Nitartha Digital Library
Tibetan
 
previousརིགས་པ་དྲུག་ཅུ་བའི་ཟིན་བྲིས་རྗེའི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པ།next

རིགས་པ་དྲུག་ཅུ་བའི་ཟིན་བྲིས་རྗེའི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པ།


JLD015_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་དྲུག་ཅུ་བའི་ཟིན་བྲིས་རྗེའི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པ་བཞུགས་སོ། །


JLD015_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ལ་གསུམ། བསྟན་བཅོས་རྩོམ་པའི་སྔོན་འགྲོ་མཆོད་བརྗོད། བརྩམ་པར་དམ་བཅའ་བ་གཞུང་དངོས། བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ནི། གང་གིས་སོགས་རྐང་པ་བཞི་ལ། །མགོན་པོ་ཀླུ་སྒྲུབ་ཆོས་ཅན། འདིར་བསྟན་བཅོས་རྩོམ་པའི་ཐོག་མར་སྟོན་པ་ལ་བསྟོད་ཕྱག་མཛད་པ་ལ་རྒྱུ་མཚན་ཡོད་དེ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དེས་རང་བཞིན་གྱིས་སྐྱེ་བ་དང་འགག་པ་སྤོང་བའི་རྟེན་ཅིང་འབྲེལ་འབྱུང་རང་དབང་དུ་གསུངས་པའི་རྒྱུ་མཚན་གྱིས་དེ་ལ་བསྟོད་པ་ཡིན་པའི་ཕྱིར། སངས་རྒྱས་


JLD015_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཆོས་ཅན། ཐུབ་དབང་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྟེན་འབྲེལ་རང་བཞིན་གྱིས་སྐྱེ་འགག་བྱེད་པ་རྒྱུ་འབྲས་ཕན་ཚུན་བལྟོས་པའི་ཚུལ་འདིས་སྤོང་བའི་ཚུལ་རང་དབང་དུ་གསུངས་པའི་ཕྱིར་རོ། །ཡང་ཆོས་ཅན་དང་བསལ་བ་སྔ་མ་ལ། རྟེན་འབྲེལ་རང་བཞིན་གྱིས་སྐྱེ་འགག་བྱེད་པ་དེ་རྟེན་འབྲེལ་གྱི་ཚུལ་རང་དབང་དུ་གསུངས་པའི་ཕྱིར་དང་། རྟེན་འབྲེལ་རང་བཞིན་གྱིས་སྐྱེ་འགག་བྱེད་པ་དེ་འཆད་པའི་རྟེན་འབྲེལ་སྟོན་པའི་རིམ་པའི་ཚུལ་འདིས་སྤོང་ཚུལ་རང་དབང་དུས་གསུངས་པའི་ཕྱིར་དང་། ཡང་དེ་འོག་ནས་འཆད་པའི་རིགས་པའི་ཚུལ་གྱིས་སྤོང་ཚུལ་རང་དབང་དུ་གསུངས་པའི་ཕྱིར།


JLD015_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ལ་གསུམ། མཐའ་བྲལ་དུ་བསྟན་པ། དེ་རྟོགས་ཡེ་ཤེས་སྲིད་པ་ལས་གྲོལ་བའི་ལམ་དུ་བསྟན་པ། དེ་གོམས་པས་འབྲས་བུ་ཐོབ་ཚུལ་ལོ། །དང་པོ་ལ། རྟེན་འབྲེལ་ཟབ་མོ་གང་གིས་རྟོགས་པ་དང་། ཟབ་མོ་མཉན་པར་གདམས་པ་དང་། ཡོད་མཐའ་འགོག་པའི་རིགས་པ་བསྟན་པའོ། །དང་པོ་ནི། གང་དག་སོགས་རྐང་པ་བཞི་ལ། ཁོ་ན་རེ། བུ་མ་སྐྱེས་པ་དེ་བུ་སྐྱེས་པའི་སྒྲ་དོན་དུ་མི་འཐད་པ་ལྟར། རང་བཞིན་གྱིས་མ་སྐྱེས་པ་དེ་རྟེན་འབྲེལ་གྱི་སྒྲ་དོན་དུ་འགལ་ལོ་ཞེ་ན། དེ་ཁོ་ན་ཉིད་མ་རྟོགས་པའི་བྱིས་པ་ལ་བལྟོས་ཏེ་འགལ་བར་རྟོགས་ན་ནི་འགལ་དུ་ཆུག །ཁོ་བོ་ཅག་ལ་མི་གནོད་དེ། དེ་ཁོ་ན་ཉིད་གཟིགས་པའི་བློ་ལ་བལྟོས་ན་ནི་མི་རིགས་ཏེ། དེ་ཁོ་ན་ཉིད་གཟིགས་པའི་ཤཱ་རིའི་བུ་ལ་སོགས་པའི་གང་ཟག་གི་མཉམ་གཞག་དེ་དག་ཆོས་ཅན། ཁྱོད་ཀྱི་དེར་རང་བཞིན་མེད་པ་དང་རྟེན་འབྲེལ་མི་འགལ་བར་ཐལ། ཁྱོད་དེ་ཉིད་མ་རྟོགས་པའི་བྱིས་པའི་ཡུལ་མ་ཡིན་པ་དང་། མཐར་འཛིན་གྱི་བློས་དམིགས་པ་མེད་པའི་རྐྱེན་རྟེན་འབྲེལ་རང་བཞིན་གྱིས་སྟོང་པར་མངོན་སུམ་གྱིས་རྟོགས་པ་ཡིན་པའི་ཕྱིར། དེར་ཐལ། ཡོད་པ་དང་མེད་པ་དང་དེ་གཉིས་ཀྱི་དབུས་ཀྱི་མཐའ་གང་ལའང་མི་གནས་པར་དངོས་པོ་མཐའ་དག་རང་བཞིན་གྱིས་སྟོང་པར་རྟོགས་པའི་ཕྱིར། གཉིས་པ་ལ་མེད་ལྟ་འགོག་པའི་རིགས་པ་བཤད་ཟིན་དྲན་པ་ལ་སྦྱོར་བ། ཡོད་


JLD015_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་འགོག་པའི་རིགས་པ་མཉན་པར་གདམས་པའོ། །དང་པོ་ནི། རེ་ཞིག་སོགས་རྐང་པ་གཉིས་ལ། ཁོ་ན་རེ། རྟེན་འབྲེལ་རང་བཞིན་གྱིས་མེད་པར་མི་རིགས་ཏེ། མངོན་སུམ་ལ་སོགས་པས་གནོད་པའི་ཕྱིར་དང་། ལུང་གི་གནོད་བྱེད་ཆོས་མངོན་པའི་མདོ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་ཚེ་གསུམ་པ་དང་། ཕུང་ཁམས་སྐྱེ་མཆེད་ཀྱི་རང་དང་སྤྱིའི་མཚན་ཉིད་གསུངས་པའི་ཕྱིར་ཞེ་ན། མགོན་པོ་ཀླུ་སྒྲུབ་ཆོས་ཅན། སྐབས་འདིར་ཉན་ཐོས་སྡེ་པའི་ངོར་ཡོན་ཏན་འགྲིབ་ཅིང་ཉེས་པ་ཀུན་གྱི་འབྱུང་གནས་མེད་ལྟ་འགོག་པའི་རིགས་པ་རྒྱས་པར་མི་སྟོན་པའི་རྒྱུ་མཚན་ཡོད་དེ། ཉན་ཐོས་ཀྱི་སྡེ་སྣོད་རང་ལས་མེད་ལྟ་འགོག་པའི་རིགས་པ་རྒྱས་པར་གསུངས་ཤིང་། དེ་ལ་བརྟེན་ནས་ཉན་ཐོས་དེ་དག་གིས་ཀྱང་མེད་ལྟ་བཀག་པའི་རྒྱུ་མཚན་གྱིས་འདིར་མ་བཤད་པའི་ཕྱིར། གཉིས་པ་ནི། རིགས་སོགས་གཉིས་ལ། རིགས་པ་གང་གིས་ཡོད་ལྟ་འགོག་པ་ལ་ཉན་ཐོས་སྡེ་པས་མཉན་པར་བྱ་བར་རིགས་ཏེ། རང་གི་སྡེ་སྣོད་ལས་ཡོད་ལྟ་འགོག་པའི་རིགས་པ་གསུངས་ཀྱང་། བར་མ་ཆད་པ་དང་། རྒྱུན་རིང་བ་དང་། གཞུང་གཅིག་ཏུ་རྒྱས་པར་མ་གསུངས་པའི་རྒྱུ་མཚན་གྱིས་ཉན་ཐོས་སྡེ་པ་རྣམས་ཡོད་པར་ལྟ་བ་ལ་ཞེན་པའི་ཕྱིར། གསུམ་པ་ནི། ཇི་ལྟར་སོགས་བཞི་ལ། དངོས་སྨྲ་བ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་བྱིས་པ་སོ་སོ་སྐྱོ་བོ་ཐམས་ཅད་ཕུང་པོའི་དངོས་པོ་ཕྱིས་ལེན་པ་མེད་པའི་མྱང་འདས་ཐོབ་ཟིན་པའི་བདག་ཉིད་དུ་རྒྱུ་མཚན་ཅིས་མི་འདོད་ནས་འདོད་རིགས་པར་ཐལ། ཁྱོད་ཀྱི་


