Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།
   
   
   
   
   
   
   
   
   
   


 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


JLD016_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད་པ་ན་ངེས་པར་ཁས་བླང་དགོས་སོ། །གཉིས་པ་ལ་གཉིས། །ཕྱོགས་སྔ་མ་བརྗོད་པ་དང་། ལུགས་དེ་དགག་བའོ། །དང་པོ་ནི། རང་སྡེ་དངོས་པོར་སྨྲ་བ་རྣམས་ན་རེ་རང་ལས་སྐྱེ་བ་དོན་མེད་པས་བདག་སྐྱེ་མི་རིགས་ཤིང་། དེ་མེད་པས་གཉིས་ཀ་ལས་སྐྱེ་བ་ཡང་མི་རིགས་སོ། །རྒྱུ་མེད་ནི་གཅིག་ཏུ་ཐ་ཆད་པས་དགག་པར་ཡང་རིགས་ན། གཞན་དག་ལས་ལྟ་ག་ལ་ཞིག་ཅེས་གཞན་སྐྱེ་འགོག་པ་མི་རིགས་ཏེ། རང་གི་མཚན་ཉིད་ཀྱིས་གཞན་དུ་གྱུར་བའི་རྐྱེན་བཞི་དངོས་པོ་རྣམས་ཀྱི་སྐྱེད་བྱེད་དུ་གསུངས་པའི་གསུང་རབ་ལ་ལྟོས་ནས། མི་འདོད་བཞིན་དུ་ཡང་གཞན་ལས་སྐྱེ་བ་ཁས་བླང་བར་བྱའོ། །རྐྱེན་བཞི་པོ་དེ་གང་ལ་འཇོག་པ་ལ། སྡེ་པ་ཁ་ཅིག་ནི་རྒྱུའི་རྐྱེན་ནི་མཛོད་ལས། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན་ཞེས་བྱེད་རྒྱུ་མ་གཏོགས་པ་རྒྱུ་ལྔ་དང་། དམིགས་པའི་རྐྱེན་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་རྣམ་ཤེས་དྲུག་གི་དམིགས་ཡུལ་གྱི་ཆོས་ཐམས་ཅད་དང་། དེ་མ་ཐག་རྐྱེན་ནི། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །ཅེས་ལྷག་མེད་དུ་འཇུག་པ་ལས་གཞན་པའི་སེམས་སེམས་བྱུང་སྔར་སྐྱེས་རྣམས་དང་། བདག་པོའི་རྐྱེན་ནི། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་བྱེད་རྒྱུ་ལ་བཤད་པ་ལྟར་འདོད་ལ། རྒྱུ་དྲུག་ནི་མཛོད་ལས། བྱེད་རྒྱུ་ལྷན་ཅིག་


JLD016_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང་། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་སོ། །སྡེ་པ་ཁ་ཅིག་ནི། སྒྲུབ་པར་བྱེད་པ་ནི་རྒྱུ་ཡིན་ཞེས་མཚན་ཉིད་བསྟན་པ་ལས་ནི། གང་ཞིག་གང་གི་སྐྱེད་བྱེད་ས་བོན་གྱི་ངོ་བོར་གནས་པ་དེ་ནི་དེའི་རྒྱུའི་རྐྱེན་ནོ། །རྒན་པོ་ལྡང་བ་ལྟར་སེམས་སེམས་བྱུང་སྐྱེ་བཞིན་པ་རྣམས་རྟེན་འཁར་བ་དང་འདྲ་བའི་དམིགས་པ་གང་གིས་སྐྱེད་པ་དེ་ནི་དེའི་དམིགས་པའི་རྐྱེན་ནོ། །རྒྱུ་འགགས་མ་ཐག་པ་ནི་འབྲས་བུ་སྐྱེ་བའི་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དཔེར་ན་ས་བོན་འགགས་མ་ཐག་པ་མྱུ་གུ་འབྱུང་བའི་རྐྱེན་ཡིན་པ་བཞིན་ནོ། །རང་འགྲེལ་ལས་ས་བོན་འགགས་མ་ཐག་པ་མྱུ་གུའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་པ་ལྟ་བུའོ། །ཞེས་གསུངས་ཤིང་ཚིག་གསལ་ལས་ཀྱང་དེ་མ་ཐག་རྐྱེན་འགོག་པའི་སྐབས་སུ། མྱུ་གུའི་མཚུངས་པ་དེ་མ་ཐག་པའི་རྐྱེན་བཀག་ལ། སངས་རྒྱས་བསྐྱངས་ཀྱང་དེ་བཞིན་དུ་བཞེད་པས་འདི་ནི་གཟུགས་ལ་ཡང་མཚུངས་པ་དེ་མ་ཐག་པའི་རྐྱེན་འདོད་པའི་ལུགས་སོ། །གང་ཞིག་ཡོད་ན་གང་འབྱུང་བ་འདི་ནི་དེའི་བདག་པོའི་རྐྱེན་ནོ། །ཚིག་གསལ་ལས་སྔར་སྐྱེས་པ་དང་ལྷན་ཅིག་སྐྱེས་པ་དང་ཕྱིས་སྐྱེ་བ་ལ་སོགས་པ་ཡང་འདི་དག་གི་ནང་དུ་འདུ་བར་གསུངས་ཤིང་རང་འགྲེལ་ལས་ཀྱང་དང་པོ་མ་གཏོགས་པ་དེ་བཞིན་དུ་གསུངས་པ་ནི། ཤེས་རབ་སྒྲོན་མ་ལས། སྡེ་པ་གཞན་གྱིས་བརྟགས་པའི་


JLD016_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་མདུན་དུ་སྐྱེས་པ་དང་ཡོད་པ་དང་མེད་པ་རྣམས་ཞེས་བསྒྱུར་བ་དང་དོན་གཅིག་ལ་འགྱུར་ཡང་དེ་ལྟར་ལེགས་སོ། །དེའི་དོན་ནི་འགྲེལ་བཤད་ལས་གནས་བརྟན་པའི་སྡེ་པས་ཐ་སྙད་བཏགས་པ་མདུན་དུ་སྐྱེས་པའི་རྐྱེན་ནི། དབང་པོ་རྣམས་ཀྱི་མངོན་སུམ་གྱི་མདུན་དུ་སྐྱེས་པ་དམིགས་རྐྱེན་ནོ། །ཡོད་པའི་རྐྱེན་ནི་རྒྱུ་དང་བདག་པོའི་རྐྱེན་ནོ། །མེད་པའི་རྐྱེན་ནི་དེ་མ་ཐག་པའི་རྐྱེན་ལ་བཤད་དོ། །དེ་འདྲ་བའི་ཐ་སྙད་ཙམ་མི་མཐུན་པ་རྣམས་ནི་མཚན་ཉིད་ལ་བརྟགས་ན་བཞི་པོ་འདིར་འདུ་ལ། དབང་ཕྱུག་ལ་སོགས་པ་ནི་རྐྱེན་མ་ཡིན་པས་རྐྱེན་ལྔ་པ་ནི་ཡོད་པ་མ་ཡིན་ནོ། །ཞེས་ངེས་པར་འཛིན་ཏེ་མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་བཤད་པ་བཞིན་དུ་འདོད་དོ། །གཉིས་པ་ལ་གཉིས། གཞན་སྐྱེ་འདོད་པའི་ཕྱོགས་སྤྱིར་དགག་པ་དང་། སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པའོ། །དང་པོ་ལ་ལྔ། གཞན་སྐྱེ་དགག་པ་དངོས། བཀག་པ་ལ་འཇིག་རྟེན་གྱི་གནོད་པ་སྤང་བ། དེ་ལྟར་བཀག་པའི་ཡོན་ཏན་བསྟན་པ། རང་བཞིན་གྱིས་སྐྱེ་བ་འགར་ཡང་མེད་པར་བསྟན་པ། བདེན་པ་གཉིས་ཆར་དུའང་རང་བཞིན་གྱིས་སྐྱེ་བ་བཀག་པའི་ཡོན་ཏན་བསྟན་


JLD016_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དང་པོ་ལ་གསུམ། གཞན་སྐྱེ་སྤྱིར་དགག་པ། གཞན་སྐྱེ་བྱེ་བྲག་ཏུ་དགག་པ། འབྲས་བུ་ལ་མུ་བཞིར་དཔྱད་ནས་གཞན་སྐྱེ་དགག་པའོ། །དང་པོ་ལ་གཉིས། ཧ་ཅང་ཐལ་བས་དགག །སྐྱོན་སྤོང་གི་ལན་དགག་པའོ། །དང་པོ་ལ་གཉིས། ཧ་ཅང་ཐལ་བ་དངོས་དང་། དེ་དག་གི་མཐའ་དཔྱད་པའོ། །དང་པོ་ནི། གཞན་སྐྱེ་འདི་ནི་གཞག་པར་ནུས་པ་མ་ཡིན་ཏེ། རིགས་པ་དང་ལུང་དང་འགལ་བའི་ཕྱིར་རོ། །ཕྱི་མ་ནི་ས་ལུ་ལྗང་བའི་མདོ་ལས། མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས་གཞན་གྱིས་མ་བྱས་ཞེས་པ་ལྟ་བུའི་ལུང་ཕྱི་མ་ལྟ་བུ་མང་པོ་དང་འགལ་བའོ། །དེ་ལ་རིགས་པའི་དབང་དུ་བྱས་ནས་བརྗོད་པ། གལ་ཏེ་རང་གིས་ངོ་བོས་གྲུབ་པའི་རྒྱུ་གཞན་ལ་བརྟེན་ནས་རང་གི་ངོ་བོས་གྲུབ་པའི་འབྲས་བུ་གཞན་ཞིག་འབྱུང་བར་འགྱུར་ན་ནི། དེ་ལྟ་ཡིན་པ་འོ་ན་སེལ་བྱེད་མེ་ལྕེ་རབ་ཏུ་འབར་བ་ལས་ཀྱང་བསལ་བྱ་མུན་པ་འཐུག་པོ་འབྱུང་བར་འགྱུར་ཞིང་། གཞན་ཡང་རྒྱུ་ཡིན་མིན་ཐམས་ཅད་ལས་ཀྱང་འབྲས་བུའི་དངོས་པོ་ཡིན་མིན་ཐམས་ཅད་སྐྱེ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འབྲས་བུ་དེ་སྐྱེད་པར་བྱེད་པ་མ་ཡིན་པ་མ་ལུས་པ་ལའང་རྒྱུ་འབྲས་སུ་འདོད་པ་གཉིས་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ཉིད་མཚུངས་པར་ཡོད་པའི་ཕྱིར་རོ། །ཞེས་གཞན་གྱིས་ཁས་བླངས་པའི་གཏན་ཚིགས་ལ་བརྟེན་པའི་ཧ་ཅང་ཐལ་བ་གཉིས་སོ། །ཐལ་བ་དེ་གཉིས་


JLD016_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ན་ཇི་ལྟར་ས་ལུ་སྐྱེད་པའི་ས་བོན་རང་འབྲས་ས་ལུའི་མྱུ་གུ་ལས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ཡིན་པ་དེ་བཞིན་དུ། ས་ལུའི་མྱུ་གུ་སྐྱེད་བྱེད་མ་ཡིན་པ་མེ་དང་སོལ་བ་དང་། ནས་ཀྱི་ས་བོན་ལ་སོགས་པ་ཡང་ས་ལུའི་མྱུ་གུ་ལས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ཡིན་པ་ནི་གཞན་སྐྱེ་སྨྲ་བ་རྣམས་ཀྱི་འདོད་ཚུལ་ལོ། །གཞན་ཡིན་ཚུལ་གཉིས་པོ་དེ་མཚུངས་པར་འདོད་ན། ཇི་ལྟར་ས་ལུའི་ས་བོན་གཞན་དུ་གྱུར་པ་ལས་ས་ལུའི་མྱུ་གུ་སྐྱེ་བ་དེ་བཞིན་དུ། མེ་སོལ་སོགས་ལས་ཀྱང་ས་ལུའི་མྱུ་གུ་སྐྱེ་བར་འགྱུར་དགོས་སོ། །ཡང་ཇི་ལྟར་ས་ལུའི་མྱུ་གུ་གཞན་དུ་གྱུར་པ། ས་ལུའི་ས་བོན་ལས་སྐྱེ་བ་བཞིན་དུ། བུམ་སྣམ་སོགས་ཀྱང་ས་ལུའི་ས་བོན་ལས་སྐྱེ་བར་འགྱུར་རོ། །ཞེས་མཚུངས་པ་བྱེད་པའོ། །འདི་ནི་རྩ་ཤེ་ལས། རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གཞན་སྐྱེ་ལ་ཧ་ཅང་ཐལ་བ་གསུངས་པའི་རིགས་པའོ། །ཐལ་བ་གཉིས་ཀ་ལ་བཟློག་པ་འཕེན་པ་འགྲེལ་པར་བཤད་དོ། །གཉིས་པ་ལ་གཉིས། གཞན་སྐྱེ་ལ་ཧ་ཅང་ཐལ་བ་འཇུག་པའི་རྒྱུ་མཚན། ཐལ་བ་ལས་བཟློག་པ་ཁས་ལེན་པ་མི་འགལ་བའོ། །དང་པོ་ནི། འདིར་གཞན་སྐྱེ་ཁས་ལེན་པ་ལ་ཧ་ཅང་ཐལ་བའི་སྐྱོན་འཇུག་པའི་རྒྱུ་མཚན་ལ། བོད་ཁ་ཅིག་རྒྱུ་


JLD016_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ལ་སྔ་ཕྱི་བས་ཁྱབ་ཅིང་། གཞན་ལ་དུས་མཉམ་དགོས་པའི་གནད་ཀྱིས་ཡིན་ཟེར་བ་ནི་ཤིན་ཏུ་མི་རིགས་ཏེ། དེ་ལྟར་བཀག་པའི་སྐྱོན་ཐམས་ཅད་རང་ལ་མཚུངས་པར་འཇུག་པའི་ཕྱིར་དང་། དེ་ལ་ཁས་བླངས་མེད་དོ་ཞེས་པས་བསྙོན་ན། དེའི་རྒྱུ་མཚན་འཚལ་བའི་ངལ་བ་དོན་མེད་པའི་ཕྱིར་རོ། །ཡང་བོད་མང་པོས་རྟོག་གེ་བས་དུ་བ་ཁྱད་པར་བ་ཡོད་པ་ལ་མེ་ཡོད་པས་ཁྱབ་པ་དང་། བྱས་པ་ལ་མི་རྟག་པས་ཁྱབ་པ་སྒྲུབ་པ་ན། ཡུལ་དུས་ཐམས་ཅད་དུ་མི་འཁྲུལ་པ་སྒྲུབ་པ་ཡིན་ལ། དེ་སྒྲུབ་པའི་ཚེ་ནི་ཚང་མང་དང་བུམ་པ་ལྟ་བུ་ཉི་ཚེ་བ་གཅིག་གི་སྟེང་དུ་བསྒྲུབས་ནས། དེ་ནས་དེ་དང་ཡུལ་དུས་གཞན་གྱི་ཁྱབ་པ་གཉིས་རིགས་མཚུངས་པའི་རྒྱུ་མཚན་གྱིས། ཁྱབ་པ་དེ་གཉིས་ཡུལ་དུས་ཐམས་ཅད་ཀྱི་སྟེང་དུ་མི་འཁྲུལ་བར་སྒྲུབ་པར་འདོད་པ་ལ། དེ་ལྟ་ན་གཞན་ཙམ་དུ་མཚུངས་པའི་རྟགས་ཀྱིས་ཧ་ཅང་ཐལ་བ་འཕེན་ཏེ། འདི་འདྲ་བ་ནི་ལྡོག་པ་གཅིག་པའི་དཔུང་འཕུལ་ལོ། །ཞེས་ཟེར་རོ། །འདི་ཡང་གཞུང་གི་དོན་མ་ངེས་ཤིང་རྟོག་གེའི་འཇུག་པ་ལ་རྣམ་པ་མ་ཤར་བའི་གཏམ་ཡིན་ཏེ། དུ་བ་ཁྱད་པར་བ་དང་བྱས་པ་གཉིས་ཡུལ་དུས་ཀྱིས་ཁྱད་པར་དུ་མ་བྱས་པར། སྤྱིར་མེ་དང་མི་རྟག་པ་ལ་མི་འཁྲུལ་བར་བསྒྲུབས་པས། མེ་ཡོད་པ་དང་མི་རྟག་པ་ཡིན་པ་ལོག་ཀྱང་། རྟགས་སུ་བཀོད་པ་གཉིས་མི་ལྡོག་པ་སྲིད་དམ་སྙམ་པའི་དོགས་པ་ལེགས་པར་གཅོད་ནུས་ལ། ཆོས་དེ་


JLD016_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྒྱུ་འབྲས་ཡིན་པ་ལོག་ཀྱང་གཞན་ཙམ་ཡིན་པ་ཞུགས་པ་དུ་མ་ཞིག་ཡོད་པས། དེ་གཉིས་མཚུངས་པའི་གོ་སྐབས་ག་ལ་ཡོད། དེས་ན་འདི་ནི་དཔུང་འཕུལ་ཞེས་པའི་མིང་ཉིད་ཀྱིས་རིགས་པ་མི་ཤེས་པའི་སུན་འབྱིན་དུ་གསལ་བར་བྱས་ཏེ་གཞན་དུ་རྒྱས་པར་བཤད་ཟིན་ཏོ། །འོ་ན་འདི་ཇི་ལྟར་ཡིན་ཞེ་ན། ཚིག་གསལ་ལས། རྐྱེན་ཉིད་འདི་པ་ཙམ་ཀྱིས་ཀུན་རྫོབ་གྲུབ་པར་ཁས་ལེན་གྱི། ཕྱོགས་བཞི་ཁས་བླངས་པའི་སྒོ་ནས་ནི་མ་ཡིན་ཏེ། དངོས་པོ་རང་བཞིན་དང་བཅས་པར་ཐལ་བར་འགྱུར་བའི་ཕྱིར་དང་། དེ་ཡང་རིགས་པ་མ་ཡིན་པའི་ཕྱིར་རོ། །རྐྱེན་ཉིད་འདི་པ་ཙམ་ཞིག་ཁས་བླངས་ན་ནི། རྒྱུ་དང་འབྲས་བུ་གཉིས་ཕན་ཚུན་ལྟོས་བའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པ་ཡོད་པ་མ་ཡིན་པས། དངོས་པོ་རང་བཞིན་དང་བཅས་པར་སྣང་བར་འགྱུར་བ་མ་ཡིན་ནོ། །ཞེས་རང་གིས་སྐྱེ་བ་ཁས་ལེན་མི་ལེན་གྱི་ཁྱད་པར་གཉིས་དང་། དེ་གཉིས་ཀྱི་རྒྱུ་མཚན་དུ་ཕྱོགས་བཞིའི་སྐྱེ་བ་ཁས་བླངས་ན། རང་བཞིན་དང་བཅས་པར་སྨྲ་དགོས་པར་གསུངས་པས། གཞན་སྐྱེ་ཁས་བླངས་ན་རང་བཞིན་གྱིས་སྐྱེ་བ་ཁས་ལེན་དགོས་པ་དང་། རྟེན་འབྲེལ་གྱི་སྐྱེ་བ་ཙམ་ཞིག་ཁས་བླངས་ན། རང་བཞིན་གྱིས་སྐྱེ་བ་ཁས་ལེན་མི་དགོས་པར་གསལ་བར་གསུངས་སོ། །དེ་ལྟར་ན་གཞན་སྐྱེའི་གཞན་ནི་གཞན་ཙམ་ཞིག་མིན་གྱི། རང་བཞིན་གྱིས་གྲུབ་པའི་གཞན་


JLD016_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་དེ་ཁས་ལེན་པ་ལ་ཧ་ཅང་ཐལ་བ་འཕེན་གྱི། གཞན་ཙམ་ཁས་བླངས་པ་ལ་འཕེན་པ་གཏན་མིན་ནོ། །འོག་ནས་ཀྱང་སྐད་ཅིག་སྔ་ཕྱི་ཐ་དད་ཀྱང་རྒྱུད་གཅིག་ཏུ་འདོད་པ་ལ། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། ཞེས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སོ་སོ་བ་ཡིན་ན། སྔ་ཕྱི་རྒྱུད་གཅིག་ཏུ་གཏོགས་པ་མི་རིགས་པར་གསུངས་པ་དང་འདི་གཉིས་རིགས་པ་འདྲའོ། །དེ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ཡིན་ན་ལྟོས་པའི་འབྲེལ་བ་འགོག་ནུས་ལ། འབྲེལ་མེད་དོན་གཞན་དུ་སོང་ན་འབྲས་བུ་གཅིག་རང་གི་རྒྱུ་ལས་སྐྱེ་ན། རྒྱུ་མིན་པ་ཐམས་ཅད་ལས་ཀྱང་སྐྱེ་བ་དང་། རྒྱུ་གཅིག་གིས་རང་གི་འབྲས་བུ་སྐྱེད་ན་རང་གི་འབྲས་བུ་མིན་པའི་འབྲས་བུའི་དངོས་པོ་ཐམས་ཅད་སྐྱེད་པར་ཧ་ཅང་ཐལ་བ་འཇུག་པའོ། །དེས་ན་འདི་འདྲ་བའི་རིགས་པ་ལེགས་པར་མི་གོ་བ་ནི། སྔར་བཤད་པ་ལྟར་གྱི་འདི་འདྲ་ཅིག་འགོག་པའི་དགག་བྱ་འཛིན་པའི་ཚད་འཛིན་དང་། འདི་ཙམ་ཞིག་ཁས་ལེན་པའི་རྟེན་འབྱུང་གི་རྣམ་གཞག་གཉིས་སོ་སོར་ལེགས་པར་མ་ཕྱེད་པའི་སྐྱོན་ཡིན་པས། དགག་བྱ་འགོག་པའི་སྐབས་སུ་དགག་བྱའི་ཚད་འཛིན་བཤད་པ་དྲན་པར་བྱའོ། །གཉིས་པ་ནི། གལ་ཏེ་སྔར་བཤད་པའི་ཐལ་བ་གཉིས་ལས་བཟློག་པའི་དོན་ཁས་ལེན་ན། ཚིག་གསལ་ལས། ཐལ་བར་འགྱུར་བ་བཟློག་པའི་དོན་དང་ཡང་ཕ་རོལ་པོ་ཉིད་འབྲེལ་བ་ཡིན་


JLD016_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། ཁོ་བོ་ཅག་ནི་མ་ཡིན་ཏེ། རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ། །ཞེས་དང་། རང་བཞིན་མེད་པར་སྨྲ་བས་རང་བཞིན་དང་བཅས་པར་སྨྲ་བ་ལ་ཐལ་བ་བསྒྲུབས་པ་ན། ཐལ་བ་ལས་བཟློག་པའི་དོན་ཅན་དུ་ཐལ་བར་ག་ལ་འགྱུར་ཏེ། ཞེས་དང་། དེའི་ཕྱིར་ཐལ་བ་སྒྲུབ་པ་ནི་ཕ་རོལ་པོའི་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར། ཐལ་བ་ལས་བཟློག་པའི་དོན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་རྣམས་ཇི་ལྟར་དྲང་སྙམ་ན། སྐྱོན་མེད་དེ་དེ་ལྟར་གསུངས་པ་ནི་བདག་སྐྱེ་འགོག་པའི་སྐབས་ཁོ་ན་ཡིན་པས། དབུ་མ་པས་འཕངས་པའི་ཐལ་བ་ཀུན་ལ་མིན་གྱི། བདག་སྐྱེ་འགོག་པའི་ཐལ་བ་གཉིས་ལ་ཡིན་ནོ། དེའི་ཐལ་ཆོས་ནི་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བ་ཙམ་མིན་གྱི། སླར་ཡང་སྐྱེ་བ་དོན་མེད་དང་ཐག་མེད་ཡིན་ལ། ཐལ་ཆོས་དེ་བཟློག་པའི་དོན་སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་ནི་གྲངས་ཅན་ཁོ་ན་འདོད་ཀྱི། རང་ལ་དེའི་དམ་བཅའ་བ་མེད་པའི་རྒྱུ་མཚན་གྱིས། དེ་ཁས་བླངས་པའི་གྲུབ་མཐའ་དང་འགལ་བ་མེད་ཅེས་པའི་དོན་ཏེ་ལུང་དང་པོའི་དོན་ནོ། །སངས་རྒྱས་བསྐྱངས་ཀྱིས་ཀྱང་ཡང་སྐྱེ་བ་དོན་མེད་ཅེས་ཡང་གི་སྒྲ་སྨོས་ཤིང་། ཚིག་གསལ་ལས་ཀྱང་ཡང་གི་སྒྲ་སྨོས་ལ། འདིར་ཡང་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། ཞེས་གསུངས་པས་ཡོད་པ་དང་སླར་ཡང་སྐྱེ་བ་གཉིས་འགལ་གྱི་ཡོད་པ་དང་སྐྱེ་བ་མི་འགལ་ལོ། །དེ་བཞིན་དུ་ཡོད་པ་དང་སླར་ཡང་སྐྱེ་བ་


JLD016_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་བཅས་འགལ་གྱི། ཡོད་པ་དང་སྐྱེ་བ་ཐུག་བཅས་གཉིས་མི་འགལ་ལོ། །ལུང་གཉིས་པའི་དོན་ནི་རང་བཞིན་མེད་པར་སྨྲ་བ་དབུ་མ་པས། རང་བཞིན་དང་བཅས་པར་སྨྲ་བ་གྲངས་ཅན་ལ་སྔར་བཤད་པའི་ཐལ་བ་གཉིས་འཕངས་པ་ན། རང་ལ་བཟློག་དོན་འཕེན་པ་ཁས་ལེན་འདོད་མེད་ལ། དེ་མེད་ཀྱང་རང་དབང་མེད་པར་བྱེད་པར་ཡང་མིན་པས། ཐལ་བ་དེ་གཉིས་ལས་བཟློག་པ་ཁས་མི་ལེན་ཞེས་པའི་དོན་ནོ། །ལུང་གསུམ་པའི་དོན་ནི་ཐལ་བ་གཉིས་ཀྱི་ཐལ་ཆོས་བཟློག་པའི་དོན་སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་ཀྱི་རྟགས་ཀྱིས་བདག་སྐྱེ་མེད་པ་མི་སྒྲུབ་ཀྱང་དགོས་པ་མེད་པ་མིན་ཏེ། གྲངས་ཅན་མི་འདོད་པའི་སྐྱེ་བ་དོན་མེད་དང་ཐུག་མེད་བསྒྲུབས་པས། གྲངས་ཅན་གྱིས་དམ་བཅས་པའི་བདག་ལས་སྐྱེ་བ་རྣམ་པར་བཅད་པ་ཙམ་ཞིག་སྒྲུབ་པའི་དགོས་པ་ཅན་ཡིན་པའི་ཕྱིར་རོ་ཞེས་པའི་དོན་ནོ། །ཧ་ཅང་ཐལ་བ་གཉིས་ལ་ནི་ཐལ་བའི་བཟློག་དོན་རང་ཉིད་ཀྱིས་ཁས་ལེན་པས། ཐལ་བ་ལས་བཟློག་པའི་དོན་ལ་རང་གིས་ཁས་ལེན་པ་དང་མི་ལེན་པ་གཉིས་ཤེས་པར་བྱའོ། །གཉིས་པ་ལ་གཉིས། སྐྱོན་སྤོང་གི་ལན། ལན་དེ་དགག་པའོ། །དང་པོ་ནི། འདིར་སྨྲས་པ་རྒྱུ་འབྲས་གཉིས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ཉིད་ཀྱང་ཡོད་ལ། ཐམས་ཅད་ལས་


JLD016_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འབྱུང་བ་ཡང་མིན་ཏེ། རྒྱུ་འབྲས་སོ་སོར་ངེས་པ་མཐོང་བའི་ཕྱིར་རོ། །དེ་ཡང་འདི་ཡིན་ཏེ་གང་གི་ཕྱིར་དངོས་པོ་གང་ཞིག་གང་གིས་རབ་ཏུ་བྱ་བར་ནུས་པ་དེ་ཉིད་དེ་ཡི་འབྲས་བུར་ངེས་པར་བརྗོད་པ་ཡིན་ལ། དེའི་ཕྱིར་འབྲས་བུ་ངེས་སོ། །དེ་ཕྱིར་ཞེས་པ་འགྲེལ་པ་དང་མི་མཐུན་ནོ། །རྒྱུ་གང་ཞིག་འབྲས་བུ་དེ་སྐྱེད་པར་ནུས་པ་དེ་ནི་ངོ་བོས་གྲུབ་པའི་གཞན་ཡིན་ནའང་རྒྱུ་ཡིན་ལ། དེའི་ཕྱིར་རྒྱུ་ངེས་སོ། །དེས་ན་གཞན་ཁྱད་པར་བ་ཁོ་ནས་རྒྱུ་འབྲས་སུ་འཇོག་གི །གཞན་ཉིད་ཀྱི་སྤྱི་གཞན་ཙམ་གྱིས་ནི་རྒྱུ་འབྲས་སུ་མི་འཇོག་གོ །གཞན་ཡང་ས་ལུའི་མྱུ་གུ་ནི་རང་དང་རྒྱུད་གཅིག་ཏུ་གཏོགས་པ་ས་ལུའི་ས་བོན་ལས་སྐྱེའི། རྒྱུད་མི་གཅིག་པ་ནས་ཀྱི་ས་བོན་སོགས་ལས་མི་སྐྱེའོ། །རྒྱུད་གཅིག་ཀྱང་སྐྱེད་བྱེད་མིན་པ་སྐད་ཅིག་མ་ཕྱི་མས་སྔ་མ་མི་སྐྱེད་པས། རྒྱུད་གཅིག་པའི་སྔ་མས་ཕྱི་མ་སྐྱེད་པར་བྱེད་པ་ལས་སྐྱེ་བ་དེ་ཡི་ཕྱིར། ས་ལུའི་མྱུ་གུ་ནི་ནས་ལ་སོགས་པ་ལས་ནས་ཀྱི་མྱུ་གུ་ལ་སོགས་པ་སྐྱེ་བ་དེ་ལྟར་སྐྱེ་བ་མིན་པས་ཐམས་ཅད་ལས་ཐམས་ཅད་མི་སྐྱེའོ་ཞེ་ན། གཉིས་པ་ནི། ས་ལུའི་ས་མྱུག་སོ་སོར་ངེས་པ་འདི་ཀོ་རྒྱུ་མཚན་གང་ལས་ཡིན་ཞེས་རྒྱུ་འབྲས་ངོ་བོ་ཉིད་ཀྱིས་གྲུབ་པར་སྨྲ་བ་འདི་ལ་འདྲི་བར་བྱའོ། །སྨྲས་པ་ངེས་པ་མཐོང་བའི་ཕྱིར་རོ་ཞེ་ན། ཡང་ཅིའི་ཕྱིར་དེ་ལྟར་ངེས་པ་མཐོང་ཞེས་དེ་ལྟར་བརྒལ་ཞིང་བརྟགས་པ་ན། གང་གི་ཕྱིར་


JLD016_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་མཐོང་བ་དེའི་ཕྱིར་ངེས་པ་མཐོང་ངོ་ཞེས་དེ་ཙམ་ཞིག་སྨྲ་བ་འདིས་ནི་ངེས་པའི་རྒྱུ་མ་བསྟན་པར་བཤད་ཟིན་པའི་ཉེས་པ་ཅུང་ཟད་ཀྱང་སྤང་བར་མི་ནུས་སོ། །ཞེས་གསུངས་ཏེ། རང་གི་མཚན་ཉིད་ཀྱིས་གཞན་ཡིན་ཀྱང་ངེས་པ་མཐོང་བ་མི་འགལ་བའི་རྒྱུ་མཚན་མ་བསྟན་པས་སྐྱོན་སྤོང་གི་ལན་མིན་ཞེས་པའོ། །གཞན་ཡང་རང་མཚན་གྱིས་གྲུབ་པའི་གཞན་ཉིད་རྒྱུ་འབྲས་ཡིན་མིན་ཀུན་ལ་ཐུན་མོང་བ་ཁྱད་པར་དུ་ཡོངས་སུ་མ་བཅད་པ་ཤིན་ཏུ་གྲགས་པ་འདི་ཉིད། ཕྱིར་རྒོལ་འདིའི་འདོད་པ་ལ་གནོད་བྱེད་དོ་ཞེས་བཤད་པ་ནི། ཇི་ལྟར་ཏེ་དཔེར་ན་ནས་དང་པདྨ་ལ་སོགས་པའི་ཟེའུ་འབྲུ་གེ་སར་དང་ཀེང་ཤུ་ཀའི་མེ་ཏོག་ལ་སོགས་པ་རྣམས་གཞན་ཡིན་པའི་ཕྱིར། ས་ལུའི་མྱུ་གུས་སྐྱེད་པར་བྱེད་པར་འདོད་པ་མིན་པ་དང་། ས་ལུའི་མྱུ་གུ་སྐྱེད་བའི་ནུས་པ་དང་ལྡན་པ་མིན་པ་དང་། རྒྱུད་གཅིག་ཏུ་གཏོགས་པ་མིན་པ་དང་རིགས་འདྲ་བའི་སྔ་མ་མ་ཡིན་པ་ཉིད་དེ་བཞིན་དུ། ས་ལུའི་ས་བོན་ཡང་ནི་ས་ལུའི་མྱུ་གུ་དེ་ལ་ལྟོས་པ་ཡི་ཁྱད་པར་བཞི་དང་ལྡན་པ་མིན་ཏེ། རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་ཉིད་ཡིན་པའི་ཕྱིར་རོ། །འདི་ཡང་འབྲེལ་མེད་དོན་གཞན་ལ་ཁྱད་པར་བཞི་ཡོད་མེད་ཀྱང་གཞག་པར་མི་ནུས་པའི་རིགས་པའོ། །གཉིས་པ་ལ་གཉིས། རྒྱུ་འབྲས་སྔ་ཕྱི་བ་ལ་གཞན་སྐྱེ་དགག་པ། རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག་པའོ། །དང་པོ་ལ་གཉིས། དངོས་


