Nitartha Digital Library
Tibetan
 
previousདབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རང་གིས་གནང་བ།next

དབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རང་གིས་གནང་བ།


JLD015_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རང་གིས་གནང་བ་བཞུགས་སོ། །


JLD015_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དབྱངས་ཀྱིས་རྗེས་གཟུང་བས། །རང་གཞན་གྲུབ་མཐའི་ཕ་རོལ་སོན། །ཟབ་མོའི་དོན་ལ་མངའ་བརྙེས་པ། །དཔལ་ལྡན་ཞི་བ་འཚོ་ལ་འདུད། །མགོན་དེས་གངས་ཅན་ཁྲོད་འདིར་རྒྱལ་བའི་བསྟན། །ཐོག་མར་ལེགས་པར་བཙུགས་ཚེ་ཀླུ་སྒྲུབ་ལུགས། །ཕྱོགས་འདིར་དར་བའི་རྟེན་འབྲེལ་ལེགས་བསྒྲིབས་པས། །ད་དུང་དུ་ཡང་ཟབ་མོ་དབུ་མ་ལ། །མོས་པའི་ཕྱོགས་འཛིན་རྒྱུན་མ་ཆད་པར་བྱུང་། །དེ་ཕྱིར་མཁས་པའི་དབང་པོ་དེ་ཡི་གཞུང་། །བདག་ཅག་རྣམས་ཀྱིས་མི་ཉམས་སྤེལ་བ་ནི། །བཀའ་དྲིན་གཟོ་བའི་མཆོད་པ་བླ་མེད་ཡིན། །རྣམ་དཔྱོད་ནམ་མཁའི་ཁྱོན་ལྟར་མཐའ་ཡས་ཤིང་། །དམིགས་མེད་བརྩེ་བའི་སྟོབས་ནི་ཤུགས་དྲག་པས། །


JLD015_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དྲངས་པའི་གཞུང་མཆོག་དབུ་མའི་རྒྱན། །འདི་ཡི་རིགས་པའི་དགའ་སྟོན་མྱོང་བ་ན། །སྐྱེ་བ་མང་པོར་རིགས་པའི་ལམ་དུ་ནི། །ངལ་བ་མང་བྱས་སྒྲུབ་དང་སུན་འབྱིན་ལ། །ལེགས་པར་བྱང་བའི་རྒོལ་བ་མཁའ་མང་གི །གཙུག་ན་གཙུག་རྒྱན་ནོར་བུ་བཞིན་མཐོ་བས། །སྨྲ་བ་ངན་པའི་ཚོགས་རྣམས་མཐར་མཛད་པ། །འཕགས་པའི་ཡུལ་ནའང་ཆེས་དཀོན་འདི་འདྲ་ནི། །བོད་ཀྱི་རྗེ་རྒྱལ་བཙན་པོས་སྤྱན་འདྲོངས་པ། །ཨེ་མ་བདག་ཅག་བོད་འབངས་སྐལ་བཟང་ཞེས། །ཡིད་ནི་རྨད་བྱུང་བདེ་ལ་རོལ་པ་ཡིས། །ཡོངས་སུ་བསྐྱབ་པའི་གཞན་གྱི་དབང་གྱུར་པས། །མཁས་པའི་མཆོག་གྱུར་དེས་མཛད་རྒྱན་གྱི་ནི། །རྟོགས་དཀའི་གནས་ལ་བརྗེད་བྱང་མདོ་ཙམ་བྲི། །དབུ་མའི་རྒྱན་ལ་ལྔ།


JLD015_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་དོན། འགྱུར་གྱི་ཕྱག །བསྟན་བཅོས་དངོས། སུ་ཡིས་མཛད་པ། གང་གིས་བསྒྱུར་བའོ། །དང་པོ་ནི། མདྷྱ་མ་ཀ་ནི། དབུ་མ་དང་། ཨཱ་ལཾ་ཀ་ར་ནི་རྒྱན་དང་། བྲི་ཏི་ནི་འགྲེལ་པའོ། །འདི་འགྲེལ་པར་བཤད་པ་ལྟར་ན། ཚིགས་བཅད་རྣམས་དབུ་མ་རྒྱན་དང་། ལྷུག་པ་རྣམས་དེའི་འགྲེལ་པར་བྱ་དགོས་ནའང་། ལྷུག་པའི་བརྩམ་པའི་དམ་བཅའ་ཉིད། །རྒྱན་རྩོམ་པའི་དམ་བཅར་སྣང་ལ། །ཁྱད་པར་དུ། །མཇུག་ཏུ་ཏེ་ལྟའི་ཚུལ་དུ་དབུ་མ་ཡི། །རྒྱན་འདི་བདག་གིས་བྱས་པ་ནི། །རིག་དང་མདོ་སྡེ་སྣ་ཚོགས་ཀྱིས། །རིན་ཆེན་བཀོད་པས་མཛེས་པར་བྱས། །ཞེས་མདོ་སྡེ་སྣ་ཚོགས་པ་དང་སྦྱར་ནས། །དབུ་མ་རྒྱན་བརྩམས་པར་གསུངས་པས་རྩ་བ་སྔོན་དུ་བྱས་ནས་འགྲེལ་པས་ཕྱིས་བཀྲལ་བའི་བསྟན་བཅོས་གཉིས་སུ་མི་བྱའོ། །བསྟན་བཅོས་ལ་ཚིགས་བཅད་དང་། ལྷུག་པ་དང་། སྤེལ་མའི་ལུགས་གསུམ་གསུངས་པའི་ཐ་མ་ཡིན་པར་བཟུང་ལ། དབུ་མ་རྒྱན་གྱི་གཞུང་ངོས་ཟིན་པར་གྱིས་ཤིག །དེ་ན་འདིའི་མཛད་བྱང་གི་སྐབས་སུ། །དབུ་མའི་རྒྱན་ཞེས་འབྱུང་གི་འགྲེལ་པའི་ཚིག་མི་འབྱུང་བ་ལེགས་ཏེ། །འདིའི་དཀའ་འགྲེལ་ལ། ཡང་དབུ་མའི་རྒྱན་གྱི་དཀའ་འགྲེལ། ཞེས་ཐོག་མཐའ་གཉེས་སུ་འབྱུང་ངོ་། །གཉིས་པ་ནི་སླའོ། །གསུམ་པ་ལ་གསུམ། །བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། །བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས། །མཆོད་པར་བརྗོད་པ་དང་། བརྩམ་པར་དམ་བཅའ་བའོ། །དང་པོ་ནི་དཀའ་འགྲེལ་ལས།


JLD015_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་དོན་འགྲེལ་པ་དོན་གསལ་བཞིན་དུ། བསྟོད་ཡུལ་སངས་རྒྱས་ཁོ་ན་དང་། ཉན་རང་དང་། སངས་རྒྱས་བྱང་སེམས་བཞི་ལ་བྱེད་པའི་ཚུལ་གཉིས་གཉིས་བཤད་དེ་གོ་སླའོ། །འདིར་དན་འབག་པས། འགྲེལ་པས་དགག་པ། ཉོན་མོངས་ཀྱིས་དགག་པ་དང་། བསྟན་པ་ཤེེས་སྒྲིབ་སྤངས་པ་དང་། ས་ལ་བཞུགས་པ་སྲིད་པར་བཞུགས་པ་དང་། ཇི་སྙེད་པ་མ་ལུས་པར་མཁྱེན་པ། ཉོན་མོངས་བག་ཆགས་དང་བཅས་པ་རྩ་བ་ནས་འབྱིན་པའི་རྒྱུར་བཤད་པ་བཞི་ལ་དག་པ་ཤེས་སྒྲིབ་ཀྱིས་དག་པ་དང་། ཉོན་མོངས་པ་སྤངས་པའི་སྤངས་པ་ཡང་བརྟན་པར་བྱ་དགོས་པས། དང་པོ་གཉིས་མི་འཐད་ལ། ས་ལ་བཞུགས་པའི་དོན་སྤངས་པ་མངའ་བའི་ས་ལ་བཞུགས་པ་ཡིན་པའི་ཕྱིར་དང་། སྤངས་པའི་རྗེས་ལ་ཡེ་ཤེས་འབྱུང་བས་དེའི་རྒྱུར་མི་འཐད་པས། ཕྱི་མ་གཉིས་མི་འཐད་པའི་སྐྱོན་བཞི་ཡོད་དོ་ཞེས་ཟེར་བའི་དང་པོ་གཉིས་ནི། བསྒྲུབ་བྱ་དང་མཚུངས་ལ། བར་པ་ནི་དཀའ་འགྲེལ་མེད་པས་དེ་མ་མཐོང་བའི་སྐྱོན་དང་། ཉོན་མོངས་བག་ཆགས་དང་བཅས་པ་རྩ་བ་ནས་བཏོན་པའི་རྗེས་སུ་ཇི་སྙེད་པ་མཁྱེན་པ་འབྱུང་ན་ཤེས་སྒྲིབ་ཟད་ནས་སངས་མ་རྒྱས་ཀྱི་སྐབས་སྲིད་པའི་སྐྱོན་ཡོད་པས་ལེགས་པར་མ་མཐོང་ངོ་། །འགྲེལ་པ་ལས་རྒྱུར་བཤད་པ་ནི་རྩ་བ་ནས་འབྱིན་པ་སྟེ། བྱུང་བའི་རྒྱུ་ཡིན་ལ་དེ་ཡང་རྒྱུ་མཚན་ལ་རྒྱུར་བསམས་པའོ། །གཉིས་པ་ནི་རབ་ཏུ་འབད་པ་ནི་རྒྱན་རྩོམ་པའོ། །གང་གི་དོན་


JLD015_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ན་རང་བཞིན་མེད་པ་ཁོངས་ཆུད་པའི་ཕྱིར་དུའོ། །ཐབས་གང་གིས་ན་ལུང་རིགས་གཉིས་སོ། །དེ་རྟོགས་པའི་དགོས་པ་ནི། གཞུང་ལྷག་མས་སྟོན་པའི་ལ་གང་གིས་རྟོགས་ན། །བདག་དང་ཞེས་པ་ནས་མ་རག་པར་ཆས་པ་སྟེ་བྱང་སེམས་སོ། །ཅི་ལ་མ་རག་པ་ནི་ཚོགས་གཉིས་ཀྱི་རྒྱུ་ཚོགས་ཚང་བ་ལ་སློབ་པའི་དོན་ནོ། །འགྲེལ་པས་ཉན་ཐོས་ལ་སོགས་པས་བསྐལ་པ་མང་པོར་ཤེས་སྒྲིབ་མ་ལུས་པ་སྤོང་བ་སྒྲུབ་མི་ནུས་པའི་རྒྱུ་མཚན་དུ་རྟེན་མི་བརྟན་པ་བཀོད་པ་ནི། སྤྱོད་པའི་རྟེན་སེམས་བསྐྱེད་བརྟན་པོ་མི་སྐྱེ་བ་ལ་བྱའི། །ལྷག་མེད་དུ་རིགས་རྒྱུད་ཆད་པ་ལ་མི་བྱའོ། །གང་ན་དངོས་པོའི་རྣམ་པ་སྟེ་ཚོགས་མ་ལུས་པའོ། །དེས་ཇི་ལྟར་ན་གཟུགས་བརྙན་ལ་སོགས་པ་ལྟར་རྟོགས་སོ། །དེ་ཉིད་ནི་ཡང་དག་པར་རང་བཞིན་མེད་བཞིན་དུ་མ་བརྟགས་ན་ཉམས་དགའ་བ་སྟེ་ཡོད་པས་སོ། །གཅིག་ཏུ་ཞེས་པ་ནི་དེ་ཁོ་ན་ཉིད་ལ་སྤྱོད་པའི་རིགས་པས་མི་རྙེད་པས་མ་བརྟགས་པ་ཁོ་ནའི་དོར་རྙེད་པའོ། །དེ་ལྟར་རྟོགས་ན་སྒྲིབ་གཉིས་མ་ལུས་པར་སྤོང་བ་ནི་རྟོགས་ནས་གོམས་པར་བྱས་ནས་སོ། །འདིར་སྒྲིབ་པ་གཉིས་ཀ་ཟད་པར་བྱེད་པ་ནི། དེ་ཁོ་ན་ཉིད་མ་བསྒོམས་པར་མི་འབྱུང་བ་དང་། དེ་བསྒོམ་པ་ལ་དངོས་པོ་རྣམས་ཡང་དག་པར་རང་བཞིན་ནི་མེད་པ་ཤེས་པའི་ཤེས་རབ་ངེས་པར་བསྐྱེད་དགོས་པ་དང་། དེ་རྙེད་པ་ནི་ལུང་རིགས་གཉིས་ལེགས་པར་སྦྱར་བའི་གཞུང་འདི་དང་། འདི་ལྟ་བུས་བདེན་འཛིན་གྱི་ཡུལ་ལེགས་