JLD015_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལ་བྱིས་པ་རྣམས་ཀྱི་དངོས་པོ་བདེན་པར་བཏགས་པ་བཞིན་དུ་དེ་དངོས་པོའི་དེ་ཁོ་ན་ཉིད་དུ་གྲུབ་པའི་ཕྱིར། གཉིས་པ་ལ། མཐར་འཛིན་གྱི་ལྟ་བ་སྲིད་པ་ལས་མི་གྲོལ་བར་བསྟན། མཐའ་བྲལ་རྟོགས་པ་གྲོལ་བར་བསྟན། རྩོད་པ་སྤང་བའོ། །དང་པོ་ནི། ཡོད་སོགས་གཉིས་ལ་རིམ་པ་བཞིན། དངོས་པོ་བདེན་འཛིན་གྱི་བློ་ཆོས་ཅན། ཁྱོད་ལ་བརྟེན་ནས་སྲིད་པ་ལས་གྲོལ་མི་ནུས་ཏེ། སྲིད་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། རྒྱུ་འབྲས་ལ་སྐུར་འདེབས་ཀྱི་ལྟ་བ་ཆོས་ཅན། བསལ་བ་སྔ་མ་ལ། ཁྱོད་ཉེས་པ་ཀུན་གྱི་འབྱུང་གནས་ཡིན་པའི་ཕྱིར། གཉིས་པ་ནི། དངོས་སོགས་གཉིས་ལ། དངོས་པོ་དངོས་མེད་རང་བཞིན་གྱིས་སྟོང་པར་རྟོགས་པའི་ཡེ་ཤེས་ཆོས་ཅན། ཁྱོད་ལ་བརྟེན་ནས་བདག་ཉིད་ཆེན་པོ་འཕགས་པ་རྣམས་སྲིད་པ་ལས་གྲོལ་བར་འགྱུར་ཏེ། ཁྱོད་སྲིད་པའི་རྒྱུའི་དངོས་གཉེན་ཡིན་པའི་ཕྱིརགསུམ་པ་ནི། དེ་སོགས་རྐང་པ་བཞི་ལ་རིམ་པ་བཞིན། རྟེན་འབྲེལ་རང་བཞིན་མེད་ཀྱང་སྲིད་པ་རང་མཚན་པ་སྤང་བྱ་དང་། མྱང་འདས་རང་མཚན་པ་ཐོབ་བྱར་བསྟན་པ་ལ་དགོས་པ་ཡོད་དེ། སྲིད་པ་དང་མྱང་འདས་རང་མཚན་པ་སྤང་བླང་དུ་ཞེན་པ་ལྡོག་པའི་ཕྱིར་དུ་དེ་ལྟར་གསུངས་པའི་


JLD015_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེ་ལྟར་བསྟན་ནས་ཞེན་པ་ལྡོག་ནུས་ཏེ། འཁོར་བ་ཙམ་ལ་འདོར་འདོད་སྐྱེས་པ་ན་འཁོར་བ་རང་མཚན་པ་ལ་འདོར་འདོད་བདེ་བླག་ཏུ་སྐྱེ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་གཟིགས་པའི་མཉམ་གཞག་ལ་བལྟོས་ཏེ་འཁོར་འདས་སྤང་བླང་དུ་བསྟན་པ་མིན་པར་ཐལ། བློ་དེའི་དོར་དེ་གཉིས་སྤང་བླང་ཐ་དད་དུ་མ་གྲུབ་པའི་ཕྱིར། དེར་ཐལ། སྲིད་པ་དང་མྱང་འདས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། གསུམ་པ་ནི། སྲིད་སོགས་དྲུག་པ། རྟེན་འབྲེལ་རང་བཞིན་མེད་པ་ལ་མྱང་འདས་ཐོབ་རུང་བར་ཐལ། སྲིད་པ་རང་བཞིན་མེད་པར་རྟོགས་པའི་བློ་གོམས་པར་བྱས་པ་ལ་བརྟེན་ནས་གློ་བུར་གྱི་དྲི་མ་དང་བྲལ་བའི་འགོག་པ་དེ་མྱང་འདས་ཡིན་པའི་ཕྱིར། དེ་འདྲའི་མྱང་འདས་དེ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་དང་མཚུངས་པ་ཡིན་ཏེ། དངོས་པོ་སྔར་སྐྱེས་པ་དེ་ཕྱིས་རྒྱུའི་དངོས་པོ་འཆར་བ་ལ་བལྟོས་པ་མ་གཏོགས་རང་དབང་དུ་འཆར་རྒྱུ་མེད་པའི་ཕྱིར།གཉིས་པ་རྒྱས་བཤད་ལ། འབྲས་བུ་ཐོབ་ཚུལ། གཞི་གཏན་ལ་དབབ་པ། ལམ་ལ་འཇུག་ཚུལ་ལོ། །དང་པོ་ལ། ཉན་ཐོས་སྡེ་པའི་ལུགས་ལ་མྱང་འདས་ཐོབ་པ་མི་འཐད་པར་བསྟན་པ། རང་ལུགས་འཐད་པར་བསྟན་པའོ། །དང་པོ་ལ། མྱང་འདས་སྤྱིར་བསྟན། བྱེ་བྲག་ཏུ་དགག་པའོ། །དང་པོ་ལ། མྱང་འདས་མངོན་དུ་བྱས་པ་


JLD015_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐད་པར་ཐལ་བ། ཟད་མི་ཤེས་མི་འཐད་པར་ཐལ་བའོ། །དང་པོ་ནི། རྣམ་སོགས་གསུམ་ལ། ཕུང་པོ་རང་མཚན་ཞིག་སྟེ་རྒྱུན་ཆད་པ་ལ་བརྟེན་ནས་མྱང་འདས་ཐོབ་པར་ཐལ་བ་དང་། འདུས་བྱས་རང་བཞིན་མེད་པར་རྟོགས་པ་ལ་བརྟེན་ནས་མྱང་འདས་མི་ཐོབ་པར་ཐལ། ལན་ཉོན་དང་སྡུག་བསྔལ་རང་མཚན་གཉིས་པོས་བཅོམས་པའི་སྟོབས་ཀྱིས་མྱང་འདས་ཐོབ་པའི་ཕྱིར། འདོད་ན། མྱང་འདས་མངོན་དུ་བྱས་པ་མི་འཐད་པར་ཐལ། ཕུང་པོ་ཞིག་པའི་དུས་དེར་མངོན་དུ་བྱེད་པ་པོའི་གང་ཟག་མེད། གང་ཟག་ཡོད་དུས་ཕུང་པོ་ཞིག་པ་མི་འཐད་པའི་ཕྱིར། གཉིས་པ་ནི། ཞིག་སོགས་གཅིག་ལ་དགྲ་བཅོམ་ཐོབ་ཚེ་བདག་གི་སྐྱེ་བ་ཟད་དོ་སྙམ་པའི་ཟད་པར་ཤེས་པ་མི་འཐད་པར་ཐལ། དགྲ་བཅོམ་པའི་དུས་ན་ཕུང་པོ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ཡོད་པའི་ཕྱིར། ཞིག་ཅེས་ཞེས་པ་ལྟར་ན། སྐྱེ་བ་ཟད་དོ་ཞེས་པའི་མདོའི་དོན་མི་འཐད་པར་ཐལ། རྟགས་སྔ་མའོ། །གཉིས་པ་ལ་ལྷག་བཅས་དང་། ལྷག་མེད་ཀྱི་མྱང་འདས་དགག་པའོ། །དང་པོ་ནི། གལ་ཏེ་སོགས་གཉིས་ལ། ཉོན་མོངས་ཟད་པའི་ལྷག་བཅས་ཀྱི་མྱང་འདས་མེད་པར་ཐལ། ཕུང་པོ་རང་གི་མཚན་ཉིད་མ་འགགས་པར་ཡོད་པའི་ཕྱིར། ཁྱབ་པར་ཐལ། ཇི་སྲིད་ཕུང་པོར་འཛིན་པ་ཡོད་པ་དེ་སྲིད་དུ་ངར་འཛིན་སྐྱེ་བའི་ཕྱིར་རོ། །གཉིས་པ་ནི། གང་སོགས་གཉིས་ལ། ཕུང་