JLD016_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་དང་། བཀག་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དེ་ལྟར་རེ་ཞིག་ཕྱིར་རྒོལ་གཞན་ལ་གྲགས་པའི་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་གྲུབ་གྲུབ་ལྟར་བརྗོད་ནས་སུན་འབྱིན་བྱས་སོ། །དེ་ནི་རྒྱུ་འབྲས་གཉིས་ལ་ངོ་བོས་གྲུབ་པའི་གཞན་མི་སྲིད་པར་བཤད་པ། འདི་ན་བྱམས་པ་དང་ཉེར་སྦས་ཡོད་བཞིན་པ་དག་ཁོ་ན་ཕན་ཚུན་ལྟོས་ནས། འདི་ནི་འདི་ལས་ཞེས་གཞན་ཉིད་དུ་མཐོང་གི །མྱུ་གུ་ས་བོན་དང་ནི་དུས་མཉམ་དུ་ཡོད་པ་མ་ཡིན་ཏེ། ས་བོན་རྣམ་པར་མ་འགྱུར་བར་མྱུ་གུ་མེད་པའི་ཕྱིར་རོ། །ས་བོན་ལ་མྱུ་གུ་ལས་ངོ་བོས་གྲུབ་པའི་གཞན་ཉིད་མེད་ལ། དེ་མེད་པར་ས་བོན་མྱུ་གུ་ལས་གཞན་པ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་རོ། །ངོ་བོས་གྲུབ་པའི་གཞན་ཉིད་མེད་པ་དེས་ན་མྱུ་གུ་ས་བོན་ལས་སྐྱེས་པ་ངོ་བོ་ཉིད་ཀྱིས་འགྲུབ་པར་འགྱུར་བ་མིན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བ་ཡིན་ཞེས་བྱ་བའི་ཕྱོགས་འདི་གཏང་བར་བྱོས་ཤིག །འདི་ནི་ས་བོན་མྱུ་གུ་ལས་ཐ་དད་པ་དེ་རང་བཞིན་གྱིས་གྲུབ་པ་ཡིན་ན། རང་བཞིན་གྱིས་གྲུབ་པ་ལ་དུས་ནམ་ཡང་ལྡོག་པ་མེད་པས། ས་བོན་གྱི་དུས་ནའང་མྱུ་གུ་ལས་རྫས་ཐ་དད་དུ་འགྱུར་ལ། དེ་ལྟར་དེ་གཉིས་དུས་མཉམ་དུ་འགྱུར་བ་ལས་དེ་མེད་པའི་ཕྱིར། དེ་གཉིས་ལ་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་མེད་ཅེས་སྟོན་པ་ཡིན་གྱི། རྒྱུ་འབྲས་གཉིས་ཐ་སྙད་དུ་ངོ་བོ་ཐ་དད་དུ་འདོད་པ་འགོག་


JLD016_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་ཏེ། དགག་བྱ་ལ་གཏུག་པ་ཤེས་དགོས་སོ། །གཉིས་པ་ནི། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། ཞེས་སྨྲས་པ་ནི་རིགས་པ་མ་ཡིན་ཏེ། ཇི་ལྟར་ཏེ་དཔེར་ན་སྲང་གི་མདའ་གཉིས་ཀྱི་གཅིག་མཐོ་བ་དང་ནི་ཅིག་ཤོས་དམའ་བ་དག་དུས་མཉམ་མ་ཡིན་པར་ནི་མིན་པ་སྟེ་དུས་མཉམ་པར་མཐོང་བ་དེ་བཞིན་དུ། བསྐྱེད་པར་བྱ་བ་མྱུ་གུ་དང་སྐྱེད་བྱེད་ས་བོན་དག་གི་རིམ་པ་བཞིན་དུ་སྐྱེ་བ་དང་འགག་པའི་བྱ་བ་གཉིས་དུས་གཅིག་ཡིན་པའི་ཕྱིར། ས་མྱུག་གཉིས་ཀྱང་དུས་མཉམ་པར་འགྱུར་རོ། །དེའི་ཕྱིར་གཞན་ཉིད་ཡོད་པས་ཉེས་པ་མེད་དོ་ཞེ་ན། སྲང་གི་དཔེས་ས་མྱུག་གཉིས་ཀྱི་སྐྱེ་འཇིག་གི་བྱ་བ་གཉིས་དུས་གཅིག་ཏུ་རྟོག་ན་དེ་ནི་མི་རུང་སྟེ། གལ་ཏེ་སྲང་གི་དཔེར་མགོ་མཇུག་གཉིས་དུས་གཅིག་ཡིན་པས་མཐོ་དམན་གྱི་བྱ་བ་གཉིས་གཅིག་ཆེ་སྟེ་དུས་གཅིག་ཡིན་ན། དེ་ལྟ་ནའང་དཔེས་མཚོན་པའི་དོན་དངོས་འདིར་ནི་ས་མྱུག་དུས་གཅིག་པ་མེད་པས་མི་རིགས་སོ། །ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། གལ་ཏེ་སྐྱེ་བཞིན་པ་ཞེས་པ་དེ་ནི། ད་ལྟ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་པས། མྱུ་གུའི་ངོ་བོར་མ་འོངས་པའི་ཕྱིར་ད་ལྟ་ཡོད་པ་མིན་ཞིང་། འགག་བཞིན་པ་ནི་ཡོད་ཀྱང་འཇིགས་ལ་མངོན་དུ་ཕྱོགས་པར་འདོད་པར་གྱུར་པའི་ཕྱིར་ད་ལྟར་ཡོད་པའོ། །གང་གི་ཚེ་མྱུ་གུ་སྐྱེ་བ་ལ་ཕྱོགས་པའི་དུས་སུ་ས་བོན་ད་ལྟར་


JLD016_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། མྱུ་གུ་མ་འོངས་པ་ཡིན་པ་དེའི་ཚེ། ས་མྱུག་གཉིས་པོ་འདི་ནི་ཇི་ལྟ་བུར་ན་སྲང་གི་མཐོ་དམན་གཉིས་དང་མཚུངས་པར་འགྱུར་ཏེ་མི་འགྱུར་ཏེ། སྲང་གི་མགོ་མཇུག་གཉིས་ནི་ད་ལྟར་བ་ཡིན་པའི་ཕྱིར། དེའི་མཐོ་བ་དང་དམའ་བའི་བྱ་བ་གཉིས་ཀྱང་དུས་གཅིག་ཏུ་ཡོད་ཀྱི། ས་མྱུག་གཉིས་ལ་ནི་དུས་གཅིག་པ་མེད་པའི་ཕྱིར་རོ། །དེ་དག་གིས་ནི་བྱ་བ་གཉིས་དུས་གཅིག་པས་ས་མྱུག་གཉིས་ཀྱང་དུས་གཅིག་པ་དང་། དེའི་དཔེར་སྲང་མདའི་མཐོ་དམན་གཉིས་བཀོད་པའི་དཔེ་མ་གྲུབ་པར་བསྟན་གྱི། བྱ་བ་གཉིས་ལ་དུས་གཅིག་པ་སྲིད་ན་དུས་དེར་ཆོས་གཉིས་ཀྱང་ངེས་པར་དུས་མཉམ་ཞེས་སྟོན་པ་མིན་ནོ། །ཅི་སྟེ་ཆོས་ས་མྱུག་གཉིས་ལྟ་བུ་དུས་གཅིག་པ་མེད་ཀྱང་དེ་གཉིས་ཀྱི་བྱ་བ་ལ་དུས་གཅིག་པ་ཡོད་དོ་སྙམ་ན། དེ་ཡང་མི་རུང་སྟེ་རྒོལ་བ་དེ་དག་གིས་ཆོས་ལས་བྱ་བ་དོན་གཞན་དུ་ཁས་མ་བླངས་པའི་ཕྱིར་དང་། འདི་ནི་བྱ་བ་གཉིས་རང་བཞིན་གྱིས་གྲུབ་པ་འགོག་པའི་སྐབས་ཡིན་པའི་ཕྱིར་རོ། །སྐྱོན་གཞན་ཡང་ཡོད་དེ་སྐྱེ་བའི་བྱ་བ་ལ་ལྟོས་པའི་བྱེད་པ་པོ་མྱུ་གུ་ནི། སྐྱེ་བ་ལ་ཕྱོགས་པའི་དུས་སུ་མ་འོངས་པ་ཡིན་པས། དུས་དེར་ཡོད་པ་མ་ཡིན་ནོ། །དེར་དེ་མེད་ན་ཡང་རྟེན་བྱེད་པ་པོ་མྱུ་གུ་མེད་པར་བརྟེན་པ་སྐྱེ་བའི་བྱ་བ་འདི་ནི་ཡོད་པར་རིགས་པའི་ངོ་བོའང་མིན་པས་འགག་པ་དང་དུས་གཅིག་པར་མེད་པའི་ཕྱིར། བྱ་བ་གཉིས་


JLD016_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཅིག་པར་མི་རིགས་སོ། །གལ་ཏེ་འཕགས་པ་ས་ལུ་ལྗང་པའི་མདོ་ལས། སྲང་མདའི་མཐོ་དམན་གྱི་ཚུལ་དུ་སྐད་ཅིག་གང་ཁོ་ན་ལ་ས་བོན་འགགས་བ་དེ་ཉིད་ལ་མྱུ་གུ་སྐྱེའོ། །ཞེས་སྲང་གི་དཔེ་འདི་ཉེ་བར་བཀོད་པ་མ་ཡིན་ནམ། དེའི་ཕྱིར་ས་མྱུག་གཉིས་སྲང་མདའི་མཐོ་དམན་དང་འདྲ་བར་འདོད་པ་འགོག་པར་མི་རིགས་སོ་ཞེ་ན། བཀོད་བ་ནི་བདེན་མོད་ཀྱི་དེ་ནི་གཞན་སྐྱེ་དང་། རང་གི་མཚན་ཉིད་ཀྱིས་སྐྱེ་བ་བསྟན་པའི་ཕྱིར་ཡང་མ་ཡིན་ནོ། །ཞེས་གསུངས་པས། གལ་ཏེ་སྐྱེ་བ་འདི་ནི་ཞེས་པས་སྐྱེ་བ་བཀག་པ་ནི་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་ཙམ་བཀག་གི །ས་བོན་ལས་མྱུ་གུ་སྐྱེ་བ་ཙམ་འགོག་པ་གཏན་མིན་ནོ། །འོ་ན་མདོ་དེ་ལས་ས་མྱུག་གཉིས་དུས་གཅིག་པ་སྲང་མདའི་མཐོ་དམན་གྱི་ཚུལ་དུ་མི་སྟོན་ན། དཔེ་དེ་དུས་མཉམ་པ་ཅི་འདྲ་ཞིག་ལ་དགོངས་ཞེ་ན། འགྲེལ་བར་ཅིག་ཅར་དུ་བརྟེན་ནས་འབྱུང་བ་མ་བརྟགས་པར་གྲུབ་པ་སྒྱུ་མ་ལྟ་བུ་གསལ་བར་བྱ་བའི་ཕྱིར་དུ་གསུངས་པར་བཤད་པའི་ཅིག་ཅར་དུ་བརྟེན་ནས་འབྱུང་བ་ཞེས་པ་ནི། བྱ་བ་གཉིས་ཅིག་ཅར་དུ་ཡོད་པ་ལ་བྱ་དགོས་ཏེ། མདོ་དེར་སྲང་མདའི་མཐོ་དམའི་དཔེས་དུས་མཉམ་པ་གཅིག་སྟོན་དགོས་པ་ལ། ས་མྱུག་གཉིས་དུས་མཉམ་པ་ལ་བཤད་དུ་མི་རུང་བའི་ཕྱིར་རོ། །དེས་ན་བྱ་བ་གཉིས་གཅིག་པ་བཀག་བ་ནི། རང་མཚན་གྱིས་གྲུབ་པའི་བྱ་བ་གཉིས་ཡིན་གྱི། བྱ་


JLD016_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་སྤྱིར་དུས་མཉམ་པ་ཡོད་པ་བཀག་པ་མིན་ནོ། །དེ་ལ་སྐྱེ་བ་འདོད་ཕྱིན་ཆད་རྒྱུ་འགག་བ་དང་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ་པ་ཞིག་དགོས་སོ། །དེ་ནི་སྐྱེ་བ་ཙམ་དང་ཐ་སྙད་དུ་སྐྱེ་བ་ཁས་ལེན་པ་ལ་མི་རིགས་པ་མེད་ཀྱང་། དོན་དམ་པ་དང་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ཁས་ལེན་པ་ལ་འགལ་བ་ཡིན་ཏེ། སྔ་མ་ལ་ནི་རྒྱུ་འབྲས་ཀྱི་སྐྱེ་འགག་གི་བྱ་བ་གཉིས་དུས་མཉམ་ཡང་། རྒྱུ་འབྲས་གཉིས་དུས་མཉམ་མི་དགོས་ལ། ཕྱི་མ་ལ་ནི་བྱ་བ་དུས་མཉམ་ན་རྒྱུ་འབྲས་ཀྱང་དུས་མཉམ་དགོས་པའི་ཕྱིར་རོ། །འདི་ལྟར་འབྲས་བུ་སྐྱེ་བའི་བྱ་བ་ནི་འདི་སྐྱེ་ཞེས་པའི་བྱེད་པ་པོ་མྱུ་གུ་སོགས་ལ་བརྟེན་དགོས་པས་རྟེན་དང་བརྟེན་པའོ། །རྟེན་བརྟེན་པ་དོན་དམ་པར་གྲུབ་ན་ནི་རང་བཞིན་གཞན་དུ་འགྱུར་བ་མི་འཐད་པས། དུས་ནམ་གྱི་ཚེ་ཡང་བྱ་བ་རྟེན་དགོས་བས་མྱུ་གུ་སོགས་སྐྱེ་བ་ལ་ཕྱོགས་པའི་དུས་སུ་ཡང་། སྐྱེ་བའི་བྱ་བའི་རྟེན་དུ་མྱུ་གུ་ཡོད་དགོས་པས་རྒྱུ་འབྲས་གཉིས་དུས་མཉམ་དུ་འགྱུར་བ་སོགས་ཀྱིས་གནོད་པས་མི་འཐད་དོ། །ཐ་སྙད་པའི་སྐྱེ་བ་ལ་ལན་ཅིག་རྟེན་བརྟེན་པར་སོང་ན་དུས་ཐམས་ཅད་དུ་འགྲོ་མི་དགོས་པས་མི་མཚུངས་སོ། །ས་བོན་དང་དུས་མཉམ་པའི་མྱུ་གུ་སྐྱེ་བའི་བྱ་བ་ནི། མྱུ་གུ་སྐྱེ་བ་ལ་ཕྱོགས་པའི་བྱ་བ་ཡིན་ལ། དེ་དང་མྱུ་གུ་གཉིས་སྤྱིར་རྟེན་བརྟེན་པ་ཡིན་པ་དང་། བྱ་བ་དེའི་དུས་སུ་མྱུ་གུ་མེད་ཀྱང་བྱ་བ་ཡོད་པ་མི་


JLD016_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་ནི། དཔེར་ན་སྤྱིར་འབྲེལ་ཡུལ་ཁེགས་ན་འབྲེལ་པོ་ལྡོག་པ་དང་། ས་བོན་འབྲེལ་ཡུལ་དང་མྱུ་གུ་འབྲེལ་པོ་ཡིན་པ་དང་། མྱུ་གུའི་དུས་ན་ས་བོན་ལོག་ཀྱང་མྱུ་གུ་མི་ལྡོག་པ་མི་འགལ་བ་བཞིན་ནོ། །དེ་འདྲ་བའི་ཚུལ་གྱིས་རིགས་པས་ཕར་ལ་བཀག་པ་དང་། བཀག་པའི་རིགས་པ་རང་ལ་མི་ལྡོག་པ་ལེགས་པར་ཤེས་ནས་དབུ་མའི་ལུགས་སྐྱོན་མེད་འཇོག་ཤེས་ན་དབུ་མ་པ་ཡིན་གྱི། འགོག་པའི་ཚེ་ལྟར་སྣང་འབའ་ཞིག་སྨྲས་ནས། དེ་ཉིད་ཚུར་ལ་བཟློག་པའི་ཚེ་བསྙོན་འདིངས་པ་ལ་རེ་ན། ཁོ་བོ་ཅག་སྨྱོན་པ་དང་ལྷན་ཅིག་ཏུ་མི་རྩོད་དོ། །ཞེས་ཚིག་གསལ་ལས་གསུངས་པ་ལྟར་བྱའོ། །གཉིས་པ་ནི། འདིར་སྨྲས་པ་ས་མྱུག་དུས་མཉམ་པ་མེད་པས། ངོ་བོ་ཉིད་ཀྱིས་གཞན་ཉིད་མེད་པའི་ཕྱིར་གཞན་ལས་སྐྱེ་བ་མི་རིགས་ན། རྒྱུ་འབྲས་དུས་མཉམ་པ་ཡོད་པ་དེར་གཞན་ཉིད་ཡོད་པས་གཞན་སྐྱེ་ཡོད་དེ། དཔེར་ན་མིག་གི་རྣམ་ཤེས་དང་དེ་དང་དུས་མཉམ་པའི་ཚོར་བ་ལ་སོགས་པ་རྣམས་ལྟ་བུའོ། །མིག་དང་གཟུགས་སོགས་དང་ཚོར་བ་སོགས་ལྷན་ཅིག་འབྱུང་བ་རྣམས་དུས་མཉམ་པ་ཁོ་ནར་མིག་གི་རྣམ་ཤེས་སྐྱེད་པ་དེ་བཞིན་དུ། མིག་སོགས་དང་སེམས་ཀྱང་དུས་མཉམ་ཁོ་ནར་ཚོར་བ་ལ་སོགས་པ་རྣམས་ཀྱི་རྐྱེན་ཡིན་ནོ་ཞེས་ཁ་ཅིག་སྨྲའོ། །གལ་ཏེ་མིག་གི་བློ་སྟེ་རྣམ་ཤེས་ལ་རང་གི་སྐྱེད་བྱེད་རང་དང་དུས་གཅིག་པ་མིག་ལ་


JLD016_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང་། དེ་དག་དང་ལྷན་ཅིག་འབྱུང་བའི་འདུ་ཤེས་ལ་སོགས་པ་རྣམས་རྐྱེན་ཉིད་དུ་རྟོག་ན། དེའི་ཚེ་འདུ་ཤེས་སོགས་ལ་བལྟོས་ནས་གཞན་ཉིད་ཡོད་དུ་ཆུག་ཀྱང་། རྒྱུ་དུས་ནས་ཡོད་པ་ལ་སླར་ཡང་འབྱུང་བས་དགོས་པ་ཅི་ཞིག་ཡོད་དེ་ཅུང་ཟད་ཀྱང་མེད་པས་སྐྱེ་བ་མེད་དོ། །ཅི་སྟེ་སྐྱེ་བ་མེད་པའི་སྐྱོན་སྤང་བར་འདོད་ནས་རྒྱུ་དུས་སུ་འབྲས་བུ་དེ་མེད་དོ་ཞེ་ན། དེའི་ཚེ་སྔ་ཕྱི་བ་འདི་ལ་ངོ་བོས་གྲུབ་པའི་གཞན་མེད་པའི་ཉེས་པ་སྔར་བཤད་ཟིན་ཏོ། །དེ་ལྟར་ན་རིགས་པ་འདིས་ནི་རྒྱུ་འབྲས་སུ་འདོད་པ་ལ་གཞན་ཉིད་ཡོད་ཀྱང་རང་བཞིན་གྱིས་སྐྱེ་བ་མི་སྲིད་ལ། དེའི་ཕྱིར་གཞན་ལས་སྐྱེ་བ་མི་སྲིད་པར་སྟོན་ཞིང་། རིགས་པ་སྔ་མས་ནི་རྒྱུ་འབྲས་ལ་སྐྱེ་བ་སྲིད་ཀྱང་རང་བཞིན་གྱིས་གཞན་ཡིན་པ་མི་སྲིད་ལ། དེའི་ཕྱིར་གཞན་སྐྱེ་མི་སྲིད་པར་སྟོན་ནོ། །དེས་ན་གཞན་ལས་སྐྱེ་བ་ཡོད་ཅེས་པ་ནི་བརྗོད་བྱའི་དོན་གྱིས་སྟོང་པས་སོང་སོང་ནས། དེ་ལྟར་བརྗོད་པའི་སྒྲ་འབའ་ཞིག་ལྷག་མར་ལུས་པར་འགྱུར་རོ། །གསུམ་པ་ནི། སྐྱེད་པར་བྱེད་པ་བསྐྱེད་བྱ་རང་ལས་གཞན་སྐྱེད་པ་དེ་རྒྱུ་ཡིན་ན། རྒྱུ་དེས་འབྲས་བུ་རང་བཞིན་གྱིས་ཡོད་པའམ། འོན་ཏེ་མེད་པ་དང་། ཡོད་མེད་གཉིས་ཀ་དང་། ཡོད་མེད་གཉིས་ཀ་དང་བྲལ་བ་ཞིག་སྐྱེད་གྲང་སྟེ་བརྟག་གོ །དེ་ལ་རེ་ཞིག་འབྲས་བུ་རང་བཞིན་གྱིས་ཡོད་ན་དེ་ལ་སྐྱེད་བྱེད་ཀྱི་རྐྱེན་ཅི་


JLD016_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དགོས་ཏེ་མི་དགོས་ཏེ། རང་བཞིན་གྱིས་ཡོད་པ་སྐྱེ་ན་སྐྱེས་ཟིན་སླར་ཡང་སྐྱེ་བར་འགྱུར་ལ། དེ་ཡང་མི་རིགས་པར་བསྟན་ཟིན་པའི་ཕྱིར་རོ། །འབྲས་བུ་མེད་པ་ལའང་རྐྱེན་དེས་ཅི་ཞིག་བྱ་སྟེ། བོང་བུའི་རྭ་ལྟར་མེད་པའི་ཕྱིར་རོ། །ཡོད་མེད་གཉིས་ཀ་ཚོགས་པ་ཉིད་ལ་རྐྱེན་དེས་ཅི་ཞིག་བྱ་སྟེ། དེ་གཉིས་ཚོགས་པ་མི་སྲིད་པའི་ཕྱིར་རོ། །ཡོད་མེད་གཉིས་ཀ་དང་བྲལ་བ་དེ་ལའང་རྐྱེན་དེས་ཅི་ཞིག་བྱ་སྟེ། དེ་གཉིས་གང་ཡང་མིན་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། འཇིག་རྟེན་གྱི་གྲགས་པས་གཞན་སྐྱེ་ཁས་བླངས་ནས་འཇིག་རྟེན་གྱི་གནོད་པ་སྤང་བ། འཇིག་རྟེན་གྱི་ཐ་སྙད་དུ་ཡང་གཞན་སྐྱེ་མེད་པས་འཇིག་རྟེན་གྱི་གནོད་པ་སྤང་བའོ། །དང་པོ་ལ་གཉིས། འཇིག་རྟེན་གྱིས་གནོད་པའི་རྩོད་པ་དང་། དེས་མི་གནོད་པའི་ལན་བསྟན་པའོ། །དང་པོ་ནི། གལ་ཏེ་གཞན་སྐྱེ་གྲུབ་པའི་ཕྱིར་དུ་རིགས་པ་གང་སྨྲས་པ་དེ་ནི། བུད་ཤིང་སྐམ་པོ་མར་གྱིས་བྲན་པ་ལྟར་ཁྱོད་ཀྱིས་བློ་གྲོས་ཀྱི་མེས་མ་ལུས་པར་བསྲེགས་པས། ཁྱོད་ཀྱི་ཤེས་རབ་ཀྱི་མེ་སྦོར་བའི་རིགས་པའི་བུད་ཤིང་བསྐུལ་བ་དེས་ཆོག་གི་ད་དེ་བསྐུལ་མི་དགོས་སོ། །འོ་ན་རིགས་པ་མ་བསྟན་པར་གཞན་སྐྱེ་འདོད་པའི་དོན་མི་འགྲུབ་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་གང་ཞིག་འཇིག་རྟེན་ལས་གྲུབ་པ་དེར་ནི། རིགས་པ་གཞན་གྱིས་ཅི་ཡང་བྱ་བ་མེད་དེ། འཇིག་རྟེན་གྱི་མཐོང་བ་ནི་ཤིན་ཏུ་སྟོབས་དང་ལྡན་


JLD016_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ་ཞེས་བཤད་པ། གང་གིས་འཇིག་རྟེན་པ་ཐམས་ཅད་རང་གི་ལྟ་བ་ཁོ་ན་ལ་གནས་ནས། འཇིག་རྟེན་གྱི་མཐོང་བ་ཚད་མར་འདོད་པས་ན་ཤིན་ཏུ་སྟོབས་དང་ལྡན་ཞིང་། ངོ་བོ་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་འབྲས་བུ་གཞན་འབྱུང་བ་ཡང་འཇིག་རྟེན་པ་རྣམས་ཀྱིས་མངོན་སུམ་དུ་རྟོགས་པར་འགྱུར་ཏེ། རིགས་པའི་འཐད་པ་ཡང་ཉེ་བར་འགོད་པ་ན། མངོན་སུམ་དུ་གྱུར་མ་གྱུར་གཉིས་ལས་གཉིས་པ་ལ་འགོད་པ་ཡིན་ལ། དང་པོ་ནི། མངོན་སུམ་ཚད་མས་གྲུབ་པའི་ཕྱིར་དེ་ལ་འཐད་པ་འགོད་པ་མ་ཡིན་ནོ། །དེའི་ཕྱིར་གཞན་སྐྱེ་ཡོད་པ་འདིར་ནི། དེ་ཡོད་པར་སྒྲུབ་པའི་རིགས་པ་གཞན་སྨྲས་པ་ཉིད་ཀྱིས་ལྟ་ཀོ་ཅི་ཞིག་བྱ། དེས་ན་གཞན་སྐྱེའི་སྒྲུབ་བྱེད་ཀྱི་འཐད་པ་གཞན་མེད་པར་ཡང་། དངོས་པོ་རྣམས་གཞན་ལས་སྐྱེ་བ་འགྲུབ་པས། གཞན་ལས་སྐྱེ་བ་ཡོད་པ་འདིར་ནི་རིགས་པ་གཞན་བསྟན་པས་དགོས་པ་ཅི་ཞིག་ཡོད་དེ་མེད་དེ། མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ་ཞེ་ན། གཉིས་པ་ནི། གང་ཞིག་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་མ་རྟོགས་ཤིང་། འཁོར་བ་ཐོག་མ་མེད་པ་ནས་དངོས་པོ་བདེན་འཛིན་གྱི་བག་ཆགས་བཞག་པ་སྨིན་པ་ལས་བྱུང་བའི་དངོས་པོ་ལ་བདེན་པར་མངོན་པར་ཞེན་པ་ཡུན་རིང་མོ་ནས་འདྲིས་པའི་མཛའ་བོ་དང་བྲལ་བ་སྟེ། འབྲལ་བར་བྱེད་པའི་ཐབས་རང་བཞིན་མེད་པའི་ཚུལ་ཡང་དང་ཡང་དུ་ཐོས་པ་


JLD016_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ། འཇིག་རྟེན་གྱི་གནོད་པའི་རྡོལ་ཐབས་ཏེ་བླ་བརྡོལ་ལ་བརྟེན་པ་འདི་ནི། འཇིག་རྟེན་གྱི་བྱུང་ཚུལ་མང་པོ་ཅིག་མ་བཤད་པར་འཇིག་རྟེན་གྱི་གནོད་པའི་བླ་བརྡོལ་ལས་བཟློག་པར་མི་ནུས་པས། ཡུལ་འདི་འདྲ་བ་ཞིག་ལ་འཇིག་རྟེན་གྱིས་གནོད་དོ་ཞེས་དེའི་གནོད་ཡུལ་ཁྱད་པར་ཅན་དང་། ཡུལ་འདི་འདྲ་བ་ལ་འཇིག་རྟེན་གྱིས་མི་གནོད་དོ་ཞེས་མི་གནོད་པའི་ཡུལ་ཁྱད་པར་ཅན་བསྟན་དགོས་སོ། །དེ་ལ་བདེན་པ་གཉིས་ཀྱི་རྣམ་དབྱེ་བསྟན་པ་སྔོན་དུ་འགྲོ་བ་དགོས་པ་ལ་ལྔ། བདེན་པ་གཉིས་ཀྱི་སྤྱིའི་རྣམ་གཞག །སྐབས་ཀྱི་དོན་ལ་སྦྱར་བ། བདེན་གཉིས་སོ་སོའི་ངོ་བོ་བཤད་པ། བཀག་པ་ལ་འཇིག་རྟེན་གྱིས་གནོད་པ་ལ་གནོད་བྱེད་བསྟན་པ། འཇིག་རྟེན་གྱིས་གནོད་པའི་གནོད་ཚུལ་བསྟན་པའོ། །དང་པོ་ལ་བཞི། བདེན་གཉིས་སུ་དབྱེ་བས་ཆོས་རྣམས་ལ་ངོ་བོ་གཉིས་གཉིས་ཡོད་པར་བརྗོད་པ། བདེན་གཉིས་ཀྱི་རྣམ་གཞག་གཞན་བསྟན་པ། འཇིག་རྟེན་ལ་ལྟོས་ཏེ་ཀུན་རྫོབ་ཀྱི་དབྱེ་བ་བཤད་པ། ཞེན་ཡུལ་ལ་འཁྲུལ་བའི་ཞེན་ཡུལ་ཐ་སྙད་དུ་ཡང་མེད་པར་བསྟན་པའོ། །དང་པོ་ནི། འདི་ན་བདེན་གཉིས་ཀྱི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པ་མཁྱེན་པའི་བཅོམ་ལྡན་འདས་རྣམས་ཀྱིས་འདུ་བྱེད་སེམས་པ་སོགས་ནད་དང་མྱུ་གུ་སོགས་ཕྱི་རོལ་གྱི་དངོས་པོ་ཀུན་ཏེ་ཐམས་ཅད་ཀྱི་རང་གི་ངོ་བོ་རྣམ་པ་གཉིས་ནི་འཛིན་པར་འགྱུར་བར་ཉེ་བར་བསྟན་ཏེ། དེ་གང་ཞེ་ན། ཀུན་རྫོབ་བདེན་པའི་ངོ་བོ་དང་དོན་དམ་བདེན་པའི་


JLD016_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོའོ། །འདིས་ནི་མྱུ་གུ་ལྟ་བུ་གཅིག་གི་ངོ་བོ་ལ་ཡང་ཕྱེ་ན་ཀུན་རྫོབ་ཡིན་པ་དང་། དོན་དམ་པའི་ངོ་བོ་གཉིས་ཡོད་པར་སྟོན་གྱི་མྱུ་གུའི་ངོ་བོ་གཅིག་ཉིད་སོ་སྐྱེ་དང་འཕགས་པ་ལ་བལྟོས་ནས་བདེན་པ་གཉིས་སུ་བསྟན་པ་གཏན་མིན་ནོ། །དེ་ལྟར་བྱས་ན་ངོ་བོ་མེད་པའི་ཆོས་མི་སྲིད་པས། གཞི་གྲུབ་པ་ཡིན་ན་ངོ་བོ་གཅིག་དང་ཐ་དད་ལས་མི་འདའ་ལ། ངོ་བོ་ཡོད་པ་ཁས་ལེན་ཀྱང་རང་བཞིན་གྱིས་གྲུབ་པའི་ངོ་བོ་མེད་པ་མི་འགལ་ལོ། །དེ་ལ་མྱུ་གུ་ལ་སོགས་པའི་དངོས་པོའི་ངོ་བོ་དོན་དམ་པ་ནི། ཡང་དག་པའི་དོན་མངོན་སུམ་དུ་མཐོང་བ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱི་ཡུལ་ཉིད་ཀྱིས་བདག་གི་རང་གི་ངོ་བོ་རྙེད་པ་ཡིན་གྱི། རང་གི་བདག་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ཏེ། འདི་ནི་ངོ་བོ་གཉིས་བཤད་པའི་གཅིག་ཡིན་ནོ། །ཡེ་ཤེས་ཀྱི་ཁྱད་པར་ཞེས་པ་ནི་འཕགས་པའི་ཡེ་ཤེས་གང་ཡིན་གྱིས་རྙེད་པ་མིན་པར་ཡེ་ཤེས་ཀྱི་ཁྱད་པར་ཏེ་བྱེ་བྲག་པ་ཞིག་ལ་བྱེད་དེ། དེ་ཡང་ཇི་ལྟ་བ་འཇལ་བའི་ཡེ་ཤེས་ཀྱིས་རྙེད་པའོ། །ཡེ་ཤེས་དེས་རྙེད་པའམ་གྲུབ་པར་བསྟན་པ་ན་དེས་གྲུབ་རྒྱུ་ཞིག་བྱུང་ན་བདེན་གྲུབ་བོ་ཞེས་འཛིན་པ་དགག་པའི་ཕྱིར། རང་གི་བདག་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ། །ཞེས་གསུངས་པས་འཕགས་པའི་མཉམ་གཞག་གི་ཡེ་ཤེས་ཀྱིས་དོན་དམ་བདེན་པ་གཞལ་ན། བདེན་གྲུབ་ཏུ་འགྱུར་བས་དེ་ཤེས་བྱ་མ་ཡིན་པ་སློབ་དཔོན་འདིའི་ལུགས་སུ་སྨྲ་བ་ནི། ལུགས་


JLD016_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་མཉམ་གཞག་གིས་རྙེད་ཀྱང་བདེན་པར་མ་གྲུབ་པར་བཤད་པའི་དོན་ཡེ་མ་རྟོགས་བཞིན་དུ་མཁས་པའི་ལུགས་ཉམས་སུ་འཇུག་པའོ། །དོན་དམ་ལས་གཞན་ཀུན་རྫོབ་པའི་ངོ་བོ་ནི། སོ་སོ་སྐྱེ་བོ་མ་རིག་པའི་རབ་རིབ་ཀྱི་ལིང་ཏོག་གིས་བློའི་མིག་མ་ལུས་པར་ཁེབས་པ་རྣམས་ཀྱིས་བརྫུན་པ་མཐོང་བའི་སྟོབས་ལས། བདག་གི་ངོ་བོ་ཡོད་པ་རྙེད་པ་ཡིན་ཏེ། བྱིས་པ་རྣམས་ཀྱི་མཐོང་བའི་ཡུལ་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་དེ་བཞིན་དུ་རང་གི་ངོ་བོ་ཡོད་པ་ནི་མིན་ཏེ་ངོ་བོ་གཉིས་ཀྱི་གཅིག་ཡིན་ནོ། །དེ་ལྟར་དོན་དམ་བདེན་པ་རྙེད་པ་ལ་རྙེད་མཁན་འཕགས་པར་གསུངས་པ་ནི་གཙོ་བོ་ཡིན་པ་ལ་དགོངས་ཀྱིས། སོ་སོ་སྐྱེ་བོ་དབུ་མའི་ལྟ་བ་རྒྱུད་ལྡན་གྱིས་ཀྱང་མི་རྙེད་པར་བཞེད་པ་མིན་ནོ། །ཀུན་རྫོབ་རྙེད་པ་ལ་རྙེད་མཁན་སོ་སྐྱེ་རང་དགའ་བ་ལ་གསུངས་པ་ཡང་། ཀུན་རྫོབ་པའི་མཚན་གཞི་ཕྱི་ནང་གི་དངོས་པོ་རྣམས་མ་རིག་པའི་གཞན་དབང་གིས་མཐོང་བའི་གཙོ་བོ་ལ་དགོངས་ཀྱི། འཕགས་པའི་རྒྱུད་ཀྱི་ཐ་སྙད་པའི་ཚད་མས་དངོས་པོ་དེ་རྣམས་མི་རྙེད་པར་བཞེད་པ་མིན་ནོ། །ཀུན་རྫོབ་ཀྱི་བདེན་པའི་མཚན་གཞི་བུམ་པ་ལ་སོགས་པ་རྙེད་པ་དབུ་མའི་ལྟ་བ་མ་རྙེད་པ་ལ་ཡང་ཡོད་མོད་ཀྱང་། གཞི་དེ་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཚད་མས་རྙེད་པ་ལ་ནི། སྔོན་དུ་དབུ་མའི་ལྟ་བ་རྙེད་པ་ཅིག་ངེས་པར་དགོས་ཏེ། གཞི་དེ་ཀུན་རྫོབ་