JLD015_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

པར་སུན་ཕྱུང་ནས་བསྐྱེད་དགོས་ཀྱི་དེ་ལྟར་མ་དཔྱད་པར་ཡིད་ནང་དུ་བསྡུས་པ་ཙམ་ལས་ཡེ་མི་འབྱུང་བ་རྣམས་ལ་ངེས་པ་བརྟན་པོ་རྙེད་ན་འདིའི་དགོས་འགྲེལ་ལེགས་པར་ཤེས་པའི་གྲངས་སུ་འགྲོ་ཞིང་གཞུང་དེ་ལྟ་བུ་དང་དེ་སྟོན་པའི་དགེ་བའི་བཤེས་གཉེན་ལ་གུས་པ་བླ་ན་མེད་པ་སྐྱེ་བར་འགྱུར་པ་ཤེས་པར་གྱིས་ཤིགའགྲེལ་པར་རབ་ཏུ་འབད་དོ་ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱི་རང་བཞིན་མེད་པར་བསྟན་མོད་ཀྱང་། དེར་མ་གསལ་བའི་ཀླན་ཀ་ངན་པའི་དྲི་མ་མཐའ་དག་སེལ་བའི་རྩོམ་དགོས་ལ། དེའི་ཕྱིར་འདི་ལ་དབུ་མའི་རྒྱན་ཞེས་བྱའོ། །ཞེས་འཆད་དོ། །རྒྱན་གྱི་དོན་ནི་དགའ་བ་བསྐྱེད་པ་ཡིན་ལ། འདིས་དབུ་མའི་རྣམ་གཞག་ལ་མ་རྟོགས་པ་དང་། ལོག་རྟོག་གི་དྲི་མ་བསལ་བ་ན། གསེར་གྱི་རྒྱན་ལ་སོགས་པ་དྲི་མས་གོས་པ་བྱི་དོར་བྱས་པ་ལྟར་འགྱུར་བའི་དོན་ཏོ། །སྐབས་འདིར་སྤྱིར་སྒྲིབ་གཉིས་དང་། ཁྱད་པར་དུ་ཤེས་སྒྲིབ་དང་། དེའི་ནང་ནས་ཀྱང་རིགས་པའི་དགག་བྱའི་མཐར་ཐུག་པ་ལྷན་སྐྱེས་ཆོས་ཀྱི་བདག་འཛིན་གྱིས་ཇི་ལྟར་བཟུང་བ་རང་གི་ཉམས་ལས་དཔགས་ཏེ་ངོས་འཛིན་པ་དང་། དེ་འགོག་པའི་ཡན་ལག་ཏུ་དངོས་སམ་བརྒྱུད་ནས་གཞུང་གི་ཆ་ཀུན་འགྲོ་ཚུལ་ཤེས་པར་བྱེད་པ་ཤིན་ཏུ་གལ་ཆེ་སྟེ། དེ་ལྟར་མ་བྱས་ན་ཇི་ཙམ་ཉན་པ་དང་བཤད་པ་དང་ལྟ་བ་དང་རྟོག་པ་བྱས་ཀྱང་། རང་གི་བདེན་འཛིན་ལ་ཅི་ཡང་མི་གཟན་པར་ཁ་ཕྱིར་ལྟའི་གཤགས་བཀྱེ་བ་ཙམ་དུ་


JLD015_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བས་ཐོས་བསམ་གནད་དུ་མི་འགྲོ་བའི་ཕྱིར་རོ། །གཉིས་པ་ལ་བཞི། དབུ་མ་པའི་བདེན་པ་གཉིས་རྣམ་པར་བཞག་པ། ལུགས་དེ་སངས་རྒྱས་ཁོ་ནའི་ཁྱད་ཆོས་སུ་བསྟན་པ། དེ་ལས་ལོག་པར་ཞུགས་པ་ལ་སྙིང་བརྩེ་བ་བསྐྱེད་པ། དེ་ཁོ་ན་ཉིད་རྟོགས་པས་སྟོན་པ་ལ་སྒྲུབ་པ་ལྷུར་ལེན་པའི་མཆོད་པར་བྱ་བར་བསྟན་པའོ། །དང་པོ་ལ་དྲུག་དངོས་པོ་ཐམས་ཅད་དོན་དམ་པར་རང་བཞིན་མེད་པར་བསྟན་པ། ཀུན་རྫོབ་པའི་དངོས་པོ་རྣམས་སྒྱུ་མ་བཞིན་དུ་བསྟན་པ། དེ་གཉིས་ལ་ཀླན་ཀ་ངན་པའི་རྩོད་པ་རྣམས་སྤང་བ། ལུས་འདི་སྐྱོན་མེད་ཅིང་ཡོད་ཏན་དང་བཅས་པར་བཤད་པ། དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་པ། ཚུལ་གཉིས་ཀྱི་ཤིང་རྟ་ཆེན་པོའི་ལུགས་ལ་བསྔགས་པའོ། །དང་པོ་ལ་གསུམ། རང་བཞིན་མེད་པ་སྒྲུབ་པའི་སྒྲུབ་བྱེད་གཉིས་ཀྱི་གོ་རིམ་དང་། ཐོག་མར་རིགས་པའི་སྒྲུབ་བྱེད་དང་། ཕྱི་ནས་ལུང་གི་སྒྲུབ་བྱེད་དོ། །དང་པོ་ནི། དེ་ལ་ནས་བརྗོད་པར་བྱས་སོའི་བར་རོ། །འདིར་དགོས་པ་བཞི་ཡོད་དེ། དད་པས་འབྲང་བ་རྣམས་རིགས་པས་མ་གྲུབ་བར་དུ་ལུང་ལ་ཡིད་མི་ཆེས་ན། ཆོས་ཀྱི་རྗེས་འབྲང་དང་ཁྱད་མེད་པར་འགྱུར་བ་དང་སྔོན་དུ་རིགས་པས་བསྒྲུབས་རྗེས་སུ་ལུང་གིས་བསྒྲུབས་ན། རྩོལ་བྱུང་གི་སྒྲ་མི་རྟག་པར་བྱས་པའི་རྟགས་ཀྱིས་རྗེས་སུ་རྩོལ་བྱུང་གིས་བསྒྲུབ་པ་ཡང་། རྟགས་ཡང་དག་ཏུ་འགྱུར་བ་དང་། དངོས་སྟོབས་ཀྱི་རིགས་པ་དང་བྲལ་བའི་ལུང་ལ་ཡིད་ཆེས་མི་ནུས་ན། ཡིད་ཆེས་ཀྱི་རྟགས་


JLD015_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པརའགྱུར་བ་དང་། གཅིག་ཏུ་བྲལ་གྱི་རྟགས་དངོས་སྟོབས་ཀྱི་རྟགས་སུ་ཁས་ལེན་ཤིན་ཏུ་ཟབ་པའི་བདག་མེད་ཀྱི་དོན་ཤིན་ཏུ་ལྐོག་གྱུར་མིན་པར་འགྱུར་སྙམ་པའོ། །དོགས་གཅོད་དང་པོ་ལ་སྔར་རབས་པ་དག་འགྲེལ་པས་དད་འབྲང་སྟེ། ལུང་རིགས་གཉིས་སུ་བྱས་པའི་རིགས་པའི་རྗེས་འབྲང་ཡིན་ཀྱང་། ཡིད་ཆེས་ཆེས་པར་དཀའ་མི་དཀའ་ལ་རིགས་པའི་རྗེས་སུ་འབྲང་མི་འབྲང་གཉིས་སུ་བྱས་པའི་སྔ་མ་མིན་པར་འདོད་ཅེས་པ་དང་། ཡང་ན་ལུང་གི་རྗེས་འབྲང་ཡང་། ཡིད་ཆེས་པ་བརྟན་པ་དེ་རིགས་པ་ལས་ཡིན་པས། ཞེས་འཆད་པའི་དངོས་ནི་འགྲེལ་པ་ན་མེད་ལ། གཉིས་པ་ནི། འགྲེལ་པས་བཤད་པ་བཞིན་མ་རྟོགས་པའི་སྐྱོན་ནོ། །དེས་ན་དཀའ་འགྲེལ་ལས་ཀྱང་ཞེས་བྱ་བའི་སྒྲས་ནི། སེམས་ལོག་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྟོན་པར་བྱེད་དོ། །ཞེས་བཤད་པས་དད་པས་རྗེས་སུ་འབྲང་བ་ནི། ཆོས་ཀྱི་རྗེས་འབྲང་གི་ཟླས་དྲངས་པའི་དད་འབྲང་མིན་གྱི། སངས་རྒྱས་ལ་དད་ནས་དེའི་ལུང་གི་རྗེས་སུ་འབྲང་བའོ། །དེས་ན་རང་སྡེ་སྟོན་པའི་ལུང་ཚད་མར་ཁས་ལེན་པ་རྣམས་ཀྱང་། དངོས་པོ་རང་བཞིན་མེད་པར་བསྒྲུབ་པ་ལ། དངོས་སྟོབས་ཀྱི་རིགས་པ་མེད་པར་ཡིད་མི་ཆེས་ན་སངས་རྒྱས་ལ་སེམས་ལོག་པའི་གཞན་སྡེ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ནོ། །དོགས་གཅོད་གཉིས་པ་ནི། དངོས་པོ་བདེན་མེད་དུ་རིགས་པས་གྲུབ་པའི་རྗེས་སུ་དོན་དེ་སླར་ཡང་བསྒྲུབ་པ་


JLD015_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ལུང་སྒྲུབ་བྱེད་དུ་མི་སྨྲ་སྟེ། རིགས་པའི་དབང་ཕྱུག་གིས། དེ་གྲུབ་དེ་ནི་ལེགས་པར་གྲུབ། །དེ་ཚེ་བསྟན་བཅོས་བལྟོས་མ་ཡིན། ཞེས་གསུངས་པ་ལྟར་རོ། །དེས་ན་རིགས་པས་ལེགས་པར་བསྒྲུབས་ཀྱང་ལུང་ཙམ་སྐྱབས་སུ་གྱུར་པའི་ཤེས་རབ་ཆུང་བ་འགའ་ཞིག་རྟོག་གེ་སྐམ་པོ་ཙམ་གྱིས་བསྒྲུབས་པ་ལ་ཡིད་མི་ཆེས་སོ་སྙམ་པ་ལ། ཟབ་མོའི་ལུང་ནས་ཀྱང་དེ་ལྟར་བཤད་དོ། །ཞེས་འགྲེལ་པས་འཆད་ལ། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཀྱང་དེ་ལྟར་བཤད་པ་ནི། མཁས་པ་རྣམས་ཀྱི་གཞུང་ལ་དོན་གཅིག་བསྒྲུབ་པ་ལ། ལུང་རིགས་ཀྱི་སྒྲུབ་བྱེེད་གཉིས་གཉིས་བཤད་པ་ཐམས་ཅད་ལ་དེ་བཞིན་དུ་གོ་བར་བྱའོ། །དོགས་གཅོད་གསུམ་པ་ནི། སྟོན་པས་གསུངས་པའི་ཤིན་ལྐོག་གི་བླང་དོར་ལ་འཇུག་པ་ནི་གང་ཟག་དབང་རྣོན་ནི། དཔྱད་པ་གསུམ་གྱིས་དག་པའི་རྟགས་ལས་ཤིན་ལྐོག་སྟོན་པའི་ལུང་རང་གི་བསྟན་བྱ་ལ་མི་བསླུ་བར་དཔོག་པའི་ཡིད་ཆེས་པའི་རྟགས་ལས་འཇུག་ལ། དེའི་ཚུལ་གསུམ་དངོས་སྟོབས་ཀྱི་རིགས་པས་གྲུབ་ཀྱང་བསྒྲུབ་བྱ་ཤིན་ལྐོག་ཡིན་པས་ཡིད་ཆེས་ཀྱི་རྟགས་སུ་མི་འགལ་ཏེ། རྟགས་ཀྱི་རིགས་འབྱེད་པ་ནི་བསྒྲུབ་བྱའི་སྒོ་ནས་འབྱེད་ཀྱི། སྒྲུབ་བྱེད་ཀྱི་སྒོ་ནས་མིན་པའི་ཕྱིར་ཏེ། དཔེར་ན་འགལ་དམིགས་ཀྱི་རྟགས་རྣམས་བསྒྲུབ་པ་ཡིན་ཡང་། དགག་རྟགས་སུ་བཞག་དགོས་པ་བཞིན་ནོ། །རང་སྡེ་དབང་བརྟུལ་དད་པའི་རྗེས་འབྲང་རྣམས་ཤིན་ལྐོག་གི་བླང་དོར་ལ་འཇུག་པ་ན། ལུང་ཙམ་