JLD015_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མ་ལུས་འགགས་པའི་ལྷག་མེད་ཀྱི་མྱང་འདས་མེད་པར་ཐལ། ལྷག་བཅས་ཀྱི་གནས་སྐབས་སུ་ཕུང་པོ་རང་བཞིན་གྱི་ཡོད་ལ། དེ་ཡོད་ན་དེ་ལ་དམིགས་ནས་ཉོན་མོངས་སྐྱེ་བའི་ཕྱིར་རོ། །རང་ལུགས་ལ་མྱང་འདས་ཐོབ་པ་འཐད་པ་ལ། རང་བཞིན་མེད་པའི་ལྟ་བ་གོམས་པར་བྱས་པ་ལ་བརྟེན་ནས་མྱང་འདས་ཐོབ་པར་འཐད་པ་དང་། འགོག་པ་དེ་སྒྱུ་མ་ལྟ་བུར་བསྟན་པའོ། །དང་པོ་ལ། མྱང་འདས་མངོན་དུ་བྱས་པའི་དུས། ཆོས་ཉིད་རྟོགས་པའི་ཡེ་ཤེས་ལ་ངོ་བོས་བྱས་པའི་དབྱེ་བ་མེད་པར་བསྟན་པའོ། །དང་པོ་ནི། མ་སོགས་དྲུག་ལ། འདུ་བྱེད་སོགས་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། དེ་ཡོད་ན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་གཟིགས་དགོས་པ་ལས་མ་གཟིགས་པའི་ཕྱིར་རོ། །དེས་མ་དམིགས་པར་ཐལ། མ་རིགས་པའི་རྐྱེན་སྟོབས་ལས་བྱུང་བ་ཡིན་པའི་ཕྱིར། ཕྱི་མ་གཉིས་ལ། རང་བཞིན་མེད་པ་ལ་མྱང་འདས་མངོན་སུམ་དུ་བྱས་པ་འཐད་པར་ཐལ། རང་བཞིན་མེད་པར་རྟོགས་གོམས་པར་བྱས་པ་ལ་བརྟེན་ནས་ཉོན་མོངས་མ་ལུས་པ་ཟད་པའི་ལྷག་བཅས་ཀྱི་གནས་སྐབས་དེར། མཐོང་ཆོས་ཆེད་ལ་མྱང་འདས་ཐོབ་པ་དང་ཚངས་དང་སྤྱོད་སྟོབས་ལ་སོགས་པའི་བྱ་བ་བྱས་པའི་ཕྱིར། འདི་སྒྲས་བདག་གི་སྐྱེ་བ་ཟད་པ་དང་། འདི་ལས་


JLD015_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་གཞན་མི་ཤེས་པ་ལྟ་བུའོ། །གཉིས་པ་ནི། གལ་ཏེ་སོགས་དྲུག་ལ། དེ་ཁོ་ན་ཉིད་ལ་མི་མཁས་པའི་དངོས་སྨྲ་བའི་ལུགས་མ་མཐོང་བ་དེས། རྐྱེན་རྟེན་ཅིང་འབྲེལ་བ་འབྱུང་བ་རོ་གཅིག་པའི་དོན་མངོན་སུམ་དུ་མ་མཐོང་བར་ཐལ། དངོས་པོ་ཤིན་ཏུ་ཕྲ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྡུལ་ཕྲ་བ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་རྣམ་པར་བཏགས་པའི་ཕྱིར། ཁྱབ་པར་ཐལ། རང་གི་མཚན་ཉིད་ཀྱིས་སྐྱེ་བ་ཡོད་ན་ཆོས་དོན་དམ་པའི་བདེན་པ་སྔར་མ་ཤེས་པར་གསར་དུ་ཤེས་པའི་མཇུག་ཐོགས་སུ་མི་རྟག་པ་ལ་སོགས་པའི་དོན་དམ་པའི་བདེན་པ་མཐོང་ལམ་གྱི་སྐབས་དེར། རྣམ་པ་མི་འདྲ་བ་སོ་སོར་དཔྱོད་དགོས་པའི་ཕྱིར། ཡང་ན། དངོས་པོར་སྨྲ་བ་དེ་དག་གིས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པ་མ་མཐོང་ཞེས་པའོ། །གཉིས་པ་ལ་འགོག་པ་རྫས་གྲུབ་དགག །སྒྱུ་མ་ལྟ་བུའི་འགོག་པ་སྒྲུབ་པའོ། །དང་པོ་ནི། ཉོན་མོངས་སོགས་དྲུག་ལ། དངོས་པོར་སྨྲ་བའི་ལུགས་ལ་འཁོར་བ་ལ་ཐོག་མའི་རྩོམ་པ་ཡོད་པར་ཐལ། ཉོན་མོངས་ཟད་པར་སྤངས་པའི་གོང་ནས་འཁོར་བ་རང་མཚན་རྒྱུན་ཆད་པའི་མྱང་འདས་འཐད་པའི་ཕྱིར། འདོད་ན། དེར་ཐལ། དེ་ཡོད་ན་སངས་རྒྱས་ཀྱིས་གསུང་རིགས་པ་ལས་མ་གསུངས་པའི་ཕྱིར། གང་ཟག་དེ་ངེས་པར་རྒྱུ་ལ་སྐུར་པ་འདེབས་པའི་ལོག་ལྟ་ཅན་དུ་འགྱུར་


JLD015_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐལ། འཁོར་བ་ལ་ཐོག་མ་ཡོད་པར་ཁས་བླངས་པའི་ཕྱིར།གཉིས་པ་ལ། དཔེ་དོན་སྒོ་ནས་མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། རྟེན་སོགས་དྲུག་ལ། འཁོར་བ་ཆོས་ཅན། ཁྱོད་ལ་སྔོན་དང་ཕྱི་མའི་མཐའ་རང་བཞིན་གྱིས་མ་གྲུབ་པར་ཐལ། རྟེན་འབྲེལ་ཡིན་པའི་ཕྱིར། དེ་ཆོས་ཅན། རྟག་པར་ཐལ། རང་བཞིན་གྱིས་སྐྱེས་པའི་ཕྱིར། ཁྱབ་པར་ཐལ། སྔོན་སྐྱེས་རང་བཞིན་གྱིས་གྲུབ་ན། སླར་དེ་ལྡོག་ཏུ་མི་རུང་བའི་ཕྱིར། ཕྱི་མ་ལ་འཁོར་འདས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་དང་མཚུངས་པར་ཐལ། སྔོན་དང་ཕྱི་མཐའི་རང་བཞིན་དང་བྲལ་བར་གནས་པའི་ཕྱིར། གཉིས་པ་ལ། དཔེ་བཤད། དོན་བཤད་པའོ། །དང་པོ་ནི། གང་སོགས་བཞི་ལ། སྒྱུ་མ་མཁན་ཆོས་ཅན། སྒྱུ་མའི་རྟ་གླང་ལ་རྟ་གླང་ཚད་མར་ཞེན་ནས་དེའི་སྔོན་དང་ཕྱི་མཐའ་ལ་རྨོངས་པར་མི་འགྱུར་ཏེ། དེ་དག་སྔགས་དང་རྫས་སོགས་འཁྲུལ་རྒྱུས་བསླད་པ་ཙམ་ལས་བྱུང་བར་ཤེས་པའི་ཕྱིར། སྒྱུ་མའི་ལྟད་མོ་བ་དེ་དག་ཆོས་ཅན། སྒྱུ་མའི་རྟ་གླང་གི་སྔོན་དང་ཕྱི་མཐའ་ལ་རྨོངས་པར་འགྱུར་ཏེ། དེ་དག་རྟ་གླང་ཚད་མར་ཞེན་པའི་ཕྱིར། གཉིས་པ་ནི། སྲིད་སོགས་བརྒྱད་ལ། དེ་དག་རྟོགས་པའི་འཕགས་པ་ཆོས་ཅན། སྔོན་དང་ཕྱི་མའི་མཐར་རྟོག་པའི་མཐར་འཛིན་གྱི་ལྟ་བས་རྒྱུད་བསླད་པར་མི་འགྱུར་ཏེ། འགྲོ་བ་


