ་པ་དེ་ཕྱིའམ་ནང་གང་ལས་ཡིན་ཞེས་དཔྱད་པ་ན་སྔོན་པོ་སྔ་མ་ལས་སྐྱེ་བར་མ་གསུངས་པའི་


JLD015_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །རྣམ་རྫུན་པ་རྣམས་ཀྱིས་དོན་དམར་པར་དམིགས་རྐྱེན་ཅུང་ཟད་ཀྱང་མི་འདོད་ལ། ཐ་སྙད་པའི་ཚད་མས་གྲུབ་པའི་དམིགས་རྐྱེན་མཚན་ཉིད་པ་ནི་བཤད་མ་ཐག་པ་ཉིད་ཡིན་ལ། གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། ཞེས་པས་བསྟན་པའི་དོན་ནི། དམིགས་པ་མཚན་ཉིད་པ་ཡིན་ཡང་རྐྱེན་བཏགས་པ་བ་ཡིན་པས་བསྐྱེད་བྱ་སྐྱེད་བྱེད་དུ་ཐ་སྙད་པའི་ཚད་མས་ཀྱང་མ་གྲུབ་སྟེ། རྒྱུ་འབྲས་རྫས་གཅིག་པ་གྲངས་ཅན་གྱི་ལུགས་ཡིན་གྱི་སེམས་ཙམ་པ་དང་། མདོ་སྡེ་པ་སོགས་མཁས་པ་སུའི་ཡང་ལུགས་མ་ཡིན་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་མེད་ན་ས་བོན་མྱུ་གུའི་སྐྱེད་བྱེད་དང་། དུ་བ་མེའི་གོ་བྱེད་ཡིན་པ་སོགས་རྣམ་པ་ཐམས་ཅད་དུ་མི་རུང་སྟེ། ཁྱེད་ལྟར་ན་དུ་བར་སྣང་བ་དང་མེར་སྣང་བའི་བློ་སྐྱེ་བ་ཙམ་དུ་ཟད་ལ། དེ་ལྟ་ན་ལྐོག་གྱུར་དཔོག་པའི་ཚེ་དུར་སྣང་གི་བློ་སྔར་འབྱུང་ཞིང་མེར་སྣང་གི་བློ་ཕྱིས་འབྱུང་བས། སྔ་མ་འབྲས་བུ་དང་ཕྱི་མ་དེའི་རྒྱུད་མི་རུང་བས་འབྲས་བུ་ལས་རྒྱུ་མི་རྟོགས་པར་འགྱུར་རོ། །དུར་སྣང་གི་བློ་རྒྱུ་དང་། མེར་སྣང་གི་བློ་འབྲས་བུར་ཁས་ལེན་ན། དུ་བས་ཀྱང་རྒྱུ་ལས་འབྲས་བུ་དཔོག་པ་ཁྱབ་པ་མ་ངེས་པས་འབྲས་རྟགས་ལ་བརྟེན་པའི་རྗེས་དཔག་མེད་པར་འགྱུར་རོ་ཞེ་ན། ཕྱི་རོལ་དོན་ཁས་མི་ལན་པའི་ལུགས་དེ་ལའང་འབྲས་རྟགས་མི་རུང་བར་ཐལ་བའི་སྐྱོན་


JLD015_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཀྱང་མེད་དེ། དུ་བ་གསལ་བར་སྣང་བའི་སེམས་ཀྱི་སྟེང་གི་བག་ཆགས་དུར་སྣང་གི་ཉེར་ལེན་དང་། མི་གསལ་བར་སྣང་བའི་བློའི་ལྷན་ཅིག་བྱེད་པའི་རྐྱེན་ལ། མེར་གསལ་བར་སྣང་བ་འབྱུང་རུང་གི་བག་ཆགས་དེ་ཉིད་དུ་བར་སྣང་བའི་བློའི་རྒྱུ་ཡིན་པས། དུ་བར་སྣང་བའི་བློས་རང་འདྲའི་བག་ཆགས་སྔ་མའི་སྟེང་གི་མེར་གསལ་བར་སྣང་བའི་བློ་བསྐྱེད་པའི་ནུས་པ་དཔགས་པའི་སྟོབས་ཀྱིས་མེར་གསལ་བར་སྣང་བ་ཅན་གྱི་བློ་རྟོགས་པར་འགྱུར་བ་ཡིན་ནོ། །མེར་སྣང་གི་བློ་ད་ལྟར་བ་དཔོག་པ་མ་ཡིན་ཏེ། རྒོལ་ཕྱིར་རྒོལ་གང་ཟག་གཞན་ལ་བལྟོས་ནས་ཀྱང་དཔྱད་ན་མི་རིགས་སོ། །འགྲེལ་པར། མ་འོངས་པ་དཔོག་པར་བཤད་པའང་སློབ་དཔོན་ཤཱཀྱ་བློས་གིགས་མེད་ན་མེེར་སྣང་གི་བློ་མ་འོངས་པ་ཡོད་དེ་ཞེས་དཔག་དགོས་ཀྱི། མ་འོངས་པ་ཙམ་མ་ཡིན་ཏེ། སློབ་དཔོན་རྒྱལ་དབང་བློ་དང་། ཤཱཀྱ་བློས་རོ་གཟུགས་དང་འདྲ་བར་བཤད་པས། རོ་གཟུགས་དཔོག་པའི་སྐབས་ཉིད་དུ་སློབ་དཔོན་གྱིས་འདས་པ་དང་དུས་གཅིག་པ་རྟོགས་ཀྱི་མ་འོངས་པ་ནི་མ་ཡིན་ཏེ། འཁྲུལ་བའི་ཕྱིར་རོ་ཞེས་གསུངས་སོ། །རྒྱུད་གཞན་གྲུབ་པའི་སྐབས་སུའང་ཕ་རོལ་གྱི་ལུས་ངག་གི་རྣམ་རིག་དག་ལས་རང་ཀུན་ནས་སློང་བར་བྱེད་པའི་སེམས་དཔག་པར་རིགས་པ་མ་ཡིན་ནམ། རྒྱུད་གཞན་