JLD015_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་དུ་བྱས་ནས་འཇུག་པ་ནི། གང་ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་གསུངས་པ་བཞིན་དུ་འཇུག་ལ། དེ་མི་རུང་བ་ཡང་མིན་ཏེ། འཇུག་ལྡོག་ཐམས་ཅད་ལ་ཚད་མས་ཐེ་ཚོམ་མཆོད་པ་དགོས་ན། ཞིང་ལས་དང་ཚོང་ལ་སོགས་པ་ལ་མི་རིགས་པར་འགྱུར་རོ། །དེས་ན་སྔ་མ་འདྲ་བའི་འཇུག་པའི་དབང་དུ་བྱས་ནས། སློབ་དཔོན་གྱིས་གསུངས་པ་ཡིན་པས་སྐྱོན་མེད་དོ། །དཀའ་འགྲེལ་ལས་ལུང་མ་གྲགས་པའི་རྗེས་དཔག་དང་མ་བྲལ་ན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་དང་བྲལ་ཡང་ལུང་ལ་ཡིད་ཆེས་པར་འགྱུར་རམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ། དངོས་སྟོབས་ཀྱི་ཞེས་སོགས་གསུངས་ཏེ། དེ་ཡང་ལུང་དང་འདྲ་བས། དེ་དང་བཅས་ཀྱང་ངེས་པར་མི་བྱེད་དོ། །ཞེས་བཤད་པའི་ལུང་གི་རྗེས་དཔག་ནི། དེ་མ་ཐག་ཏུ་བཤད་པའི་འཇུག་ཚུལ་དེ་ཡིན་གྱི་སྔ་མ་མིན་ནོ། །དོགས་གཅོད་བཞི་པ་ནི། ཟབ་མོ་སྟོང་པ་ཉིད་ཤིན་ལྐོག་ཡིན་ལ། སྒྲུབ་བྱེད་ཀྱང་ལུང་ཙམ་དུ་ཟད་དོ། །ཞེས་པ་ནི་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་རིགས་པའི་སྲོལ་བཟང་པོ་ནུབ་རྗེས་སུ་མཁས་པར་རློམ་པའི་རིགས་པ། མི་ཤེས་པ་འགའ་ཞིག་གིས་བཏགས་པའི་མུན་སྤྲུལ་ཡིན་གྱི། ལུང་ལས་མི་མཐུན་པ་གསུངས་པ་རྣམས་ཀྱི་དྲང་ངེས་འབྱེད་པ་དང་། བདག་མེད་པའི་དོན་ཁོ་བོ་ཅག་ཁས་ལེན་པ་ནི། རང་གི་ཁས་བླངས་པ་ཙམ་དུ་ཟད་ཀྱི་སྒྲུབ་བྱེད་ཡང་དག་པ་ཅི་ཡང་མེད་དོ། །ཞེས་བཟུང་


JLD015_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་རུང་བར་མཐོང་བའི་མཁས་པའི་དབང་པོ་རྣམས་ཀྱི་བཞེད་པ་ག་ལ་ཡིན། དེས་ན་གཅིག་དང་དུ་བྲལ་སོགས་ཀྱི་རྟགས་རྣམས་དངོས་སྟོབས་ཀྱི་རྟགས་སུ་སློབ་དཔོན་འདིས་བཞེད་པ་བཞིན། དབུ་མ་མཁས་མཁས་རྣམས་དང་འདྲ་སྟེ། འདི་ནི་སྟོན་པའི་བསྟན་པའི་སྙིང་པོ་ལ་ཚིག་ཙམ་མིན་པའི་ངེས་པ་བརྟན་པོ་བསྐྱེད་ནས་ཚེ་རབས་གཞན་དུའང་ལེགས་པར་འབྲང་བའི་བག་ཆགས་བཟང་པོ་འཇོག་པའི་ཐབས་བླ་ན་མེད་པ་ཡིན་པས། དེའི་བར་ཆད་མི་བྱའོ། །དེ་ལྟར་ན་སྤྱིར་དོན་གྱི་གཙོ་བོ་རྣམས་ལུང་རིགས་གཉིས་གཉིས་དང་ལྡན་པ་དང་། ཁྱད་པར་དུ་ཟབ་མོའི་གནས་ཤིན་ཏུ་ཕྲ་བ་རྣམས་ནི་ཀླུ་སྒྲུབ་ལ་སོགས་པའི་རིགས་པ་མིག་ལྟ་བུ་རྣམས་ཀྱིས་ལེགས་པར་བསྒྲུབ་ཅིང་། དོན་དེ་ཟབ་མོའི་ལུང་གིས་ཀྱང་བསྟན་པའི་གཉིས་ཟུང་དུ་འབྲེལ་པར་གཞུང་འདིར་འཆད་པ་འདི་འདྲ་བ་རྣམས་ནི། མཁས་པའི་སྐྱེ་བོའི་འདྲེན་པ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། རྣམ་དཔྱོད་དང་བརྩོན་པའི་མཐུ་མི་དམན་ཞིང་། སྙིང་ནས་ངེས་པའི་དོན་རྩད་གཅོད་པ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པའི་ཐབས་དམ་པར་ཟུངས་ཤིག །གཉིས་པ་ལ་གཉིས། གཅིག་དང་དུ་བྲལ་གྱི་སྦྱོར་བ་བཀོད་དེ་མདོར་བསྟན་པ་དང་། སྦྱོང་བ་དེའི་ཚུལ་བསྒྲུབས་པས་རྒྱས་པར་བཤད་པའོ། །དང་པོ་ནི། གང་དག་ཡང་དག་པར་ན་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་སྟེ། དེ་གཉིས་མ་ཡིན་པ་དེ་དག་ནི་དོན་དམ་པར་རང་བཞིན་མེད་དེ། དཔེར་ན་གཟུགས་བརྙན་བཞིན་བདག་དང་


JLD015_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་སྡེ་པས་སྨྲས་པའི་དངོས་པོ་འདི་དག་ཀྱང་ཡང་དག་པར་ན་གཅིག་དང་དུ་མའི་རང་བཞིན་མ་ཡིན་པས། ཞེས་བྱ་བ་ནི། ཁྱབ་བྱེད་མི་དམིགས་པའོ། །རང་བཞིན་ཡོད་པར་གྱུར་པ་སོགས་ཀྱིས་གཅིིག་དང་དུ་མ་ལ་ཕུང་གསུམ་སེལ་བ་འདི། གཅིག་དང་དུ་མ་མ་གཏོགས་པ། ཞེས་སོགས་ཀྱིས་ལྡོག་ཁྱབ་སྒྲུབ་པའི་སྐབས་སུ་འཆད་མོད་ཀྱང་། འདིར་བཤད་པ་ནི་རྟགས་འདི་ཁྱབ་བྱེད་མི་དམིགས་པར་བསྟན་པའི་ཕྱིར་དུ་ཡིན་ཏེ། རང་བཞིན་ལ་གཅིག་དང་དུ་མའི་རང་བཞིན་གང་རུང་གིས་ཁྱབ་པ་དང་། ཁྱབ་བྱེད་དེ་གཉིས་བཀག་པ་རྟགས་སུ་སྟོན་པའི་ཕྱིར་རོ། །འདི་ནི་དཀའ་འགྲེལ་གྱི་དགོངས་པའོ། །དེ་ཡང་རྒྱུ་དང་ཁྱབ་བྱེད་མི་དམིགས་པ་ལ། དོན་དང་ཐ་སྙད་སྒྲུབ་བྱེད་གཉིས་གསུངས་པས། འདི་ནི་ཁྱབ་བྱེད་མ་དམིགས་པའི་ཐ་སྙད་སྒྲུབ་ཡིན་གྱི། རང་བཞིན་མ་དམིགས་པ་མིན་པས། དོན་གྲུབ་ཟིན་པ་ཡང་དོན་ལྡོག་གི་དོན་དུ་མི་བཟུང་ངོ་། །རང་གི་སྡེ་པ་དང་ཞེས་སོགས་ནི་ཤུགས་ཀྱིས་བསྟན་པའི་བསྒྲུབ་བྱ་གསལ་དུ་བཏང་བའོ། །དཀའ་འགྲེལ་ལས་ནི་འདི་ཕྱོགས་ཀྱིས་ཆོས་སྡུད་པ་ཡིན་པར་བཤད་དེ། ཕྱོགས་ཆོས་ཀྱི་པས་ཞེས་པའི་བྱེད་པ་པོའི་ཚིག་གིས་བསྡུས་ནས་འཕངས་པ་བསྟན་པ་ལ་བྱེད་པ་བརྟག་གོ །འདིར་དཔྱད་པར་བྱ་བ་གཉིས་ཡོད་དེ་སྦྱོར་བ་འདི་ཐལ་རང་གཉིས་གང་ཡིན་བརྟགས་ན་མི་འཐད་པ་དང་། བརྟགས་ཆོས་གཉིས་དགག་པ་གཉིས། གང་ཡིན་


JLD015_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ན་མི་འཐད་པས་སོ། །དང་པོ་ནི། སྒྲུབ་པ་དང་སུན་འབྱིན་པའི་ངག་སྦྱོར་ཚུལ་གཉིས་ཀ་ཡང་སྔར་སྦྱོར་ན་བཀོད་པ་འདྲ་བ་གཅིག་བྱེད་པ་ནི་རྒྱ་གར་མཁས་པའི་ལུགས་སོ། །དེས་ན་འདི་ལ་གཉིས་སུ་དཔྱད་དེ་སྦྱོར་བ་འདི་སུན་འབྱིན་པའི་ངག་ཐལ་བར་སྦྱོར་བ་ཡིན་ནམ། །འོན་ཏེ་སྒྲུབ་པའི་ངག་རང་རྒྱུད་ཀྱི་སྦྱོར་བ་ཡིན། །དང་པོ་ལྟར་ན་མི་འཐད་དེ། རང་གཞན་གྱིས་སྡེ་པ་དངོས་སྨྲ་བ་རྣམས་ཀྱིས། ཆོས་ཅན་དུ་སྨྲས་པ་དེ། བདེན་པའི་གཅིག་དང་དུ་བྲལ་དུ་ཁས་མི་ལེན་ལ། ཐལ་འགྱུར་ལ་ནི་ཕ་རོལ་པོས་ཁས་བླངས་པ་རྟགས་སུ་བཀོད་ནས་གཞན་མི་འདོད་པ་འཕེན་པའི་གཅིག་དགོས་པའི་ཕྱིར་ཞེ་ན། དེ་ལ་གཞུང་འདིར་སྦྱོར་བ་འདིས་རང་བཞིན་མེད་པའི་ཐ་སྙད་བསྒྲུབ་པར་བཤད་ལ་ཐལ་འགྱུར་དུ་འབྱེད་པ་དངོས་སུ་མི་གསལ། ཡང་དབུ་མ་སྣང་བར་ཐལ་འགྱུར་དང་། རང་རྒྱུད་གང་དུ་བྱེད་ཀྱང་བྱས་པས་ཆོག་པར་བཤད་པས་ཐལ་བར་བསྒྲུབ་པ་ལ་སྐྱོན་མེད་ཚུལ་བཤད་ན། དབུ་མ་སྣང་བ་ལས་ཕ་རོལ་པོས་རྟགས་དངོས་སུ་ཁས་མ་བླངས་ཀྱང་། ཤུགས་ཀྱིས་ཁས་བླངས་པ་དང་། དེའི་རྒྱུ་མཚན་དུ་རྟགས་དེའི་ཁྱབ་བྱ་དངོས་སུ་ཁས་བླངས་པ་བཀོད་དེ། ཁྱབ་བྱ་དངོས་སུ་ཁས་བླངས་ན་ཁྱབ་བྱེད་ཤུགས་ཀྱིས་ཁས་བླངས་པས་སོ། །དེ་ལྟ་ན་རྒྱང་པན་གྱིས་ཀྱང་སྐྱེ་བ་སྔ་ཕྱི་དང་། ཐམས་ཅད་མཁྱེན་པ་ཁས་བླངས་པར་གྱུར་ཏེ། འདི་ལྟར་དེས་ཚེ་འདིའི་རིག་པ་ཁས་བླངས་ལ་དེ་ལ་ནི་སྐྱེ་བ་སྔ་མའི་རིག་པ་སྔོན་དུ་འགྲོ་བས་ཁྱབ་པའི་ཕྱིར་