JLD015_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྨིག་རྒྱུ་སྒྱུ་མ་དང་མཚུངས་པར་རང་བཞིན་མེད་པར་མངོན་སུམ་དུ་མཐོང་བའི་ཕྱིར།ཕྱི་མ་བཞི་ལ། ཉན་ཐོས་སྡེ་པ་དེ་དག་ཆོས་ཅན། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་འཁོར་ལོ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རང་བཞིན་གྱིས་མ་གྲུབ་པའི་འཁོར་ཚུལ་ཇི་ལྟ་བ་བཞིན་མི་ཤེས་པར་ཐལ། འདུས་བྱས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྐྱེ་འཇིག་བྱེད་པར་རྟོགས་པའི་ཕྱིར། གཞི་གཏན་ལ་དབབ་པ་ལ། འདུས་བྱས་རང་བཞིན་གྱིས་མེད་པར་བསྟན་པ་དང་། དེ་གཞན་ལ་ཇི་ལྟར་འཆད་པའི་ཚུལ། དེ་རྒྱལ་བའི་དགོངས་པར་སྒྲུབ་པ། ཞར་ལ་ལྟ་བའི་དབྱེ་བ་བསྟན་པའོ། །དང་པོ་ལ། སྐྱེ་འཇིག་རང་བཞིན་གྱིས་གྲུབ་པ་དགག །སྐྱེ་འཇིག་གསུངས་པའི་དགོས་པ། དོན་དེ་ཉིད་ངེས་པར་བྱ་བའོ། །དང་པོ་ལ་རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་སྐྱེ་བ་དགག །འཇིག་པ་དགག་པའོ། །དང་པོ་ནི། དེ་སོགས་བཞི་ལ། འདུ་བྱེད་སོགས་ཆོས་ཅན། རང་གི་ངོ་བོའི་རང་བཞིན་དུ་མ་སྐྱེས་པར་ཐལ། རྒྱུ་དེ་དང་དེ་ལ་བརྟེན་ནས་འབྱུང་བའི་ཕྱིར། འདོད་ན། རང་བཞིན་གྱིས་སྐྱེ་བ་མེད་པར་ཐལ། རང་གི་ངོ་བོ་དང་གཞན་གྱི་ངོ་བོའི་རང་བཞིན་དུ་མ་གྲུབ་པའི་ཕྱིར། གཉིས་པ་ནི། རྒྱུ་སོགས་བཞི་ལ། འདུ་བྱེད་སོགས་ཀྱི་ཞིག་པ་རང་བཞིན་གྱིས་མ་གྲུབ་པར་ཐལ། འདུ་བྱེད་སོགས་ཀྱི་ཞིག་པ་དེ་འདུ་བྱེད་སོག་ཀྱི་རྒྱུ་ཟད་པ་ལས་


JLD015_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་ཕྱིར། འདུ་བྱེད་སོགས་ཀྱི་ཞིག་པ་རང་བཞིན་གྱིས་མ་གྲུབ་པར་ཐལ། རང་གི་ངོ་བོ་དེ་གཞན་གྱི་ངོ་བོའི་རང་བཞིན་དུ་མ་གྲུབ་པའི་ཕྱིར།དོན་བསྡུ་བ་ནི། དེ་སོགས་གཉིས་ལ། སྐྱེ་འགག་གཉིས་ཀ་རང་བཞིན་གྱིས་མ་གྲུབ་པ་ཐལ། དེ་གཉིས་ཀ་རྒྱུ་ལ་བརྟེན་ནས་བྱུང་བའི་ཕྱིར། གཉིས་པ་ནི། སྐྱེ་སོགས་དྲུག་ལ། སྐྱེ་འཇིག་རང་བཞིན་མེད་ཀྱང་མདོ་ལས་སྐྱེ་འཇིག་གསུངས་པ་ལ་དགོས་པ་ཡོད་དེ། དོན་དམ་པའི་བདེན་པ་རྟོགས་པའི་ཕྱིར་དུ་སྐྱེ་འཇིག་གསུངས་པའི་ཕྱིར། དེ་གསུངས་པ་ལ་བརྟེན་ནས་དོན་དམ་པའི་བདེན་པ་རྟོགས་པར་འགྱུར་ཏེ། འདུས་བྱས་སྐྱེ་བར་ཤེས་ན་དེ་ལ་བརྟེན་ནས་དེ་དང་དོན་གཅིག་པའི་མི་རྟག་པ་ཤེས་པར་འགྱུར་ལ། དེ་ཤེས་ན་དེ་ལ་བརྟེན་ནས་འཁོར་བ་འདོར་འདོད་དང་མྱང་འདས་ཐོབ་འདོད་ཀྱི་འཇུག་པ་ཤེས་ཤིང་། དེ་ཤེས་ན། དེ་ལ་བརྟེན་ནས་དམ་པའི་ཆོས་དོན་དམ་པའི་བདེན་པ་རྟོགས་པར་འགྱུར་བའི་ཕྱིར། དོན་དེ་ཉིད་ངེས་པར་བྱ་བ་ལ། རང་བཞིན་མེད་པ་རྟོགས་པའི་ཕན་ཡོན། མ་རྟོགས་པའི་ཉེས་དམིགས། འཕགས་པ་རྣམས་ཀྱིས་རིམ་པ་ཇི་ལྟར་གཟིགས་པའི་ཚུལ། དེའི་ཤེས་བྱེད་དོ། །དང་པོ་ནི། གང་དག་བརྟེན་སོགས་བཞི་ལ། དེ་ཉིད་གཟིགས་པའི་འཕགས་པ་རྣམས་ཆོས་ཅན། མཐར་འཛིན་གྱི་ལྟ་བའི་སྟོབས་ཀྱིས་བསྐྱེད་པའི་སྲིད་པའི་རྒྱ་མཚོ་


JLD015_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྒལ་བར་འགྱུར་ཏེ། རྟེན་ཅིང་འབྲེལ་འབྱུང་སྐྱེ་འཇིག་གི་རང་བཞིན་དང་བྲལ་བ་མངོན་སུམ་དུ་རྟོགས་པའི་ཕྱིར། གཉིས་པ་ནི། སོ་སོ་སོགས་བཞི་ལ། དངོས་པོ་རང་གི་ངོ་བོས་གྲུབ་པའི་བདག་ཉིད་ཅན་དུ་ཞེན་པའི་སོ་སོ་སྐྱེ་བོ་རྣམས་ཆོས་ཅན། རང་གི་སེམས་ཀྱིས་བསླུས་ནས་འཁོར་བར་འགྱུར་ཏེ། ཆགས་སོགས་ཉོན་མོངས་པའི་གཞན་དབང་དུ་གྱུར་བའི་ཕྱིར། དེར་ཐལ། ཡོད་པ་དང་། མེད་པར་ལྟ་བའི་མཐར་འཛིན་གྱི་ལྟ་བ་ཕྱིན་ཅི་ལོག་གི་ཉེས་པས་སེམས་རྒྱུད་བཅིངས་པ་ཡིན་པའི་ཕྱིར།གསུམ་པ་ལ། མཛད་པ་མཐར་ཕྱིན་པའི་འཕགས་པ་རྣམས་ཀྱིས་གཟིགས་ཚུལ། མགོན་པོ་ཀླུ་སྒྲུབ་རང་ཉིད་ཀྱིས་གཟིགས་པའི་ཚུལ་ལོ། །དང་པོ་ནི། དངོས་སོགས་བཞི་ལ། དངོས་པོ་མི་རྟག་ཅིང་བསླུ་བའི་ཆོས་ཅན་འདི་དག་ཆོས་ཅན། མཛད་པ་མཐར་ཕྱིན་པའི་མཁས་པ་འཕགས་པ་རྣམས་ཀྱིས་རང་བཞིན་མཐའ་དག་གིས་དབེན་པར་མངོན་སུམ་དུ་མཐོང་བ་ཡིན་ཏེ། ཉམ་ཆུང་བའི་དོན་གྱི་གསོག་ལྟ་བུ་དང་། ཆོས་དང་གང་ཟག་གི་བདག་གིས་སྟོང་བར་མངོོན་སུམ་དུ་གཟིགས་པའི་ཕྱིར། གཉིས་པ་ནི། གནས་སོགས་བརྒྱད་ལ། འདུ་བྱེད་སོགས་འདི་དག་ཆོས་ཅན། རྐྱེན་གསུམ་གྱི་དབང་གིས་བདེན་པར་གནས་པ་མེད་དེ། གནས་བྱེད་རྐྱེན་གསུམ་ག་བདེན་པར་མེད་པའི་ཕྱིར། བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་


