Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
   
ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
   
   
   
   
   
   
   
   
   


 
previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


JLD016_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གོ །དེ་ནི་ཟག་པ་མེད་པའི་ལམ་གྱིས་ཉོན་མོངས་པ་སྤངས་སུ་ཟིན་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཀྱིས་སྤང་བར་མི་ནུས་ཏེ། ཏིལ་མར་དང་མེ་ཏོག་ལ་སོགས་པ་བསལ་དུ་ཟིན་ཀྱང་། བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ལ་དེ་དང་ཕྲད་པས་ཡོན་ཏན་ཕྲ་མོ་དམིགས་པ་བཞིན་ནོ། །ཞེས་གསུངས་སོ། །དགེ་མི་དགེའི་བག་ཆགས་ལ་སོགས་པའི་བག་ཆགས་གཞན་ལ་ཡང་གཞི་གཉིས་སུ་འགྱུར་བ་ཇི་ལྟར་རིགས་པར་སྦྱར་རོ། །འོ་ན་མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་དེའི་སྤང་བྱ་མཐོང་སྤང་མེད་མོད་ཀྱང་། སྒོམ་སྤང་གི་བག་ལ་ཉལ་ཡོད་དགོས་ལ། དེའི་ཚེ་ཡིད་ཀྱི་ཤེས་པ་ནི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱིས་མ་བསླད་པའི་ཟག་མེད་ཡིན་པས། དེའི་ངོ་བོར་བག་ལ་ཉལ་དེ་གནས་པ་མི་རིགས་ལ། དབང་ཤེས་ཀྱང་དེའི་རྟེན་དུ་མེད་ཅིང་གཟུགས་ཀྱང་དེའི་རྟེན་དུ་མི་རིགས་ལ་ཀུན་གཞི་ཡང་མི་འདོད་པས་དེའི་རྟེན་མེད་པར་འགྱུར་རོ་སྙམ་ན། སྐྱོན་མེད་དེའི་ཚེ་ང་ཙམ་ཞིག་སྒོམ་སྤང་གི་བག་ལ་ཉལ་གྱི་རྟེན་ཡིན་པའི་ཕྱིར་ཏེ། སྤང་གཉེན་གཞན་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ལུགས་འདིའི་གང་ཟག་གི་འཇོག་ཚུལ་ཐུན་མོང་མ་ཡིན་པ་ཤེས་ན་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་དང་ཅི་ཡང་མེད་པ་གསུམ་དུ་སྐྱེས་པའི་འཕགས་པའི་རྒྱུད་ལ། འཇིག་རྟེན་ལས་འདས་པ་ཟག་མེད་ཀྱི་སེམས་མངོན་དུ་གྱུར་པ་ན། འཇིག་རྟེན་པའི་སེམས་གཞན་


JLD016_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་དེ་རྣམས་ཀྱི་འགྲོ་བ་ལྡོག་པར་འགྱུར་རོ། །ཞེས་པ་དང་། སྲིད་རྩེར་སྐྱེས་པའི་འཕགས་པ་ལ་ཅི་ཡང་མེད་པའི་སར་གཏོགས་པའི་ཟག་མེད་ཀྱི་སེམས་མངོན་དུ་གྱུར་པ་ན། སྲིད་རྩེ་དང་ཅི་ཡང་མེད་པ་གཉིས་ཀའི་སས་བསྡུས་པའི་འགྲོ་བ་ལྡོག་པར་འགྱུར་ཏེ། ཟག་མེད་ཀྱི་སེམས་དེའི་གནས་ནི་འགྲོ་བ་དེ་གཉིས་དང་། མྱ་ངན་ལས་འདས་པའི་འགྲོ་བར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པའི་རིགས་པ་རྣམས་ཀྱིས་ཀྱང་མི་གནོད་པར་མངོན་ཏེ། ཟག་བཅས་དང་ཟག་མེད་ཀྱི་སེམས་གང་ཡང་འགྲོ་བ་དེ་དག་གི་མཚན་གཞིར་མ་བཞག་ཀྱང་འགྲོ་བ་བཞག་པས་ཆོག་པའི་ཕྱིར་རོ། །ཕྱོགས་སྔ་མའི་ལུགས་ནི། ལམ་མ་ཞུགས་དང་སློབ་པ་རྣམས་ཀྱི་འགྲོ་བའི་ངོ་བོ་མ་སྒྲིབས་ལུང་མ་བསྟན་གྱི་དབང་དུ་མཛད་པའོ། །ལན་དེ་དག་ཀྱང་བདག་འདྲ་བས་ལུགས་ཆེན་པོ་རྣམས་ལ་རང་སྟོབས་ཀྱིས་བརྗོད་པར་ག་ལ་ནུས། འོན་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་རྫོགས་པར་འཇོག་ཤེས་པའི་ཤིང་རྟ་ཆེན་པོ་དག་གི་ལུགས་ལ་བརྟེན་ནས་སྨྲས་པ་ཡིན་ནོ། །དེ་རྣམས་ལ་དཔགས་ན་ཀུན་གཞི་སྒྲུབ་པའི་རིགས་པ་ལྷག་མ་རྣམས་ཀྱིས་ཀྱང་ལུགས་འདི་ལ་མི་གནོད་པར་མངོན་ཏེ། བློ་གྲོས་ཆེ་ཞིང་ཞིབ་ལ་རྣོ་བ་རྣམས་ཀྱིས་རྩད་གཅད་པར་བྱའོ། །གཉིས་པ་ནི། སྔར་ལས་འགགས་པ་ལས་འབྲས་བུ་འབྱུང་བར་བཤད་པའི་དོན་དེ་ཉིད་དཔེའི་སྒོ་ནས་བཤད་པ། རྨི་ལམ་ན་བུད་མེད་བཟང་མོ་དམིགས་པའི་ཡུལ་དག་མཐོང་ནས་ནི། དེ་ནས་གཉིད་སད་ཀྱང་སྟེ་སད་པའི་ཚེ་


JLD016_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་སྐྱེ་བོ་བླུན་པོ་ལ་ད་ལྟ་འགགས་ཤིང་མེད་པ་ལ་དམིགས་ནས་ཆགས་པ་དྲག་པོ་སྐྱེ་བར་འགྱུར་བ་དེ་བཞིན་དུ་རང་བཞིན་གྱིས་ཡོད་པ་མིན་པའི་ལས་འགགས་པ་ལས་ཀྱང་ནི། ལས་ཀྱི་འབྲས་བུ་འབྱུང་བ་ཡོད་པ་ཡིན་ནོ། །ཞེས་ལས་ཞིག་པ་ལས་འབྲས་བུ་འབྱུང་བར་བསྟན་ནོ། །དེའི་ཤེས་བྱེད་དུ་སྲིད་པ་འཕོ་བའི་མདོ་ལས་རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བུད་མེད་བཟང་མོ་དང་ལྷན་ཅིག་སྤྱོད་པར་རྨིས་ལ། དེ་ཉལ་བ་ལས་སད་ནས་ཡུལ་གྱི་བུད་མེད་བཟང་མོ་དྲན་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། འོ་ན་གང་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་དང་ལྷན་ཅིག་ཡོངས་སུ་སྤྱོད་པར་རྨིས་ལ། དེ་ཉལ་བ་ལས་སད་ནས་ཡུལ་གྱི་བུད་མེད་བཟང་མོ་དྲན་པའི་མི་དེ་ཅི་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་ད་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་བུད་མེད་བཟང་མོ་ཡང་མ་མཆིས་ཤིང་། མི་དམིགས་པ་ལགས་ན། དེ་དང་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། འདི་ལྟར་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་ལགས་སོ། །ཞེས་དྲངས་པ་ནི་དཔེ་སྟོན་པའོ། །དེ་དོན་དང་སྦྱོར་བ་ནི། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བར་འགྱུར་བའི་གཟུགས་རྣམས་ལ་མངོན་པར་ཞེན་ཏེ། མངོན་པར་ཞེན་པར་གྱུར་ནས་


JLD016_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་སྐྱེད་པར་བྱེད་དོ། །ཆགས་ནས་འདོད་ཆགས་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་འདུ་བྱེད་དོ། །ལས་དེ་མངོན་པར་འདུ་བྱས་པར་གྱུར་ནས་འགག་གོ །འགགས་པ་ན་ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། ཕྱོགས་མཚམས་རྣམས་སུ་མ་ཡིན་ནོ་ཞེས་བྱ་བའི་བར་དང་། ཞེས་གསུངས་ཏེ་ཐོས་པ་དང་མི་ལྡན་པ་ནི་དེ་ཁོ་ན་ཉིད་སྟོན་པ་ཐོས་པ་ལས་དེ་ཉིད་རྟོགས་པ་མེད་པའོ། །མངོན་པར་ཞེན་པ་ནི་བདེན་ཞེན་ནོ། །ཆགས་པ་ལས་བྱུང་བའི་ལས་གསུམ་ལ་ནི། དགེ་མི་དགེའི་ལས་གཉིས་ཀ་དང་། ཞེ་སྡང་ལས་བྱུང་བའི་ལས་ནི་མི་དགེ་བ་དང་། གཏི་མུག་ལས་བྱུང་བ་ལ་ཡང་ལས་གཉིས་ཀ་གསོག་པ་ཡོད་དོ། །ལས་བྱས་མ་ཐག་ཏུ་འགགས་པ་ནི་ཐ་སྙད་དུ་དང་། ལྷག་མས་ནི་འགག་པ་ངོ་བོ་ཉིད་ཀྱིས་གྲུབ་པ་བཀག་གོ །དེ་ནས་དུས་གཞན་ཅི་ཙམ་ཞིག་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ། དེ་དང་སྐལ་བ་འདྲ་བའི་ལས་དེའི་ཚེ་འཕེན་བྱེད་ཟད་ནས། རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་མིའི་ཡུལ་གྱི་བུད་མེད་བཟང་མོ་ལྟ་བུར་ཡིད་ལས་དེ་ཉིད་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །ཞེས་གསུངས་ཏེ། སྐལ་པ་འདྲ་བ་སྟེ་ཕུང་པོ་རིགས་མཐུན་ཚེ་འདིར་གནས་པའི་ལས་ཟད་ནས། ཚེ་འདིའི་རྣམ་ཤེས་ཐ་མ་འགག་པའི་ཚེ། ཆགས་ལྡན་སད་མ་ཐག་ཏུ་རྨི་ལམ་གྱི་མཛེས་མ་དྲན་ཏེ། ཡིད་དེ་ལ་


JLD016_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་པ་བཞིན་དུ་འཆི་ཁའི་ཚེ་ཚེ་ཕྱི་མར་གང་སྨིན་པའི་ལས་ཀྱི་ནུས་པ་སད་པའི་ལས་དེ་ལ་ཡིད་ཕྱོགས་པར་འགྱུར་གྱི་དྲན་པ་མིན་ནོ། །དེ་ལྟར་རྣམ་པར་ཤེས་པ་ཐ་མ་འགག་ཅིང་། སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་ཡང་ན་ནི་ལྷ་དག་གི་ནང་དུ་ཞེས་བྱ་བ་ནས། ཡང་ན་ནི་ཡི་དྭགས་རྣམས་སུ་འབྱུང་བར་འགྱུར་རོ། །ཞེས་བྱ་བའི་བར་དང་། ཞེས་གསུངས་ཏེ་ཐ་མ་འགག་པ་ནི་ཚེ་འདིའི་འོ། །སྐྱེ་བའི་ཆར་གཏོགས་པའི་རྣམ་ཤེས་དང་པོ་འབྱུང་བ་ལ་ལྷ་དག་གི་ནང་དུ་ཞེས་སོགས་གསུངས་ཤིང་། བར་སྲིད་འགྲོ་བ་དྲུག་པོ་མིན་པས་སྐྱེ་སྲིད་ཀྱི་རྣམ་ཤེས་ཡིན་ཏེ། སྐྱེ་འཆི་གཉིས་ཀྱི་བར་ན་བར་སྲིད་ཡོད་ཀྱང་མ་གསུངས་པ་མང་བར་སྣང་བས། གཙོ་བོར་སྐྱེ་འཆིའི་དབང་དུ་བྱས་པའི་ལས་འབྲས་བུ་དང་འབྲེལ་ཚུལ་གཏན་ལ་དབབ་པར་བཞེད་པའོ། །དེ་ནས་རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བར་མངོན་པ་དེ་དང་སྐལ་བ་འདྲ་བའི་སེམས་ཀྱི་རྒྱུན་འབྱུང་ངོ་། །རྒྱལ་པོ་ཆེན་པོ་དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ཡང་མེད་ལ། འཆི་འཕོ་བ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགགས་པ་དེ་ནི་འཆི་འཕོ་བ་ཞེས་བྱ། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་འགགས་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །རྣམ་


JLD016_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་སྐྱེ་བའི་ཆར་གཏོགས་པ་འབྱུང་བའི་ཚེ་ཡང་གང་ནས་ཀྱང་འོང་བ་མེད་དོ། །དེའི་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་དབེན་པའི་ཕྱིར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་ནི་རྣམས་པར་ཤེས་པ་ཐ་མས་སྟོང་ངོ་། །འཆི་འཕོ་ནི་འཆི་འཕོ་བས་སྟོང་ངོ་། །ལས་ནི་ལས་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་ངོ་། །སྐྱེ་བ་ནི་སྐྱེ་བས་སྟོང་ལ་ལས་རྣམས་ཆུད་མི་ཟ་བར་ཡང་མངོན་ནོ། །ཞེས་གསུངས་ཏེ་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་བའི་སྔོན་ལས་ཀྱི་འབྲས་བུ་བདེ་སྡུག་ཅིག་མྱོང་བས། དེ་མྱོང་བའི་རྣམ་ཤེས་ཀྱི་རྒྱུན་སྐྱེ་སེམས་དང་པོ་ལས་སྐྱེ་བ་དང་། འཆི་འཕོ་བ་དང་སྐྱེ་བ་ཐ་སྙད་དུ་ཡོད་ལ། དོན་དམ་པར་མེད་པ་དང་དེའི་རྒྱུ་མཚན་རང་བཞིན་གྱིས་དབེན་ཞེས་པ་ནི། དགག་བྱ་ལ་ཁྱད་པར་སྦྱར་བ་སྟེ་རྣམ་ཤེས་ཐ་མ་སོགས་རང་རང་གིས་སྟོང་པར་གསུངས་པ་ལ་སྦྱར་བར་བྱའོ། །དེ་ལྟར་བསྟན་པ་ན་ལས་འབྲས་ཡོད་པ་མིན་པར་བཟུང་གིས་དོགས་ནས་ལས་རྣམས་ཆུད་མི་ཟ་བར་གསུངས་སོ། །གསུམ་པ་ལ་གཉིས། རྣམ་སྨིན་ཐུག་མེད་དུ་འབྱིན་པའི་རྩོད་པ་སྤང་བ་དང་། ཀུན་གཞི་ཡོད་པར་གསུངས་པའི་ལུང་དང་འགལ་བའི་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་ལས་རང་བཞིན་གྱིས་མ་སྐྱེས་པ་ལ་རང་བཞིན་གྱིས་ཟད་པ་མེད་པས་རྣམ་སྨིན་འབྱུང་བར་འདོད་ན་དེ་བཞིན་དུ་རྣམ་པར་སྨིན་ཟིན་པ་ལས་ཀྱང་ཡང་རྣམ་པར་སྨིན་པར་འགྱུར་བའི་ཕྱིར་ཐུག་པ་མེད་པའི་སྐྱོན་དུ་འགྱུར་རོ་སྙམ་ན། ཇི་ལྟར་ཏེ་དཔེར་


JLD016_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡུལ་ནི་ཡོད་པ་ཉིད་མིན་པར་མཚུངས་བཞིན་དུ། རབ་རིབ་ཅན་གྱི་མིག་གིས་ཡོད་པ་མིན་པའི་སྐྲ་ཤད་ལ་སོགས་པའི་རྣམ་པར་ནི་མཐོང་གི །དེ་ལས་གཞན་པའི་དངོས་པོའི་རྣམ་པ་བོང་བུའི་རྭ་དང་། མོ་གཤམ་གྱི་བུ་ལ་སོགས་པའི་རྣམ་པར་མཐོང་བ་མ་ཡིན་པ་ལྟར། དེ་བཞིན་དུ་ལས་རང་བཞིན་གྱིས་གྲུབ་པ་མིན་པར་མཚུངས་བཞིན་དུ། སྨིན་མ་ཟིན་པ་ལས་སྨིན་པ་དང་། སྨིན་ཟིན་པ་ལས་སླར་ཡང་སྨིན་པ་མིན་པར་ཤེས་པར་གྱིས་ཤིག །དཔེ་འདི་ལས་ལས་རྣམས་ཀྱི་འབྲས་བུ་ངེས་པར་འགྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། དགེ་མི་དགེའི་ལས་ལས་ཡིད་དུ་འོང་མི་འོང་གི་འབྲས་བུ་ཡང་སོ་སོར་ངེས་སོ་ཞེས་བཤད་པ། རབ་རིབ་ཅན་གྱི་མིག་གིས་སྐྲ་ཤད་སོགས་མཐོང་བ་དང་། བོང་བུའི་རྭ་ལ་སོགས་པ་མི་མཐོང་བའི་ངེས་པ་དེའི་ཕྱིར་རྣམ་སྨིན་ཡིད་དུ་འོང་བ་ནི་མི་དགེ་བ་ལས་མི་འབྱུང་ལ། རྣམ་སྨིན་ཡིད་དུ་མི་འོང་བ་ནི་དགེ་བ་ལས་མ་ཡིན་པའི་ཕྱིར། རྣམ་སྨིན་མི་དགེ་བ་སྟེ་ཡིད་དུ་མི་འོང་བ་ནི། ནག་པོའི་ལས་ལས་ཡིན་ལ། རྣམ་སྨིན་དགེ་བ་སྟེ་ཡིད་དུ་འོང་བ་ནི་དགེ་བ་ལས་འབྱུང་བ་ཡིན་པར་མཐོང་ཞིང་། དགེ་བ་དང་མི་དགེ་བའི་ལས་མེད་པའི་བློ་ཅན་ཏེ་རང་བཞིན་གྱིས་གྲུབ་པ་མི་དམིགས་པར་རྟོགས་པ་ནི་འཁོར་བ་ལས་ཐར་བར་འགྱུར་རོ། །དེའི་ཕྱིར་རྒྱལ་བས་སོ་སོ་སྐྱེ་བོ་ལས་ཀྱི་ཁྱད་པར་འདི་དང་འདི་ལས་འབྲས་བུའི་ཁྱད་པར་འདི་དང་འདི་འབྱུང་བའི་རྒྱུ་མཚན་འཐད་སྒྲུབ་ཀྱི་རིགས་པས་ཞིབ་པར་ངེས་པར་དཔྱོད་པར་


JLD016_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་རྣམས་ལ། ལས་དང་འབྲས་བུ་ལ་སྐུར་པ་བཏབ་པ་ལས་ཀུན་རྫོབ་འཇིག་པར་འགྱུར་དུ་འོང་སྙམ་སྟེ། ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་ལས་དང་འབྲས་བུ་རྣམས་ལ་བརྟེན་པའི་སེམས་པ་སྟེ་དཔྱད་པའང་དགག་པར་མཛད་དོ། །གཞུང་འདིར་དེ་འདྲ་བའི་སྒོ་མང་པོ་ནས་ལས་འབྲས་ཀྱི་ངེས་པ་སྟོར་དུ་དོགས་ནས་སྒོ་དུ་མ་ནས་ལས་འབྲས་ཀྱི་ངེས་པ་སྐྱེད་ཐབས་མཛད་པ་འདི་ཤེས་པར་གྱིས་ལ། སྟོང་པ་ཉིད་ཀྱི་ལྟ་བས་ཀྱང་དེའི་ངེས་པ་བརྟན་པའི་གྲོགས་བྱས་པའི་སྟེང་ནས། ད་རེས་རིན་པོ་ཆེའི་གླིང་དུ་ཕྱིན་པ་སྟོང་ལོག་ཏུ་མི་འགྲོ་བ་ལ་འབད་པར་བྱོས་ཤིག །གཉིས་པ་ལ་གསུམ། ལུང་འགལ་སྤོང་བའི་ཚིག་དོན་དངོས། ཡིད་ཤེས་ལས་ངོ་བོ་ཐ་དད་པའི་ཀུན་གཞི་བཤད་མ་བཤད་ཀྱི་ཚུལ། དགོངས་པའི་དབང་གིས་གསུངས་པའི་དཔེ་བསྟན་པའོ། །དང་པོ་ནི། གལ་ཏེ་དེ་ལྟར་ཀུན་གཞི་མེད་ཀྱང་ལས་འབྲས་ཀྱི་འབྲེལ་པ་རྣམ་པར་འཇོག་ནུས་ན། འོ་ན་ལང་ཀར་གཤེགས་པ་དང་། ལ་སོགས་པས་དགོངས་འགྲེལ་དང་། ཐེག་པ་ཆེན་པོའི་ཆོས་མངོན་པའི་མདོ་ལས། ཀུན་གཞི་རྣམ་པར་ཤེས་པ་ཞེས་པ། དངོས་པོའི་ཆོས་མཐའ་དག་པའི་ནུས་པའི་ཁྱད་པར་གྱི་གཞི་ས་བོན་ཐམས་ཅད་པ། རྒྱ་མཚོ་ལས་རླབས་རྣམས་འབྱུང་བ་ལྟར། ཕྱི་ནང་གི་དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུར་གསུངས་པ་དེ། རྣམ་པ་ཐམས་ཅད་དུ་དེའི་རྣམ་གཞག་འཇོག་པ་མེད་པ་ཞིག་གམ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། དེ་སྐད་དུ་ཀུན་གཞི་ཡོད་པར་བསྟན་པས་འདུལ་བ་རྣམས་ལ་དེ་ཡོད་པ་ཉིད་དུ་


JLD016_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཕྱིར་རོ། །འདིས་ནི་དགོས་པའི་དབང་གིས་ཀུན་གཞི་གདུལ་བྱའི་ངོར་ཁས་ལེན་པར་བསྟན་པས། རང་གི་ལུགས་ལ་དགོངས་པ་ཅན་དུ་སྟོན་པ་ན། གང་ལ་དགོངས་ནས་གསུངས་པའི་དགོངས་གཞི་ནི། རང་བཞིན་གྱིས་གྲུབ་པས་སྟོངས་པའི་སྟོང་པ་ཉིད་ཁོ་ན་ལ་དགོངས་ནས། ཀུན་གཞི་རྣམ་ཤེས་ཀྱི་སྒྲས་བསྟན་པར་རིག་པར་བྱའོ། །དེ་ལ་ཀུན་གཞིར་གསུང་བ་ནི། རང་བཞིན་དེ་ནི་དངོས་པོ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་ཕྱིར་རོ། །དགོས་པའི་དབང་གིས་ཀུན་གཞི་རྣམ་ཤེས་ཡོད་པར་སྟོན་པ་འབའ་ཞིག་ཏུ་མ་ཟད་ཀྱི། གང་ཟག་ཀྱང་རྫས་སུ་ཡོད་པར་སྟོན་ཏེ། དེས་འདུལ་བའི་སྐྱེ་བོ་ལ་དེ་ཡོད་པར་བསྟན་པས་རྗེས་སུ་འཛིན་པའི་ཕྱིར་རོ། །ཇི་སྐད་དུ་དགེ་སློང་དག་ཕུང་པོ་ལྔ་ནི་ཁུར་རོ། །ཁུར་འཁུར་བ་ནི་གང་ཟག་གོ །ཞེས་གསུངས་པ་ལྟ་བུའོ། །འདི་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་རྣམས་ཀྱིས་ཞུས་པའི་ངོར་དེ་མེད་པར་མ་བསྟན་པར་ཁུར་འཁུར་བའི་གང་ཟག་ཡོད་པར་གསུངས་པས། ཚིག་ལ་དངོས་སུ་མེད་ཀྱང་དོན་ནི་རྫས་ཡོད་དོ། །ཡང་གདུལ་བྱ་ཁ་ཅིག་ལ་ནི་གང་ཟག་རྫས་སུ་མེད་པའི་ཕུང་པོ་ཙམ་ཞིག་བསྟན་པར་མཛད་དེ། སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་དུས་རིང་པོར་དད་པ་དང་ཚུལ་ཁྲིམས་ལ་སོགས་པས་ཡོངས་སུ་བསྒོས་ཤིང་། གོང་དུ་འགྲོ་བ་ན་ཕྱི་མ་ལ་མཐོ་རིས་སུ་འགྲོ་བར་འགྱུར་རོ། །ཞེས་བཤད་པའོ། །འདི་


JLD016_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཐོ་རིས་དང་བྱང་གྲོལ་དུ་འགྲོ་བའི་ཚུལ་ལ་བདེན་པར་འཛིན་པ་ཅན་རྣམས། ཇི་ཙམ་ཞིག་ཁས་བླང་བར་བྱ་སྙམ་པ་ལ། དེའི་བདེན་ཞེན་གྱིས་ཡུལ་མ་བཀག་པར་ཕུང་པོ་ཙམ་ཞིག་ཡིན་པར་བསྟན་པ་ན་ཕུང་པོ་བདེན་པར་དོན་གྱིས་སྟོན་པའོ། །འདི་དག་ཐམས་ཅད་ནི་དགོངས་པའི་དབང་གིས་གསུངས་པ་ཡིན་ནོ། །འདིར་གདུལ་བྱ་གང་ལ་དགོངས་ཏེ་གསུངས་པ་ཡིན་ཞེ་ན། དེའི་ལན་བརྗོད་པར་བྱ་སྟེ། ཀུན་གཞི་རྣམ་ཤེས་ཡོད་ཅིང་གང་ཟག་ཉིད་རྫས་སུ་ཡོད་ལ། ཕུང་པོ་འདི་དག་འབའ་ཞིག་སྟེ་དེ་ཙམ་ཉིད་བདེན་པར་ཡོད་ཅེས་བསྟན་པ་འདི་ནི། སྔར་བཤད་པ་དེ་ལྟར་ཏེ་དེ་ལྟ་བུའི་ཆེས་ཟབ་པའི་དོན་རེ་ཞིག་རིག་པ་སྟེ་རྟོགས་པར་མི་འགྱུར་བའི་གདུལ་བྱ་གང་ཡིན་པ་དེ་ལ་དགོངས་ཏེ་གསུངས་སོ། །གདུལ་བྱ་གང་དག་ཡུན་རིང་པོར་མུ་སྟེགས་ཀྱི་ལྟ་བ་ལ་གོམས་པར་བྱས་པས་ཆོས་ཉིད་ཟབ་མོ་ལ་འཇུག་པར་མི་ནུས་ཤིང་། རིན་ཆེན་འཕྲེང་བ་ལས། བདག་ཡོད་མ་ཡིན་ཡོད་མི་འགྱུར། །བདག་གི་ཡོད་མིན་མི་འགྱུར་ཞེས། །བྱིས་པ་དག་ནི་དེ་ལྟར་སྐྲག །ཅེས་གསུངས་པ་ལྟར་ཆོས་ཉིད་ཐོག་མར་བསྟན་པ་ན་སྐྲག་ནས། སངས་རྒྱས་ཀྱི་བསྟན་པ་ལ་གཡང་ས་དང་འདྲ་བར་སེམས་པ་དེ་དག་བསྟན་པ་ལ་རྒྱབ་ཀྱིས་ཕྱོགས་ཤིང་མི་འཇུག་པས་དོན་ཆེན་པོ་སྒྲུབ་པར་མི་འགྱུར་རོ། །དེ་རྣམས་ལ་ཆེས་ཐོག་མར་ཟབ་མོའི་གནས་མཐར་ཐུག་པ་མ་བསྟན་པར་ཀུན་གཞི་རྣམ་ཤེས་དང་། ཕུང་པོ་བདེན་པ་སོགས་བསྟན་པས་ནི་དེ་ལ་བརྟེན་ནས་མུ་སྟེགས་ཀྱི་ལུགས་བསལ་ནས།


JLD016_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་དོན་ཆེན་པོ་འདྲེན་པར་འགྱུར་ཞིང་ཕྱི་ནས་གསུང་རབ་ཀྱི་དོན་ལེགས་པར་རིག་པ་རྣམས་རང་ཉིད་ཀྱིས་ཀུན་གཞི་ལ་སོགས་པ་ཡོད་པར་འཛིན་པ་སྤོང་བར་འགྱུར་བས། དེ་ལྟར་བསྟན་པ་ལ་ཡོན་ཏན་ཁོ་ན་འབྱུང་གི་སྐྱོན་ནི་མ་ཡིན་ནོ། །རིམ་པ་དེ་ལྟར་བྱ་བ་ལ་དགོངས་ནས་བརྒྱ་པ་ལས། གང་ཞིག་གང་གང་ལ་དགའ་བ། །དེ་ཡི་དེ་དེ་སྔར་སྤྱད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་གསུངས་སོ། །ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་བསྟན་དགོས་པ་ལ་ནི། ཕྱི་རོལ་དགག་དགོས་པས་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་དེ་ཁོ་ན་ཉིད་ཙམ་ཞིག་གི་སྣོད་དུ་རུང་ལ། སྔར་བཤད་པ་ལྟར་གྱི་ཀུན་གཞི་རྣམ་ཤེས་ཁས་མ་བླངས་ཀྱང་། ལས་འབྲས་ཀྱི་འབྲེལ་པ་འཇོག་ཤེས་པ་མིན་པས། ཆེས་ཟབ་པའི་དོན་རིག་པར་མི་འགྱུར་བ་ལ་གསུངས་པ་ཡིན་ནོ། །གཉིས་པ་ནི། ཤེར་ཕྱིན་འབུམ་པ་སོགས་མང་པོར་རྣམ་ཤེས་ཀྱི་གྲངས་སྟོན་པ་ན། རྣམ་ཤེས་ཚོགས་དྲུག་བཤད་ཀྱི་དེ་ལས་མང་བ་མ་བཤད་པའི་མདོ་སྡེ་དུ་མ་ཞིག་ཡོད་པས། མདོ་སྡེ་ལས་ཀུན་གཞི་རྣམ་ཤེས་བཞག་མ་བཞག་གི་ཚུལ་གཉིས་བཀའ་སྩལ་པ་བཞིན་དུ། རྗེ་བཙུན་བྱམས་པས་ཀྱང་དེ་དག་གི་དོན་རྣམ་པར་འགྲེལ་བ་ན། དབུས་མཐའ་དང་མདོ་སྡེ་རྒྱན་དང་། ཆོས་ཉིད་རྣམ་འབྱེད་དུ་ཀུན་གཞི་རྣམ་པར་བཞག་པ་དང་ཕྱི་རོལ་མེད་པའི་ཕྱོགས་བཤད་ལ། མངོན་རྟོགས་རྒྱན་དང་། རྒྱུད་བླ་མ་ལས་ཀུན་གཞི་


JLD016_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་རྣམ་པར་མ་བཞག་པ་དང་ཕྱི་རོལ་མ་བཀག་པའི་ཕྱོགས་བཤད་དེ། །སློབ་དཔོན་ཆེན་པོ་ཐོགས་མེད་ཀྱིས་ཀྱང་རྒྱུད་བླ་མའི་དགོངས་པ་རྣམ་རིག་ཙམ་གྱི་ལུགས་སུ་ཡི་མ་བཤད་པར། དབུ་མའི་ལུགས་སུ་བཤད་ལ། ཐེག་བསྡུས་སུ་ཀུན་གཞི་རྣམ་ཤེས་ཀྱི་སྒྲུབ་བྱེད་དུ་དྲངས་པའི་ཆོས་མངོན་པའི་ལུང་། རྒྱུད་བླ་མའི་འགྲེལ་པ་ལས། སེམས་ཅན་ལ་དེ་བཞིན་གཤེགས་པའི་ཁམས་གྲུབ་པ་སྙིང་པོར་གྱུར་པ་ཡོད་མོད་ཀྱི། སེམས་ཅན་དེ་དག་གིས་ཤེས་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་སྐད་དུ། ཐོག་མ་མེད་པའི་དུས་ཀྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་སེམས་ཅན་ལ་ཆོས་ཉིད་ཀྱི་རིགས་ཡོད་པའི་སྒྲུབ་བྱེད་དུ་དྲངས་པས། སློབ་དཔོན་འདིས་ཀུན་གཞི་རྣམ་ཤེས་ཀྱི་དགོངས་གཞི་སྟོང་ཉིད་དུ་བཤད་པ་དང་མཐུན་པའི་ཕྱིར། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་གདུལ་བྱ་འགའ་ཞིག་གི་ངོར། དགོས་པའི་དབང་གིས་གསུངས་པར་བཞེད་དོ། །འོ་ན་བྱང་ཆུབ་སེམས་འགྲེལ་དུ། ཇི་ལྟར་ཁབ་ལོང་དང་ཉེ་བས། །ལྕགས་ནི་མྱུར་དུ་ཡོངས་སུ་འཁོར། །དེ་ལ་སེམས་ནི་ཡོད་མིན་ཏེ། །སེམས་དང་ལྡན་བཞིན་སྣང་བར་འགྱུར། །དེ་བཞིན་ཀུན་གཞི་རྣམ་ཤེས་ནི། །བདེན་མིན་བདེན་པ་བཞིན་དུ་ནི། །གང་ཚེ་འགྲོ་འོང་གཡོ་བར་འགྱུར། །དེ་ཚེ་སྲིད་པ་འཛིན་པར་བྱེད། །ཇི་ལྟར་རྒྱ་མཚོ་ལ་ནི་ཤིང་། །སེམས་ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞི་རྣམ་ཤེས་ནི། །ལུས་