JLD015_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འབྱུང་བ་བཞི་ཡོད་པར་ཁས་བླངས་ལ། དེ་ཡོད་པ་ལ་ཐམས་ཅད་མཁྱེན་པས་གཟིགས་པས་ཁྱབ་པའི་ཕྱིར་རོ། །དེ་འདྲ་བའི་རིགས་གཞན་ཡང་མང་ངོ་། །གལ་ཏེ་རྒོལ་བ་དེ་དག་གི་ཁས་བླངས་ཞེས་མི་སྨྲའི་ཤུགས་ཀྱིས་ཁས་བླངས་པ་ཙམ་མོ། །ཞེ་ན་དེ་ལྟ་ན་མི་འཐད་དེ། ཆོས་གཅིག་བརྗོད་པ་ན་དེ་ལ་ཁྱབ་བྱེད་དུ་ཡོད་པའི་ཆོས་ཐམས་ཅད་སྒྲ་དེས་ཤུགས་ལ་བརྗོད་པ་དང་། བློ་དེས་ཤུགས་ལ་ངེས་པར་འགྱུར་བའི་ཕྱིར་རོ། །དེས་ན་ཁྱབ་བྱ་ཁྱབ་པར་བ་ཇི་འདྲ་བ་ཞིག །དངོས་སུ་ཁས་བླངས་པས་བདེན་པའི་གཅིག་མིན་པ་ཤུགས་ཀྱིས་ཁས་བླངས་པའི་ཁྱབ་བྱ་སྟོན་ཅིག་ཅེ་ན། འདིར་ཁྱབ་བྱ་དང་ཁྱབ་བྱེད་སྤྱིར་འཆད་ན་སྐྱོན་སྔ་མ་ལྟར་འོང་བས་ཁྱད་པར་བ་ལ་འདོད་དགོས་སོ། །དེ་ཡང་དབང་ཕྱུག་རྟོག་པ་ལ་མཚོན་ན། དེ་གཅིག་གི་རང་བཞིན་དུ་ཁས་ལེན་ཚུལ་ནི། སྔ་དྲོའི་དུས་ན་གང་ཡོད་པའི་དབང་ཕྱུག་དེ་ཉིད་མ་ལུས་པ་ཕྱི་དྲོའི་དུས་ནའང་ཡོད་པར་འདོད་པས། སྔ་དྲོའི་དུས་ན་ཡོད་པའི་དབང་ཕྱུག་གི་ཆ་འགའ་ཞིག །ཕྱི་དྲོའི་དུས་ན་ཡོད་ཀྱང་ཆ་གཞན་འགའ་མེད་པར་ཡང་འདོད་པ་མིན་གྱི། སྔ་དུས་ན་ཡོད་པའི་ཆ་ཧྲིལ་པོ་ཕྱི་དུས་ན་ཡོད་ཅིང་། ཕྱི་དུས་ན་ཡོད་པའི་དབང་ཕྱུག་གི་ཆ་ཡིན་པའི་ཆ་སྔ་དུས་ན་མེད་པས། མེད་པར་འདོད་དོ། །དེས་ན་དབང་ཕྱུག་ཡིན་པའི་ཆ་ངོ་བོ་ཕན་ཚུན་དུ་ཐ་དད་པ་མི་འདོད་པ་ནི། དབང་ཕྱུག་གཅིག་ཏུ་འདོད་ལུགས་སོ། །འདི་ནི་རང་


JLD015_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱིས་བུམ་པ་ནི་གཅིག་གི་མཚན་གཞིར་འཇོག་ལ། སྔ་དྲོ་དང་ཕྱི་དྲོའི་དུས་གཉིས་སུའང་ཡོད་པར་འདོད་ཀྱང་། སྔ་དྲོའི་དུས་ཀྱི་བུམ་པ་དང་ཕྱི་དྲོའི་དུས་ཀྱི་བུམ་པ་གཉིས་གཅིག་ཏུ་མི་འདོད་ལ། དེ་གཉིས་དུ་མའི་མཚན་གཞིར་ཡང་འཇོག་པ་དང་མི་འདྲའོ། །དབང་ཕྱུག་གཅིག་གི་རང་བཞིན་དང་བྲལ་བར་དངོས་སུ་ཁས་མ་བླངས་ཞེས་པ་དེའོ། །གང་ཁས་བླངས་པས་དབང་ཕྱུག་དེ་དེ་འདྲ་བའི་གཅིག་མ་ཡིན་པར་ཤུགས་ཀྱིས་ཁས་བླངས་པའི་ཁྱབ་བྱ། དབང་ཕྱུག་དེས་སྔ་དྲོ་བདེ་བ་བསྐྱེད་པ་དང་། ཕྱི་དྲོ་སྡུག་བསྔལ་སྐྱེད་པར་བྱེད་པ་སོགས་ཀྱི་འབྲས་བུ་བསྐྱེད་པའི་རིམ་པ་དུ་མ་ཁས་བླངས་ན། དེའི་ཤུགས་ཀྱིས་དབང་ཕྱུག་གཅིག་མིན་པར་ཁས་བླངས་ཞེས་པ་གཅིག་ནི། དུས་སྔ་ཕྱི་དུ་མ་ན་ཡོད་པའི་དབང་ཕྱུག་ཐམས་ཅད་ངོ་བོ་ཐ་དད་མིན་པར་ངོ་བོ་གཅིག་ན་ཡོད་པའི་གཅིག་ཡིན་གྱི། སྔོན་པོ་གཅིག་ཏུ་ཁས་ལེན་པ་དང་། དེས་སྔོ་འཛིན་སྔ་ཕྱི་དུ་མ་རིམ་པ་ཅན་དུ་བསྐྱེད་པ་ལྟ་བུ་ལ་དེ་ལྟར་སྟོན་པ་མིན་ནོ། །ཆོས་དེ་ཆ་དུ་མ་དང་བཅས་པ་དང་། གཅིག་ཡིན་པ་འགལ་ན་གཅིག་མི་སྲིད་ལ་དེ་མེད་ན་དུ་མ་ཡང་མེད་ཅིང་དེ་གཉིས་མེད་ན་དེ་གཉིས་ལས་གཞན་པའི་ཕུང་གསུམ་མེད་པས་གང་ཡང་མི་སྲིད་པར་འགྱུར་བས། དེ་གཉིས་ནི་མི་འགལ་བས་དབང་ཕྱུག་ལ་རིམ་པ་དུ་མ་ཡོད་པར་འདོད་པ་ལ་གཅིག་མ་ཡིན་པར་འགྱུར་ཞེས་བསྟན་པ་ཡང་ཡིན་ལ། གཅིག་མིན་པའི་ཁྱབ་བྱ་ཁས་བླངས་ཞེས་པ་ཡང་མིན་ནོ། །


JLD015_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་བདེན་པའི་གཅིག་ཡིན་པ་དང་བྲལ་བའི་དོན་ཆ་དུ་མ་དང་བཅས་པ་མིན་པའི་ཆ་མེད་ཀྱི་གཅིག་ལ་བྱེད་ན། འབྲས་བུ་རིམ་ཅན་ལ་ཉེ་བར་སྦྱོར་བར་ཁས་བླངས་པ་ནི། བདེན་པའི་གཅིག་བྲལ་དུ་དངོས་སུ་ཁས་བླངས་པ་ཡིན་གྱི་ཤུགས་ཀྱིས་མིན་ནོ། །ཕྱོགས་འདིས་ནི་བདེན་པའི་གཅིག་མིན་པའི་ཁྱབ་བྱ་བཞི་གཞན་ལ་ཁས་བླངས་ཚུལ་ཡང་ཤེས་པར་བྱའོ། །གལ་ཏེ་སྦྱོར་བ་འདི་རང་རྒྱུད་དུ་བྱེད་ན། གཞན་གྱིས་སྨྲས་པའི་བདག་དང་། དབང་ཕྱུག་ལ་སོགས་པ་དང་། རང་སྡེས་སྨྲས་པའི་སྡུག་བསྔལ་དང་། ཤེས་པ་ཆ་མེད་ཀྱི་ཆོས་ཅན་མ་གྲུབ་པས། ཕྱོགས་ཆོས་མ་གྲུབ་པར་འགྱུར་བས། མི་འཐད་དོ་ཞེ་ན། འདི་དཀའ་འགྲེལ་ལས་གཞན་སྡེས་བཏགས་པའི་མ་གྲགས་པ་ལ་ནི། ཐལ་བར་སྒྲུབ་པ་ཁོ་ན་ཡིན་ལ་གྲགས་པའི་རང་གི་ངོ་བོ་རྣམས་ལ་ནི། གཉིས་ཀ་ལྟར་ན་ཡང་ཉེས་པ་མེད་ཅེས་འཆད་ཅིང་། ཆ་བ་ལ་སོགས་པ་བོད་ཀྱི་མཁས་པ་རྣམས་ཀྱིས་ཀྱང་། གཞན་གྱིས་བཏགས་པའི་ཆོས་ཅན་ལ་རང་རྒྱུད་མི་རུང་བར་འཆད་དོ། །དབུ་མ་སྣང་བ་ལས་ནི་སྔར་བཤད་པ་ལྟ་བུའི་ཆོས་ཅན་དུ་བཟུང་བ་ལ་ཡང་། རྟགས་ཆོས་རྣམ་བཅད་ཙམ་ཡིན་ན་རང་རྒྱུད་ཤིན་ཏུ་ཡང་རུང་བར་ལན་མང་དུ་བཤད་དེ། རྟགས་དང་ཆོས་གཞི་གྲུབ་ཁོ་ན་ལ་འཇུག་པ་ཡིན་ན་ནི། ཆོས་དེ་འདྲ་བ་ལ་ཐལ་འགྱུར་མིན་པ་རང་རྒྱུད་མི་རུང་ལ། རྟགས་ཆོས་མེད་དགག་གཞི་མ་


JLD015_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ལའང་མི་འགལ་བ་ཡིན་ན་ནི། ཆོས་ཅན་དེ་འདྲ་ལའང་རང་རྒྱུད་རུང་བ་ལེགས་པར་བསྒྲུབ་པ་ནི། སློབ་དཔོན་མཁས་པ་ཀ་མ་ལ་ཤཱི་ལའི་ལུགས་སོ། །དེས་ན་དཀའ་འགྲེལ་ལས་སྔར་ལྟར་བཤད་པ་འདི་དབུ་མ་སྣང་བ་དང་མི་མཐུན་ནོ། །དཀའ་འགྲེལའདི་ཀ་མ་ལ་ཤཱི་ལའི་ཡིན་པར་ཆོས་ཀྱི་བཤེས་གཉེན་ཡང་བཞེད་པས། འདི་ནི་སློབ་དཔོན་ཐུགས་མ་རྫོགས་པའི་སྐབས་སུ་གཅིག་ཏུ་མཛད་དམ་བརྟག་གོ །འོ་ན་ཆོས་ཅན་དེ་འདྲ་བ་ལ་རུང་ལུགས་ཇི་ལྟར་ཡིན་ཞེ་ན། འདི་ལ་བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོས། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པས་རང་བརྟེན་ལའོ། །ཞེས་རྟེན་ཏེ་ཆོས་ལ་མ་བསལ་པ་འཆད་པ་ན། ཆོས་ཅན་ལའོ་ཞེས་པ་ཙམ་མ་སྨོས་པར་རང་གི་ཆོས་ཅན་ཞེས་པའི་ཚིག་སྨོས་པའི་དགོངས་པ་དཔལ་ལྡན་ཆོས་གྲགས་ཀྱིས་བཤད་པའི་ཚེ། ཆོས་ཅན་འབའ་ཞིག་པ་དང་། བསྒྲུབ་བྱའི་ཆོས་གཉིས་ཚོགས་པའི་ཚོགས་དོན་བསལ་ཡང་ཆོས་དེས་བསྒྲུབ་བྱའི་ཆོས་རང་གི་རྟེན་ཆོས་ཅན་པས་སྐྱོན་མིན་ནོ། །དེས་ན་བསྒྲུབ་བྱའི་ཆོས་རང་གི་རྟེན་གྱི་ཆོས་ཅན་དང་དེ་གཉིས་ཚོགས་པ་བསལ་ན། སྐྱོན་ཡིན་པ་བསྟན་པའི་དོན་དུ་རྟེན་ཞེས་གསུངས་པ་བཤད་དོ། །ཆོས་ཅན་འབའ་ཞིག་པ་བཀག་པ་ལ་སྐྱོན་ཇི་ལྟ་བུ་ཡིན་པ་ནི། དཔེར་ན་མཁས་སོགས་གཞན་དག་གིས། ཞེས་སོགས་རྣམ་འགྲེལ་ལས་རྒྱས་པར་བཤད་དེ། བྱེ་བྲག་པའི་འདོད་པ་ལ་འབྱུང་ངོ་། །ཆོས་ཅན་འབའ་ཞིག་པ་ཞེས་


JLD015_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཆོས་ཅན་དུ་སྨྲས་ཀྱང་སྐབས་དེའི་བསྒྲུབ་བྱའི་ཆོས་ཀྱི་རྟེན་མིིན་པས། ཆོས་ཅན་ཡན་གར་བར་སོང་བའི་དོན་ནོ། །རང་རྒྱུད་ཀྱི་སྐབས་སུ་རྩོད་གཞིར་གར་བྱུང་དེ་ཉིད་ལ་ཕྱོགས་ཆོས་འགྲུབ་དགོས་ན། ཆོས་ཅན་འབའ་ཞིག་པ་དང་། རང་རྟེན་གྱི་ཆོས་ཅན་གཉིས་འབྱེད་པའི་དོན་མེད་པས་བདག་དང་གཙོ་བོ་སོགས་རྩོད་གཞིར་བཟུང་བའི་ཚེ། རང་རྒྱུད་ཀྱི་རྟགས་མི་རུང་ཞེས་པ་ནི། རིགས་པའི་དབང་ཕྱུག་གཉིས་ཀྱི་རང་གི་ལུགས་དང་། མུ་སྟེགས་ཀྱི་ཁྱད་པར་དབྱེ་བ་མ་ཕྱེད་པའོ། །ཚུལ་འདིས་མདོ་དང་རྣམ་འགྲེལ་གྱི་གཞུང་དྲངས་ནས་རྒྱས་པར་དབུ་མ་སྣང་བ་ལས་གསུངས་སོ། །འདི་ཡང་དབུ་མ་སྣང་བ་ལས་བདག་དང་གཙོ་བོ་སོགས་འགོག་པ་ནི་ཐལ་འགྱུར་ཙམ་གྱིས་མི་ཆོག་གི་རང་རྒྱུད་ཀྱི་རྟགས་ཀྱིས་ཀྱང་དགག་དགོས་པ་དང་། དེ་ཡང་རང་ལྡོག་ནས་དགག་དགོས་པ་གཉིས་ཀྱིས་རང་རྒྱུད་ཀྱི་སྦྱོར་བའི་རྩོད་གཞིར་བཟུང་དགོས་པ་དང་། དེའི་ཚེ་དེ་དག་དངོས་མེད་དུ་བསྒྲུབ་པའི་རྟགས་ཀྱིས་ཆོས་ཅན་བཀག་ཀྱང་། སྐྱོན་མ་ཡིན་པའི་ཚུལ་གཉིས་ཀྱིས་བསྒྲུབས་སོ། །ཕྱོགས་གླང་གིས་གསུངས་པའི་དོན་རྣམ་འགྲེལ་ལས། དཔག་བྱ་དཔོག་པར་བྱེད་པ་ཡི། །དོན་གྱི་ཐ་སྙད་གནས་པ་འདི། །ཤེས་པ་ལ་གྲུབ་ཐ་དད་ལ། །བརྟེན་ནས་རྣམ་པར་བརྟགས་པ་ཡིན། །ཞེས་གསུངས་པ་ལྟར་གཞི་དངོས་པོ་དགོས་པ་བྱས་པས་སྒྲ་མི་རྟག་པ་དང་།