JLD015_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གསུམ་རིམ་པ་བཞིན་དུ་གནས་མེད་དམིགས་མེད་རྩ་བ་མེད་གསུམ་གྱིས་བདག་མེད་དུ་སྟོན་ནོ། །རྐང་པ་གསུམ་པ་ལ་དེ་ཆོས་ཅན། རང་བཞིན་མེད་བཞིན་དུ་རང་བཞིན་དང་བཅས་པར་སྣང་བའི་རྒྱུ་མཚན་ཡོད་དེ། མ་རིག་པའི་རྒྱུའི་སྟོབས་ལས་བདེན་པར་སྣང་བའི་ཕྱིར་རོ། །དེ་ནས་རྐང་པ་གཅིག་ལ་དེ་ཆོས་ཅན། རང་བཞིན་མེད་དེ། ཐོག་མཐའ་དབུས་གསུམ་གྱི་རང་བཞིན་དང་བྲལ་བའི་ཕྱིར།ཡང་རྐང་པ་གཉིས་ལ། དེ་ཆོས་ཅན། རང་བཞིན་མེད་བཞིན་དུ་མ་རིག་པའི་སྟོབས་ལས་རང་བཞིན་དང་བཅས་པར་སྣང་བར་ཐལ། ཆུ་ཤིང་བཞིན་དུ་སྙིང་པོ་ཅུང་ཟད་མེད་པའི་ཕྱིར་དང་། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་བདེན་པར་མེད་བཞིན་དུ་དེར་སྣང་བའི་ཕྱིར་རོ། །རྐང་པ་ཐ་མ་གཉིས་ལ། མགོན་པོ་ཀླུ་སྒྲུབ་ཆོས་ཅན། འདུ་བྱེད་རང་བཞིན་མཐའ་དག་གིས་དབེན་པར་མངོན་སུམ་དུ་མཐོང་སྟེ། རྨོངས་པའི་གྲོང་ཁྱེར་མི་ཟད་པའི་འགྲོ་བ་མཐའ་དག་སྒྱུ་མ་དང་འདྲ་བར་མངོན་སུམ་དུ་གཟིགས་པའི་ཕྱིར། བཞི་པ་ལ་ལུང་གི་ཤེས་བྱེད་དང་། རིགས་པའི་ཤེས་བྱེད་དོ། །དང་པོ་ནི། ཚངས་སོགས་བཞི་ལ། འདུ་བྱེད་སྒྱུ་མ་ལྟ་བུ་ལས་གཞན་པའི་ཆོས་ཅུང་ཟད་ཀྱང་ལུས་པ་མེད་པར་ཐལ། དབང་པོ་ལས་འདས་དོན་མཐོང་བ་ལ་འཇིག་རྟེན་ཚད་མར་གྲགས་པའི་ཚངས་པ་སོགས་ལ་བདེན་པར་སྣང་


JLD015_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་དག་འཕགས་པ་རྣམས་ཀྱིས་བརྫུན་པར་གཟིགས་ཞེས་པ་སངས་རྒྱས་ཀྱིས་གསུངས་པའི་ཕྱིར། གཉིས་པ་ནི། འཇིག་རྟེན་སོགས་བཞི་ལ། བསལ་བ་སྔ་མ་ལ་དེ་ལྟར་ཡིན་ན་མ་རིག་ལྡོངས་པར་འགྱུར་བས་སྲེད་པའི་ཆུ་ཀླུང་གི་རྒྱུན་ཕྱོགས་སུ་རྗེས་སུ་གཞོལ་བའི་ཚངས་པ་སོགས་དང་། ཡུལ་ལ་སྲེད་པ་དང་བྲལ་བའི་མཁས་པ་རྣམས་དངོས་པོའི་གནས་ལུགས་ལ་ལྟ་བ་མཚུངས་པར་འགྱུར་ཏེ་མཚུངས་པའི་གོ་སྐབས་མེད་པའི་ཕྱིར། དེ་གཞན་ལ་ཇི་ལྟར་འཆད་པའི་ཚུལ་ལ། འཆད་པའི་རིམ་པ་དེ་ལས་ལོག་པར་བཤད་པའི་ཉེས་དམིགས། དེའི་གཉེན་པོའི། །དང་པོ་ནི། དེ་སོགས་བཞི་ལ། དེ་ཁོ་ན་ཉིད་འཚོལ་ཞིང་དོན་དུ་གཉེར་བའི་གང་ཟག་ལ། ཐོག་མ་ཁོ་ནར་བདེན་པ་མ་བཀག་པར་ཕུང་ཁམས་སྐྱེ་མཆེད་སོགས་བསྟན་པར་བྱ་བ་ཡིན་ཏེ། ཐ་སྙད་བདེན་པ་རྟོགས་པ་དེ་དོན་དམ་པ་བདེན་པ་རྟོགས་པའི་ཐབས་ཡིན་པའི་ཕྱིར། རྐང་པ་ཕྱི་མ་གཉིས་ལ། དུས་ཕྱིས་དོན་འདུས་བྱས་སྐྱེ་འཇིག་བྱེད་པར་རྟོགས་ཤིང་འཁོར་བ་ལ་ཆགས་པ་མེད་པའི་གང་ཟག་ལ་རང་བཞིན་གྱིས་དབེན་པའི་སྟོང་ཉིད་བསྟན་པར་བྱ་སྟེ། དེའི་ཚེ་སྟོང་ཉིད་བསྟན་པའི་སྣོད་དུ་གྱུར་པའི་ཕྱིར། གཉིས་པ་ནི། རྣམ་སོགས་བཞི་ལ། སྣོད་དུ་མ་གྱུར་པ་ལ་ཐོག་མ་ཁོ་ནར་སྟོང་ཉིད་བསྟན་པར་མི་རིགས་ཏེ། དེ་བསྟན་ན་ཐོག་མར་རང་བཞིན་གྱིས་དབེན་པའི་དོན་མི་ཤེས། བར་དུ་སྟོང་ཉིད་ཀྱི་


JLD015_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཐོས་པ་ཙམ་གྱིས་རྗེས་སུ་འཇུག་ཅིང་བསོད་ནམས་ཀྱི་ལས་མི་བྱེད་པ་དེ་དག་ལ་དོན་མ་ཡིན་པ་ཆེན་པོ་འདྲེན་པའི་ཕྱིར། གསུམ་པ་ནི། ལས་སོགས་བཞི་ལ། དེ་ཁོ་ན་ཉིད་འཚོལ་བའི་གང་ཟག་ལ་འཁོར་བར་འཇུག་ཕྱོགས་དང་ལྡོག་ཕྱོགས་གོ་རིམ་མ་འཆོལ་བར་བསྟན་པར་བྱ་བ་ཡིན་ཏེ། དང་པོར་དགེ་མི་དགེ་ལས་འབྲས་བུ་དང་བཅས་པ་དང་འགྲོ་བ་ལྔའི་འཁོར་བར་འཁོར་ཚུལ་སྡུག་ཀུན་བསྟན་པ་དང་། དེའི་རྗེས་སུ་རང་བཞིན་གྱིས་སྟོང་པ་མངོན་སུམ་དུ་ཡོངས་སུ་ཤེས་པའི་ལམ་བདེན་དང་། རང་བཞིན་གྱིས་སྐྱེ་བ་མེད་པ་ལ་གློ་བུར་གྱི་དྲི་མ་དང་བྲལ་བའི་འགོག་བདེན་བསྟན་པར་བྱ་བ་ཡིན་པའི་ཕྱིར། དེ་རྒྱལ་བའི་དགོངས་པར་སྒྲུབ་པ་ལ། ཕུང་སོགས་གསུངས་པ་དྲང་དོན་དུ་བསྟན། སྐྱེ་མེད་གསུངས་པ་ངེས་དོན་དུ་སྒྲུབ་པའོ། །དང་པོ་ལ་ཕུང་སོགས་གསུངས་པའི་དགོས་པ། དེའི་ཤེས་བྱེད་དོ། །དང་པོ་ནི། དགོས་སོགས་བཞི་ལ། ཕུང་ཁམས་སྐྱེ་མཆེད་དེ་ཁོ་ནར་མ་གྲུབ་ཀྱང་སྟོན་པས་གསུངས་པ་ལ་དགོས་པ་ཡོད་དེ། དེ་ཁོ་ན་ཉིད་ལ་དྲང་བའི་ཕྱིར་དུ་གསུངས་པའི་ཕྱིར། དཔེར་ན་འཇིག་ལྟ་ཟད་པར་སྤངས་ཀྱང་ང་དེའི་ཚེ་དེའི་དུས་ན་ཞེས་དྲང་དོན་དུ་གསུངས་པ་བཞིན།གཉིས་པ་ལ་རིགས་པའི་ཤེས་བྱེད། ལུང་གི་ཤེས་བྱེད་དོ། །དང་པོ་ནི། འབྱུང་སོགས་བཞི་ལ། འབྱུང་བ་བཞི་དང་སེམས་སེམས་