JLD016_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་གཡོ་བ་ཡིན། །ཞེས་ཀུན་གཞི་རྣམ་ཤེས་ཀྱིས་སྲིད་པ་འཛིན་པར་གསུངས་པ་ཇི་ལྟར་དྲང་ཞེ་ན། དེ་ནི་སེམས་ལས་དོན་གཞན་པའི་ཕྱི་རོལ་བཀག་ནས་སེམས་ཙམ་ཞིག་རང་བཞིན་གྱིས་གྲུབ་པ་མ་བཀག་པའི་སེམས་ཙམ་གསུངས་པ་ནི། བྱིས་པ་ཐམས་ཅད་སྟོང་པར་བསྟན་པ་ལ་སྐྲག་པ་སྤང་པའི་ཕྱིར་ཡིན་གྱི། ངེས་དོན་གྱི་དེ་ཉིད་མིན་པ་དང་། རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས་གནས་གྱུར་པའི་སེམས་ཀྱི་དག་པ་རང་བཞིན་གྱིས་གྲུབ་པ་ཅིག །སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་དུ་གྲུབ་པ་ཁས་བླངས་པ་བཀག་པའི་ཚེ་སེམས་བདེན་པ་མེད་ན་འཇིག་རྟེན་སྔ་མ་ནས་འདིར་འོང་བ་དང་། འདི་ནས་ཕྱི་མར་འགྲོ་བའི་གཡོ་བའི་བྱ་བ་མི་འཐད་དོ་སྙམ་པའི་རྩོད་པ་ཁོང་ན་གནས་པའི་ལན་དུ། ལྕགས་དང་ཤིང་ལ་སེམས་མེད་ཀྱང་ཡོད་པ་ལྟར་གཡོ་བ་བཞིན་དུ། ཀུན་གཞི་བདེན་པར་མེད་ཀྱང་བདེན་པར་ཡོད་པ་ལྟར་འགྲོ་འོང་གི་གཡོ་བ་དང་བཅས་པར་སྣང་ངོ་། །ཞེས་སྟོན་པ་ཡིན་པས་གཞུང་གཞན་ནས་བཤད་པ་ལྟར་གྱི་ཀུན་གཞི་རྣམ་ཤེས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པ་ནི་མིན་ནོ། །གལ་ཏེ་ཀུན་གཞི་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་མི་ལེན་ཀྱང་། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་སྒྱུ་མ་ལྟ་བུ་ཀུན་བྱང་གི་ཆོས་ཀུན་གྱི་ས་བོན་ཐམས་ཅད་པ་ཁས་ལེན་ནོ་སྙམ་ན། དེ་འདྲ་བའི་ཀུན་གཞི་ཁས་ལེན་ན་ཀུན་གཞིའི་བག་ཆགས་སྨིན་པ་ལས་གཟུགས་སྒྲ་སོགས་སུ་སྣང་བ་ཙམ་དུ་ཟད་ཀྱི། ཕྱི་རོལ་གྱི་དོན་


JLD016_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཁས་བླང་དགོས་ན། དེ་ཉིད་ལས། ཤེས་པས་ཤེས་བྱ་རྟོགས་པ་སྟེ། །ཤེས་བྱ་མེད་པར་ཤེས་པ་མེད། །དེ་ལྟ་ན་ནི་རིག་བྱ་དང་། །རིག་བྱེད་མེད་ཅེས་ཅིས་མི་འདོད། །ཅེས་ཕྱིའི་ཤེས་བྱ་དང་ནང་གི་ཤེས་པ་གཉིས་ཡོད་མེད་མཚུངས་པས་གཅིག་མེད་ན་ཅིག་ཤོས་མེད་པར་གསུངས་ལ། འདི་ནི་གཞུང་འདིར་དོན་ཤེས་གཉིས་དོན་དམ་དུ་མེད་མཉམ་དང་ཐ་སྙད་དུ་ཡོད་མཉམ་ཡིན་པས། བདེན་གཉིས་གང་དུ་ཡང་དེ་གཉིས་ལ་ཡོད་མེད་ཀྱི་ཁྱད་པར་འབྱེད་པ་མི་འཐད་པར་གསུངས་པ་དང་ཁྱད་མེད་པས་ན། ཕྱི་རོལ་མེད་པའི་ཤེས་པ་ཡོད་པ་སློབ་དཔོན་གྱི་བཞེད་པ་མིན་ནོ། །དེའི་ཕྱིར་ཡིད་ཀྱི་ཤེས་པ་ལས་ངོ་བོ་ཐ་དད་པའི་ཀུན་གཞི་མི་བཞེད་པས་ཀུན་གཞི་ཞེས་གསུངས་པ་ནི། སྤྱིར་སེམས་རིག་ཅིང་གསལ་ཙམ་ལ་ཀུན་གཞིར་བཞག་པ་དང་། ཁྱད་པར་དུ་ཡིད་ཀྱི་ཤེས་པ་ལ་ཡིན་ཏེ། སེམས་སྤྱི་ཙམ་རང་བཞིན་གྱིས་གྲུབ་པ་བཀག་པའི་ལན་དུ། སེམས་བདེན་པར་མེད་པ་ལ་བྱ་བྱེད་རུང་བའི་ཚུལ་ཡིན་པའི་ཕྱིར་དང་། སྲིད་པར་སྐྱེ་བ་འཛིན་པའི་སེམས་ཡིད་ཤེས་ཡིན་པའི་ཕྱིར་དང་། ཡིད་ཀྱི་ཤེས་པ་ནི་ཀུན་ནས་ཉོན་མོངས་དང་རྣམ་བྱང་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །དབུ་མ་སྙིང་པོར་ཡང་ཀུན་གཞི་སྒྲ་ཇི་བཞིན་པ་བཀག་ལ། སློབ་དཔོན་ཡེ་ཤེས་སྙིང་པོ་ཡང་། ཕྱི་རོལ་བཞེད་པས་ཀུན་གཞི་མི་བཞེད་དོ། །ཕྱི་རོལ་གྱི་དོན་འགོག་པའི་སེམས་ཙམ་པ་ལ་ཡང་ཀུན་གཞི་རྣམ་ཤེས་འདོད་མི་འདོད་གཉིས་སྣང་ལ། ཕྱི་རོལ་གྱི་དོན་མི་བཞེད་པའི་སློབ་


JLD016_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཀཱ་མ་ལ་ཤཱི་ལས་ཀྱང་། ཡིད་ཀྱི་བློ་ཁོ་ན་ནི་སྐྱེ་བ་གཞན་དང་ཉིང་མཚམས་སྦྱོར་བའི་ནུས་པ་ཅན་ཡིན་ནོ། །ཇི་སྐད་དུ་ཡང་། ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་ནི། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་མཛོད་ལས་གསུངས་པ་དྲངས་པས། སློབ་དཔོན་ཆེན་པོ་ཞི་འཚོ་ཡང་ཀུན་གཞི་རྣམ་ཤེས་མི་བཞེད་པར་གསལ་ལོ། །ཨ་བྷྱ་ཀ་ར་ཡང་དེ་དང་འདྲའོ། །ཐེག་པ་ཆེན་པོའི་གསུང་རབ་གཞན་དུ་ཀུན་གཞི་རྣམ་ཤེས་ཞེས་གསུངས་པ་ཡང་། མིང་ཙམ་མ་རྟོགས་པ་ངོས་འཛིན་གསལ་བར་མི་སྣང་ལ། དོན་ལ་དཔྱད་པ་ཚོགས་དྲུག་ལས་ངོ་བོ་ཐ་དད་པ་མི་བཞེད་པ་ཁོ་ནར་སྣང་ཞིང་། ལུགས་དེ་ཡང་ཕྱི་རོལ་ཁས་ལེན་པའི་ཕྱོགས་སུ་སྣང་བས་ཡིད་ཀྱི་རྣམ་ཤེས་ལ་མིང་དེ་ལྟར་བཏགས་པའོ། །འདི་རྣམས་རྒྱས་པར་གཏན་ལ་འབེབས་དགོས་མོད་ཀྱང་མང་བས་འཇིགས་ནས་མ་བྲིས་སོ། །གསུམ་པ་ནི། གདུལ་བྱ་གཞུག་པར་བྱ་བའི་ཕྱིར་དང་པོ་ཀུན་གཞི་རྣམ་ཤེས་ལ་སོགས་པ་བསྟན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་ཇི་ལྟར་ཏེ་དཔེར་ན་འཇིགས་ཚོགས་ལ་ལྟ་བ་བག་ཆགས་དང་བཅས་པ་དང་བྲལ་བས། ང་དང་ང་ཡིར་འཛིན་པའི་རྟོག་པ་ཐམས་ཅད་སྤངས་ཀྱང་། ང་དང་ང་ཡི་ཞེས་བསྙད་པ་འཇིག་རྟེན་གྱིས་ཆོས་ཀྱི་དོན་ཁོང་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་དང་ང་ཡི་ཞེས་ཇི་སྐད་བསྟན་པ་དེ་བཞིན་དུ། དངོས་པོ་རྣམས་རང་བཞིན་གྱིས་


JLD016_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་མེད་མོད་ཀྱི་སྟེ་ཀྱང་། རང་བཞིན་གྱིས་ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ནི། འཇིག་རྟེན་གྱི་རིམ་གྱིས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ཐབས་ཡིན་ནོ། །བསྡུ་ན་ང་ཞེས་པ་དང་ང་ཡིའོ་ཞེས་གསུང་བ་ལྟར་ན། དེ་དང་དེའི་རྟོག་པ་ཡོད་པ་ལྟར་སྣང་ནའང་། རྟོག་པ་མེད་པ་ངེས་དོན་ཡིན་པ་བཞིན་དུ་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་སྟོན་པ་དེ་སངས་རྒྱས་ཀྱི་དགོངས་པ་ལྟར་སྣང་ཡང་ཆོས་རྣམས་དེ་ལྟར་མེད་པ་དེ་ངེས་པའི་དོན་ནོ་ཞེས་པའོ། །ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་དང་མཐུན་པར་འཇུག་ཚུལ་ཡང་ཤར་གྱི་རི་བོའི་སྡེ་པ་དང་མཐུན་པའི་ཚིགས་སུ་བཅད་པ་ལས། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས། །འཇིག་རྟེན་མཐུན་པར་མི་འཇུག་ན། །སངས་རྒྱས་ཆོས་ཉིད་གང་ཡིན་དང་། །སངས་རྒྱས་སུས་ཀྱང་ཤེས་མི་འགྱུར། །ཕུང་པོ་དག་དང་ཁམས་རྣམས་དང་། །སྐྱེ་མཆེད་རང་བཞིན་གཅིག་བཞེད་ལ། །ཁམས་གསུམ་པོ་དག་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །མིང་མེད་པ་ཡི་ཆོས་ཀྱི་རྣམས། །བསམ་དུ་མེད་པས་མིང་དག་གིས། །སེམས་ཅན་རྣམས་ལ་ཡོངས་བརྗོད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དངོས་མེད་ཉེ་བར་སྟོན་མཛད་ཅིང་། །སངས་རྒྱས་རང་བཞིན་ལ་བཞུགས་པས། །དངོས་མེད་འགའ་ཡང་འདིར་མེད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དོན་དང་དོན་མེད་མི་གཟིགས་ལ། །འགོག་པ་དང་ནི་དམ་པའི་དོན། །སྨྲ་བ་རྣམས་ཀྱི་མཆོག་གསུང་བ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞིག་པ་མེད་ཅིང་སྐྱེ་མེད་ལ། །ཆོས་


JLD016_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱིངས་དང་མཉམ་གྱུར་ཀྱང་། །སྲེག་པའི་བསྐལ་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དུས་གསུམ་དག་ཏུ་སེམས་ཅན་གྱི། །རང་བཞིན་དམིགས་པ་མ་ཡིན་ལ། །སེམས་ཅན་ཁམས་ཀྱང་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་རྣམས་ཀྱི་ཤླཽ་ཀ་ཐ་མས་སེམས་ཅན་རང་བཞིན་མེད་པའི་གང་ཟག་གི་བདག་མེད་དང་། ལྷག་མ་རྣམས་ཀྱི་དངོས་པོ་དང་དངོས་མེད་ཀྱི་ཆོས་རང་བཞིན་མེད་པའི་ཆོས་ཀྱི་བདག་མེད་བསྟན་ལ། ཤར་རིའི་སྡེ་པ་ནི་དགེ་འདུན་ཕལ་ཆེན་པ་ལས་རིམ་གྱིས་གྱེས་པ་ཡིན་པར་རྟོག་གེ་འབར་བ་ལས་བཤད་པས་ན། ཉན་ཐོས་ཀྱི་སྡེ་སྣོད་དུ་ཆོས་རང་བཞིན་མེད་པ་ཤིན་ཏུ་གསལ་བར་སྟོན་པ་ཅིག་ཡོད་པར་སྣང་ངོ་། །གཉིས་པ་སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པ་ལ་གསུམ། ཕྱི་རོལ་མེད་པའི་ཤེས་པ་རང་བཞིན་གྱིས་གྲུབ་པ་དགག །གཞན་དབང་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་ཚད་མ་དགག །སེམས་ཙམ་དུ་གསུངས་པའི་ཙམ་གྱི་སྒྲས་ཕྱི་དོན་འགོག་པ་མིན་པར་བསྟན་པའོ། །དང་པོ་ལ་གཉིས། གཞན་ལུགས་བརྗོད་པ་དང་། ལུགས་དེ་དགག་པའོ། །དང་པོ་ནི། རྣམ་པར་ཤེས་པ་སྨྲ་བ་དབུ་མ་པའི་ལུགས་ཇི་སྐད་བསྟན་པ་མི་བཟོད་ཅིང་། རྒྱལ་བའི་དགོངས་པ་མིན་པས། རང་གི་རྣམ་རྟོག་གིས་སྦྱར་བའི་ལུགས་བརྗོད་པའི་སྒོ་ནས་དོན་འཇོག་པར་བྱེད་པ་རྣམས་ཀྱིས། རང་གི་གཞུང་ལས་ཇི་སྐད་དུ་བཤད་པའི་ལུགས་


JLD016_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བྱ་བའི་ཕྱིར་ཕྱོགས་སྔ་མ་སྨྲས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ལ་གནས་པ་སྟེ་བཞུགས་ནས་དེ་ཉིད་སྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ས་དྲུག་པ་བ་དེས། རིགས་པ་གང་གིས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་དང་། གཟུང་འཛིན་རྫས་ཐ་དད་དུ་ལྷག་པར་སྒྲོ་མ་བཏགས་པར་རྟོགས་པ་དང་མཐོང་བ་དང་། ཁོང་དུ་ཆུད་པ་ནི་དེ་ཉིད་རྟོགས་པ་སྟེ། རྣམ་པར་ཤེས་པ་ཙམ་དུ་དེ་ཁོ་ན་ཉིད་རྟོགས་པར་འགྱུར་ཞེས་རྣམ་པར་སྦྱར་རོ། །དེ་ཡང་ཕྱི་རོལ་གྱི་གཟུགས་མེད་པས་སེམས་དང་སེམས་བྱུང་རྣམས་ཀྱང་ཕྱི་རོལ་གྱི་གཟུགས་ཏེ་དོན་མེད་པར་རྟེན་འབྱུང་གི་དངོས་པོ་ཙམ་དུ་རྟོགས་པའི་ཕྱིར། རྣམ་ཤེས་ཙམ་དུ་དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱའོ། །ཡང་ཇི་ལྟར་བྱང་སེམས་འདིས་དེ་ཁོ་ན་ཉིད་དེ་ལྟར་རྟོགས་པར་འགྱུར་ཞེ་ན། གང་གི་ཕྱིར་བྱང་སེམས་འདིས་ནང་གི་བག་ཆགས་སྨིན་པ་ལས་གཟུགས་སོགས་འབྱུང་བར་འཆད་པར་འགྱུར་བའི་རིགས་པས་སེམས་ལ་རང་ལས་རྫས་གཞན་གྱི་གཟུང་བ་མེད་པར་དེ་ལས་དོན་གཞན་པའི་དེ་འཛིན་པར་བྱེད་པ་མ་མཐོང་ཞིང་། སྲིད་པ་ཁམས་གསུམ་པོ་ནི་རྣམ་པར་ཤེས་པ་ཙམ་མོ་ཞེས་རབ་ཏུ་རྟོགས་པས་ཏེ་ནས། གཉིས་སྟོང་གི་དེ་ཁོ་ན་ཉིད་ལ་ཡུན་རིང་པོར་གོམས་པར་བྱེད་ལ། དེ་གོམས་པ་ལས་ཀྱང་སྒྲས་དེ་ཁོ་ན་ཉིད་དུ་བརྗོད་དུ་མེད་པའི་དངོས་པོ་སྟེ་གཉིས་སྟོང་གི་ངོ་བོ་ཙམ་ཞིག་རང་རིག་པས་མངོན་སུམ་དུ་མཐོང་སྟེ། དེའི་ཕྱིར་སྔོན་དུ་གོམས་པའི་རིམ་པ་འདིས་ས་དྲུག་པ་བས་རྣམ་ཤེས་ཙམ་དུ་དེ་ཁོ་ན་ཉིད་


JLD016_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་འགྱུར་རོ། །གལ་ཏེ་འདི་དག་ཕྱི་རོལ་མེད་པའི་རྣམ་པར་རིག་པ་ཙམ་ཡིན་ན། འོ་ན་འདིར་ཕྱི་རོལ་མེད་པར་དེའི་རྣམ་པ་ཅན་གྱི་སེམས་ཙམ་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། སྨྲས་པ་ཇི་ལྟར་ཏེ་དཔེར་ན་རླབས་ཀྱི་རྟེན་དུ་གྱུར་པའི་རྒྱ་མཚོ་ཆེན་པོ་ནི། རླུང་གིས་བསྐུལ་བ་སྟེ་ཀུན་ནས་བསྐྱོད་པ་ལས། སྔར་གཉིད་ལོག་པ་ལྟ་བུའི་མི་གཡོ་བར་གནས་པ་ལས་ཆུའི་རླབས་རྣམས་འགྲེན་པའི་སྒོ་ནས་བདག་གི་ལུས་རྙེད་པ་ལྟར། ཡོངས་སུ་རྒྱུག་པར་རྟོགས་པ་དེ་བཞིན་དུ་ཕྱི་ནང་གི་དངོས་པོ་ཀུན་གྱི་ས་བོན་ཀུན་གཞི་རྣམ་ཤེས་ཞེས་བྱ་བ་ལས། ཆགས་སོགས་དང་དད་སོགས་འགག་བཞིན་པས་རང་དང་རྗེས་སུ་མཐུན་པའི་ནུས་པ་ཀུན་གཞི་ལ་བཞག་པའི་བག་ཆགས་སྨིན་པ་བས་མ་དག་པའི་གཞན་དབང་རྣམ་ཤེས་ཙམ་ཞིག་འབྱུང་བ་དེ་ཉིད་ལ། བྱིས་པ་རྣམས་གཟུང་བ་དང་འཛིན་པ་ཕྱི་ནང་དུ་རྒྱངས་ཆད་པར་འཛིན་པའི་ཚུལ་གྱིས་རྟོག་པར་བྱེད་ཀྱི་རྣམ་ཤེས་ལས་རྫས་ཐ་དད་པའི་གཟུང་བ་ནི་ཅུང་ཟད་ཀྱང་ཡོད་པ་མིན་ནོ། །འདི་ནི་དཔེར་ན་དབང་ཕྱུག་ལ་སོགས་པ་རྒྱུར་སྨྲ་བ་རྣམས། བ་ནི་བ་སྦྲ་རྣམས་ཀྱི་རྒྱུ། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང་། །བླག་ཤ་ཡལ་ག་རྣམས་ཀྱི་ལྟར། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་དབང་ཕྱུག་ལ་སོགས་པ་འགྲོ་བའི་བྱེད་པ་པོར་སྨྲ་བ་བཞིན་དུ། ཀུན་གཞི་རྣམ་ཤེས་སྨྲ་བ་རྣམས་ཀྱང་རྣམ་ཤེས་དམིགས་པའི་དངོས་པོ་མཐའ་དག་གི་རྟེན་ཉིད་ཀྱིས་ས་བོན་ཐམས་ཅད་པ་སྨྲ་བར་བྱེད་དོ། །


JLD016_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གང་དབང་ཕྱུག་རྟག་ལ་ཀུན་གཞི་རྣམ་ཤེས་མི་རྟག་གོ་ཞེས་བྱ་བ་འདི་ནི་ཁྱད་པར་རོ། །དེའི་ཕྱིར་ཚེ་རབས་གཞན་མང་པོར་མུ་སྟེགས་ཀྱི་ལྟ་བ་གོམས་པ་རྣམས་ནི་ཀུན་གཞི་བཤད་པས་འདུལ་བ་ཡིན་ནོ། །འོ་ན་འགྲེལ་པར་སེམས་ཙམ་པའི་འདོད་པ་བརྗོད་པ་ན། ཕྱི་རོལ་མེད་ཅེས་པ་མང་དུ་གསུངས་ཤིང་། རྣམ་པར་ཤེས་པ་ལས་ཐ་དད་པར་གྱུར་བའི་གཟུང་བ་ནི་ཅུང་ཟད་ཀྱང་ཡོད་པ་མིན་ཞེས། གཟུགས་སོགས་ཀྱི་གཟུང་བ་མེད་པ་ལ་རྣམ་ཤེས་ལས་ཐ་དད་པའི་ཞེས་ཁྱད་པར་སྨོས་པ་དང་། དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས་ཞེས་པའི་འགྲེལ་པ་ལས། རྣམ་པར་ཤེས་པ་ལས་ཐ་དད་པའི་མིག་གི་དབང་པོ་ནི་ཡོད་པ་མ་ཡིན་ནོ། །ཞེས་དགག་བྱ་ལ་ཁྱད་པར་སྔར་ལྟར་སྦྱར་བ་བཞིན་སེམས་ཙམ་གྱི་སྐབས་སུ་འདོད་རྒྱུ་ཡིན་ནམ། འོན་ཏེ་གཟུགས་སོགས་ལྔ་དང་དབང་པོ་གཟུགས་ཅན་ལྔ་མེད་ཅེས་ཁྱད་པར་མ་སྦྱར་བར་ཁས་བླང་རྒྱུ་ཡིན་སྙམ་ན། འགྲེལ་པ་འདིར་ཁྱད་པར་སྦྱར་མ་སྦྱར་གཉིས་ཀ་འདུག་ཀྱང་། སྐྱེ་བ་འགོག་པ་ལ་དགག་བྱ་ལ་ཁྱད་པར་སྦྱར་བ་མང་དུ་བྱུང་ན། མ་བྱུང་བའི་སྐབས་ཐམས་ཅད་དུ་ཡང་དེ་འཁྱེར་བ་བཞིན་དུ། འདིར་ཡང་དེ་ལྟར་བྱ་སྟེ། འདིར་ཕྱོགས་སྔ་མ་བརྗོད་པའི་གཞུང་ཐེག་བསྡུས་སུ། ཅིའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡིན་པ་དང་། ལུས་ཐམས་ཅད་ཉེ་བར་ལེན་པའི་གནས་སུ་གྱུར་པའི་ཕྱིར་ཏེ། འདི་ལྟར་ཚེ་ཇི་སྲིད་པར་


JLD016_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཇུག་གི་བར་དུ་དེས་དབང་པོ་གཟུགས་ཅན་ལྔ་པོ་དག་མ་ཞིག་པར་ཉེ་བར་བཟུང་བ་དང་། ཞེས་དང་། ཐུན་མོང་ནི་སྣོད་ཀྱི་འཇིག་རྟེན་གྱི་ས་བོན་གང་ཡིན་པའོ། །ཐུན་མོང་མ་ཡིན་པ་དེ་ནི་སོ་སོ་རང་གི་སྐྱེ་མཆེད་ཀྱི་ས་བོན་གང་ཡིན་པའོ། །ཐུན་མོང་གང་ཡིན་པ་དེ་ནི་ཚོར་བ་མེད་པ་འབྱུང་བའི་ས་བོན་ནོ། །ཞེས་ཀུན་གཞིའི་སྟེང་གི་སྣོད་ཀྱི་འཇིག་རྟེན་གྱི་ས་བོན་ཚོར་བ་མེད་པའི་དངོས་པོའི་ས་བོན་དུ་གསུངས་པ་དང་། བསྡུ་བ་ལས་ཀྱང་དེ་བཞིན་དུ་གསུངས་ཤིང་། རྟེན་འབྲེལ་མདོ་འགྲེལ་དུ། ཀུན་གཞི་རྣམས་ཀྱི་རྐྱེན་གྱིས་མིང་གཟུགས་འགྲུབ་པར་བཤད་པའི་མིང་ཕུང་པོ་ལྷག་མ་བཞི་དང་། གཟུགས་འབྱུང་བ་འབྱུང་འགྱུར་གྱི་གཟུགས་ལ་འཆད་ཅིང་། དེ་འདྲ་དེ་གཟུགས་མེད་ན་མེད་ཀྱང་ཁམས་གཞན་གཉིས་ན་ཡོད་པར་བཤད་པ་སོགས་སེམས་ཙམ་གྱི་ལུགས་ལ་གཟུགས་ཁས་ལེན་པ་མཐའ་ཡས་པ་ཅིག་སྣང་ངོ་། །དེ་ལྟ་མ་ཡིན་ན་སེམས་ཙམ་གྱི་སྐབས་སུ་གཟུགས་ཕུང་གི་སྟེང་ནས། དེ་ལྟར་གཟུགས་སྒྲ་སོགས་ཐ་སྙད་མཛད་པ་ཐམས་ཅད་ལ། གསར་དུ་མ་བཅོས་པ་ཐ་སྙད་བཏགས་པ་དེ་ཉིད་ཀྱིས་ཐ་སྙད་བྱེད་དུ་མི་རུང་བ་ཁོ་ནར་འགྱུར་བར་སྣང་ལ། དེ་འདྲ་བའི་ཐ་སྙད་བྱར་མི་རུང་བར་མཐོང་ཡང་ད་དུང་གྲུབ་མཐའ་འདི་ལེགས་སོ་ཞེས་པ་ནི་འཕགས་ཡུལ་གྱི་སངས་རྒྱས་པ་སུ་ལ་ཡང་མི་སྣང་ངོ་། །ཤེས་བྱ་ནང་གིར་སྨྲ་བ་ཞེས་པའི་མིང་དོན་ཀྱང་ཤེས་བྱ་ནི་གཟུགས་


JLD016_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སོགས་ཡིན་ལ། དེ་ཕྱི་རོལ་ཏུ་མི་འདོད་ཀྱི་ནང་ཤེས་པའི་དངོས་པོར་སྨྲ་བ་ལ་ཟེར་བ་ཡིན་ནོ། །གལ་ཏེ་སེམས་ཙམ་པས་གཟུགས་སྒྲ་སོགས་ཁས་ལེན་ན། དེ་ཕྱི་རོལ་ཡིན་པ་འགོག་པ་མིང་ཙམ་ལ་རྩོད་པར་འགྱུར་ཏེ། ཕྱི་རོལ་ཏུ་སྣང་བའི་གཟུགས་སོགས་འདི་ཉིད་ལ་ཕྱི་རོལ་ཏུ་འཇོག་པའི་ཕྱིར་རོ་ཞེ་ན། འདི་དང་དབུ་མ་པས་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་ནས་གཟུགས་སོགས་འཇོག་པ་ལ། རང་མཚན་གྱིས་གྲུབ་པར་སྣང་བའི་གཟུགས་སོགས་འདི་ཉིད་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཇོག་པའི་ཕྱིར། དེ་ཡོད་མེད་ལ་རྩོད་པ་མིང་ལ་རྩོད་པའོ་ཞེས་པ་དང་འདྲ་སྟེ། གྲུབ་མཐའ་གཉིས་ཀའི་དཀའ་གནས་ཆེན་པོར་སྣང་བས། དབུ་མའི་ཚུལ་དཀའ་བར་མ་ཟད་སེམས་ཙམ་པའི་ལུགས་འདི་ལ་ཡང་། ཕྱི་རོལ་བཀག་ན་གཟུགས་སོགས་ཀྱང་མེད་པར་འགྲོ་ཞིང་། གཟུགས་སོགས་བཞག་ན་ཕྱི་རོལ་ཡང་བཞག་དགོས་པར་མཐོང་བར་འདུག་པའི་ཕྱིར་རོ། །འདི་དག་དཀའ་མོད་ཀྱང་མངས་བས་འཇིགས་ནས་མ་བྲིས་སོ། །གང་གི་ཕྱིར་གསུང་རབ་ཀྱི་རྣམ་པར་བཞག་པ་ནི་སྔར་བཤད་པ་འདི་ཡིན་པར་གྲགས་པ་དེའི་ཕྱིར་གཞན་གྱི་དབང་རང་བཞིན་གྱིས་གྲུབ་པའི་ངོ་བོ་གང་ཡིན་པ་འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། གང་གི་ཕྱིར་གཟུང་འཛིན་གྱི་དངོས་པོ་བཏགས་པར་ཡོད་པ་སྟེ། རྫས་ཐ་དད་དུ་ཡོད་པར་འཛིན་པ་སོགས་ཀྱི་རྟོག་པའི་དྲ་བ་མ་ལུས་པའི་རྒྱུ་སྟེ་གཞིར་འགྱུར་བར་འདོད་པའི་ཕྱིར་རོ། །ཐག་པའི་རྒྱུ་མཚན་ཅན་


JLD016_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྦྲུལ་དུ་འཁྲུལ་བ་ནི་ཐག་པ་མེད་པའི་གཞིར་མི་སྐྱེ་ལ། བུམ་པ་ལ་སོགས་པའི་རྒྱུ་མཚན་ཅན་གྱི་འཁྲུལ་བ་ནི། ས་ལ་སོགས་པ་མེད་པའི་ནམ་མཁའི་ཕྱོགས་སུ་སྐྱེ་བར་མི་འགྱུར་བ་བཞིན་དུ། ཕྱི་རོལ་གྱི་དོན་མེད་ན་སྔོན་པོ་ལ་སོགས་པ་ཕྱི་རོལ་ཏུ་འཁྲུལ་བའི་རྟོག་པ་འཁྲུལ་གཞི་ཇི་འདྲ་བ་ཞིག་གི་རྒྱུ་ཅན་དུ་འགྱུར། དེའི་ཕྱིར་གདོན་མི་ཟ་བར་ཕྱི་རོལ་ཏུ་འཁྲུལ་བའི་རྟོག་པའི་རྒྱུ་གཟུང་འཛིན་རྫས་ཐ་དད་པ་གཉིས་སུ་སྣང་བའི་མ་དག་གཞན་དབང་ཁས་བླང་དགོས་ཏེ། སྣང་གཞི་དེ་ཉིད་ཀུན་བྱང་གི་འཆིང་གྲོལ་གཉིས་ཀའི་རྒྱུ་ཡིན་པའི་ཕྱིར་རོ། །དབུ་སེམས་གང་གི་ལུགས་ཀྱིས་ཀྱང་དེ་ལྟ་སེམས་ཅན་རྣམས་ལ་སྣང་ཞིང་། སྣང་བ་ལྟར་དུ་བདེན་པར་ཞེན་པའི་ཞེན་གཞི་དེ། ཞེན་ཡུལ་དེས་སྟོང་པར་བསྟན་པ་ཅིག་ཡོད་ན། སྟོང་ཉིད་དེ་རྟོགས་པ་ལམ་དུ་འགྲོ་བ་ཡིན་གྱི། སེམས་ཅན་རང་དགའ་བ་རྣམས་ཀྱིས་བདེན་པར་ཞེན་པའི་ཞེན་ཡུལ་སུན་ཕྱུང་བའི་སྟོང་ཉིད་རྟོགས་པ་ལམ་དུ་མི་བྱེད་པར་སྟོང་པ་གཞན་ཞིག་བདེན་པར་སྒྲུབ་པ་ནི། ཐོག་མ་མེད་པ་ནས་ཞུགས་པའི་བདེན་ཞེན་ཕྲ་རགས་གང་གི་ཡང་གཉེན་པོར་མི་འགྲོ་བས་ངལ་བ་འབྲས་མེད་དོ། །དེ་ལྟར་ན་གཉིས་སུ་སྣང་བའི་གཞན་དབང་གང་ལ་གཟུང་འཛིན་རྫས་ཐ་དད་པ་སྣང་བ་བཞིན་དུ། ཡོད་པར་འཛིན་པའི་ཞེན་ཡུལ་གྱི་ཀུན་བརྟགས་གང་མེད་པ་དེ་ནི། གཞི་དེ་དགག་བྱ་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ལ། སྟོང་གཞི་དང་སྟོང་པ་གང་ཞིག་


JLD016_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལྷག་མར་ལུས་པར་གྱུར་པ་དེ། འདི་ན་བདེན་པར་ཡོད་པ་ཡིན་ནོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་འདི་ནི་སྟོང་པ་ཉིད་ཀྱི་དོན་ཀྱང་ལེགས་པར་གཟུང་བར་འགྱུར་རོ། །འདིར་ཕྱོགས་སྔར་མཛད་པ་ནི་བྱང་ས་དང་དབུས་མཐའི་འགྲེལ་པ་ལས། གང་ལ་གང་མེད་པ་ཞེས་སོགས་ཀྱི་དོན་སྔར་ལྟར་བཤད་པ་དེ་ཡིན་ལ། རྒྱུད་བླ་མའི་འགྲེལ་པར་གང་ཞིག་གང་ན་མེད་པ་དེ་ནི་ཞེས་སོགས་ཀྱི་དོན་བཀྲལ་བ་ནི། སྔ་མ་གཉིས་དང་གཏན་མི་འདྲ་བར་དབུ་མའི་འགྲེལ་ཚུལ་དུ་ཡོད་དེ་མངས་པས་འཇིགས་ནས་མ་བྲིས་སོ། །གཞན་དབང་དེ་ནི་ཕྱི་རོལ་གྱི་གཟུང་བ་མེད་པར་རང་གི་བག་ཆགས་ཁོ་ན་ལས་འབྱུང་བར་འགྱུར་ལ། རང་བཞིན་གྱིས་ཡོད་པ་དང་འདིའི་ལུགས་ཀྱི་དོན་དམ་པར་སྒྲ་རྟོག་གི་སྤྲོས་པ་ཀུན་ཏེ་ཐམས་ཅད་ཀྱི་ཡུལ་མིན་པའི་རང་བཞིན་ཅན་དུ་ཡོད་དེ། ཕྱི་ནང་གི་མངོན་པར་བརྗོད་པ་ནི་དངོས་སུ་མ་བརྟགས་པའི་རྣམ་པ་འཛིན་པའི་ཕྱིར་རོ། །མདོར་ན་གཞན་དབང་ལ་ཁྱད་པར་གསུམ་ཡོད་དེ། ཕྱི་རོལ་མེད་པར་འབྱུང་བ་དང་རང་བཞིན་གྱིས་ཡོད་པ་དང་། དོན་དམ་པར་སྤྲོས་པ་ཡིན་ནོ་ཅོག་གི་ཡུལ་མ་ཡིན་པའོ། །བརྟག་པར་ཡོད་པའི་རྒྱུ་ནི་རང་བཞིན་གྱིས་ཡོད་པའི་དངོས་པོའི་ཁོངས་སུ་འདུ་བས་དེ་ནི་ཁྱད་པར་གསུམ་པོ་ལས་ཐ་མི་དད་དོ། །གཞན་དབང་ཡོད་ཅེས་པ་ནི་ཡོད་ཙམ་མིན་གྱི་ཡོད་པ་ཁྱད་པར་བ་ཡིན་ཏེ། སློབ་དཔོན་བློ་བརྟན་གྱིས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་བྱ་བ་གསུངས་ཏེ། རང་བཞིན་གྱིས་ཞེས་བྱ་བ་ཚིག་གི་ལྷག་མའོ། །