JLD015_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བ་ལ་མེ་ཡོད་དུ་བསྒྲུབ་པ་ལ་ཡང་རྟོག་པ་ལ་སྒྲ་དང་ལ་གཉིས། དེ་གཉིས་མ་ཡིན་ལས་ལོག་པར་སྣང་བའི་དོན་ཉིད་དགག་སྒྲུབ་ཀྱི་དངོས་རྟེན་ཡིན་གྱི་སྒྲ་དང་ལ་ཉིད་དངོས་ཀྱི་རྟེན་མིན་ཏེ། དགག་སྒྲུབ་བྱེད་པའི་རྟོག་པ་ལ་དངོས་སུ་མི་སྣང་བའི་ཕྱིར་དང་། ཆོས་གཅིག་ཅིག་བསྒྲུབས་ན་དེའི་ཆོས་ཐམས་ཅད་ཅིག་ཅར་དུ་བསྒྲུབས་པར་འགྱུར་བའི་ཕྱིར་རོ། །འོན་ཀྱང་དེ་ལྟར་སྣང་བའི་སྣང་གཞི་ནི་སྒྲ་དང་ལ་ཡིན་པས་གཞི་དངོས་པོར་གྱུར་པ་དགོས། གཞི་ཆེན་དངོས་པོ་ཡིན་པ་མི་དགོས་པ་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྩོད་གཞིར་བཟུང་བ་ལ་ཡང་རྟོག་པ་ལ་གཙོ་བོ་དང་དབང་ཕྱུག་མ་ཡིན་པ་ལས་ལོག་པར་སྣང་བ་ནི་ཡོད་ལ། དེ་ཉིད་ལ་དམིགས་ནས་དངོས་པོར་མེད་ཅེས་བསྒྲུབ་པས་གཞི་དེ་ལ་ཕྱིར་རྒོལ་ལ་ཤེས་འདོད་དང་། སྔ་རྒོལ་ལ་དཔག་འདོད་མེད་པའི་སྐྱོན་མེད་ལ། སྣང་གཞི་དངོས་པོར་མེད་པ་དོན་བྱེད་པ་གཉིས་སྟོང་དང་། སྣང་གཞི་བདེན་པར་ཡོད་པ་བདེན་པའི་གཅིག་དུ་བྲལ་གྱི་བཀག་པ་ན། རྟགས་དེ་གཉིས་གཙོ་བོ་དང་དབང་ཕྱུག་མ་ཡིན་པ་ལས། ལོག་པར་སྣང་བ་དེ་ཉིད་ལ་འགྲུབ་ལ། དེ་ཉིད་བསྒྲུབ་བྱའི་ཆོས་གང་གི་ཆོས་སུ་འཇོག་པའི་ཆོས་ཅན་དང་། ཕྱོགས་ཀྱི་ཆོས་གང་གིས་ཆོས་སུ་བཞག་པའི་ཕྱོགས་སུ་བཏགས་པ་ཉིད་ཡིན་པས་ཆོས་ཅན་འབའ་ཞིག་པ་བཀག་པས་ཀྱང་ཕྱོགས་ཆོས་མི་འགྲུབ་པའི་སྐྱོན་མེད་དོ། །བྱས་པས་སྒྲ་མི་རྟག་པར་བསྒྲུབ་པ་ན། རྟོག་པ་ལ་སྒྲ་མ་ཡིིན་ལས་ལོག་པར་སྣང་བའི་སྣང་ལྡོག་དངོས་པོར་མེད་པས། བྱས་པ་


JLD015_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དེ་ལ་འགྲུབ་པ་མིན་གྱི། སྣང་གཞི་སྒྲ་ལ་གྲུབ་དགོས་ཏེ། དངོས་པོ་རྟགས་དང་བསྒྲུབ་བྱའི་ཆོས་སུ་བྱེད་པའི་གནད་ཀྱིས་སོ། །དོན་བྱེད་པས་སྟོང་པ་དང་དུ་བྲལ་རྟགས་སུ་བྱེད་པའི་ཚེ་ནི། སྣང་གཞི་དང་སྣང་ལྡོག་གཉིས་ཀ་རྟགས་དེ་ཡིིན་པར་གྲུབ་ཅིང་། སྣང་གཞི་རྟགས་དེ་ཡིན་པར་གྲུབ་ན། དེ་བཀག་ཀྱང་སྣང་ལྡོག་སྒྲུབ་ཆོས་དང་། ཕྱོགས་ཆོས་ཀྱི་ཆོས་གཉིས་བརྟེན་པའི་ཆོས་ཅན་དུ་འགྲུབ་པོ། །འདི་ནི་སྙིང་པོ་བསྡུས་པ་སྟེ། རྒྱས་པར་དབུ་མ་སྣང་བ་ལས་ཤེས་དགོས་སོ། །གཉིས་པ་ནི་སྦྱོར་བ་འདིའི་རྟགས་དང་། བསྒྲུབ་བྱའི་ཆོས་གཉིས་མེད་དགག་ཡིན་ནམ། མ་ཡིན་དགག་ཡིན་དང་པོ་ལྟར་ན་དགག་བྱའི་ངོས་ནས་འདི་མེད་པ་ཞེས་དགག་བྱ་བཅད་ཙམ་མིན་པ། རང་གི་ངོ་བོ་མེད་ལ་དེ་མེད་ན་ངོ་བོ་གཅིག་པ་མེད་པས་བདག་གཅིག་པ་མེད་པས་བདག་གཅིག་པའི་འབྲེལ་པ་མེད་ཅིང་། འབྲེལ་པ་གཞན་ཡང་མེད་པས་གོ་བྱ་དང་གོ་བྱེད་དུ་མི་རུང་ངོ་། མ་ཡིན་དགག་ཡིན་ན་ནི། གཅིག་དང་དུ་བྲལ་གྱི་དངོས་པོ་ཁས་བླངས་པར་འགྱུར་ལ། ཁོ་བོ་ཅག་དེ་མི་འདོད་པ་མིན་ནོ། །ཞེ་ན་འདི་ལ་སྣང་བ་ལས་ངོ་བོ་ཐ་དད་པ་མེད་པ་ཉིད་ཀྱིས་བདག་གཅིག་པའི་འབྲེལ་པ་དེ་གཉིས་ལ་ཡོད་པ་དང་། བདག་གཅིག་པའི་འབྲེལ་པ་ནི། དངོས་པོ་ཁོ་ན་ལ་མིན་ཏེ། དེའི་བདག་ཉིད་ནི་ངོ་བོ་ཐ་དད་མེད་པའི་རྣམ་གྲངས་ཡིན་ལ། ངོ་བོ་ཉིད་མེད་པ་དག་ཀྱང་བདག་མེད་པ་ཉིད་དུ་མཚུངས་པས་འགལ་བ་མེད་པ་ཁོ་ནའོ། ཞེས་གསུངས་ཏེ།


JLD015_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ལ་ངོ་བོ་ཐ་དད་ཁེགས་ན་ངོ་བོ་གཅིག་ཏུ་འགྱུར་ཞིང་གཅིག་ཡིན་པ་ཁེགས་པས་ངོ་བོ་གཅིག་པའི་ཐ་དད་པའི་བདག་གཅིག་འབྲེལ་པ་ཡོད་པས་ཁྱབ་པ་དང་། མེད་དགག་ཏུ་བཞག་པའི་རྟགས་ཆོས་གཉིས་ཀ་བདག་མེད་པའི་ངོ་བོར་འདྲ་བས་སོ། །སྙམ་དུ་དགོངས་ཏེ། བདེན་པ་མེད་པ་ནི་བདག་མེད་པའོ། །འོན་ཏེ་བདེན་པར་མེད་ཅེས་མ་བྱས་པར་བདེན་པ་མ་ཡིན་ཞེས་བརྗོད་ཀྱང་དེ་ཙམ་གྱི་དོན་དམ་པའི་ངོ་བོར་མི་འགྲུབ་སྟེ། ནམ་མཁའ་དང་སྒྲ་དོན་ལུས་ཅན་མ་ཡིན་པ་སོགས་ཀྱི་སྒྲས་བསྟན་པ་བཞིན་ནོ། །གཅིག་དང་དུ་བྲལ་གྱི་དངོས་པོ་ཡང་དག་པར་གྲུབ་པ་ཁྱེད་ལ་ཡང་མེད་དེ། དེ་གཉིས་གང་དུའང་མི་ཞེན་པར་དངོས་པོ་ཙམ་དུ་ཞེན་པ་རྟོགས་པ་ལའང་མེད་པའི་ཕྱིར་དང་། གཅིག་དང་དུ་མས་རང་བཞིན་སྣང་བ་ལས། རྟགས་ཆོས་གཉིས་ཀ་རྣམ་བཅད་ཙམ་ཡིན་པར་གསལ་བར་གསུངས་པའི་ཕྱིར་ན་མེད་དགག་ཁོ་ནའོ། །འདི་ལ་སྔར་གྱི་བོད་ཀྱི་མཁས་པ་ཁ་ཅིག་གཅིག་དང་དུ་བྲལ་གྱི་སྣང་བས་བདེན་མེད་ཀྱི་སྣང་བ་དང་། གཅིག་ཏུ་བྲལ་གྱིས་བདེན་མེད་ཀྱི་ཐ་སྙད་བསྒྲུབ་ན། མ་ཡིན་དགག་སྒྲུབ་ཡིན་ལ་གཅིག་དང་དུ་བྲལ་གྱི་དོན་དམ་གྱི་དངོས་པོའི་ཐ་སྙད་དུ་བྱར་རུང་བས་སྟོང་པ་སྒྲུབ་པ་ན་མེད་དགག་སྒྲུབ་པ་ཡིན་ཞེས་ཟེར་ཏེ་འོག་ཏུ་བཤད་པར་བྱའོ། །གཉིས་པ་ལ་གཉིས། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པའོ། །དང་པོ་ལ་གསུམ། རྟགས་གཉིས་བསྒྲུབ་པ་དང་། དེ་གཉིས་ཚད་མ་གང་གིས་གྲུབ་