JLD015_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ལྡན་མིན་འདུ་བྱེད་སོགས་ཆོས་ཅན། ཁྱོད་ཕྱིན་ཅི་ལོག་གི་བློས་ལོག་པར་བཏགས་པ་ཡིན་པར་ཐལ། ཁྱོད་འདོགས་བྱད་ཀྱི་ཤེས་པ་རང་བཞིན་མེད་པར་རྟོགས་པའི་སྟོབས་ཀྱིས་ཁྱོད་ལ་བདེན་འཛིན་དང་བྲལ་བར་འགྱུར་བའི་ཕྱིར། དེར་ཐལ། ཁྱོད་ཀྱིས་རྣམ་ཤེས་ལ་རྣམ་པ་བཞག་ཅིང་རྣམ་ཤེས་ཀྱིས་ཁྱོད་ལ་བཏགས་ནས་བཞག་པའི་ཕྱིར། གཉིས་པ་ནི། མྱང་སོགས་བཞི་ལ། ལྷག་མ་འདུ་བྱེད་ཀྱི་ཀུན་རྫོབ་པ་ཐམས་ཅད་རྫུན་པ་སླུ་བའི་ཆོས་ཅན་དུ་མཁས་པ་སུ་ཞིག་རྟོགས་པར་མི་བྱེད་དེ་རྟོགས་རིགས་པར་ཐལ། སངས་རྒྱས་ཀྱིས་མྱ་ངན་འདས་པ་གཅིག་པུ་བདེན་པ་དམ་པ་མི་སླུ་བའི་ཆོས་ཅན་དུ་གསུངས་པའི་ཕྱིར། སྐྱེ་མེད་གསུངས་པ་ངེས་དོན་དུ་བསྟན་པ་ལ། མ་རིག་པ་ལ་སྣང་བས་རང་བཞིན་མེད་པ། མ་རིག་པའི་རྗེས་སུ་འགྲོ་ལྡོག་བྱེད་པས་རང་བཞིན་མེད་པ་དང་། སྐྱེ་འཇིག་གནས་གསུམ་རྒྱུ་ལ་བལྟོས་པས་རང་བཞིན་མེད་པའོ། །དང་པོ་ལ་ནི། ཇི་སོགས་བཞི་ལ། རྟེན་འབྱུང་རང་བཞིན་མེད་པའི་དོན་མངོན་སུམ་དུ་རྟོགས་པའི་གནས་སྐབས་འདི་ལ་སྔར་བཤད་པའི་དོན་མ་ཡིན་པ་འདྲེན་པའི་ཉེས་པ་མེད་པར་ཐལ། གནས་སྐབས་དེ་བདུད་ཀྱི་ཡུལ་ལས་འདས་པའི་ཕྱིར། ཁྱབ་པར་ཐལ། ཇི་སྲིད་ཚུལ་མིན་ཡིད་བྱེད་ཀྱིས་གཡོ་བ་ཡོད་པ་དེ་སྲིད་དུ་འཕགས་པའི་ཤེས་རབ་ཀྱི་སྲོག་གི་དབང་པོ་འགག་པར་བྱེད་པའི་བདུད་ཀྱི་སྤྱོད་ཡུལ་ལས་མ་འདས་པའི་ཕྱིར། གཉིས་པ་ལ། རྗེས་འགྲོ་དང་།


JLD015_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པའོ། །དང་པོ་ནི། འཇིག་སོགས་བཞི་ལ། འཇིག་རྟེན་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རྟོག་པས་བཏགས་པར་ཐལ། སངས་རྒྱས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོགས་སོ་ཞེས། དངོས་པོ་བདེན་འཛིན་གྱི་མ་རིག་པའི་རྐྱེན་ཅན་དུ་གསུངས་པའི་ཕྱིར། གཉིས་པ་ནི། མ་སོགས་བཞི་ལ། ཆོས་ཅན་མ་རིག་པས་ཀུན་ཏུ་བཏགས་པར་ཐལ། དངོས་པོ་བདེན་འཛིན་མ་རིག་པ་འགགས་པའི་སྟོབས་ཀྱིས་འགག་པར་འགྱུར་བའི་ཕྱིར།གསུམ་པ་ནི། གང་སོགས་བཞི་ལ། འདུ་བྱེད་སྡུག་བསྔལ་གྱི་ཕུང་པོ་ཆོས་ཅན། རང་བཞིན་མེད་པར་ཐལ། སྐྱེ་གནས་འཇིག་རྒྱུ་ལ་བལྟོས་པའི་ཕྱིར། དེ་གསུམ་རྐང་པ་དང་པོ་གསུམ་གྱིས་རིམ་བཞིན་སྟོན་ལ། ཕྱི་མ་སྒྲུབ་པ། ཁྱོད་འཇིག་པར་འགྱུར་བ་རྐྱེན་ལ་བལྟོས་ཏེ། ཁྱོད་གནས་བྱེད་ཀྱི་རྐྱེན་ཟད་པ་དེ་ཁྱོད་འཇིག་པའི་རྐྱེན་ཡིན་པའི་ཕྱིར། ཞར་ལ་ལྟ་བའི་དབྱེ་བ་བསྟན་པ་ལ། དངོས་དང་། མཐར་ལྟའི་གཞན་དབང་དུ་འགྱུར་མི་འགྱུར་བསྟན་པའོ། །དང་པོ་ལ། རང་བཞིན་གྱིས་གྲུབ་པ་ཁས་བླངས་པས། གཞན་སྡེ་ལ་རང་གི་རྩ་བའི་གྲུབ་མཐའ་དང་འགལ་བ་མེད་པར་ཐལ་བ། རང་སྡེས་ཁས་ལེན་པ་ཆེས་མི་རིགས་པ་དང་། དེའི་འཐད་པའོ། །དང་པོ་གལ་ཏེ་སོགས་བཞི་ལ། དངོས་པོ་རང་བཞིན་གྱིས་གྲུབ་པར་ཁས་བླངས་པའི་སྟོབས་ཀྱིས་གཞན་སྡེ་ལ་རང་དབང་གི་རྩ་བའི་གྲུབ་མཐའ་དང་འགལ་བ་མེད་པར་


JLD015_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། གྲངས་ཅན་བྱེ་བྲག་པ་སོགས་གཞན་སྡེ་རྣམས་དངོས་པོ་རྟག་སོགས་སུ་ཞེན་པའི་ལམ་ལ་གནས་པའི་ཕྱིར། གཉིས་པ་ནི། སངས་རྒྱས་སོགས་བཞི་ལ། རང་སྡེ་དངོས་པོར་སྨྲ་བས་རང་བཞིན་སྟོང་པ་ལ་རྩོད་ཅིང་དངོས་པོ་བདེན་པར་སྨྲ་བ་མི་རིགས་པར་ཐལ། རང་སྡེ་རྣམས་སངས་རྒྱས་ཀྱི་ལམ་རྟེན་ཅིང་འབྲེལ་འབྱུང་ཁས་བླངས་ནས་འདུ་བྱེད་ཐམས་ཅད་མི་རྟག་པར་སྨྲ་པའི་ཕྱིར། གསུམ་པ་ནི། འདི་འམ་ཞེས་སོགས་བཞི་ལ། གཟུགས་འདིའམ་ཚོར་བ་འདི་བདེན་པར་སྨྲ་བ་མི་རིགས་པར་ཐལ། དེ་དག་བདེན་མི་བདེན་རྣམ་པར་དཔྱད་པའི་ཚེ་རྣམ་པར་བདེན་པར་དམིགས་པའི་ཕྱིར། གཉིས་པ་ལ། རང་བཞིན་གྱིས་གྲུབ་པ་ཁས་བླངས་པ་ལ་མཐར་ལྟའི་གཞན་དབང་དུ་འགྱུར་བ་དང་། རང་བཞིན་མེད་པར་སྨྲ་བ་ལ་དེའི་དབང་དུ་མི་འགྱུར་བར་བསྟན་པའོ། །དང་པོ་ལ་གཞན་སྡེ་འགྱུར་ཚུལ་དང་། རང་སྡེ་འགྱུར་ཚུལ་ལོ། །དང་པོ་ནི། གང་སོགས་བཞི་ལ། གཞན་སྡེ་རྣམས་རྟག་ཆད་ལ་སོགས་མཐར་ལྟའི་དབང་དུ་འགྱུར་བར་ཐལ། བདག་དང་ཕུང་པོ་བརྟེན་ནས་བཏགས་པ་མིན་པར་རྟག་པར་སྨྲ་བའི་ཕྱིར། ཡང་ན་རང་སྡེ་ཁ་ཅིག་རྟག་མི་རྟག་ལ་སོགས་མཐར་འཛིན་གྱི་ལྟ་བས་ཕྲོགས་པར་འགྱུར་བར་ཐལ། གང་ཟག་ཕུང་པོ་ལ་བརྟེན་ནས་བཏགས་པ་མིན་པར་སེམས་རང་མཚན་གང་ཟག་ཏུ་ཁས་ལེན་པ་དང་། ཕུང་པོ་རང་མཚན་དུ་ཁས་ལེན་པའི་ཕྱིར།གཉིས་པ་ནི། གང་སོགས་བཞི་ལ། དངོས་པོར་སྨྲ་