JLD016_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར་ཡིན་པས། ཁྱད་པར་འདི་ངེས་པ་འོག་ཏུ་གལ་ཆེའོ། །གཉིས་པ་ལ་གཉིས། དགག་པ་རྒྱས་པར་བརྗོད་པ་དང་། དེ་ལྟར་བཀག་པའི་མཇུག་བསྡུ་བའོ། །དང་པོ་ལ་གསུམ། ཕྱི་རོལ་མེད་པའི་ཤེས་པ་རང་བཞིན་གྱིས་གྲུབ་པའི་དཔེ་དགག །བག་ཆགས་ཀྱི་ནུས་པ་ལས་དོན་གྱིས་སྟོང་པའི་ཤེས་པ་སྐྱེ་བའི་དོན་དགག །དེ་ལྟར་བཀག་པ་དང་མི་སྡུག་པ་སྒོམ་པ་གཉིས་མི་འགལ་བར་བསྟན་པའོ། །དང་པོ་ལ་གཉིས། རྨི་ལམ་གྱི་དཔེ་དགག་པ། སྐྲ་ཤད་མཐོང་བའི་དཔེ་དགག་པའོ། །དང་པོ་ལ་གསུམ། རྨི་ལམ་གྱི་དཔེས་ཤེས་པ་རང་བཞིན་གྱིས་ཡོད་པ་མི་འགྲུབ་པ། རྨིན་ལམ་གྱི་དཔེས་སད་དུས་སུ་ཕྱི་རོལ་མེད་པ་མི་འགྲུབ་པ། རྨི་ལམ་གྱི་དཔེས་དངོས་པོ་ཐམས་ཅད་བརྫུན་པར་འགྲུབ་པའོ། །དང་པོ་ནི། སེམས་ཙམ་པ་ཁྱེད་ཕྱི་རོལ་མེད་ལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སེམས་ཡོད་པར་འདོད་ན། དཔེར་ན་འདི་བཞིན་ཞེས་འདིའི་དཔེ་ནི་གང་དུ་ཡོད་ཅེས་འདི་ཉིད་དཔྱད་པར་བྱའོ། །སེམས་ཙམ་པས་སྨྲས་པ། དཔེར་ན་ཁང་མིག་ཤིན་ཏུ་ཆུང་དུའི་ནང་དུ་ཉལ་ཞིང་། གཉིད་ཀྱིས་ལོག་པས་གླང་པོ་ཆེ་མྱོས་པའི་ཁྱུ་རྨིས་པའི་གླང་པོ་ཆེ་ནི། ཁང་མིག་དེར་ཇི་ལྟར་ཡང་ཡོད་པ་མིན་ཏེ། དེའི་ཕྱིར་རྨི་ལམ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ཡུལ་མེད་བཞིན་དུ། རྣམ་ཤེས་རང་བཞིན་གྱིས་གྲུབ་པ་འདི་ངེས་པར་ཁས་བླང་བར་བྱའོ་ཞེ་ན། འདི་ཡང་སྙིང་པོ་མེད་པ་ཉིད་དུ་བསྟན་པའི་ཕྱིར་


JLD016_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ། དཔེ་དེ་ཉིད་འདིར་བསམ་པ་སྟེ་དཔྱད་པར་བྱའོ། །ཡང་དཔྱད་པར་བྱ་བ་དེ་ཅི་ཞིག་ཅེ་ན། གང་གི་ཚེ་རྨི་ལམ་ན་ཡང་བ་ལང་མྱོས་པའི་ཁྱུའི་རྣམ་པ་ཅན་གྱི་སེམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་ནི། ཡུལ་གླང་པོ་ཆེ་མེད་པ་ལྟར་ངའི་ལུགས་ལ་ཡོད་པ་མིན་ཏེ། མ་སྐྱེས་པའི་ཕྱིར་རོ། །རྣམ་ཤེས་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་ན། དེའི་ཚེ་གཉིས་ཀ་ལ་གྲུབ་པའི་ཁྱེད་ཀྱི་དཔེ་ཡོད་པ་མིན་པས། ཕྱི་རོལ་མེད་པར་རྣམ་པར་ཤེས་པ་ཡོད་པ་མིན་ནོ། །འདིར་རྨི་ལམ་ན་སྣང་བའི་གླང་པོ་ཆེ་མེད་པ་བཞིན་དུ་ཡུལ་ཅན་ཤེས་པ་ཡང་མེད་པར་སྟོན་པ་ནི་མིན་གྱི་རང་བཞིན་གྱིས་གྲུབ་པའི་ཤེས་པ་མེད་པར་སྟོན་པ་ལ་ངེས་པར་འདོད་དགོས་ཏེ། སྔར་བཤད་པ་ལྟར་སེམས་ཙམ་པས་ཕྱི་རོལ་མེད་པའི་གཞན་དབང་ཁས་བླངས་པ་ནི། གཞན་དབང་རང་བཞིན་གྱིས་གྲུབ་པ་ཡིན་པའི་ཕྱིར་དང་། དགག་པ་འདི་རྣམས་ཀྱིས་དོན་བསྡུར། མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །བློ་ཡང་མེད། ཅེས་པའི་འགྲེལ་པར་ཤེས་བྱའི་རྣམ་པ་ཅན་གྱི་བློ་ཡང་རང་གི་བདག་ཉིད་ཀྱིས་མ་སྐྱེས་པར་རིག་པར་བྱའོ། །ཞེས་གསལ་བར་གསུངས་ཤིང་། གཞན་ཡང་རྩ་འགྲེལ་གཉིས་སུ་འདི་འདྲའི་རིགས་འགོག་པའི་ཚེ། དགག་བྱ་ལ་ཁྱད་པར་སྦྱར་བ་དུ་མ་ཞིག་ཡོད་པའི་ཕྱིར་དང་། སླར་ཡང་དེ་ལས་བདག་ཉིད་ཆེན་པོས་སེམས། །མ་རིག་ལས་ལས་སྐྱེས་པར་ཅི་ཕྱིར་གསུངས། ཞེས་མ་རིག་པས་འདུ་བྱེད་འདུ་བྱེད་ཀྱིས་རྣམ་ཤེས་


JLD016_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པར་གསུངས་པ་རང་གིའང་ལུགས་ཡིན་པའི་ཕྱིར་ན། རྣམ་ཤེས་མེད་པ་འདིའི་ལུགས་སུ་སྨྲ་བ་ལ་ནི་རྟོག་ལྡན་ལ་དོགས་པའི་གནས་མེད་དོ། །དེའི་ཕྱིར་ཤེས་བྱ་དང་ཤེས་པ་ལ་ཡོད་མེད་མགོ་མཚུངས་མཛད་པ་ཐམས་ཅད་ནི་དགག་བྱའི་ཁྱད་པར་གྱི་སྟེང་ནས་ཤེས་པར་བྱའོ། །ཅི་སྟེ་རྨི་ལམ་ན་རྣམ་པར་ཤེས་པ་འཁྲུལ་པ་མེད་ན། དེའི་སད་པས་རྨི་ལམ་གྱི་དུས་གྱི་ཉམས་སུ་མྱོང་བ་ཕྱིས་དྲན་པར་མི་འགྱུར་རོ་སྙམ་ན། འདི་ནི་ཤེས་པ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་ན། ཤེས་པ་ཡེ་མེད་པར་བསམས་པའི་རྩོད་པའོ། །དེ་ལྟར་རྩོད་པ་འདི་ཡང་མི་རུང་སྟེ། གལ་ཏེ་གཉིད་སད་པའི་ཚེ་རྨི་ལམ་གྱི་ཉམས་སུ་མྱོང་བ་དྲན་པ་ལས། རྨི་ལམ་གྱི་ཡིད་རང་བཞིན་གྱིས་གྲུབ་པ་ཡོད་ན། རྨི་ལམ་གྱི་གླང་པོ་ཆེ་ལ་སོགས་པ་ཕྱི་རོལ་ཏུ་སྣང་བའི་ཡུལ་ཡང་ཡིད་དེ་བཞིན་དུ་ཡོད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཇི་ལྟར་ཁྱོད་ཀྱི་སད་པའི་ཚེ་ངས་རྨི་ལམ་གྱི་དུས་སུ་མཐོང་སྙམ་པའི་ཡུལ་ཅན་གྱི་དྲན་པ་ཡོད་པ་ལས་ཡིད་ཡོད་པ་དེ་བཞིན་དུ། རྨི་ལམ་གྱི་ཚེ་ཡུལ་འདི་མཐོང་སྙམ་པའི་ཡུལ་མྱོང་དེ་འདྲ་བ་ཕྱི་རོལ་ཏེ་ཡུལ་ལ་ཡང་དྲན་པ་ཡོད་པས། ཡུལ་ཡང་ཡོད་པའམ་ཡང་ན་རྣམ་ཤེས་ཀྱང་ཡོད་པ་མིན་ནོ་ཞེས་ཁས་བླང་བར་བྱའོ། །འོ་ན་རྨི་ལམ་གྱི་ཡུལ་དང་ཡུལ་ཅན་དྲན་པ་རང་ལུགས་ལ་ཡང་ཡོད་པས། དེ་གཉིས་ཡོད་མེད་ཇི་ལྟར་བྱ་ཞེ་ན། འདིར་འགྲེལ་བར་རྨི་


JLD016_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་མྱོང་བ་དྲན་པ་དང་། རྨི་ལམ་གྱི་ཡུལ་ཉམས་སུ་མྱོང་བ་དྲན་པ་གཉིས་བཤད་པས། རྨི་ལམ་གྱི་སྐབས་སུ་གླང་པོ་ཆེ་ལ་སོགས་པ་སྣང་བ་ན། དཔེར་ན་བྱད་བཞིན་གྱི་གཟུགས་བརྙན་མཐོང་བ་ན་དེ་སྣང་བའི་མིག་ཤེས་ཀྱིས་བྱད་བཞིན་མྱོང་བ་མིན་ཀྱང་། གཟུགས་བརྙན་ལ་ལྟོས་པའི་ཡུལ་མྱོང་ཡོད་པ་བཞིན་དུ། རྨི་ལམ་གྱི་ཚེ་ཡང་གླང་པོ་ཆེ་མྱོང་བའི་ཡུལ་མྱོང་མེད་ཀྱང་། དེར་སྣང་བའི་ཡུལ་མྱོང་ཡོད་པས་ཡུལ་དྲན་ཟེར་ཡང་ཡུལ་དེ་མྱོང་བ་དྲན་པའོ། །དམིགས་མྱོང་སོ་སོར་འབྱེད་པ་ནི་སྐབས་འགའ་ཞིག་མ་གཏོགས་པ་འདི་འདྲ་བ་མང་པོ་ཞིག་ལ་མི་དགོས་སོ། །དེ་ལྟར་ན་ཕྱི་རོལ་གྱིས་སྟོང་པའི་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་འཇོག་པར་མི་ནུས་ཏེ། དངོས་ཀྱི་དཔེ་ཡང་མི་སྲིད་ལ་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་པ་ལྟ་བུ་ལ་དངོས་ཀྱི་དཔེ་མེད་ཀྱང་། སྦྱོར་བའི་འགོད་ཚུལ་གཞན་གྱིས་སྒྲུབ་པ་ལྟ་བུའི་དཔེ་ཡང་འདི་ལ་མེད་པས། སེམས་ཙམ་པ་འགོག་པ་ནི་རིགས་པ་ཤིན་ཏུ་སྟོབས་ཆེ་བར་ཤེས་པར་བྱའོ། །གཉིས་པ་ནི། གལ་ཏེ་གླང་པོ་ཆེ་ལ་སོགས་པའི་གཟུགས་རྨི་ལམ་ན་ཡོད་ན། དེ་འཛིན་པའི་མིག་ཤེས་ཀྱང་རྨི་ལམ་ན་ཡོད་པར་འགྱུར་ན་དེ་ནི་མི་རིགས་ཏེ། གཉིད་ལོག་པ་ན་གཉིད་ཀྱིས་དཀྲུགས་པ་ལ་མིག་གི་བློ་སྟེ་ཤེས་པ་མི་སྲིད་པས། གླང་པོ་ཆེ་ལ་སོགས་པའི་གཟུགས་མིག་གི་སྐྱེ་མཆེད་ཀྱིས་གཟུང་བར་བྱ་བ་ཡོད་པ་མིན་ལ། ཡིད་ཀྱི་ཤེས་པ་ཁོ་ན་ཡོད་དོ། །དེའི་ཕྱིར་ཕྱི་རོལ་གྱི་གཟུགས་ཀྱི་སྐྱེ་མཆེད་མེད་པ་


JLD016_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཡིན་ཞིང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཕྱི་རོལ་དེའི་རྣམ་པ་སྣང་བ་ཙམ་ལ་ཕྱི་རོལ་ཉིད་དུ་མངོན་པར་ཞེན་པ་ནི་བཟློག་ཏུ་མེད་པར་འབྱུང་ངོ་། །རྨི་ལམ་དུ་ཕྱི་རོལ་མེད་པར་རྣམ་པར་ཤེས་པ་ཙམ་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ། སད་པའི་སྐབས་འདིར་འདོད་དོ་ཞེ་ན། འདི་ནི་སྔར་གྱི་དཔེ་དེ་མ་གྲུབ་ཏུ་ཆུག་ཀྱང་རྨི་ལམ་གྱི་དཔེས་སད་པའི་སྐབས་སུ་ཕྱི་རོལ་མེད་པའི་རྣམ་ཤེས་འགྲུབ་བོ་སྙམ་པའོ། །དེ་ནི་མ་ཡིན་ཏེ་རྨི་ལམ་དུ་ཡིད་ཀྱི་རྣམ་ཤེས་འབྱུང་བ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པ་ནི། རྨི་ལམ་དུ་གཟུགས་ཀྱི་སྐྱེ་མཆེད་མེད་དུ་ཆུག་ཀྱང་། དེ་མེད་པའི་ཡིད་ཀྱི་རྣམ་ཤེས་རང་བཞིན་གྱིས་གྲུབ་པ་རྨི་ལམ་ནའང་མི་སྲིད་པས། ཕྱི་རོལ་མེད་པ་དང་ཡིད་ཤེས་རང་བཞིན་གྱིས་ཡོད་པ་གཉིས་ཚོགས་པ་དེ་དཔེར་མི་རུང་ཞེས་པའོ། །འདི་ལྟར་ཇི་ལྟར་ཁྱོད་ཀྱི་ལྟར་ན་ཕྱི་རོལ་གྱི་ཡུལ་དེ་དོན་རྨི་ལམ་དུ་མ་སྐྱེས་པ་དེ་བཞིན་དུ། ཡིད་ཀྱི་རྣམ་ཤེས་ཀྱང་རང་བཞིན་གྱིས་སྐྱེས་པ་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་སད་པའི་ཚེ་གཟུགས་མཐོང་བ་ན། མིག་དང་གཟུགས་དང་ཡིད་གསུམ་པོ་འདུས་པ་དེ་བཞིན་དུ། རྨི་ལམ་དུ་ཡང་ཡུལ་ཡོངས་སུ་གཅོད་པ་ན་གསུམ་འདུས་པར་བློས་དམིགས་པ་ཡིན་ནོ། །ཇི་ལྟར་རྨི་ལམ་དེར་མིག་དང་མིག་གི་ཡུལ་གཟུགས་གཉིས་མེད་པ་དེ་བཞིན་དུ། དེ་གཉིས་ཀྱིས་བསྐྱེད་པའི་སེམས་མིག་གི་རྣམ་ཤེས་ཀྱང་ཡོད་པ་ཡང་མ་ཡིན་པས། རྨི་ལམ་


JLD016_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མིག་གཟུགས་ཡིད་གསུམ་པོ་ཐམས་ཅད་ཀྱང་ནི་བརྫུན་པ་ཡིན་ནོ། །གསུམ་པོ་དེ་བཞིན་དུ་རྣ་བ་སོགས་མིག་གི་གསུམ་གྱི་ལྷག་མ་གསུམ་པོའང་རང་བཞིན་གྱིས་སྐྱེ་བ་མེད་དོ། །འདིར་སོགས་པའི་སྒྲས་ནི་སྒྲ་དང་རྣ་བའི་རྣམ་པར་ཤེས་པ་ནས་ཡིད་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་བར་བསྡུའོ། །ཞེས་གསུངས་པའི་རྣ་བའི་དབང་པོ་ནས་ལུས་དབང་གི་བར་བཞི་དང་། སྒྲའི་ནས་རེག་བྱའི་སྐྱེ་མཆེད་ཀྱི་བར་བཞི་དང་། རྣ་བའི་རྣམ་ཤེས་སོགས་བཞི་ནི་སྔར་མིག་གི་གསུམ་ལ་བཤད་པ་བཞིན་དུ། རྨི་ལམ་ན་དེ་དག་མེད་ཀྱང་དེ་དག་གི་རྣམ་པར་སྣང་བས་བརྫུན་པ་དང་། ཡིད་ཀྱི་གསུམ་ནི་རྨི་ལམ་ན་ཡོད་ཀྱང་རང་བཞིན་གྱིས་མེད་བཞིན་དུ་དེར་སྣང་བས་བརྫུན་པའོ། །དེའི་ཕྱིར་རྨི་ལམ་ན་དབང་ཤེས་ཡོད་པ་སློབ་དཔོན་འདིའི་ལུགས་སུ་བྱས་ནས་དེ་ལ་དགག་པ་བྱེད་པ་ནི། བློ་གྲོས་ཀྱི་འཇུག་པ་ཤིན་ཏུ་རྩིང་བས། ཕྱོགས་སྔའི་ནམ་མ་ལངས་པ་ལ་དགག་པའི་ཉི་མ་ཤར་བ་ཡིན་ཞེས་གྲགས་པ་བཞིན་ཡིན་པས། རྒྱང་རིང་དུ་དོར་བར་བྱ་སྟེ་བོད་ཀྱི་མཁས་པར་རློམ་པ་འགའ་ཞིག་ལ། འདི་འདྲ་བའི་གྲུབ་མཐའ་ལ་མཁས་པའི་དབང་པོ་སེམས་དཔའ་ཆེན་པོ་ཡིན། ངོ་ཤེས་པ་རྣམས་ཀྱི་ལུགས་རགས་པའང་མ་གོ་བར། དེ་རྣམས་བསོད་ནམས་མ་ཡིན་པ་རྒྱུན་ལྡན་དུ་གསོག་པའི་ཞིང་དུ་གཟུང་ནས། སེམས་ཅན་དུ་མ་ཞིག་བསོད་ནམས་མ་ཡིན་པ་ལ་སྦྱོར་བར་སྣང་བས་བག་ཡོད་པར་བྱོས་ཤིག །འདིར་


JLD016_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཙམ་པས་གལ་ཏེ་གཉིད་ནང་ཞེས་སོགས་ཀྱིས་བཤད་པ་བཞིན་དུ་རང་ལུགས་བཞག་པ་ལ། སློབ་དཔོན་ལེགས་ལྡན་གྱིས་ཀྱང་དཔེ་མ་གྲུབ་པའི་ལན་མཛད་པ་ན། ཆོས་ཀྱི་སྐྱེ་མཆེད་དུ་གཏོར་བའི་གཟུགས་ཡིད་ཀྱི་ཤེས་པས་གཟུང་བར་བྱ་བ་ཅིག །རྨི་ལམ་ན་ཡོད་པས་རྣམ་པར་ཤེས་པ་ནི་ཡུལ་མེད་པར་འགར་ཡང་ཡོད་པ་མ་ཡིན་ནོ་ཞེས་སྨྲའོ། །འདི་ལ་དེ་ཡང་རིགས་པ་མ་ཡིན་ཏེ། རྨི་ལམ་ན་རྣམ་པ་ཐམས་ཅད་དུ་གསུམ་པོ་མི་སྲིད་པའི་ཕྱིར་རོ། །ཅི་སྟེ་གཞན་གྱི་གཞུང་ལུགས་བསལ་བར་བྱ་བའི་ཕྱིར་དེ་ལྟར་ཁས་ལེན་ན་ནི། དེའི་ཚེ་རྨི་ལམ་གྱི་དཔེ་དོན་མེད་པ་ཉིད་དུ་འགྱུར་ཏེ། དེ་བརྫུན་པ་མ་ཡིན་པའི་དོན་ཅན་ཡིན་པ་ཉིད་ཀྱིས་དཔེ་ལས་བྱུང་བ་དངོས་ཀྱི་དོན་བརྫུན་པའི་དོན་ཉིད་དུ་བསྟན་པ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་དོན་ནི་ཡུལ་དབང་རྣམ་ཤེས་གསུམ་རང་བཞིན་གྱིས་གྲུབ་པ་ནི་རྨི་ལམ་ན་ཡང་རྣམ་པ་ཐམས་ཅད་དུ་མི་སྲིད་པའི་ཕྱིར། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཤེས་པ་ལས་དོན་གཞན་རྨི་ལམ་ན་ཡོད་པ་མི་རིགས་ཞེས་བཤད་རྒྱུ་ཡིན་ལ། དེའི་ཚེ་གཟུགས་དེ་རང་གིས་ཀྱང་བཞེད་དགོས་ལ། དེ་རྨི་ལམ་ན་ཡང་ཡོད་པ་མི་འགལ་བས། གཟུགས་དེ་ལེགས་ལྡན་གྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞལ་གྱིས་བཞེས་བར་གསལ་བས་དེ་མེད་པའི་རྒྱུ་མཚན་དུ་བྱའོ། །ཅི་སྟེ་སེམས་ཙམ་པའི་ལུགས་ཕྱིའི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་དོན་གཞན་མེད་པ་


JLD016_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རྨི་ལམ་དཔེར་འཇོག་པ་དེས་སེལ་ནུས་པས། དེ་བསལ་བའི་ཕྱིར་གཟུགས་དེ་རང་མཚན་གྱིས་གྲུབ་པར་ཁས་ལེན་ན་ནི། དེའི་ཚེ་དབུ་མ་པས་བདེན་མེད་སྒྲུབ་པ་ལ་རྨི་ལམ་གྱི་དཔེ་བཀོད་པ་དོན་མེད་དོ། །རྨི་ལམ་དེ་བརྫུན་པ་མ་ཡིན་པའི་དོན་ཅན་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཉིད་ཀྱིས་དཔེ་ལས་བྱུང་བ་སྟེ། དེས་མཚོན་པའི་དངོས་ཀྱི་དོན་བརྫུན་པ་ཉིད་དུ་གྲུབ་པ་མི་སྲིད་པའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་པ་མ་བཀག་བར་དུ། བདེན་མེད་སྒྲུབ་པའི་རྟགས་ཆོས་དཔེ་དེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེས་ན་སྔར་རང་གི་ལུགས་ཀྱི་རྨི་ལམ་ན་གང་སྣང་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་ལན་བཏབ་པ་ཆེས་ལེགས་སོ། །འོ་ན་རང་ལུགས་ཀྱིས་རྨི་ལམ་གྱི་གཟུགས་གསལ་བར་སྣང་བ་རྣམས་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སུ་འདོད་དམ་མི་འདོད་ཅེ་ན། རྨི་ལམ་ན་དབང་ཤེས་མེད་པས་ཡུལ་ལྔར་སྣང་བ་རྣམས་ནི་ཡིད་ཤེས་ཁོ་ན་ལ་སྣང་བས་ན། དེ་ལ་གཟུགས་ཀྱི་སྐྱེ་མཆེད་སོགས་ལྔ་བཞག་ཏུ་མེད་ཀྱང་། ཡིད་ཙམ་གྱི་ངོར་ཀེང་རུས་གསལ་བར་སྣང་བ་ལྟ་བུ་ཆོས་ཀྱི་སྐྱེ་མཆེད་དུ་འཇིག་པ་དང་འདྲ་བས། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཡིན་ལ། དེ་ཡང་དེའི་གཟུགས་ལྔ་ལས་ཀུན་བརྟགས་པའི་གཟུགས་ཡིན་ནོ། །འདིས་ནི་འདི་འདྲ་བ་མང་པོ་ཞིག་ཤེས་པར་བྱའོ། །གསུམ་པ་ནི། གང་གི་ཕྱིར་རྨི་ལམ་ན་ཡུལ་དབང་རྣམ་ཤེས་སུ་སྣང་བ་གསུམ་ཆར་ཡང་མི་བདེན་པ་དེའི་ཕྱིར། རྨི་ལམ་བདེན་མེད་དུ་རབ་ཏུ་གྲུབ་


JLD016_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་ཆོས་གཞན་བདེན་མེད་དུ་མ་གྲུབ་པ་རྣམས་བསྒྲུབ་པའི་ཕྱིར། སད་པའི་ཚེ་ན་ཡང་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་བསྒྲུབས་པར་འགྱུར་རོ་ཞེས་བཤད་པ། ཇི་ལྟར་རྨི་ལམ་གྱི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་བརྫུན་པ་དེ་བཞིན་དུ། སད་པའི་སྐབས་འདིར་ཡང་དངོས་པོ་རྣམས་བརྫུན་པ་ཡིན་པས། སེམས་དེ་རང་བཞིན་གྱིས་ཡོད་པ་མ་ཡིན་ལ། དེ་བཞིན་དུ་དབང་པོའི་སྤྱོད་ཡུལ་གཟུགས་ལ་སོགས་པ་རྣམས་མེད་ཅིང་། དབང་པོ་རྣམས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་དོ། །དེའི་ཕྱིར་མདོ་ལས། ཇི་ལྟར་སྒྱུ་མའི་སེམས་ཅན་དམིགས་པ་ལྟར། །སྣང་ཡང་དེ་ཉིད་དུ་ན་ཡང་དག་མིན། །སྒྱུ་མ་ལྟ་བུ་རྨི་ལམ་དང་འདྲ་བ། །དེ་ལྟའི་ཆོས་ནི་བདེ་བར་གཤེགས་པས་བསྟན། ཞེས་དང་། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་མི་སྐྱེ་སུ་ཡང་འཆི་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །ཞེས་བྱ་བ་ལ་སོགས་པ་ཡང་ལེགས་པར་བཤད་པར་འགྱུར་རོ་ཞེས་གསུངས་ལ། སུ་ཡང་མི་སྐྱེ་སོགས་ནི། དེ་ཉིད་དུ་ན་ཡང་དག་མིན། །ཞེས་དགག་བྱ་ལ་ཁྱད་པར་མཛད་པ་ལྟར་སྦྱར་རོ། །མདོ་དེ་དག་གིས་རྨི་ལམ་གྱི་དཔེས་ཆོས་ཐམས་ཅད་དེ་ཁོ་ནར་མ་གྲུབ་པར་བཤད་པ་དེ་དབུ་མ་ལ་འགྲིག་གི །སེམས་ཙམ་ལ་མི་འགྲིགས་པས་ལེགས་པར་བཤད་པར་འགྱུར་ཞེས་གསུངས་སོ། །དེའི་ཕྱིར་འཇིག་རྟེན་འདི་ན་ཇི་ལྟར་


JLD016_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་པའི་གཉིད་ཡོད་ཀྱང་། དེ་ལས་ཐ་དད་པའི་ཐ་མལ་པའི་གཉིད་དང་བྲལ་བས་སད་པ་འགའ་ཞིག་ལ། རང་གི་བདག་ཉིད་ཀྱིས་མ་སྐྱེས་ཀྱང་མ་རིག་པའི་གཉིད་ཀྱིས་རྨི་ལམ་རྨི་བཞིན་པས་དམིགས་པའི་ངོར། །གསུམ་ཆར་ཡང་ཡོད་པ་དེ་བཞིན་དུ་ཇི་སྲིད་དུ་གཉིད་དང་མ་བྲལ་བ་མ་སད་པ་རྣམས་ལ་ཡང་། དེ་སྲིད་དུ་དེ་ལ་སྟེ་དེའི་ངོར་ཡུལ་དབང་རྣམ་ཤེས་གསུམ་པོ་ཡང་ཡོད་པ་ཡིན་ནོ། །གཉིད་སད་པར་གྱུར་པ་ན། རྨི་ལམ་གྱི་གསུམ་ཆར་ཡོད་པ་མིན་པ་ལྟར། གཏི་མུག་གི་གཉིད་ཟད་པ་སྟེ་མ་ལུས་པར་དྲུངས་ཕྱུང་བ་ལས། ཆོས་ཀྱི་དབྱིངས་མངོན་སུམ་དུ་མཛད་པའི་སངས་རྒྱས་རྣམས་ལ་ནི། གསུམ་ཆར་ཡང་ཡོད་པ་མ་ཡིན་པས་ཕྱི་རོལ་མེད་པའི་རྣམ་པར་ཤེས་པ་མེད་དོ། །དེ་ཡང་ཇི་ལྟར་གཟིགས་པའི་ངོར་ནི་གསུམ་པོ་མི་སྣང་ལ། ཇི་སྙེད་པ་གཟིགས་པའི་ངོར་ནི་ཡུལ་ཅན་རང་ཉིད་མ་རིག་པའི་བག་ཆགས་ཀྱིས་བསླད་པའི་དབང་གིས་སྣང་བ་མེད་ཀྱང་། གང་ཟག་གཞན་གྱི་ཤེས་པ་བསླད་པའི་དབང་གིས་སྣང་བ་རྣམས། དེ་ལ་སྣང་བའི་སྒོ་ནས་སངས་རྒྱས་ལ་སྣང་ནས་མཁྱེན་པ་ཡིན་ནོ། །གཉིས་པ་ནི། འོ་ན་རབ་རིབ་ཅན་གྱིས་ཡོད་པ་མ་ཡིན་པའི་སྐྲ་ཤད་ལ་སོགས་པ་དམིགས་པའི་ཕྱིར། ཕྱི་རོལ་མེད་ཀྱང་རྣམ་པར་ཤེས་པ་རང་བཞིན་གྱིས་ཡོད་པ་ཡིན་ནོ་ཞེ་ན་དེ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། མིག་གི་དབང་པོ་རབ་རིབ་དང་བཅས་པ་ལ་བློ་གང་གིས་རབ་རིབ་ཀྱི་མཐུ་ལས་སྐྲ་ཤད་རྣམས་གང་མཐོང་བ་ན། གང་


JLD016_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་དེའི་བློ་ཡི་མཐོང་བ་ལ་ལྟོས་ན་ནི། མིག་ཤེས་དང་སྐྲ་བཤད་ཀྱི་རྣམ་པ་སྟེ་སྐྲ་ཤད་དུ་སྣང་བའི་ཡུལ་གཉིས་ཆར་ཡང་ཡོད་པ་ཡིན་ལ། དོན་གསལ་མཐོང་བ་སྟེ་རབ་རིབ་མེད་པའི་མིག་གིས་མཐོང་བ་ལ་ལྟོས་ན་ནི་སྐྲ་ཤད་དུ་སྣང་བ་དང་། དེ་སྣང་བའི་ཤེས་པ་གཉིས་ཀའང་བརྫུན་པ་སྟེ་མ་སྐྱེས་པ་ཡིན་ཏེ། སྣང་བ་ཙམ་གྱི་ཡུལ་ཡང་མེད་པར་ཤེས་པ་ཡོད་པ་ངེས་པར་དཀའ་བའི་ཕྱིར་རོ། །འདི་ནི་གདོན་མི་ཟ་བར་དེ་ལྟར་ངེས་པར་འདོད་དགོས་སོ། །དེ་ལྟར་མ་ཡིན་ཏེ་གལ་ཏེ་རབ་རིབ་ཅན་ལ་ཤེས་བྱ་སྐྲ་ཤད་མེད་པར་སྐྲ་ཤད་ཀྱི་རྣམ་པ་ཅན་གྱི་རང་བཞིན་གྱིས་གྲུབ་པའི་བློ་སྐྱེ་བ་ཡོད་ན་གང་དུ་རབ་རིབ་ཅན་གྱིས་སྐྲ་ཤད་དེ་མཐོང་བའི་ཡུལ་དེར་མིག་ནི་རྗེས་སུ་འབྲེལ་བ་སྟེ་གཏད་པའི་རབ་རིབ་མེད་པ་ལའང་རབ་རིབ་ཅན་དང་འདྲ་བར་སྐྲ་ཤད་མཐོང་བའི་བློ་སྐྱེ་བར་འགྱུར་ཏེ། ཡུལ་མེད་པར་མཚུངས་པའི་ཕྱིར་རོ། །འདི་ནི་རང་བཞིན་གྱིས་གྲུབ་པའི་གཞན་ལས་སྐྱེ་ན། གཞན་ཡིན་ཚད་ཐམས་ཅད་ལས་སྐྱེ་བར་འཕེན་པ་བཞིན་དུ་རང་བཞིན་གྱིས་གྲུབ་པའི་ཤེས་པ་ཞིག་སྐྱེ་ན། ཡུལ་སྐྲ་ཤད་མེད་པར་མཚུངས་པ་ལ། རབ་རིབ་ཅན་ལ་དེ་མཐོང་བ་སྐྱེ་ལ། རབ་རིབ་མེད་པ་ལ་དེ་མཐོང་བ་མི་སྐྱེ་བ་མི་འཐད་དེ། ཤེས་པ་དེ་རབ་རིབ་ལ་མི་ལྟོས་པར་འཕུལ་ནུས་པས་འབྲེལ་མེད་དུ་འགྲོ་བའི་ཕྱིར་རོ། །རབ་རིབ་མེད་པ་ལ་སྐྲ་ཤད་དུ་སྣང་བའི་བློ་སྐྱེ་བ་དེ་ལྟ་མ་ཡིན་པ་དེའི་ཕྱིར་