JLD015_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རྟགས་ལུང་དང་སྦྱར་བའོ། །དང་པོ་ལ་གཉིས། བདེན་པའི་གཅིག་བྲལ་སྒྲུབ་པ་དང་། བདེན་པའི་དུ་བྲལ་སྒྲུབ་པའོ། །དང་པོ་ལ་གཉིས་ཤེས་བྱ་ལ་གཅིག་དགག་པ་དང་ཤེས་པ་ལ་གཅིག་དགག་པའོ། །དང་པོ་ལ་ལྔ། རྟག་པ་དང་། གང་ཟག་དང་། ཁྱབ་པ་དང་། རང་པ་དང་། ཕྲ་བ་ལ་གཅིག་དགག་པའོ། །དང་པོ་ལ་གསུམ། རྟག་པས་འབྲས་བུ་བསྐྱེད་པ་ལ་གཅིག་དགག་པ་དང་། རྟག་པས་འབྲས་བུ་མི་བསྐྱེད་པ་ལ་གཅིག་དགག་པ་དང་། རྟག་པ་དཔྱད་པའི་གཞིར་མི་འཛིན་པའི་ཚུལ་བསྟན་པའོ། །དང་པོ་ནི་གཏན་ཚིགས་འདི་ཞེས་པ་ནི། སྔར་གྱི་ཆོས་ཅན་ལ་རྟགས་གཉིས་འགྲུབ་ཚུལ་བསྟན་པའི་མཚམས་སྦྱོར། རང་གཞན་གྱི་སྡེ་པས་སྨྲས་པའི་དངོས་པོ་ལ་རྟག་མི་རྟག་གཉིས་སུ་ངེས་ལ། དེ་ལ་རྟག་པ་དང་གཙོ་བོ་ལ་སོགས་པ་ནི་འབྲས་བུ་ལ་རིམ་པ་ཅན་དུ་ཉེ་བར་སྦྱོར་བས་གཅིག་པུའི་རང་བཞིན་མིན་ནོ། །ཁ་ཅིག་སྦྱོར་བ་འདིའི་དམ་བཅའ་ལ་ཚད་མས་བསལ་བ་མེད་པས་སྒྲུབ་པའི་ཐལ་འགྱུར་དང་། རྟགས་མི་འགྲུབ་པས་སུན་འབྱིན་གྱི་ཐལ་འགྱུར་མིན་ལ། གཞན་གྱི་རྟགས་པ་ཆོས་ཅན་ཡིན་ན་མི་འགྲུབ་ལ། སྒྲ་དོན་ཆོས་ཅན་ཡིན་ན་རྟགས་མི་འགྲུབ་པས་རང་རྒྱུད་ཀྱང་མིན་པས་མི་འཐད་དོ། །ཞེས་པའི་ལན་དུ་རང་རྒྱུད་དུ་བྱེད་ལ། ཆོས་ཅན་ནི་སྒྲ་དོན་ཡིན་ཞིང་རྟགས་ནི་རིམ་གྱི་སྐྱེ་བར་སྣང་བ་ཡིན་ལ། དེ་རང་རིག་གིས་གྲུབ་པས་རྟགས་མ་གྲུབ་པའི་ཉེས་པ་མེད་དོ། །རིམ་གྱིས་སྐྱེ་བར་


JLD015_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་བདེན་ན་དུ་མར་བདེན་པས། གཅིག་མིན་ལ་རྫུན་ན་དངོས་མེད་ཡིན་པས་གཅིག་མིན་པས་ཁྱབ་པ་འགྲུབ་བོ། ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། གཅིག་དང་དུ་མས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བཤད་པ་ལྟར་ཡིན་པས། དངོས་མིན་དང་གཅིག་ཡིན་གཉིས་མི་འགལ་བའི་ཕྱིར་དང་། ཆ་མེད་ཀྱི་རྟགས་པའི་གཅིག་དང་འབྲས་བུ་རིམ་ཅན་དུ་བསྐྱེད་པ་གཉིས་ལ་འགལ་བ་སྟོན་པ་ཡིན་གྱི། འབྲས་བུ་རིམ་ཅན་དུ་སྐྱེ་ན་དུ་མ་ཡིན་དགོས་ཞེས་སྟོན་པ་གཏན་མིན་པའི་ཕྱིར་ཏེ། འབྲས་བུ་རིམ་ཅན་དུ་སྐྱེ་བ་དང་། གཅིག་ཡིན་པ་གཉིས་འགལ་ན་འབྲས་བུ་རིམ་ཅན་དུ་བསྐྱེད་པ་ཡིན་པའི་དུ་མ་ཡིན་པ་མི་སྲིད་པར་འགྱུར་ཏེ། དེའི་གཅིག་ཡིན་མི་སྲིད་པའི་ཕྱིར་དང་། དེའི་དུ་མ་ནི་གཅིག་བསགས་པ་ཡིན་པར་གཞུང་ལས་མང་དུ་བཤད་ལ། དེ་ལྟར་དུ་རང་ཡང་འདོད་པའི་ཕྱིར་ཏེ་དེས་ན་དོན་བྱེད་པ་གཉིས་རེ་རེ་ལ་ཡང་གཅིག་དང་དུ་མ་གཉིས་ཀ་ཡོད་དེ། གཞན་དུ་ན་དེ་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་རྟག་པ་སྔ་ཕྱི་ངོ་བོ་ཐ་དད་དུ་འདོད་པ་འོག་ནས་འགོག་པས། འདི་ནི་སྔ་ཕྱིའི་དུས་ཀྱི་རྟག་པ་རྣམས་གཅིག་ཏུ་འདོད་པ་འགོག་པ་ཡིན་ལ། དེ་ཡང་དེ་འདྲ་བའི་དེས་འབྲས་བུ་བསྐྱེད་ན་ཅིག་ཅར་དུ་སྐྱེ་དགོས་པས་རིམ་ཅན་དང་འགལ་བ་སྟོན་པ་ནི། དེ་དག་གི་འབྲས་བུ་རྣམས་ཞེས་པ་ནས་ག་ལ་འགྱུར་གྱི་བར་གྱིས་སྟོན་ཏེ། རྒྱུ་མ་ཚང་བ་མེད་པ་དང་། རྒྱུ་ནུས་པ་ཐོགས་མེད་དུ་ཡོད་པས། འབྲས་བུ་རིམ་གྱིས་འབྱུང་བ་མི་


JLD015_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པ་དང་། གཞན་དུ་ན་རྒྱུའི་རྗེས་སུ་འགྲོ་ལྡོག་མི་བྱེད་པས། འབྲས་བུ་མིན་པར་བསྟན་ཏེ། ལྷན་ཅིག་བྱེད་པའི་རྒྱུ་མ་ཚང་བར་སྨྲ་བ་འགོག་པ་ན། རྟག་པ་རྐྱེན་ལ་མ་བལྟོས་པ་དང་། རྐྱེན་མ་ཚང་བ་ཉིད་མི་འཐད་པ་ནི། བྱེ་བྲག་ཏུ་ཞེས་པ་དང་། གཞན་ལ་ཞེས་པས་བསྟན་ནོ། །རིགས་པ་དེས་གཞན་གྱི་རྩོད་སྤང་ཡང་མི་འཐད་པ་ནི། འདིས་ནི་ཞེས་པའོ། །དེས་ན་ཁས་བླངས་རྟགས་སུ་བཀོད་ནས་གཞན་མི་འདོད་པའི་ཐལ་བ་ཁྱབ་པ་ཚད་མས་སྒྲུབ་པ་ཡིན་པས་སུན་འབྱིན་པའི་ཐལ་བའོ། །འབྲས་བུ་རིམ་ཅན་དུ་བསྐྱེད་པ་ན་སྔར་བསྐྱེད་པ་དེ་ཕྱི་དུས་དང་། ཕྱིས་བསྐྱེད་པ་དེ་སྔ་དུས་སུ་མི་བསྐྱེད་པར་སྨྲ་དགོས་པས། སྔ་དུས་ཀྱི་རྟག་པ་དང་། ཕྱིས་དུས་ཀྱི་རྟག་པ་གཉིས་རང་བཞིན་ཁྱད་པར་མེད་དུ་མི་འདོད་ན། དེ་ཉིད་ཆ་མེད་ཀྱི་གཅིག་ཡིན་པ་རྣམས་ལ། འདོད་ན་ཕྱིས་ཀྱི་འབྲས་བུ་དེ་སྔར་ཡང་བསྐྱེད་པ་དང་། ཡང་ན་ཕྱིས་ཀྱང་མི་བསྐྱེད་པར་འགྱུར་བའི་སྐྱོན་ཡོད་དོ། །རང་ལ་མི་མཚུངས་པ་ནི་སྔ་ཕྱིའི་དུས་ན་ཡོད་པ་གཉིས་གཅིག་ཏུ་མི་འདོད་པས་སོ། །དེས་ན་འབྲས་བུ་རིམ་གྱིས་བསྐྱེད་པས་གཅིག་ཡིན་པ་ཙམ་འགོག་པ་མིན་ནོ། །གཉིས་པ་ནི། རང་གི་སྡེ་པ་ནི་བྱེ་བྲག་ཏུ་སྨྲ་བའོ། །དེས་ནི་འདུས་མ་བྱས་གསུམ་རྟག་དངོས་སུ་འདོད་དོ། །བསྒོམས་སྟོབས་ལས་བྱུང་བའི་ཤེས་པ་ནི། རྣལ་འབྱོར་མངོན་སུམ་མོ། །དེའི་དམིགས་པ་ནི་སོ་སོར་བརྟགས་འགོག་འགོག་བདེན་ཡིན་གྱི་གཞན་གཉིས་མིན་ནོ། །


JLD015_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་མེད་པ་ནི། རང་འཛིན་བྱེད་ཀྱི་ཤེས་པ་སྐྱེ་བ་ལའང་ནུས་པ་མེད་པའོ། །དེ་དག་གི་ལྟར་ན་འདུས་མ་བྱས་སྔ་ཕྱིའི་དུས་ན་ཡོད་པའི་རང་བཞིན་ཁྱད་མེད་གཅིག་ཏུ་ཁས་ལེན་པ་ལ་སྔར་གྱི་གནོད་པ་མེད་དོ། །འབྲས་བུ་རིམ་ཅན་ལ་ཉེ་བར་སྦྱོར་བ་མི་འདོད་པས་སོ། །སྙམ་པས་སོ། །རིགས་པ་སྔ་མ་དང་འདྲ་བར་སྟོན་པ་ནི། གལ་ཏེ་འདི་ལྟར་ཞེས་སོགས་སོ། །འདིས་ནི་གཅིག་ཏུ་འདོད་ལུགས་སྔ་མ་དང་འདྲ་བས་འབྲས་བུ་ལ་སྦྱོར་བ་ཁས་ལེན་ཀྱང་ཤེས་པ་རིམ་ཅན་གྱི་ཤེས་བྱར་ཁས་ལེན་པས། སྔར་གྱི་རིགས་པ་འདོན་པ་སྤོས་པས་ཆོག་པར་བཞེད་དོ། །འདི་སྔ་མ་གཉིས་ཀས་གཅིག་ཏུ་ཁས་བླངས་ལུགས་ལེགས་པར་ཤེས་ནས་དེས་སྐྱོན་ཁུར་ལུགས་ཤེས་དགོས་པ་གནད་ཡིན་གྱི་གཅིག་ཙམ་འགོག་པ་ལ་སྦྱོར་བ་རྣམས་གཏན་མིན་ནོ། །ཡུལ་དང་ཞེས་པས་ནི། ཤེས་པ་རིམ་ཅན་གྱི་ཤེས་བྱ་དང་། དུས་སྔ་ཕྱི་ན་ཡོད་པ་རང་བཞིན་གཅིག་ཡིན་པ་མི་འགལ་བའི་རྒྱུ་མཚན་དེ་གཉིས་ཡུལ་དང་ཡུལ་ཙམ་དུ་ཁས་ལེན་གྱི་ཕན་ཚུན་དུ་ཁྱད་པར་བསྐྱེད་པ་ནི་མིན་ནོ། །འདི་ལྟར་ཞེས་པས་ཉེས་པ་སྤོང་མི་ནུས་པར་སྟོན་ནོ། །འདིར་དཔྱད་པར་བྱ་སྟེ། ཤེས་པ་སྔ་མའི་དུས་ན་ཡོད་པའི་འདུས་མ་བྱས་དེ་ཤེས་པ་ཕྱི་མའི་དུས་ནའང་ཡོད་དམ་མེད། དང་པོ་ལྟར་ན་རྣམ་ཤེས་ཞེས་སོགས་ཀྱིས་འགོག་གོ །སྔ་དུས་ན་ཡོད་དུས་ཤེས་པ་ཕྱི་མས་མི་ཤེས་ན་ཤེས་པ་སྔ་མའི་ཤེས་བྱར་སོང་ལ། ཤེས་པ་ཕྱིའི་མའི་ཤེས་བྱར་མ་སོང་བའི་སྐབས་གཅིག་སྲིད་པ་དགོས་


JLD015_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་སྲིད་ན་སྔ་དུས་ན་ཡོད་པའི་འདུས་མ་བྱས་ཏེ། དུས་དེར་ཤེས་པ་ཕྱི་མས་མི་ཤེས་པས་དེ་ཕྱིས་ཀྱང་ཤེས་པ་མི་འཐད་དེ། སྔར་མ་ཤེས་པའི་རང་བཞིན་དེ་སྔ་དུས་སུ་ཟད་དུས་ནམ་ཡང་མི་འདོར་བར་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་ལྟར་ཁས་མི་ལེན་ན་དུས་གཉིས་པ་ན་མེད་པའི་འདུས་མ་བྱས་དེ་ཆ་མེད་པའི་གཅིག་ཡིན་པ་ཉམས་སོ། །ཡང་སྔ་དུས་ན་ཤེས་པ་སྔ་མའི་ཤེས་བྱར་སོང་བའི་རང་བཞིན་དེ་དུས་ནམ་ཡང་མི་འདོར་ན། ཕྱི་དུས་སུའང་། ཤེས་པ་སྔ་མས་ཤེས་པར་ཁས་བླངས་དགོས་ལ། དེ་ལྟ་ན་ཤེས་པ་ཡོད་དུས་དར་མེད་པ་དང་། དུས་དེར་ཤེས་པ་དེས་དེ་ཤེས་པ་གཉིས་འགལ་ཏེ། རིགས་པ་དེ་གཉིས་ནི་ཤེས་པ་ཕྱི་མའི་ཤེས་བྱ་སྔ་མར་འབྲང་བ་ལ་ཡང་ཤེས་པར་བྱའོ། །དེས་ན་རིགས་པ་འདིས་རང་སྡེའི་འདུས་མ་བྱས་ཀྱི་དངོས་པོ་སྔ་ཕྱི་གཅིག་ཡིན་པ་མི་ཁེགས་ན་གཞན་སྡེས་གཙོ་བོ་ལ་སོགས་པ་འབྲས་བུ་རིམ་ཅན་ལ་སྦྱོར་བར་ཁས་བླངས་པས། རྟག་དངོས་ཀྱི་གཅིག་ཡིན་པ་འགོག་མི་ནུས་པ་རྣམ་པ་ཐམས་ཅད་དུ་མཚུངས་ཏེ། རིགས་པ་གཉིས་དོན་གཅིག་ཏུ་སྣང་བའི་ཕྱིར་རོ། །འདི་རྣམས་ལེགས་པར་ཤེས་ན་དབུ་ཚད་ཀྱི་རིགས་པ་རགས་པའང་མི་ཤེས་པར་ལུང་གི་ཚིག་ཙམ་ལ་བརྟེན་ནས་བོད་འགའ་ཞིག་གིས་སྔ་ཕྱིའི་དུས་ན་ཡོད་པའི་རང་བཞིན་ཁྱད་མེད་ཀྱི་ཆ་མེད་གཅིག་ཏུ་གྱུར་པའི་ཆོས་ཉིད་རྟག་པ་ཁས་བླངས་ནས། དྲི་མ་རིན་ཅན་དུ་སྦྱོང་བ་དང་ཤེས་པ་