JLD016_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་གྲུབ་ན་བརྫུན་པར་འགྲུབ་དགོས་ཤིང་། བརྫུན་པར་དངོས་སུ་འགྲུབ་པ་ལ་གཞི་དེ་ལ་སྔོན་དུ་བདེན་གྲུབ་ཚད་མས་ཁེགས་དགོས་པའི་ཕྱིར་རོ། །དེས་ན་བརྫུན་པ་མཐོང་བའི་སྟོབས་ལས་ཞེས་པ་ནི། གང་ཟག་རང་དགའ་བ་དེ་རྣམས་ཀྱིས་བརྫུན་པ་མཐོང་ཡང་དེ་དག་གིས་བརྫུན་པར་འགྲུབ་མི་དགོས་ཏེ། དཔེར་ན་སྒྱུ་མའི་ལྟད་མོ་བས་སྒྱུ་མའི་རྟ་གླང་མཐོང་བ་ན་བརྫུན་པར་མཐོང་ཡང་། སྣང་བ་དེ་བརྫུན་པར་འགྲུབ་མི་དགོས་པ་བཞིན་ནོ། །དེས་ན་ཀུན་རྫོབ་བདེན་པར་འཇོག་བྱེད་བརྫུན་པ་མཐོང་བས་རྙེད་པའི་དོན་ནི། ཤེས་བྱ་བརྫུན་པ་སླུ་བའི་དོན་འཇལ་བའི་ཐ་སྙད་པའི་ཚད་མས་རྙེད་པའོ། །སྔར་བཤད་པའི་རང་བཞིན་ནམ་ངོ་བོ་དེ་གཉིས་ལས་ཀྱང་། ཡང་དག་པའི་དོན་མཐོང་བ་སྟེ་འཇལ་བའི་རིགས་ཤེས་ཀྱིས་རྙེད་པའི་ཡུལ་གང་ཡིན་པ་དེ་ནི། དེ་ཉིད་དེ་དོན་དམ་པའི་བདེན་པ་སྟེ། འདི་ནི་རབ་རིབ་མཐུ་ཡིས་ཞེས་སོགས་ཀྱི་སྐབས་སུ་བཤད་པར་བྱའོ། །ཤེས་བྱ་བརྫུན་པ་མཐོང་བ་ཐ་སྙད་པའི་ཚད་མས་རྙེད་པ་ནི་ཀུན་རྫོབ་ཀྱི་བདེན་པར་སྟོན་པས་གསུངས་ཏེ། དོན་དམ་པ་དང་ཀུན་རྫོབ་རྙེད་པའི་གཞི་གཉིས་སོ་སོར་གསུངས་ཀྱི་གཅིག་ལ་རྙེད་ཚུལ་གཉིས་བྱུང་བ་མིན་ནོ། །གཉིས་པ་ནི། བདེན་པ་གཉིས་ཀྱི་དབྱེ་གཞི་ལ་འདོད་ཚུལ་མི་འདྲ་བ་མང་མོད་ཀྱང་། འདིར་ཤེས་བྱ་ལ་བྱ་སྟེ་ཡབ་སྲས་


JLD016_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་བའི་མདོ་བསླབ་བཏུས་སུ་དྲངས་པ་ལས། འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དེ། དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་དུ་རབ་ཏུ་གཟིགས་རབ་ཏུ་མཁྱེན། ལེགས་པར་མངོན་དུ་བྱས་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཞེས་གསུངས་ཏེ། ཤེས་པར་བྱ་བ་ཡང་ཞེས་པས་ཤེས་བྱ་དབྱེ་གཞི་དང་། འདིར་ཟད་དོ་ཞེས་པས་བདེན་གཉིས་སུ་གྲངས་ངེས་པ་དང་། བདེན་པ་གཉིས་ཀ་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཕྱིར་ཐམས་ཅད་མཁྱེན་པར་བསྟན་ནོ། །དེས་ན་དོན་དམ་བདེན་པ་ཤེས་བྱ་མ་ཡིན་པ་དང་། བློ་གང་གིས་ཀྱང་མ་རྟོགས་པ་སྤྱོད་འཇུག་གི་དགོངས་པར་འཆད་པ་ནི་ལོག་པར་འཆད་པའོ། །ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉིས་སུ་འབྱེད་པ་ནི་དབྱེ་པའི་ངོ་བོའོ། །ཕྱེ་བའི་དོན་ལ་ཡང་མི་འདྲ་བ་དུ་མ་ཞིག་འདུག་ཀྱང་། འདིར་ནི་གཉིས་ཀ་ལ་ངོ་བོ་ཡོད་ལ། དེ་ལ་ངོ་བོ་གཅིག་དང་ཐ་དད་གང་ཡང་མིན་པ་མི་སྲིད་པའི་ཕྱིར་དང་། ཆོས་ཅན་རྣམས་བདེན་སྟོང་ལས་ངོ་བོ་ཐ་དད་ན་བདེན་གྲུབ་ཏུ་འགྱུར་པའི་ཕྱིར། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་བྱས་པ་དང་མི་རྟག་པ་ལྟ་བུ་སྟེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་


JLD016_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་དག་བཞིན་ནོ། །ཞེས་གསུངས་སོ། །རྐང་པ་དང་པོ་བཞིའི་དོན་ནི་ཀུན་རྫོབ་ལས་ངོ་བོ་ཐ་དད་པར་དེ་ཁོ་ན་ཉིད་ཡོད་པ་མིན་ཏེ། ཀུན་རྫོབ་པ་རྣམས་བདེན་པས་སྟོང་པ་ཡིན་པའི་ཕྱིར་དང་། བདེན་སྟོང་ཉིད་ཀྱང་གཞི་ཀུན་རྫོབ་ལ་འཇོག་པའི་ཕྱིར་ཞེས་པའོ། །དེ་ནས་གཉིས་ཀྱིས་ནི་དེ་ལྟར་ཡིན་དང་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་ལ། དེ་ཡང་བདག་གཅིག་པའི་འབྲེལ་པ་ཡིན་པས་བྱས་མི་རྟག་བཞིན་དུ་ངོ་བོ་གཅིག་པར་བསྟན་ནོ། །ཕྱེ་བ་སོ་སོའི་ངོས་འཛིན་ནི་སྔར་ཚད་མ་གཉིས་ཀྱིས་རྙེད་པ་སོ་སོའི་མཚན་ཉིད་དུ་བཤད་པ་བཞིན་ནོ། །གལ་ཏེ་འདི་དང་སྤྱོད་འཇུག་གཉིས་མཐུན་པར་འཆད་ན་དེ་ཉིད་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། ཅེས་གསུངས་པ་འདི་ཇི་ལྟར་བཤད་པར་བྱ་ཞེ་ན། དེ་ལ་རྐང་པ་དང་པོ་གཉིས་ཀྱིས་བདེན་གཉིས་ཀྱི་དབྱེ་བ་བསྟན་ལ། ཕྱེ་བ་སོ་སོའི་ངོ་བོ་ངོས་འཛིན་པ་ན་དོན་དམ་བདེན་པའི་ངོས་འཛིན་ནི། དོན་དམ་ཞེས་པ་གཅིག་གིས་དང་། ཀུན་རྫོབ་བདེན་པའི་ངོས་འཛིན་ཀུན་རྫོབ་ཅེས་པ་གཅིག་གིས་སྟོན་ནོ། །རྐང་པ་སྔ་མས་དོན་དམ་བདེན་པ་བློའི་ཡུལ་མིན་པར་དམ་བཅས་པ་རྐང་པ་ཕྱི་མས་སྒྲུབ་པར་འདོད་པ་ནི།


JLD016_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དེ་དག་གི་དོན་དུ་གཏན་མི་སྣང་ངོ་། །དེས་ན་བདེན་གཉིས་ཀྱི་ངོས་འཛིན་འདི་ནི་ཡབ་སྲས་མཇལ་བ་བསླབ་བཏུས་སུ་དྲངས་པ་ལས། དེ་ལ་ཀུན་རྫོབ་ནི་འཇིག་རྟེན་གྱི་སྤྱོད་པར་དེ་བཞིན་གཤེགས་པས་གཟིགས་སོ། །དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་སྟེ། ཤེས་པར་བྱ་བ་མ་ཡིན་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ། མ་བསྟན་པ། ཞེས་སོགས་གསུངས་པའི་དོན་སྤྱོད་འཇུག་ཏུ་བཀོད་པའོ། །དེ་ལ་དོན་དམ་བདེན་པ་ཤེས་པར་བྱ་བ་མ་ཡིན་པར་བཤད་པའི་དོན་ནི། འོག་ནས་བདེན་པ་གཉིས་ལ་འཇུག་པའི་མདོ་དྲངས་པའི་དོན་འཆད་པར་འགྱུར་བ་ལྟར་དུ་བློའི་ཡུལ་དུ་མི་འགྱུར་བ་ཡིན་ནོ། །དེ་ལྟར་མི་འཇོག་པར་བློ་གང་གི་ཡང་ཡུལ་མིན་ན། རྒྱལ་བས་ཀུན་རྫོབ་དང་དོན་དམ་པ་སྟོང་ཉིད་ཀྱི་རྣམ་པ་ཅན་ཐམས་ཅད་མངོན་དུ་གྱུར་པས་ཐམས་ཅད་མཁྱེན་པར་འཇོག་པར་བཤད་པ་དང་འགལ་ཏེ། འོག་ཏུ་ཡང་མང་དུ་འཆད་པར་འགྱུར་རོ། །ཀུན་རྫོབ་བདེན་པའི་ངོས་འཛིན་ནི་བློ་རྐྱང་པ་དེར་འཇོག་པའི་དོན་མིན་གྱི་བློའི་ཡུལ་ཡིན་ལ། དེ་ཡང་འཇིག་རྟེན་གྱི་སྤྱོད་པར་ཞེས་གསུངས་པས། འཇིག་རྟེན་ཏེ་ཐ་སྙད་པའི་ཤེས་པ་བརྫུན་པ་འཇལ་བའི་སྤྱོད་པར་ཏེ་སྤྱོད་ཡུལ་དུ་རྙེད་པའི་དོན་ཡིན་པས། བློའི་ཡུལ་ཀུན་རྫོབ་པར་འདོད་པའི་དོན་དེ་བཞིན་དུ་བྱའོ། །ཤེས་བྱ་ལ་བདེན་པ་གཉིས་སུ་ཕྱེ་བ་


JLD016_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཤེས་བྱ་ལ་དེ་གཉིས་སུ་གྲངས་ངེས་པར་སྟོན་པ་ཡིན་ཏེ། འདི་ལ་ལུང་ནི་སྔར་དྲངས་པའི་ཡབ་སྲས་མཇལ་བ་དང་། འཕགས་པ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ཏིང་ངེ་འཛིན་ལས་ཀྱང་། གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་གསལ་བར་གསུངས་ཤིང་། རང་འགྲེལ་ལས་ཀྱང་། དེ་བཞིན་དུ་བདེན་པ་གཞན་གང་ཅུང་ཟད་ཅིག་ཡོད་པ་དེ་ཡང་ཅི་རིགས་པར་བདེན་པ་གཉིས་ཀྱི་ཁོངས་སུ་གཏོགས་པ་ཁོ་ནར་ངེས་པར་བྱའོ། །ཞེས་ས་བཅུ་པ་ལས་བདེན་པའི་མིང་ཅན་མང་དུ་གསུངས་པ་ཐམས་ཅད་བདེན་གཉིས་སུ་འདུས་པར་གསུངས་ཤིང་། དེར་བཤད་པའི་ཕྱེ་སྟེ་རྟོགས་པའི་བདེན་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་བཞག་པ་ལ་བཤད་པའི་ཕྱིར་ན། སློབ་དཔོན་འདིས་ཀྱང་བདེན་པ་གཉིས་སུ་གྲངས་ངེས་པར་བཞེད་དོ། །རིགས་པ་ནི་གཞི་གང་ཞིག་བརྫུན་པ་སླུ་བའི་དོན་དུ་ཡོངས་སུ་བཅད་ན། མི་སླུ་བའི་དེ་ཁོ་ན་ཉིད་ཡིན་པ་རྣམ་པར་གཅད་དགོས་པས། སླུ་མི་སླུ་ནི་ཕན་ཚུན་སྤངས་ཏེ་གནས་པའི་དངོས་འགལ་ལོ། །དེ་ཡིན་ན་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བྱེད་པས་གཉིས་དང་གཉིས་མ་ཡིན་གྱི་ཕུང་གསུམ་སེལ་བ་ཡིན་ཏེ་དབུ་མ་སྣང་བ་ལས། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དག་ནི། ཅིག་ཤེས་དགག་པ་གཞན་སྒྲུབ་པ་མེད་ན་


JLD016_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡིན་པའི་ཕྱིར། གཉིས་ཀ་མ་ཡིན་པའི་ཕྱོགས་སུ་རྟོག་པ་ཡང་རིགས་པ་མ་ཡིན་ནོ། །ཞེས་དང་། གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་གཉིས་ནི། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པ་དེ་དག་ནི། རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དག་ཡིན་ནོ། །གང་དག་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་པ་དེ་དག་ནི། ཕུང་པོ་གཞན་སེལ་བར་བྱེད་པ་དག་ཡིན་ཏེ། དཔེར་ན་ལུས་ཅན་དང་ལུས་ཅན་མ་ཡིན་པ་ལ་སོགས་པའི་བྱེ་བྲག་ལྟ་བུའོ། །ཞེས་གསུངས་པ་ལྟར་ཏེ། འདི་ནི་དངོས་འགལ་གཞན་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །ཕུང་གསུམ་སེལ་བའི་དངོས་འགལ་ཅིག་སྟོན་རྒྱུ་མེད་ན་ནི། ཡོད་མེད་དམ་གཅིག་དང་དུ་མ་སོགས་གང་འདོད་ཅེས་མཐའ་གཉིས་སུ་ཁ་ཚོན་བཅད་པའི་བརྟག་པ་བྱས་ནས་འགོག་ས་མེད་ལ། ཡོད་ན་དངོས་འགལ་གཅིག་འགོག་པ་ནི་ཅིག་ཤོས་སྒྲུབ་པ་མེད་ན་མེད་པ་ཡིན་པས། དབུ་མ་ཐལ་འགྱུར་བ་ལ་དངོས་འགལ་མེད་ཟེར་བ་ནི། དགག་གཞག་གི་རྣམ་གཞག་མ་ཆགས་པའོ། །དངོས་འགལ་གཅིག་རྣམ་པར་བཅད་ན་ཅིག་ཤོས་ཡོངས་སུ་གཅོད་པ་དང་། གཅིག་འགོག་ན་ཅིག་ཤོས་སྒྲུབ་དགོས་པ་ལ་དབུ་མ་ཐལ་རང་ལ་ཁྱད་པར་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། ཀུན་རྫོབ་ལ་ཡུལ་ཡུལ་ཅན་གཉིས་ལས་ཐོག་མར་


JLD016_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་ཤེས་པ་ལ་ལྟོས་ནས་ཡུལ་ཅན་ལ་ཡང་དག་པ་དང་ལོག་པ་གཉིས་སུ་སྟོན་པ་ནི། ཤེས་བྱ་ལ་བདེན་པ་གཉིས་སུ་ཕྱེ་བར་མ་ཟད་བརྫུན་པ་མཐོང་པའི་ཡུལ་ཅན་ལའང་། ཡང་དག་པ་དང་ལོག་པ་གཉིས་སུ་འདོད་དེ། དབང་པོ་གསལ་བ་སྟེ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་དང་། དེ་ལ་བརྟེན་པའི་ཤེས་པ་དང་། དབང་པོ་སྐྱོན་ལྡན་ཏེ་འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་ཡུལ་ཅན་གཉིས་སོ། །དེ་ལ་སྐྱོན་དང་ལྡན་པའི་དབང་པོ་ཅན་རྣམས་ཀྱིས་བསླད་པའི་ཤེས་པ་ནི། དབང་པོ་ལགས་པར་གྱུར་པ་སྟེ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ཤེས་པ་ལ་ལྟོས་ནས། ལོག་པའི་ཤེས་པར་འདོད་ཅིང་། སྔ་མ་ནི་ཡུལ་ཕྱིན་ཅི་མ་ལོག་པ་འཛིན་པར་འདོད་དོ། །ཁྱད་པར་དེ་གཉིས་ཀྱང་དབུ་མའི་ལུགས་མིན་གྱི་འཇིག་རྟེན་པའི་ཤེས་པ་ལ་ལྟོས་ནས་ཡིན་ནོ། །ཡུལ་ཅན་ལ་ཕྱིན་ཅི་ལོག་མ་ལོག་གཉིས་སུ་ཕྱེ་བ་དེ་བཞིན་དུ། ཡུལ་ཡང་ཡིན་པར་སྟོན་པ་ནི། འཕྲལ་གྱི་འཁྲུལ་རྒྱུའི་གནོད་པ་མེད་པར་དབང་པོ་དྲུག་གི་ཤེས་པ་རྣམས་ཀྱིས་གཟུང་བར་བྱ་བའི་དོན་གང་ཞིག་འཇིག་རྟེན་གྱིས་རྟོགས་པ་དེ་ནི། འཇིག་རྟེན་ཉིད་དེ་ཁོ་ན་ལས་བདེན་པ་སྟེ་ཡང་དག་པ་ཡིན་གྱི། འཕགས་པ་ལ་བལྟོས་ནས་ཡུལ་དེ་དག་བདེན་པ་དང་ཡང་དག་པར་འཇོག་པ་ནི་མ་ཡིན་ནོ། །འཕགས་པ་ཞེས་པ་དང་དབུ་མའི་ལུགས་ཞེས་པ་ནི་


JLD016_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དོན་འདྲའོ། །ལྷག་མ་སྟེ་གཟུགས་བརྙན་ལ་སོགས་པ་གང་ཞིག་དབང་པོ་རྣམས་ལ་གནོད་པ་ཡོད་པ་ན་ཡུལ་དུ་སྣང་བ་དེ་ནི། འཇིག་རྟེན་ཉིད་ལ་བལྟོས་ནས་ལོག་པར་རྣམ་པར་བཞག་གོ །ཉིད་ཀྱི་སྒྲས་ནི་ཤེས་པ་དེ་རྣམས་འཁྲུལ་པར་འཇོག་པ་ལ་ནི། ཐ་སྙད་པའི་ཚད་མ་ཉིད་ཀྱིས་ཆོག་གི་རིགས་ཤེས་ལ་མི་ལྟོས་པར་སྟོན་པའོ། །དེ་ལ་དབང་པོ་ལ་གནོད་པའི་རྐྱེན་ནང་ན་ཡོད་པ་ནི་རབ་རིབ་དང་མིག་སེར་ལ་སོགས་པ་དང་ད་དུ་ར་ཟོས་པ་ལ་སོགས་པའོ། །ད་དུ་ར་ནི་ཐང་ཕྲོམ་སྟེ། དེའི་འབྲས་བུ་ཟོས་ན་ཐམས་ཅད་གསེར་དུ་སྣང་བའོ། །སོགས་པས་ནི་རིམས་ལ་སོགས་པ་བསྡུའོ། །དབང་པོ་ལ་གནོད་པའི་རྐྱེན་ཕྱི་ན་ཡོད་པ་ནི། མེ་ལོང་དང་བྲག་ཕུག་ལ་སོགས་པ་ནས་སྒྲ་བརྗོད་པ་དང་། སོས་ཀའི་ཉི་མའི་འོད་ཟེར་བྱེ་མ་སྐྱེ་བོའི་ཡུལ་དང་ཉེ་བར་གྱུར་པ་ལ་སོགས་པ་སྟེ། དེ་དག་ནི་དབང་པོ་ལ་གནོད་པའི་རྐྱེན་ནང་ན་མེད་ཀྱང་། རིམ་པ་བཞིན་དུ་གཟུགས་བརྙན་དང་བྲག་ཆ་དང་སྨིག་རྒྱུ་ལ་ཆུ་ལ་སོགས་པར་འཛིན་པའི་རྒྱུར་འགྱུར་རོ། །དེ་བཞིན་དུ་མིག་འཕྲུལ་མཁན་ལ་སོགས་པས་སྦྱར་བའི་སྔགས་དང་སྨན་ལ་སོགས་པ་ཡང་ཤེས་པར་བྱའོ། །ཡིད་ཀྱི་དབང་པོའི་གནོད་པ་ནི་སྔགས་དང་སྨན་ལ་སོགས་པ་དེ་དག་དང་གྲུབ་མཐའ་ལོག་པ་དང་། གཏན་ཚིགས་ལྟར་སྣང་དང་གཉིད་ཀྱི་གནོད་པ་སོགས་སོ། །གཉིད་ནི་དབང་པོ་དྲུག་གི་ནང་ནས་ཡིད་ཀྱི་གནོད་


JLD016_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་པས། རྨི་ལམ་དུ་དབང་ཤེས་ཡོད་པར་སློབ་དཔོན་འདི་བཞེད་ཅེས་པ་ནི་ལོག་པར་བཤད་པ་ཆེན་པོའོ། །དེ་ལྟར་ན་ཐོག་མ་མེད་པ་ནས་ཞུགས་པའི་བདག་ཏུ་འཛིན་པ་གཉིས་ཀྱི་མ་རིག་པ་ལ་སོགས་པས་བསླད་པའི་གནོད་པ་ནི་འདིར་གནོད་པའི་རྒྱུར་མི་གཟུང་གི །སྔར་བཤད་པ་ལྟར་གྱི་འཕྲལ་གྱི་དབང་པོ་ལ་གནོད་པའི་འཁྲུལ་རྒྱུ་རྣམས་གཟུང་ངོ་། །དེ་ལྟ་བུའི་གནོད་པ་མེད་པའི་ཤེས་པ་དྲུག་གིས་གཟུང་པའི་ཀུན་རྫོབ་པའི་དོན་དང་། དེ་ལས་བཟློག་པའི་དོན་ལ་ཡང་དག་དང་ལོག་པར་འཇོག་པ་ནི་འཇིག་རྟེན་པའི་ཤེས་པ་ཁོ་ན་ལ་ལྟོས་ནས་ཡིན་ཏེ། དེ་དག་ཇི་ལྟར་སྣང་བ་ལྟར་གྱི་དོན་དུ་ཡོད་པ་ལ་འཇིག་རྟེན་པའི་ཤེས་པས་གནོད་པ་མེད་པ་དང་ཡོད་པའི་ཕྱིར་རོ། །འཕགས་པ་ལ་ལྟོས་ནས་ནི་ཡང་ལོག་གཉིས་སུ་མེད་དེ། ཇི་ལྟར་གཟུགས་བརྙན་ལ་སོགས་སྣང་བ་ལྟར་གྱི་དོན་དུ་མེད་པ་བཞིན་དུ། མ་རིག་པ་དང་ལྡན་པ་རྣམས་ལ་སྔོན་པོ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ཡང་། སྣང་བ་ལྟར་གྱི་དོན་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་དེ་གཉིས་ལ་འཁྲུལ་མ་འཁྲུལ་ཡང་དབྱེར་མེད་དོ། །འོ་ན་དབང་པོ་གཟུགས་ཅན་ལ་འཕྲལ་གྱི་གནོད་པ་ཡོད་པས་ཡུལ་ལོག་པར་སྣང་བ་དང་། ཡིད་ཀྱི་ཤེས་པ་ལ་གཉིད་ལ་སོགས་པའི་གནོད་པ་ཡོད་པས། རྨི་ལམ་དུ་མིར་སྣང་


JLD016_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་ལ་མི་ལ་སོགས་པར་འཛིན་པ་དང་། སད་དུས་སུ་སྒྱུ་མའི་རྟ་གླང་གི་སྣང་བ་ལ་རྟ་གླང་དང་སྨིག་རྒྱུ་ཆུར་སྣང་བ་ལ་ཆུར་འཛིན་པ་རྣམས་ཕྱིན་ཅི་ལོག་ཡིན་པར། འཇིག་རྟེན་པའི་བློ་རང་དགའ་བས་ཀྱང་རྟོགས་མོད་ཀྱང་། ཡིད་ལ་གྲུབ་མཐའ་ངན་པའི་གནོད་པ་ཡོད་པས་ལོག་པར་བཟུང་བའི་དོན་རྣམས། འཇིག་རྟེན་པའི་བློ་རང་དགའ་བས་ཕྱིན་ཅི་ལོག་ཏུ་མི་རྟོགས་པས། འཇིག་རྟེན་ཉིད་ལས་ལོག་པར་ཇི་ལྟར་བཞག་ཅེ་ན། འདིར་གནོད་པ་ཡོད་མེད་དཔྱོད་པའི་གནོད་པ་ནི། ལྷན་སྐྱེས་ཀྱིས་ཕྱིན་ཅི་ལོག་ཏུ་འཛིན་པའི་གནོད་པ་ལ་མི་བྱེད་པས། གྲུབ་མཐའ་ངན་པས་བཏགས་པ་ནི་གྲུབ་མཐས་བློ་བསྒྱུར་བ་ཁོ་ནས་ལོག་པར་བཏགས་པའི་གཙོ་བོ་སོགས་ཡིན་ལ། དེ་དག་ཕྱིན་ཅི་ལོག་ཏུ་འཇིག་རྟེན་པའི་བློ་རང་དགའ་བས་མི་རྟོགས་ཀྱང་། དེ་ཁོ་ན་ཉིད་ལ་མངོན་དུ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་ལོག་པར་རྟོགས་ན། འཇིག་རྟེན་པའི་ཤེས་པས་ལོག་པར་རྟོགས་པ་ཡིན་ནོ། །བདག་འཛིན་ལྷན་སྐྱེས་གཉིས་ཀྱིས་བཟུང་བའི་དོན་ལྟ་བུ་ནི། གནོད་པ་མེད་པའི་དབང་པོས་བཟུང་བ་ཞེས་པ་ཡིན་ལ། འཇིག་རྟེན་པའི་བསམ་པ་རང་དགའ་བ་ལ་བལྟོས་ནས་ཡང་དག་པའམ་བདེན་པ་ཡིན་མོད་ཀྱང་ཐ་སྙད་དུ་ཡང་མེད་དོ། །གལ་ཏེ་ཡང་དག་པའི་ཀུན་རྫོབ་མི་འདོད་པས་ཡང་ལོག་གཉིས་སུ་མི་བྱེད་ཀྱང་། མ་རིག་པས་བསླད་པའི་ཡུལ་དང་ཡུལ་ཅན་རྣམས་


JLD016_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་ཀུན་རྫོབ་ཏུ་ཅིའི་ཕྱིར་མི་འཇོག་ཅེ་ན། ཀུན་རྫོབ་ནི་ཐ་སྙད་པའི་ཚད་མས་འཇོག་དགོས་པའི་ཕྱིར་ལོག་པའི་ཀུན་རྫོབ་འཇོག་ན་ཡང་དེ་ལ་བལྟོས་ནས་འཇོག་དགོས་ན། མ་རིག་པའི་བག་ཆགས་ཀྱིས་བསླད་པ་ནི་འཁྲུལ་པར་ཐ་སྙད་པའི་ཚད་མས་མི་འགྲུབ་པའི་ཕྱིར་རོ། །བཞི་པ་ནི། ད་ནི་བཤད་ཟིན་པའི་ཡིད་ཀྱི་གནོད་པས་ཞེན་ཡུལ་ལ་འཁྲུལ་བ་སྤྱིར་བསྟན་པའི་དོན་དེ་ཉིད། མཚན་གཞི་བྱེ་བྲག་ལ་དཔེར་བརྗོད་པའི་ཚུལ་གྱིས་བསྟན་པའི་ཕྱིར་བཤད་པ། མི་ཤེས་པའི་གཉིད་ཀྱིས་ཡིད་རབ་ཏུ་བསྐྱོད་པའི་མུ་སྟེགས་ཅན་ཡིད་ལ་ཕྱིན་ཅི་ལོག་གི་གྲུབ་མཐའ་ངན་པ་དང་། གཏན་ཚིགས་ལྟར་སྣང་གི་གནོད་པ་ཡོད་པ་འདི་དག་ནི། དེ་ཁོ་ན་ཉིད་ལ་འཇུག་པར་འདོད་པས་སྐྱེ་བོ་མ་བྱང་བ་གནག་རྫི་དང་བུད་མེད་ལ་སོགས་པ་ཡན་ཆད་ལ་གྲགས་པའི་སྐྱེ་བ་དང་། འཇིག་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པ་མ་བཟུང་བར། འཇིག་རྟེན་པ་རྣམས་ལས་ཕུལ་དུ་བྱུང་བར་འགྲོ་བར་འདོད་པས། དཔེར་ན་ཤིང་ལ་འཛེག་པས་ཡལ་ག་ཕྱི་མ་མ་བཟུང་བར་སྔ་མ་བཏང་བར་ལྟར། ལྟུང་བ་ཆེན་པོས་ལྟ་བ་ངན་པའི་རི་སུལ་དུ་ལྟུང་བར་འགྱུར་ཞིང་། བདེན་གཉིས་ལེགས་པར་མཐོང་བ་དང་བྲལ་བས་འབྲས་བུ་ཐར་བ་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་མུ་སྟེགས་ཅན་འདི་རྣམས་ཀྱིས་རང་རང་གི་གཞུང་ལས་འབྱུང་བའི་བདག་ཉིད་


JLD016_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་བཞིན་དུ་ཡོན་ཏན་གསུམ་ལ་སོགས་པ་གང་བརྟགས་པ་ནི། འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ནོ། །འདིས་ནི་ལུགས་འདིས་བློ་འཁྲུལ་པ་ཞིག་གི་ངོར་ཡོད་པ་ལ། ཀུན་རྫོབ་ཏུ་ཡོད་པར་འཇོག་ཟེར་བ་ལེགས་པར་བཀག་གོ །དེ་བཞིན་དུ་སྒྱུ་མ་དང་སྨིག་རྒྱུ་དང་གཟུགས་བརྙན་ལ་སོགས་པ་ལ་རྟ་གླང་དང་། ཆུ་དང་བྱད་བཞིན་སོགས་སུ་བརྟགས་པ་གང་ཡིན་པ་དེ་དག་ཀྱང་། འཇིག་རྟེན་ཀུན་རྫོབ་ལས་ཀྱང་ཡོད་པ་མིན་པ་ཉིད་དོ། །དེ་ལྟར་ན་ཐ་སྙད་དུ་ཡོད་པ་ལ་ནི་ཚད་མས་གྲུབ་པ་ཅིག་དགོས་སོ། །དེ་འདྲ་བའི་ཞེན་ཡུལ་རྣམས་ཐ་སྙད་དུ་ཡང་མེད་ཀྱང་སྣང་ཡུལ་ལ་ནི་དེ་ལྟར་མི་བཞེད་དོ། །ད་ལྟ་གཟུགས་སྒྲ་སོགས་ལྔ་རང་གི་མཚན་ཉིད་ཀྱིས་གྲུབ་པར་དབང་ཤེས་ལ་སྣང་བ་ནི། མ་རིག་པས་བསླད་པ་ཡིན་པས་ཤེས་པ་དེ་དང་། གཟུགས་བརྙན་དང་བྲག་ཆ་སོགས་སྣང་བའི་དབང་ཤེས་རྣམས་ལ། ཕྲ་རགས་ཙམ་མ་གཏོགས་པ་སྣང་ཡུལ་ལ་འཁྲུལ་མ་འཁྲུལ་ལ་ཁྱད་པར་མེད་ཅིང་། སྔོ་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། གཟུགས་བརྙན་བྱད་བཞིན་དུ་ཡོད་པ་མི་སྲིད་ཀྱང་། བྱད་བཞིན་དུ་མེད་པའི་གཟུགས་བརྙན་ཡོད་པ་བཞིན་དུ། རང་གི་མཚན་ཉིད་ཀྱིས་གྲུབ་པ་མིན་ཀྱང་སྔོ་སོགས་ཡོད་དགོས་ལ། དེ་ཡང་ཕྱི་རོལ་གྱི་དོན་དུ་ཡོད་པ་བཞིན་དུ་གཟུགས་བརྙན་ཡང་གཟུགས་ཀྱི་སྐྱེ་མཆེད་དུ་བཞེད་པ་


JLD016_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། འོག་ནས་གཟུགས་བརྙན་གྱིས་དེ་སྣང་བའི་དབང་ཤེས་སྐྱེད་པར་ཡང་གསུངས་སོ། །ཚུལ་དེ་དག་ནི་མིག་ལ་རྟ་གླང་དུ་སྣང་བའི་སྒྱུ་མ་དང་བྲག་ཆ་སོགས་ལ་ཡང་ཤེས་པར་བྱ་སྟེ། ལུགས་དམ་པ་འདི་ཡི་རྣམ་བཞག་ཐུན་མོང་མ་ཡིན་པའོ། །གཉིས་པ་ནི། དེ་ཁོ་ན་ཉིད་ཀྱི་དོན་ཐ་སྙད་པའི་ཤེས་པས་མི་འཇོག་པ་དེའི་ཕྱིར། གཞན་སྐྱེ་འགོག་པ་ནི་འཇིག་རྟེན་པའི་ལྟ་བ་ཁོ་ན་ལ་གནས་ནས་མི་བྱེད་ཀྱི། འཕགས་པའི་དེ་ཁོ་ན་ཉིད་ཀྱི་གཟིགས་པ་ཁས་བླངས་ནས་དོན་དམ་པར་འགོག་པ་ཡིན་ནོ། །གང་གི་ཚེ་གཞན་སྐྱེ་དགག་པ་འདི་ལ་དོན་དམ་གྱི་ཁྱད་པར་སྦྱོར་བ་ཡིན་པ་དེའི་ཚེ། ཇི་ལྟར་མིག་ནི་རབ་རིབ་ཅན་གྱི་ཤེས་པས་སྐྲ་ཤད་ལ་སོགས་པ་དམིགས་པས། རབ་རིབ་ཀྱིས་མ་བསླད་པའི་ཤེས་པ་ལ་སྐྲ་ཤད་སོགས་མི་སྣང་བ་ལ་གནོད་པ་མིན་པ་ཇི་ལྟ་བ་དེ་བཞིན་དུ། དྲི་མ་སྟེ་ཟག་པ་མེད་པའི་ཡེ་ཤེས་སྤངས་པ་སྟེ་དེ་དང་བྲལ་བའི་སོ་སྐྱེའི་བློ་མ་རིག་པས་བསླད་པས། མ་རིག་པས་མ་བསླད་པའི་དྲི་མ་སྟེ་ཟག་པ་མེད་པའི་བློ་ལ་གནོད་པ་ཡོད་པ་མ་ཡིན་པས། དོན་དམ་པར་གཞན་སྐྱེ་བཀག་པ་ལ་འཇིག་རྟེན་པའི་ངོར་གཞན་སྐྱེ་གྲུབ་ཏུ་ཆུག་ཀྱང་མི་གནོད་དོ། །དེའི་ཕྱིར་ཕ་རོལ་པོ་ནི་དམ་པ་མཁས་པ་དག་གིས་བཞད་གད་དུ་བྱ་བར་འོས་སོ། །གསུམ་པ་ལ་གཉིས། ཀུན་རྫོབ་ཀྱི་བདེན་པ་