JLD016_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་མེད་པར་རང་བཞིན་གྱིས་གྲུབ་པའི་ཤེས་པ་དེ་ཡོད་པ་མིན་ནོ། །གཉིས་པ་ལ་གསུམ། བག་ཆགས་སྨིན་མ་སྨིན་ཉིད་ལས་དོན་སྣང་གི་རྣམ་ཤེས་སྐྱེ་བ་དང་མི་སྐྱེ་བ་དགག་པ། སླར་ཡང་ཕྱི་རོལ་མེད་པར་རྣམ་ཤེས་ཡོད་ཚུལ་བརྗོད་པ་དགག་པ། སེམས་ཙམ་གྱི་ལུགས་བཀག་པ་ལ་ལུང་གི་གནོད་པ་མེད་པར་བསྟན་པའོ། །དང་པོ་ལ་གཉིས། གཞན་ལུགས་བརྗོད་པ་དང་། ལུགས་དེ་དགག་པའོ། །དང་པོ་ནི། གལ་ཏེ་སྐྲ་ཤད་དུ་སྣང་བའི་སྐྲ་ཤད་ལྟ་བུའི་ཡུལ་གྱི་ཡོད་པ་ཉིད་རྣམ་ཤེས་སྐྱེ་བའི་རྒྱུ་ཡིན་ན། རབ་རིབ་མེད་པ་ལ་ཡང་སྐྲ་ཤད་སྣང་བར་འགྱུར་བ་ཞིག་ན་དེ་ནི་མིན་ནོ། །འོ་ན་ཅི་ཞེ་ན། རྣམ་ཤེས་སྐྱེ་བའི་བག་ཆགས་སྔར་བཞག་པ་དེ་སྨིན་པ་དང་མ་སྨིན་པ་དེ་དག་རྣམ་པར་ཤེས་པ་སྐྱེ་བ་དང་མི་སྐྱེ་བའི་རྒྱུ་ཡིན་ཏེ། དེའི་ཕྱིར་གང་ཟག་གང་ལ་སྐྲའི་རྣམ་པ་ཅན་གྱི་ཤེས་པ་སྔ་མ་གཞན་གྱིས་བཞག་པའི་བག་ཆགས་སྨིན་པ་ཡོད་པ་དེ་ཁོ་ན་ལ། སྐྲ་ཤད་ཀྱི་རྣམ་པ་ཅན་གྱི་ཤེས་པ་འབྱུང་གི །གང་གི་ཕྱིར་རབ་རིབ་མེད་པར་ཡུལ་མཐོང་བ་དག་ལ་སྐྲ་ཤད་དུ་སྣང་བའི་བློ་ཡི་ནུས་པ་བག་ཆགས་ནི་སྨིན་པ་མེད་པ་དེའི་ཕྱིར་རབ་རིབ་མེད་པ་དེ་ལ་སྐྲ་ཤད་མཐོང་བའི་བློ་སྐྱེ་བར་མི་འགྱུར་བ་ཡིན་གྱི། ཤེས་བྱ་སྐྲ་ཤད་དུ་ཡོད་པའི་དངོས་པོ་དང་བྲལ་བས་བློ་དེ་མི་སྐྱེ་བ་མིན་ནོ་ཞེ་ན། གཉིས་པ་ལ་གསུམ། ད་ལྟར་བ་ལ་ནུས་པ་རང་བཞིན་གྱིས་གྲུབ་པ་དགག །མ་འོངས་པའི་ནུས་པ་རང་བཞིན་གྱིས་གྲུབ་པ་དགག །འདས་པ་ལ་ནུས་པ་


JLD016_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ནི། གལ་ཏེ་ནུས་པ་ཞེས་པ་རང་བཞིན་གྱིས་གྲུབ་པ་ཞིག་ཡོད་ན་ནི། དེའི་ཚེ་ནུས་པ་དེ་སྨིན་མ་སྨིན་ལས་རྣམ་ཤེས་འབྱུང་མི་འབྱུང་ཡོད་དུ་ཆུག་ན་ཡང་། ནུས་པ་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་མེད་པས། འདི་ནི་འགྲུབ་པ་མ་ཡིན་ནོ། །ཇི་ལྟར་མི་འགྲུབ་ཅེ་ན། ནུས་པ་འདི་རྟོག་པ་ན་རྣམ་ཤེས་ད་ལྟར་བའི་འབྲེལ་པ་ཅན་ཞིག་གམ། རྣམ་ཤེས་འདས་པ་དང་མ་འོངས་བའི་འབྲེལ་པ་ཅན་ཞིག་ཏུ་འགྱུར་གྲང་། དེ་ལ་རེ་ཞིག་སྐྱེས་པ་སྟེ་ད་ལྟར་བ་ལ་ནུས་པ་ངོ་བོ་ཉིད་ཀྱིས་གྲུབ་པ་སྲིད་པ་ཉིད་ཡོད་པ་མ་ཡིན་ལ། མ་སྐྱེས་པ་མ་འོངས་པའི་ངོ་བོ་ལ་ཡང་ནུས་པ་ཡོད་པ་མ་ཡིན་ནོ། །དེ་ལ་རེ་ཞིག་རྣམ་ཤེས་ད་ལྟར་བ་ལ་ནུས་པ་འདོད་པ་ན། རྣམ་ཤེས་དང་ནུས་པ་གཉིས་ཀ་དུས་མཚུངས་སུ་འགྱུར་ལ། དེའི་ཚེ་ནུས་པ་དང་ནུས་པ་ཅན་གཉིས་ལ་ནུས་པའི་རྣམ་ཤེས་ཞེས་རྣམ་དབྱེ་དྲུག་པ་ཡིན་པ་དེའི་ཚེ། དེ་གཉིས་དོན་གཞན་དུ་མི་རིགས་པས་ནུས་པའི་རྣམ་ཤེས་ནི་ནུས་པ་ཉིད་དུ་ཡོད་པ་མི་རིགས་ཏེ། ཡོད་ན་ནི་འབྲས་བུ་ལ་རང་ལས་གཞན་པའི་རྒྱུ་མེད་པ་ཅན་དུ་འགྱུར་ཞིང་། མྱུ་གུ་སྐྱེས་པ་ན་ཡང་ས་བོན་མི་འཇིག་པར་འགྱུར་རོ། །གང་གི་ཚེ་ནུས་པ་དང་ནུས་པ་ཅན་གཉིས་ལ་ནུས་པ་ལས་རྣམ་ཤེས་ཞེས་རྣམ་དབྱེ་ལྔ་པ་ཡིན་པ་དེའི་ཚེ་ནི། རྣམ་པར་ཤེས་པ་སྐྱེས་པ་དུས་མཉམ་པའི་ནུས་པ་ལས་འབྱུང་བར་མི་རིགས་ཏེ། རྒྱུའི་དུས་ན་འབྲས་བུ་ཡང་ཡོད་པའི་ཕྱིར་རོ། །


JLD016_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་རེ་ཞིག་རྣམ་ཤེས་ད་ལྟར་བ་ལ་དེའི་རྒྱུའི་ནུས་པ་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། རྣམ་ཤེས་མ་སྐྱེས་པ་ལ་ནུས་པ་ཡོད་ན་ནི། རྣམ་པར་ཤེས་པའི་ནུས་པ་ཞེས་སྦྱར་བ་ན། ནུས་པ་ཁྱད་པར་གྱི་གཞི་དང་རྣམ་ཤེས་ཁྱད་པར་གྱི་ཆོས་ཡིན་ནོ། །དེ་ལ་རྣམ་ཤེས་མ་སྐྱེས་པ་མ་འོངས་པ་ནི། རྣམ་པར་ཤེས་པའོ་ཞེས་སྒྲུབ་པའི་ངོ་བོར་བསྟན་པར་མི་ནུས་ལ། རྣམ་པར་ཤེས་པ་མ་ཡིན་ཞེས་རང་བཞིན་གྱིས་གྲུབ་པའི་དགག་པའི་ངོ་བོར་བསྟན་པར་མི་ནུས་སོ། །གང་གི་ཚེ་རྣམ་ཤེས་མ་འོངས་པ་ད་ལྟར་རྣམ་ཤེས་སུ་མེད་པ་དེའི་ཚེ། ནུས་པ་འདི་ནི་རྣམ་ཤེས་འདིའི་ནུས་པའོ་ཞེས་བྱ་བར་གང་གིས་ནུས་པ་ཁྱད་པར་དུ་བྱེད་པར་འགྱུར་ཏེ་མི་འགྱུར་རོ། །དེ་ལྟར་ན་ཁྱད་པར་རྣམ་ཤེས་མེད་པར་དེས་ཁྱད་པར་དུ་བྱས་པ་ཅན་གྱི་ནུས་པ་ཡོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་མོ་གཤམ་གྱི་བུ་ལའང་དེའི་ནུས་པ་ནི་ཡོད་པར་ཐལ་བར་འགྱུར་རོ། །གལ་ཏེ་རྣམ་ཤེས་གང་ཞིག་ནུས་པ་ལས་སྐྱེ་འགྱུར་དེ་སྙིང་ལ་བསམས་ནས། རྣམ་ཤེས་འདི་ཡི་ནུས་པ་འདི་ཡིན་ཞིང་ནུས་པ་འདི་ལས་རྣམ་ཤེས་འདི་འབྱུང་བར་འགྱུར་རོ། །ཞེས་དེ་ལྟར་ཁྱད་པར་དང་ཁྱད་གཞིའི་དངོས་པོར་འགྱུར་ཏེ། འཇིག་རྟེན་ན་འབྲས་ཆན་ཚོས་ཤིག་ཅེས་པ་དང་། སྣལ་མ་འདི་ལ་རས་ཡུག་ཐོགས་ཤིག་ཅེས་འབྱུང་འགྱུར་གྱི་འབྲས་ཆན་དང་། སྣམ་བུ་ལ་བསམས་ནས་དེ་སྐད་སྨྲས་པ་དང་། མཛོད་ལས་ཀྱང་། མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོ་སྒྱུར་དང་རང་བྱུང་གཉིས། །ཞེས་


JLD016_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྒྱུར་སོགས་སུ་འགྱུར་རྒྱུ་ཞིག་མངལ་དུ་འཇུག་པ་ལ། དེ་དག་མངལ་དུ་འཇུག་པར་བཤད་པ་བཞིན་འབྱུང་བར་འགྱུར་བའི་རྣམ་ཤེས་ལ་བསམས་ནས་རྣམ་ཤེས་ཀྱི་ནུས་པ་ཞེས་བསྙད་པར་འདོད་དོ་ཞེ་ན། དེ་ཡང་སྙིང་པོ་མེད་དེ། རེས་འགའ་ཞིག་ཏུ་ཡོད་པར་འགྱུར་ན་ནི། འབྲས་བུ་དེ་ད་གཟོད་འབྱུང་བར་འགྱུར་གྱི། རྟག་ཏུ་དུས་ནམ་གྱི་ཚེ་ཡང་མི་འབྱུང་བར་ངེས་པ་མོ་གཤམ་གྱི་བུ་ལ་སོགས་པ་དང་། འདུས་མ་བྱས་ཀྱི་ནམ་མཁའ་ལ་སོགས་པ་ནི། ད་ལྟ་དང་དུས་ཕྱིས་གང་དུ་ཡང་མི་འབྱུང་ངོ་། །དེའི་ཕྱིར་གལ་ཏེ་རང་བཞིན་གྱིས་གྲུབ་པའི་ནུས་པ་ཡོད་ན་རྣམ་ཤེས་འབྱུང་དུ་ཆུག་ཀྱང་། གང་གི་ཚེ་ད་ལྟ་མ་འོངས་པའི་རྣམ་ཤེས་རང་བཞིན་གྱིས་གྲུབ་པ་ནི་དུས་ནམ་ཡང་མེད་པས། དེ་སྐྱེད་པའི་ནུས་པ་གཏན་མེད་པ་དེའི་ཚེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་རང་བཞིན་གྱིས་གྲུབ་པའི་རྣམ་ཤེས་སྐྱེད་པའི་ནུས་པ་མེད་པར་རང་བཞིན་གྱིས་གྲུབ་པའི་རྣམ་ཤེས་འདི་ཡི་འབྱུང་བར་འགྱུར་བ་མེད་དོ། །དབུ་མ་པས་མྱུ་གུ་སྐྱེ་བ་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག་པའི་སྐབས་མང་པོར། མྱུ་གུ་ས་བོན་གྱི་དུས་སུ་མེད་ཀྱང་སྐྱེ་ན། རི་བོང་གི་རྭ་ལ་སོགས་པ་ཡང་སྐྱེ་བར་འགྱུར་རོ། །ཞེས་ཧ་ཅང་ཐལ་བ་འཕེན་པའི་གནད་ནི་རང་མཚན་གྱིས་གྲུབ་པའི་མྱུ་གུ་ནི་སྐབས་གཅིག་ཏུ་མེད་ན་དུས་ནམ་ཡང་མེད་དགོས་པས། གཞི་མ་གྲུབ་དང་ཁྱད་མེད་དུ་འགྲོ་བའི་རྒྱུ་མཚན་གྱིས་ཡིན་གྱི།


JLD016_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་མྱུ་གུ་ས་བོན་གྱི་དུས་ན་མེད་ཀྱང་སྐྱེ་ན། རི་བོང་གི་རྭ་ཡང་སྐྱེ་བར་ཐལ་ཞེས་འགོག་པ་གཏན་མིན་ནོ། །རིགས་པ་འདིས་ནི་འབྲས་ཆན་ལ་སོགས་པ་ཡང་བཤད་པ་ཡིན་ཏེ། རང་བཞིན་གྱིས་སྐྱེ་བ་ལྟར་ན། འབྲས་ཆན་སོགས་འབྱུང་འགྱུར་ཡང་གཏན་མེད་དགོས་པའི་ཕྱིར་རོ། །གཞན་ཡང་རྣམ་ཤེས་འབྱུང་འགྱུར་ཡོད་པ་ལ་ལྟོས་ནས་དེའི་ནུས་པ་འཇོག་ལ། ནུས་པ་ལས་རྣམ་ཤེས་འབྱུང་ངོ་ཞེས་ནུས་པ་ལ་ལྟོས་ནས་རྣམ་ཤེས་འཇོག་ན། ཕན་ཚུན་གྱི་དོན་ལ་བརྟེན་པའི་འགྲུབ་པར་འགྱུར་རོ། །དེ་འདོད་དོ་ཞེ་ན། དེ་ལྟར་ན་རྣམ་ཤེས་རང་བཞིན་གྱིས་གྲུབ་པ་མིན་པར་ཉིད་ཅེས་དམ་པ་མཁྱེན་རབ་མངའ་བ་རྣམས་ཀྱིས་གསུང་སོ། །འགྲེལ་པར་རིང་ཐུང་དང་ཕ་རོལ་ཚུ་རོལ་ལྟ་བུའི་ལྟོས་འགྲུབ་རྣམས་ནི་བཏགས་པར་ཡོད་པར་འགྱུར་གྱི། གྲུབ་པ་རང་བཞིན་པ་མེད་པར་གསུངས་པས་དེ་དག་ལ་གྲུབ་པ་སྤྱིར་འགོག་པ་མིན་གྱིས་རང་བཞིན་གྱིས་གྲུབ་པ་འགོག་པའི་ཁྱད་པར་རྣམས་ཤེས་པར་བྱའོ། །དེ་ལྟར་སྨྲ་ན་ནི་ཁོ་བོ་ཅག་གི་སྨྲ་བའི་རྗེས་སུ་འབྲང་བར་འགྱུར་རོ། །དེ་ལྟར་ན་རྣམ་ཤེས་མ་འོངས་པ་ལ་ཡང་ནུས་པ་མེད་དོ། །གསུམ་པ་ནི། ད་ནི་འདས་པ་ལ་ཡང་ནུས་པ་མེད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། གལ་ཏེ་སྐྱེས་ནས་འགག་བཞིན་པའི་རྣམ་ཤེས་ཀྱིས་རང་དང་མཐུན་པའི་འབྲས་བུའི་དོན་དུ། ཀུན་གཞི་རྣམ་ཤེས་ལ་བག་ཆགས་ཀྱི་ནུས་པའི་ཁྱད་པར་བཞག་པ། རྣམ་པར་ཤེས་པ་འགགས་པའི་ནུས་པ་སྨིན་པ་ལས་འབྱུང་


JLD016_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི་རྣམ་ཤེས་འབྱུང་བར་འགྱུར་ན་ནི། རང་བཞིན་གྱིས་གྲུབ་པའི་གཞན་གྱི་ནུས་པ་ལས་འབྲས་བུའི་རྣམ་ཤེས་གཞན་འབྱུང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྒྱུན་ཅན་སྐད་ཅིག་མ་རྣམས་རིམ་ཅན་དུ་འབྱུང་བ་དེར། ཁྱོད་ལྟར་ན་སྔ་ཕྱི་ཕན་ཚུན་ངོ་བོ་ཉིད་ཀྱིས་ཐ་དད་པ་ཡོད་པའི་ཕྱིར་རོ། །དེ་ཡང་རྒྱུན་གྱི་བྱིངས་ལས་ཏ་ནུ་ནི་རྒྱས་པ་ལའོ་ཞེས་པ་ལ་རྐྱེན་བྱིན་པས་བརྒྱུད་པས་ན་རྒྱུན་ནོ། །ཞེས་པར་འགྱུར་ཏེ། ཆུ་ཀླུང་གི་རྒྱུན་ལྟར་རྒྱུན་ཆགས་པར་རྒྱུ་དང་འབྲས་བུ་འབྲེལ་པར་འཇུག་པ་ན། སྐྱེ་འཆི་བརྒྱུད་པས་བར་སྟོང་མེད་པར་རྣམས་པར་མ་ཆད་པར་གནས་པ། འདུ་བྱེད་ཀྱི་སྐད་ཅིག་དུས་གསུམ་པའི་ཉེ་བར་ལེན་པ་ཅན་ལ་བྱ་སྟེ། སྐད་ཅིག་མ་རྣམས་གང་གི་ཆ་ཤས་ཡིན་པའི་ཆ་ཅན་ཡིན་གྱི་སྔ་ཕྱི་བར་མ་ཆད་པ་ཙམ་མིན་ནོ། །དེ་ནི་རྒྱུན་ཀྱི་ཆ་ཤས་རྫས་ཀྱི་སྐད་ཅིག་མ་རྣམས་ལ་ཡོད་པས་ན། རྒྱུན་གྱི་ཡན་ལག་རྫས་ཀྱི་སྐད་ཅིག་མ་རྣམས་ལ་རྒྱུན་ཅན་ཞེས་བརྗོད་དེ། རྒྱུན་གྱི་ཆ་ཤས་དང་ཡན་ལག་རྣམས་ཆ་ཅན་གྱི་རྒྱུན་དེའི་ཡིན་པས་རྒྱུན་ལ་དེའི་ཉེ་བར་ལེན་པ་ཞེས་བརྗོད་དེ། དཔེར་ན་བུམ་པ་ནི་བུམ་པའི་མཆུ་དང་མགྲིན་པ་ལ་སོགས་པའི་ཉེ་བར་ལེན་པ་ཡིན་པ་བཞིན་ནོ། །སྐད་ཅིག་སྔ་ཕྱི་དེ་དག་ཕན་ཚུན་གཞན་དང་གཞན་དུ་ཐ་དད་ཅིང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ཉིད་དུ་ཕ་རོལ་པོས་ཁས་བླངས་པ་ཡིན་ནོ། །དེ་ལྟར་ན་རང་བཞིན་གྱིས་གྲུབ་པའི་གཞན་གྱི་ནུས་པ་ལས་


JLD016_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འབྱུང་བར་འགྱུར་རོ། །གལ་ཏེ་དེ་ནི་འདོད་པའི་ཕྱིར་སྐྱོན་མ་ཡིན་ནོ་སྙམ་ན། དེའི་ཕྱིར་དངོས་པོ་ཐམས་ཅད་རང་ལས་གཞན་པའི་དངོས་པོ་ཀུན་ལས་འབྱུང་བར་འགྱུར་རོ། །གལ་ཏེ་ཡང་སྐད་ཅིག་སྔ་ཕྱི་རིམ་གྱིས་འཇུག་པ་དེར་ནི་རྒྱུན་ཅན་རྫས་ཀྱི་སྐད་ཅིག་མ་རྣམས་ཕན་ཚུན་ངོ་བོ་ཉིད་ཀྱིས་གྲུབ་པའི་ཐ་དད་དེ་གཞན་ཉིད་ཡོད་མོད་ཀྱི། དེ་ལྟ་ནའང་སྐད་ཅིག་སྔ་ཕྱི་བ་དེ་དག་ལ་རྒྱུན་ནི་ཐ་དད་པ་མེད་པ་སྟེ་གཅིག་པ་ཁོ་ན་ཡིན་པ་དེའི་ཕྱིར། ཐམས་ཅད་ཐམས་ཅད་ལས་སྐྱེ་བར་ཐལ་བའི་ཉེས་པ་མེད་དོ་ཞེ་ན་སྔ་ཕྱི་རྒྱུད་གཅིག་ཡིན་པ་འདི་ནི་གཞན་སྐྱེ་ལ་ཧ་ཅང་ཐལ་བ་སྤོང་བའི་ལན་དངོས་གཞིའོ། །སྔ་ཕྱི་ངོ་བོ་ཉིད་ཀྱིས་གྲུབ་པའི་སོ་སོ་བ་ལ་རྒྱུད་གཅིག་གྲུབ་ན། སྐྱོན་མེད་དུ་ཆུག་ཀྱང་རྒྱུད་གཅིག་པ་འདི་མ་གྲུབ་པས་ན་རྒྱུད་གཅིག་པ་འདི་ནི་བསྒྲུབ་པར་བྱ་བ་ཞིག་གོ །ཅིའི་ཕྱིར་ཞེ་ན། སྔ་ཕྱི་ངོ་བོ་ཉིད་ཀྱིས་གྲུབ་པའི་ཐ་དད་རྣམས་ལ་ཐ་མི་དད་པའི་རྒྱུན་ཏེ་རྒྱུད་གཅིག་པའི་གོ་སྐབས་མི་རིགས་པའི་ཕྱིར་ཏེ། དཔེར་ན་བྱམས་པ་དང་ཉེར་སྤས་ལ་བརྟེན་པ་སྟེ་རྒྱུད་དུ་གཏོགས་པ་ནི། གང་ཟག་སོ་སོའི་གཞན་ཉིད་ཡིན་པའི་ཕྱིར་ན། རྒྱུད་གཅིག་ཏུ་གཏོགས་པ་མིན་པ་དེ་བཞིན་དུ། སྔ་ཕྱི་བ་གང་དག་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སོ་སོ་བ་དེ་དག་ནི། རྒྱུད་གཅིག་ཏུ་གཏོགས་པ་སྟེ་གཅིག་པ་ཉིད་རིགས་པ་དང་ལྡན་པ་མ་ཡིན་ནོ། །དེ་ལྟར་ན་གཞན་སྐྱེ་ལ་ཧ་ཅང་ཐལ་བ་འཕངས་པའི་སྐྱོན་སྤོང་ལ། ས་ལུའི་ས་མྱུག་རྒྱུད་གཅིག་ཡིན་ལ་ནས་ཀྱི་ས་མྱུག་དང་རྒྱུད་


JLD016_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཅིག་པས་ཐམས་ཅད་ལས་ཐམས་ཅད་མི་སྐྱེ་ཞེས་ཟེར་བས། །སྐྱོན་སྤོང་མི་ནུས་པའི་གནད་ཕ་རོལ་པོས། རང་མཚན་གྱིས་གྲུབ་པའི་གཞན་ཁས་བླངས་པ་ལ་ཐུག་པར་བསྟན་པས། གཞན་ཙམ་ལ་འཕེན་པ་མིན་པར་ཤིན་ཏུ་གསལ་བ་ལ་ལྡོག་པ་གཅིག་པའི་དཔུང་འཕུལ་སོགས་བྱེད་པ་དང་། རང་མཚན་གྱིས་གྲུབ་པའི་གཞན་ཅེས་གསུངས་པ་དགག་བྱའི་ཁྱད་པར་སྦྱར་བ་མ་གོ་བས། དཔལ་ལྡན་ཟླ་བ་ཉིད་ཀྱིས་སྐྱོན་སྤོང་མི་ནུས་པར་གསུངས་པའི་རྒྱུ་མཚན་བཞག་ནས་མ་གསུངས་པའི་རྟོག་བཟོ་བྱེད་པ་ནི་ཡང་དག་པའི་གྲུབ་མཐའ་སློད་པའོ། །གཉིས་པ་ལ་གཉིས། གཞན་གྱི་ལུགས་བརྗོད་པ་དང་། ལུགས་དེ་དགག་པའོ། །དང་པོ་ནི། དེ་སྐད་བསྟན་པ་ཡིན་དང་སླར་ཡང་སེམས་ཙམ་པས་རང་གི་ལུགས་བརྗོད་པ་གཙོ་བོར་བྱས་པ་ཉིད་ཀྱིས་རང་གི་འདོད་དོན་འགྲུབ་པར་བསམས་ཤིང་སྨྲས་པ། མིག་གི་བློ་སྟེ་རྣམ་པར་ཤེས་པ་སྐྱེ་བའི་རང་གི་ནུས་པ་བག་ཆགས་གང་ཞིག་ཀུན་གཞི་ལ། རྣམ་ཤེས་གཞན་གྱིས་རང་འགག་བཞིན་པ་ན། དེ་མ་ཐག་ཏུ་འཇོག་པར་བྱེད་ལ། དེ་སྨིན་པ་ལས་དུས་ཕྱིས་སྔ་མ་དེའི་རྣམ་པའི་རྗེས་སུ་བྱེད་པའི་མིག་གི་རྣམ་ཤེས་སྐྱེ་བར་འགྱུར་ཞིང་། རང་གི་སྟེ་མིག་གི་རྣམ་ཤེས་དེ་ནུས་པའི་སྐད་ཅིག་བར་མེད་པ་གང་ཞིག་ལས་སྐྱེ་བའི་ནུས་པའི་སྐད་ཅིག་པར་མེད་པ་རྟེན་དུ་གྱུར་པ་དེ་ལ། གཏི་མུག་གིས་འཇིག་རྟེན་རྣམས་དབང་པོ་གཟུགས་ཅན་མིག་ཡིན་ནོ་སྙམ་དུ་རྟོགས་


JLD016_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། རྣམ་ཤེས་ལས་ཐ་དད་པའི་མིག་དབང་ནི་ཡོད་པ་མིན་ནོ། །དེ་བཞིན་དུ་དབང་པོ་གཟུགས་ཅན་ལྷག་མ་ལ་ཡང་སྦྱར་བར་བྱའོ། །དེ་ལ་མིག་ཤེས་སྐྱེ་བའི་རྒྱུ་བག་ཆགས་ནི་དེའི་རྒྱུའི་རྐྱེན་ཡིན་ལ། མིག་གི་དབང་པོ་ནི་མིག་ཤེས་ཀྱི་བདག་པོའི་རྐྱེན་ནོ། །འདིར་མིག་དབང་མིག་ཤེས་ཀྱི་དངོས་རྒྱུར་བསྟན་པ་ནི། མིག་ཤེས་སྐྱེ་བའི་བག་ཆགས་སྨིན་པའི་སྐབས་ལ་དགོངས་ཀྱི་མིག་དབང་གང་ཡིན་ལ་མིན་ནོ། །དེ་ཡང་དབུས་མཐའ་ལས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་བོ་དེ་དོན་མེད། །ཅེས་དོན་གཟུགས་སོགས་དང་། སེམས་ཅན་དབང་པོ་ལྔར་སྣང་བའི་རྣམ་ཤེས་སྐྱེའོ་ཞེས་གསུངས་པ་ནི་ཀུན་གཞི་རྣམ་ཤེས་ཡིན་ལ་སློབ་དཔོན་བློ་བརྟན་གྱིས་ཀྱང་དབང་པོ་གཟུགས་ཅན་རྣམས་ཀུན་གཞིའི་དམིགས་པར་བཤད་པས། སེམས་ཙམ་པ་ཀུན་གཞི་ཁས་ལེན་པ་རྣམས་ཀྱིས་ཀུན་གཞི་ལ་དབང་པོ་གཟུགས་ཅན་དུ་སྣང་བ་མིག་དབང་སོགས་སུ་འདོད་དོ། །རྣམ་ཤེས་ལས་ཐ་དད་པའི་མིག་དབང་སོགས་མེད་པར་བསྟན་ནས། གཟུགས་ཀྱང་རྣམ་པར་ཤེས་པ་ལས་དོན་གཞན་པ་མེད་པར་བསྟན་པའི་ཕྱིར་སྨྲས་པ། འཇིག་རྟེན་འདི་ན་དབང་པོ་ལྔ་ལས་བྱུང་བའི་རྣམ་པར་རིག་པ་ལྔ། སྔོན་པོ་ལ་སོགས་པའི་ཕྱི་རོལ་གྱི་གཟུང་བ་མེད་པར་རྣམ་ཤེས་རང་གི་ས་བོན་ཀུན་གཞི་ལ་བཞག་པ་སྨིན་པ་ལས། སྔོ་སོགས་སུ་སྣང་བ་ཉིད་འབྱུང་བར་མ་རྟོགས་ནས། སྐྱེ་བོས་སེམས་སྔོ་སོགས་སུ་སྣང་བ་ལ་ཕྱི་རོལ་གྱི་གཟུང་བར་ཁས་ལེན་པ་སྟེ་མངོན་པར་ཞེན་ནོ། །དེའི་


JLD016_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྣམ་ཤེས་ལས་དོན་གཞན་པའི་ཕྱི་རོལ་མེད་དོ། །བཤད་པའི་རྣམ་པ་གཅིག་ཏུ་ན། རྨི་ལམ་ན་ནི་གཟུགས་དོན་གཞན་དུ་གྱུར་པ་མེད་པར་རང་གི་བག་ཆགས་ཀྱི་ནུས་པ་སྨིན་པ་ལས། གཟུགས་སྒྲ་སོགས་དེའི་རྣམ་པ་ཅན་གྱི་སེམས་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ། སད་པའི་སྐབས་ལའང་འདིར་ཕྱི་རོལ་གྱི་དོན་མེད་པར་ཡིད་ནི་ཡོད་དོ་ཞེ་ན། གཉིས་པ་ནི། དེ་ནི་མི་རིགས་ཏེ། ཇི་ལྟར་མིག་དབང་མེད་པར་རྨི་ལམ་དུ་སྔོ་སོགས་སྣང་བའི་ཡིད་ཤེས་ཀྱི་སེམས་འབྱུང་བ་དེ་ལྟར་དུ། མིག་དབང་མེད་པར་རྣམ་ཤེས་རང་གི་ས་བོན་བག་ཆགས་ནི་སྨིན་པ་ལས། སད་པའི་ལོང་བ་ལ་ཡང་མ་ལོང་བ་ལྟ་བུའི་གཟུགས་མཐོང་བ་སོགས་ཅིའི་ཕྱིར་མི་སྐྱེ་སྟེ་རྨི་ལམ་དང་སད་པ་གཉིས་ཀར་ཡང་མིག་དབང་མེད་པར་མཚུངས་པའི་ཕྱིར་རོ། །འདི་ཡང་ཕྱིའི་གཟུགས་སོགས་མེད་པར་རྣམ་ཤེས་རང་བཞིན་གྱིས་གྲུབ་པ་སྐྱེ་ན། རྨི་ལམ་དང་སད་པ་གཉིས་ཀ་ལ་ཁྱད་མེད་པའི་གནད་ཀྱིས་ཡིན་ནོ། །ཅི་སྟེ་སད་པའི་ལོང་པ་ལ་ཡིད་ཀྱི་ཤེས་པ་གཟུགས་སོགས་གསལ་བར་སྣང་བ་རྨི་ལམ་གྱི་དེ་ལྟ་བུ་མི་འབྱུང་བའི་རྒྱུ་ནི། མིག་མེད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། དེ་འདྲ་བའི་ཡིད་ཀྱི་ཤེས་པ་འབྱུང་བའི་ནུས་པ་མ་སྨིན་པ་ཡིན་ནོ། །དེའི་ཕྱིར་ནུས་པ་སྨིན་པ་ཡོད་པ་དེར་དེ་འདྲ་བའི་ཡིད་ཤེས་འབྱུང་བ་ཡིན་ལ་དེ་ཡང་གཉིད་ཀྱི་རྐྱེན་གྱིས་རྨི་ལམ་ཁོ་ན་ན་ཡོད་ཀྱི་སད་པ་ལ་ནི་མ་ཡིན་ནོ་སྙམ་ན། དེ་ནི་མི་རིགས་ཏེ། གལ་ཏེ་ཁྱོད་ལྟར་རྨི་