JLD015_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཅན་གྱི་ཤེས་བྱར་ཁས་ལེན་པ་སོགས་ཀྱི་ལོག་རྟོག་ཐམས་ཅད་ལྷག་མ་མེད་པར་ཁེགས་པར་འགྱུར་རོ། །འདི་ལ་སྔར་གྱི་བཤད་པ་བྱེད་པ་རྣམས་སྔར་ལྟར་རིགས་པའི་གནད་མ་རྟོགས་པར་གཟུང་ཡུལ་གཅིག་ཡིན་ན་དེ་འཛིན་གྱི་ཤེས་པ་གཉིས་གཅིག་ཏུ་འགྱུར་པའི་གནོད་པ་བསྟན་པར་གོ་ནས་དགག་བཞག་དུ་མ་ཞིག་བྱེད་པར་སྣང་མོད་ཀྱང་རྩ་བ་མ་ཟིན་པའི་མཐའ་གཅོད་དུ་སྣང་ངོ་། །རྟག་པ་གཉིས་པ་འདོད་ན་འདུས་མ་བྱས་མིན་པ་དང་། དེའི་ལན་འགོག་པ་ནི་ཅི་སྟེ་ཞེས་པ་ནས་གསལ་བར་ཤེས་སོ། །ཞེས་པའི་བར་དུ་སླའོ། །འདུས་མ་བྱས་གཞན་གཉིས་ཀྱང་ཤེས་པ་གཞན་གྱི་རིམ་ཅན་དུ་ཤེས་པར་འདོད་པས་དེ་འགོག་པའི་ཡང་སྔར་བཞིན་དུ་བྱའོ། །དེ་ལྟར་དུས་སྔ་ཕྱི་དུ་མ་ན་ཡོད་པའི་འདུས་མ་བྱས་སྔ་མ་ན་གང་ཡོད་ཕྱི་མ་དང་། ཕྱི་མ་ན་གང་ཡོད་སྔ་མ་ན་ཡོད་པའི་རྟག་པ་འདོད་པ་ལེགས་པར་སུན་ཕྱུང་བ་འདིས་ནི། སྔ་ཕྱིའི་དུས་ན་ཡོད་པ་ཆ་མེད་ཀྱི་རང་བཞིན་གཅིག་པའི་རྟག་པ་ནི་ཤེས་བྱ་ལ་མི་སྲིད་པ་སྟོན་ནོ། །དེ་ལྟར་བསྟན་པ་ན་རྟག་པའི་འདོད་ལུགས་མུ་སྟེགས་དང་རང་གི་ལུགས་ཀྱི་ཁྱད་པར་མ་ཕྱེད་པ་རྣམས་རྟག་པ་རང་འདུས་མ་བྱས་ཙམ་མི་སྲིད་པར་སྨྲ་ཞིང་། གཞལ་བྱས་སྒྲ་རྟག་པར་བསྒྲུབ་པ་ཐུན་མོང་གི་མ་ངེས་པར་གསུངས་པ་ཡང་འགལ་པར་འདོད་པ་དག་གིས་ནི། ཐོག་མ་ཐུན་མོང་ལས་འདུས་མ་བྱས་གསུམ་ཆོས་ཀྱི་སྐྱེ་མཆེད་དུ་བཤད་ཅིང་ཐོབ་བྱའི་ཆོས་མྱང་ངན་ལས་འདས་པ་དང་། འཕགས་པའི་བདེན་པ་


JLD015_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གསུངས་པའི་འགོག་བདེན་དང་། ཐུན་མོང་མིན་པའི་གསུང་རབ་རྣམས་ལས་ཆོས་ཉིད་དེ་ཁོ་ན་ཉིད་ཀྱི་དོན། དོན་དམ་པའི་བདེན་པ་འདུས་མ་བྱས་སུ་ལན་ཅིག་མ་ཡིན་པར་གསུངས་པ་རྣམས་ལ་མེད་དོ་ཞེས་སྐུར་བ་འདེབས་པར་བྱེད་དོ། །དེ་ནི་མི་འཐད་པས་རང་གི་འདུས་མ་བྱས་ཁས་ལེན་ཚུལ་ཤེས་པར་བྱའོ། །དེ་ཡང་རྟག་པར་འདོད་ཕྱིན་ཆད་དུས་སྔ་མ་ནི་ཡོད་ཚད་གང་ཡིན། དུས་ཕྱི་མ་ནའང་ཡོད་པར་འདོད་པ་ནི། མུ་སྟེགས་ཀྱི་འདོད་པའི་རྟག་པའི་དོན་ཡིན་ལ། སྐྱེ་བོ་བླུན་པོའི་རྟག་པར་འཛིན་ཚུལ་ཡང་དེ་ཡིན་ཏེ་རྟག་པའི་དོན་འདི་ལྟར་བྱེད་པ་ནི་རང་སྡེ་ལ་བྱེ་བྲག་ཏུ་སྨྲ་བ་མ་གཏོགས་པ། མདོ་སྡེ་པ་དང་སེམས་ཙམ་པ་དང་། དབུ་མ་པ་སུ་ཡང་མི་འདོད་དོ། །དེས་ན་རྣམ་འགྲེལ་ལས་གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། ཅེས་གསུངས་པ་ལྟར་འཇིག་པ་མེད་པའི་ཆོས་ནི་རྟག་པའི་དོན་ཡིན་གྱི་སྔར་ལྟར་མི་འདོད་དོ། །དེ་འདྲ་བའི་འདུས་མ་བྱས་ནི། རྫ་བུམ་ཞིག་པའི་ཞིག་པ་ནི། སྔར་རྫ་བུམ་མ་ཞིག་པའི་དུས་ན་མེད་ལ་ཕྱིས་ཡོད་ཀྱང་རྟག་པར་འཇོག་དགོས་པ་ལྟར། དུས་ཐམས་ཅད་པ་རྟག་པ་ལ་མི་དགོས་ཏེ། མཐོང་སྤང་སྤངས་པའི། སྤངས་པ་སོ་སོར་བརྟགས་འགོག་སྤང་བྱ་དེ་མ་ཟད་བར་དུ་མེད་ཀྱང་ཟད་པའི་དུས་སུ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་སྒོམས་སྤང་དགུ་ཟད་པ་ལ་ཡང་སྦྱར་ལ། སྐད་ཅིག་མ་སྔ་མ་ཕྱི་དུས་སུ་ཞིག་པ་ལ་


JLD015_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཞིག་པ་ཐམས་ཅད་ལ་ཡང་སྦྱར་རོ། །དཔལ་ལྡན་ཟླ་བའི་ཞབས་ཞིག་པ་དངོས་པོར་བཞེད་པའི་རྗེས་སུ་ཁོ་བོ་ཅག་ཀྱང་འབྲང་མོད་ཀྱང་། འདི་སློབ་དཔོན་འདི་ལ་སོགས་པ་གཞན་གྱི་བཞེད་པ་ལྟར་བྱའོ། །ཆོས་ཉིད་ཡིན་པའི་གློ་བུར་དྲི་བྲལ་གྱི་སྤངས་པ་ནི། སྔར་བཤད་པ་དང་འདྲ་སྟེ། རང་བཞིན་རྣམ་དག་གི་དབང་དུ་བྱས་ན་ཆོས་ཅན་སྔ་མའི་སྟོང་ཉིད་ཆོས་དེ་ལོག་པ་ན་ལྡོག་པས། ཆོས་དེ་མེད་པའི་དུས་ན་མེད་པས་དུས་རེས་འགའ་བ་ཡིན་ཀྱང་མི་རྟག་པར་མི་འགྱུར་ཏེ། དགག་བྱ་རྣམ་པར་བཅད་ཙམ་གྱི་མེད་དགག་ཡིན་པའི་ཕྱིར་དང་། ཁྱད་གཞི་ལོག་པ་ན་ཁྱད་ཆོས་ལྡོག་པའི་ཕྱིར་རོ། །དུས་སྔ་ཕྱི་དང་འབྲེལ་བའི་ཆོས་ཉིད་དེཉིད་དེ་ནི་གཅིག་མཚན་གཞིར་རུང་ཡང་དེའི་ཆ་དུ་མ་ནི་ཡོད་དོ། །དེ་ལྟ་མིན་པར་རྟག་པ་གང་ཡིན་ཐམས་ཅད་ན་ཡོད་པར་འདོད་ན། དངོས་པོ་སྔ་མ་ཕྱི་མའི་དུས་ན་ཞིག་པར་འདོད་པ་དང་། རྣམ་ཤེས་ཐོག་མ་མེད་པ་ནས་ཡོད་པས་དངོས་པོ་ལ་མ་ཞིག་པའི་སྐབས་མི་སྲིད་པ་དང་མེ་ཏོག་ལྟ་བུ་དགུན་མེད་པའི་མེད་དགག་རྣམས་དུས་ཐམས་ཅད་དུ་ཡོད་པས། དབྱར་ཡང་མེ་ཏོག་མེད་པ་དང་། མཐོང་སྤང་དང་སྒོམས་སྤང་ལམ་བསྒོམས་པས་ཟད་པའི་འགོག་པ་རྣམས་ཀྱང་། འཁོར་བ་ཐོག་མེད་ནས་ཡོད་དགོས་པས། ལུས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བ་སོགས་ཀྱི་གནོད་པ་དུ་མ་ཞིག་འོང་། དེས་ན་བུམ་པ་ལྟ་བུ་དགག་བྱ་དེ་མེད་པའི་ཚེ། དེ་མེད་པའི་མེད་དགག་དངོས་མེད་ཡོད་པར་འཇོག་པ་དང་མྱུ་གུ་ས་བོན་གྱིས་བསྐྱེད་པའི་ཚེ། ཡོད་པ་ལྟ་བུ་དང་། ཡོད་ཚུལ་མི་མཚུངས་ཏེ། སྔ་མས་


JLD015_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་འཇོག་པ་ནི། རང་གི་ངོ་བོའི་སྒོ་ནས་མིན་གྱི་བུམ་པ་ལྟ་བུ་འདི་འདྲ་བ་གཅིག་མེད་པས་ཞེས་དགག་བྱ་བཅད་ལྡོག་ནས་འཇོག་པ་མིན་པ་རང་གི་ངོ་བོའི་སྒོ་ནས་བཞག་ཏུ་མེད་པའི་ཕྱིར་དང་། ཕྱི་མ་ནི་གཞན་བཅད་པའི་སྒོ་ནས་འཇོག་མི་དགོས་ལ། རང་གི་ངོ་བོའི་སྒོ་ནས་བཞག་པས་ཆོས་པའི་ཕྱིར་རོ། །ཡང་བུམ་པ་དེ་ཡོད་པའི་དུས་ན་དེ་མེད་པའི་མེད་དགག་ཡོད་པར་འཇོག་པ་ནི་རང་གི་ངོ་བོ་ཞིག་པ་མིན་གྱི་དགག་བྱེད་ཡོད་པའི་སྒོ་ནས་ཡིན་པས། དེ་འདྲ་བའི་དུས་རེེས་འགའ་བ་ཡོད་ཀྱང་སར་དུ་ཡོད་པའི་ཚེ་སྐྱེས་པ་དང་གསར་དུ་མེད་པའི་ཚེ་འཇིག་པར་སོང་བ་མིན་པས་མི་རྟག་པར་ཐལ་བའི་སྐྱོན་མེད་དོ། །གསུམ་པ་ནི། འདི་ཐམས་ཅད་ཅེས་སོགས་སོ། །འདིར་རྟོག་ལྡན་གྱི་དོན་བྱེད་ནུས་བརྟག་པའི་ཡུལ་དུ་བྱེད་པས། དོན་བྱེད་ནུས་སྟོང་ལ་མི་དཔྱོད་ཅེས་གསུངས་པའི་དོན་ལ། དཀའ་འགྲེལ་མཁན་པོ་ན་རེ་སྒྲ་མི་རྟག་པར་སྒྲུབ་པ་ལ་དོན་བྱེད་ནུས་ཀྱི། ཡོད་པ་རྟགས་སུ་བཀོད་པ་ལ་གཞན་སྡེ་རྟག་པའི་ཡོད་པ་མ་ངེས་པར་སྨྲ་བ་སུན་འབྱིན་པ་ཡིན་ཟེར་ལ། འདིས་སྔ་མ་ལས་སུན་འབྱིན་གཞན་ཡང་བསྟན་ཞེས་པ་ནི་འགལ་བ་ཡིན་ཏེ། སྔ་མ་ལྟར་ཡིན་རྟག་པས་དོན་བྱེད་པ་སྔར་རྒྱས་པར་བཀག་པའི་རིགས་པ་ལས་རིགས་པ་གཞན་མི་སྣང་བས་སུན་འབྱིན་གཞན་དུ་མི་འགྱུར་བའི་ཕྱིར་རོ། །གཞུང་ནས་རྟག་པ་དཔྱོད་པའི་གཞིར་མི་རུང་བའི་རྒྱུ་མཚན་གཏན་གྱི་དོན་བྱེད་ནུས་ཀྱི་ཡོད་པས་མི་རྟག་པ་བསྒྲུབ་པ་ན། རྟག་པའི་མ་ངེས་