JLD016_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང་། དོན་དམ་པའི་བདེན་པ་བཤད་པའོ། །དང་པོ་ལ་གསུམ། ཀུན་རྫོབ་པ་གང་གི་ངོར་བདེན་ལ་གང་གི་ངོར་མི་བདེན་པ་དང་། ཀུན་རྫོབ་ཙམ་དེ་གང་ཟག་གསུམ་ལ་སྣང་བ་དང་མི་སྣང་པའི་ཚུལ་དང་། སོ་སྐྱེ་དང་འཕགས་པ་ལ་ལྟོས་ཏེ་དོན་དམ་པ་དང་ཀུན་རྫོབ་ཏུ་འགྱུར་ཚུལ་ལོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང་། ཉོན་མོངས་ཀྱི་རྣམ་གཞག་ཐུན་མོང་མ་ཡིན་པ་བཤད་པའོ། །དང་པོ་ནི། འདིས་སེམས་ཅན་རྣམས་དངོས་པོ་ཇི་ལྟར་གནས་པའི་རང་བཞིན་ལྟ་བ་ལ་སྒྲིབ་པ་སྟེ་རྨོངས་པར་བྱེད་པའི་ཕྱིར་ན་གཏི་མུག་སྟེ། མ་རིག་པ་དངོས་པོའི་ངོ་བོ་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ལ། རང་བཞིན་གྱིས་ཡོད་པར་སྒྲོ་འདོགས་པར་བྱེད་པ་ཡིན་ལུགས་ཀྱི་རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་བོ། །འདི་ནི་ཀུན་རྫོབ་བདེན་པ་ཞེས་པའི་བདེན་པ། ཀུན་རྫོབ་པ་གང་གི་ངོར་འཇོག་པའི་ཀུན་རྫོབ་ངོས་འཛིན་པ་ཡིན་གྱི། ཀུན་རྫོབ་པ་སྤྱི་ངོས་འཛིན་པ་མིན་ནོ། །ངོས་འཛིན་དེ་ཡང་ལང་ཀར་གཤེགས་པ་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང་། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་དོན་དམ་པར་རང་བཞིན་མེད་པ་ལ་རང་བཞིན་ཡོད་པར་འཁྲུལ་བའི་བློ་ཀུན་རྫོབ་པ་ཡིན་པར་གསུངས་པའི་དོན་ནོ། །ཀུན་རྫོབ་དེ་ནི་ཀུན་རྫོབ་ཀྱི་སྐད་འདོད་སྒྲིབ་བྱེད་ལ་


JLD016_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཇུག་པས་སྒྲིབ་བྱེད་དོ། །དེས་གང་ལ་སྒྲིབ་ན་ཡང་དག་ཀུན་རྫོབ་འདོད་ཅེས་པས་ཡང་དག་པའི་དོན་ལ་སྒྲིབ་པས་ཀུན་རྫོབ་བམ་སྒྲིབ་བྱེད་དུ་འདོད་ཅེས་པ་སྟེ། ཡང་ལོག་གཉིས་ཀྱི་ནང་ནས་ཡང་དག་ཀུན་རྫོབ་ཏུ་སྟོན་པ་མིན་ནོ། །རྐང་པ་དང་པོས་བསྟན་པའི་ཀུན་རྫོབ་དང་། རྐང་པ་ཕྱི་མ་གཉིས་ཀྱིས་བསྟན་པའི་ཀུན་རྫོབ་གཉིས་གཅིག་ཏུ་མི་བྱ་སྟེ། དང་པོ་ནི། རང་གིས་དངོས་པོ་རྣམས་སྐྱེ་བ་སོགས་སུ་གང་དུ་ཁས་ལེན་པའི་ཀུན་རྫོབ་ཡིན་ལ། ཕྱི་མ་ནི་དངོས་པོ་རྣམས་གང་གི་ངོར་བདེན་པའི་བདེན་འཛིན་གྱི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་བདེན་འཛིན་དེའི་མཐུས་སྔོན་པོ་ལ་སོགས་པ་གང་ཞིག །རང་བཞིན་གྱིས་གྲུབ་པ་མེད་བཞིན་དུ་དེར་སྣང་བར་བཅོས་པའི་བཅོས་མ་སེམས་ཅན་རྣམས་ལ་བདེན་པར་སྣང་བ་དེ་ནི། སྔར་བཤད་པའི་འཇིག་རྟེན་གྱི་ཕྱིན་ཅི་ལོག་གི་ཀུན་རྫོབ་པ་དེའི་ངོར་བདེན་པས་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་ཞེས་ཐུབ་པ་དེས་གསུངས་ཏེ། གསུངས་ཚུལ་ནི་སྔར་གྱི་མདོ་དེར་གསུངས་པའོ། །གང་ཟག་གསུམ་པོ་གང་གི་ངོར་མི་བདེན་པའི་རྟོག་པས་བཅོས་པས་བཅོས་མར་གྱུར་པའི་དངོས་པོ་ནི་དེའི་ཀུན་རྫོབ་པའི་ངོར་མི་བདེན་པས་ཀུན་རྫོབ་ཙམ་ཞེས་བྱའོ། །རྟེན་འབྱུང་གཟུགས་བརྙན་དང་བྲག་ཆ་སོགས་ཅུང་ཟད་ཅིག་ནི་བརྫུན་ཡང་མ་རིག་པ་དང་ལྡན་པ་རྣམས་ལ་


JLD016_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ། སྔོན་པོ་ལ་སོགས་པའི་གཟུགས་དང་སེམས་དང་ཚོར་བ་སོགས་ཅུང་ཟད་ཅིག་ནི་བདེན་པར་སྣང་སྟེ། ཆོས་རྣམས་ཀྱི་ཡིན་ལུགས་ཀྱི་རང་བཞིན་ནི་མ་རིག་པ་དང་ལྡན་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་མི་སྣང་ངོ་། །དེའི་ཕྱིར་རང་བཞིན་དེ་དང་གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ནོ། །ཞེས་གསུངས་པའི་དོན་བཤད་ན་ཅུང་ཟད་ཅིག་ཅེས་པ་ནི། ནག་ཚོའི་འགྱུར་ལས་འགའ་ཞིག་ཏུ་བསྒྱུར་བ་ལྟར་བདེའོ། །གཟུགས་བརྙན་སོགས་བརྫུན་ཡང་སྣང་བ་ནི་བརྫུན་པར་སྣང་བ་ཡིན་ལ། དེ་ནི་བྱད་བཞིན་དུ་སྣང་བ་དང་དེས་སྟོང་པ་གཉིས་ཚོགས་པའི་བརྫུན་པ་ཡིན་པས། དེའི་བདེན་སྟོང་ནི་བྱད་བཞིན་དུ་བདེན་པས་སྟོང་པ་ཡིན་གྱི། གཟུགས་བརྙན་རང་གི་མཚན་ཉིད་ཀྱིས་གྲུབ་པའི་བདེན་སྟོང་གི་དོན་མེད་དོ། །དེའི་ཕྱིར་གཟུགས་བརྙན་བྱད་བཞིན་ཀྱིས་སྟོང་པར་གྲུབ་ཀྱང་། གཟུགས་བརྙན་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ཀུན་རྫོབ་ཀྱི་ངོར་བདེན་པ་ཡིན་པ་ལ་འགལ་བ་ཅི་ཡང་མེད་པའི་དངོས་པོ་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །དེས་ན་གཟུགས་བརྙན་ཀུན་རྫོབ་ཀྱི་བདེན་པ་མིན་པར་གསུངས་པ་ནི། བརྡ་ལ་བྱང་བའི་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་ངོར་བྱད་བཞིན་གྱི་གཟུགས་བརྙན་ལྟ་བུ་དེ། བྱད་བཞིན་ཡིན་པ་དེ་བརྫུན་པས་དེ་ལ་ལྟོས་པའི་ཀུན་རྫོབ་ཀྱི་བདེན་པ་མིན་པ་ལ་དགོངས་ཀྱི།


JLD016_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་བརྫུན་པའི་ཀུན་རྫོབ་བདེན་པར་གསུངས། ཞེས་པས་བཤད་པའི་ཀུན་རྫོབ་བདེན་པར་མི་འཇོག་པ་ག་ལ་ཡིན། དེ་ལྟ་མ་ཡིན་པར་ཀུན་རྫོབ་ཏུ་བདེན་པར་མེད་ན་ཀུན་རྫོབ་བདེན་པ་ཡིན་པར་འགལ་ན། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཡང་མེད་པར་གསུངས་པ་དང་། བདེན་གྲུབ་འགེགས་པ་དང་བདེན་མེད་སྒྲུབ་པ་ཐམས་ཅད་ཐ་སྙད་དུ་བྱེད་པའི་རྣམ་གཞག་ཐམས་ཅད་དང་འགལ་བར་འགྱུར་རོ། །དེའི་ཕྱིར་གཟུགས་བརྙན་སོགས་འཇིག་རྟེན་པའི་ཤེས་པ་རང་དགའ་བས་ཀྱང་འཕྲུལ་པར་ཤེས་པའི་ཡུལ་རྣམས་ཀུན་རྫོབ་བདེན་པ་མིན་གྱི་ཀུན་རྫོབ་ཙམ་མོ། །ཞེས་ཟེར་བ་ནི་བདེན་གཉིས་ཀྱི་གྲངས་ངེས་དང་། འཇིག་རྟེན་པ་ལ་ལྟོས་པའི་བདེན་བརྫུན་དང་། དབུ་མ་པས་འཇོག་པའི་བདེན་བརྫུན་ལ་གོ་བ་མ་ཆགས་པའི་གཏམ་དུ་སྣང་ངོ་། །རང་བཞིན་ནི་མ་རིག་པ་དང་ལྡན་པ་ལ་ཐམས་ཅད་དུ་མི་སྣང་ངོ་ཞེས་གསུངས་པ་ཡང་། མ་རིག་པ་མ་སྤངས་པའི་འཕགས་པས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་བཞེད་པས་ན། མ་རིག་པས་བསླད་པའི་ཤེས་པ་ལ་དགོངས་ལ། འཕགས་པ་སློབ་པའི་རྗེས་ཐོབ་ཀྱི་ཡེ་ཤེས་དང་། སོ་སྐྱེའི་དེ་ཁོ་ན་ཉིད་ཀྱི་ལྟ་བ་རྣམས། མ་རིག་པ་དང་དེའི་བག་ཆགས་ཀྱིས་བསླད་པ་ཡིན་པས་མངོན་སུམ་དུ་མི་སྣང་ཡང་། སྤྱིར་དོན་དམ་


JLD016_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་སྣང་བར་འདོད་དགོས་སོ། །དེ་ལྟར་ན་རེ་ཞིག་སྲིད་པའི་ཡན་ལག་གིས་བསྡུས་པས་ཉོན་མོངས་ཅན་གྱི་མ་རིག་པའི་དབང་གིས། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་གོ་ཞེས་གསུངས་པས་ནི། ཆོས་རྣམས་བདེན་པར་འཛིན་པའི་མ་རིགས་པ་གང་ཟག་དང་ཆོས་ཀྱི་བདག་འཛིན་དུ་གྲགས་པ་ནི། ཡན་ལག་བཅུ་གཉིས་ཀྱི་མ་རིག་པར་བཞེད་པས་ཤེས་སྒྲིབ་ཏུ་མི་བཞེད་དོ། །མ་རིག་པ་བདེན་འཛིན་དེའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་འཇོག་ཅེས་པ་ནི། བདེན་པ་ཀུན་རྫོབ་པ་གང་གི་ངོར་འཇོག་པའི་འཇོག་ཚུལ་སྟོན་པ་ཡིན་གྱི། ཀུན་རྫོབ་བདེན་པ་ཡིན་པའི་བུམ་སྣམ་སོགས་བདེན་འཛིན་དེས་འཇོག་ཅེས་པ་མིན་ཏེ། བདེན་འཛིན་དེས་བཞག་པ་ནི་རང་གིས་ཐ་སྙད་དུ་ཡང་མི་སྲིད་པར་བཞེད་པའི་ཕྱིར་རོ། །དེས་ན་ཀུན་རྫོབ་ཀྱི་བདེན་པ་ཞེས་པའི་ཟུར་གྱི་བདེན་པ་གང་གི་ངོར་འཇོག་པའི་ཀུན་རྫོབ་དང་། བུམ་སོགས་ཀུན་རྫོབ་ཏུ་ཡོད་པར་འཇོག་པའི་ཀུན་རྫོབ་རྣམས་མིང་མཚུངས་པས། དོན་ཡང་གཅིག་ཏུ་འཁྲུལ་བ་མང་དུ་བྱུང་སྣང་བས་ལེགས་པར་ཕྱེད་པར་བྱའོ། །འོ་ན་བུམ་སོགས་འདི་རྣམས་སངས་མ་རྒྱས་པའི་གང་ཟག་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་ངོར་བདེན་པ་ཡིན་ནམ། གང་ཟག་འགའ་ཞིག་གི་ཀུན་རྫོབ་ཀྱི་ངོར་མི་བདེན་པ་ཡང་ཡོད་ཅེ་ན། ཀུན་རྫོབ་ཀྱི་བདེན་པར་འཇོག་པའི་གཟུགས་སྒྲ་སོགས་དེ་ཡང་། ཉན་རང་དང་བྱང་སེམས་ཉོན་


JLD016_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ཅན་གྱི་མ་རིག་པ་སྤངས་པ། འདུ་བྱེད་གཟུགས་བརྙན་སོགས་དང་འདྲ་བར་གཟིགས་པ་རྣམས་ལ་ནི། བཅོས་མའི་རང་བཞིན་ཡིན་གྱི་བདེན་པ་ནི་མ་ཡིན་ཏེ། བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་དོན་བཤད་ན། གང་གི་ངོར་མི་བདེན་པའི་གང་ཟག་ནི་གསུམ་སྟེ། ཉན་རང་དང་བྱང་སེམས་སོ། །དེ་ཡང་ཉན་རང་དང་བྱང་སེམས་གང་ཡིན་ལ་མི་བྱེད་པས་ཁྱད་པར་སྨོས་པ་ནི། འདུས་བྱས་ཐམས་ཅད་གཟུགས་བརྙན་བཞིན་དུ་རང་བཞིན་གྱིས་སྟོང་ཡང་དེར་སྣང་བར་མངོན་སུམ་དུ་རྟོགས་པ་ནི་ཁྱད་པར་གཅིག་གོ །དེ་ཙམ་ནི་བྱང་སེམས་ས་བདུན་པ་བ་མན་ཆད་དང་། ཉན་རང་འཕགས་པ་སློབ་པ་རྣམས་ལའང་ཡོད་པས་དེ་གཅད་པའི་ཕྱིར་དུ། གང་ཟག་གསུམ་པ་ལ་མ་རིག་པ་སྤངས་པ་ཞེས་གསུངས་པས་དག་པ་སའི་བྱང་སེམས་དང་། ཉན་རང་དགྲ་བཅོམ་པ་གཉིས་ལ་བྱ་སྟེ་དེ་གསུམ་གྱི་ངོར་མི་བདེན་པའོ། །གང་ཞིག་མི་བདེན་པ་ནི་དེ་ཡང་ཞེས་པ་ཕྱི་ནང་གི་ཆོས་རྣམས་སོ། །མི་བདེན་པའི་རྒྱུ་མཚན་ནི་བདེན་པར་རློམ་པ་སྟེ་བདེན་ཞེན་མེད་པའི་ཕྱིར་ཏེ། བདེན་འཛིན་གྱི་མ་རིག་པ་ཟད་པའི་ཕྱིར་རོ། །དེས་ན་ཕྱི་ནང་གི་ཆོས་རྣམས་གང་ཟག་གསུམ་པོ་དེའི་ཀུན་རྫོབ་ཀྱི་ངོར་བདེན་པར་མ་གྲུབ་པར་སྒྲུབ་པ་ཡིན་ནོ། །དེ་ལྟར་འགྲེལ་པས་དེ་རྣམས་ཀྱི་ངོར་ཀུན་རྫོབ་བདེན་པ་མིན་པར་ཡེ་


JLD016_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒྲུབས་པར་བདེན་པ་མིན་ཞེས་བསྒྲུབས་པ་ལ། ཀུན་རྫོབ་བདེན་པ་མིན་པར་བསྒྲུབས་པར་འཛིན་པ་ནི། ཧ་ཅང་ཡང་བློའི་འཇུག་པ་རྩིངས་པས་སློབ་དཔོན་གྱི་དགོངས་པ་རང་གི་བློའི་དྲི་མས་སྦགས་ནས་འཆད་པའི་ལུགས་ངན་པའོ། །དེ་ལྟར་སྒྲུབ་པ་ཡང་གང་ཟག་དེ་གསུམ་ལ་མིན་གྱི། དེ་གསུམ་གྱི་ངོར་བདེན་པ་མིན་པ་གང་ཟག་གཞན་བདག་ཅག་རྣམས་ལྟ་བུ་ལ་སྒྲུབ་པ་ཡིན་ནོ། །གང་ཟག་དེ་གསུམ་མིན་པའི་འོག་མ་རྣམས་ལ་ནི་ལྷན་སྐྱེས་ཀྱི་བདེན་འཛིན་ཡོད་པས། དེ་རྣམས་ཀྱི་ཀུན་རྫོབ་གང་ཡིན་ཐམས་ཅད་ཀྱི་ངོར་གང་ཡང་བདེན་པར་མ་གྲུབ་པར་སྒྲུབ་མི་ནུས་སོ། །སྔར་བཤད་པ་དེ་ལྟ་མིན་པར་དེ་དག་གི་ངོར་ཀུན་རྫོབ་ཀྱི་བདེན་པ་མིན་པ་བསྒྲུབ་ན་ནི། ཤིན་ཏུ་མ་འབྲེལ་བའི་སྒྲུབ་བྱེད་དུ་འགྱུར་ཏེ། བློ་དེའི་ངོར་གཞི་དེ་ཀུན་རྫོབ་བདེན་པར་འགྲུབ་པ་ལ་གཞི་དེ་བརྫུན་པར་འགྲུབ་དགོས་པས་དེ་ལ་བདེན་ཞེན་མེད་པ་རྒྱུ་མཚན་དུ་འགོད་པ་ནི་བཞད་གད་ཀྱི་གནས་སོ། །བློ་དེའི་ངོར་གཞི་དེ་ཀུན་རྫོབ་བདེན་པར་འགྲུབ་པ་ལ་གཞི་དེ་བརྫུན་པར་འགྲུབ་དགོས་པའི་རྒྱུ་མཚན་ནི། བུམ་སོགས་ལ་ཀུན་རྫོབ་བདེན་པ་ཞེས་པའི་ཚིག་ཟུར་གྱི་བདེན་པ་འཇོག་པ་ན་བློ་དང་དོན་གཉིས་ལས། དོན་ལ་བདེན་པར་མི་འཇོག་པར། བདེན་འཛིན་ཀུན་རྫོབ་པའི་ངོ་ཉིད་དུ་བདེན་པར་གཞག་དགོས་པར་མཐོང་བ་ན། ཁྱད་པར་དེ་མ་སྦྱར་ན་བདེན་པར་མི་འགྲུབ་ཅིང་བརྫུན་པ་ཡིན་པར་མཐོང་དགོས་


JLD016_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནད་ཀྱིས་ཡིན་ནོ། །གཉིས་པ་ནི། ལུགས་འདི་ལ་ཉོན་མོངས་ཀྱི་ངོས་འཛིན་མངོན་པ་གོང་འོག་ནས་བཤད་པ་དང་མི་མཐུན་པ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་ཤེས་པ་གལ་ཆེ་བར་སྣང་བས་དེ་བཤད་ན། དངོས་པོ་བདེན་འཛིན་ལ་གང་ཟག་དང་ཆོས་ལ་བདེན་འཛིན་གཉིས་ཡོད་ལ། དེ་ཉིད་བདག་འཛིན་གཉིས་སུའང་བཞེད་པ་ནི་སྔར་བཤད་ཟིན་ཏོ། །བདེན་འཛིན་དེ་འཇུག་འགྲེལ་དང་། བཞི་བརྒྱ་པའི་འགྲེལ་པ་གཉིས་ཀར་ཉོན་མོངས་ཅན་གྱི་མ་རིག་པར་བཤད་ལ། མ་རིག་པ་དེ་ཉན་རང་དགྲ་བཅོམ་གྱིས་སྤངས་པ་དང་། བཞི་བརྒྱ་པའི་འགྲེལ་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་སེམས་ཀྱིས་སྤངས་པར་བཤད་དོ། །དེའི་ཕྱིར་ཉོན་མོངས་ཅན་གྱི་མ་རིག་པ་ནི། བདག་མེད་པའི་དེ་ཁོ་ན་ཉིད་རིག་པའི་མི་མཐུན་ཕྱོགས་དང་། དེ་ཡང་རིག་པ་དེ་མེད་པ་ཙམ་དང་། དེ་ལས་གཞན་པ་ཙམ་ལ་མི་བྱེད་ཀྱི། འགལ་ཟླ་མི་མཐུན་ཕྱོགས་གང་ཟག་དང་ཆོས་རང་བཞིན་གྱིས་གྲུབ་པར་སྒྲོ་འདོགས་པའོ། །དེ་ལྟར་བྱས་ན་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པ་ཉོན་མོངས་ཅན་གྱི་མ་རིག་པར་འཇོག་པ་དང་། ང་དང་ང་ཡི་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་གཉིས་འཇིག་ལྟར་འཇོག་པ་རྣམས་མངོན་པ་བ་དང་མི་མཐུན་ནོ། །མངོན་པ་བའི་ལུགས་ཀྱིས་ནི་མཛོད་འགྲེལ་གྱི་གནས་དགུ་པ་ལས་བཤད་པ་ལྟར། གང་ཟག་རང་རྒྱ་ཐུབ་པའི་རྫས་སུ་ཡོད་པར་འཛིན་


JLD016_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇིག་ལྟ་ངར་འཛིན་དང་། བདག་གི་བ་རྣམས་གང་ཟག་རྫས་ཡོད་དེའི་དབང་བསྒྱུར་བྱར་འཛིན་པ་ནི། འཇིག་ལྟ་བདག་གིར་འཛིན་པར་འཇོག་པ་ཡིན་ཏེ་ཆེས་མི་མཐུན་ནོ། །གང་ཟག་རང་རྒྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི་གྲུབ་མཐས་བློ་མ་བསྒྱུར་བ་ལ་ཡང་ཡོད་མོད་ཀྱང་། གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་གཞན་དུ་ཡོད་པར་འཛིན་པ་ནི་གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་དོ། །དེ་ལྟར་ན་མཐར་འཛིན་པར་ལྟ་བ་ཡང་གཉིས་སོ། །གལ་ཏེ་གང་ཟག་དང་ཆོས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོད་པར་འདོད་པའི་ཕྱོགས་ལ། དེ་ལྟར་འཛིན་པ་དེ་རྣམས་ཉོན་མོངས་ཅན་གྱི་མ་རིག་པ་དང་། བདག་འཛིན་གཉིས་སུ་ཇི་ལྟར་སྒྲུབ་ཅེ་ན། གང་ཟག་དང་ཆོས་རང་བཞིན་གྱིས་གྲུབ་པ་ནི། དེ་འགོག་པའི་རིགས་པ་རྣམས་ཀྱིས་ཁེགས་པར་འགྱུར་ཞིང་། དེའི་ཚེ་དེ་ལྟར་འཛིན་པ་དེ་ཞེན་ཡུལ་ལ་འཁྲུལ་པའི་བདེན་འཛིན་དུ་འགྲུབ་ལ། དེ་གྲུབ་ན་གང་ཟག་དང་ཆོས་གཉིས་བདེན་གྲུབ་ཏུ་འཛིན་པ་བདག་འཛིན་གཉིས་སུ་འགྲུབ་བོ། །དེ་རྣམས་གྲུབ་ན་བདེན་འཛིན་དེ་དེ་ཁོ་ན་ཉིད་ཀྱི་དོན་རིག་པའི་འགལ་བ་མི་མཐུན་ཕྱོགས་སུ་འགྲུབ་པས། མ་རིག་པར་འགྲུབ་ཅིང་། དེ་མ་ཟད་པར་དུ་འཇིག་ལྟ་ཡང་མི་འཛད་པར་སྒྲུབ་ནུས་པས། ཉོན་མོངས་ཅན་གྱི་མ་རིག་པར་འགྲུབ་པས་ཉོན་མོངས་ཀྱི་རྣམ་གཞག་ཐུན་མོང་མ་ཡིན་པ་འཇོག་ཤེས་པ་ཤིན་ཏུ་གལ་ཆེའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་གཞན་རྣམས་ཀྱང་བདེན་འཛིན་གྱི་གཏི་མུག་ལས་འཇུག་ཚུལ་ནི།


JLD016_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། ཞེས་པའི་འགྲེལ་པ་ལས། གཏི་མུག་ནི་དེ་རྣམས་ཇི་ལྟར་བདེན་པར་རྟོགས་པ་ལས་རྨོངས་པ་ཉིད་ཀྱི་ཕྱིར། དངོས་པོ་བདེན་པའི་རང་གི་ངོ་བོར་ལྷག་པར་སྒྲོ་འདོགས་པར་རབ་ཏུ་འཇུག་གོ །འདོད་ཆགས་ལ་སོགས་པ་དག་ཀྱང་གཏི་མུག་གིས་ཀུན་ཏུ་བརྟགས་པའི་དངོས་པོའི་རང་བཞིན་ཁོ་ན་ལ། སྡུག་པ་དང་མི་སྡུག་པ་ལ་སོགས་པའི་ཁྱད་པར་སྒྲོ་འདོགས་པར་འཇུག་པ་ཉིད་ཀྱི་ཕྱིར། གཏི་མུག་ལས་ཐ་མི་དད་པར་འཇུག་པར་འགྱུར་ཞིང་། གཏི་མུག་ལ་བརྟེན་པར་ཡང་འགྱུར་ཏེ། གཏི་མུག་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པ་ལྟར་བཤད་ན། འཇུག་གོ་ཞེས་པ་ཡན་གྱིས་གཏི་མུག་བདེན་འཛིན་དུ་སྟོན་ནོ། །ཆགས་སོགས་རྣམས་གཏི་མུག་ལས་ཐ་མི་དད་པར་འཇུག་པ་ནི། གཏི་མུག་དང་མཚུངས་ལྡན་དུ་འཇུག་གི་དེ་དང་བྲལ་བར་མི་འཇུག་པའོ། །དེའི་རྒྱུ་མཚན་ནི་ཆགས་སོགས་ནས་འཇུག་པ་ཉིད་ཀྱི་ཕྱིར་ཞེས་པ་ཡིན་ནོ། །དེ་ལ་ཡུལ་ལ་ཡིད་དུ་འོང་མི་འོང་གི་ཁྱད་པར་སྒྲོ་འདོགས་པ་ནི་ཆགས་སྡང་གཉིས་སྐྱེ་བའི་རྒྱུ་ཚུལ་མིན་ཡིད་བྱེད་ཡིན་པས། ཆགས་སྡང་གཉིས་ཀྱི་འཛིན་སྟངས་སྟོན་པ་མིན་ནོ། །དེས་ན་གཏི་མུག་གིས་ཀུན་བརྟགས་པ་ཁོ་ན་ལ་ཞེས་སོགས་ནི། རང་བཞིན་གྱིས་གྲུབ་པ་ཁོ་ནའི་ཡིད་དུ་འོང་མི་འོང་སྒྲོ་བཏགས་


JLD016_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བརྟེན་ནས་ཆགས་སྡང་གཉིས་འཇུག་པའི་ཕྱིར་ཞེས་པའོ། །གཏི་མུག་གིས་བཏགས་པའི་བདེན་གྲུབ་ཁོ་ན་ཆགས་སོགས་ཀྱི་དམིགས་རྣམ་གཉིས་ཀྱི་ནང་ནས་དམིགས་པར་སྟོན་པ་མིན་ཏེ། བདག་འཛིན་ལྷན་སྐྱེས་གཉིས་ཀའི་དམིགས་རྣམ་གཉིས་ཀྱི་དམིགས་པ་གཞི་གྲུབ་པ་ཡིན་ལ། ཆགས་སོགས་ཀྱང་གཏི་མུག་དང་མཚུངས་ལྡན་ཡིན་པས་དམིགས་པ་མཚུངས་པའི་ཕྱིར་རོ། །ཚུལ་མིན་ཡིད་བྱེད་དེ་གཉིས་ཀྱིས་དྲངས་པའི་ཡུལ་ལ་འདོད་པའི་རྣམ་པ་ཅན་དང་། མི་འདོད་པ་རྒྱབ་ཀྱིས་ཕྱོགས་པའི་རྣམ་པ་ཅན་ནི། ཆགས་པ་དང་སྡང་བར་འགྱུར་བས། གང་ཟག་རང་སྐྱེ་ཐུབ་པའི་རྫས་ཡོད་དུ་འཛིན་པས་དྲངས་པའི་འདོད་མི་འདོད་ཀྱི་རྣམ་པ་ཅན་ཙམ་ཞིག །འདོད་ཆགས་དང་ཞེ་སྡང་དུ་འཇོག་པ་མིན་པའི་ཕྱིར། ཆགས་སྡང་གཉིས་ཀྱང་འཇོག་ཚུལ་མི་འདྲའོ། །གཏི་མུག་ལ་བརྟེན་པར་ཡང་འགྱུར་ཏེ་ཞེས་པ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་གཏི་མུག་སྔོན་དུ་སོང་བས་ཆགས་སོགས་འདྲེན་པའི་དོན་ནོ། །ལུས་ལ་ལུས་དབང་ཞེས་པའི་དཔེ་ནི། དབང་པོ་གཞན་བཞི་ལ་ལུས་དབང་ཟུར་དུ་བཞག་པའི་རྟེན་མེད་པ་བཞིན་དུ། ཉོན་མོངས་གཞན་ཐམས་ཅད་ཀྱང་གཏི་མུག་ལ་བརྟེན་ནས་འཇུག་ཅིང་། དེ་དང་མི་འབྲལ་བར་འཇུག་པའི་དོན་ནོ། །དེས་ན་གཏི་མུག་བཅོམ་པ་ཉིད་ཀྱིས་ཉོན་མོངས་ཐམས་ཅད་འཇོམས་པར་འགྱུར་བས། འདིའི་གཉེན་པོ་རྟེན་འབྱུང་རང་བཞིན་གྱིས་གྲུབ་པས་སྟོང་པའི་གཏམ་ཉིད་


JLD016_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གུས་པར་བྱ་བར་གསུངས་སོ། །དངོས་པོ་བདེན་འཛིན་འདི་ནི་འཁོར་བའི་རྩ་བའི་མ་རིག་པར་ཡང་སྟོང་ཉིད་བདུན་ཅུ་པ་ལས་གསུངས་ཤིང་། རིགས་པ་དྲུག་ཅུ་པ་ལས་ཀྱང་། གང་ཡང་རུང་བའི་གནས་རྙེད་ན། །ཉོན་མོངས་སྦྲུལ་གདུག་གཡོ་ཅན་གྱིས། །ཟིན་པར་འགྱུར་རོ་གང་གི་སེམས། །གནས་མེད་དེ་དག་ཟིན་མི་འགྱུར། ཞེས་བདེན་འཛིན་གྱི་དམིགས་གཏད་གང་ཡང་རུང་བའི་གནས་ཤིག་རྙེད་ན། ཉོན་མོངས་པའི་སྦྲུལ་གྱིས་འཛིན་པར་གསུངས་ཤིང་། ཡང་དེ་ཉིད་ཀྱི་མཇུག་ཐོགས་སུ། གནས་དང་བཅས་པའི་སེམས་ལྡན་ལ། །ཉོན་མོངས་དུག་ཆེན་ཅིས་མི་འབྱུང་། །ཞེས་གསུངས་པས་འདི་ནི་འཕགས་པའི་བཞེད་པ་དམ་པའོ། །རྐང་པ་ཕྱི་མ་གཉིས་ཀྱི་མཚམས་སྦྱོར་དུ། གང་དག་གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་དམིགས་ཀྱང་། ཉོན་མོངས་པ་རྣམས་སྤོང་བར་འདོད་པ་དེ་དག་ལ་ནི། ཉོན་མོངས་པ་སྤོང་བ་མི་སྲིད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ་ཞེས་དང་། ཕྱི་འགྲེལ་ལས་ཀྱང་། དངོས་པོར་དམིགས་པ་ཡིན་ན་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རབ་འབྱམས་ངེས་པར་བཟློག་ཏུ་མེད་པ་རྣམས་འབྱུང་ངོ་། །ཇི་ལྟར་ཞེ་ན། རེ་ཞིག་གལ་ཏེ་དངོས་པོ་དེ་ཡིད་དང་མཐུན་པ་ཡིན་ན་ནི། དེའི་ཚེ་དེ་ལ་རྗེས་སུ་ཆགས་པ་བཟློག་པར་དཀའོ། །ཅི་སྟེ་མི་མཐུན་ན་ནི་དེའི་ཚེ་དེ་ལ་ཁོང་ཁྲོ་ང་དང་ཚིག་པ་ཟ་བ་བཟློག་པར་དཀའོ། །