JLD015_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་སྡེ་རྣམས་རྟག་ཆད་ཀྱི་མཐར་ལྟའི་གཞན་དབང་དུ་འགྱུར་བར་ཐལ། དངོས་པོ་རྣམས་དེ་ཁོ་ན་ཉིད་དུ་གྲུབ་པར་ཁས་བླངས་པའི་ཕྱིར། ཁྱབ་པར་ཐལ། རང་བཞིན་གྱིས་གྲུབ་པ་དེ་ཕྱིས་ཡོད་ན་རྟག་པ་དང་མེད་ན་ཆད་པར་འགྱུར་བའི་ཕྱིར། གཉིས་པ་ནི། གང་སོགས་བཞི་ལ། རང་བཞིན་མེད་པར་བྱ་བྱེད་འཐད་པར་རྟོགས་པའི་གང་ཟག་ཆོས་ཅན། མཐར་ལྟའི་དབང་དུ་མི་འགྱུར་བར་ཐལ། དངོས་པོ་ཡང་དག་གྲུབ་པའང་མིན། ལོག་པ་གཏན་མེད་ཀྱང་མིན་པར་རྟོགས་པའི་ཕྱིར། དེར་ཐལ། ཆུའི་ཟླ་བའི་གཟུགས་བརྙན་བཞིན་དུ་རང་བཞིན་མེད་པར་བྱ་བྱེད་འཐད་པར་རྟོགས་པའི་ཕྱིར། ལམ་ལ་འཇུག་པའི་ཚུལ་ལ། གང་གིས་འཁོར་བར་འཇུག་པ་དང་ལྡོག་པའི་རྒྱུ། གང་འཁོར་བར་འཇུག་པ་དང་ལྡོག་པའི་རྟེན་གྱི་གང་ཟག་གོ །དང་པོ་ལ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ལ། འཁོར་བར་འཇུག་ཚུལ། ལྡོག་ཚུལ། ལྡོག་བྱེེད་ཀྱི་རྒྱུ་གང་ལ་བརྟེན་ནས་ངོས་བཟུང་བའོ། །དང་པོ་ནི། དངོས་སོགས་བཞི་ལ། དངོས་པོ་བདེན་འཛིན་གྱི་བློ་དེ་འཁོར་བར་འཇུག་པའི་རྒྱུ་ཡིན་ཏེ། དེ་ཡོད་ན་ཆགས་སྡང་གི་རྒྱུར་གྱུར་པའི་མཐར་འཛིན་གྱི་ལྟ་བ་རྣམ་སྨིན་དཀར་བ་དང་འདའ་བར་དཀའ་བ་འབྱུང་ལ་ཆགས་སྡང་ལ་བརྟེན་ནས་རྩོད་པ་འབྱུང་བའི་ཕྱིར། གཉིས་པ་ནི། དེ་སོགས་བཞི་ལ། རང་བཞིན་མེད་པར་ཡོངས་སུ་ཤེས་ན་མཐར་ལྟ་དང་ཉོན་མོངས་མ་ལུས་པར་སྤོང་བར་


JLD015_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། དངོས་པོ་བདེན་འཛིན་དེ་མཐར་འཛིན་གྱི་ལྟ་བ་ཀུན་གྱི་རྒྱུ་མ་རིག་པ་ལོག་པའི་སྟོབས་ཀྱིས་ཉོན་མོངས་མཐའ་དག་ལྡོག་པར་འགྱུར་བའི་ཕྱིར། གསུམ་པ་ནི། གང་སོགས་བཞི་ལ། རང་བཞིན་མེད་པ་རྟེན་འབྱུང་གི་དོན་མཐོང་བས་འཁོར་བ་ལས་གྲོལ་བར་འགྱུར་ཏེ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། ཞེས་རྐྱེན་ལས་སྐྱེས་པ་རང་བཞིན་གྱིས་མ་སྐྱེས་པར་དེ་ཉིད་མཁྱེན་པ་མཆོག་གིས་གསུངས་པའི་ཕྱིར།རྒྱས་པར་བཤད་པ་ལ། ལོག་ཤེས་ཀྱི་སྒོ་ནས་འཇུག་ལྡོག་བྱེད་པའི་ཚུལ། དམིགས་པའི་སྒོ་ནས་འཇུག་ལྡོག་བྱེད་པའི་ཚུལ། བརྩེ་བར་བྱས་པའི་ཁྱད་པར་བསྟན་པའོ། །དང་པོ་ལ། འཁོར་བར་འཇུག་ཚུལ་དང་། ལྡོག་ཚུལ་ལོ། །དང་པོ་ནི། ལོག་སོགས་བཞི་ལ། བྱིས་པ་སོ་སོ་སྐྱེ་པོ་རྣམས་ཆོས་ཅན། དང་པོ་བདེན་པར་འཛིན་པའི་དབང་གིས་འཁོར་བར་འཇུག་པར་འགྱུར་ཏེ། དངོས་པོ་བདེན་པར་འཛིན་པའི་སྟོབས་ཀྱིས་དངོས་པོ་ལ་བདག་གི་བར་འཛིན་ཆགས་སྐྱེ་ལ། འདོད་པ་དང་ལྟ་བ་ལ་ཆགས་པ་ཡོད་ན། དེ་ལ་བརྟེན་ནས་རྩོད་པ་འབྱུང་བའི་ཕྱིར། སྔ་མའི་འཕྲོས་ལ་སྦྱོར་ན། སངས་རྒྱས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པ་ལ་དགོས་པ་ཡོད་དེ། དེ་ལ་བརྟེན་ནས་དངོས་པོ་ལ་བདེན་འཛིན་ལྡོག་ལ། དེ་ལོག་ན་འདོད་པ་དང་ལྟ་བ་ལ་ཆགས་པ་དང་བཅས་པ་སོགས་མི་འབྱུང་བའི་ཕྱིར། གཉིས་པ་ནི། ཆེ་སོགས་བཞི་ལ།


JLD015_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེན་པོ་འཕགས་པ་རྣམས་ཆོས་ཅན། རང་ཕྱོགས་རང་བཞིན་གྱིས་གྲུབ་པར་སྒྲུབ་པའི་སྒོ་ནས་རྩོད་པ་མི་མཛད་དེ། རྟེན་འབྲེལ་རང་བཞིན་གྱིས་སྐྱེ་དགག་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། ཕྱི་མ་གཉིས་ལ། གཞན་ཕྱོགས་བཀག་པ་རང་བཞིན་གྱིས་གྲུབ་པ་མེད་དེ། རང་ཕྱོགས་སྒྲུབ་པ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར།གཉིས་པ་ལ། ལྡོག་ཚུལ་དང་། འཇུག་ཚུལ་ལོ། །དང་པོ་ནི། གང་སོགས་བཞི་ལ། དེ་ཆོས་ཅན། ཉོན་མོངས་པའི་སྦྲུལ་གྱིས་གཞན་དབང་དུ་མི་འགྱུར་ཏེ། མཚན་འཛིན་གྱི་དམིགས་པའི་གནས་བདེན་པ་ཅུང་ཟད་ཀྱང་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། ཁྱབ་པར་ཐལ། ཡུལ་ཡིད་དུ་འོང་མི་འོང་གང་ཡང་རུང་བ་དམིགས་པའི་བདེན་པ་རྙེད་ན། ཉོན་མོངས་པའི་སྦྲུལ་གྱི་གཞན་དབང་དུ་འགྱུར་བའི་ཕྱིར། འགྲོས་འཁྱོགས་པར་འཁྲིད་པས་གཡོན་ཅན་ཞེས་སོ། །གཉིས་པ་ནི། གནས་སོགས་བཞི་ལ། ཡིད་དུ་འོང་མི་འོང་གང་ཡང་རུང་བའི་དམིགས་པར་བདེན་པར་སྒྲོ་འདོགས་པ་དེ་དག་ལ་ཆགས་སོགས་ཉོན་མོངས་པ་འབྱུང་བར་འགྱུར་ཏེ། ཆགས་སྡང་མངོན་འགྱུར་བ་མེད་པའི་བར་ལ་ཚོར་བ་བཏང་སྙོམས་ལ་གནས་པའི་སྐབས་དེར་ཡང་ཉོན་མོངས་པ་མ་རིག་པའི་གཞན་དབང་དུ་གྱུར་པའི་ཕྱིར། གསུམ་པ་ལ། བདེན་འཛིན་གྱིས་བཅིངས་པ་ལ་བརྩེ་བར་བྱ་བར་བསྟན། འཕགས་པ་རྣམས་དེ་ལས་ལོག་པར་