JLD015_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྗོད་པ་ལ་རྟགས་མ་གྲུབ་པར་སྟོན་པ་གཏན་མིན་ནོ་ཞེས་སྟོན་པའི་ཕྱིར་རོ། །བོད་ཀྱི་མཁས་པ་ཁ་ཅིག་རྟག་པ་དོན་བྱེད་པའི་ནུས་པར་སྟོང་པར་ཕ་རོལ་པོས་ཁས་བླངས་པ་ལ་དཔྱད་བཟོད་ཀྱི་དོན་བྱེད་པས་སྟོང་པར་སྒྲུབ་མི་དགོས་ཞེས་སྟོན་པ་ཡིན་ཟེར་བ་ཡང་གཏན་མིན་ཏེ། རང་སྡེ་ལ་དེ་ལྟར་དུ་སྒྲུབ་དགོས་སམ་སྙམ་པའི་ལོག་རྟོག་མེད་པས་གཞི་དེ་ལ་དེ་ལྟར་སྒྲུབ་མི་དགོས་ཞེས་སུ་ལ་སྒྲུབ་གཞན་སྡེ་ལ་ཡིན་ན་ནི། རྟག་པ་ནུས་པས་སྟོང་པར་ཁས་མི་ལེན་ཞིང་། སྔར་ཁས་མི་ལེན་ཀྱང་རིགས་པས་བསྒྲུབས་ཟིན་ནས་ཁས་ལེན་པའི་དབང་དུ་བྱེད་ན། དེ་ལ་གཙོ་བོ་ལ་སོགས་པ་ནུས་པས་སྟོང་པར་གྲུབ་ན་ཡེ་མེད་དུ་ཡང་གྲུབ་ཟིན་པས། གཞི་དེ་ལ་དཔྱད་བཟོད་ཀྱི་དོན་བྱེད་ནུས་སྟོང་དུ་སྒྲུབ་དགོས་སམ་སྙམ་པའི་ལོག་རྟོག་སུ་ལ་ཡོད་སྟོན་ཅིག །འོ་ན་ཇི་ལྟར་ཡིན་སྙམ་ན་འདི་ལ་ཆོས་གྲགས་ཀྱི་ལུང་དྲངས་པའི་ཚིགས་བཅད་ཕྱེད་ཕྱི་མའི་དཔེ་བསྟན་པ་ངེས་ན་གོ་སླ་བས་དེ་བཤད་ན་སྟོན་པ་པོ་ནི་བུད་མེད་འདོད་པ་བསྟེན་པ་དོན་དུ་གཉེར་བས་ཏེ། དཔྱོད་གཞི་དེ་ལས་རང་གི་འདོད་དོན་དེ་འགྲུབ་ཏུ་རེ་ནས་དཔྱོད་པའོ། །དཔྱོད་པའི་གཞི་ནི། མ་ནིང་འགའ་ཞིག་གོ །དཔྱོད་ཚུལ་ནི་གཟུགས་མཛེས་མི་མཛེས་རྟོག་པའོ། །དེ་ལྟར་དཔྱོད་མི་རིགས་པའི་རྒྱུ་མཚན་ནི། གཞི་དེ་གཟུགས་མཛེས་ཀྱང་གང་གི་དོན་དུ་དཔྱད་པའི་རང་གི་དོན་དེ་ལས་མི་འགྲུབ་པའི་ཕྱིར་ཞེས་པའི་དོན་གྱི་བལྟའོ། །དཔེ་དོན་སྦྱོར་ཚུལ་ལ་བུད་མེད་དང་འདྲ་བ་ནི་རྒོལ་བ་རྟོག་ལྡན་གྱི་དཔྱོད་པ་པོ་སྟེ། དེ་ཡང་


JLD015_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པའི་གཞི་དེ་ལས། རང་འདོད་པའི་འབྲས་བུ་འགྲུབ་ཏུ་རེ་བ་ཡིན་གྱི། རྒོལ་བ་རྟོག་ལྡན་གྱིས་དཔྱོད་པའི་གཞིར་འཛིན་ན། དོན་བྱེད་ནུས་པ་ཅིག་དགོས་ཞེས་སྟོན་པ་མིན་ནོ། །དཔྱོད་པའི་གཞི་ནི་སྐབས་སུ་གང་བབ་པས་སོ། །དཔྱོད་པའི་ཚུལ་རང་བཞིན་གཅིག་ཏུ་ཡོད་མེད་སོགས་སོ། །དེ་འདྲ་བ་དེ་ལ་རྟག་པ་ཁྱད་གཞིར་འཛིན་ན་ནི། འདོད་པ་བསྟེན་ནུས་ཀྱི་སྐྱེས་བ་ཁྱད་གཞིར་བཟུང་ནས་དཔྱོད་པ་དང་འདྲ་བས། ཁྱད་ཆོས་ལ་དཔྱོད་པ་འཐད་དོ། །གང་གི་དོན་དུ་དཔྱད་པའི་འབྲས་བུ་དེ་གཞི་དེས་སྒྲུབ་ནུས་མི་ནུས་ཀྱི་ཁྱད་པར་ཡོད་པའི་ཕྱིར་རོ། ཞེས་པའི་དོན་ནོ། །ཕྱི་རོལ་པས་ཀྱང་བདེ་སྡུག་ལ་སོགས་པའི་འབྲས་བུ་རྣམས་འབྱུང་བ་ལ། དེའི་རྒྱུ་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་འགྲུབ་དགོས་པར་མཐོང་ནས་དེ་དག་དཔྱད་གཞིར་གཟུང་བ་ཡིན་ནོ། །དེ་ལྟར་བྱས་ན་ཕྱི་རོལ་བ་རྣམས་ཀྱི་དཔྱོད་པ་ནི་བུད་མེད་ཀྱིས་མ་ནིང་གི་གཟུགས་མཛེས་མི་མཛེས་དཔྱོད་པ་དང་། འདྲའོ་ཞེས་རྟག་པ་ནི། དོན་བྱ་བ་ཞེས་པ་ནས་བརྟགས་ཅི་ཕན་གྱི་བར་དེ། འདི་ནི་སྔར་མ་བཤད་པའི་དེ་དག་སུན་འབྱིན་ལུགས་ཀྱི་རིགས་པ་གཞན་ནོ། །འོ་ན་སྔར་དཔྱད་གཞིར་རྟག་པ་གཟུང་བ་ལ་ཐོག་མ་ནས་སྐྱོན་འདི་བརྗོད་པ་ཅི་ཡིན་སྙམ་ན། སྔར་ནི་དེ་དག་གིས་བཟུང་བ་ལྟར་ན་རེ་ཞིག་ལ་རློམས་ཏེ་སྨྲས་པ་ཙམ་མོ། །སྔར་རང་གི་བདག་དང་གཞན་སྨྲས་ཞེས་པར་རྟག་པ་རྩོད་གཞིར་བཟུང་བ་དང་། རིམ་གྱིས་དོན་བྱེད་པ་དང་། སྔ་ཕྱིའི་རང་བཞིིན་ཁྱད་མེད་ཀྱི་འདོད་པ་འགལ་


JLD015_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྟོན་པ། རྟག་པ་རྩོད་གཞིར་བཟུང་ནས་མང་དུ་དཔྱད་མོད་ཀྱང་། གཞི་དེ་ལས་འབྲས་བུ་དོན་དུ་གཉེར་ནས་མི་དཔྱོད་ཀྱི། འགོག་པའི་གཞིར་འཛིན་པ་ཡིན་པས་སྐྱོན་མེད་དོ། །དེས་ན་རློམས་ཏེ་སྨྲས་པའི་དོན་དཀའ་འགྲེལ་ལས་ངའོ་སྙམ་དུ་རློམས་ཞེས་པ་དང་། བོད་རྣམས་རྟག་པ་ནུས་པས་སྟོང་པར་ཁས་བླངས་པ་ལ་བདེན་པ་དགག་མི་དགོས་ཀྱང་། གལ་ཏེ་འགོག་ན་རྟགས་སྒྲུབ་ནུས་སྙམ་དུ་བསམ་པར་འཆད་པ་ནི་དོན་དུ་མ་མཐོང་ངོ་། །དེ་བས་ན་ཞེས་པ་ནས་རག་ལས་པའི་ཕྱིར་རོ། །ཞེས་པའི་བར་གྱིས་ནི། འབྲས་བུ་དོན་གཉེར་གྱི་རྟོགས་ལྡན་གྱིས་དཔྱོད་པའི་གཞིར་འཛིན་ལུགས་དང་། དགག་སྒྲུབ་ཀྱི་དཔྱོད་ལུགས་བསྟན་ཏེ། བདག་གཉིས་དོན་དམ་པར་བཀག་པའི་གཞིར་གཟུང་བས་ཐ་སྙད་དུ་དོན་བྱེད་ནུས་པར་སྟོན་ནོ། །གཞན་དག་ནི་ཞེས་པ་ནས་གནས་པའི་ཞེས་པའི་ཕྱིར་རོ། །ཞེས་པའི་བར་གྱིས་ནི། དངོས་མེད་གཞིར་མི་འཛིན་པ་དང་། དེ་དགག་སྒྲུབ་ཀྱི་ཆོས་གང་དུའང་མི་འཛིན་པར་སྟོན་པ་མིན་གྱི། གཅིག་སྒྲུབ་པ་ན་དེ་རྟེན་དང་། གཞན་རྣམས་བཏང་སྙོམས་ལྟ་བུ་དང་། ཞེས་གསུངས་པ་ལྟར་བཤད་པར་བྱས་སོ། །དེ་ལྟར་ན་ཞེས་པ་ནས་ཐམས་ཅད་དོ་ཞེས་པའི་བར་གྱིས་ནི་དངོས་པོ་ཐམས་ཅད་ལ་བདག་ཉིིད་ཁེགས་ན་དེ་ཉིད་ཀྱི་དངོས་པོ་མེད་ལས་གོ་བར་ནུས་པར་བསྟན་ནོ། །དེ་ལྟ་བས་ན་ཞེས་པ་ནས་མི་འཐད་པའི་ཕྱིར་རོའི་བར་གྱིས་ནི། དོན་བྱེད་པ་ལ་མི་རྟག་པས་ཁྱད་པས་རྟག་པ་ལ་དོན་བྱེད་པ་གཉིས་ཀ་མི་འཐད་པར་བསྟན་ཏེ། སྔར་སྔ་ཕྱི་རང་བཞིན་ཁྱད་མེད་ཀྱི་


JLD015_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་བཀག་པའི་དོན་བསྡུས་པའོ། །དེ་དཀའ་འགྲེལ་གྱི་གང་ཟག་འགོག་པ་ལ་ཕྱིར་སྦྱོར་བར་བྱེད་དོ། །གང་ཟག་ནས་གྲུབ་བོའི་བར་གྱིས་ནི། གང་ཟག་ལ་བསྒྲུབ་བྱ་བདེན་མེད་དང་། སྐད་ཅིག་ཅེས་པ་ནས་གྲུབ་བོའི་བར་གྱིས་ནི། གང་ཟག་ལ་གཏན་ཚིགས་གཅིག་དང་དུ་བྲལ་ཚེགས་མེད་པར་འགྲུབ་པར་སྟོན་གྱི། སྔ་མས་མངོན་སུམ་དང་། ཕྱི་མས་རྗེས་དཔག་གིས་འགྲུབ་པར་སྟོན་པ་མིན་ནོ།། །།ༀ་སྭ་སྟི། ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒ་ལཾ། །


previousདབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རང་གིས་གནང་བ།next