JLD016_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ན་དྲུག་པ་ཡིད་ཤེས་ཀྱི་ནུས་པ་སྨིན་པ་ཡོད་ལ། སད་པ་ལ་མེད་པར་གྱུར་ན་དྲུག་པ་ཡིད་ཤེས་གཟུགས་སོགས་སུ་གསལ་བར་སྣང་བའི་ནུས་པ་སྨིན་པ་སད་པའི་སྐབས་འདིར་ལོང་བ་ལ་མེད་པ་ཇི་ལྟ་བ་དེ་ལྟར་རྨི་ལམ་གྱི་ཚེ་མེད་ཅེས་ཅིས་མི་རིགས་ཏེ་རིགས་སོ། །འདི་ཡང་དགག་བྱ་ལ་གཏུགས་པའི་ལུགས་སོ། །གལ་ཏེ་རིགས་པ་མེད་པར་ཚིག་ཙམ་གྱིས་དེ་སྐད་སྨྲ་ན། ཁོ་བོ་ཅག་གིས་ཀྱང་སྔར་ལྟར་སྨྲས་པས་ཆོག་གོ །རྨི་ལམ་མཐོང་བ་ལ་ནི་སད་པའི་སྐབས་ཀྱི་ལོང་བ་ལྟར་རྣམ་ཤེས་ཀྱི་རྟེན་དབང་པོ་བྱེད་པ་དང་བྲལ་བའི་ཕྱིར། ནུས་པའི་མིང་ཅན་གྱི་མིག་གི་དབང་པོ་ལ་རྣམ་ཤེས་བརྟེན་པའི་རྣམ་པའི་རྗེས་སུ་བྱེད་པ། ཡིད་ཤེས་ཀྱི་ནུས་པ་སྨིན་པ་ཡོངས་སུ་འགྱུར་བ་ལས་བྱུང་བའི་ཡིད་ཀྱི་རྣམ་ཤེས་ཅན་མ་ཡིན་ནོ། །དེའི་ཕྱིར་མིག་མེད་པ་སད་པའི་ལོང་བ་འདི་ལ་དོན་སྣང་གི་བག་ཆགས་སྨིན་པ་རྒྱུ་མིན་པ་ཇི་ལྟ་བ་དེ་ལྟར་རྨི་ལམ་དུ་ཡང་གཉིད་ནི་དོན་སྣང་གི་བག་ཆགས་སྨིན་པའི་རྒྱུ་མ་ཡིན་ཏེ། ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་གྲུབ་པ་སྐྱེ་ན་བག་ཆགས་སྨིན་པ་ལ་མི་ལྟོས་པའི་ཕྱིར་རོ། །གང་གི་ཕྱིར་བག་ཆགས་བརྫུན་པ་ལས་རྨི་ལམ་གྱི་དོན་སྣང་གི་ཤེས་པ་བརྫུན་པ་སྐྱེ་བ་དེའི་ཕྱིར། རྨི་ལམ་དུ་ཡང་སད་པའི་སྐབས་དེ་ལྟ་བུའི་ཡུལ་གྱི་དངོས་པོ་གཟུགས་སོགས་སུ་སྣང་བའི་རྣམ་པར་ཤེས་པ་བརྫུན་པ་དང་། རྨི་ལམ་གྱི་མིག་རྟོགས་པ་སྟེ་རྣམ་པར་ཤེས་པའི་རྒྱུ་སྟེ་རྟེན་དུ་གྱུར་པ་ཁས་བླང་བར་བྱའོ། །འདི་ནི་འགྲེལ་པར་


JLD016_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་ན་ཡུལ་ཡོངས་སུ་གཅོད་པ་ན་གསུམ་འདུས་པར་དམིགས་པ་ཡིན་ནོ། །ཞེས་གསུངས་ཤིང་། ཡང་རྨི་ལམ་ན་གཟུགས་ཀྱི་སྐྱེ་མཆེད་དང་མིག་དང་། དེ་གཉིས་ཀྱིས་བསྐྱེད་པའི་མིག་གི་རྣམ་ཤེས་མེད་པར་ཡང་གསུངས་པ་བཞིན་དུ། རྨི་ལམ་ན་མིག་ཤེས་སོགས་ལྔའི་ཡུལ་དབང་རྣམ་ཤེས་གསུམ་མེད་ཀྱང་། རྨི་ལམ་རྨི་བཞིན་པའི་གང་ཟག་གི་ངོར་དེ་གསུམ་དུ་དམིགས་པ་ཡོད་པས་རྨི་ལམ་གྱི་མིག་དང་། རྨི་ལམ་གྱི་མིག་ཤེས་དང་། རྨི་ལམ་གྱི་གཟུགས་གསུམ་པོ་ཁས་བླང་བར་སྟོན་གྱི། དེ་གསུམ་མིག་སོགས་སུ་གྲུབ་པར་འདོད་པ་མིན་ཏེ། སྒྱུ་མའི་རྟ་གླང་དང་སྒྱུ་མའི་མི་ཁས་ལེན་ཀྱང་། དེ་དག་རྟ་གླང་དང་མིར་འདོད་མི་དགོས་པ་བཞིན་ནོ། །དེའི་ཕྱིར་དེ་ལྟར་ན་སེམས་ཙམ་པ་འདི་ཡིས་དབུ་མ་པ་ལ་ལན་ནི་གང་དང་གང་བཏབ་པ་དེ་དང་དེ་ནི། དམ་བཅའ་བ་སྟེ་བསྒྲུབ་བྱ་མ་གྲུབ་པ་དང་མཚུངས་པར་མཐོང་བས། རྩོད་འདི་སྟེ་རྣམ་པར་རིག་པ་ཙམ་དུ་སྨྲ་བ་འདི་སེལ་བ་སྟེ་ཟློག་པར་བྱེད་དོ། །དེ་དག་དཔེར་བརྗོད་ན་དབུ་མ་པས་སད་པའི་སྐབས་ཀྱི་ཡུལ་དབང་རྣམ་ཤེས་གསུམ་རང་བཞིན་གྱིས་གྲུབ་པས་སྟོང་པ་ཡིན་ཏེ། དམིགས་པ་ཡིན་པའི་ཕྱིར་རྨི་ལམ་བཞིན་ནོ། །ཞེས་བཀོད་པ་ན་སེམས་ཙམ་པས་སད་པའི་རྣམ་ཤེས་ནི་ཕྱི་རོལ་གྱི་དོན་གྱིས་སྟོང་སྟེ། རྣམ་ཤེས་ཡིན་པའི་ཕྱིར་རྨི་ལམ་གྱི་རྣམ་ཤེས་བཞིན་ནོ། །ཞེས་དང་། སད་པའི་སྐབས་སུ་དམིགས་


JLD016_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་ནི་བརྫུན་པ་ཡིན་ཏེ། ཡུལ་ཡིན་པའི་ཕྱིར་རྨི་ལམ་གྱི་ཡུལ་བཞིན་ནོ། །ཞེས་དང་། དེ་བཞིན་དུ་ཀུན་བྱང་གི་གཞི་གཞན་དབང་མེད་ན་ཀུན་བྱང་མེད་པ་ཡིན་ཏེ། རྟེན་མེད་པའི་ཕྱིར། རུས་སྦལ་གྱི་སྤུའི་གོས་བཞིན་ནོ། །ཞེས་སྨྲའོ། །དེ་བཞིན་དུ་རབ་རིབ་ཀྱི་དཔེས་ཀྱང་བརྗོད་པར་བྱའོ། །ཞེས་པ་རྣམས་སོ། །དེ་ལ་སྦྱོར་བ་དང་པོ་གཉིས་ནི། དཔེ་མ་གྲུབ་པས་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པ་ཡིན་ཏེ། རྨི་ལམ་ན་ཡིད་ཀྱི་ཤེས་པ་ལས་ངོ་བོ་ཐ་དད་པའི་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཡོད་པའི་ཕྱིར་རོ། །སྦྱོར་བ་གསུམ་པ་ནི། ཀུན་བྱང་གི་རྟེན་རང་མཚན་གྱིས་གྲུབ་པ་ཅིག་སྒྲུབ་འདོད་པ་ཡིན་པས་དེ་ལ་ནི། རྟེན་ཙམ་མེད་པ་མ་གྲུབ་པ་ཡིན་ལ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་བསམས་ན་ནི་མ་ངེས་པའོ། །གསུམ་པ་ནི། དེ་ལྟར་སེམས་ཙམ་པའི་ལུགས་བཀག་པ་ལ་རིགས་པས་མི་གནོད་པར་མ་ཟད། ལུང་གིས་གནོད་པ་སྲིད་པ་མ་ཡིན་ཏེ། གང་གི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། རང་གི་ལུགས་ལ་གསུང་རབ་འགར་ཡང་དངོས་པོ་བདེན་པར་ཡོད་ཅེས་མ་བསྟན་པའི་ཕྱིར་རོ། །དེ་ཡང་ལང་ཀར་གཤེགས་པ་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོ་མེད། །བཏགས་པ་དངོས་པོའི་ངོ་བོར་ནི། །རྟོག་གེ་བ་དག་རྟོག་པར་འགྱུར། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་གསུངས་སོ། །རྐང་པ་དང་པོས་སྲིད་གསུམ་བློས་བཏགས་པ་


JLD016_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་ཡོད་པར་བསྟན་ལ། རྐང་པ་གཉིས་པས་ནི་དེའི་དོན་བསྟན་ཏེ། དེ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པའི་དངོས་པོ་མེད་པར་བསྟན་པས། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་ཡིན་གྱི་དངོས་པོ་ཡེ་མེད་མིན་ཞེས་པའོ། །དེ་ལྟར་བློས་བཏགས་པ་ཙམ་ལ་ངོ་བོ་ཉིད་ཀྱིས་གྲུབ་པའི་དངོས་པོར་དེ་ཁོ་ན་ཉིད་ཀྱི་དོན་མ་རྙེད་པའི་རྟོག་གེ་པས་འདོད་དོ་ཞེས་པ་ནི་བཏགས་པ་ཞེས་པ་གཉིས་ཀྱིས་སྟོན་ནོ། །ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པར་སྤྱིར་བསྟན་པ་སྟེ། བྱེ་བྲག་ཏུ་ཕྱེ་སྟེ་སྟོན་པ་ནི། རཱུ་པ་ཞེས་པ་རང་བཞིན་དང་གཟུགས་གཉིས་ཀ་ལ་འཇུག་པ་ལས་འདིར་གཟུགས་ཅན་ལ་བྱ་སྟེ། རྣམ་རིག་ཅེས་པའི་ཟླ་སྟོབས་ཀྱིས་སོ། །དངོས་མེད་ཅེས་པའི་དངོས་པོ་ནི་ཤེས་པ་དང་གཟུགས་ཅན་གྱི་དངོས་པོ་མེད་པར་བསྟན་ཟིན་པས། འདིར་ངོ་བོ་ལ་ཡིན་ལ་དེ་ཡང་དངོས་པོ་བདེན་པ་བཀག་པའི་ངོ་བོ་དང་། དངོས་པོར་མེད་པ་གཞན་རྣམས་ལ་བྱའོ། །རོ་དང་འདྲ་ཚུལ་ནི་དེ་ཁོ་ན་ཉིད་དཔྱོད་ནུས་པའི་སེམས་མེད་པའོ། །ལུང་དེས་ནི་ཁམས་གསུམ་གྱི་གཞན་དབང་རང་བཞིན་གྱིས་ཡོད་པར་འདོད་པ་བཀག་གོ །གལ་ཏེ་ལུང་དེ་དག་གིས་གཅིག་གཞན་དབང་ལ་ཅིག་ཤོས་ཀུན་བརྟགས་གཟུང་འཛིན་རྫས་ཐ་དད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་བསྟན་པས་མི་གནོད་དོ་སྙམ་ན། དེ་འདྲ་དེ་ནི་ཡང་དག་པའི་སྟོང་ཉིད་དུ་རིགས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་སྟོང་པ་ཉིད་ཐམས་ཅད་ཀྱི་ཐ་ཤལ་ཡིན་ནོ་ཞེས་ལང་


JLD016_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་གཤེགས་པ་ལས་གསུངས་པའི་ཕྱིར་རོ། །བ་ལང་ནི་རྟ་ཡིན་པས་སྟོང་པའི་ཕྱིར་ཡོད་པ་མིན་ནོ་ཞེས་བརྗོད་པ་ནི་རིགས་པ་ཡང་མ་ཡིན་ཏེ། རང་གི་བདག་ཉིད་ཀྱིས་ཡོད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ་ཞེས་འགྲེལ་པར་གསུངས་སོ། །བདག་ཉིད་ཀྱིས་ཞེས་པ་ལ་ནག་ཚོས་རང་གི་བདག་ཉིད་ཡོད་པའི་ཕྱིར་རོ་ཞེས་བསྒྱུར་བ་ལེགས་སོ། །གཅིག་ལ་ཅིག་ཤོས་མེད་པའི་སྟོང་པ་འདི་དཔེར་བརྗོད་དེ་དང་འདྲ་བར་འགྱུར་ཚུལ་ནི། བཅོམ་ལྡན་འདས་ཀྱི་རང་བཞིན་གྱིས་དབེན་པའི་སྟོང་ཉིད་གསུངས་པ་ནི་སེམས་ཅན་རྣམས་ཐོག་མ་མེད་པ་ནས་གཟུགས་སོགས་ཀྱི་དངོས་པོ་ལ་བདེན་པར་གྲུབ་པར་འཛིན་པའི་མངོན་ཞེན་བཟློག་པའི་ཕྱིར་དུ་ཡིན་པ་ལ། དེ་ལ་གཟུགས་སོགས་སུ་སྣང་བའི་གཞན་དབང་འདི་ཉིད་བདེན་པར་མ་གྲུབ་པར་བསྟན་དགོས་པ་ལ། དེ་ལྟར་མི་སྟོན་པར་གཞན་དབང་འདི་གཟུང་འཛིན་རྫས་ཐ་དད་པར་མི་བདེན་ནོ་ཞེས་བསྟན་པ་ན། བ་ལང་མེད་པའི་རྒྱུ་མཚན་དུ་བ་ལང་ལྟར་མེད་ཅེས་ཟེར་བ་དང་འདྲའོ། །དེས་ན་དབུ་སེམས་སུ་ཡི་ལུགས་ལ་ཡང་སེམས་ཅན་རྣམས་གང་ལ་མངོན་པར་ཞེན་པའི་གཞི། ཕྱི་ནང་གི་ཆོས་སུ་སྣང་བ་འདི་དག་ལ་བྱེད་པ་ལ་ནི་མི་འདྲ་བ་མེད་ལ། དེ་རྣམས་སྟོང་པར་སྟོན་པ་ནི་གཞི་དེ་ལ་མངོན་ཞེན་ཟློག་པའི་ཕྱིར་དུ་ཡིན་པ་ཡང་འདྲ་མོད་ཀྱང་། ཞེན་ཚུལ་ལ་མི་མཐུན་ཏེ་སེམས་ཙམ་པས་ནི་གཟུང་འཛིན་གཉིས་ཕྱི་ནང་དུ་རྒྱངས་ཆད་དུ་སྣང་བ་ལ་སྣང་བ་ལྟར་དུ། གཟུང་འཛིན་རྫས་


JLD016_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་དུ་ཞེན་པ་ཡིན་ལ། དེའི་གཉེན་པོར་སྣང་བ་གཞན་དབང་པའི་ཆོས་ཅན་དུ་བཟུང་ནས། གཟུང་འཛིན་རྫས་ཐ་དད་དུ་ཡོད་པ་འགོག་པ་ཡིན་པས་དགག་གཞི་དེ་དགག་བྱ་དེ་ཡིན་པ་འགོག་པ་ཡིན་ནོ། །དབུ་མ་པ་ལྟར་ན་ཞེན་ཚུལ་ནི་སྣང་བ་ལ་ཐ་སྙད་པའི་བློས་བཞག་པ་མིན་པའི་བདེན་གྲུབ་ཏུ་ཞེན་པ་ཡིན་ལ། དེའི་གཉེན་པོར་སྣང་བ་འདི་ཆོས་ཅན་དུ་བཟུང་ནས། དེ་འདྲ་བའི་བདེན་པར་མེད་ཅེས་འགོག་སྟེ། དེ་ཡང་དགག་གཞི་དེ་དགག་བྱ་ཡིན་པ་འགོག་པ་ཡིན་ཏེ། སེམས་ཅན་གྱིས་ཞེན་པ་ན་གཞི་དེ་ལ་དགག་བྱ་དེ་དོན་གཞན་དུ་ཡོད་པར་འཛིན་པ་མིན་པར། གཞི་དེ་དགག་བྱ་དེའི་ངོ་བོར་ཞེན་པའི་ཕྱིར་དང་། སྟོང་པ་ཡང་ཇི་ལྟར་ཞེན་པ་དེ་ལྟར་དུ་ཡོད་པས་སྟོང་པར་བསྟན་དགོས་པའི་ཕྱིར་རོ། །དེའི་ཕྱིར་ད་ལྟར་གྱི་སྣང་གཞི་རྣམས་བདེན་པས་སྟོང་པ་ཆད་སྟོང་དུ་བྱས་ཏེ། འདི་དག་བོར་ནས་སྣང་བ་གཞན་ཅིག་ལ་སྟོང་གཞིར་བྱས་ཏེ། དགག་བྱ་དེ་ཡིན་པས་སྟོང་པར་མི་སྟོན་པར་དངོས་པོ་ཡོད་པས་སྟོང་པར་སྟོན་པ་ནི། །དབུ་སེམས་སུའི་ཡང་ལུགས་མིན་ལ། སེམས་ཅན་གྱི་རྒྱུད་ཀྱི་ཐོག་མ་མེད་པའི་མངོན་ཞེན་ལ་དེ་འདྲ་བའི་དགག་བྱ་འཛིན་པའི་བློ་འདུག་མི་འདུག་ཀྱང་ཁ་ནང་དུ་ལོག་ལ་རྟོགས་ཤིག །དེས་ན་དཔལ་ལྡན་ཆོས་ཀྱི་གྲགས་པས། འདི་ལའང་རྗེས་སུ་བརྗོད་པ་ཡོད། །དེས་ན་ངན་པའི་མུན་པས་ཁྱབ། །ཅེས་གསུངས་ཏེ། འདི་འདྲ་བ་རྣམས་ཤིན་ཏུ་བདོ་བའི་


JLD016_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་སྣང་བ་རྣམ་དཔྱོད་ཅན་གྱིས་ཤེས་པར་བྱའོ། །འདིར་འགྲེལ་པ་ལས། ཡབ་སྲས་མཇལ་བའི་མདོ་ལས་དབང་པོ་ཉེར་གཉིས་རང་བཞིན་མེད་པར་གཏན་ལ་ཕབ་པ་དྲངས་པ་ལས། འདི་ལྟར་མིང་དུ་གདགས་པར་བས་ཀྱི། དོན་དམ་པར་ནི་མིག་དང་དབང་པོ་མི་དམིགས་སོ། །ཞེས་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་དམིགས་སུ་མ་མཆིས་པ་སྟེ། ཞེས་ཆོས་རྣམས་མིང་དུ་བཏགས་པ་ཙམ་དུ་ཟད་ཀྱི་དོན་དམ་པར་དང་། ངོ་བོ་ཉིད་ཀྱིས་མ་མཆིས་པར་གསུངས་པས། དགག་བྱ་ལ་ཁྱད་པར་སྦྱོར་བ་ལ་དེ་གཉིས་རྣམ་གྲངས་པ་དང་། རང་གི་རྣམ་གཞག་འཇོག་པའི་ཕྱོགས་ཐམས་ཅད་མིང་དུ་བཏགས་པ་ཙམ་གྱིས་བྱེད་པར་གསུངས་ཤིང་། རྨི་ལམ་ན་དགའ་རྩེད་བྱེད་པའི་ཡུལ་དེ་རྣམས་རྨི་ལམ་ན་ཡང་དེས་དེ་དག་མ་རྙེད་ན་སད་པའི་ཚེ་ལྟ་ཅི་སྨོས་ཞེས་གསུངས་ཤིང་དེ་འདྲ་མང་བས་རྨི་ལམ་གྱི་མི་དང་། སད་དུས་ཀྱི་མི་ལ་མི་ཡིན་མིན་ཁྱད་པར་མེད་ཅེས་སྨྲ་བ་ནི། ཤིན་ཏུ་མི་འཐད་དེ་དགའ་རྩེད་ཀྱི་གྲོགས་བྱེད་པའི་སེམས་ཅན་དེ་རྣམས་རྨི་ལམ་གྱི་དུས་སུ་ཡང་སེམས་ཅན་དེ་དག་ཏུ་མ་རྙེད་པར་གསུངས་ཤིང་། སད་དུས་སུ་དེ་དག་རྙེད་པ་གཞག་དགོས་པའི་ཕྱིར་རོ། །དེས་ན་རྨི་ལམ་དུ་མིག་ཤེས་ལ་སོགས་པའི་དབང་ཤེས་ཡོད་པ་འདིའི་ལུགས་སུ་སྨྲ་བ་ནི་ནོར་བ་ཆེན་པོར་ཤེས་པར་བྱའོ། །དེ་ལྟར་ན་སེམས་ཙམ་པ་ངེས་དོན་མཐར་ཐུག་པ་རྟོགས་པའི་ཤེས་རབ་ཀྱི་རྩལ་མེད་པར་གྲུབ་པའི་མཐར་སྦྱར་བ་འདི་བསལ་བར་


JLD016_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཁོ་ནའོ། །གསུམ་པ་ནི། གལ་ཏེ་ཕྱི་ཡི་ཡུལ་མེད་པར་གཟུགས་སྒྲ་སོགས་གསལ་བར་སྣང་བའི་ཤེས་པ་རང་བཞིན་གྱིས་གྲུབ་པ་མེད་ན། བླ་མའི་མན་ངག་ལས་མི་སྡུག་པ་སྒོམ་པའི་རྣལ་འབྱོར་པ་རྣམས་ཀྱིས། ས་གཞི་ཀེང་རུས་ཀྱིས་གང་བར་མཐོང་བ་དེ་ཇི་ལྟར་འཐད་དེ། ཀེང་རུས་ནི་མེད་ཀྱང་རང་བཞིན་གྱིས་གྲུབ་པའི་རྣམ་ཤེས་ནི་ཡོད་པའི་ཕྱིར་རོ་སྙམ་ན། མི་སྡུག་པ་སྒོམ་པའི་རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལས། ཀེང་རུས་ཀྱིས་ས་གཞི་གང་བར་མཐོང་བ་གང་ཡིན་པ་དེར་ཡང་ཡུལ་དབང་རྣམ་ཤེས་གསུམ་ཆར་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་སྟེ། ཏིང་ངེ་འཛིན་དེ་ནི་ལོག་པ་སྟེ་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པར་བསྟན་པ་སྟེ་མདོ་ལས་གསུངས་པའི་ཕྱིར་རོ། །ཀེང་རུས་སྣང་བའི་ཤེས་པ་རང་བཞིན་གྱིས་གྲུབ་ན། དེའི་སྣང་བ་ཡང་དེ་ལྟར་འགྱུར་བས་ཡིད་བྱེད་དེ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་དུ་འགྱུར་རོ། །འདི་ནི་གདོན་མི་ཟ་བར་དེ་ལྟར་ཁས་བླང་བར་བྱའོ། །དེ་ལྟ་མ་ཡིན་ན་ཁྱོད་ཀྱི་ཟློས་གར་གྱི་ལྟད་མོ་ལ་སོགས་པ་ལྟ་བ་ན་ཡུལ་དེར་མིག་གཏད་པ་རྣམས་ལས་ཇི་ལྟར་གང་ཟག་གཅིག་ལ་དབང་པོའི་བློ་མིག་གི་རྣམ་པར་ཤེས་པ་ཡུལ་དེའི་རྣམ་པ་ཅན་སྐྱེ་བ་དེ་བཞིན་དུ་སྟེ་དེ་འདྲ་བའི་རྣམ་པ་ཅན་ལྟད་མོ་བ་གཞན་རྣམས་ལ་ཡང་སྐྱེ་བ་ཇི་ལྟ་བ་དེ་ལྟར་དུ། མི་སྡུག་པའི་ཡིད་ཅན་གྱི་རྣལ་འབྱོར་པ་ལྟར་ཅིག་ཤོས་ཏེ་རྣལ་འབྱོར་བ་མ་ཡིན་པས། རྣལ་འབྱོར་


JLD016_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཀེང་རུས་མཐོང་བའི་ཡུལ་དེར་བློ་གཏད་པ་སྟེ་ཀེང་རུས་ལ་སོགས་པའི་ཡུལ་ལ་ལྟ་འདོད་པ་རྣམས་ལ་ཡང་ཀེང་རུས་རྟོགས་པ་སྟེ་མཐོང་བ་སྐྱེ་བར་འགྱུར་ཏེ། སྔོན་པོ་སོགས་ཀྱི་རྣམ་ཤེས་བཞིན་ནོ། །འདིར་འགྲེལ་པ་དང་བསྟུན་ན། ཁྱོད་ཀྱི་དབང་བློའི་ཡུལ་གཏད་ཇི་ལྟ་བ། །དེ་ལྟར་མི་སྡུག་ཡིད་ཅན་དེ་བཞིན་དུ། །ཡུལ་དེར་བློ་གཏད་ཅིག་ཤོས་རྣམས་ལ་ཡང་། །སྐྱེ་འགྱུར་དེ་ནི་བརྫུན་པར་ཡང་མི་འགྱུར། །ཞེས་པའི་འགྱུར་ཅིག་ཐོབ་པར་སྣང་ངོ་། །ཏིང་ངེ་འཛིན་འདི་བརྫུན་པར་ཏེ་ལོག་པའི་དོན་ཡིད་ལ་བྱེད་པར་ཡང་མི་འགྱུར་རོ། །རྣལ་འབྱོར་པ་ཡིན་མིན་མགོ་མཚུངས་མཛད་པ་ཡང་། ཤེས་པ་རང་བཞིན་གྱིས་གྲུབ་པ་ཡིན་ན་ཀེང་རུས་ཀྱི་མན་ངག་སྒོམ་པ་ལ་ལྟོས་པ་འགོག་ནུས་པའི་གནད་ཀྱིས་ཡིན་ནོ། །དེ་བཞིན་དུ་རབ་རིབ་དང་ལྡན་པའི་དབང་པོ་ཅན་དང་མཚུངས་པའི་སྒྱུ་མ་དང་གཟུགས་བརྙན་སོགས་དཔེར་འགོད་པ་ལ་ཡང་ལན་གདབ་ཚུལ་ཤེས་པར་བྱ་ལ། ཆུ་འབབ་པའི་ཀླུང་ལ་ཡི་དྭགས་རྣམས་ལ་རྣག་ཁྲག་གི་བློ་སྐྱེ་བ་ལ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔ་ནི་དངོས་པོར་སྨྲ་བའི་གྲུབ་མཐས་བཏགས་པ་མིན་གྱི། མདོ་ལས་གསུངས་ཤིང་རང་ཉིད་ཀྱང་དེ་ལྟར་དུ་བཞེད་དོ། །དེའི་ཕྱིར་ཀེང་རུས་མེད་ཀྱང་དེ་གསལ་བར་སྣང་བ་ནི། གཟུགས་བརྙན་དང་འདྲ་བར་གཟུགས་ཅན་དུ་འདོད་དགོས་ལ། འདི་ཡིད་ཤེས་ཁོ་ན་ལ་སྣང་བ་ཡིན་པས། གཟུགས་བརྙན་བཞིན་དུ་གཟུགས་ཀྱི་སྐྱེ་མཆེད་མིན་ལ། སྐྱེ་མཆེད་


JLD016_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་ལྷག་མ་དགུ་ཡང་མིན་པས་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཀུན་བརྟགས་པ་ཞེས་འབྱུང་བའོ། །མིག་ཤེས་ལ་སྐྲ་ཤད་དུ་སྣང་བ་ནི་གཟུགས་བརྙན་བཞིན་དུ་གཟུགས་ཀྱི་སྐྱེ་མཆེད་དོ། །ཡི་དྭགས་ལ་ཆུ་ཀླུང་རྣག་ཁྲག་ཏུ་སྣང་བ་ནི་དེའི་མིག་ཤེས་ལ་སྣང་བ་ཡིན་པས་གཟུགས་ཀྱི་སྐྱེ་མཆེད་དུ་གཞག་དགོས་སོ། །ཐེག་བསྡུས་ལས་ཀྱང་། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་ཤིང་། འདི་ལ་ཐེག་བསྡུས་སུ་དངོས་པོ་གཅིག་གང་ཡིན་དང་། སོ་སོར་མཐོང་ཚུལ་གསལ་བར་མ་བཤད་དོ། །དེའི་བཤད་སྦྱར་དགེ་བསྙེན་བཙུན་པས་མཛད་པར། ཆུ་ཀླུང་གི་དངོས་པོ་ལ་རང་རང་གི་ལས་ཀྱི་རྣམ་སྨིན་གྱི་དབང་གིས་ཡི་དྭགས་ཀྱིས་རྣག་ལ་སོགས་པས་གང་བར་མཐོང་བ་དང་། དེ་ཉིད་ལ་དུད་འགྲོ་ཉ་ལ་སོགས་པས་གནས་ཀྱི་བློས་གནས་པར་བྱེད་པ་དང་། མི་རྣམས་ཀྱིས་ནི་མངར་བ་དང་དྭངས་པ་དང་བསིལ་བའི་ཆུར་རྟོག་ཅིང་ཁྲུས་བྱེད་དོ། །འཐུང་ངོ་དེར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པའི་ལྷ་རྣམས་ཀྱིས་ནི་ནམ་མཁར་མཐོང་སྟེ། གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་རོ་ཞེས་བཤད་དོ། །འདི་ལ་འདི་སྙམ་དུ་འགྲོ་བ་དེ་དག་གི་མཐོང་བ་ནི་ཐ་སྙད་པའི་ཚད་མ་ཡིན་ལ། གཞི་གཅིག་མི་མཐུན་པ་དེ་དག་ཏུ་ཚད་མས་གྲུབ་ན་རྣག་ཁྲག་དང་


JLD016_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་ཁྲག་མ་ཡིན་པ་གཉིས་མི་འགལ་ཞིང་། ཚད་མས་གྲུབ་པ་ལ་ཡང་ཡིད་བརྟན་མེད་པར་འགྱུར་རོ་ཞེ་ན། འདི་ལ་གཞུང་དོན་དེ་ལྟར་གོ་བས་དེ་བཞིན་དུ་བཞག་ན་ཚད་མ་ལ་ཡིད་བརྟན་མི་འགྱུར་བར་འགྱུར་ན། དེ་ཡང་མི་རུང་བས་ཇི་ལྟར་ཡིན་ཞེས་འདྲི་ན་རྟོག་ལྡན་གྱི་དྲི་བ་ཡིན་ནོ། །དེ་ལྟར་གོ་བ་དེའི་དོན་ཡིན་པར་བཟུང་ནས་ཚད་མས་གྲུབ་པ་ལ་ཡིད་བརྟན་མེད་དོ་ཞེས་སྨྲ་ན་ནི། དོན་འདི་ཁོ་བོས་འདི་ལྟར་རྟོགས་སོ་ཞེས་པ་གཅིག་ཀྱང་གཞག་ཏུ་མེད་ཅིང་། ཚད་མ་ཐམས་ཅད་ལ་སྐུར་པ་འདེབས་པས་ན་ཤིན་ཏུ་མི་འཐད་པའོ། །འོ་ན་ཇི་ལྟར་ཞེ་ན་ཐོག་མར་དཔེ་བཤད་པར་བྱ་སྟེ། ལྕགས་གོང་མེས་བསྲེགས་པའི་དམར་འབར་བ་ལ་རག་ཀྱང་མི་འཚིག་པའི་རིག་སྔགས་དང་ལྡན་པ་ཞིག་གིས། ལྕགས་གོང་དེ་ལག་ཏུ་བླངས་པ་ན་ལུས་ཤེས་ཀྱིས་ལྕགས་དེའི་རེག་བྱ་འཛིན་ཀྱང་། དེ་ལ་རེག་བྱ་དེ་ཤིན་ཏུ་ཚ་ཞིང་སྲེག་པའི་རྣམ་པ་ཅན་དུ་མི་སྐྱེ་བ་ནི། རིགས་སྔགས་བཟླས་པའི་ཆུས་ལག་པ་བཀྲུས་པ་སོགས་ཀྱི་རྐྱེན་གྱིས་ཡིན་ནོ། །དེ་འདྲ་བའི་རིག་སྔགས་ཟློས་པ་དང་བྲལ་བ་ལ་ནི། ལྕགས་གོང་གི་རེག་བྱ་དེ་ཤིན་ཏུ་ཚ་ཞིང་སྲེག་པའི་རྣམ་པ་ཅན་དུ་སྐྱེའོ། །དེ་ལྟར་ན་མི་སྲེག་པ་དང་སྲེག་པའི་རེག་བྱ་གཉིས་ཀ་ལྕགས་གོང་གཅིག་པུ་དེའི་རེག་བྱར་ནི་བྱ་དགོས་ལ། ལུས་ཤེས་ཚད་མ་གཉིས་གཅིག་གིས་གྲུབ་པའི་རེག་བྱ་ཅིག་ཤོས་ཀྱིས་གྲུབ་པ་ནི་མིན་པས་གཉིས་ཀ་ཚད་མར་ཁས་བླངས་ཀྱང་ཚད་མ་གཅིག་གིས་གྲུབ་པ་ཅིག་ཤོས་ཀྱིས་འགོག་པ་མིན་