JLD016_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཤིང་། ཡུལ་དེ་ཡིད་དུ་འོང་མི་འོང་གང་ཡང་མིན་པ་ཞིག་ནའང་མ་རིག་པ་སྐྱེ་བར་འགྲེལ་པ་ལས་གསུངས་ཏེ། ཡུལ་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ཅིག་རྒྱུད་ལ་འཇུག་བཞིན་པ་ན། ཡང་ན་འདོད་ཆགས། ཡང་ན་ཞེ་སྡང་སྐྱེ་དེ་གཉིས་མིན་ནའང་གཏི་མུག་གི་རིགས་འདྲ་འཇུག་པར་བཞེད་ལ། སྤྱོད་འཇུག་ལས་ཀྱང་། དམིགས་པ་དང་ནི་བཅས་པའི་སེམས། །འགའ་ཞིག་ལ་ནི་གནས་པར་འགྱུར། །སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་གསུངས་ཏེ་ཕྱོགས་འདི་ལ་སློབ་དཔོན་འདི་གཉིས་དང་སངས་རྒྱས་བསྐྱངས་གསུམ་འཕགས་པའི་དགོངས་པ་འགྲེལ་པ་ལ་ཁྱད་པར་མེད་དོ། །འདིའི་གནད་ཀྱིས་མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་གྱིས་མྱ་ངན་ལས་འདའ་བར་བཤད་པ་ནི་དགོངས་པ་ཅན་ཡིན་ལ། ལམ་དེའི་དབང་དུ་བྱས་པའི་ཉོན་མོངས་ཀྱི་ངོས་འཛིན་རྣམས་ཀྱང་ལྷག་མ་དང་བཅས་པ་ཡིན་ནོ། །དེ་དག་ལ་བརྟེན་ནས་ང་རྒྱལ་སོགས་ཀྱང་ཤེས་པར་ནུས་ལ། ཐུན་མོང་མ་ཡིན་པའི་མ་རིག་པ་དང་འཇིག་ལྟ་དང་མཐར་ལྟ་ལ་ཡང་ཀུན་བརྟགས་དང་ལྷན་སྐྱེས་གཉིས་ཀ་ཤེས་པར་བྱ་སྟེ་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །དེ་བཞིན་དུ་ཆོས་རྣམས་བདེན་གྲུབ་ཏུ་འཛིན་པའི་རྣམ་རྟོག་ལ་སྒོམ་སྤང་ཆེ་འབྲིང་དགུར་བྱས་ནས། གཉེན་པོ་སྒོམ་ལམ་དགུ་དང་སྦྱོར་བ་ཡང་། གཟུང་འཛིན་རྫས་ཐ་དད་དུ་འཛིན་


JLD016_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་རྟོག་ལ་སྒོམ་སྤང་ཆེ་འབྲིང་དགུར་བྱས་ནས། སྒོམ་ལམ་དགུ་དང་སྤང་གཉེན་དུ་སྦྱོར་བར་བཤད་པ་བཞིན་དུ། རེ་ཞིག་ལ་ཆོས་ཀྱི་བདག་མེད་ཕྲ་རགས་གཉིས་ཀ་རྫོགས་པར་རྟོགས་མི་ནུས་པའི་གདུལ་བྱ་འགའ་ཞིག་གི་ངོར་གསུངས་པའི་དྲང་བའི་དོན་དུ་ཤེས་པར་བྱའོ། །གཉིས་པ་ནི། དངོས་པོ་འདི་དག་ཀྱང་བྱིས་པ་རྣམས་ལ་ནི་རང་བཞིན་མེད་བཞིན་དུ་དེར་སྣང་བས་སླུ་བར་བྱེད་ལ། དེ་དག་ལས་གཞན་སྔར་བཤད་པའི་གང་ཟག་གསུམ་ལ་ནི། བཅོས་མར་གྱུར་པའི་དངོས་པོའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་ནི་ཀུན་རྫོབ་ཙམ་དུ་འགྱུར་གྱི་བདེན་པར་མི་འགྱུར་རོ། །དེ་ཡང་ཤེས་སྒྲིབ་ཀྱི་མཚན་ཉིད་ཅན་གྱི་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། མ་རིག་པ་དང་དེའི་བག་ཆགས་ཀྱིས་བསླད་པའི་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་རྗེས་ཐོབ་ལ་གནས་པའི་འཕགས་པ་རྣམས་ལ་སྣང་གི །འཕགས་པ་སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་མཉམ་གཞག་ལ་གནས་པ་རྣམས་ལ་ནི་སྣང་བ་མིན་ནོ། །འོ་ན་ལུགས་འདིས་ཤེས་སྒྲིབ་གང་ལ་བྱེད་ཅེ་ན། འཇུག་འགྲེལ་ལས། དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ། འདོད་ཆགས་ལ་སོགས་པའི་བག་ཆགས་ཡོད་པ་ནི་ལུས་དང་ངག་དག་གི་འཇུག་པ་དེ་ལྟ་བུའི་རྒྱུ་ཡང་ཡིན་ཏེ། མ་རིག་པ་དང་འདོད་ཆགས་ལ་


JLD016_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་བག་ཆགས་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་དང་། སངས་རྒྱས་ཁོ་ན་ལ་ལྡོག་པར་འགྱུར་གྱི། གཞན་དག་ལ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཏེ། ལུས་དང་ངག་གི་འཇུག་པ་ནི་དགྲ་བཅོམ་པ་ལ་ཡོད་པ་སྤྲེའུ་ལྟར་མཆོང་བ་དང་། གཞན་ལ་རྨངས་མོ་ཞེས་ཟེར་བའི་ལུས་ངག་གི་གནས་ངན་ལེན་སྟོན་པས་བཀག་ཀྱང་མ་ལོག་པ་ལྟ་བུ་ཡིན་ནོ། །ཡང་ཞེས་པས་ཆགས་སོགས་ཀྱི་བག་ཆགས་ཤེས་བྱ་གཅོད་པའི་གེགས་སུ་ཡང་བསྟན་པས། ཉོན་མོངས་པའི་བག་ཆགས་རྣམས་ཤེས་སྒྲིབ་ཡིན་ཏེ། དེའི་འབྲས་བུ་གཉིས་སྣང་འཁྲུལ་བའི་ཆ་ཐམས་ཅད་ཀྱང་དེར་བསྡུའོ། །ཉོན་མོངས་ཀྱི་ས་བོན་ལ་བག་ཆགས་སུ་བཞག་པ་ཅིག་དང་། ཉོན་མོངས་ཀྱི་ས་བོན་མིན་པའི་བག་ཆགས་གཉིས་ལས་ཤེས་སྒྲིབ་ཏུ་འཇོག་པ་ནི་ཕྱི་མ་སྟེ། ཉོན་མོངས་ཀྱི་ས་བོན་ཐམས་ཅད་ཟད་པས་བདེན་འཛིན་མི་སྐྱེ་ཡང་། བག་ཆགས་ཀྱིས་བསླད་པས་སྣང་ཡུལ་ལ་འཁྲུལ་བའི་བློ་སྐྱེད་པའོ། །སངས་མ་རྒྱས་པའི་འཕགས་པ་རྣམས་ཀྱིས་ནི་ཤེས་སྒྲིབ་ཀྱི་མ་རིག་པ་མ་སྤངས་པས། རྗེས་ཐོབ་ཀྱི་སྣང་བཅས་ཀྱི་རྟོག་པ་དང་། མཉམ་གཞག་ཏུ་སྣང་མེད་དུ་འགྱུར་བའི་རེས་འཇོག་ཡོད་ལ། སངས་རྒྱས་རྣམས་ཀྱིས་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་དང་ཀུན་རྫོབ་པའི་རྣམ་པ་མངོན་པར་ཏེ་མངོན་དུ་གྱུར་བར་རྫོགས་པར་ཏེ་མ་ལུས་པར། །བྱང་ཆུབ་པ་སྟེ་རྟོགས་པའི་ཕྱིར་སེམས་དང་སེམས་བྱུང་


JLD016_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་རྟོག་གི་རྒྱུ་བ་ཐམས་ཅད་གཏན་ལོག་པས། མཉམ་གཞག་དང་རྗེས་ཐོབ་ཀྱི་སྣང་བའི་རྟོག་པ་ཡོད་མེད་རེས་འཇོག་པ་མེད་དོ། །གཏན་ཞེས་པའི་ཚིག་གིས་འཕགས་པ་གཞན་ལ་མཉམ་གཞག་ཏུ་ལོག་པ་ནི་རེས་འགའ་བར་སྟོན་ལ། དེའི་ཕྱིར་མཉམ་རྗེས་རེས་འཇོག་པ་ཡོད་དོ། །དེས་ན་ཤེས་སྒྲིབ་ཀྱི་མ་རིག་པ་སྤྱོད་པའི་ཕྱིར། ཞེས་པ་ནི་སྣང་བ་ཡོད་པའི་རྒྱུ་མཚན་མིན་གྱི། མཉམ་རྗེས་སུ་སྣང་བ་ཡོད་མེད་རེས་འཇོག་ཏུ་འབྱུང་བའི་སྒྲུབ་བྱེད་དོ། །སེམས་དང་སེམས་བྱུང་གི་རྒྱུ་བ་ནི་རྣམ་རྟོག་ལ་བཞེད་པ་ཡིན་ཏེ། ཚིག་གསལ་ལས། རྣམ་པར་རྟོག་པ་ནི་སེམས་ཀྱི་རྒྱུ་བ་ཡིན་ན་དེ་དང་བྲལ་བའི་ཕྱིར། དེ་ཁོ་ན་ཉིད་དེ་ནི་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །ཞེས་བཤད་དོ། །གསུམ་པ་ནི། དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད། འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་དོན་དམ་པའོ། །ཞེས་གསུངས་པའི་སྔ་མའི་དོན་ནི། སོ་སྐྱེས་དོན་དམ་པར་གྲུབ་པར་བཟུང་བའི་བུམ་སོགས་དེ་ཉིད། །སྔར་བཤད་པའི་འཕགས་པ་གསུམ་མཉམ་གཞག་ལས་ལངས་པའི་རྗེས་ཐོབ་


JLD016_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་པར་བསྟན་པས། དེ་རྣམས་ཀྱི་ངོར་བདེན་པ་ཙམ་གཅོད་ཀྱི་ཀུན་རྫོབ་བདེན་པ་ཡིན་པ་མི་གཅོད་ཅིང་། སོ་སྐྱེས་བུམ་སོགས་ལ་དོན་དམ་དུ་གྲུབ་པར་འཛིན་པའི་ཞེན་ཡུལ་འཕགས་པ་ལ་ཀུན་རྫོབ་ཏུ་འགྱུར་བར་སྟོན་པ་མིན་ཏེ་དེ་མི་སྲིད་པའི་ཕྱིར་རོ། །གཞུང་ཕྱི་མའི་དོན་ནི་རྟེན་འབྲེལ་ཀུན་རྫོབ་པའི་རང་བཞིན་ཆོས་ཉིད་འཕགས་པ་རྣམས་ཀྱི་དོན་དམ་པར་སྟོན་པས་བུམ་པ་ལ་སོགས་པའི་གཞི་གཅིག་ཉིད། སོ་སྐྱེ་ལ་ལྟོས་ནས་ཀུན་རྫོབ་དང་། འཕགས་པ་ལ་ལྟོས་ནས་དོན་དམ་མོ། ཞེས་གཞུང་ལས་ཕྱིན་ཅི་ལོག་ཏུ་བཟློག་སྟེ་སྨྲ་བ་ནི། བློ་གང་གི་ངོར་ཀུན་རྫོབ་བདེན་པར་སོང་བ་དེའི་ངོར་བདེན་པ་ཁེགས་དགོས་པ་མ་ཤེས་པའི་གཏམ་མོ། །སངས་རྒྱས་རྣམས་ཀྱི་དོན་དམ་པ་ནི་རང་བཞིན་ཉིད་ཡིན་ཞིང་། དེ་ཡང་སླུ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་དེ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །རང་བཞིན་ཉིད་ཡིན་ཞིང་ཞེས་པའི་ཉིད་ཀྱི་སྒྲ་ནི་ངེས་གཟུང་ཡིན་ལ། དེས་གང་གཅོད་པ་ནི་འཕགས་པ་གཞན་རྣམས་ཀྱི་དོན་དམ་བདེན་པ་ནི་མཉམ་གཞག་ཏུ་སྣང་མེད་ཀྱི་རང་བཞིན་དང་། རྗེས་ཐོབ་ཏུ་སྣང་བཅས་ཀྱི་རང་བཞིན་དུ་འཇོག་པ་ལྟ་བུའི་རེས་འཇོག་མིན་པར། དུས་རྟག་ཏུ་རང་བཞིན་ལ་མཉམ་པར་བཞག་པའི་ཆོས་ཉིད་ཡིན་ཞེས་པའོ། །དེ་ཡང་ཞེས་སོགས་ཀྱི་དོན་ནི་དོན་དམ་བདེན་པའི་བདེན་པ་


JLD016_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བདེན་གྲུབ་མ་ཡིན་པར་བསྟན་པར་བཞེད་ནས། དེ་ཁོ་ན་ཉིད་གཟིགས་པའི་ངོར་སླུ་བ་མེད་པར་གནས་པ་བདེན་པའི་དོན་དུ་བཤད་དོ། །གཉིས་པ་ལ་གཉིས། རྩ་བའི་ཚིག་དོན་བཤད་པ་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དེ་ནི་དོན་དམ་པའི་བདེན་པ་བསྟན་པར་འདོད་པས། དོན་དམ་བདེན་པ་དེ་ནི་སྒྲས་བརྗོད་དུ་མེད་པའི་ཕྱིར་དང་། སྒྲ་དེའི་རྗེས་སུ་འབྲང་བའི་ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར། དངོས་སུ་བསྟན་པར་མི་ནུས་པས་ཉན་འདོད་པ་རྣམས་ལ། དེའི་རང་བཞིན་གསལ་བར་བྱ་བའི་ཕྱིར་དུ་སོ་སྐྱེ་རང་གིས་མྱོང་བའི་དཔེ་བཤད་པ། ཞེས་གསུངས་པའི་ཤེས་བརྗོད་ཀྱི་ཡུལ་མིན་པའི་དོན་ནི་དངོས་སུ་བསྟན་པར་མི་ནུས་པས་ཞེས་གསུངས་པ་ལྟར་ཏེ། དེ་ཡང་ནག་ཚོའི་འགྱུར་ལས་མངོན་སུམ་དུ་བསྟན་པར་མི་ནུས་ཞེས་འབྱུང་བའོ། །དེའི་དོན་ནི་དེ་ཁོ་ན་ཉིད་ཀྱི་དོན་གཞན་ལས་ཤེས་པར་བྱ་བ་མིན་པར་གསུངས་པའི་འགྲེལ་པ་ཚིག་གསལ་ལས། ཇི་ལྟར་རབ་རིབ་ཅན་དག་གིས་སྐྲ་ཤད་ལ་སོགས་པའི་ངོ་བོ་ཕྱིན་ཅི་ལོག་པ་མཐོང་བ་ན། རབ་རིབ་མེད་པས་བསྟན་དུ་ཟིན་ཀྱང་། རབ་རིབ་མེད་པ་ལྟར་སྐྲ་ཤད་ལ་སོགས་པ་རང་གི་ངོ་བོ་མ་མཐོང་བའི་ཚུལ་གྱིས། རྟོགས་པར་བྱ་བ་ཇི་ལྟར་གནས་པ་བཞིན་རྟོགས་པར་མི་ནུས་ཀྱི། ཞེས་རབ་རིབ་ཅན་ལ་རབ་རིབ་མེད་པས་སྐྲ་ཤད་མེད་དེ་ཞེས་བསྟན་ཀྱང་། རབ་རིབ་མེད་པས་མཐོང་བ་འདྲ་བའི་སྐྲ་ཤད་མེད་


JLD016_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་རྟོགས་པར་གསུངས་པས། ཉན་པ་པོས་དེ་ལྟར་མ་རྟོགས་ཀྱང་སྐྲ་ཤད་མེད་པ་མི་རྟོགས་པ་མིན་ནོ། །དེ་དཔེར་བྱས་ནས་དེ་ཁོ་ན་ཉིད་བསྟན་པ་ན་མ་རིག་པའི་རབ་རིབ་ཀྱི་བསླད་པ་དང་བྲལ་བས་མཐོང་བ་འདྲ་བ་ཞིག་མི་རྟོགས་ཀྱང་། སྤྱིར་དེ་ཁོ་ན་ཉིད་མི་རྟོགས་པ་མིན་པར་བཞེད་པས་ན། དོན་དམ་བདེན་པ་ནི་ཟབ་མོའི་དོན་ཅན་གྱི་ངེས་དོན་གྱི་ལུང་དང་། དེ་ལྟར་སྟོན་པའི་ངག་གིས་བརྗོད་མི་ནུས་པ་དང་། དེའི་རྗེས་སུ་འབྲང་བའི་བློས་ཀྱང་རྟོགས་མི་ནུས་པ་མིན་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ཤེས་བརྗོད་ཀྱི་ཡུལ་མིན་པར་གསུངས་པ་ཐམས་ཅད་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །མིག་རབ་རིབ་ཀྱིས་བསླད་པའི་མཐུ་ཡིས་རབ་རིབ་ཅན་གྱིས་རང་གི་ལག་གི་བསེ་རུ་ལ་སོགས་པའི་བཟའ་བཏུང་གི་སྣོད་ཀྱི་ནང་དུ། སྐྲ་ཤད་དང་ལ་སོགས་པས་སྦྲང་མ་ལ་སོགས་པ་མཐོང་བ་ན། སྐྲ་ཤད་དང་སྦྲང་མ་སོགས་ཡིན་པར་ངོ་བོ་ལོག་པ་གང་ཞིག་རྣམ་པར་བརྟགས་པ་ན། དེ་བསལ་བར་འདོད་ནས་སྣོད་དེ་ལ་ཡང་དང་ཡང་དུ་བསྒྲེ་བཟློག་བྱེད་པའི་ཚེགས་ཐོབ་པར་རིག་སྟེ། མིག་དག་པའི་རབ་རིབ་མེད་པས་དེའི་གན་དུ་ཕྱིན་ནས། སྐྲ་ཤད་སོགས་དེ་དག་ཉིད་ཀྱི་བདག་ཉིད་གཞི་གང་དུ་མཐོང་བ་དེར་མིག་གཏད་ཀྱང་སྐྲ་ཤད་ཀྱི་རྣམ་པ་དེ་དག་མ་དམིགས་ཤིང་། སྐྲ་ཤད་དེའི་རྟེན་ཅན་ཏེ་ཁྱད་པར་གྱི་ཆོས་གང་ཡང་རྟོག་པར་མི་བྱེད་དོ། །ཡང་གང་གི་ཚེ་རབ་རིབ་ཅན་གྱིས་རབ་རིབ་མེད་པ་ལ། སྐྲ་ཤད་མཐོང་ངོ་ཞེས་རང་གི་


JLD016_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་སྟོན་པར་བྱེད་པ་དེའི་ཚེ། རབ་རིབ་ཅན་གྱི་རྣམ་རྟོག་བསལ་བར་འདོད་པས་དེའི་ངོར་བྱས་ནས། འདི་ན་སྐྲ་ཤད་མེད་དོ་ཞེས་དགག་པ་ལྷུར་བྱེད་པའི་ཚིག་སྨྲ་མོད་ཀྱང་། སྨྲ་བ་པོ་འདི་ལ་སྐྲ་ཤད་ལ་སྐུར་པ་འདེབས་པ་མེད་དོ། །རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་ཀྱི་དེ་ཁོ་ན་ཉིད་ནི། རབ་རིབ་མེད་པས་མཐོང་བ་དེ་ཡིན་གྱི། རབ་རིབ་ཅན་གྱིས་མཐོང་བ་དེ་མིན་ནོ། །དཔེ་གཉིས་པོ་དེ་བཞིན་དུ་དོན་གྱི་སྐབས་འདིར་ཤེས་པར་གྱིས་ཤིག །ཤེས་པར་བྱེད་ཚུལ་ནི། མ་རིག་པའི་རབ་རིབ་ཀྱིས་གནོད་པ་བྱས་པ་སྟེ་བློ་བསླད་པས་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ཀྱིས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་གི་ངོ་བོ་དམིགས་པ་ནི། ཕུང་སོགས་དེ་དག་གི་ངོ་བོ་ཀུན་རྫོབ་པ་སྟེ་རབ་རིབ་ཅན་གྱིས་སྐྲ་ཤད་དམིགས་པ་ལྟ་བུའོ། །ཕུང་པོ་ལ་སོགས་པ་དེ་ཉིད་མ་མཐོང་བས་དམིགས་པ་དེ་དག་ཉིད། མ་རིག་པའི་བག་ཆགས་ཤེས་སྒྲིབ་དང་བྲལ་བའི་སངས་རྒྱས་རྣམས་ཀྱིས། རབ་རིབ་ཅན་མ་ཡིན་པའི་མིག་གིས་སྐྲ་ཤད་མ་མཐོང་བའི་ཚུལ་དུ། ཕུང་སོགས་ཀྱི་རང་བཞིན་གང་དུ་གཟིགས་པའི་ཡུལ་དེ་ནི་སངས་རྒྱས་དེ་རྣམས་ཀྱི་དོན་དམ་པའི་བདེན་པའོ། །གཉིས་པ་ནི། གལ་ཏེ་རབ་རིབ་མེད་པའི་མིག་གིས་སྐྲ་ཤད་དུ་སྣང་བ་ཙམ་ཡང་མ་མཐོང་བ་བཞིན་དུ། སངས་རྒྱས་ཀྱིས་མ་རིག་པས་བསླད་པའི་བློ་ལ་སྣང་བའི་ཕུང་སོགས་ཀུན་རྫོབ་པ་མ་


JLD016_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ན། དེ་རྣམས་མེད་པར་འགྱུར་ཏེ། ཡོད་ན་ནི་སངས་རྒྱས་ཀྱིས་གཟིགས་དགོས་པའི་ཕྱིར་རོ། །ཕུང་སོགས་ཀུན་རྫོབ་པ་རྣམས་མེད་ན་ནི་སངས་རྒྱས་ཐོབ་པ་ཡང་མེད་པར་འགྱུར་ཏེ། དང་པོར་སེམས་བསྐྱེད་པའི་གང་ཟག་ནི་མ་རིག་པས་བསླད་པ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། སྐྱོན་འདི་མེད་ཚུལ་བཤད་ན། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཤེས་བྱ་མཁྱེན་ཚུལ་ནི་གཉིས་ཏེ་དོན་དམ་བདེན་པའི་ཤེས་བྱ་ཐམས་ཅད་མཁྱེན་ཚུལ་དང་། ཀུན་རྫོབ་བདེན་པའི་ཤེས་བྱ་ཐམས་ཅད་མཁྱེན་ཚུལ་ལོ། །དེ་ལ་དང་པོ་ནི། ཕུང་པོ་ལ་སོགས་པ་ཀུན་རྫོབ་པའི་སྣང་བ་རྣམས་མ་གཟིགས་པའི་ཚུལ་གྱིས། དེ་རྣམས་ཀྱི་དེ་ཁོ་ན་ཉིད་མཁྱེན་པའོ། །གཉིས་པ་ནི། མི་སྣང་ཡང་རྟོགས་པའི་ཤུགས་རྟོགས་སངས་རྒྱས་ལ་གཞག་ཏུ་མི་རུང་བའི་ཕྱིར། སྣང་ནས་མཁྱེན་དགོས་པས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དེའི་ངོར། ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བའི་ཚུལ་གྱིས་མཁྱེན་པའོ། །སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པ་དེ་མ་རིག་པའི་བག་ཆགས་ཀྱིས་བསླད་ནས་ཕུང་སོགས་སྣང་བ་མིན་ཀྱང་། གང་ཟག་གཞན་གྱི་ཤེས་པ་མ་རིག་པས་བསླད་པ་ལ་སྣང་བ་སངས་རྒྱས་ལ་སྣང་དགོས་ཏེ། སྣང་བ་དེ་མེད་པར་མི་རུང་ལ་ཀུན་རྫོབ་དེ་ཡོད་ན་ཇི་སྙེད་པ་མཁྱེན་པས་དམིགས་དགོས་པའི་ཕྱིར་རོ། །རབ་རིབ་དང་བྲལ་བའི་མིག་ཤེས་ལ། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་དུ་སྣང་བ་མེད་ཀྱང་། སྣང་བ་དེ་མེད་མི་དགོས་པས་སངས་རྒྱས་དང་མི་


JLD016_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ། །གཉིས་སྣང་འཁྲུལ་པའི་བག་ཆགས་མ་ཟད་ཀྱི་བར་དུ་ཇི་ལྟ་བ་དང་། ཇི་སྙེད་པ་མངོན་སུམ་དུ་འཇལ་བ་གཉིས་ངོ་བོ་གཅིག་ཏུ་སྐྱེ་མི་ནུས་པས། མཉམ་རྗེས་རེས་འཇོག་ཏུ་འཇལ་དགོས་པས་ཡེ་ཤེས་སྐད་ཅིག་མ་གཅིག་གི་སྟེང་ནས་དེ་གཉིས་འཇལ་བ་མི་འོང་ངོ་། །འཁྲུལ་པའི་བག་ཆགས་མ་ལུས་པ་སྤངས་པ་ན། ཡེ་ཤེས་སྐད་ཅིག་མ་རེ་རེའི་སྟེང་དུ་ཡང་ཡེ་ཤེས་གཉིས་ངོ་བོ་གཅིག་ཏུ་སྐྱེ་བ་རྒྱུན་མི་ཆད་པས། དུས་གཅིག་ཏུ་ཤེས་བྱ་གཉིས་མངོན་སུམ་དུ་འཇལ་མི་འཇལ་གྱི་རེས་འཇོག་མི་དགོས་སོ། །དེས་ན། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང་། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པ་ཡང་མི་འགལ་ལོ། །ཡེ་ཤེས་གཉིས་ངོ་བོ་གཅིག་ཡིན་ཀྱང་ཡུལ་གཉིས་ལ་ལྟོས་པའི་མཁྱེན་ཚུལ་མི་འདྲ་བ་གཉིས་འོང་བ་ལ་འགལ་བ་ཅུང་ཟད་ཀྱང་མེད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་གི་ཁྱད་ཆོས་སུ་འདུག་པ་ལ། དེ་ཁོ་ན་ཉིད་ཀྱི་མཁྱེན་ཚུལ་གཅིག་པུ་སངས་རྒྱས་ཀྱི་མཁྱེན་ཚུལ་དུ་བྱས་ནས། ཇི་སྙེད་པ་མཁྱེན་པ་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མེད་པར་གདུལ་བྱའི་རྒྱུད་ཀྱིས་བསྡུས་ཞེས། སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པ་ལ་སྐུར་པ་འདེབས་པ་དང་། ཁ་ཅིག་ཇི་ལྟ་བ་མཁྱེན་པ་ཡང་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མེད་ཅེས་ཡེ་ཤེས་གཉིས་ཀ་ལ་སྐུར་བ་འདེབས་པར་སྣང་ངོ་། །འདིའི་ལྷག་མ་འགའ་ཞིག་


JLD016_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་སྐབས་སུ་བཤད་པར་བྱའོ། །གལ་ཏེ་གཉིས་སྣང་ཐམས་ཅད་ནུབ་པ་རྣམ་པ་དེ་ལྟ་བུའི་རང་བཞིན་ནི་མཐོང་བ་མེད་པ་མ་ཡིན་ནམ། དེས་ན་ཇི་ལྟར་སངས་རྒྱས་དེ་དག་གིས་དོན་དམ་བདེན་པ་གཟིགས་ཤེ་ན། དེ་ཁོ་ན་ཉིད་ཀྱི་གཟིགས་ངོར་གཉིས་སྣང་ནུབ་པས་གཉིས་ཀྱི་ཚུལ་གྱིས་མི་གཟིགས་པ་ནི་བདེན་མོད་ཀྱི། འོན་ཀྱང་མ་གཟིགས་པའི་ཚུལ་གྱིས་དེ་དག་གིས་གཟིགས་སོ་ཞེས་བརྗོད་དོ། །འདི་རྩོད་པའི་ལན་དུ་འགྲོ་ཚུལ་ནི། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེས་ཕུང་སོགས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཕྱིར་དང་། ཕུང་སོགས་རྣམས་གཟིགས་ངོ་དེར་མ་གྲུབ་པ་དེ་དག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དང་། ཕུང་སོགས་མ་གཟིགས་པའི་ཚུལ་གྱིས་དེ་དག་གི་དེ་ཁོ་ན་ཉིད་གཟིགས་དགོས་པའི་ཕྱིར་ཏེ། རང་འགྲེལ་ལས། དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་མངོན་སུམ་དུ་མཛད་པས། དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ཞེས་སངས་རྒྱས་ཀྱི་དོན་དམ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཅན་ལ་མ་རེག་པར་ཆོས་ཉིད་འབའ་ཞིག་ཐུགས་སུ་ཆུད་པར་གསུངས་ཏེ་ཕུང་སོགས་མ་གཟིགས་པའི་ཚུལ་གྱིས་དེ་དག་གི་དེ་ཁོ་ན་ཉིད་གཟིགས་པར་གསུངས་པ་དང་དོན་གཅིག་གོ །མཐོང་བ་མེད་པ་ནི་མཐོང་བ་དམ་པའོ་ཞེས་གསུངས་པའི་དོན་ཡང་། ཅི་ཡང་མི་མཐོང་བ་མཐོང་བར་མི་བཞེད་ཀྱི། །སྔར་བཤད་པ་ལྟར་སྤྲོས་པ་མ་མཐོང་བ་ནི་སྤྲོས་


JLD016_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་མཐོང་བར་འཇོག་པས། མཐོང་མ་མཐོང་གཞི་གཅིག་ལ་བྱེད་པ་མིན་ནོ། །དེ་ལྟར་ཡང་སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དེས་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་མི་མཐོང་བ་ཕུང་པོ་ལྔ་དང་། མཐོང་བ་ནི་ཆོས་ཞེས་གསུངས་ལ། དེ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏེ། སུས་རྟེན་འབྲེལ་མཐོང་བ་དེས་ཆོས་མཐོང་ངོ་ཞེས་གསུངས་པ་བཞིན་ནོ། །དེ་ཡང་དཔེར་ན་ནམ་མཁའ་ནི་ཐོགས་པའི་རེག་བྱ་བཅད་ཙམ་ཡིན་ལ། དེ་མཐོང་ངམ་རྟོགས་པ་ནི་དགག་བྱ་སྒྲིབ་ཐོགས་ཡོད་ན་དམིགས་སུ་རུང་བ་ལས་མ་མཐོང་བ་ལ་བྱེད་པ་དང་འདྲ་སྟེ། དེར་ཡང་མཐོང་བའི་ནམ་མཁའ་དང་མ་མཐོང་བ་ནི་སྒྲིབ་ཐོགས་སོ། །དཔེ་དེ་བཞིན་དུ་མཐོང་བ་མིན་པར་སྔོན་པོ་མཐོང་བ་བཞིན་དུ་དེ་ཁོ་ན་ཉིད་མཐོང་བ་ནི་རྐང་པ་ཐ་མས་བཀག་གོ །མ་གཟིགས་པའི་ཚུལ་གྱིས་གཟིགས་པའི་ཤེས་བྱེད་དུ་བདེན་པ་གཉིས་ལ་འཇུག་པ་ལས། ལྷའི་བུ་གལ་ཏེ་


JLD016_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་། ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི་དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ། །བྱེ་བྲག་མེད་པ་མ་སྐྱེས་པ་མ་འགགས་པ། སྨྲ་བར་བྱ་བ་དང་སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ། །ཞེས་གསུངས་པ་དྲངས་པའི་མདོ་སྔ་མའི་དོན་ནི། དོན་དམ་པ་གཟིགས་པའི་ངོར་དོན་དམ་བདེན་པ་དེ། ཕུང་སོགས་ཀུན་རྫོབ་པ་མ་མཐོང་བའི་ཚུལ་གྱིས་གཟིགས་པ་མིན་པར། ཕུང་སོགས་ལུས་ཀྱི་དང་ངག་གི་སྤྱོད་ཡུལ་དང་། ཡིད་ཀྱི་ཡུལ་དུ་འགྱུར་བ་ལྟར་ཡུལ་དུ་འགྱུར་ན་ནི། དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ངོར་སྤྲོས་པ་དང་མ་བྲལ་བས། དོན་དམ་བདེན་པར་མི་འགྱུར་གྱི་ཀུན་རྫོབ་ཀྱི་སྤྲོས་པར་འགྱུར་རོ་ཞེས་པ་སྟེ། དེ་ལྟར་བྱས་ན་མ་གཟིགས་པའི་ཚུལ་གྱིས་གཟིགས་པའི་ཤེས་བྱེད་དུ་འགྲོའོ། །མདོ་གཉིས་པའི་དོན་ནི་དོན་དམ་པ་མངོན་སུམ་དུ་གཟིགས་པའི་ངོར་ནི། དོན་དམ་བདེན་པ་བྱེ་བྲག་མེད་པ་ནི་ཁྱད་པར་མི་འདྲ་བ་མང་པོ་མེད་པའོ། །གཞན་གསུམ་ནི་གོ་སླའོ། །གཟིགས་ངོ་དེར་སྨྲ་བའི་བྱ་བྱེད་དང་བྲལ་བ་ནི་སླའོ། །དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་དེ་དོན་དམ་ཤེས་པ་དང་། དོན་དམ་བདེན་པ་དེའི་ཤེས་བྱར་འཇོག་ཐུབ་


JLD016_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། ཡེ་ཤེས་དེའི་ངོར་བྱ་བྱེད་དེ་གཉིས་དང་བྲལ་བ་མི་འགལ་བ་ནི། བྱ་བྱེད་གཉིས་ནི་ཐ་སྙད་པའི་བློ་ཁོ་ནའི་ངོར་འཇོག་པའི་ཕྱིར་ཏེ། དཔེར་ན་རིགས་ཤེས་རྗེས་དཔག་ཡུལ་ཅན་དང་། དོན་དམ་བདེན་པ་ཡུལ་དུ་འཇོག་ནུས་ཀྱང་། ཡུལ་དང་ཡུལ་ཅན་གྱི་བྱ་བྱེད་གཉིས་རིགས་ངོར་མི་འཇོག་པ་བཞིན་ནོ། །དེ་ནས་ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ནི་བརྫུན་ཏེ་སླུ་བའི་ཆོས་སོ། །ཞེས་དྲངས་པའི་དོན་ནི། ཡིན་ཏེའི་བར་གྱིས་དོན་དམ་བདེན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པར་བསྟན་པ་དེའི་ཡུལ་ལས་འདས་ཚུལ། ཇི་ལྟར་ནས་མ་ཡིན་ནོའི་བར་གྱིས་སྟོན་ཏེ། ཇི་ལྟར་འདི་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ན་སྒྲ་དེའི་རྗེས་འབྲང་གི་རྟོག་པ་ལ། ཡུལ་ཡུལ་ཅན་སོ་སོ་བ་གཉིས་སུ་ཆད་པར་སྣང་བ་ལྟར་ཐམས་ཅད་མཁྱེན་པའི་ཇི་ལྟ་བ་མཁྱེན་པ་དེ་ལ་དེ་ལྟར་སྣང་བའི་ཚུལ་གྱིས་དེའི་ཡུལ་ལས་འདས་པ་སྟེ། གཉིས་སྣང་གི་ཆོས་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཡིན་པས། དེ་ཁོ་ན་ཉིད་ཀྱི་མི་སླུ་བ་འབའ་ཞིག་གཟིགས་པའི་ངོར་དེ་མེད་ཅེས་པའོ། །དེ་རྣམས་ཐམས་ཅད་དེ་ཁོ་ན་ཉིད་མངོན་སུམ་དུ་