JLD015_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་པོ་དང་འབྲེལ་པའི་རྣམ་པར་རིག་བྱད་དང་འབྲེལ་པའི་ངེས་པ་དག་ནི་གཞན་སྨྲ་བ་པོའི་རྣམ་རིག་ཏུ་མི་འོས་ཏེ། དེའི་ཀུན་སློང་གིས་སེམས་དང་ཉེར་ལེན་དང་ཉེར་ལེན་ཅན་མ་ཡིན་པའི་ཕྱིར་རོ་ཞེ་ན། རྟགས་སུ་བཀོད་པའི་དོན་དེ་གཞན་གྱི་སེམས་ཀྱིས་ཀུན་ནསབསླང་བའི་རྣམ་རིག་ཡིན་པས། དེར་སྣང་གི་ཤེས་པ་ཀུན་ནས་སློང་བའི་སེམས་རྟོགས་པར་བྱེད་དོ་ཞེས་མི་སྨྲའོ། །འོ་ན་ཅི་ཞེ་ན། ཕ་རོལ་པོའི་ཀུན་སློང་གི་སེམས་དེ་དེའི་རྒྱུད་ཀྱིས་བསྡུས་པའི་རྣམ་རིག་ལ་སྣང་བའི་ཤེས་པའི་ཉེར་ལེན་གྱི་རྒྱུ་དང་། ཉན་པ་པོའི་རྒྱུད་ཀྱིས་བསྡུས་པའི་བདག་པོའི་རྐྱེན་ཡིན་ནོ། །དེ་ལྟར་འབྲེལ་པ་གྲུབ་པ་དེས་ན། ཕ་རོལ་པོའི་རྣམ་རིག་ཏུ་ཉེ་བར་བཏགས་པ་ཙམ་ཡིན་གྱི་དེ་འབའ་ཞིག་ཏུ་ཟད་པ་ནི་མ་ཡིན་ནོ། །རྣམ་རིག་སྣང་བ་འཆད་པ་པོའི་མྱོང་བ་དེ་ཉན་པ་པོས་མ་མྱོང་། ཉན་པ་པོས་མྱོང་བ་དེ་ཅིག་ཤོས་ཀྱིས་མ་མྱོང་མོད་ཀྱི། རབ་རིབ་གཉིས་ཀྱིས་ཟླ་བ་གཉིས་མཐོང་བའི་དོན་དེ་གཅིག་ཏུ་ཞེན་པ་བཞིན་དུ་བག་ཆགས་འཐུག་སར་སད་པ་དང་། ཕ་རོལ་པོའི་ཀུན་སློང་གི་རྒྱུ་གཅིག་ལས་སྐྱེས་པར་མཚུངས་པས་ཕ་རོལ་པོའི་རྣམ་རིག་ཏུ་ཉེ་བར་འདོགས་སོ། །རྟགས་སུ་འགོད་པའི་ཚེ་ལུས་ངག་གི་རྣམ་རིག་ཏུ་སྣང་བའི་ཤེས་པ་ཙམ་འགོད་ཀྱི་གང་ཟག་གཉིས་པོས་ཁྱད་པར་དུ་བྱས་པ་མི་འགོད་དོ།། །།འདི་ནི་རྗེ་


JLD015_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཉིད་ཀྱིས་གསུངས་པ་དར་མ་རིན་ཆེན་གྱིས་བརྗེད་བྱང་དུ་བཀོད་པའི་ཟིན་བྲིས་ཆེན་མོར་གྲགས་པའོ།། །།འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousརྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་མངོན་སུམ་ལེའུའི་བརྗེད་བྱང་།next