JLD016_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་བཞིན་དུ་གཞི་གང་དུ་ཆུ་ཀླུང་འབབ་པའི་གཞི་དེར་ཆུ་ཀླུང་དེའི་ཆ་ཤས་ཤིག་ཡི་དྭགས་རྣམས་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་སྐྱེས་པ་དང་། ཆུ་ཀླུང་གི་ཆ་ཤས་གཞན་ཞིག་མི་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་མི་སྣང་བའི་བཏུང་བ་དང་། ཁྲུས་ཀྱི་ཆུར་སྐྱེ་བ་ན་དེ་གཉིས་ཀ་ཆུ་ཀླུང་གཅིག་གི་ཆ་ཤས་རེ་ཡིན་པས། ཡི་དྭགས་ཀྱི་མིག་ཤེས་ཚད་མས་གྲུབ་པའི་དོན་དང་། མིའི་མིག་ཤེས་ཚད་མས་གྲུབ་པའི་དོན་གཉིས་ཀྱང་དངོས་པོ་སོ་སོ་བ་ཡིན་པས་དེ་གཉིས་གཅིག་གིས་གྲུབ་པའི་དོན་དེ་ཉིད། ཅིག་ཤོས་ཀྱིས་དེའི་བཟློག་ཕྱོགས་སུ་གྲུབ་པ་ག་ལ་ཡིན། དེ་བཞིན་དུ་བཤེས་སྤྲིངས་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། ཞེས་གསུངས་པ་ཡང་ཡི་དྭགས་རྣམས་ལ་སྔོན་ལས་ཀྱི་དབང་གིས་སོས་ཀ་ཟླ་འོད་རེག་བྱ་ཤིན་ཏུ་ཚ་བ་དང་། དགུན་གྱི་ཚེ་ཉི་འོད་ཀྱི་རིག་བྱ་གྲང་བར་སྐྱེ་ཡང་། ཟླ་ཉིའི་འོད་ཀྱི་སྟེང་ནས་མི་ལ་གྲང་དྲོའི་རྣམ་པ་ཅན་དུ་སྐྱེ་བ་མི་འགལ་ལ། དེ་གཉིས་ནི་ཚད་མ་གཅིག་གིས་ཚ་བར་གཞལ་བའི་རེག་བྱ་ཉིད། ཅིག་ཤོས་ཀྱིས་གྲང་བར་འཇལ་བ་མིན་ཞིང་། གཉིས་ཀའང་ཟླ་ཉི་གཅིག་གི་འོད་ཀྱི་རེག་བྱར་འཇོག་པའི་ཕྱིར། དངོས་པོ་གཅིག་ཅེས་ཀྱང་གསུངས་པས་གཞུང་དོན་ཞིབ་ཏུ་མ་དཔྱད་པར་གོ་བ་རགས་པ་རེ་ཤར་བ་ན་དེས་ཚིམ་པའི་ཐག་གཅོད་མ་སྔ་ཞིག །གཉིས་པ་ནི། སྔར་རྒྱས་པར་བཤད་


JLD016_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་དོན་མདོར་བསྡུ་ན་ཤེས་བྱ་རང་བཞིན་གྱིས་གྲུབ་པ་མེད་པ་ཇི་ལྟ་བ་དེ་བཞིན་དུ་ཤེས་བྱའི་རྣམ་པ་ཅན་གྱི་བློ་ཡང་རང་གི་བདག་ཉིད་ཀྱིས་སྐྱེ་བ་མེད་ཅེས་དོན་འདི་ཤེས་པར་གྱིས་ཤིང་གཅེས་གསུངས་པས། ཤེས་བྱ་དང་ཤེས་པ་ལ་རང་བཞིན་གྱིས་ཡོད་མེད་ཀྱི་ཁྱད་པར་མེད་པར་སྟོན་པ་ཡིན་ལ། སྐྲ་ཤད་མེད་ན་དེར་སྣང་བའི་ཤེས་པ་ཡང་མེད་ཅེས་པ་དང་། སྒྱུ་མ་ལ་རྟ་གླང་དུ་ཞེན་པའི་ཞེན་ཡུལ་མེད་ན་དེར་འཛིན་པའི་ཤེས་པ་ཡང་མེད་ཅེས་སོགས་ནི། སློབ་དཔོན་འདིའི་ལུགས་གཏན་མིན་ནོ། །འཇིག་རྟེན་ལས་འདས་པར་བསྟོད་པ་ལས་ཀྱང་། མ་ཤེས་པར་ནི་ཤེས་བྱ་མིན། །དེ་མེད་རྣམ་པར་ཤེས་མེད་པ། དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་བཞིན་མེད་པར་ཁྱོད་ཀྱིས་གསུངས། ཞེས་པ་དང་། དེ་བཞིན་དུ། རྣམ་ཤེས་སྒྱུ་མ་དང་མཚུངས་པར། །ཉི་མའི་གཉེན་གྱིས་གསུངས་པ་ཡིན། །དེ་ཡི་དམིགས་པའང་དེ་བཞིན་ཏེ། །ངེས་པར་སྒྱུ་མའི་དངོས་དང་འདྲ། །ཞེས་གསུངས་ཏེ། ཤེས་པ་འདི་འདྲ་ཞིག་གིས་ཞེས་འཇོག་རྒྱུ་མེད་ན། ཤེས་བྱ་ཡུལ་དུ་འཇོག་མི་ནུས་སོ། །འདིས་ཡུལ་འདི་འདྲ་ཞིག་ཤེས་ཞེས་འཇོག་རྒྱུ་མེད་ན་ཤེས་པར་ཡང་འཇོག་མི་ནུས་པས། ཤེས་བྱ་དེ་མེད་པར་རྣམ་པར་ཤེས་པ་ཡང་མེད་དོ། །ཤེས་པ་དང་ཤེས་བྱ་ལྟོས་འཇོག་ཡིན་པ་དེའི་ཕྱིར། དེ་གཉིས་ཀ་རང་བཞིན་མེད་པར་ཁྱོད་ཀྱིས་བསྟན་ཞེས་གསུངས་པས། དེ་གཉིས་ལ་བདེན་གཉིས་གང་དུ་ཡང་གཅིག་མེད་ལ་ཅིག་ཤོས་ཡོད་པའི་


JLD016_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དབྱེ་མེད་པ་འཕགས་པའི་བཞེད་པའོ། །བྱང་ཆུབ་སེམས་འགྲེལ་ལས། ཤེས་པས་ཤེས་བྱ་རྟོགས་པ་སྟེ། །ཤེས་བྱ་མེད་པར་ཤེས་པ་མེད། །ཅེས་གསུངས་པ་ཡང་སྔར་དྲངས་པའི་བསྟོད་པ་དང་དོན་འདྲ་བས་དོན་ཤེས་ཡོད་མེད་མཚུངས་པའི་ཁུངས་སོ། །གཉིས་པ་ལ་བཞི། གཞན་དབང་གི་སྒྲུབ་བྱེད་རང་རིག་དགག་པ། སེམས་ཙམ་པའི་ལུགས་བདེན་པ་གཉིས་ཆར་ལས་ཉམས་པར་བསྟན་པ། དེས་ན་ཀླུ་སྒྲུབ་ཀྱི་ལུགས་ཁོ་ནའི་རྗེས་སུ་འབྲང་བར་རིགས་པ། གཞན་དབང་དང་འཇིག་རྟེན་པའི་ཐ་སྙད་འགོག་པ་གཉིས་མི་མཚུངས་པར་བསྟན་པའོ། །དང་པོ་ལ་བཞི། གཞན་དབང་གི་སྒྲུབ་བྱེད་དྲིས་ནས་དེ་མི་འཐད་པར་བསྟན་པ། དེ་འཐད་པའི་གཞན་གྱི་ལན་དགག་པ། རིགས་པ་གཞན་གྱིས་ཀྱང་རང་རིག་མི་འཐད་པར་བསྟན་པ། གཞན་དབང་རང་བཞིན་གྱིས་གྲུབ་པ་མོ་གཤམ་ཀྱི་བུ་དང་མཚུངས་པར་བསྟན་པའོ། །དང་པོ་ནི། དེ་ལྟར་ཕྱི་རོལ་མེད་པར་རྣམ་ཤེས་པ་མི་སྲིད་པར་བསྟན་ནས། ད་ནི་ཕྱི་རོལ་མེད་པས་ཁྱད་པར་དུ་མ་བྱས་པའི་གཞན་དབང་གི་དངོས་པོ་ཙམ་ཞིག་རང་བཞིན་གྱིས་གྲུབ་པ་དགག་པའི་ཕྱིར་བཤད་པ། གལ་ཏེ་ཕྱི་རོལ་གྱི་གཟུང་བ་མེད་པས་དེ་ལས་དོན་གཞན་པའི་འཛིན་པ་ཉིད་དང་བྲལ་ཞིང་། གཟུང་འཛིན་རྫས་ཐ་དད་པ་གཉིས་ཀྱིས་སྟོང་པའི་གཞན་དབང་གི་དངོས་པོ་ཡོད་ན། གཞན་དབང་འདི་ཡི་ཡོད་པ་དེ་ཁྱོད་ཀྱི་ཤེས་པ་གང་གིས་ཤེས་པར་འགྱུར་ཞེས་དྲི་


JLD016_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དེ་ལ་ཤེས་པ་དེ་ཉིད་ཀྱིས་ཤེས་པ་དེ་ཉིད་འཛིན་པར་ནི་མི་འཐད་དེ། རང་ལ་རང་གི་བྱེད་པ་འཇུག་པ་འགལ་པའི་ཕྱིར་རོ། །འདི་ལྟར་རལ་གྲིའི་སོ་དེ་ཉིད་ཀྱིས་དེ་ཉིད་མི་གཅོད་ལ། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་མི་རེག་ཅིང་། ལེགས་པར་བསླབས་པའི་གཡེར་ཞིང་ཡང་ཟོར་ཅན་གྱིས་ཀྱང་རང་གི་ཕྲག་པ་ལ་ཞོན་པར་མི་ནུས་ཤིང་། མེས་རང་གི་བདག་ཉིད་མི་སྲེག་ལ། མིག་གིས་རང་གི་བདག་ཉིད་ལ་ལྟ་བ་མ་ཡིན་ནོ། །འདིར་ཤེས་པ་དེ་ཉིད་ཀྱིས་ཤེས་པ་དེ་ཉིད་འཛིན་པ་མི་འཐད་པར་བཤད་པའི་གཞན་གྱི་ལུགས་ཁྱད་པར་བ་ནི་འཆད་པར་འགྱུར་རོ། །ཤེས་པ་དེ་ནི་རང་ལས་དོན་གཞན་པའི་ཤེས་པས་ཀྱང་འཛིན་པ་མ་ཡིན་ཏེ། སེམས་ཙམ་པ་རང་གི་གྲུབ་མཐའ་དང་འགལ་བའི་ཕྱིར་ཏེ། གལ་ཏེ་འབྲས་བུའི་གནས་གྱུར་མ་ཐོབ་པའི་སྐབས་སུ་རྣམ་པར་རིག་པ་དོན་གཞན་ཅིག་རྣམ་པར་རིག་པའི་སྣང་ཡུལ་ཡིན་ན་རྣམ་པར་རིག་པ་ཙམ་ཉིད་དུ་སྨྲ་བ་ཉམས་པར་འགྱུར་རོ། ཞེས་སེམས་ཙམ་གྱི་གཞུང་ལས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་སེམས་ཙམ་པ་ལྟར་བྱས་ན་དེ་ལྟར་འཛིན་པ་རྣམ་པ་ཐམས་ཅད་དུ་མེད་ལ། ཤེས་པས་མ་བཟུང་བར་ཡང་ཡོད་ཅེས་བྱ་བར་མི་རུང་ངོ་ཞེས་དབུ་མ་པས་སྨྲས་པ་ན། སེམས་ཙམ་པ་ན་རེ། གལ་ཏེ་ཡང་ཤེས་པ་དོན་གཞན་གྱིས་མི་འཛིན་ཀྱང་རང་རིག་ནི་ཡོད་དོ། །དེའི་ཕྱིར་རང་རིག་ཁོ་ནས་གཞན་དབང་དེ་འཛིན་པའི་ཕྱིར་དེ་ཡོད་དོ་ཞེ་ན། ཤེས་པ་དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་པ་མ་ཡིན་ནོ། །འདིར་སེམས་


JLD016_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་པས་རང་རིག་ཇི་ལྟ་བུ་ཞིག་ཁས་བླངས་པའི་ཕྱོགས་སྔ་མའི་ཁུངས་ཅུང་ཟད་བཤད་ན། རྟོག་གེ་འབར་བ་ལས། སེམས་ཙམ་པས་རྣམ་ཤེས་ནི་གཉིས་སུ་སྣང་སྟེ། རང་སྣང་བ་དང་ཡུལ་དུ་སྣང་བའོ། །ཡུལ་དུ་སྣང་བའི་རྣམ་ཤེས་ནི་ཕྱི་རོལ་གྱི་ཡུལ་གྱི་རྣམ་པར་གྱུར་ནས། རང་སྣང་པའི་རྣམ་ཤེས་ཀྱི་ཡུལ་དུ་འགྱུར་རོ་ཞེ་ན། ཞེས་པའི་ལན་དུ། ཡུལ་དུ་སྣང་ལས་གཞན་གྱུར་པའི། །སེམས་ཉིད་ཇི་འདྲ་བ་ཞིག་སྣང་། །ཞེས་ཡུལ་དུ་སྣང་བ་ལས་གཞན་པ་སྟེ་དེ་དང་བྲལ་བའི་རང་ཉིད་དུ་སྣང་བ་ནི་མ་མཐོང་ངོ་། །ཞེས་བཤད་པས་སེམས་ཙམ་པས་ཤེས་པ་ཁ་ནང་ལྟ་ལ་གཉིས་སུ་སྣང་བ་ཐམས་ཅད་ལོག་པ་དང་། དེ་འདྲ་བའི་ཤེས་པ་དེ་ཁོ་རང་གིས་ཁོ་རང་རིག་པའི་རང་རིག་ཏུ་འདོད་ལ། དེ་ལྟ་ནའང་ཤེས་ངོ་དེར་རིག་བྱ་དང་རིག་བྱེད་ཐ་དད་པའི་སྣང་བ་མེད་པར་འདོད་དོ། །བདེན་གཉིས་ཀྱི་རང་འགྲེལ་ལས་ཀྱང་རང་རིག་འགོག་པ་ན། ཤེས་པ་ནི་གཉིས་ཀྱིས་དབེན་པའི་ངོ་བོ་རིག་པར་འབྱུང་བ་ཡིན་པ་དང་། དེ་མེད་པར་ཤེས་པར་འགྱུར་གྱི་དེ་ལྟ་མ་ཡིན་ན་མི་རིགས་པའི་ཕྱིར་རོ། །ཞེས་གསུངས་ཏེ། སེམས་ཙམ་པས་གཞན་དབང་གཟུང་འཛིན་རྫས་གཞན་གྱི་ཀུན་བརྟགས་ཀྱིས་སྟོང་པར་བསྒྲུབས་པ་ན། ཤེས་པ་གཞན་དབང་ནི་གཉིས་སྣང་གིས་དབེན་པའི་ངོ་བོ་རིག་པར་འབྱུང་བའི་རང་རིག་གྲུབ་ན། དེ་ནས་གཞི་དེ་གཟུང་འཛིན་རྫས་གཞན་དུ་མེད་པ་ཤེས་ཀྱི། དེ་ལྟར་སྔོན་དུ་


JLD016_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དེ་རང་རིག་གིས་མ་གྲུབ་ན། དེ་གཞིར་བཟུང་ནས་ཀུན་བརྟགས་ཀྱིས་སྟོང་པ་མི་འགྲུབ་བོ་ཞེས་བཤད་དེ། ཁྱོད་ཀྱི་ལྟར་ན་གཞན་དབང་གི་སྒྲུབ་བྱེད་གཉིས་སྣང་དང་བྲལ་བའི་རང་རིག་གིས་གྲུབ་དགོས་པ་ལ། དེ་མི་འགྲུབ་ཅེས་བཀག་གོ །དེའི་ཕྱིར་དེ་འདྲ་བའི་རང་རིག་བཀག་པས་རྣལ་འབྱོར་པ་སོ་སོ་རང་རང་གིས་དེ་ཁོ་ན་ཉིད་རིག་པའི་རང་རིག་བཀག་པ་དང་། འཇིག་རྟེན་པས་ངས་ང་རང་རིག་ཅེས་པའི་ཐ་སྙད་ཀྱི་དོན་གྱི་རང་རིག་བཀག་ཟེར་བ་ནི་བླུན་པོའི་གཏམ་མོ། །གཉིས་པ་ལ་གཉིས། གཞན་གྱི་ལུགས་བརྗོད་པ་དང་། ལུགས་དེ་དགག་པའོ། །དང་པོ་ནི། འདིར་ཁ་ཅིག་གིས་ཏེ་སེམས་ཙམ་པས་མདོ་སྡེ་པའི་ཕྱོགས་ཁས་བླངས་ནས་རང་རིག་བསྒྲུབ་པའི་ཕྱིར། ཇི་ལྟར་མེ་ནི་སྐྱེས་པ་ཉིད་ན་རང་དང་བུམ་པ་ལ་སོགས་པ་དག་རིམ་གྱིས་གཉིས་སུ་གསལ་བ་ལ་མི་འཇུག་པར་ཅིག་ཅར་གསལ་བར་བྱེད་ལ། བུམ་པའོ་ཞེས་བརྗོད་ན་སྒྲ་རང་ལ་དམིགས་པ་དང་། དེའི་དོན་བུམ་པ་ལ་དམིགས་པ་གཉིས་སྐྱེད་པ་དེ་བཞིན་དུ་རྣམ་ཤེས་ཀྱང་སྐྱེ་བ་ན་སོ་སོར་རིམ་གྱིས་གཉིས་སུ་མི་འཇུག་པར་རང་དང་ཡུལ་གཉིས་ཀ་ཅིག་ཅར་རིག་པར་བྱེད་དོ། །དེའི་ཕྱིར་རང་རིག་པ་ནི་ཡོད་པ་ཁོ་ནའོ། །གང་ཞིག་རང་རིག་མི་འདོད་པ་དེས་ཀྱང་ངེས་པར་རང་རིག་ཁས་བླང་དགོས་ཏེ། དེ་ཁས་མི་ལེན་ན་སྔར་དོན་འདི་མཐོང་ངོ་ཞེས་དུས་ཕྱིས་ཡུལ་དྲན་པ་དང་། སྔར་ངས་མཐོང་ངོ་སྙམ་དུ་ཡུལ་གྱི་ཉམས་སུ་མྱོང་བ་ཡུལ་ཅན་དྲན་པར་མི་འགྱུར་


JLD016_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཅིའི་ཕྱིར་ཞེ་ན། སྔར་ཉམས་སུ་མ་མྱོང་བ་ལ་དྲན་པ་སྐྱེ་མི་སྲིད་པས་དྲན་པ་ནི་སྔར་གྱི་ཉམས་སུ་མྱོང་བའི་ཡུལ་ཅན་ཡིན་ན། ཁྱོད་རང་རིག་མི་འདོད་པ་ལྟར་ན་སྔར་གྱི་སྔོ་འཛིན་ལྟ་བུའི་ཤེས་པ་ཡང་རང་དུས་སུ་ཉམས་སུ་མ་མྱོང་བས། ཕྱིས་ཀྱི་དྲན་པ་ཡོད་བར་མི་འགྲུབ་བོ། །འདིས་ནི་སྔར་གྱི་སྔོ་འཛིན་དེ་ལ་མྱོང་བ་ཡོད་པར་ཕྱིས་དེ་དྲན་པའི་རྟགས་ལས་སྒྲུབ་པ་ཡིན་ཏེ། སྔར་གྱི་སྔོ་འཛིན་ལ་རང་མྱོང་བའི་རང་རིག་ཡོད་དེ་ཞེས་སྒྲུབ་ན་ནི། གཞན་ལ་གྲུབ་པའི་དཔེ་མི་རྙེད་པས་དེ་ལྟར་མི་སྒྲུབ་བོ། །སྔོ་འཛིན་ལ་མྱོང་བ་ཡོད་པར་གྲུབ་ན་ནི། དེའི་མྱོང་བ་ལ་རང་གིས་དང་གཞན་གྱིས་མྱོང་བ་གཉིས་སུ་ཁ་ཚོན་བཅད་ནས་དང་པོ་ཁྱོད་ལ་མི་རུང་ལ། གཉིས་པ་རང་ལུགས་ཀྱིས་བཀག་པ་ན་མྱོང་བའི་ཁྱབ་བྱེད་ཁེགས་པ་ན། མྱོང་བ་ཙམ་ཡང་མི་འཐད་པར་འགྱུར་རོ་ཞེས་འགོག་པ་ཡིན་ཏེ། རང་རིག་སྒྲུབ་པའི་རིགས་པ་དྲག་ཤོས་ཡིན་ནོ། །སྔོ་འཛིན་དེ་རང་ལས་དོན་གཞན་པའི་ཤེས་པས་ཀྱང་མྱོང་བར་མི་རིགས་ཏེ། དེ་རིགས་ན་གནོད་པ་གཉིས་ལས་དང་པོ་ཐུག་མེད་དུ་ཐལ་བ་ནི། སྔོན་པོ་ཡོངས་སུ་གཅོད་པའི་ཤེས་པ་དེ་རང་གི་མཇུག་ཐོགས་སུ་འབྱུང་བའི་ཤེས་པ་གཞན་གྱིས་ཡོངས་སུ་གཅོད་ན། དེ་ལ་དེ་འཇལ་བྱེད་ཀྱི་ཤེས་པ་དོན་གཞན་དགོས་སམ་མི་དགོས། མི་དགོས་ན་ཤེས་པ་སྔ་མ་ལ་ཡང་མི་དགོས་པར་འགྱུར་ལ། དགོས་ན་དེ་ལ་ཡང་གཞན་དགོས་པས་ཐུག་པ་མེད་པའི་སྐྱོན་དུ་


JLD016_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་། ཐུག་མེད་དུ་སོང་ན་ནི་སྔོ་འཛིན་དང་པོ་ལ་མྱོང་བ་མི་གྲུབ་པའི་སྐྱོན་ཡོད་དོ། གཉིས་པ་ཡུལ་གཞན་ཡོངས་སུ་མི་གཅོད་པར་ཐལ་བ་ནི། ཤེས་པ་སྔ་མ་ཕྱི་མས་གཅོད་ན་ནི་གཟུགས་སྒྲ་ལ་སོགས་པའི་ཡུལ་གཞན་མི་གཅོད་པ་དང་། དེ་ལ་མི་འཕོ་བར་འགྱུར་ཏེ། རྣམ་པར་ཤེས་པའི་རྒྱུན་ལུགས་ཏེ་རྒྱུ་བ་མཐའ་དག་ཤེས་པ་སྔ་མ་གཞན་དེའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ནི་ཁྱབ་པ་མ་ངེས་པ་མིན་ཏེ། ཤེས་པ་སྔ་མ་སྔ་མ་ཤེས་པ་ཕྱི་མ་ཕྱི་མས་ཡོངས་སུ་གཅོད་ན། སྔ་མ་དེ་གཟུང་དོན་དུ་བྱས་ནས་ཕྱི་མ་དེ་སྐྱེ་དགོས་ལ། དེའི་ཚེ་ནང་གི་ཡན་ལག་གི་ཉེ་བའི་གཟུང་དོན་བོར་ནས། རིང་བའི་ཕྱི་རོལ་ལ་མི་འཇུག་པའི་ཕྱིར་རོ། །གལ་ཏེ་སྔོ་འཛིན་གྱི་རྣམ་ཤེས་སྔ་མ་གཅོད་པའི་སྔོ་འཛིན་གྱི་རྣམ་ཤེས་ཕྱི་མ་དང་སྔོན་པོ་གཅོད་པའི་སྔོ་འཛིན་གྱི་རྣམ་ཤེས་གཉིས་དུས་གཅིག་ཏུ་སྐྱེ་བས། ཡུལ་གཞན་ལ་མི་འཕོ་བའི་སྐྱོན་མེད་དོ་སྙམ་ན། དེ་ལྟར་ན་མིག་གི་རྣམ་ཤེས་རིགས་མཐུན་རྫས་ཐ་དད་པ་གཉིས་དུས་གཅིག་ཏུ་གང་ཟག་གཅིག་གི་རྒྱུད་ལ་སྐྱེ་བར་འགྱུར་ལ། དེ་འདོད་ན་སེམས་ཅན་རྣམས་རྣམ་པར་ཤེས་པའི་རྒྱུད་གཅིག་པ་སྟེ་རེ་རེ་བའོ་ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །འདིར་འགྲེལ་པ་ལས་རྣམ་པར་ཤེས་པ་ཨུད་པ་ལའི་འདབ་མ་བརྒྱ་འབིགས་པ་ལྟར། རིམ་གྱིས་འབྱུང་བ་རྣམས་ཅིག་ཅར་དུ་འཇུག་པ་ལྟ་བུར་མངོན་པ་ཡིན་ནོ། །ཞེས་གསུངས་པ་ལ་འགྲེལ་བཤད་ཀྱིས། གར་མཁན་གྱི་ཁང་པར་ཞུགས་པ་ན་གར་མཁན་གྱི་


JLD016_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་དང་གླུ་ལ་སོགས་པ་ཡུལ་ལྔ་ཅིག་ཅར་དུ་འཛིན་པའི་རྣམ་ཤེས་ལྔ་ཅིག་ཅར་དུ་ཤེས་པ་མི་སྐྱེ་ཞེས་པའི་ལན་དུ། ཡུལ་ལྔ་འཛིན་པའི་རྣམ་ཤེས་རྣམས་རིམ་གྱིས་འབྱུང་ཡང་འཇུག་པ་མྱུར་བས་ཅིག་ཅར་དུ་སྐྱེ་བར་མངོན་པ་ཡིན་ནོ། །ཞེས་འཆད་པ་ནི་ཤིན་ཏུ་མི་རིགས་ཏེ། རང་རིག་སྒྲུབ་པའི་མདོ་སྡེ་པ་དང་སེམས་ཙམ་པས་ནི་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ། །ཞེས་གསུངས་པའི་དོན་རྣམ་འགྲེལ་ལས། དེ་རྣམས་རིགས་མཐུན་པ་ཉིད་ལས། །ནུས་པ་ངེས་པར་འགྱུར་བ་ཡིན། །ཞེས་གསུངས་པ་ལྟར་རྣམ་ཤེས་རིགས་མཐུན་ཅིག་ཅར་དུ་གང་ཟག་གཅིག་ལ་མི་སྐྱེ་བ་ལ་འདོད་ཀྱི། རིགས་མི་མཐུན་གྱི་རྣམ་ཤེས་ཅིག་ཅར་དུ་མི་སྐྱེ་བ་ལ་འདོད་པ་གཏན་མིན་པའི་ཕྱིར་རོ། །བོད་མང་པོས་ཟ་འོག་ལ་ལྟ་བའི་ཚེ་དཀར་དམར་སོགས་འཛིན་པའི་ཤེས་པ་དུ་མ་ཅིག་ཅར་སྐྱེ་བ་མ་ཡིན་ནམ་ཞེས་པའི་ལན་དུ། ཤེས་པ་དེ་རྣམས་རིམ་གྱིས་འབྱུང་ཡང་ཅིག་ཅར་དུ་སྐྱེ་བར་སྣང་བ་ཡིན་ནོ་ཞེས་ཟེར་བས་ནི། རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་གསུངས་པའི་དོན་གཙོ་བོའི་རྣམ་ཤེས་རིགས་མཐུན་ལ་དགོངས་པ་ཡང་མ་ཤེས་ཤིང་། མིག་གི་རྣམ་ཤེས་གཅིག་གིས་ཁ་དོག་མི་འདྲ་བ་དུ་མ་འཛིན་པ་ཡང་མ་ཤེས་པར། ཁྲ་བོ་འཛིན་པའི་མིག་ཤེས་ཀྱང་མ་རྟོགས་པར་སྣང་ངོ་། །དེས་ན་རྣམ་ཤེས་རིགས་མཐུན་ཅིག་ཅར་དུ་སྐྱེ་བར་བརྩད་པའི་ལན་དུ། དེ་རྣམས་འཇུག་པ་མྱུར་བས་རིམ་གྱིས་སྐྱེ་ཡང་ཅིག་


JLD016_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་དུ་སྐྱེ་བར་མངོན་ཞེས་འཆད་དགོས་པ་འདྲ་བ་ཞིག་སྣང་ཡང་རང་རིག་སྒྲུབ་མཁན་དེ་གཉིས་ཀྱིས་འཇུག་པ་མྱུར་བ་ཅིག་ཅར་དུ་འཁྲུལ་བའི་རྒྱུ་ཡིན་པ་ཡང་རྣམ་འགྲེལ་དུ་བཀག་པས་ན། གཞུང་འདི་དེ་གཉིས་ཀྱི་ལུགས་སུ་འཇོག་དཀའ་བར་སྣང་སྟེ་ཕལ་ཆེར་རྒྱ་དཔེ་མ་དག་པའི་སྐྱོན་ཡིན་ནམ་འོན་ཀྱང་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ། །དེའི་ཕྱིར་ཐུག་པ་མེད་པའི་དང་། ཡུལ་གཞན་མི་གཅོད་པའི་སྐྱོན་སྤང་བའི་ཕྱིར། གདོན་མི་ཟ་བར་རང་རིག་ཁས་བླང་དགོས་སོ། །དེའི་ཕྱིར་ཡུལ་དང་ཡུལ་ཅན་གཉིས་ཀ་དྲན་པ་ཕྱིས་སྐྱེས་པ་ལས། སྔར་སྔོན་པོ་མཐོང་བའི་ཚེ་ཡུལ་མྱོང་བ་དང་ཡུལ་ཅན་མྱོང་བ་ཡོད་པར་དཔོག་པར་བྱེད་དོ། །དེ་ལྟར་རང་མྱོང་བའི་རང་རིག་ཡོད་ན་ཡང་གཞན་དབང་ཡོད་པར་རང་རིག་དེས་འགྲུབ་པས། འདི་ནི་ཡོད་པར་གང་གིས་ཤེས་པར་འགྱུར། ཞེས་དབུ་མ་པས་དྲིས་པ་ལ་ལན་འདི་ཉེ་བར་བསྟན་པ་ཡིན་ནོ། །ཞེས་སྨྲའོ། །གཉིས་པ་ལ་གསུམ། གཞན་ལུགས་དགག་པ་དངོས། རང་ལུགས་ལ་རང་རིག་མེད་ཀྱང་དྲན་པ་སྐྱེ་བའི་ཚུལ། དེ་ལྟར་བཀག་པ་ལ་རྩོད་པ་སྤང་པའོ། །དང་པོ་ནི། གལ་ཏེ་རྫས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དབང་དུ་བྱས་ནས་ཕྱིས་ཀྱི་དུས་ཀྱི་དྲན་པ་ལས། དྲན་ཡུལ་གྱི་ཤེས་པ་སྔ་མ་རང་རིག་པར་འགྲུབ་ན། ཕྱིར་རྒོལ་ལ་རང་རིག་མ་གྲུབ་པ་བསྒྲུབ་པར་བྱ་བའི་ཕྱིར་དུ། བརྗོད་པ་ཡི་དྲན་པ་རང་བཞིན་གྱིས་ཡོད་པར་མ་གྲུབ་པ་འདི་ནི། རང་རིག་སྒྲུབ་པར་བྱེད་པ་མིན་ཏེ། སྒྲ་མི་རྟག་པར་


JLD016_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལ་མིག་གི་གཟུང་བྱ་བཞིན་ནོ། །འོན་ཏེ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་ཡིན་ན་ནི། རང་རིག་པའི་འབྲས་བུའི་དྲན་པ་མེད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་འདིར་མི་གྲུབ་ན་དུ་བ་དེའི་འབྲས་བུར་ཤེས་པར་འགྱུར་བ་བཞིན་དུ། རང་རིག་གྲུབ་ན་དེ་ལས་དྲན་པ་འབྱུང་བའི་འབྲེལ་པ་གྲུབ་ན། དྲན་པ་ལས་རང་རིག་ཡོད་བར་ངེས་པར་འགྱུར་བ་ཞིག་ན། རང་རིག་དེ་ད་དུང་དུ་ཡང་ཕྱིར་རྒོལ་ལ་མ་གྲུབ་པས། རང་རིག་གི་འབྲས་བུ་རང་རིག་མེད་པར་མི་འབྱུང་བའི་དྲན་པ་ག་ལ་ཡོད། འབྲེལ་བ་མེད་པར་མི་འགྲུབ་པའི་དཔེ་ནི། ཆུ་ཙམ་དང་མེ་ཙམ་མཐོང་བ་ལས་ནོར་བུ་ཆུ་ཤེལ་དང་མེ་ཤེལ་དཔོག་པ་ནི་མ་ཡིན་ཏེ། དེ་གཉིས་མེད་པར་ཡང་ཆར་ལ་སོགས་པ་དང་། གཙུབ་ཤིང་གཙུབ་པ་སོགས་ལས་ཆུ་དང་མེ་དག་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་རང་རིག་མེད་པར་དྲན་པ་ཇི་ལྟར་འབྱུང་བ་ནི་འཆད་པར་འགྱུར་རོ། །དགག་པ་འདི་ལ་ལན་དུ་དྲན་པ་དང་རང་རིག་མེད་དུ་བཞིན་དུ་རྒྱུ་འབྲས་སུ་བསྒྲུབས་པའི་སྒོ་ནས། དྲན་པས་རང་རིག་དཔོག་པ་མིན་གྱི། སྔར་བཤད་པ་ལྟར་དྲན་པས་སྔར་གྱི་ཤེས་པ་ལ་མྱོང་བ་ཡོད་པར་དཔོག་ལ། དེ་ལ་རང་གིས་དང་གཞན་གྱིས་མྱོང་བ་གཉིས་སུ་བཅད་ནས་བཀག་པ་ན། རང་གིས་རང་མྱོང་བ་འགྲུབ་བོ་ཞེས་སྨྲ་མོད་ཀྱང་ཤེས་པས་རིག་པ་ལ་མདོ་སྡེ་པ་དང་སེམས་ཙམ་པས་བཞག་པ་དེ་གཉིས་སུ་ཁ་ཚོན་མ་ཆོད་པའི་ཕྱིར་ཏེ། མར་མེས་རང་གིས་རང་གསལ་བར་མི་བྱེད་ཀྱང་། དེ་ལ་