JLD015_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའོ། །དང་པོ་ནི། བྱིས་སོགས་བཞི་ལ། བྱིས་པ་སོ་སོ་སྐྱེ་བོ་ཆོས་ཅན། དངོས་སུ་ཡུལ་གྱི་གཟེབ་ལ་ཐོགས་ནས་འཁོར་བར་འགྱུར་ཏེ། ཉོན་མོངས་པ་ཅན་མ་རིག་པའི་དབང་གིས་དངོས་པོ་བདེན་པར་འཛིན་པའི་ཕྱིར། དཔེར་ན། བརྡའ་ལ་མ་བྱང་བའི་བྱིས་པ་བྱད་བཞིན་གྱི་གཟུགས་བརྙན་ལ་བྱད་བཞིན་དུ་འཛིན་པ་བཞིན་ནོ། །གཉིས་པ་ནི། བདག་སོགས་བཞི་ལ། བདག་ཉིད་ཆེན་པོ་འཕགས་པ་རྣམས་ཆོས་ཅན། དངོས་པོ་བདེན་པར་འཛིན་པའི་དབང་གིས་འཁོར་བའི་འདམ་ལ་ཆགས་པར་མི་འགྱུར་ཏེ། དངོས་པོ་ཐམས་ཅད་གཟུགས་བརྙན་ལྟ་བུར་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། གང་འཁོར་བར་འཇུག་པ་དང་། ལྡོག་པ་པོའི་རྟེན་ངོས་བཟུང་བ་ནི། བྱིས་སོགས་བརྒྱད་ལ། བྱིས་པ་སོ་སོ་སྐྱེ་བོ་རྣམས་ཆོས་ཅན། འཁོར་བར་འཇུག་པའི་རྟེན་ཡིན་ཏེ། འདོད་ཁམས་ཀྱི་བྱིས་པ་རྣམས་འདོད་ཡོན་ལྔས་བསྡུས་པའི་གཟུགས་ལ་ཆགས་པ་སྐྱེ་ལ། རང་བཞིན་མེད་པ་མ་གཏོགས་པའི་བར་མ་འདོད་པ་ལས་ཆགས་པ་དང་བྲལ་བའི་ཁམས་གོང་གི་བྱིས་པ་རྣམས་ཚོར་བ་བཏང་སྙོམས་ལ་ཆགས་པ་སྐྱེ་བའི་ཕྱིར། དེ་ནས་རྐང་པ་གཉིས་ལ། བདག་ཉིད་ཆེན་པོ་འཕགས་པ་རྣམས་ཆོས་ཅན། འཁོར་བ་ལས་ལྡོག་པའི་རྟེན་ཡིན་ཏེ། གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་ནས་གཅིག་ལ་འདོད་པའི་བྱིས་པ་རྣམས་འདོད་ཡོན་ལྔས་


JLD015_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་གཟུགས་ལ་ཆགས་པ་སྐྱེ་སྟེ། ཡུལ་དེ་དག་སྡུག་པར་བདེན་པར་སྒྲོ་འདོགས་པའི་ཕྱིར། དེ་ནས་གཅིག་ལ། ཁམས་གོང་གི་བྱིས་པ་རྣམས་ཆོས་ཅན། དེ་དག་ལ་ཆགས་པ་མི་སྐྱེ་སྟེ། དེ་ལ་མི་སྡུག་པར་བསྒོམ་པའི་སྒོ་ནས་དེ་ལ་ཆགས་པ་དང་བྲལ་བའི་ཕྱིར། ཐ་མ་གཉིས་ལ། འཕགས་པ་རྣམས་ཆོས་ཅན། དངོས་པོ་ཐམས་ཅད་སྒྱུ་མ་དང་འདྲ་བར་མཐོང་ནས་མྱ་ངན་ལས་འདའ་བར་འགྱུར་ཏེ། གཟུགས་ཀྱི་རང་བཞིན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། དོན་བསྡུ་བ་ནི། གཞི་མཐའ་བྲལ་དུ་རྟོགས་པས་གྲོལ་བར་བསྟན། དགག་བྱ་མ་དམིགས་པས་གྲོལ་བར་བསྟན། དགག་པ་དམིགས་པས་གྲོལ་བར་བསྟན་པའོ། །དང་པོ་ནི། ལོག་སོགས་བཞི་ལ། རང་བཞིན་མེད་པ་རྟེན་འབྱུང་གི་སྒྲ་དོན་མངོན་སུམ་དུ་རྟོགས་པ་དེ་དག་ཆོས་ཅན། ལོག་ཤེས་ཀྱིས་གདུང་བའི་ཉོན་མོངས་པའི་སྐྱོན་རྣམས་མི་འབྱུང་སྟེ། དངོས་པོ་དངོས་མེད་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་པའི་ཕྱིར། གཉིས་པ་ནི། གནས་སོགས་བཞི་ལ། བདག་ཉིད་ཆེན་པོ་འཕགས་པ་རྣམས་ཆོས་ཅན། འདོད་ཡོན་ལ་ཆགས་པ་དང་དེ་ལ་ཆགས་པ་དང་བྲལ་ནས་ཁམས་གོང་མ་ལ་ཆགས་པར་འགྱུར་བ་མིན་ཏེ། གནས་སམ་རྟེན་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། ཁྱབ་པར་ཐལ། གནས་སམ་རྟེན་བདེན་པར་འཛིན་པ་ཡོད་ན། ཁ་ཅིག་


JLD015_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་ལ་ཆགས་པ་དང་། ཁ་ཅིག་དེ་ལ་ཆགས་པ་དང་བྲལ་ནས་ཁམས་གོང་གི་འདོད་ཡོན་དང་རྟེན་ལ་ཆགས་པས་སྐྱེ་བའི་ཕྱིར་རོ། །གསུམ་པ་ནི། གང་སོགས་བཞི་ལ། དེ་ཆོས་ཅན། ཉོན་མོངས་སྦྲུལ་གྱིས་དཀྲུགས་པའི་སྲིད་པའི་རྒྱ་མཚོ་ལས་བརྒལ་བར་འགྱུར་ཏེ། རང་བཞིན་མེད་དོ་སྙམ་པའི་གཡོ་བའི་ཡིད་རྟོག་པ་དེ་གཡོ་བ་མེད་པར་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། གསུམ་པ་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དགེ་བ་སོགས་བཞི་ལ་ཐོབ་པར་ཤོག །གང་ན་རང་བཞིན་མེད་པའི་དོན་ལ་ཆུ་ལ་ཆུ་བཞག་དང་མར་ལ་མར་བཞག་གི་ཚུལ་དུ་སླར་མི་ལྡང་བའི་ཚུལ་གྱིས་བཞུགས་པ་ཆོས་སྐུ་དང་། དེའི་དབང་གིས་འགྲོ་དོན་མཛད་པ་གཟུགས་སྐུ་གཉིས་སོ། །དེ་གཉིས་ཀྱི་རྒྱུ་ཅི་འདྲ་བ་ཞིག་ཡོད་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུའོ། །དགེ་བ་གང་ལ་བརྟེན་ནས་ན། རིགས་པ་དྲུག་ཅུ་པ་བརྩམས་པའིའོ། །ཆེད་དུ་བྱ་བ་གང་གི་དོན་དུ་ན། སྐྱེ་བོ་ཀུན་གྱིའོ། །འདིར་འབད་པའི་དགེ་བ་ལ་བརྟེན་ནས་ཚེ་རབས་ཀུན་ཏུ་དམ་པའི་ཆོས་རྟེན་ཅིང་འབྲེལ་འབྱུང་ཟབ་མོ་ཁོང་དུ་ཆུད་པ་དང་། དོན་དེ་ཉམས་སུ་ལེན་པ་དང་མི་འབྲལ་བར་ཤོག །འདི་ནི་རྗེ་ཐམས་ཅད་མཁྱེན་པས་གསུངས་པ་ཀུན་


JLD015_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་དར་མ་རིན་ཆེན་གྱིས་ཟིན་བྲིས་སུ་བཏང་བའོ། །བཀྲ་ཤིས། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousརིགས་པ་དྲུག་ཅུ་བའི་ཟིན་བྲིས་རྗེའི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པ།next