JLD016_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པའི་ངོར་ཕུང་སོགས་ཀུན་རྫོབ་པ་མི་སྣང་བའི་ཁུངས་སོ། །དེའི་ཕྱིར་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ངོར། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་གཉིས་ཆོས་ཀྱི་སྤྲོས་པ་ཐམས་ཅད་སྲིད་པ་མ་ཡིན་ཏེ། སྤྲོས་པ་དེ་དག་གི་རང་གི་ངོ་བོ་དེར་མ་དམིགས་པའི་ཕྱིར་རོ། །དེ་ལྟར་ན་དེ་ཁོ་ན་ཉིད་བསམ་པ་ལ་དངོས་སུ་ན་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི། འཕགས་པ་མ་ཡིན་པ་ནི་དངོས་སུ་ཚད་མ་མ་ཡིན་པས། གཞན་སྐྱེ་འཕགས་པའི་དོན་དམ་གྱི་གཟིགས་ངོར་བཀག་པ་ལ་འཇིག་རྟེན་གྱིས་གནོད་པ་མ་ཡིན་ནོ། །བཞི་པ་ནི། ཅི་སྟེ་གཞན་སྐྱེ་དོན་དམ་པར་བཀག་པ་ལ་འཇིག་རྟེན་གྱི་གནོད་པ་བརྗོད་པར་འདོད་པས། དེ་ཁོ་ན་ཉིད་རྣམ་པར་དཔྱོད་པའི་སྐབས་སུ་དེ་ཁོ་ན་ཉིད་ལ་འཇིག་རྟེན་གྱི་མཐོང་བ་ཡང་ཚད་མར་ཁས་ལེན་ན་དེ་ལྟ་ཡིན་དང་གལ་ཏེ་འཇིག་རྟེན་གྱི་མཐོང་བ་དེ་ཁོ་ན་ཉིད་ལ་ཚད་མ་ཡིན་ན་ནི། འཇིག་རྟེན་རང་དགའ་བས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་སྟེ་རྟོགས་པའི་ཕྱིར་དང་། དེ་ཡང་འཁོར་བ་ཐོག་མ་མེད་པ་ནས་ཡིན་པས། མ་རིག་པ་སྤངས་པར་ཁས་བླང་དགོས་པས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ལ་འཕགས་པ་གཞན་གྱིས་ཅི་ཞིག་དགོས་ཏེ་མི་དགོས་ལ། འཕགས་པའི་ལམ་ཚོལ་བ་ཡིས་ཀྱང་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ། །འཇིག་རྟེན་རང་དགའ་བའི་བླུན་པོ་ནི། དེ་ཁོ་ན་ཉིད་ལ་ཚད་མར་རིགས་པའང་མ་ཡིན་ནོ། །དེའི་ཕྱིར་དེ་ཁོ་ན་ཉིད་ལ་


JLD016_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པའི་སྐབས་སུ་དེ་ཁོ་ན་ཉིད་ལ་རྣམ་པ་ཀུན་ཏེ་ཐམས་ཅད་དུ་འཇིག་རྟེན་གྱི་མཐོང་བ་ཚད་མ་མིན་པ་དེ་ཡི་ཕྱིར། དེ་ཁོ་ན་ཉིད་ཀྱི་སྐབས་སུ་འཇིག་རྟེན་གྱི་གནོད་པ་མེད་དོ། །རྣམ་ཀུན་འཇིག་རྟེན་ཚད་མིན་ཞེས་པས་ལུགས་འདིས་ཚད་མ་གཏན་མི་འདོད་པར་སྟོན་པས། ལུགས་དེ་ཡང་དག་པ་མ་ཡིན་ནོ་ཞེས་སྨྲ་བ་དང་། ཁ་ཅིག་ལུགས་དེ་ལེགས་སོ་ཞེས་སྨྲ་བ་གཉིས་ཀས་ཀྱང་སློབ་དཔོན་འདིའི་བཞེད་པ་མ་རྟོགས་བཞིན་དུ་སྨྲས་པས། རང་གི་དེ་ཉིད་སྟོན་པ་ཙམ་དུ་ཟད་དེ། འཇིག་རྟེན་གྱི་མཐོང་བ་དེ་ཁོ་ན་ཉིད་ལ་རྣམ་པ་ཀུན་ཏུ་ཚད་མ་མིན་པར་བསྟན་པ་ལ། སྤྱིར་ཚད་མ་མི་བཞེད་པར་གོ་འདུག་པའི་ཕྱིར་རོ། །ཚད་མ་དང་གཞལ་བྱ་ཡང་ཚིག་གསལ་ལས་གསུངས་པ་ལྟར་ངོ་བོ་ཉིད་ཀྱིས་གྲུབ་པ་བཀག་ནས། ལྟོས་འཇོག་གི་ཚད་མ་དང་གཞལ་བྱ་འཇོག་པར་བཤད་པ་ལྟ་བུར་བྱེད་དགོས་ཏེ་འོག་ཏུ་འཆད་པར་འགྱུར་རོ། །ལྔ་པ་ནི། འོ་ན་ཇི་ལྟར་འཇིག་རྟེན་གྱིས་གནོད་པར་འགྱུར་ཞེ་ན། འཇིག་རྟེན་ཉིད་ལས་གྲགས་ཤིང་གྲུབ་པའི་དོན་ནི། འཇིག་རྟེན་གྱི་གྲགས་པ་ཉིད་ཀྱིས་གལ་ཏེ་སེལ་ན། གང་ཟག་དེ་ལ་འཇིག་རྟེན་གྱིས་གནོད་པར་འགྱུར་རོ། །དེ་ནི་དཔེར་ན་ཁ་ཅིག་གིས་ངའི་རྫས་ཕྲོགས་སོ་ཞེས་སྨྲས་པ་དང་། གང་ཟག་གཞན་ཅིག་གིས་དེ་ལ་དྲིས་པ་རྫས་དེ་ཅི་ཞིག་ཡིན། དེས་བུམ་པའོ་ཞེས་སྨྲས་པ་ལ། གཞན་དེས་བུམ་པ་ནི་རྫས་མ་ཡིན་ཏེ།


JLD016_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་བྱ་ཡིན་པའི་ཕྱིར་རྨི་ལམ་གྱི་བུམ་པ་བཞིན་ནོ། །ཞེས་སུན་འབྱིན་པ་དེ་ལྟ་བུ་ལ་སོགས་པའི་ཡུལ་ལ་འཇིག་རྟེན་གྱིས་གནོད་ཀྱི། གང་གི་ཚེ་འཕགས་པའི་དོན་དམ་གྱི་གཟིགས་པ་ལ་བརྟེན་ཏེ། སྐྱེ་བོ་དོན་དམ་ལ་མཁས་པ་ཚད་མར་བྱས་ནས་དེ་ཁོ་ན་ཉིད་བརྟན་ལ་འབེབས་པ་དེའི་ཚེ། འཇིག་རྟེན་གྱི་གནོད་པ་ཡོད་པ་མ་ཡིན་ནོ། །མཁས་པས་ཕྱོགས་འདིས་གཞན་ཡང་དཔྱད་པར་བྱའོ་ཞེས་གསུངས་པ་ནི། ང་ནི་བུམ་པའི་བདག་པོ་དང་ལྷས་བྱིན་ནི་འཕྲོག་མཁན་མ་ཡིན་ཏེ། ཞེས་པ་དང་། ངའི་ཞིང་སྟེང་དུ་སྐྱེས་སོ་བྱས་པ་ན་ཅི་ཞིག་སྐྱེས་ཞེས་འདྲི་བ་ལ་མྱུ་གུའོ་ཞེས་བྱས་པ་ན། མྱུ་གུ་ནི་སྐྱེ་བ་མེད་དེ་གཞལ་བྱ་ཡིན་པའི་ཕྱིར་ཞེས་པ་དང་། རྨི་ལམ་གྱི་གང་ཟག་དང་མྱུ་གུ་བཞིན་ཞེས་སྨྲ་བ་ད་ལྟ་དབུ་མའི་རིགས་པ་ཆེན་པོར་འདོད་པ་རྣམས་ལ་འཇིག་རྟེན་གྱིས་གནོད་པར་བསྟན་ནོ། །གཉིས་པ་ནི། དེ་ལྟར་འཇིག་རྟེན་གྱི་གྲགས་པའི་ངོར་གཞན་སྐྱེ་ཁས་བླངས་ནས་ཀྱང་འཇིག་རྟེན་གྱི་གནོད་པ་སྤངས་ཏེ། ད་ནི་འཇིག་རྟེན་གྱི་མཐོང་བ་ལ་ཡང་གཞན་སྐྱེ་མེད་པས་འཇིག་རྟེན་གྱི་ལྟ་བ་ལ་གནས་ནས་ཀྱང་གཞན་སྐྱེ་དགག་པར་འདོད་པ་ལ་འཇིག་རྟེན་གྱི་གནོད་པ་མེད་དོ། །ཞེས་བསྟན་པའི་ཕྱིར་བཤད་པ། རྒྱུ་མཚན་གང་གི་ཕྱིར་འཇིག་རྟེན་པ་རྣམས་ཕོའི་དབང་པོ་ཅན་འགའ་ཞིག་སྟོན་པ་ན། བུ་འདི་བདག་གིས་བསྐྱེད་ཅེས་སྨྲ་བར་བྱེད་ལ། དེ་ལྟར་བྱེད་ཀྱང་ཕ་འདིས་ཕོའི་དབང་པོ་ཅན་ཞིག་རང་གི་ལུས་ལས་བཏོན་


JLD016_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བུ་དེའི་མའི་ཁོང་དུ་འཇུག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བུ་དེའི་ལུས་ཀྱི་ས་བོན་དུ་གྱུར་པའི་མི་གཙང་བ་ཙམ་ཞིག་མ་དེའི་མངལ་དུ་བཏབ་པ་སྟེ་ལྡུགས་པའོ། །གང་གི་ཕྱིར་ཕ་འདི་བུ་དེའི་ལུས་ཀྱི་རྒྱུ་བླུགས་ནས་རང་གི་བུ་སྟོན་པར་བྱེད་པ་དེའི་ཕྱིར། ས་བོན་དང་བུ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་དུ་འཛིན་པ་མ་ཡིན་ནོ། །ཞེས་བྱ་བར་འཇིག་རྟེན་དུ་གསལ་བར་ངེས་སོ། །དེའི་ཕྱིར་ས་བོན་གྱི་མི་གཙང་བ་དང་བུ་གཉིས་དང་། ནས་ཀྱི་ས་བོན་དང་མྱུ་གུ་གཉིས་ལ་སོགས་པ་ལ་གཞན་ལས་སྐྱེ་བར་འཛིན་པ་འཇིག་རྟེན་ལས་ཀྱང་མེད་དོ། །གལ་ཏེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་དུ་འཛིན་ན་ནི། གང་ཟག་གཞན་ལྟར་བུ་དེ་བསྟན་ནས་འདི་ངས་བསྐྱེད་དོ་ཞེས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་ཤིང་སྡོང་པོའི་ས་བོན་ཙམ་བཏབ་ནས་དེ་ལས་ཤིང་སྡོང་སྐྱེས་པ་ན། ཤིང་སྡོང་འདི་ངས་བཙུགས་སོ་སྙམ་དུ་རྟོག་པ་དེས་ན། འཇིག་རྟེན་གྱི་ངོར་གཞན་སྐྱེ་མེད་པ་སོགས་སྔ་མ་བཞིན་དུ་སྦྱར་རོ། །བཏབ་པའི་ས་བོན་གཉིས་ཤིང་སྡོང་དང་བུ་མ་ཡིན་ཀྱང་། དེ་གཉིས་བཏབ་པ་ལ་བརྟེན་ནས་ཤིང་སྡོང་དང་བུ་སྐྱེས་པ་ན། དེ་གཉིས་བསྟན་ནས་འདི་བདག་གིས་བསྐྱེད་ཅེས་འཇོག་ནུས་ཏེ། ན་བ་དང་སོས་པའི་ལག་པ་གང་ཟག་དེ་མ་ཡིན་ཀྱང་། ལག་པ་ན་བ་དང་སོས་པས་གང་ཟག་དེ་ན་བ་དང་སོས་པར་འཇོག་ནུས་པ་བཞིན་ནོ། །དེ་ལྟར་འཇིག་རྟེན་གྱི་ཐ་སྙད་ལ་གཞན་སྐྱེ་


JLD016_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་། གཞན་སྐྱེ་ཡོད་པ་འཇིག་རྟེན་གྱི་མཐོང་བས་འགོག་ནུས་པ་མིན་ཏེ། རྒྱུ་འབྲས་རང་བཞིན་གྱིས་ངོ་བོ་ཐ་དད་པ་འགོག་པ་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པ་ལ་ངེས་པར་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་གྲུབ་མཐའ་སྨྲ་བ་གཞན་གྱིས་གཞན་སྐྱེ་ཁས་བླངས་པའི་དོན་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་སྐྱེ་ཡིན་གྱི། ངོ་བོ་གཞན་དུ་གྲུབ་པ་ཙམ་མ་ཡིན་ལ། དེ་ཙམ་འཇིག་རྟེན་གྱི་ངོར་མ་གྲུབ་པ་ཡང་མིན་ནོ། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། ཅེས་པའི་དོན་ནི། འཇིག་རྟེན་རང་དགའ་བས་ས་མྱུག་ལ་སོགས་པའི་ཉེར་ལེན་གྱི་རྒྱུ་འབྲས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་དུ་འཛིན་པ་མེད་ཅེས་པ་ཙམ་མིན་གྱི། ཐ་སྙད་དུ་ཡང་གཞན་སྐྱེ་མེད་པར་སྟོན་པར་ཡང་ཤེས་པར་བྱ་སྟེ། གཉི་ག་ལས་སྐྱེ་བ་འགོག་པའི་འགྲེལ་པར་ཡང་། དེ་ལ་ཇི་ལྟར་གོང་དུ་བདག་དང་གཞན་ལས་སྐྱེ་བ་འཇིག་རྟེན་གྱི་ཀུན་རྫོབ་དང་དོན་དམ་པར་ཡང་མི་རིགས་སོ་ཞེས་བསྟན་པ་དེ་བཞིན་དུ་ཚིག་གལ་གཉིས་སུ་སྨྲ་བ་ལ་ཡང་ཇི་སྐད་དུ་བཤད་པའི་རིགས་པས་མི་སྲིད་དོ། །ཞེས་ཐ་སྙད་དུ་ཡང་གཞན་སྐྱེ་མེད་པ་གསལ་བར་གསུངས་པ་དང་། ཚིག་གསལ་ལས་ཀྱང་། གལ་ཏེ་བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་དངོས་པོ་རྣམས་སྐྱེ་བ་ཡོད་པ་མ་ཡིན་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་གསུངས། ཞེས་པའི་ལན་དུ། བཤད་པར་བྱ་སྟེ། འདི་ནི་ཀུན་རྫོབ་ཡིན་གྱི་དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །


JLD016_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མ་རིག་པས་འདུ་བྱེད་སྐྱེད་པ་སོགས་ནི་ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར་མ་ཡིན་པར་གསུངས་སོ། །ཅི་ཀུན་རྫོབ་ཀྱི་རྣམ་པར་གཞག་པ་བརྗོད་པར་བྱ་བ་ཡིན་ནམ་ཞེས་པའི་ལན་དུ། རྐྱེན་ཉིད་འདི་པ་ཙམ་གྱིས་ཀུན་རྫོབ་གྲུབ་པར་ཁས་ལེན་གྱི། ཕྱོགས་བཞི་ཁས་བླངས་པའི་སྒོ་ནས་ནི་མ་ཡིན་ཏེ། ཞེས་ཀུན་རྫོབ་ཏུ་རྐྱེན་འདི་ལ་བརྟེན་ནས་འདི་འབྱུང་གི་སྐྱེ་བ་ཁས་ལེན་པ་ལ་ཡང་། ཕྱོགས་བཞིའི་སྐྱེ་བ་ཁས་མི་ལེན་པ་གསལ་བར་གསུངས་པས། ལུགས་འདི་ལ་གཞན་སྐྱེ་ཀུན་རྫོབ་ཏུ་མི་འགོག་ཅེས་པ་ནི། ལུགས་འདི་ལེགས་པར་མ་རྟོགས་པའི་བཤད་པའོ། །གསུམ་པ་ནི། དེའི་ཕྱིར་དེ་ལྟར་དངོས་པོ་རང་བཞིན་གྱིས་གྲུབ་པ་མེད་པར་ཇི་སྐད་བཤད་པའི་ཚུལ་ལ། རྟེན་འབྱུང་རྟག་ཆད་མེད་པར་གྲུབ་པའི་སྒོ་ནས་རྟག་ཆད་ཀྱི་མཐར་མི་ལྟུང་བའི་ཡོན་ཏན་བསྟན་པའི་ཕྱིར་བཤད་པ། གལ་ཏེ་མྱུ་གུ་ས་བོན་ལས་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་ན་ནི། ས་མྱུག་གཉིས་རྒྱུ་འབྲས་སུ་མི་རུང་བའི་ཕྱིར། ཐེ་ཚོམ་མེད་པར་མྱུ་གུ་ཡོད་བཞིན་དུ་ཡང་ས་བོན་རྒྱུན་ཆད་པར་འགྱུར་ཏེ། དེ་ལ་ནི་ས་མྱུག་འབྲེལ་མེད་དུ་སོང་ནས། མྱུ་གུ་ཡོད་ཀྱང་ས་བོན་གྱི་རིགས་བརྒྱུད་མ་ཆད་པ་ལ་མི་ཕན་པའི་ཕྱིར་ཏེ། དཔེར་ན་བ་མིན་ཡོད་པས་བ་ལང་ཤི་ནས་རིགས་བརྒྱུད་ཆད་པ་མིན་པ་ལ་མི་ཕན་པ་དང་། སོ་སྐྱེ་ཡོད་པས་འཕགས་པ་རྣམས་ཀྱིས་རང་ཉིད་ཀྱི་སྲིད་པར་འཁོར་བ་རྒྱུན་


JLD016_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ་མིན་པ་ལ་མི་ཕན་པ་བཞིན་ནོ། །དེ་ལྟར་ཡིན་པ་ལ་རྒྱུ་མཚན་གང་གི་ཕྱིར་མྱུ་གུ་ས་བོན་ལས་རང་བཞིན་གྱིས་གྲུབ་པའི་གཞན་མིན་པའི་ཕྱོགས་ལ། དེ་གཉིས་རྒྱུ་འབྲས་སུ་མི་འགལ་བ་དེའི་ཕྱིར་མྱུ་གུ་ཡོད་པའི་ཚེ་ས་བོན་ཞིག་པ་སྟེ་དེའི་རིགས་བརྒྱུད་ཆད་པས་ཆད་པ་སྤངས་སོ། །མྱུ་གུའི་དུས་སུ་ས་བོན་འགགས་པ་ལན་མང་དུ་བཤད་པས། ས་བོན་ཞིག་པའི་དོན་འགྲེལ་པས་ས་བོན་རྒྱུན་ཆད་པ་ལ་བཤད་ཅིང་། ས་བོན་མི་འཇིག་པ་བཀག་པར་གསུངས་པས། ས་བོན་གྱི་རྒྱུན་ཆད་པ་ཞེས་པ་དེའི་རིགས་བརྒྱུད་ཆད་པ་ལ་བཞེད་དོ། །གང་གི་ཕྱིར་ས་མྱུག་གཉིས་གཅིག་ཉིད་དུ་ཡོད་པ་མིན་པས་ས་བོན་དེ་ཉིད་མྱུ་གུར་འཕོས་པ་མིན་པའི་ཕྱིར། མྱུ་གུའི་དུས་ན་ས་བོན་མི་འཇིག་པ་བཀག་པ་དེའི་ཕྱིར་ཡང་། མྱུ་གུའི་ཚེ་ས་བོན་ཡོད་ཅེས་བརྗོད་པར་མི་བྱ་བས་རྟག་པར་ཡང་བཀག་པར་འགྱུར་རོ། །དེ་ལྟར་བཤད་པ་ནི་རྒྱ་ཆེར་རོལ་པ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གསུངས་པའི་དོན་ནོ། །དེ་དག་གི་དོན་ནི་ས་བོན་ཡོད་པར་གྱུར་ན་ས་བོན་གྱི་རྒྱུ་ཅན་མྱུ་གུ་ཡང་ཇི་ལྟ་བ་བཞིན་དུ་འབྱུང་ངོ་། །དེ་འབྱུང་བ་ན་ས་བོན་ལས་ཉིད་དུ་སྟེ་ནས་འབྱུང་བ་མི་རུང་བས། ས་མྱུག་གཉིས་ངོ་བོ་གཅིག་གོ་སྙམ་ན། མྱུ་གུ་ས་བོན་ལས་གཞན་ནས་འབྱུང་བ་མིན་ཀྱང་ས་བོན་དེ་ཉིད་མྱུ་གུར་


JLD016_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འཕོས་པ་མིན་ནོ། །དེའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། མྱུ་གུ་དེ་ས་བོན་ལས་རང་བཞིན་གྱིས་གྲུབ་པའི་གཞན་དང་། རང་བཞིན་གཅིག་པ་ཉིད་དེ་ཡང་མིན་པའི་ཕྱིར་རོ། །དེ་འདྲ་བའི་ཕྱོགས་གཉིས་ཅར་ཡང་བཀག་པ་ན་མྱུ་གུའི་རང་བཞིན་དེ་རྟག་ཆད་དང་བྲལ་བའི་ཆོས་ཉིད་དུ་གསལ་བར་བྱས་སོ། །དོན་འདི་ཉིད་མདོ་དེ་ཉིད་ལས། འདུ་བྱེད་རྣམས་ནི་མ་རིག་རྐྱེན་ཅན་ཏེ། །འདུ་བྱེད་དེ་དག་དེ་ཉིད་དུ་ཡོད་མིན། །འདུ་བྱེད་མ་རིག་འདི་གཉིས་སྟོང་པ་སྟེ། །རང་བཞིན་གྱིས་ནི་གཡོ་བ་དང་བྲལ་བ། །ཞེས་བྱ་བས་བཤད་དེ། རྐང་པ་དང་པོས་ནི་འདུ་བྱེད་མ་རིག་པ་ལ་བརྟེན་ནས་འབྱུང་བའི་གཏན་ཚིགས་དང་། གཉིས་པས་ནི་འདུ་བྱེད་དེ་ཁོ་ན་ཉིད་དུ་ཡོད་པ་མིན་ཞེས་པའི་བསྒྲུབ་བྱ་དང་། གསུམ་པས་ནི་རྒྱུ་འབྲས་གཉིས་ཀ་སྟོང་པར་བསྟན་ལ། བཞི་བས་ནི་སྟོང་ཚུལ་སྟོན་ཏེ། གཡོ་བ་ནི་མངོན་པར་འདུ་བྱེད་པ་ཡིན་ལ། དེ་དང་བྲལ་བ་ནི་འདུ་བྱེད་འདུ་བྱེད་ཀྱིས་སྟོང་པའོ། །དེ་ཡང་རང་བཞིན་གྱིས་གྲུབ་པ་དང་བྲལ་ལོ་ཞེས་དགག་བྱའི་ཁྱད་པར་བསྟན་ཏེ། དེ་ཁོ་ན་ཉིད་དུ་མེད་པ་དང་དོན་འདྲའོ། །མདོ་དེའི་དོན་བསྟན་བཅོས་རྩ་ཤེ་ལས་ཀྱང་། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་བའང་མ་ཡིན་པ། །དེ་ཕྱིར་རྟག་མིན་ཆད་མ་ཡིན། །ཞེས་གསུངས་སོ། །བཞི་པ་ལ་གཉིས། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོད་པར་འདོད་པ་དགག་པ་


JLD016_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ལྟར་བཀག་པ་ལ་རྩོད་པ་སྤང་པའོ། །དང་པོ་ལ་གསུམ། འཕགས་པའི་མཉམ་གཞག་དངོས་པོའི་འཇིག་རྒྱུར་ཐལ་བས་དགག །ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བས་དགག །དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བས་དགག་པའོ། །དང་པོ་ནི། ཇི་ལྟར་རང་བཞིན་གྱིས་ཆོས་འགའ་ཡང་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་དགོས་སོ། །ཞེས་གསུངས་པ་ལྟར་དོན་འདི་ངེས་པར་ཁས་བླང་དགོས་ཞེས་སྨྲ་བར་རིགས་ཀྱི། འདི་ལ་ཁས་ལེན་གཞག་ཏུ་མི་རུང་ངོ་ཞེས་བཟློག་སྟེ་སྨྲ་བར་མི་བྱའོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་གཟུགས་དང་ཚོར་བ་ལ་སོགས་པའི་རང་གི་མཚན་ཉིད་དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན། རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བར་འགྱུར་ན་ནི། རྣལ་འབྱོར་པས་ཆོས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པར་མངོན་སུམ་དུ་རྟོགས་པའི་ཚེ། དངོས་པོའི་རང་བཞིན་དེ་ལ་སྐུར་པ་བཏབ་པའི་ཚུལ་གྱིས་སྟོང་པ་ཉིད་རྟོགས་པར་འགྱུར་ཏེ། མཉམ་གཞག་གིས་གཟུགས་སོགས་རྣམས་མ་དམིགས་པ་དགོས་ལ། དེ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་ན་མཉམ་གཞག་གིས་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར། དེའི་ཚེ་དངོས་པོ་དེ་རྣམས་མེད་པར་འགྱུར་རོ། །དེ་མེད་ན་ནི་དངོས་པོ་དེ་རྣམས་མཉམ་གཞག་གི་སྔར་ཡོད་པ་ཕྱིས་མེད་པའི་འཇིག་པ་སྟེ་ཞིག་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་འཇིག་པ་ལ་མཉམ་གཞག་ཉིད་རྒྱུར་འགྲོ་དགོས་


JLD016_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཐོ་བ་ལ་སོགས་པ་བུམ་པ་ལ་སོགས་པའི་འཇིག་རྒྱུ་ཡིན་པ་དེ་བཞིན་དུ། སྟོང་པ་ཉིད་མཐོང་བ་ཡང་དངོས་པོའི་རང་བཞིན་འཇིག་པ་དང་དེ་ལ་སྐུར་བའི་རྒྱུར་འགྱུར་བ་ཞིག་ན། དེ་ནི་རིགས་པ་ཡང་མིན་པ་དེའི་ཕྱིར་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་ཡོད་པ་མིན་པས། དུས་ཐམས་ཅད་ཀྱི་ཚེ་རང་བཞིན་གྱིས་སྐྱེ་བ་ཁས་བླང་བར་མི་བྱའོ། འདི་ལ་དབུ་མ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་ཁས་ལེན་པ་རྣམས། རང་གི་མཚན་ཉིད་ཀྱིས་གྲུབ་ཀྱང་བདེན་གྲུབ་ཏུ་མི་འགྲོ་བར་འདོད་པའི་རྒྱུ་མཚན་གྱིས། གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་ན་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པས་དམིགས་མི་དགོས་སོ། །ཞེས་སྨྲ་མོད་ཀྱང་། དེ་ཙམ་ནས་བདེན་གྲུབ་ཡིན་པར་སྔར་ཡང་བཤད་ཅིང་། སླར་ཡང་འཆད་པར་འགྱུར་བའི་རིགས་པས་ཉེས་པ་སྤོང་མི་ནུས་སོ། །འདིར་འགྲེལ་པ་ལས། དཀོན་བརྩེགས་ལས་འོད་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་ཉིད་དང་། ཞེས་གསུངས་ཤིང་། མཚན་མེད་དང་སྨོན་མེད་དང་མངོན་པར་འདུ་བྱ་བ་མེད་པ་དང་། མ་སྐྱེས་པ་དང་མ་བྱུང་བ་ལ་ཡང་དེ་བཞིན་དུ་གསུངས་པ་དྲངས་ཏེ། ཆོས་རྣམས་ལ་རང་མཚན་གྱིས་གྲུབ་པའི་རང་བཞིན་ཡོད་ན། ཆོས་དེ་རྣམས་རང་ངོས་ནས་


JLD016_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པར་མ་སོང་བས་ཆོས་རྣམས་ཉིད་སྟོང་པ་དང་ཞེས་པ་མི་འཐད་ལ། རང་ངོས་ནས་ངོ་བོ་ཉིད་ཀྱིས་ཡོད་པ་མ་བཀག་པར། གཞན་ཞིག་གིས་སྟོང་པའི་སྒོ་ནས་སྟོང་པར་བསྟན་དགོས་པས། སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཅེས་པ་དང་འགལ་བས་དབུ་མའི་ལམ་གྱིས་ཆོས་རྣམས་ཀྱི་རང་བཞིན་ལ་སོ་སོར་རྟོག་པ་ན། ཆོས་རྣམས་རང་ངོས་ནས་རང་བཞིན་གྱིས་གྲུབ་པས་སྟོང་པར་སྟོན་པ་ཡིན་པར་བསྟན་ནོ། །མདོ་འདིས་ནི་རྣམ་རིག་པས་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པས་མི་སྟོང་པ་དང་། དེ་གཟུང་འཛིན་རྫས་ཐ་དད་པ་མེད་པས་སྟོང་ཞེས་པ་ཡང་བཀག་ལ། བརྒྱ་བ་ལས། སྟོང་མིན་སྟོང་ལྡན་མཐོང་མིན་ཏེ། །མྱང་འདས་བདག་གིར་གྱུར་ཅིག་ཅེས། ལོག་ལྟས་མྱ་ངན་མི་འདབ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་དང་། རྩ་ཤེ་ལས་ཀྱང་། སྟོང་ཉིད་ལྟ་བ་ཐམས་ཅད་ནི། །ངེས་པར་འབྱིན་པར་རྒྱལ་བས་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་པས་ཀྱང་སྔར་གྱི་མདོའི་དོན་དེ་ཉིད་འཆད་དོ། །ཆོས་རྣམས་རང་གི་ངོ་བོས་སྟོང་ཞེས་པའི་བསམ་དོན་ཡང་དེ་ཉིད་ཡིན་གྱི། བུམ་པ་བུམ་པས་མི་སྟོང་པར་བདེན་པས་སྟོང་པ་ནི། གཞན་སྟོང་ཡིན་པས་བུམ་པ་བུམ་པས་སྟོང་པ་ནི་རང་སྟོང་ཡིན་ནོ་ཞེས་སྨྲ་བ་ནི་གཏན་ནས་མི་རིགས་ཏེ། བུམ་པ་བུམ་པས་སྟོང་ན་བུམ་པ་ལ་བུམ་པ་མེད་དགོས་ན། རང་ལ་རང་མེད་ན་གཞན་


JLD016_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལ་ཡང་མེད་པས་བུམ་པ་གཏན་མེད་པར་འགྱུར་རོ། །དེའི་ཚེ་དངོས་པོ་གཞན་ཐམས་ཅད་ཀྱང་དེ་དང་འདྲ་བས། དེ་ལྟར་སྨྲ་མཁན་ཡང་མེད་པར་འགྱུར་ཞིང་། འདིས་སྟོང་པ་དང་འདིས་མི་སྟོང་ཞེས་པའི་རྣམ་གཞག་གང་ཡང་མི་སྲིད་པར་འགྱུར་རོ། །དེ་འདྲ་བའི་སྟོང་པ་དེ་ཁ་ཅིག་ཡང་དག་ཏུ་སྨྲ་ལ། གཞན་དག་ཆད་སྟོང་དུ་འདོད་པ་གཉིས་ཀ་ཡང་རྟེན་འབྲེལ་རྟག་ཆད་ཀྱི་མཐའ་དང་བྲལ་བར་རྒྱལ་བ་རྒྱལ་སྲས་ཀྱིས་ལན་ཅིག་མ་ཡིན་པར་བསྒྲུབས་པ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ནོ། །ཁྱད་པར་དུ་ཀུན་རྫོབ་བདེན་པ་ཐམས་ཅད་ཁོ་རང་ཁོ་རང་གིས་སྟོང་པར་གཏན་ལ་འབེབས་དགོས་ཟེར་ནས། དེ་ཆད་སྟོང་དུ་འདོད་པ་ནི་མི་རིགས་པ་ཁོ་ན་སྟེ། གྲུབ་མཐའ་བཞི་པོ་སུ་ཡང་ལྟ་བ་དེ་ཆད་ལྟ་ཡིན་པར་ཤེས་ནས། དེ་རང་གི་རྒྱུད་ལ་སྐྱེད་པར་བྱེད་པ་སུ་ཡང་མེད་པའི་ཕྱིར་རོ། །དེས་ན་དགག་གཞི་དེ་དགག་བྱའི་ངོ་བོར་མེད་པ་དང་། གཞི་དེ་དགག་བྱས་སྟོང་ཚུལ་ཡང་ཡིན་པས་སྟོང་པར་འདྲ་བཞིན་དུ། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ནི་རང་གི་ངོ་བོས་སྟོང་པའི་དོན་ཡིན་ལ། དེ་ལས་གཞན་པའི་སྟོང་ཚུལ་རྣམས་རང་གི་ངོ་བོས་སྟོང་པ་མིན་པའི་རྒྱུ་མཚན་ནི། སྟོང་ཚུལ་སྔ་མ་ཚད་མས་གྲུབ་ཟིན་བྱེད་པ་མ་ཉམས་པའི་རིང་ལ། གྲུབ་མཐས་གཞི་དེ་བདེན་པའམ་དེའི་དོན་དུ་ཡོད་པར་འཛིན་པའི་སྒྲོ་འདོགས་སྐྱེ་མི་སྲིད་ལ། ཕྱི་མ་རྣམས་ཀྱི་དོན་ཚད་མས་གྲུབ་


JLD016_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བྱེད་པ་མ་ཉམས་ཀྱང་། གྲུབ་མཐའ་བདེན་པའམ་བདེན་པའི་དོན་དུ་སྒྲོ་འདོགས་པ་མི་འགལ་བའོ། །གཉིས་པ་ནི། འདིར་སྨྲས་པ་དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེ་བ་དགག་ལ་རག་མོད། གཟུགས་དང་ཚོར་བ་སོགས་ཚད་མ་གཉིས་ཀྱིས་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། །ཅི་སྟེ་དེ་ལྟར་མི་འདོད་ན་བདེན་པ་གཉིས་སུ་ཅི་སྟེ་བརྗོད་དེ་བདེན་པ་གཅིག་ཁོ་ནར་འགྱུར་རོ། །དེའི་ཕྱིར་གཞན་ལས་སྐྱེ་བ་ཡོད་དོ་ཞེས་ཟེར་རོ། །འདི་ལྟར་རྒོལ་བ་ནི་དོན་དམ་པར་སྐྱེ་བ་མེད་པ་དང་། ཐ་སྙད་དུ་གཞན་སྐྱེ་འདོད་པར་སྣང་བས་དབུ་མ་རང་རྒྱུད་པ་འགའ་ཞིག་གོ །རང་བཞིན་གྱིས་སྐྱེ་བའི་གཞན་སྐྱེ་ཀུན་རྫོབ་ཏུ་མི་འདོད་ན་བདེན་པ་གཅིག་ཁོ་ནར་འགྱུར་ཞེས་པ་ནི། རང་གི་མཚན་ཉིད་ཀྱིས་སྐྱེ་བ་ཀུན་རྫོབ་ཏུ་མེད་ན་ཡང་དག་ཀུན་རྫོབ་མེད་པར་འགྱུར་ལ། དེའི་ཚེ་ཀུན་རྫོབ་བདེན་པ་མི་སྲིད་པས་དོན་དམ་བདེན་པ་གཅིག་པུར་འགྱུར་ཞེས་པའི་དོན་ནོ། །དེའི་ལན་དུ་འདི་བདེན་མོད་ཀྱི་དོན་དམ་པར་ནི་བདེན་པ་གཉིས་ཡོད་པ་མ་ཡིན་ཏེ། དགེ་སློང་དག་བདེན་པ་དོན་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ་མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཅན་ན་ཞེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །དེ་དག་གི་དོན་ནི་རང་གིས་ཁས་ལེན་པའི་བདེན་པའི་དོན་ནི་མི་སླུ་བ་ཡིན་པས། མི་སླུ་བའི་བདེན་པ་ཁོ་ནར་འགྱུར་བས་དེ་