JLD016_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་མི་ལྡོག་པ་བཞིན་དུ། ཤེས་པས་ཕྱོགས་སྔ་མས་འདོད་པ་ལྟར་དུ་རང་གིས་རང་མྱོང་བར་མི་བྱེད་ཀྱང་དེ་ལ་མྱོང་པ་ཙམ་མི་ལྡོག་པའི་ཕྱིར་རོ། །གལ་ཏེ་མར་མེས་རང་གིས་རང་གསལ་བར་བྱེད་དོ་ཞེ་ན། དེ་ལྟ་ན་མུན་པས་རང་གིས་རང་སྒྲིབ་པར་འགྱུར་ལ། དེ་འདོད་ན་མུན་ཁུང་དུ་བུམ་པ་མི་མཐོང་བ་བཞིན་དུ། མུན་པ་ཡང་མི་མཐོང་བར་འགྱུར་རོ། །དེ་ལྟར་ཡང་རྩ་ཤེ་ལས། མར་མེ་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་གྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རོ། །ཅི་སྟེ་དེ་ལྟར་རྣམ་པར་དཔྱོད་པ་བཏང་ནས་ཀྱང་། ཤེས་པས་རང་གི་བདག་ཉིད་རིག་པ་དང་། ཡུལ་རིག་པར་བྱེད་པ་ནི་གྲུབ་ལ་རག་མོད་ཀྱི་སྟེ་གྲུབ་ཏུ་ཆུག་ཀྱང་། དྲན་པའི་ཤེས་པས་ཡུལ་དང་ཡུལ་ཅན་དེ་དག་དྲན་པ་ནི་རིགས་པ་མིན་ཏེ། ཕྱིས་ཀྱི་དྲན་ཤེས་དང་སྔར་གྱི་ཡུལ་མྱོང་གི་ཤེས་པ་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་ཉིད་དུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ། །འདི་ལྟར་བྱམས་པའི་ཤེས་པའི་རང་རིག་པ་དང་ཡུལ་མྱོང་བ་ནི། སྔར་ཉམས་སུ་མ་མྱོང་བས་ཉེར་སྦས་ཀྱི་ཤེས་པས་དྲན་པ་མ་ཡིན་པ་དེ་བཞིན་དུ། སྔར་མ་ཤེས་པ་སྟེ་མ་མྱོང་བའི་རྒྱུད་ལ་སྐྱེས་པ་བཞིན་དུ་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པའི་ཕྱིར་ན། རང་གི་རྒྱུད་དུ་གཏོགས་པའི་རྣམ་པར་ཤེས་པ་དུས་ཕྱིས་འབྱུང་བས་ཀྱང་ཤེས་པ་དང་དོན་དག་ཉམས་སུ་མ་མྱོང་བའི་ཕྱིར་དྲན་པར་མི་འགྱུར་རོ། །ཅི་སྟེ་རྒྱུད་


JLD016_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གཏོགས་པ་རྣམས་ལ་རྒྱུ་དང་འབྲས་བུའི་དངོས་པོ་གནས་པའི་ཕྱིར་དྲན་པ་ཡོད་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ཡང་མི་རིགས་ཏེ་གང་གི་ཕྱིར་རང་མཚན་གྱིས་གཞན་ཡིན་པའི་ཕྱིར་ཞེས་གཏན་ཚིགས་འདིས་ནི། རྒྱུད་གཅིག་ཏུ་གཏོགས་པ་དང་རྒྱུ་འབྲས་ལ་སོགས་པའི་ཁྱད་པར་དེ་དག་ཀྱང་ཉེ་བར་འཇོམས་པར་བྱེད་དེ། འདི་ནི་སྔར་བྱམས་པ་ཉེར་སྦས་ལ་བརྟེན་ཞེས་པའི་སྐབས་སུ་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ལ་གཉིས། གཞུང་འདི་ཉིད་ནས་བཤད་པའི་ལུགས་དང་། གཞུང་གཞན་ནས་བཤད་པའི་ལུགས་སོ། །དང་པོ་ནི། གལ་ཏེ་རང་རིག་མི་འདོད་པ་ཁྱོད་ཀྱི་ལྟར་ན་དྲན་པ་སྐྱེ་ལུགས་ཇི་ལྟར་ཡིན་ཞེ་ན། གང་གི་ཕྱིར་སྔར་གྱི་ཤེས་པ་གང་གིས་ཡུལ་མྱོང་བར་གྱུར་པའི་ཤེས་པ་དེ་ལས་དྲན་པའི་ཤེས་པ་འདི་རང་མཚན་གྱིས་གཞན་དུ་གྱུར་པ་ངའི་ལུགས་ལ་ཇི་ལྟར་ཡོད་པ་མིན་པ་དེ་ལྟར་ནི་བཤད་ཟིན་ལ། ས་མྱུག་ལྟ་བུའི་ཉེར་ལེན་གྱི་རྒྱུ་འབྲས་ལ་རང་མཚན་གྱིས་གྲུབ་པའི་གཞན་དུ་འཛིན་པ། འཇིག་རྟེན་གྱི་བློ་རང་དགའ་བ་ལ་མེད་པ་ཡང་སྔར་བཤད་ཟིན་པས་སྔར་གྱི་ཡུལ་མྱོང་དང་ཕྱིས་ཀྱི་དྲན་པའི་རྒྱུ་འབྲས་ལ་ཡང་། འཇིག་རྟེན་པའི་བློ་ལྷན་སྐྱེས་ལ་རང་མཚན་གྱིས་གྲུབ་པའི་གཞན་དུ་འཛིན་པ་མེད་དོ། །དེ་མེད་པ་ཙམ་དུ་མ་ཟད་སྔར་སྔོ་འཛིན་གྱིས་མཐོང་བའི་ཡུལ་ཕྱིས་དྲན་པ་ན་འདི་ངས་སྔར་ཡང་མཐོང་ངོ་ཞེས་ཐ་སྙད་བྱེད་དོ། །དེའི་ཕྱིར་མྱོང་དྲན་གཉིས་དང་དེའི་དུས་ཀྱི་ཡུལ་གཉིས་


JLD016_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རང་མཚན་གྱིས་ཐ་སྙད་དུ་འཛིན་པ་འཇིག་རྟེན་པ་རང་དགའ་བ་ལ་མེད་པར་གསལ་ཏེ། དེ་ལྟ་མ་ཡིན་ན་རྒྱུད་གཞན་གྱི་མྱོང་བ་ལ་ཡང་རང་གི་དྲན་པ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་སྔར་ཡུལ་ཉམས་མྱོང་གི་ཤེས་པས་མྱོང་བ་དང་བཅད་པ་དེ། ཕྱིས་དེ་དྲན་པའི་ཤེས་པས་མ་མྱོང་བ་དང་མ་བཅད་པ་མིན་པས། འདི་སྔར་ཡང་ང་ཡིས་མཐོང་སྙམ་དུ་དྲན་པ་སྐྱེ་བར་འགྱུར་ཏེ། འདི་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་གྱི་ལུགས་ཡིན་གྱི། ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམ་པར་བཏགས་དོན་འཚོལ་བའི་ཚུལ་གྱིས་དཔྱད་ནས་འཇོག་པར་ནི་མི་བྱ་སྟེ། བཏགས་དོན་བཙལ་ན་མི་རྙེད་བའི་བརྫུན་བའི་དོན་ཅན་ཉིད་ཀྱི་འཇིག་རྟེན་གྱི་ཐ་སྙད་ཡིན་པའི་ཕྱིར་རོ། །རང་འགྲེལ་ལས་རྫས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་རིག་དང་དྲན་པ་བཀག་པའི་འོག་ཏུ། འོན་ཏེ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་ཡིན་ན་ནི། དེ་ལྟ་ན་ཡང་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་མི་སྲིད་པ་ཉིད་དོ། །ཞེས་དོན་དམ་དུ་མ་ཟད་ཐ་སྙད་དུ་ཡང་རང་རིག་བཀག་ལ། རང་རིག་པ་མེད་པར་དྲན་པ་ཇི་ལྟར་འབྱུང་བ་དེ་ལྟར་སྟོན་པར་འགྱུར་རོ། །ཞེས་རང་རིག་མེད་ཀྱང་མྱོང་བ་ལས་དྲན་པ་སྐྱེ་ཚུལ་སྐབས་འདིར་སྟོན་པར་གསུངས་སོ། །དེ་ལ་ངས་མཐོང་སྙམ་དུ་དྲན་པ་ནི་ཡུལ་ཅན་དྲན་པ་དང་། སྔོན་པོ་ལ་སོགས་པ་འདི་མཐོང་སྙམ་དུ་དྲན་པ་ནི་ཡུལ་དྲན་པའོ། །དེ་ཡང་སྔར་ང་རང་གིས་མཐོང་བ་དེ་ཉིད་ང་རང་གིས་དྲན་སྙམ་པ་ནི་དྲན་ཚུལ་ཁྱད་པར་བ་ཡིན་ལ།


JLD016_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ལ་དེ་བྱུང་ན་སྔར་བྱམས་པ་ལྟ་བུ་མཐོང་བའི་ཡུལ་ཅན་ཤེས་པ་དེ་ཁོ་རང་གིས་ཁོ་རང་མྱོང་བར་གསལ་ཏེ། དྲན་པ་ནི་མྱོང་བ་ཇི་ལྟ་བའི་རྗེས་སུ་བྱེད་པའི་ཕྱིར་རོ་སྙམ་དུ་བསམས་སོ། །རང་ལུགས་ནི་འཇིག་རྟེན་ན་སྣང་བའི་དྲན་ཚུལ་དེ་ཁས་ལེན་ཀྱང་། དྲན་ཚུལ་དེ་ལྟར་འོང་བ་དེ་སྔར་གྱི་ཡུལ་མྱོང་བའི་ཤེས་པ་དེ་ཁོ་རང་གིས་ཁོ་རང་རིག་པའི་དབང་གིས་བྱུང་བ་མིན་གྱི། སྔར་གྱི་མྱོང་བས་བཅད་པ་དེ་ཉིད་དྲན་པས་ཀྱང་གཅོད་པའི་ཡུལ་གཅིག་པའི་དབང་གིས་བྱམས་པ་འདི་སྔར་ཡང་ངས་མཐོང་ཞེས་དྲན་པ་སྐྱེའོ། །དེས་ན་ང་རང་གིས་མཐོང་བ་ང་རང་གིས་དྲན་ཞེས་པ་ལྟ་བུའི་ཐ་སྙད་ནི་རང་གིས་ཀྱང་ཁས་ལེན་ལ། དེ་ཁས་བླངས་ཀྱང་བཀག་པའི་རང་རིག་དང་མི་འདྲ་བ་ཡང་འདི་ལ་བརྟེན་ནས་ཤེས་པར་བྱའོ། །གཞན་གྱི་ལུགས་ཀྱིས་མྱོང་དྲན་དང་དེའི་དུས་ཀྱི་ཡུལ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་དུ་འཇོག་པས། མྱོང་དྲན་གཉིས་ཡུལ་གཅིག་པ་དང་དེ་གཉིས་རྒྱུད་གཅིག་ཏུ་འདོད་མོས་ཀྱང་དེར་འཇོག་མི་ནུས་པ་ནི་སྔར་མང་དུ་བཤད་ཟིན་ཏོ། །བྱམས་པ་འདི་ཞེས་ཟེར་ཡང་དེ་སྐད་སྨྲ་དུས་ཀྱི་དུས་དང་། དེའི་དུས་སུ་གང་ན་གནས་པའི་ཡུལ་གྱིས་ཁྱད་པར་དུ་བྱས་པའི་བྱམས་པ་སྔར་མཐོང་སྙམ་དུ་མི་འཛིན་པར། བྱམས་པ་ཙམ་ལ་འཛིན་པ་ནི་རང་གི་བློ་ལ་བལྟས་པས་ཤེས་སོ། །གཉིས་པ་ནི། རང་རིག་མེད་པར་


JLD016_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་སྐྱེ་ཚུལ་གྱི་ལུགས་ཆེན་པོ་གཉིས་ཡོད་པའི་དཔལ་ལྡན་ཞི་བ་ལྷའི་ལུགས་ནི། སྤྱོད་འཇུག་ལས། གལ་ཏེ་རང་རིག་ཡོད་མིན་ན། །རྣམ་ཤེས་དྲན་པར་ཇི་ལྟར་འགྱུར། །ཞེས་གསུངས་པ་ལྟར་རོ། །འདིའི་ཕྱོགས་སྔ་མའི་ལུགས་ནི་སྔར་རྒྱས་པར་བཤད་པ་ཉིད་ཡིན་ནོ། །ཕྱོགས་སྔ་མའི་ཐལ་བ་དང་བཟློག་པ་གཉིས་ཀ་ལའང་ཁྱབ་པ་མེད་པའི་ལན་འདེབས་པས། རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་ཇི་ལྟར་ཡིན་ཞེ་ན། འཛིན་པའི་ཤེས་པ་ལས་གཞན་གཟུང་བྱའི་དངོས་པོ་ཡུལ་དུ་གྱུར་པ་བློས་མྱོང་བ་ན། ཡུལ་མྱོང་བའི་ཤེས་པ་ལས་རྣམ་ཤེས་ཡུལ་ཅན་དྲན་པ་འབྱུང་བར་འགྱུར་རོ། །གལ་ཏེ་ཡུལ་གཞན་མྱོང་བ་ལས་ཡུལ་ཅན་དྲན་པ་སྐྱེ་བ་ནི་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། ཉེས་པ་མེད་དེ་ཡུལ་མྱོང་བ་ལས་ཡུལ་ཅན་དྲན་པ་སྐྱེ་བ་ན། ཤེས་པ་སྤངས་ནས་དྲན་པ་མིན་གྱི། སྔར་གཟུགས་འདི་མཐོང་ངོ་ཞེས་ཡུལ་ཡུལ་ཅན་གཉིས་འབྲེལ་བ་ལས་ཏེ་འབྲེལ་བར་དྲན་པའི་ཕྱིར་རོ། །དཔེར་ན་དགུན་གྱི་དུས་སུ་བྱི་བས་ལུས་ལ་རྨུགས་པ་ན། བྱི་དུག་ཞུགས་ཡོད་ཀྱང་རྨུགས་པ་མྱོང་གི་དུག་མ་མྱོང་ངོ་། །དེ་ལས་དུས་ཕྱིས་འབྲུག་གི་སྒྲ་ཐོས་པ་ན་རྨུགས་པའི་ཚེ་དུག་ཞུགས་པར་འདུག་སྙམ་དུ་དྲན་ཀྱང་། སྔར་གྱི་ཚེ་དུག་མ་མྱོང་བ་བཞིན་ནོ། །དེ་ལ་བྱི་བས་རྨུགས་པ་ནི་སྔོ་འཛིན་གྱིས་ཡུལ་མྱོང་བ་བཞིན་ནོ། །རྨུགས་པ་དང་དུས་གཅིག་ཏུ་དུག་ཞུགས་པ་ནི་


JLD016_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་བཟུང་བ་དང་དུས་གཅིག་ཏུ་ཡོད་པའི་ཡུལ་ཅན་གྱི་མྱོང་བ་དང་འདྲའོ། །དེའི་ཚེ་ཡུལ་ཅན་རང་གིས་རང་མ་མྱོང་བ་ནི། རྨུགས་པའི་ཚེ་དུག་མ་མྱོང་བ་དང་འདྲའོ། །ཕྱིས་རྨུགས་པ་དྲན་པ་ནི་ཡུལ་མྱོང་བ་དྲན་པ་དང་འདྲའོ། །ཡུལ་མྱོང་དྲན་པ་ཉིད་ཀྱིས་སྔར་གྱི་ཡུལ་ཅན་ཁོ་རང་གིས་ཁོ་རང་མ་མྱོང་ཡང་དྲན་པ་ནི། རྨུགས་པ་དྲན་པ་ཉིད་ཀྱི་མཐུས་སྔར་ཞུགས་པའི་དུག་མ་མྱོང་བ་དྲན་པ་དང་འདྲའོ། །འདི་ནི་རང་རིག་མེད་པར་དྲན་པ་སྐྱེ་བའི་རིགས་པ་མཁས་པའི་དབང་པོས་མཛད་པ་ཕུལ་དུ་བྱུང་བ་ཞིག་སྣང་སྟེ། སྤྱོད་འཇུག་གི་བཤད་པ་བྱེད་པ་རྣམས་ཀྱིས་ཇི་བཞིན་དུ་མཐོན་པ་འདྲའོ། །འདི་ནི་སྤྱིར་ཕྱིས་ཀྱི་རྣམ་ཤེས་ཀྱི་དྲན་པ་མི་འཐད་པར་ཐལ། སྔར་གྱི་རྣམ་ཤེས་དེས་རང་གིས་རང་མ་མྱོང་བའི་ཕྱིར། ཞེས་པ་ལ་ཁྱབ་མ་གྲུབ་ཀྱི་ལན་བཏབ་པ་ཡིན་པས། སྤྱོད་འཇུག་གི་དགོངས་པ་ནི་ཐ་སྙད་དུ་རང་རིག་འགོག་པ་མིན་ཞེས་པ་ནི་རྒྱལ་སྲས་ཆེན་པོའི་བཞེད་པ་གཏན་མིན་ནོ། །གསུམ་པ་ལ་གཉིས། མངོན་སུམ་གྱི་ཚད་མ་གཞན་དང་རྗེས་དཔག་ལ་རྩོད་པ་སྤང་བ་དང་། ཡིད་ཤེས་གཞན་གྱི་རྩོད་སྤང་ངོ་། །དང་པོ་ནི། འོ་ན་རང་ལུགས་ལ་སྔོ་འཛིན་སོགས་ཀྱི་ཤེས་པ་ཐམས་ཅད་ཡོད་པར་འདོད་དགོས་ལ་དེ་ལྟ་ན། འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །མ་གཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །ཞེས་གཞན་ལ་སྨྲས་པ་ལྟར་རང་ལ་ཡང་སྐྱོན་དུ་འགྱུར་ཏེ། སྔོ་འཛིན་


JLD016_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རང་གིས་ཡོད་པར་ཤེས་ན་རང་རིག་ཁས་བླང་དགོས་ལ། ཤེས་པ་དོན་གཞན་གྱིས་རིག་པ་ཡང་མི་འཐད་པའི་ཕྱིར་རོ་ཞེ་ན། འདི་ནི་ཤིན་ཏུ་དཀའ་བའི་གནས་སུ་འདུག་པས་བཤད་པར་བྱ་སྟེ། དེ་ནི་ཡུལ་དང་ཡུལ་ཅན་དྲན་ཚུལ་དཔེར་བླངས་ཏེ་བཤད་ན་རྟོགས་སླའོ། །དེ་ལ་ཡུལ་དྲན་པ་ཉིད་ཀྱིས་ཡུལ་ཅན་ཡང་དྲན་པས། ཡུལ་ཅན་དྲན་པ་ཟུར་བ་མི་དགོས་པ་བཞིན་དུ་སྔོ་འཛིན་ལྟ་བུའི་ཡུལ་སྔོན་པོ་གྲུབ་པ་ཉིད་ཀྱིས་སྔོན་པོ་འཇལ་བྱེད་འགྲུབ་ཀྱི། སྔོན་པོ་འགྲུབ་ཚུལ་ལས་གཞན་པའི་སྔོན་པོ་འཇལ་བྱེད་འགྲུབ་ཚུལ་མི་དགོས་སོ། །དེ་ཡང་སྔོན་པོས་སྔོ་འཛིན་ལ་རང་འདྲའི་རྣམ་པ་གཏད་པ་ཤར་བ་ཉིད་ཀྱིས། སྔོན་པོ་འགྲུབ་པ་ནི་ལུགས་གཞན་དང་ཡང་འདྲའོ། །འོན་ཀྱང་མི་འདྲ་བ་ནི་སྔོ་འཛིན་དེ་འགྲུབ་པ་ན་གཉིས་སྣང་དང་བྲལ་བའི་འཛིན་རྣམ་ཡན་གར་བ་མྱོང་བའི་རང་རིག་གི་སྒོ་ནས་འགྲུབ་པ་ཡིན་ལ། དེ་ཡང་ཤེས་པ་ཐམས་ཅད་ལ་འདྲ་བར་ལུགས་གཞན་དག་འདོད་ལ། འདིར་ནི་དབུ་མ་སྙིང་པོ་དང་བདེན་གཉིས་རྩ་འགྲེལ་ལས་གསུངས་པ་བཞིན་དུ་དེ་འདྲ་བའི་འཛིན་རྣམ་ཡན་གར་བ་མི་སྲིད་པར་བཞེད་པས། དེ་མྱོང་བའི་རང་རིག་གིས་མི་འགྲུབ་ཀྱི། སྔོན་པོ་གྲུབ་པ་ཉིད་ཀྱིས་སྔོ་འཛིན་དེ་འགྲུབ་སྟེ། དཔེར་ན་ཡུལ་དྲན་པ་ཉིད་ཀྱིས་ཡུལ་ཅན་དྲན་པ་ཡིན་གྱི། སྔར་ཡུལ་ཅན་ཁོ་རང་གིས་ཁོ་རང་གཞན་དག་འདོད་པ་ལྟར་མྱོང་བའི་དབང་གིས་དྲན་པ་དེ་འབྱུང་བ་མིན་པ་དང་འདྲའོ། །དེ་ལྟར་བྱ་དགོས་པ་ཡང་ཚིག་གསལ་


JLD016_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཚད་མའི་གྲངས་འཇུག་པ་གཞལ་བྱའི་གཞན་གྱི་དབང་ཡིན་པའི་ཕྱིར་དང་། གཞལ་བྱའི་རྣམ་པའི་རྗེས་སུ་བྱེད་པ་ཙམ་གྱིས་རང་གི་ངོ་བོ་ཡོད་པར་རྙེད་པའི་ཚད་མ་དག་གི་རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར། ཞེས་གསལ་བར་གསུངས་སོ། །དེ་དག་གི་དོན་ནི་ཚད་མ་གཉིས་སུ་ངེས་པ་གཞལ་བྱ་གཉིས་སུ་ངེས་པའི་དབང་གིས་འཇོག་པའི་ཕྱིར་དང་། ཚད་མ་ལ་གཞལ་བྱའི་རྣམ་པ་ཤར་བའི་དབང་གིས་འཇལ་བྱེད་ཀྱི་ཚད་མའི་རང་གི་ངོ་བོ་ཡོད་པར་འཇོག་ལ། ཙམ་གྱིས་ཞེས་པ་ནི་སེམས་ཙམ་པ་དང་མདོ་སྡེ་པ་འདོད་པ་ལྟར་ཚད་མ་གཞལ་བྱ་ཇི་འདྲ་པ་དེ་འདྲ་བའི་རྣམ་པའི་རྗེས་སུ་བྱེད་པས་གཞལ་བྱ་འགྲུབ་ལ། དེ་ནས་ཚད་མ་འགྲུབ་ཚུལ་ནི་སྔ་མ་ལས་ཟུར་དུ་ཚད་མ་རང་གི་ངོ་བོ་ལ་གཉིས་སྣང་དང་བྲལ་བའི་འཛིན་རྣམ་ཡན་གར་བ་མྱོང་བའི་རང་རིག་གིས་འགྲུབ་པ་འགོག་སྟེ། གཞལ་བྱ་འགྲུབ་པ་ཙམ་གྱིས་འགྲུབ་པའི་དོན་ནོ། །འདི་ནི་འཕགས་པ་ཉིད་ཀྱིས། གལ་ཏེ་རང་ལས་ཚད་མ་གྲུབ། །གཞལ་བྱ་རྣམས་ལ་མ་ལྟོས་པར། །ཁྱོད་ཀྱི་ཚད་མ་གྲུབ་གྱུར་འདིར། །གཞན་ལ་མི་ལྟོས་རབ་གྲུབ་འགྱུར། །ཞེས་གསུངས་པའི་དགོངས་པ་ཡིན་ཏེ། ཚད་མ་འགྲུབ་པ་ལ་གཞལ་བྱ་གྲུབ་པ་ཙམ་གྱིས་མི་ཆོག་པར་ཚད་མ་རང་ལས་ཚད་མ་འགྲུབ་པ་གཞན་དག་འདོད་པ་ལྟར་ཡིན་ན། གཞལ་བྱ་ལ་མ་ལྟོས་པར་ཚད་མ་འགྲུབ་པར་འགྱུར་རོ། །དེ་འདོད་ན་དངོས་


JLD016_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་རྒྱུ་རྐྱེན་གཞན་ལ་མ་ལྟོས་པར་རབ་ཏུ་གྲུབ་པར་འགྱུར་རོ། །ཞེས་བཀག་པས་གཞལ་བྱ་གྲུབ་པ་ཙམ་གྱིས་ཚད་མ་གྲུབ་པར་ཤུགས་ཀྱིས་བསྟན་ནོ། །དེ་ལྟར་ན་སྔོ་འཛིན་ནི་གཞན་ལུགས་ལྟར་རང་རིག་གིས་མི་འགྲུབ་ཀྱི། དབང་པོའི་མངོན་སུམ་ཚད་མས་འགྲུབ་པར་བསྟན་ཏེ། དེ་ཡོད་པ་ནི་སྔོ་འཛིན་གྱིས་གཞལ་བྱ་གྲུབ་པ་དེ་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་ཚད་མ་གང་ཡིན་ཐམས་ཅད་རང་གི་གཞལ་བྱ་གྲུབ་པ་དེ་ཉིད་ཀྱིས་འགྲུབ་བོ། །གཉིས་པ་ནི། འོ་ན་ལུགས་འདིས་གཟུགས་བརྙན་དང་སྒྲ་བརྙན་སོགས་ཀྱང་སྔར་བཤད་པ་ལྟར་གཟུགས་དང་སྒྲའི་སྐྱེ་མཆེད་སོགས་སུ་བཞག་པ་དང་། ཚིག་གསལ་ལས་ཀྱང་། ཟླ་བ་གཉིས་ལ་སོགས་པ་དག་ནི་རབ་རིབ་ཅན་མ་ཡིན་པའི་ཤེས་པ་ལ་ལྟོས་ནས་མངོན་སུམ་ཉིད་མ་ཡིན་ལ། རབ་རིབ་ཅན་ལ་སོགས་པ་ལ་ལྟོས་ནས་ནི་མངོན་སུམ་ཉིད་ཁོ་ནའོ། །ཞེས་ལུགས་འདིས་གཟུགས་སྒྲ་ལ་སོགས་པའི་ཡུལ་ལ་མངོན་སུམ་གྱི་སྒྲ་དངོས་མིང་དང་། དེ་དག་འཛིན་པའི་ཡུལ་ཅན་ལ་བཏགས་མིང་དུ་བསྟན་པའི་སྐབས་སུ་ཟླ་བ་གཉིས་སྣང་སོགས་འཇིག་རྟེན་པ་རང་དགའ་བ་ལ་ལྟོས་ཏེ། གཞལ་བྱ་མངོན་སུམ་པ་ཡིན་མིན་གྱི་ཁྱད་ཡོད་ཀྱང་། རང་གི་ལུགས་ལ་ནི་ཟླ་བ་གཉིས་སྣང་སོགས་ཀྱང་གཞལ་བྱ་མངོན་སུམ་པ་མངོན་གྱུར་དུ་བཞེད་པ་ཡིན་ནོ། །དེའི་ཕྱིར་དབང་པོའི་ཤེས་པ་འཇིག་རྟེན་རང་དགའ་བ་ལ་ལྟོས་པའི་འཁྲུལ་མ་འཁྲུལ་གང་ཡིན་ཀྱང་།


JLD016_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གཞལ་བྱ་གྲུབ་པས་ཡུལ་ཅན་འགྲུབ་བོ། །འོན་ཀྱང་རང་རིག་ཁས་མི་ལེན་པ་ལ་གཞི་དུས་ཀྱི་ཡིད་ཤེས་སྣང་བ་དང་། ཞེན་ཡུལ་ལ་འཁྲུལ་པ་རྣམས་ཡོད་པར་མི་འགྲུབ་སྟེ། དེ་རྣམས་ལ་རང་གི་གཞལ་བྱ་འཇལ་བས་ཡུལ་ཅན་གྲུབ་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་བཤད་པར་བྱ་སྟེ་ལུགས་འདིས་རྣམ་ཤེས་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་རྣམ་ཤེས་མི་བཞེད་པས། དབང་པོ་གཟུགས་ཅན་ལ་དངོས་སུ་བརྟེན་པའི་ཚད་མ་དང་ཡིད་ཀྱི་དབང་པོ་ཙམ་ལ་བརྟེན་པའི་ཚད་མ་གཉིས་ལས་ནི་མེད་དོ། །ཚད་མ་ཡང་ཚིག་གསལ་ལས། མངོན་རྗེས་གཉིས་དང་ལུང་གི་ཚད་མ་དང་ཉེར་འཇལ་ལམ་དཔེས་འཇལ་བའི་ཚད་མ་བཞི་བཤད་པ་ནི་རྩོད་ཟློག་རྩལ་འགྲེལ་ལ་བརྟེན་པའོ། །ཚད་མ་ཕྱི་མ་གཉིས་ནི་རྗེས་དཔག་ཏུ་འདུ་ལ་བཞི་བརྒྱ་པའི་འགྲེལ་པ་ལས་ཀྱང་། དངོས་པོ་ཐམས་ཅད་མངོན་སུམ་དུ་ཤེས་པས་གོ་བར་བྱ་བ་ནི་མ་ཡིན་གྱི་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཡང་ཡོད་དོ། །ཞེས་གསུངས་སོ། །མངོན་སུམ་ཚད་མ་ལ་ལུགས་གཞན་ནས་བཞི་བཤད་པའི་རང་རིག་མངོན་སུམ་བཀག་ལ་ཡིད་ཀྱི་མངོན་སུམ་ཡང་ཚད་མ་ནས་བཤད་པ་ལྟར་མི་བཞེད་དེ། བཞི་བརྒྱ་པའི་འགྲེལ་པ་ལས། ཆོས་མངོན་པ་ནས་གཟུགས་སོགས་ལྔ་རེ་རེ་ཞིང་དབང་པོ་དང་ཡིད་ཤེས་ཀྱིས་ཤེས་པར་བྱ་བར་གསུངས་པའི་དོན་འཆད་པ་ནི། རྣམ་པར་ཤེས་པ་གཉིས་ཀྱིས་དོན་


JLD016_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་རྣམ་པར་ཤེས་པ་མ་ཡིན་ཏེ། གཅིག་ནི་ཡུལ་གྱི་རྣམ་པ་དངོས་སུ་གཅོད་པར་བྱེད་པ་སྟེ་གང་དང་པོར་སྐྱེ་བའོ། །གཉིས་པ་ནི། དངོས་སུ་བྱེད་པ་ཉིད་དུ་རྣམ་པར་ཤེས་པ་མ་ཡིན་ཏེ། དབང་པོའི་རྣམ་པར་ཤེས་པའི་སྟོབས་ཀྱིས་དེ་ལྟར་རྟོག་ཅིང་སྐྱེ་བ་ན། དེས་ཀྱང་དོན་དེ་རྣམ་པར་ཤེས་སོ་ཞེས་ཉེ་བར་འདོགས་སོ། །ཞེས་དང་པོ་དབང་ཤེས་ཀྱིས་གཟུགས་སོགས་ཀྱི་དོན་དེ་དངོས་སུ་རིག་ལ། ཡིད་ཤེས་ཀྱིས་དབང་ཤེས་ཀྱི་སྟོབས་ཀྱིས་རིག་གི་དབང་ཤེས་བཞིན་དུ་དངོས་སུ་མི་རིག་པར་གསུངས་ཤིང་དྲན་པར་ཡང་གསུངས་སོ། །ཡང་བཞི་བརྒྱ་པའི་འགྲེལ་པ་ལས། ཚོར་བ་ལ་སོགས་པ་ལྟར་ཉམས་སུ་མྱོང་བའི་རྣམ་པ་ཡང་མ་ཡིན་ལ། གཟུགས་དང་སྒྲ་ལ་སོགས་པ་བཞིན་དབང་པོའི་སྒོ་ནས་ཡོངས་སུ་བཅད་པར་བྱ་བ་ཡང་མ་ཡིན་ནོ། །ཞེས་གསུངས་པས་མངོན་གྱུར་དུ་འཇལ་བ་ལ་དབང་ཤེས་ཀྱིས་གཟུགས་སོགས་གཅོད་པ་ལྟ་བུ་དང་། ཚོར་བ་བདེ་སྡུག་ལ་སོགས་པ་ལྟར་ནང་དུ་ཉམས་མྱོང་གིས་ཡོངས་སུ་གཅོད་པ་གཉིས་གསུངས་སོ། །དེ་གཉིས་ཀྱི་ཕྱི་མ་ནི་གཞི་དུས་ནས་ཁས་ཀྱང་བླང་དགོས་ལ། མངོན་སུམ་གྱི་ཚད་མ་བཞི་ལས་མང་བ་འདིར་ཡང་མ་བཤད་པའི་ཕྱིར་དང་། རྣལ་འབྱོར་མངོན་སུམ་དང་དབང་པོའི་མངོན་སུམ་དང་། རང་རིག་མངོན་སུམ་ཚད་མར་གཞག་ཏུ་མི་རུང་བས། ཡིད་ཀྱི་མངོན་སུམ་དུ་བཞག་སྟེ། ཡིད་ཀྱི་མངོན་སུམ་ཚད་མ་ནི་ཚད་མ་བ་དང་མི་མཐུན་མོད། །དེ་ལྟ་