JLD016_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བདེན་མོད་ཅེས་གསུངས་སོ། །དོན་དམ་པར་ནི་ཞེས་པ་ནི་དེ་ཁོ་ན་ཉིད་གཟིགས་པའི་ངོར་ནི། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་མེད་དེ། དེའི་ངོར་ནི་དོན་དམ་བདེན་པ་ཉག་གཅིག་ཏུ་གསུངས་པའི་ཕྱིར་ཞེས་པའོ། །བདེན་པ་དམ་པ་ནི་དོན་དམ་པའི་བདེན་པའོ། །ཡེ་ཤེས་དེའི་ངོར་ཀུན་རྫོབ་བདེན་པ་མེད་པ་ནི་སླུ་བའི་ཆོས་ཅན་དུ་གསུངས་པས་ཤེས་སོ། །དོན་བསྡུ་ན་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་ན་འདུ་བྱེད་རྣམས་བརྫུན་པ་སླུ་བའི་ཆོས་ཅན་དུ་མི་འགྲུབ་པས། ཀུན་རྫོབ་བདེན་པ་མེད་པའི་ཕྱིར་བདེན་པ་གཉིས་མེད་པར་འགྱུར་ལ། རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པའི་ཕྱོགས་ལ་ནི། ཀུན་རྫོབ་དང་དོན་དམ་བདེན་པ་གཉིས་ཀ་ཡོད་ཅེས་པའི་དོན་ནོ། །གལ་ཏེ་སྔར་གྱི་ལུང་གིས་མྱང་འདས་གཅིག་པུ་བདེན་གྱི། འདུ་བྱེད་གཞན་བརྫུན་པར་གསུངས་པས་འདུས་བྱས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཀྱང་། མྱང་འདས་དོན་དམ་པའི་བདེན་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་ཡིན་ནམ་སྙམ་ན། དེའི་བདེན་པ་ནི་མདོ་ཉིད་ལས་མི་སླུ་བའི་ཆོས་ཅན་ཞེས་གསུངས་པས་མི་སླུ་བའི་དོན་དུ་བཤད་ཀྱི། རང་བཞིན་གྱིས་གྲུབ་པའི་བདེན་པ་ནི་མ་ཡིན་ནོ། །འདུ་བྱེད་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཅན་ཞེས་གསུངས་པས་ཀྱང་སྔ་མའི་བདེན་པ་མི་སླུ་བའི་དོན་དུ་ཤེས་སོ། །རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས་ཀྱང་། འདུས་བྱས་ལོག་པར་སྣང་ནས་


JLD016_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པ་སླུ་བར་བྱེད་པ་བཞིན་དུ། མྱང་འདས་དོན་དམ་པས་དེ་ལྟར་སྣང་ནས་མི་སླུ་བས་མྱང་འདས་བདེན་པ་དང་། གཞན་རྣམས་མི་བདེན་པར་གསུངས་པར་བཤད་པས། བདེན་མི་བདེན་གཉིས་སུ་ཕྱེ་བ་ནི་སླུ་མི་སླུའི་དོན་ཡིན་པར་གདོན་མི་ཟ་བར་འདོད་པར་བྱའོ། །རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས་མྱང་འདས་ཀུན་རྫོབ་ཏུ་བདེན་པར་གསུངས་པ་ནི། མྱང་འདས་དོན་དམ་པའི་བདེན་པར་ཡོད་པ་ཀུན་རྫོབ་པའི་ངོར་འཇོག་པའི་དོན་ཡིན་གྱི། ཐ་སྙད་དུ་དེ་བདེན་པར་བཞེད་པ་མིན་ནོ། །དེ་ལྟར་ན་ཀུན་རྫོབ་ཀྱི་བདེན་པ་ནི་དོན་དམ་བདེན་པ་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར། བདག་དང་གཞན་ལས་སྐྱེ་བ་མ་དཔྱད་པར་འཇིག་རྟེན་པའི་ལུགས་ཀྱིས་ཐ་སྙད་བྱེད་པ་བཞིན་དུ། དབུ་མ་པས་ཀྱང་ཁས་ལེན་པར་བྱེད་དོ། །འདི་ལྟར་གང་གི་ཕྱིར་གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་འདི་དག་ནི། ཅི་བདག་ལས་སྐྱེ་བ་ཞིག་གམ། ཅིག་གཞན་ལས་སྐྱེ་བ་ཞིག་ཅེས་དེ་ལྟ་བུ་ལ་སོགས་པར་རྣམ་པར་དཔྱད་པ་ན། དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་གྱི་དོན་དམ་པར་མ་སྐྱེས་པ་དང་མ་འགགས་པ་ལས། ཚུ་རོལ་ཏེ་གཞན་དུ་གྱུར་པའི་ཆ་སྐྱེ་བ་ལ་སོགས་པ་ཅན་ལ་གནས་པ་རྙེད་པ་མ་ཡིན་ཏེ། དེའི་ཕྱིར་འཇིག་རྟེན་ཐ་སྙད་ཀྱི་བདེན་པ་ལ་བདག་དང་གཞན་ལས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པར་དཔྱད་པར་མི་བྱ་བར། འཇིག་རྟེན་པས་མཐོང་བ་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་གཞན་འཇིག་རྟེན་ལ་རག་ལས་པའི་ཐ་སྙད་ལ་


JLD016_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་སྒོ་ནས་ཁས་བླང་བར་བྱ་སྟེ། འཕགས་པ་ལྷས། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡི་མ་གཏོགས་པར། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །ཞེས་དང་། རྩ་ཤེ་ལས་ཀྱང་། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་དང་། རྩོད་ཟློག་ལས། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་གསུངས་སོ། །འདིར་དཔྱད་མ་དཔྱད་ནི་དེ་ཁོ་ན་ཉིད་ལ་དཔྱད་མ་དཔྱད་ཡིན་ལ། དེ་ཡང་དཔྱོད་ལུགས་ཇི་ཙམ་ཞིག་ནས་དེ་ཁོ་ན་ཉིད་ལ་དཔྱད་པར་འགྲོ་བ་ཤེས་པ་གལ་ཆེ་བས་ཅུང་ཟད་བཤད་ན་ཐལ་འགྱུར་བའི་ལུགས་ཀྱིས་ནི། ཐ་སྙད་གདགས་པས་མ་ཚིམ་པར་མྱུ་གུ་སྐྱེ་ཞེས་པ་ལྟ་བུ་ལ། དེ་ལྟར་བཏགས་པའི་བཏགས་དོན་བདག་གམ་གཞན་ལས་སྐྱེ་ཞེས་ཚོལ་བ་ནས་དེ་ཁོ་ན་ཉིད་ལ་དཔྱོད་པར་འཇོག་གོ །དེའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཀྱིས་གང་ནས་འོངས་གང་དུ་འགྲོ་ཞེས་པ་དང་། ཕྱི་དང་ནང་གང་ན་ཡོད་ཅེས་སོགས་ཀྱི་དཔྱད་པ་རྣམས་དང་གཏན་མི་འདྲ་བ་ཤེས་པར་བྱའོ། །རང་རྒྱུད་པ་རྣམས་ཀྱིས་ནི་དེ་ཙམ་ནས་དེ་ཁོ་ན་ཉིད་ལ་དཔྱོད་པར་མི་འཇོག་གི །སྔར་བཤད་པ་བཞིན་གྱི་ཤེས་པ་ལ་སྣང་བའི་དབང་གིས་ཡོད་པར་བཞག་གམ། དེའི་དབང་གིས་བཞག་པ་མིན་པའི་དོན་གྱི་སྡོད་ལུགས་ནས་གྲུབ་པ་ཡིན་དཔྱོད་པ་ནས། དེ་ཁོ་


JLD016_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིད་ལ་དཔྱོད་པར་འགྲོ་སྟེ། དགག་བྱའི་ངོས་འཛིན་མི་འདྲ་བའི་གནད་ཀྱིས། དེ་ཁོ་ན་ཉིད་ལ་དཔྱོད་མཚམས་ཀྱང་མི་འདྲ་བ་གཉིས་འོང་ངོ་། །དེ་ལྟར་མ་གོ་བར་དཔེར་ན་གནས་འདིར་ལྷས་བྱིན་དོན་ལ་མ་འོངས་པ་ལ། དང་པོ་འོངས་པར་འཁྲུལ་དེ་ནས་འོངས་མ་འོངས་བརྟགས་པ་ན། མ་འོངས་པར་ཤེས་པ་ལྟ་བུ་ལ་བྱས་ནས། མ་དཔྱད་པའི་རྣམ་གཞག་ཐམས་ཅད་ལོག་པའི་དོན་ཅན་ཁོ་ན་དང་། དཔྱད་པའི་རྣམ་གཞག་རྣམས་མ་ལོག་པར་འདོད་པ་ནི་དབུ་ཚད་གང་གི་ཡང་ལུགས་མ་ཡིན་ཏེ། གཉིས་ཀའི་ལུགས་ཀྱིས་མ་དཔྱད་པའི་རྣམ་གཞག་ལ་ཚད་མས་གྲུབ་པ་དུ་མ་ཞིག་འབྱུང་བའི་ཕྱིར་རོ། །རྒྱས་པར་གཞན་དུ་བཤད་ཟིན་པས་མ་སྤྲོས་སོ། །དེ་ལྟར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀུན་རྫོབ་པ་རྣམས་ལ་དཔྱོད་ན་ནི། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་བར་ཤེས་པར་བྱའོ། །གསུམ་པ་ནི། ཅི་སྟེ་ཡང་དེ་ལྟར་དངོས་པོ་ལ་བདེན་པར་མངོན་པར་ཞེན་པ་ཐམས་ཅད་གཅོད་པ་ན། བྲེད་ཤ་འཐོན་པ་ཐ་སྙད་ཀྱི་བདེན་པ་ལ་བདེན་པར་ཞེན་པ་འདི་གང་ཀུན་བྱང་གཉིས་ཀྱི་འཆིང་གྲོལ་གྱི་རྒྱུར་འགྱུར་བ། རྫས་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་བདག་ཉིད་འགའ་ཞིག་ཏུ་སྐྱེ་བར་འགྱུར་བ་ཅིག་བྱ་དགོས་སོ་ཞེས་སྨྲ་ན། དེ་སྐད་དུ་སྨྲ་བ་ལ་ནི་ཚིག་ཙམ་ཞིག་ལྷག་མར་ལུས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་དེ་ཁོ་ན་ཉིད་དོན་དམ་པ་ལ་དཔྱོད་པའི་སྐབས་སུ། ཇི་སྐད་བཤད་པའི་རིགས་པ་གང་ཞིག་གིས་


JLD016_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སོགས་བདག་དང་གཞན་ལས་སྐྱེ་བ་རིགས་པ་མིན་པ་དེ་བཞིན་དུ། ཐ་སྙད་དུ་ཡང་རིགས་པ་དེ་ཉིད་ཀྱིས་སྐྱེ་བར་རིགས་པ་མིན་པས། ཁྱོད་ཀྱི་རང་བཞིན་གྱིས་སྐྱེ་བ་ཚད་མ་གང་གིས་འགྲུབ་པར་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ནི་བདེན་པ་གཉིས་ཅར་དུ་ཡང་ཡོད་པ་མ་ཡིན་ནོ་ཞེས་མི་འདོད་བཞིན་དུ་ཡང་། གདོན་མི་ཟ་བར་ཁས་བླང་བར་བྱའོ་ཞེས་གསུངས་པས། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཐ་སྙད་དུ་ཡང་སྐྱེ་བ་འགོག་པའི་སྐྱེ་བ་ནི། མཚམས་སྦྱོར་དུ་རྫས་ཀྱི་བདག་ཉིད་ཀྱི་སྐྱེ་བ་ལ་བཤད་ཅིང་། དོན་བསྡུར་སྔར་ལྟར་བཤད་པས་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ཞེས་དགག་བྱ་ལ་ཁྱད་པར་སྦྱར་བ་ཁོ་ན་ལ་ཡིན་གྱི། སྐྱེ་ཙམ་ལ་ནི་གཏན་མིན་ཏེ། ཐ་སྙད་བའི་དོན་ལ་དོན་དམ་པའི་དཔྱད་པ་བྱར་མི་རུང་བར་ལན་དུ་མར་གསུངས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་མི་ཁེགས་ན། དོན་དམ་པར་གྲུབ་པའི་སྐྱེ་བ་ཡང་མི་ཁེགས་པར་བཞེད་པ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཙམ་ནས་བདེན་གྲུབ་ཏུ་འགྱུར་བས། དེ་ལ་ཐ་སྙད་དུ་ཞེས་སྦྱར་མ་སྦྱར་འདྲ་བར་བཞེད་པའོ། །དེ་ལྟར་ན་དགག་བྱ་ལ་རང་གི་མཚན་ཉིད་ཀྱིས་དང་། རང་བཞིན་གྱིས་དང་། རང་གི་ངོ་བོ་ཉིད་ཀྱིས་ཞེས་སོགས་ཀྱི་ཁྱད་པར་སྦྱར་བ་ནི་མཐའ་ཡས་པ་ཅིག་མདོ་སྡེ་དང་།


JLD016_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་གཉིས་དང་སློབ་དཔོན་འདིའི་གཞུང་ལས་འབྱུང་ལ། དེ་འདྲ་བ་དེ་འགོག་པའི་ཚེ་དབུ་མ་པ་ཁ་ཅིག་ཕྱོགས་སྔར་བྱས་པ་ནི་སྔར་བཤད་པ་དང་། ཚིག་གསལ་ལས་ཀྱང་། འདི་ནི་དེ་ཁོ་ན་ལྟར་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་ཀུན་རྫོབ་འཐད་པ་དང་ལྡན་པ་མ་ཡིན་ནམ། དེས་ན་འདི་དེ་ཁོ་ན་ཉིད་དུ་འགྱུར་གྱི་ཀུན་རྫོབ་ཏུ་མི་འགྱུར་རོ། །ཞེས་ཐ་སྙད་དུ་བཏགས་པ་ཙམ་གྱིས་མི་ཆོག་པར་བཏགས་དོན་བཙལ་བའི་དཔྱད་པ་བྱས་ནས་ཐ་སྙེད་པའི་དོན་འཇོག་པ་བཀག་པ་ན། དེ་ལྟ་ན་དོན་དམ་པར་ཡོད་པར་འགྱུར་བ་དང་། གཟུགས་སོགས་ཀུན་རྫོབ་པར་མི་འགྱུར་ཞེས་གཟུགས་སོགས་དོན་དམ་དུ་གྲུབ་པར་ཁས་མི་ལེན་པ་དང་། ཀུན་རྫོབ་པར་འཇོག་པ་ཅིག་ལ་འཕེན་ལ། དེ་ཡང་དངོས་པོར་སྨྲ་བ་ལ་མིན་པས་དབུ་མ་རང་རྒྱུད་པ་ཡིན་པར་ཤིན་ཏུ་གསལ་ལོ། །འདིར་སློབ་དཔོན་གྱིས་ཁ་ཅིག་འཕགས་པའི་ཞལ་སྔ་ནས། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་ཀྱི་གཞུང་གིས་སྐྱེ་བ་སོགས་བཀག་པ་ནི། གཟུང་འཛིན་རྫས་ཐ་དད་པའི་ཀུན་བརྟགས་ཀྱི་སྐྱེ་བ་སོགས་བཀག་པ་ཡིན་གྱི། གཞན་དབང་བདེན་པ་བཀག་པ་མིན་པར་འདོད་པ་འདི་ཡང་། དེ་ལྟར་འགྲེལ་པའི་གཏན་ཚིགས་མེད་པར་མི་འགྲུབ་པས། དེ་སྐད་དུ་སྨྲ་བ་ལ་ནི་བརྒལ་ཞིང་བརྟག་པར་བྱ་བ་ཁོ་ནའོ། །ཞེས་བཤད་པའི་ཕྱོགས་སྔ་སྨྲ་བ་ནི། སྔ་རབས་པ་ཁ་ཅིག་སློབ་དཔོན་བློ་


JLD016_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ལ་སོགས་པ་ཡིན་པར་སྨྲ་མོད་ཀྱང་། དེའི་གཞུང་ན་དེ་ལྟར་བཤད་པ་མི་སྣང་ངོ་། །བཞི་བརྒྱ་པའི་འགྲེལ་པར་སློབ་དཔོན་ཆོས་སྐྱོང་གིས་བཞི་བརྒྱ་པའི་ལྟ་བ་སེམས་ཙམ་དུ་བཀྲལ་བར་བཤད་པས་དེ་ལ་སྦྱར་ན་འགྲིག་གོ །འོ་ན་ཟབ་མོའི་མདོའི་དོན་སེམས་ཙམ་དུ་འགྲེལ་པ་རྣམས་ཀྱིས་འཕགས་པའི་གཞུང་རྣམས་ཀྱི་དོན་ཇི་ལྟར་དུ་འགྲེལ་ཞེ་ན། སློབ་དཔོན་དབྱིག་གཉེན་ལ་སོགས་པའི་ཆེན་པོ་རྣམས་ཀྱི་གཞུང་ན། ཀླུ་སྒྲུབ་ཀྱི་གཞུང་གི་དོན་འདི་ལྟར་འགྲེལ་པ་ཡིན་ཞེས་གསལ་བར་མི་སྣང་ཡང་། རྣམ་བཤད་རིགས་པ་ལ་སོགས་པར་དགོངས་འགྲེལ་གྱི་མདོ་ལ་བརྟེན་ནས་ཤེར་ཕྱིན་གྱི་མདོ་དྲང་དོན་དུ་འཆད་པར་སྣང་བས། དེ་བཞིན་དུ་འཆད་པར་མངོན་ཏེ་འཕགས་པའི་གཞུང་འགོག་པ་ནི་མི་སྲིད་ལ། སྒྲ་ཇི་བཞིན་པར་འཆད་ན་ནི་ཤེར་ཕྱིན་གྱི་མདོ་སྒྲ་ཇི་བཞིན་པར་མི་འཆད་པ་མི་མཛད་ཅིང་། སྒྲ་ཇི་བཞིན་པ་དྲང་དོན་དུ་བཤད་ན་དེའི་དོན་སེམས་ཙམ་དུ་འཆད་དགོས་པའི་ཕྱིར་རོ། །འོན་ཀྱང་ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བཤད་པ་རྣམས་སྒྲ་ཇི་ལྟ་བ་བཞིན་དུ་རིགས་པས་འགྲུབ་པས། སྒྲ་ཇི་བཞིན་པ་ལ་གནོད་པ་མེད་པའི་ཕྱིར། དྲང་དོན་དུ་འགྲེལ་མི་ནུས་པ་ལ་དགོངས་ནས། བརྒལ་ཞིང་བརྟག་པར་བྱ་བ་ཁོ་ནའོ་ཞེས་གསུངས་ཏེ། སྒྲ་ཇི་བཞིན་པའི་བཟློག་ཕྱོགས་ལ་གནོད་


JLD016_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དང་། དྲང་ཐད་ལ་སྒྲུབ་བྱེད་མཐའ་ཡས་པ་ཅིག་སྟོན་པ་ནི། གཞུང་གི་དོན་རྣམ་པ་གཞན་དུ་དྲང་དུ་མི་རུང་བར་སྒྲུབ་པ་ཡིན་པས་འདིར་མདོ་ཙམ་ལས་མ་གསུངས་སོ། །གཉིས་པ་ནི། གལ་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་བདེན་པ་གཉིས་ཅར་དུ་ཡང་མེད་ན། གཟུགས་ལ་སོགས་པ་རྣམས་མེད་པར་འགྱུར་ལ། དེ་ལྟ་ན་གཟུགས་ལ་སོགས་པའི་ངོ་བོ་མིག་ལ་སོགས་པའི་ཤེས་པ་ལ་འཇིག་རྟེན་དུ་དམིགས་པར་མི་འགྱུར་ཏེ། དེ་ལྟ་མ་ཡིན་ན་རི་བོང་གི་རྭ་ལ་སོགས་པ་ཡང་མིག་ལ་སོགས་པའི་ཤེས་པ་ལ་སྣང་བར་འགྱུར་ཏེ། རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་རོ་ཞེ་ན། དེའི་ལན་བཤད་པ། དངོས་པོ་སྟོང་པ་སྟེ་བརྫུན་པ་གཟུགས་བརྙན་དང་ལ་སོགས་པས་སྒྲ་བརྙན་ལ་སོགས་པ་རྣམས། མེ་ལོང་དང་བྱད་བཞིན་དང་བྲག་ཕུག་དང་། སྒྲ་ཕྱུང་བ་སོགས་ཀྱི་རྒྱུ་རྐྱེན་གྱི་ཚོགས་པ་ལ་ལྟོས་པ་སྟེ་བརྟེན་ནས་སྐྱེ་བ་འཇིག་རྟེན་ན་མ་གྲགས་པ་ཡང་མིན་ཏེ་གྲགས་སོ། །ཇི་ལྟར་འཇིག་རྟེན་ལ་གྲགས་པ་དེར་ནི་གཟུགས་བརྙན་ལ་སོགས་པ་སྟོང་པ་སྟེ་བརྫུན་པ་ལས། མིག་ལ་སོགས་པའི་ཤེས་པ་གཟུགས་བརྙན་ལ་སོགས་པ་དེ་ཡི་རྣམ་པ་ཅན་སྐྱེ་བར་འགྱུར་བ་ལྟར། བརྫུན་པའི་གཟུགས་བརྙན་ལས་བརྫུན་པའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བ་དེ་བཞིན་དུ། དངོས་པོ་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་ནའང་། དེས་སྟོང་པའི་རྒྱུ་དག་ལས་དེས་སྟོང་པའི་འབྲས་བུ་རབ་ཏུ་སྐྱེ་བར་འགྱུར་རོ། །འདིར་


JLD016_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་ལས་ནི་དེ་འཛིན་པའི་མིག་ཤེས་སྐྱེ་བར་གསུངས་པས། གཟུགས་བརྙན་དངོས་པོ་ཡིན་ཞིང་ཤེས་པ་དང་ངོ་བོ་ཐ་དད་པས་ནི། ཕྱི་རོལ་གྱི་དོན་ཡིན་ལ་དེ་ཡང་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་པས། གཟུགས་ཀྱི་སྐྱེ་མཆེད་དུ་བཞེད་པ་ཡིན་ཏེ། ཟླ་གཉིས་དང་སྐྲ་ཤད་དུ་སྣང་བ་དང་སྒྱུ་མ་སོགས་དང་། སྒྲ་བརྙན་སོགས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ན་དབང་ཤེས་འཁྲུལ་པ་ལ་སྣང་བའི་བྱད་དང་ཟླ་གཉིས་དང་སྐྲ་ཤད་སོགས་ནི། དབང་པོ་ལ་འཕྲལ་གྱི་གནོད་པ་མེད་པའི་ཤེས་པ་ལྔ་ལ་སྣང་བའི་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་འདྲའོ། །བྱད་བཞིན་སོགས་མི་སྲིད་ཀྱང་དེར་སྣང་བ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་སྲིད་ཀྱང་དེར་སྣང་བ་དང་འདྲའོ། །གཟུགས་བརྙན་དང་སྒྲ་བརྙན་ལ་སོགས་པ་ནི་གཟུགས་དང་སྒྲ་ལ་སོགས་པ་དང་འདྲ་བས། དེས་ན་གཟུགས་སོགས་ལྔ་རང་བཞིན་གྱིས་གྲུབ་པ་ཕྱི་རོལ་ཏུ་མི་འཇོག་ཀྱང་དེར་སྣང་པའི་གཟུགས་སོགས་ཕྱི་རོལ་ཏུ་འཇོག་པ་བཞིན་དུ། གཟུགས་བརྙན་སོགས་བྱད་བཞིན་ཡིན་པ་སོགས་ཕྱི་རོལ་ཏུ་མི་འཇོག་ཀྱང་། གཟུགས་བརྙན་སོགས་ཕྱི་རོལ་ཏུ་འཇོག་སྟེ་དེ་གཉིས་ཕྱི་རོལ་ཏུ་འཇོག་མི་འཇོག་མཚུངས་པ་ཡིན་ནོ། །གཟུགས་བརྙན་བྱད་བཞིན་གྱིས་སྟོང་པ་ཙམ་གྱི་བརྫུན་པ་ནི། སྟོང་ཉིད་སྟོན་པའི་ལུང་རིགས་གང་ལ་ཡང་བློ་ཁ་མ་ཕྱོགས་པའི་འཇིག་རྟེན་པའི་རྒན་པོ་བརྡ་བྱང་


JLD016_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་འགྲུབ་པས། དེ་ལྟར་རྟོགས་པ་དེ་རིགས་ཤེས་རགས་པ་ཅིག་ཏུ་འདོད་པ་ནི་མི་རིགས་པ་ཁོ་ནའོ། །གལ་ཏེ་དེ་ལྟ་ན་ནི་གཟུགས་བརྙན་བརྫུན་པར་གྲགས་པ་དེ་གྲུབ་ཀྱང་། དབུ་མ་པས་བཞག་པའི་བརྫུན་པར་མི་འགྲུབ་བས། སྔ་མ་དེ་ཕྱི་མའི་དཔེར་ཇི་ལྟར་འགྱུར་ཞེ་ན། སྐབས་འདིར་གཟུགས་བརྙན་སོགས་དཔེར་བཀོད་པ་ནི་འཇིག་རྟེན་པས་གྲུབ་ཟིན་དཔེར་འགོད་པ་ཡིན་གྱི། དབུ་མ་པས་བརྫུན་པར་བཞག་པ་གྲུབ་ཟིན་པ་ཅིག་དཔེར་འགོད་པ་མིན་ནོ། །དེ་ཡང་བྱད་བཞིན་དུ་སྣང་བའི་གཟུགས་བརྙན་ལྟ་བུ་དེ་ལ་སྣང་བའི་སྟེང་ནས་ཆ་འདི་ཙམ་ཞིག་བྱད་བཞིན་དུ་སྣང་ལ། འདི་ཙམ་ཞིག་བྱད་བཞིན་དུ་མི་སྣང་ངོ་ཞེས་རྣམ་པ་ཐམས་ཅད་དུ་དབྱེ་མི་ནུས་ལ། བྱད་བཞིན་གྱི་གང་སྣང་གི་ཆ་ཐམས་ཅད་ནས་སྣང་བ་ལྟར་དུ་ཡོད་པས་སྟོང་ཡང་། རང་གི་རྒྱུ་ལ་བརྟེན་ནས་སྐྱེ་བ་མི་འགལ་བ་དཔེར་བྱས་ནས་དེ་བཞིན་དུ་སྔོན་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ན་ཡང་། སྔོན་པོའི་སྟེང་ནས་རང་བཞིན་གྱིས་གྲུབ་པར་སྣང་མི་སྣང་གི་ཆ་གཉིས་དབྱེར་མེད་པར་སྣང་ལ། དེ་ལྟར་སྣང་བ་ཡང་གང་སྣང་གི་ཆ་ཐམས་ཅད་ནས་སྣང་བ་ལྟར་དུ་ཡོད་པས་སྟོང་ཡང་། རང་གི་རྒྱུས་བསྐྱེད་པ་དང་རང་གིས་འབྲས་བུ་བསྐྱེད་པ་མི་འགལ་བར་སྒྲུབ་པ་ཡིན་ཏེ། བྱད་བཞིན་ཀྱི་གཟུགས་བརྙན་ལ་དེར་གང་སྣང་གི་ཆ་ཐམས་ཅད་ནས་སྣང་བ་ལྟར་དུ་མེད་ཀྱང་གཟུགས་བརྙན་མེད་པར་མི་འགྲོ་བ་ཅིག་འཇོག་ཤེས་ན། སྔོན་པོ་ལ་ཡང་རང་མཚན་གྱིས་གྲུབ་པར་སྣང་བའི་ཆ་ཐམས་ཅད་ནས་སྣང་


JLD016_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་གྱི་དོན་དུ་མེད་ཀྱང་། སྔོན་པོ་ཡོད་པར་ངེས་པར་འཇོག་ནུས་པ་ཅིག་འོང་ངོ་། །ཞིབ་མོའི་བློས་གཟུགས་སོགས་ཀྱི་སྟེང་ནས་འདི་འགོག་འདི་མི་འགོག་ཅེས་པའི་རྣམ་པ་གཉིས་གཟུགས་བརྙན་གྱི་དཔེ་སྟེང་ནས་ཕྱེད་པ་ནི། དབུ་མའི་ལྟ་བ་སྙེད་པ་ལ་མེད་མི་རུང་དུ་དགོས་པས་ཚིམ་སླ་མི་ཉན་ནོ།།དེས་ན་འགྲེལ་པ་ལས་ཀྱང་གཟུགས་བརྙན་རང་བཞིན་མེད་པའི་རྒྱུ་དང་འབྲས་བུ་རྣམ་པར་བཞག་པ་ཡང་། ཤེས་བཞིན་དུ་མཁས་པ་སུ་ཞིག་གཟུགས་དང་ཚོར་བ་ལ་སོགས་པ་རྒྱུ་དང་འབྲས་བུ་ལས་ཐ་དད་པ་མེད་པར་གནས་པ་རྣམས་ཡོད་པ་ཙམ་ཞིག་ཏུ་དམིགས་པས། རང་བཞིན་དང་བཅས་པ་ངེས་པར་བྱེད། དེའི་ཕྱིར་ཡོད་པར་དམིགས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་དོ། །ཞེས་ཡོད་ཙམ་དང་རང་བཞིན་གྱིས་ཡོད་པ་དང་། སྔར་སྐྱེ་བར་བསྟན་ལ་འདིར་རང་བཞིན་གྱིས་སྐྱེ་བ་མེད་པར་བསྟན་པས། སྐྱེ་བ་དང་རང་བཞིན་གྱིས་སྐྱེ་བ་གཉིས་སོ་སོར་འབྱེད་པ་ཤིན་ཏུ་གསལ་བར་གསུངས་སོ། །དེ་དག་མ་ཕྱེད་ན་དངོས་པོ་ཡོད་ཕྱིན་ཆད་རང་གི་ངོ་བོས་ཡོད་པ་དང་། རང་གི་ངོ་བོས་མེད་ཕྱིན་ཆད་ཡེ་མེད་དུ་སོང་ནས་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཉིས་ལས་མི་འདའ་སྟེ། བརྒྱ་པའི་འགྲེལ་པ་ལས། དངོས་པོ་དངོས་པོ་ཡོད་པར་སྨྲ་བའི་ལྟར་ན་ནི་ཇི་སྲིད་དུ་དངོས་པོ་དེའི་ཡོད་པ་ཉིད་ཡིན་པ་དེ་སྲིད་དུ། དེ་ལྟར་རང་གི་ངོ་བོ་ཡང་ཡིན་པ་ཉིད་ལ། གང་གི་ཚེ་རང་གི་ངོ་བོ་དང་བྲལ་བ་དེའི་ཚེ་དེ་ལ་


JLD016_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་དེ་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར། བོང་བུའི་རྭ་དང་འདྲ་བས་གཉིས་སུ་སྨྲ་བ་ལས་མ་འདས་པའི་ཕྱིར། འདིའི་མངོན་པར་འདོད་པ་ཐམས་ཅད་འགྲིག་དཀའ་བར་འགྱུར་རོ། །ཞེས་སོ། །དེས་ན་རང་གི་ངོ་བོས་མེད་པས་ཡོད་མཐའ་ཐམས་ཅད་དང་། དེ་ཉིད་ལ་རང་བཞིན་མེད་པའི་རྒྱུ་འབྲས་འཇོག་ནུས་པས་མེད་མཐའ་ཐམས་ཅད་ལས་གྲོལ་བ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས་ཀྱིས་འཕགས་པའི་དགོངས་པ་བཀྲལ་བའི་ཁྱད་ཆོས་སུ་སྣང་བས། ཡོད་པ་གཉིས་དང་མེད་པ་གཉིས་ཕྱེད་པ་ཤིན་ཏུ་གལ་ཆེའོ། །གཟུགས་བརྙན་གྱི་དཔེས་གཏན་ལ་འབེབས་པ་ནི། ཡབ་སྲས་མཇལ་བ་ལས། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་ཏེ། བརྫུན་པའི་དཔེ་གཞན་རྣམས་ཀྱི་དཔེ་དོན་སྦྱོར་ཚུལ་ཡང་སྔར་བཞིན་དུ་ཤེས་པར་གྱིས་ཤིག །ལྔ་པ་ལ་གཉིས། རྟག་ཆད་ཀྱི་ལྟ་བ་སྤང་སླ་བའི་ཡོན་ཏན་དང་། ལས་འབྲས་ཀྱི་འབྲེལ་བ་ཆེས་འཐད་པའི་ཡོན་ཏན་ནོ། །དང་པོ་ནི། གོང་གི་ཕྱིར་དངོས་པོ་ཐམས་ཅད་གཟུགས་བརྙན་ལྟར་རང་བཞིན་གྱིས་ཡོད་པས་སྟོང་པ་དེ་ཉིད་ཀྱི་ཕྱིར། དོན་དམ་པ་དང་ཀུན་རྫོབ་བདེན་པ་གཉིས་སུའམ་གཉིས་ཅར་དུའང་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར། གཟུགས་སོགས་དེ་དག་རང་བཞིན་གྱིས་གྲུབ་པའི་རྟག་པ་མ་ཡིན་ལ། དེར་མ་ཟད་ཆད་པའང་མིན་ཏེ། ཆད་པ་


JLD016_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མྱུག་ཚེ་ས་བོན་ཞིག་པ་མེད་པའི་སྐབས་སུ་བཤད་པ་ལྟ་བུའི་ཆད་པ་དང་། རྩ་ཤེ་ལས། སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་དངོས་པོ་རང་བཞིན་གྱིས་གྲུབ་པ་ཁས་བླངས་པས་སྔར་ཡོད་ཀྱི་དངོས་པོ་ཕྱིས་མེད་པའམ། ཞིག་པའི་མི་རྟག་པར་འདོད་ནའང་ཆད་ལྟར་འགྱུར་ཏེ། དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་ལེན་ན་དེ་རྟག་མི་རྟག་གང་དུ་འདོད་ཀྱང་། རྟག་ཆད་ཀྱི་མཐར་ལྟུང་བའི་ལྟ་བར་གསུངས་པའི་ཕྱིར་རོ། །འདིར་འགྲེལ་པར་རྩ་ཤེ་ལས། སྟོན་པས་སྤྲུལ་པ་ཞིག་སྤྲུལ་ལ་དེས་ཀྱང་གཞན་ཞིག་སྤྲུལ་བ་དེ་བཞིན་དུ། བྱེད་པ་པོ་དང་ལས་དང་དེས་བྱས་པ་རྣམས་ཀྱང་དེ་རྣམས་དང་འདྲ་བར་གསུངས་པས། རང་བཞིན་མེད་པ་ལས་རང་བཞིན་མེད་པ་རྣམས་སྐྱེ་བར་བསྟན་ཏོ། །ཞེས་གསུངས་པས་ནི། རང་བཞིན་གྱིས་མ་གྲུབ་པ་ལ་བྱ་བྱེད་ཐམས་ཅད་འཇོག་པས་ཆད་ལྟ་མེད་པར་སྟོན་པའོ། །འདིར་ཀུན་རྫོབ་ཏུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་བཀག་ན་ཤིན་ཏུ་ཕྲ་བའི་བདག་མེད་མི་རྟོགས་པས། ཤིན་ཏུ་ཕྲ་བའི་རྟག་ཆད་ཀྱི་ལྟ་བ་རྒྱུད་ལ་མི་སྐྱེ་བ་ཡང་བྱ་དཀའ་བས། རྟག་ཆད་ཀྱི་ལྟ་བ་མ་ལུས་པར་སྤོང་བ་ནི། དགག་བྱ་དེ་ཀུན་རྫོབ་ཏུ་བཀག་པའི་ཡོན་ཏན་ནོ། །དེ་ཀུན་རྫོབ་ཏུ་ཡོད་པ་ཁེགས་ན་དོན་དམ་ལ་ལྟོས་པའི་རྟག་ཆད་ཀྱི་ལྟ་བར་མི་ལྟུང་བར་མ་ཟད། ཀུན་རྫོབ་ལ་ལྟོས་ནས་རྟག་ཆད་ཀྱི་ལྟ་བའི་དྲི་མས་མི་གོས་པས་ན། རྟག་ཆད་


JLD016_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྟ་བ་སྤོང་སླ་བའི་ཡོན་ཏན་ཡོད་དོ། །གཉིས་པ་ལ་གསུམ། རང་བཞིན་གྱིས་གྲུབ་པ་མི་འདོད་པ་ལ་ཀུན་གཞི་སོགས་ཁས་བླང་མི་དགོས་པར་བསྟན་པ་དང་། ལས་འགགས་པ་ལས་འབྲས་བུ་འབྱུང་བའི་དཔེ་བསྟན་པ་དང་། དེ་ལྟར་བསྟན་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ། མཚམས་སྦྱོར་གྱི་གཞུང་བཤད་པ་དང་། རྩ་བའི་ཚིག་དོན་བཤད་པ་དང་། དེ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་ནི། དེ་ལྟར་བདེན་པ་གཉིས་ཀར་ཡང་རང་བཞིན་མེད་པས་རྟག་པ་དང་ཆད་པར་ལྟ་བ་རྒྱང་རིང་དུ་སྤངས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ལས་རྣམས་འགགས་ནས་ཡུན་རིང་དུ་ལོན་ཡང་ལས་རྣམས་ཀྱི་འབྲས་བུ་དང་འབྲེལ་བ་ནི། ཀུན་གཞི་རྣམ་པར་ཤེས་པ་དང་སེམས་ཀྱི་རྒྱུན་དང་ཆུད་མི་ཟབ་དང་ཐོབ་པ་ལ་སོགས་པར་ཡོངས་སུ་རྟོག་པ་མེད་པར་ཡང་འཐད་པ་ཡིན་ནོ། །ཞེས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཡང་མེད་པའི་ཕྱོགས་ལ་རྟག་ཆད་ཀྱི་ལྟ་བ་རྒྱང་རིང་དུ་བསྲིངས་པའི་ཡོན་ཏན་ཡོད་པར་མ་ཟད་ཀུན་གཞི་ལ་སོགས་པ་ཁས་མ་བླངས་ཀྱང་ལས་འབྲས་ཀྱི་འབྲེལ་པ་ཤིན་ཏུ་འཐད་པའི་ཡོན་ཏན་ཡོད་པར་བསྟན་ནོ། །འཕགས་པའི་གཞུང་འགྲེལ་ཚུལ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་མེད་ཀྱང་། བྱ་བྱེད་ཐམས་ཅད་བཞག་པས་ཆོག་པའི་འགྲེལ་ཚུལ་གྱི་ལུགས་ཐུན་མོང་མ་ཡིན་པ་འདི་ལ་བརྟེན་ནས། རྣམ་པར་དག་པའི་གྲུབ་མཐའ་འགྲེལ་བྱེད་གཞན་དང་ཐུན་མོང་མ་ཡིན་པ་མང་དུ་ཡོད་དེ། དེ་གང་ཞེ་


JLD016_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ན་རེ་ཞིག་གཙོ་བོ་རྣམས་བརྗོད་ན། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་རྣམ་ཤེས་དང་། རང་རིག་འགོག་ལུགས་ཐུན་མོང་མ་ཡིན་པ་དང་། རང་རྒྱུད་ཀྱི་སྦྱོར་བས་ཕྱིར་རྒོལ་གྱི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་ལྟ་བ་སྐྱེད་པ་ཁས་མི་ལེན་པ་གསུམ་དང་། ཤེས་པ་ཁས་ལེན་པ་བཞིན་དུ་ཕྱི་རོལ་གྱི་དོན་ཡང་ཁས་བླང་དགོས་པ་དང་། ཉན་རང་ལ་དངོས་པོ་རང་བཞིན་མེད་པར་རྟོགས་པ་ཡོད་པ་དང་། ཆོས་ཀྱི་བདག་འཛིན་ཉོན་མོངས་སུ་འཇོག་པ་དང་། ཞིག་པ་དངོས་པོ་ཡིན་པ་དང་། དེའི་རྒྱུ་མཚན་གྱིས་དུས་གསུམ་གྱི་འཇོག་ཚུལ་ཐུན་མོང་མ་ཡིན་པ་སོགས་ཡིན་ནོ། །དེའི་དང་པོ་ནི་སྐབས་འདིར་བསྟན་ལ། རང་རིག་ཁས་མི་ལེན་པ་རང་བཞིན་གྱིས་གྲུབ་པ་མི་འདོད་པ་ལ་ཐུག་ཚུལ་ནི་འཆད་པར་འགྱུར་རོ། །རང་རྒྱུད་མི་བཞེད་པ་དེ་ལ་ཐུག་ཚུལ་ནི་རྒྱས་པར་གཞན་དུ་བཤད་ཟིན་ལ། མདོར་བསྡུས་ཤིག་འདིར་ཡང་འཆད་དོ། །ཕྱི་རོལ་ཁས་ལེན་པ་འདི་ལ་ཐུག་པ་ནི་འཆད་པར་འགྱུར་ལ། ལྔ་པ་ཡང་འདི་ལ་ཐུག་ཚུལ་ནི་སངས་རྒྱས་བསྐྱངས་ཀྱིས་ཉན་ཐོས་ཀྱི་སྡེ་སྣོད་ལས་ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་པའི་མེད་རྒྱུའི་བདག་ནི། ངོ་བོ་ཉིད་ཀྱིས་གྲུབ་པ་ལ་བཤད་པ་ལྟར་འདིར་ཡང་བཞེད་དེ། །དེ་ཡང་བདག་མེད་མཚན་ཉིད་རྫོགས་པའི་དོན་ནོ། །དེའི་ཕྱིར་གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་ཡང་གང་ཟག་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་ལ་བྱ་དགོས་ལ། དེ་


JLD016_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་དུ་རྟོགས་པ་ལ་ནི་ཆོས་ཀྱི་བདག་མེད་ཇི་བཞིན་པ་ཡང་རྟོགས་དགོས་པའི་གནད་དོ། །དེ་ལྟ་ཡིན་ན་ཆོས་ཀྱི་བདག་འཛིན་ཉོན་མོངས་སུ་ངེས་པར་འདོད་དགོས་པས་ཉོན་མོངས་ཀྱི་ངོས་འཛིན་ལ་ཕྲ་རགས་གཉིས་དང་། མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་གྱིས་གྲོལ་མི་གྲོལ་གྱི་འདོད་ཚུལ་གཉིས་དང་། ཤེས་སྒྲིབ་མཚམས་གང་ནས་སྤོང་བ་མི་འདྲ་བ་སོགས་ཀྱི་ཁྱད་པར་མང་པོ་ཞིག་ཡོད་དོ། །འོ་ན་དང་པོར་ཐེག་ཆེན་དུ་ཞུགས་པའི་དེ་ཁོ་ན་ཉིད་ཀྱི་ལྟ་བ་ལེགས་པར་གཏན་ལ་ཕེབས་པ་ཅིག་དང་། ཉན་རང་དུ་ལྷུང་བ་གཉིས་གཞི་མཐུན་སྲིད་པ་ནི་དབུ་མ་པ་གཉིས་ཀས་ཀྱང་འདོད་དགོས་ལ། དེ་ལྟ་ན་དེ་འདྲ་བ་དེས་ཆོས་ཀྱི་བདག་མེད་བསྒོམས་པས་མངོན་སུམ་དུ་འགྱུར་བ་དང་། དེ་ལྟར་མཐོང་ཟིན་གོམས་པར་བྱེད་པ་ཞིག་ཀྱང་འདོད་དགོས་སོ། །དེ་ལྟ་ན་ལམ་དེས་ཆོས་ཀྱི་བདག་འཛིན་ཀུན་བརྟགས་མཐོང་ལམ་ནས་སྤོང་བ་དང་། བདག་འཛིན་དེ་ལྷན་སྐྱེས། དེའི་སྒོམ་ལམ་ནས་ཀྱང་སྤོང་བ་འདོད་དགོས་པས། དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་དབུ་མ་པའི་ལུགས་ལ་ཡང་ཆོས་ཀྱི་བདག་འཛིན་ལ་ཉོན་མོངས་ཅན་ཡིན་མིན་གཉིས་འདོད་དམ་སྙམ་ན། འདི་ལ་གསལ་བར་བཤད་པ་མི་སྣང་ཡང་། རང་རྒྱུད་པ་དེ་དག་གིས་ཉན་རང་ལམ་དེ་ལྟར་སྒོམ་པ་ལ། ཆོས་ཀྱི་བདག་འཛིན་མངོན་གྱུར་རེ་ཞིག་སྤངས་པ་འོང་ཡང་། ཚོགས་མཐའ་ཡས་པ་བསགས་པའི་གྲོགས་མེད་པར་ཆོས་ཀྱི་བདག་འཛིན་གཉིས་པོ་གང་


JLD016_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡང་ས་བོན་སྤངས་པ་མི་འོང་ཞེས་བཞེད་དགོས་པས། ཤེས་སྒྲིབ་མངོན་གྱུར་བ་རེ་ཞིག་ལ་སྤངས་པ་ཉན་རང་ལ་སྲིད་ཀྱང་། ས་བོན་སྤངས་པ་མི་སྲིད་པར་སྨྲ་དགོས་སོ། །སློབ་དཔོན་འདིའི་བཞེད་པས་ནི་ཆོས་ཀྱི་བདག་འཛིན་ཉོན་མོངས་ཡིན་པས། དེའི་ས་བོན་སྤངས་པ་ལ་ཚོགས་མཐའ་ཡས་པ་གསོག་པའི་གྲོགས་མི་དགོས་ལ། གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱི་ཤེས་སྒྲིབ་སྦྱོང་བ་ལ་ནི། གྲོགས་དེ་ལྟ་བུ་མེད་པར་སྦྱོང་མི་ནུས་པར་བཞེད་དོ། །སྔར་བཤད་པ་དེ་དག་གི་གོ་བ་ཆགས་ན་ཁྱད་ཤིན་ཏུ་ཆེ་བར་སྣང་བས་བཤད་དོ། །གཉིས་པ་ནི། དངོས་པོ་རང་བཞིན་གྱིས་གྲུབ་པ་མེད་པར་འདོད་པའི་ཕྱོགས་ལ། ཀུན་གཞི་སོགས་ཁས་མ་བླངས་ཀྱང་ལས་འབྲས་ཀྱི་འབྲེལ་པ་འཐད་ཚུལ་ཇི་ལྟར་ཡིན་ཞེ་ན། ལས་དང་དེའི་འབྲས་བུའི་བར་དུ་ཡུན་རིང་པོར་ཆོད་པའི་དགེ་མི་དགེའི་ལས་ལས་ཀྱང་། བདེ་བ་དང་སྡུག་བསྔལ་སོགས་ཀྱི་འབྲས་བུ་འབྱུང་བ་ནི་རང་གི་སྡེ་བ་གོང་འོག་ཐམས་ཅད་འདོད་ལ། དེ་ལ་ལས་དེ་འབྲས་བུ་འབྱིན་པའི་སྔ་ལོགས་བར་དུ་གནས་ན་ནི་རྟག་པར་འགྱུར་ལ། རྟག་པས་དོན་བྱེད་པར་མི་ནུས་པས་ལས་ལས་འབྲས་བུ་འབྱུང་བའི་འབྲེལ་པ་མི་འཐད་དོ། །ལས་དེ་བྱས་པའི་སྐད་ཅིག་གཉིས་པར་ཞིག་ན་ནི། མཚམས་དེ་ནས་འབྲས་བུ་དངོས་སུ་འབྱིན་པའི་སྔ་ལོགས་ཀྱི་བར་དུ་ལས་དེ་མེད་ལ། ལས་ཞིག་པ་ཡང་དངོས་པོར་མེད་པས་ལས་ལས་


JLD016_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཇི་ལྟར་འབྱུང་བར་འགྱུར་ཞེས་བརྩད་པའི་ལན་དུ། ལས་བྱས་པའི་སྐད་ཅིག་གཉིས་པར་འགགས་ཟིན་པའི་སྔ་ལོགས་ཀྱི་ལས་འགག་པ་ལ་མངོན་དུ་ཕྱོགས་པའི་ཚེ། ལས་ཀྱི་ནུས་པ་གཞག་པར་བྱ་བའི་ཕྱིར་ཁ་ཅིག་ཀུན་གཞི་རྣམ་པར་ཤེས་པ་རྟོག་པར་བྱེད་ལ། ཁ་ཅིག་བུ་ལོན་གྱི་དབང་རྒྱ་སྟེ་དེའི་ཡི་གེ་དང་འདྲ་བའི་ལས་གཉིས་ལས་དོན་གཞན་པ། ཆུད་མི་ཟ་བ་ཞེས་པ་ལྡན་མིན་འདུ་བྱེད་དུ་གྱུར་པ་ཞིག་འདོད་དོ། །ཁ་ཅིག་ནི་ལས་གཉིས་ཀྱི་ཐོབ་པ་ཞེས་པ་དེ་གཉིས་ལས་དོན་གཞན་དུ་གྱུར་པའི་ལྡན་མིན་ཞིག་རྟོག་པར་བྱེད་དོ། །ཁ་ཅིག་ནི་ལས་ཀྱི་བག་ཆགས་ཀྱིས་བསྒོས་པའི་རྣམ་ཤེས་ཀྱི་རྒྱུན་རྟོག་པར་བྱེད་ལ། དེའི་ཕྱིར་ལས་འགགས་ཀྱང་ལས་ཀྱིས་ཕྱིས་ཡུན་རིང་པོ་ནས་འབྲས་བུ་འབྱིན་པ་མི་འགལ་པར་འདོད་དེ། ལས་ཀྱིས་ཀུན་གཞི་ལ་བག་ཆགས་འཇིག་པས་བག་ཆགས་དེ་ལས་ཀྱི་འབྲས་བུ་ཡིན་ལ། དེའི་རིགས་འདྲ་བརྒྱུད་པས་མཐར་འབྲས་བུ་འབྱིན་པས་དང་པོའི་ལས་ཀྱི་འབྲས་བུ་བརྒྱུད་པ་ལས་འབྱུང་བར་འདོད་པའོ། །དེ་བཞིན་དུ་གཞན་གསུམ་ལ་ཡང་ཤེས་པར་བྱའོ། །དེའི་དང་པོ་ནི་སེམས་ཙམ་པ་འགའ་ཞིག་གོ །གཉིས་པ་ནི་བྱེ་བྲག་ཏུ་སྨྲ་བ་ཡིན་པར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དེ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ལས་གཞན་པ་ཞིག་གོ །གསུམ་པ་ཡང་བྱེ་བྲག་ཏུ་སྨྲ་བའི་ནང་ཚན་གཅིག་གོ །བཞི་པ་ལ་གསལ་ཁ་མ་བྱུང་ཡང་མཛོད་འགྲེལ་གྱི་གནས་དགུ་པ་དང་བསྟུན་ན་


JLD016_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་པ་དང་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ཡང་འདོད་པ་ཡིན་པ་འདྲའོ། །ཁ་ཆེ་བས་ཐོབ་པ་ཁས་ལེན་ཀྱང་ཐོབ་བྱའི་ཆོས་ལས་གཉིས་ཀྱིས་ཐོབ་པ་སྐྱེད་པར་མི་འདོད་ལ་འདིར་ནི་དེ་ལྟར་འདོད་པ་ཅིག་སྟེ་གང་གི་ལྟར་ན་ཞེས་པའི་དོན་ནོ། །དབུ་མ་ཐལ་འགྱུར་བ་གང་གི་ལྟར་ན། ལས་རང་གི་བདག་ཉིད་ཀྱིས་མ་སྐྱེས་པ་དེའི་ལྟར་ན་ནི། གང་གི་ཕྱིར་ལས་དེ་རང་བཞིན་གྱིས་ཏེ་མི་འགག་པ་རང་བཞིན་གྱིས་མ་འགགས་པ་ལས་ཀྱང་འབྲས་བུ་འབྱུང་བ་མི་འགལ་བ་དེའི་ཕྱིར་ཀུན་གཞི་སོགས་ཁས་མ་བླངས་ཀྱང་། ལས་ལས་འབྲས་བུ་འདི་འབྱུང་བར་ནུས་པའི་ཕྱིར། སེམས་ཅན་གྱི་རྒྱུད་ལ་ལར་ལས་གཉིས་བྱས་པ་འགགས་ནས་ཡུན་རིང་པོ་བསྐལ་པ་མང་པོ་ལོན་པ་ལས་ཀྱང་། ལས་ལས་འབྲས་བུ་ཡང་དག་པ་སྟེ་རྒྱུ་ལ་འབྲས་བུ་མི་འཁྲུལ་བར་འབྱུང་བར་རིག་པར་གྱིས་ཤིག །དེ་ལྟར་ན་ཕྱོགས་འདི་ལ་ནི་ལས་དང་འབྲས་བུའི་འབྲེལ་པ་ཆེས་ཤིན་ཏུ་འཐད་པར་འགྱུར་རོ། །དེ་རྣམས་ཀྱི་དོན་ནི་སྔར་བཞིན་བརྩད་པའི་ལན་སྨྲ་བ་པོ་བཞི་གས་ཀྱང་། ལས་ལ་སྐྱེ་བ་དང་འགག་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་ཞིང་། ལས་བྱས་པའི་འོག་ཏུ་འགགས་པ་དེ་རང་བཞིན་གྱིས་གྲུབ་པར་འདོད་དོ། །དེ་ལ་སློབ་དཔོན་འདིས་དེ་འདྲ་བའི་འགགས་པ་ཡིན་ཀྱང་ཀུན་གཞི་སོགས་ཁས་ལེན་པས་སྐྱོན་མེད་ཅེས་ལན་འདེབས་པ་མི་རིགས་ཏེ། རང་བཞིན་གྱིས་གྲུབ་པའི་ཚུལ་གྱིས་ལས་སྐྱེ་བ་དང་


JLD016_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ་མེད་པའི་ཕྱིར་རོ་ཞེས་འགོག་པ་ཡིན་ནོ། །ལན་འདེབས་ཚུལ་དེ་ཉིད་འཕགས་པའི་བཞེད་པ་ཡིན་པར་སྟོན་པ་ལ། གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་རྩ་ཤེར་གསུངས་པ་དྲངས་ཏེ། ལས་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར་རང་གི་བདག་ཉིད་ཀྱིས་སྐྱེ་བ་མེད་དོ། །དེའི་ཕྱིར་ལས་རང་བཞིན་གྱིས་འགག་པ་མི་སྲིད་པའི་ཕྱིར། ལས་བྱས་པའི་འོག་ཏུ་འགགས་པ་དེ་རང་བཞིན་གྱིས་གྲུབ་པར་བཟུང་ནས་ཆུད་མི་ཟ་བར་རྟོག་པ་རིགས་པ་མིན་ནོ། །ཞེས་པའི་དོན་ནོ། །རིགས་པ་དེ་ནི་ཆུད་མི་ཟ་བ་འགོག་པ་ལ་གསུངས་ཀྱང་གཞན་གསུམ་འགོག་པ་ལ་ཡང་ཁྱད་པར་མེད་དེ་རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་རོ། །ཡང་མདོ་ལས། མི་ཡི་ཚེ་ཚད་ལོ་བརྒྱ་སྟེ། །དེ་སྲིད་འཚོ་ཞེས་བརྗོད་མོད་ཀྱི། །ལོ་ལ་ཕུང་པོར་སྤུངས་པ་མེད། །སྒྲུབ་པ་དེ་ཡང་དེ་དང་མཚུངས། །ཟད་པ་མེད་ཅེས་གང་སྨྲས་དང་། །ལས་ཟད་ཅེས་ནི་གང་སྨྲས་པ། །སྟོང་པའི་ཚུལ་དུ་ཟད་པ་མེད། །ཐ་སྙད་ཚུལ་དུ་ཟད་པར་བསྟན། །ཞེས་གསུངས་པ་དྲངས་ཏེ། རང་བཞིན་གྱིས་གྲུབ་པའི་ཟད་པའམ་འགག་པ་མེད་པ་དང་། དེ་གཉིས་ཐ་སྙད་ཀྱི་དབང་གིས་བཞག་པའི་ཁུངས་སོ། །ནག་ཚོའི་འགྱུར་ལས། ལོ་རྣམས་ཕུང་པོར་སྤུངས་པ་ནི། །མེད་པ་དེ་བཞིན་ཡང་དག་པར། །ཚོགས་པ་འདི་ཡང་བལྟ་བར་བྱ། །ཞེས་འབྱུང་ངོ་། །དེ་རྣམས་ནི་རང་བཞིན་གྱིས་ཏེ་མི་འགག་པ་ཞེས་དགག་བྱ་ལ་ཁྱད་པར་སྦྱར་བའི་


JLD016_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནས་བཤད་པའོ། །གསུམ་པ་ལ་གཉིས། འགག་པ་རང་བཞིན་གྱིས་མེད་པ་ཀུན་གཞི་ཁས་མི་ལེན་པའི་རྒྱུ་མཚན་དུ་འགྲོ་ཚུལ་དང་། ཀུན་གཞི་ཁས་མི་ལེན་ཀྱང་བག་ཆགས་ཀྱི་གཞི་འཇོག་པའོ། །དང་པོ་ནི། གལ་ཏེ་རང་བཞིན་གྱིས་གྲུབ་པའི་འགག་པ་མེད་ཀྱང་རང་གི་ལུགས་ལ་ཡང་ལ་ལར་ལས་འགགས་ཞེས་དང་། འགགས་ཤིང་རང་བཞིན་ཡོད་མིན་པའི། །ཞེས་གསུངས་པས། ཐ་སྙད་ཚུལ་དུ་ཟད་པར་བསྟན། ཞེས་པ་ལྟར་ལས་བྱས་པའི་འོག་ཏུ་ལས་དེ་འགགས་པ་ནི་འདོད་དགོས་ལ། དེའི་ཚེ་འགགས་པ་ནི་དངོས་པོར་མེད་ཅིང་ལས་འབྲས་ཀྱི་འབྲེལ་པའི་རྟེན་དུ་ཀུན་གཞི་སོགས་ཀྱང་མི་འདོད་ན། ལས་འགགས་ནས་ཡུན་རིང་དུ་ལོན་པ་ལས། འབྲས་བུ་འབྱུང་བ་མི་འཐད་པར་བརྩད་པ་སོན་གནས་པས། སྔར་གྱི་ལན་དེ་དག་གིས་མི་ཆོག་གོ་ཞེ་ན། སྐྱོན་མེད་དེ། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། དེ་ཕྱིར་ཞེས་པའི་རྒྱུ་མཚན་ཉིད་ཀྱིས་ལས་ཞིག་པའི་ཞིག་པ་ལས་ཕྱིས་ཀྱི་འབྲས་བུ་འབྱུང་བ་འགྲུབ་པས་ལན་ཟུར་པ་མ་གསུངས་སོ། །དེ་ཡང་དངོས་པོ་རང་བཞིན་གྱིས་གྲུབ་པར་འདོད་པའི་ཕྱོགས་ཐམས་ཅད་ལ། ཞིག་པ་དངོས་པོར་མི་རུང་ལ་རང་བཞིན་གྱིས་མ་གྲུབ་པར་འདོད་པའི་དབུ་མའི་ཕྱོགས་ལ་ཞིག་པ་དངོས་པོར་གྲུབ་པའི་གནད་དོ། །ལུགས་དང་པོ་ལ་ནི། མྱུ་གུ་ལྟ་བུའི་དངོས་པོ་ཅིག་ཞིག་པ་ན། མྱུ་གུའི་ཆ་ཤས་ཀྱི་དངོས་པོ་ཐམས་ཅད་ནི་ལོག་ལ།


JLD016_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མྱུ་གུ་ལས་གཞན་པ་བུམ་པ་ལ་སོགས་པའི་དངོས་པོ་གཞན་གང་ཡང་མ་ཐོབ་པས། ཞིག་པ་དེ་དངོས་པོ་གཏན་མིན་པར་འདོད་དེ། སྔོན་པོ་ལ་སོགས་པ་སྐྱེ་མཆེད་རེ་རེ་བའི་དངོས་པོ་དང་། བུམ་པ་ལ་སོགས་པ་རང་གི་ཆ་ཤས་ཀྱི་དངོས་པོ་ཚོགས་པ་གང་ཡང་ཞིག་པ་དེའི་མཚན་གཞིར་མི་རུང་བའི་ཕྱིར་དངོས་པོ་མིན་ནོ་སྙམ་པའོ། །ལུགས་ཕྱི་མ་ལ་ནི། དཔེར་ན་ཉེར་སྦས་ཀྱི་ཕུང་པོ་ལྔ་རེ་རེ་བ་དང་ཚོགས་པ་གཉིས་ཀ་དང་། དེ་གཉིས་ལས་ངོ་བོ་ཐ་དད་པ་གཅིག་ཉེར་སྦས་ཀྱི་མཚན་གཞིར་འཇོག་རྒྱུ་མེད་ཅིང་། ཉེར་སྦས་ཀྱང་དེ་གསུམ་གྱི་མཚན་གཞིར་མི་རུང་ལ། རང་གི་ཕུང་པོ་ལ་བརྟེན་ནས་ཉེར་སྦས་སུ་བཏགས་པ་དངོས་པོ་ཡིན་པར་མི་འགལ་བ་བཞིན་དུ། ཞིག་པ་ཡང་ཞིག་རྒྱུའི་དངོས་པོ་དང་། དེ་དང་རིགས་མཐུན་པའི་དངོས་པོ་གང་ཡང་མཚན་གཞིར་མེད་ཀྱང་། ཞིག་རྒྱུའི་དངོས་པོ་ལ་བརྟེན་ནས་སྐྱེས་པའི་ཕྱིར་དངོས་པོའོ། །དེ་སྒྲུབ་པ་ལ་ལུང་རིགས་གཉིས་ཚིག་གསལ་ལས་གསུངས་པའི་དང་པོ་ནི། ས་བཅུ་པ་ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་གསུངས་པ་སྟེ། ཤི་བ་ནི་གང་ཤི་བའི་སེམས་ཅན་དེ་ཞིག་པ་ཡིན་ལ། དེ་སྐྱེ་བའི་རྐྱེན་གྱིས་སྐྱེད་པར་གསུངས་པ་དང་། ཡང་དེ་ཉིད་ལས་འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ་འདུ་བྱེད་འཇིག་པར་ཡང་བྱེད་པ་དང་། ཡོངས་སུ་མི་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ། །ཞེས་འཆི་བས་བྱ་བ་གཉིས་བྱེད་པར་གསུངས་ཏེ། ཤི་བ་རྒྱུས་བྱེད་པ་དང་། ཤི་བས་མ་རིག་པ་


JLD016_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པར་ཡང་གསུངས་པས། ཞིག་པ་ལ་སྐྱེད་པའི་རྒྱུ་ཡོད་པ་དང་། ཞིག་པས་འབྲས་བུ་སྐྱེད་ནུས་པ་ཡིན་ཏེ། འདི་ནི་རྒྱུན་གྱི་ཞིག་པ་ཡིན་ཡང་སྐད་ཅིག་མ་དང་པོ་དུས་གཉིས་པར་ཞིག་པ་ལ་ཡང་འདྲ་ལ། སྐད་ཅིག་མ་དང་པོ་དུས་གཉིས་པར་ཞིག་པའི་རྒྱུར་ཡང་བསྟན་ནོ། །དེས་ན་སེམས་ཅན་སྐྱེས་པ་དང་ཤི་བ་གཉིས་དང་སྐད་ཅིག་མ་གཉིས་པར་མི་སྡོད་པ་དང་། སྐད་ཅིག་མ་གཉིས་པར་མ་བསྡད་པ་རྣམས་ལ་དངོས་པོར་འཇོག་མི་འཇོག་དང་། རྒྱུས་སྐྱེད་མི་སྐྱེད་ཀུན་ནས་མཚུངས་སོ། །འདི་ལ་དགོངས་ནས་རྩ་ཤེ་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། ཞེས་དང་། རིགས་པ་དྲུག་ཅུ་པ་ལས་ཀྱང་། རྒྱུ་ཟད་ཉིད་ལས་ཞི་བ་ནི། ཟད་ཅེས་བྱ་བར་དམིགས་པ་སྟེ། ཞེས་མྱུ་གུ་སོགས་ཀྱི་དངོས་པོ་དང་། དེ་ཞིག་པ་དེའི་དངོས་པོར་མེད་པ་གཉིས་ཀ་འདུས་བྱས་དང་། སྣུམ་ལྟ་བུའི་རྒྱུ་ཟད་པ་ནི་མར་མེ་ལྟ་བུའི་འབྲས་བུ་ཟད་པའི་རྒྱུར་གསུངས་པས། འཕགས་པའི་བཞེད་པར་གདོན་མི་ཟ་བར་འདོད་པར་བྱའོ། །སྐད་ཅིག་དང་པོ་དུས་གཉིས་པར་ཞིག་པ་ནི་དངོས་སུ་དགག་བྱ་བཅད་ནས་རྟོགས་དགོས་པས། དགག་པ་ནི་ཡིན་ལ་མེད་དགག་ནི་མ་ཡིན་པས་མ་ཡིན་དགག་སྟེ། ཞིག་རྒྱུ་དེ་བཅད་པ་ཙམ་མིན་གྱི་དེ་བཅད་པའི་དངོས་པོ་ཞིག་འཕངས་པའི་ཕྱིར་རོ། །སྒྲུབ་བྱེད་ལྷག་མ་ནི་རྒྱས་པར་རྩ་ཤེའི་ཊཱིཀྐ་ལས་ཤེས་པར་བྱའོ། །འདི་ནི་ལུགས་འདིའི་རིགས་པ་ཕྲ་ལ་


JLD016_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཆེ་བ་ཅིག་ཏུ་འདུག་གོ །གཉིས་པ་ནི། གལ་ཏེ་ཀུན་གཞི་རྣམ་ཤེས་ཁས་མི་ལེན་ཀྱང་དགེ་མི་དགེའི་བག་ཆགས་འཇོག་པ་དང་། བག་ཆགས་དེ་སྨིན་པ་ལས་འབྲས་བུ་འབྱུང་བར་འདོད་དགོས་ཏེ། འཇུག་འགྲེལ་ལས། ཐོག་མ་མེད་པའི་འཁོར་བར་དངོས་པོའི་བག་ཆགས་བཞག་པ་ཡོངས་སུ་སྨིན་པ། དངོས་པོ་ལ་མངོན་པར་ཞེས་པ། ཞེས་དང་། དེ་འདྲ་བ་གཞན་ཡང་མང་དུ་འབྱུང་བའི་ཕྱིར་རོ། །དེ་ཡང་བག་ཆགས་འཇོག་པའི་གཞི་མེད་པར་མི་རུང་བས་གཞི་དེ་གང་ཡིན་ཞེ་ན། ཇི་ལྟར་ཀུན་གཞི་རྣམ་ཤེས་ཁས་ལེན་པ་རྣམས་ཀྱི་ལྟར་ན། ཉོན་ཡིད་ཀྱིས་ངའོ་སྙམ་དུ་དམིགས་པའི་གཞིར་གྱུར་པའི་ཀུན་གཞི་རྣམ་ཤེས་བག་ཆགས་ཀྱི་གནས་སུ་འདོད་པ་དེ་བཞིན་དུ་ལུགས་འདིས་ཀྱང་ངའོ་སྙམ་པ་ཙམ་གྱི་བློ་ལྷན་སྐྱེས་ཀྱི་དམིགས་པ་དེ་ཉིད་བག་ཆགས་སྒོ་བའི་གཞིར་བཞེད་དོ། །འོ་ན་འཇུག་འགྲེལ་ལས། སེམས་ཀྱི་རྒྱུན་བག་ཆགས་ཀྱི་གཞིར་གསུངས་པ་ཇི་ལྟར་ཡིན་ཞེ་ན། ང་ཙམ་དེ་ཉིད་སེམས་རྣམ་ཤེས་ལ་བརྟེན་ནས་བཏགས་པའི་རྒྱུད་ཡིན་པས། སེམས་ཀྱི་རྒྱུད་ཅེས་ཀྱང་བྱ་ལ། སེམས་ཉིད་ཀྱི་རིགས་འདྲ་ལ་དེའི་རྒྱུད་ཅེས་པ་ལྟར་ན། དེ་ཡང་རེས་འགའ་བའི་བག་ཆགས་སྒོ་བའི་གཞིར་འགྱུར་རོ། །མ་རིག་པའི་བག་ཆགས་ཀྱི་ཚུལ་ནི། འཇུག་འགྲེལ་ལས། གང་གིས་སེམས་ཀྱི་རྒྱུད་འབག་པར་བྱེད་ཅིང་སྒོ་བར་བྱེད་ལ། རྗེས་སུ་བགྲོད་པར་བྱེད་པ་ནི་བག་ཆགས་ཏེ། ཉོན་མོངས་པའི་མུར་ཐུག་པ་དང་། གོམས་པ་དང་རྩ་བ་དང་བག་ཆགས་ཞེས་བྱ་བ་ནི་རྣམ་གྲངས་དག་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next