JLD016_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་ཡིད་ཀྱི་མངོན་སུམ་ཚད་མ་མི་འདོད་པ་ནི་མིན་ནོ། །དེ་ལྟར་ན་ཚོར་བ་ཞེས་པ་ནི་བྱེད་པ་པོ་དང་བྱེད་པ་དང་ལས་དང་འབྲེལ་བའི་ཚིག་ཡིན་པས་གང་ཟག་འདིས་ཚོར་བ་དང་། བྱེད་པ་འདིས་ཚོར་བ་དང་། འདི་འདྲ་བ་ཞིག་ཚོར་བ་ཞེས་པ་གསུམ་དུ་འགྱུར་རོ། །དེའི་གཉིས་པ་ནི་ཚད་མ་སྟེ་སེམས་བྱུང་ཚོར་བའོ། །གསུམ་པ་ནི་གཞལ་བྱ་སྟེ་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་སོ། །འདི་ཡང་ཡིད་ཤེས་ཀྱི་དབང་དུ་བྱས་ཀྱི་དབང་ཤེས་ཀྱི་ཚོར་བ་གསུམ་གྱིས་གཟུགས་སྒྲ་སོགས་ཡོངས་སུ་གཅོད་དེ། དེའི་འགྲུབ་ཚུལ་ནི་སྔར་བཤད་པ་བཞིན་ནོ། །འོ་ན་ཡིད་ཤེས་ཀྱི་ཚོར་བས་བདེ་སྡུག་སོགས་མངོན་གྱུར་དུ་གཅོད་ན་རང་རིག་ཏུ་མི་འགྱུར་རམ་སྙམ་ན། སྐྱོན་མེད་དེ་བཀག་པའི་རང་རིག་ནི་ཤེས་པ་ཐམས་ཅད་ཁ་ནང་ལྟ་ལ་རིག་བྱ་དང་རིག་བྱེད་ཐ་དད་པར་སྣང་བ་ནུབ་པའི་འཛིན་རྣམ་ཡན་གར་བ་ཡིན་ཞིང་། འདིར་ནི་ཉམས་སུ་མྱོང་བ་ཁྱད་པར་ཅན་ཚོར་བའི་མཚན་ཉིད་དུ་མདོ་སྡེར་གསུངས་ལ། འཇིག་རྟེན་གྱི་ཐ་སྙད་ལས་ཀྱང་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ངོ་ཞེས་བརྗོད་པའི་ཕྱིར། མྱོང་བྱ་དང་མྱོང་བྱེད་ཐ་དད་པ་ཉིད་དུ་སྣང་བའི་ཕྱིར་ན་ཕྱོགས་སྔ་མའི་རང་རིག་དང་མི་གཅིག་གོ །དེའི་ཕྱིར་བདེ་བ་སོགས་ཉམས་སུ་མྱོང་བས་གྲུབ་པ་ཉིད་ཀྱིས་ཚོར་བ་གྲུབ་བོ། །ཡིད་ཤེས་ཀྱི་ངོར་ཀེང་རུས་གསལ་སྣང་སོགས་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སྣང་བ་ན། ཡིད་ཤེས་ལ་དེ་རྣམས་


JLD016_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པ་ཤར་བའི་སྒོ་ནས་དེས་དེ་རྣམས་གྲུབ་པ་ན་དེ་འཛིན་གྱི་ཤེས་པ་འགྲུབ་པ་ནི་སྔར་དང་འདྲ་སྟེ། ཡུལ་དེ་རྣམས་ནི་ཡིད་ཀྱི་ཤེས་པ་ལས་ངོ་བོ་ཐ་དད་པའོ། །བདག་འཛིན་གཉིས་ལྟ་བུའི་ཡིད་ཤེས་ཀྱི་ཤེས་པ་དེ་ཇི་ལྟར་འགྲུབ་པ་ནི། ཚིག་གསལ་ལས། གལ་ཏེ་མཚན་གཞིའམ་རང་གི་མཚན་ཉིད་དམ་སྤྱིའི་མཚན་ཉིད་ཀྱང་རུང་སྟེ། འཇིག་རྟེན་ན་ཡོད་ན་ནི་ཐམས་ཅད་མངོན་སུམ་དུ་དམིགས་པར་བྱ་བ་ཡིན་པའི་ཕྱིར་ལྐོག་ཏུ་མ་གྱུར་བ་ཡིན་ཏེ། དེའི་ཕྱིར་དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་མངོན་སུམ་ཉིད་དུ་རྣམ་པར་བཞག་གོ །ཞེས་གསུངས་པ་འདིས་ཤེས་པར་བྱའོ། །དེ་ལ་མཚན་གཞི་དང་མཚོན་བྱ་གཉིས་སྐད་དོད་གཅིག་པས་ལོ་ཙཱ་བ་ཁ་ཅིག་གིས་མཚན་གཞིར་བསྒྱུར། ཁ་ཅིག་གིས་མཚོན་བྱར་བསྒྱུར་རོ། །དེས་ན་འདིས་མཚོན་པར་བྱེད་པའི་མཚན་ཉིད་དང་། འདི་མཚོན་པར་བྱ་བའི་མཚན་གཞི་ཐམས་ཅད་མངོན་སུམ་དུ་དམིགས་པར་བྱ་བར་བཤད་པ་ནི། ཚད་མ་བཞིར་བྱས་པའི་མངོན་སུམ་ཚད་མ་ངོས་འཛིན་པའི་སྐབས་ཡིན་པའི་ཕྱིར། ཐམས་ཅད་མཁྱེན་པས་མངོན་སུམ་དུ་དམིགས་པར་སྟོན་པ་ཡང་མིན་ལ། འདི་ཉིད་ཀྱི་མཇུག་ཐོགས་སུ་ལྐོག་ཏུ་གྱུར་པའི་ཡུལ་ཅན་རྟགས་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ལས་སྐྱེས་པའི་ཤེས་པ་ནི་རྗེས་སུ་དཔག་པའོ། །ཞེས་གསུངས་པས་རང་སྤྱི་ཐམས་ཅད་མངོན་གྱུར་ཡིན་གྱི། ལྐོག་གྱུར་མིན་


JLD016_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྟོན་པའང་མིན་ནོ། །དེས་ན་རང་སྤྱི་གཉིས་གང་ལ་དམིགས་པའི་ཤེས་པ་ལའང་དེ་གཉིས་ཀྱི་སྣང་བ་འབྱུང་ལ། སྣང་བ་དེ་ཉིད་ནི་ཤེས་པ་དེའི་ཡུལ་མངོན་སུམ་སྟེ་དེ་དང་དེའི་ཡུལ་ཅན་གྱི་རྣམ་ཤེས་གཉིས་ཀ་མངོན་སུམ་དུ་འཇོག་པ་ནི། ཡུལ་ལ་མངོན་སུམ་གྱི་སྒྲ་དངོས་དང་ཡུལ་ཅན་ལ་བཏགས་ནས་འཇུག་པར་བཞེད་པའོ། །ཤེས་པ་གང་ལ་གང་གི་རྣམ་པ་སྣང་བའི་སྣང་བ་ཐམས་ཅད་ཤེས་པ་དེའི་ཡུལ་མངོན་སུམ་ཡིན་ན། སྣང་བ་དེ་ཤེས་པ་དེ་ལ་མངོན་གྱུར་ཡིན་ཞིང་། དེ་ཡང་དེ་ལ་མི་སླུ་བའི་ཤེས་པ་ཡིན་ན་འཇིག་རྟེན་ན་མི་སླུ་བའི་ཤེས་པ་ལ་ཚད་མར་གྲགས་པས་ཚད་མར་འགྱུར་བ་ཞིག་འོང་ངོ་། །དེའི་ཚེ་གཞལ་བྱ་སྣང་བ་དེ་ཤེས་པ་དེའི་གྲུབ་པ་ན་ཡུལ་ཅན་འགྲུབ་པ་ནི་སྔར་བཞིན་ཡིན་ནོ། །དེའི་ཕྱིར་བདག་འཛིན་གཉིས་ལྟ་བུ་ལ་ཡང་བདག་གཉིས་ཀྱི་སྣང་བ་མངོན་སུམ་དུ་འཆར་ལ། དེའི་ཚེ་གཞལ་བྱ་སྣང་བ་མངོན་གྱུར་དེ་ཡུལ་ཅན་དེས་འགྲུབ་པ་སོགས་སྔར་དང་འདྲ་སྟེ། དེས་ཞེན་ཡུལ་ལ་འཁྲུལ་པ་གཞན་ཡང་ཤེས་པར་བྱའོ། །དེ་ལྟར་ཤེས་པ་རྣམས་ཡུལ་དུ་སྣང་བའི་སྣང་ཡུལ་མངོན་གྱུར་གྲུབ་པར་འདྲ་ལ། བདག་གཉིས་དང་བདག་མེད་གཉིས་དང་། གཟུགས་སོགས་རྟག་མི་རྟག་སོགས་ལ་ཚད་མར་འགྲོ་མི་འགྲོའི་ཁྱད་པར་ཆེན་པོ་ཡོད་པས། བློ་ལ་ཚད་མ་དང་ཚད་མིན་གྱི་རྣམ་པར་བཞག་པའང་འགྲུབ་བོ། །ཡིད་ཤེས་


JLD016_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཡུལ་ལ་ཚད་མར་བཤད་པ་དེ་རྣམས་ཀྱང་ཡུལ་མངོན་གྱུར་དེ་རྣམས་ལ་ཡིད་ཀྱི་མངོན་སུམ་ཚད་མར་བྱ་སྟེ། མཐའ་གཞན་ཁེགས་པའི་ཕྱིར་རོ། །རང་རིག་མངོན་སུམ་ཚད་མར་མི་འགྱུར་ཏེ། ཡུལ་དེ་ལ་གཉིས་ཀྱི་སྣང་བ་དང་བཅས་པའི་ཕྱིར་རོ། །མཉམ་གཞག་གི་ཤེས་པ་ཟག་པ་མེད་པ་ལ་གཉིས་སྣང་ནུབ་ཀྱང་ཆོས་ཉིད་དང་དེ་གཉིས་རིག་བྱ་རིག་བྱེད་དུ་འགྲོ་བ་དང་། ཤེས་པ་ཐམས་ཅད་ཁ་ནང་ལྟ་ལ་གཉིས་སྣང་ལོག་ཀྱང་རིག་བྱ་རིག་བྱེད་དུ་འགྲོ་བ་གཉིས་རྣམ་པ་ཐམས་ཅད་དུ་མི་མཚུངས་ཏེ། ཕྱི་མ་ལ་ནི་གྲུབ་མཐས་བཏགས་པའི་ཡུལ་ཡུལ་ཅན་ཙམ་མ་གཏོགས་པ་རྟོག་པས་ཡིད་ཅི་ཙམ་གཏད་ཀྱང་རིག་བྱ་དང་རིག་བྱེད་ཀྱི་སྣང་བ་གཉིས་མི་འཆར་ལ། སྔ་མ་ལ་ནི་ཡིད་གཏད་དེ་བལྟས་པ་ན་ཡུལ་ཅན་ཤེས་པ་དང་ཡུལ་ཆོས་ཉིད་ཀྱི་རྣམ་པ་ཐ་དད་པ་ངེས་པར་འཆར་བའི་ཕྱིར་རོ། །མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རང་གི་གཞལ་བྱ་ཆོས་ཉིད་གྲུབ་པ་ན། དེའི་སྟོབས་ཀྱིས་ཡུལ་ཅན་གྱི་ཡེ་ཤེས་འགྲུབ་པ་ལ། རིག་བྱ་རིག་བྱེད་སོ་སོར་སྣང་བའི་གཉིས་སྣང་ལོག་པ་དང་། གཞན་ལུགས་ཀྱིས་ཤེས་པ་ཐམས་ཅད་ཁ་ནང་ལྟ་ལ་གཉིས་སྣང་ལོག་པའི་འཛིན་རྣམ་ཡན་གར་བ་འདོད་པ་དང་མི་མཚུངས་པའི་ཁྱད་པར་ནི་འབྲས་བུའི་སའི་སྐབས་སུ་འཆད་པར་འགྱུར་རོ། །འདི་འདྲ་བའི་རྣམ་གཞག་ཕྲ་མོ་ནི་རང་གིས་གཞན་ལ། འདི་ཡི་ཡོད་པ་གང་གིས་ཤེས་


JLD016_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཞེས་སོགས་ཀྱི་གནོད་པ་བརྗོད་པ་ཚུར་ལ་བཟློག་པ་ན། ཆེན་པོ་རྣམས་ཀྱི་ལུགས་སོ་སོ་བའི་རྣམ་གཞག་ཕྲ་མོ་མི་ཤེས་ཤིང་། རང་གི་ལུགས་ངེས་དོན་གྱི་ལུང་གི་དོན་ཕྲ་མོ་དང་། ཤིན་ཏུ་རྟོགས་དཀའ་བའི་རིགས་ལམ་ཕྲ་མོ་ནས་འདྲེན་མི་ཤེས་པ་རྣམས་ཀྱིས། ཁོ་བོའི་ཕྱོགས་ལ་ཁས་ལེན་མེད་པས་སྐྱོན་དུ་མི་འགྱུར་རོ། །ཞེས་བསྙོན་འདིངས་པ་ཙམ་ལ་རེ་བ་རྣམས་ལ་མི་དགོས་ཀྱང་། སྐྱེ་བོ་མཁས་པ་མཛངས་ཤིང་ཕྲ་བའི་བློ་ཅན་རིགས་པའི་གནད་ཕྲ་མོས་སྐྱོན་ཡོན་སོ་སོར་འབྱེད་པའི་ལམ་མ་མཐོང་བར་ཡིད་མི་ཆེས་པ་རྣམས་ཀྱི་དོན་དུ་བསམས་ནས། བདག་གིས་ལུགས་དམ་པ་འདི་སྐྱོན་མེད་པར་འཇོག་པའི་ཕྱོགས་འདིའི་སྒོ་ཙམ་ཞིག་བསྟན་པ་ཡིན་ནོ། །འོ་ན་ངས་སྔོན་པོ་མཐོང་ངོ་ཞེས་དྲན་པའི་ང་ནི་གང་ཟག་ཡིན་ལ། སྔོ་འཛིན་གྱི་ཤེས་པ་དང་དེ་གཉིས་འགལ་བས་དེ་ལྟར་དྲན་པ་དེ་སྔོ་འཛིན་དྲན་པར་ཇི་ལྟར་འགྱུར་སྙམ་ན། སྔོ་འཛིན་གྱི་མིག་ཤེས་དང་སྔོན་པོ་མཐོང་མཁན་གྱི་གང་ཟག་གཉིས་འགལ་ཡང་། ཤེས་པ་དེས་སྔོན་པོ་མཐོང་བ་ལ་བརྟེན་ནས་ངས་མཐོང་ངོ་ཞེས་འཇོག་པ་མི་འགལ་བ་བཞིན་དུ་སྔོ་འཛིན་གྱི་ཤེས་པས་སྔོན་པོ་མཐོང་བ་དྲན་པ་ལ་བརྟེན་ནས་ངས་སྔར་སྔོན་པོ་མཐོང་ངོ་ཞེས་གང་ཟག་དྲན་པ་དེས་སྔོ་འཛིན་གྱི་ཤེས་པ་དྲན་པ་ཡང་ཅི་ཞིག་འགལ། གསུམ་པ་ནི། གང་གི་ཕྱིར་དེ་ལྟ་ཡིན་པ་


JLD016_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་རང་རིག་ཡོད་པ་མ་ཡིན་ན། སེམས་ཙམ་པ་ཁྱོད་ཀྱི་གཞན་དབང་ཤེས་པ་གང་གིས་འཛིན་པར་འགྱུར་ཤིང་གཅོད་པའི་བྱེད་པ་པོ་དང་། བཅད་པའི་ལས་སུ་བྱ་བ་ཤིང་དང་། ཤིང་གཅོད་པའི་བྱ་བ་གསུམ་གཅིག་མིན་པས་ཤེས་པ་དེ་ཉིད་ཀྱིས་དེ་འཛིན་པར་རིགས་པ་མ་ཡིན་ནོ། །འདིའི་གནོད་པ་འབབ་ཚུལ་ནི་བདེན་གཉིས་རང་འགྲེལ་ལས་ཤེས་པའི་བདག་ཉིད་ལ་ནི། རྡུལ་ཕྲ་རབ་དག་དང་གཉིས་པོ་མེད་པའི་དངོས་པོའི་ངོ་བོ་མི་སྣང་ངོ་། །མི་སྣང་བ་ལ་ནི་ཐ་སྙད་མེད་དོ་ཞེས་པ་གསལ་ཏེ། སྔར་བཤད་པ་ལྟར་གྱི་ཤེས་པ་ཁ་ནང་ལྟ་ལ་གཉིས་སྣང་མེད་པའི་མྱོང་ཙམ་ཁོ་རང་གི་རིག་བྱ་དང་། ཁོ་རང་དེའི་རིག་བྱེད་དུ་འཇོག་པ་ལ་དེ་ལ་ཇི་ཙམ་གཏད་ཀྱང་རྟོག་པ་ལ་ཡང་རིག་བྱ་དང་རིག་བྱེད་གཉིས་སུ་མི་སྣང་བ་དེ་ལ་རིག་བྱ་རིག་བྱེད་ཀྱི་བྱ་བྱེད་འཇོག་ན། བྱེད་པ་པོ་དང་ལས་དང་བྱ་བ་གཞན་ཡང་གཅིག་ཏུ་ཧ་ཅང་ཐལ་བ་འཇུག་པ་ཡིན་ནོ། །དེས་ན་སློབ་དཔོན་ཆེན་པོ་ཡེ་ཤེས་སྙིང་པོ་ནི། སེམས་ཙམ་པའི་རང་རིག་དང་ཉན་ཐོས་སྡེ་པའི་རྡུལ་ཆ་མེད་གཉིས་ཡོད་མེད་ཇི་ལྟ་བ་བཞིན་མཚུངས་པར་བཞེད་དེ། རྡུལ་ཆ་མེད་ལ་ཡང་ཡུལ་གྱི་གོ་ས་གནོན་པ་ནི་དགོས་ལ། དེའི་རྣམ་པ་ཤར་བ་ན་ཕྱོགས་ཀྱི་ཆ་བཅས་མིན་པ་འཆར་ས་མེད་དོ། །དེས་ན་དེ་གཉིས་ཀྱི་རིག་བྱ་རིག་བྱེད་དང་ཕྱོགས་ཀྱི་ཆ་མེད་ནི་གྲུབ་མཐས་བཏགས་པ་འབའ་ཞིག་གོ །དེས་ན་དེ་གཉིས་སྣང་ཡང་མ་ངེས་པ་ཡིན་པ་ཡང་བཀག་སྟེ།


JLD016_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གཉིས་རང་འགྲེལ་ལས། གལ་ཏེ་སྣང་བ་བཞིན་དུ་ཡང་དེ་ངེས་པར་མི་ཟིན་སྙམ་ན། དེས་ན་ཅི་དེ་ལྟ་བུ་ལ་ནི་ཐ་སྙད་མེད་དོ། །སྣང་ཞེས་བྱ་བ་ཡང་ཡིད་ཆེས་པ་མེད་པའི་ཕྱིར་མནའ་ཆུ་བཏུང་དགོས་སོ། །ཞེས་སྣང་བ་ལ་ཡང་སྒྲུབ་བྱེད་མནའ་ཙམ་དུ་ཟད་དོ། །ཞེས་གསུངས་སོ། །ལང་ཀར་གཤེགས་པ་ལས་གསུངས་པའི་རིགས་པས་ཀྱང་རང་རིག་མི་རིགས་ཏེ། ཇི་ལྟར་རལ་གྲིས་རང་གི་སོ། །གཅོད་པར་མི་བྱེད་སོར་མོས་ནི། །རང་ལ་རེག་པར་མི་བྱེད་ལྟར། །རང་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །བཞི་པ་ནི། གཞན་དབང་བདག་དང་གཞན་ལས་མི་སྐྱེ་བར་ནི་སྔར་བསྟན་ཟིན་ལ། དེ་འཇལ་བའི་རང་རིག་ཀྱང་མེད་པར་ད་ལྟ་ཉིད་དུ་བསྟན་པས། གལ་ཏེ་རང་བཞིན་གྱིས་སྐྱེ་བ་མེད་ཅིང་ཚད་མས་མ་ཤེས་པའི་བདག་ཉིད་ཅན་གྱི་གཞན་དབང་རང་གིས་ངོ་བོས་གྲུབ་པའི་དངོས་པོ་ཡོད་ན། རྒྱུ་མཚན་གང་གིས་ན་འདི་ཡོད་པར་མི་རིགས་པ་གཞན་ཏེ་སེམས་ཙམ་པ་ཁྱོད་ལ་མོ་གཤམ་གྱི་བུས་གནོད་པ་ཅི་ཞིག་བསྐྱལ་ནས་དེ་ཡོད་པར་མི་འདོད་དེ་ཡོད་པར་འདོད་དགོས་ཏེ། འདི་ལྟར་མོ་གཤམ་གྱི་བུ་ཞེས་བྱ་བ་སྤྲོས་པ་ཐམས་ཅད་ལས་འདས་ཤིང་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ། བརྗོད་དུ་མེད་པའི་རང་བཞིན་ཅན་ཞིག་ཡོད་དོ་ཞེས་འདི་ཡང་ཡོད་པ་ཉིད་དུ་འདོད་པར་གྱིས་ཤིག །གཉིས་པ་ནི། གང་ཡང་དངོས་པོ་བརྟགས་པར་


JLD016_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་རྒྱུར་འགྱུར་ཞིང་། ཞེས་སྨྲས་པ་དེ་ཡང་གཞན་དབང་རང་བཞིན་གྱིས་ཡོད་ན་རིགས་པ་ཞིག་ན། གང་གི་ཚེ་གཞན་དབང་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མིན་ན། ཐ་སྙད་ཀུན་རྫོབ་པའི་འཁྲུལ་པའི་རྒྱུ་སྟེ་གཞི་རྫས་སུ་གྲུབ་པར་ནི་གང་ཞིག་འགྱུར་ཏེ་ཅུང་ཟད་ཀྱང་མེད་དོ། །དེས་ནི་གཞན་དབང་དོན་དམ་དུ་གྲུབ་པར་འདོད་པས་དོན་དམ་ལས་ཉམས་པར་བསྟན་ནོ། །དེའི་ཕྱིར་སེམས་ཙམ་པ་འདི་ལ་འཇིག་རྟེན་གྱི་ཐ་སྙད་ཀྱི་རྒྱུ་གང་ཡིན་པ་དེ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མིན་པས། ཀྱེ་མ་ཀྱེ་ཧུད་གཞན་སེམས་ཙམ་པའི་ལྟར་ན་ངེས་དོན་མཐར་ཐུག་པ་འབྱེད་པའི་ཤེས་རབ་ཀྱི་རྩལ་མེད་པས་གཞན་དབང་གི་རྫས་ཤེས་ཙམ་ལ་བདེན་པར་ཞེན་པའི་ཆགས་པ་ཡི་སྒོ་ནས། གཞན་དབང་གི་བུམ་པ་སོ་མ་བཏང་བར། ཚུལ་མིན་གྱི་དཔྱད་པ་ཆུ་དང་འདྲ་བ་བླུགས་ནས། རང་གི་བློ་གྲོས་ཀྱི་ཚུལ་ངན་པའི་ཕྱིར་ཏེ་རྒྱུ་མཚན་གྱིས། འཇིག་རྟེན་ལ་གྲགས་པའི་རྣམ་གཞག་འཇིག་རྟེན་ཁོ་ན་ལས་གྲུབ་པ་འདུག་ཅིག་སོང་ཞིག་བྱོས་ཤིག །ཅེས་པ་སོགས་དང་དེ་བཞིན་དུ་ཕྱིའི་གཟུགས་དང་ཕྱིའི་དམིགས་པ་ལས་སྐྱེས་པའི་ཚོར་བ་ལ་སོགས་པ་དེ་དག་ཀུན་ཀྱང་བརླག་པ་སྟེ་འཇིག་པར་བྱེད་དོ། །དེའི་ཕྱིར་སེམས་ཙམ་པ་འདི་ལ་རྒུད་པ་འབའ་ཞིག་སྲིད་པར་འགྱུར་གྱི། མངོན་པར་མཐོ་བ་སྟེ་ཕུལ་དུ་བྱུང་བའི་གོ་འཕང་ནི་འཐོབ་པ་མ་ཡིན་ནོ། །ཕྱི་རོལ་བཀག་ན་སོང་ཞིག་ལ་སོགས་པ་ཡང་མེད་


JLD016_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་རིགས་པས། དེ་རྣམས་ཕྱི་རོལ་ལ་འབྲེལ་བའོ། །འདིས་ནི་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པར་བསྟན་པའོ། །གསུམ་པ་ནི། དེའི་ཕྱིར་དེ་ལྟར་སློབ་དཔོན་ཕྱིན་ཅི་ལོག་སྟེ་དྲང་བའི་དོན་ལ་ངེས་པའི་དོན་དུ་འཆད་པ་ལས། སངས་རྒྱས་ཀྱི་དགོངས་པར་མ་སོང་བའི་རང་གི་རྣམ་པར་རྟོག་པས་སྦྱར་བའི་ལུགས་ཀྱི་ལམ་ཁོ་ནར་ཞུགས་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་སྲོལ་ཕྱེ་བའི་ལམ་ལས་ནི་ཕྱི་རོལ་ཏུ་གྱུར་པ་ལ་ཞི་བ་མྱང་འདས་འཐོབ་པའི་ཐབས་ཀྱི་གཙོ་བོ་མེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཕྱི་རོལ་ཏུ་གྱུར་པ་དེ་དག་ནི་ཀུན་རྫོབ་ཀྱི་བདེན་པ་དང་དེ་ཉིད་དོན་དམ་བདེན་པ་ལས་ངེས་པར་ཉམས་པར་འགྱུར་ལ། བདེན་གཉིས་དེ་ལས་ཉམས་པས་ཀྱང་དེ་མ་བཏང་གི་བར་དུ་ཐར་པ་འགྲུབ་པ་ཡོད་པ་མིན་ནོ། །ཡང་ཅིའི་ཕྱིར་བདེན་གཉིས་ལས་ཉམས་པས་ཐར་པ་མི་འགྲུབ་ཅེ་ན། ཐ་སྙད་བདེན་པའི་རྣམ་གཞག་མ་ལོག་པ་ནི། དོན་དམ་བདེན་པ་ཇི་བཞིན་དུ་རྟོགས་པའི་ཐབས་སུ་གྱུར་པ་དང་། དོན་དམ་བདེན་པ་ཇི་བཞིན་རྟོགས་པ་ནི་སྔར་བཤད་པའི་ཐབས་ལས་བྱུང་བར་གྱུར་པ་སྟེ། བདེན་པ་དེ་གཉིས་ཀྱི་རྣམ་དབྱེ་གང་གིས་མི་ཤེས་པ་དེ་ནི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པས་ལམ་ངན་པར་ཞུགས་པའོ། །འདིས་ནི་ཐ་སྙད་ཀྱི་རྣམ་གཞག་སྐྱོན་མེད་པ་ཞིག་མ་བྱུང་བར་དུ་དོན་དམ་བདེན་པ་ཇི་བཞིན་དུ་མི་རྟོག་པར་བསྟན་པའོ། །དེའི་ཕྱིར་ཀླུ་སྒྲུབ་


JLD016_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྲོལ་ཕྱེ་བའི་ལུགས་ཁོ་ནའི་རྗེས་སུ་འབྲང་བར་བྱའོ། །ཚུལ་དེ་ཉིད་མདོས་སྒྲུབ་པ་ལ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ཏིང་ངེ་འཛིན་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་བསྟན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་པས་ནི་སངས་རྒྱས་ཀྱིས་རང་དབང་དུ་བདེན་གཉིས་བསྟན་པ་དང་ཤེས་བྱ་ཐམས་ཅད་བདེན་གཉིས་སུ་གྲངས་ངེས་པར་བསྟན་ནོ། །དེ་ནས། གང་གིས་བདེ་བར་གཤེགས་ལ་འགྲོ་བ་རྣམས། །བདེ་བའི་དོན་དུ་དད་པ་སྐྱེ་འགྱུར་བ། །རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ། །ཞེས་པས་ནི་ཀུན་རྫོབ་བསྟན་པའི་དགོས་པ་བསྟན་ནོ། །སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་དང་དུད་འགྲོ་ཡི་དྭགས་དང་། །ལྷ་མིན་རིས་དང་མི་དང་ལྷ་ཡི་རྣམས། །མི་ཡི་སེངྒེས་ཀུན་རྫོབ་བཏགས་པ་མཛད། །རིགས་དམའ་དེ་བཞིན་མཐོ་བའི་རིགས་རྣམས་དང་། །ཕྱུག་པོའི་ཁྱིམ་དང་དབུལ་པོའི་ཁྱིམ་རྣམས་དང་། །བྲན་གྱི་ཚོགས་དང་དེ་བཞིན་གཡོག་གི་ཚོགས། །བུད་མེད་ཚོགས་དང་སྐྱེས་པ་མ་ནིང་དང་། །འགྲོ་བའི་ཁྱད་པར་ཇི་སྙེད་གང་ཡང་རུང་། །མཚུངས་མེད་ཁྱོད་ཀྱིས་འཇིག་རྟེན་བསྟན་མཛད་པ། །ཀུན་རྫོབ་བདེན་པར་མཁས་པས་ཐུགས་ཆུད་ནས། །འཇིག་རྟེན་མཁྱེན་པས་མི་ལ་དེ་བསྟན་ཏོ། བཞེས་པས་ནི་ཀུན་རྫོབ་


JLD016_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཚུལ་གསུངས་སོ། །འདི་ལ་དགའ་བའི་འགྲོ་བ་འཁོར་བ་ན། །འགྲོ་བའི་ཆོས་བརྒྱད་ལ་ནི་འཇུག་འགྱུར་ཏེ། །ཐོབ་དང་མ་ཐོབ་སྙན་དང་མི་སྙན་དང་། །བསྟོད་དང་སྨད་དང་བདེ་དང་སྡུག་བསྔལ་ལོ། །ཐོབ་པ་རྙེད་ན་དེ་ལ་ཆགས་པ་སྐྱེ། །མ་ཐོབ་གྱུར་ན་དེས་ཀྱང་འཁྲུག་པར་འགྱུར། །གང་གཞན་མ་བསྟན་ཚུལ་འདིས་ཤེས་པར་བྱ། །ནད་རྣམས་བརྒྱད་ཀྱིས་དེ་རྒྱུན་གནོད་པར་གྱུར། ཞེས་པས་ནི་ཀུན་རྫོབ་པ་འདི་ལ་བདེན་པར་ཞེན་ནས་དགའ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་ལ་འཇུག་ཅིང་དེས་མནར་ནས་འཁོར་བར་འཁོར་བ་དང་ཆོས་བརྒྱད་ཀྱི་དང་པོ་གཉིས་བསྟན་པས་ལྷག་མ་མི་བསྟན་པ་ཤེས་པར་བྱ་བར་གསུངས་སོ། །ཀུན་རྫོབ་དེ་ལ་དོན་དམ་སུ་སྨྲ་བ། །དེ་དག་ནོར་པའི་བློ་ལྡན་ཤེས་པར་བྱ། །ཞེས་པས་ནི་ཀུན་རྫོབ་པ་འགྲོ་བ་དྲུག་ལ་སོགས་པ་ལ་དོན་དམ་སྟེ་བདེན་པར་གྲུབ་པ་ཞེས་སུ་སྨྲ་བ་དེ་དག་ཕྱིན་ཅི་ལོག་གི་བློ་ཅན་དུ་ཤེས་པར་བྱ་བར་གསུངས་པས་རང་སྡེ་དེ་ལྟར་འདོད་པ་རྣམས་གྲུབ་མཐའ་ནོར་པར་གསུངས་སོ། །མི་སྡུག་སྡུག་དང་སྡུག་བསྔལ་བདེ་བ་དང་། །བདག་མེད་རང་བཞིན་བདག་ཏུ་སྨྲ་བ་དང་། །མི་རྟག་ཆོས་ལ་རྟག་ཅེས་སྨྲ་བགྱིད་ཅིང་། །དེ་ལྟར་དགའ་སྟེ་མཚན་མར་གང་གནས་པ། །དེ་དག་བདེ་གཤེགས་གསུང་ནི་ཐོས་གྱུར་ན། །འཇིགས་ཤིང་ཇི་བཞིན་མི་རྟོགས་སྤོང་བར་བགྱི། །དེ་དག་བདེར་གཤེགས་གསུང་ནི་སྤངས་གྱུར་


JLD016_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སེམས་ཅན་དམྱལ་བར་སྡུག་བསྔལ་མི་བཟད་མྱོང་། །དེ་དག་ཚུལ་མིན་བདེ་བ་ཚོལ་བགྱིད་ཀྱང་། །སྡུག་བསྔལ་བརྒྱ་དག་བྱིས་པས་མྱོང་བར་འགྱུར། །ཞེས་པས་ནི་ཕྱིན་ཅི་ལོག་བཞི་ལ་གོམས་པ་དང་དེ་འཐད་པའི་གྲུབ་མཐས་བསླད་པ་ཕྱི་རོལ་པ་རྣམས་ནི། སངས་རྒྱས་ཀྱི་གསུང་ཐོས་ན་སྤོང་ཞིང་དེའི་མཐུས་སེམས་ཅན་དམྱལ་བར་འགྲོ་བ་དང་། དེ་དག་གིས་ཐར་པའི་བདེ་བ་ཚུལ་བཞིན་མིན་པའི་ཐབས་ཀྱིས་བཙལ་ཡང་། དེ་མི་རྙེད་པར་མ་ཟད་སྡུག་བསྔལ་དུ་མས་མནར་བར་འགྱུར་བར་བསྟན་ནོ། །འཇིག་རྟེན་ཕན་པའི་བསྟན་པ་སུ་ཞིག་གིས། །མ་ལོག་བློ་ཡིས་རྣམ་པར་རྟོགས་གྱུར་ན། །སྦྲུལ་གྱི་པགས་པ་རྙིང་ལྟར་རབ་སྤངས་ཏེ། །སྲིད་པ་ཀུན་ལས་འདས་ནས་ཞི་བར་འགྱུར། །ཆོས་འདི་ཐམས་ཅད་རང་བཞིན་དབེན་པ་སྟེ། །སྟོང་པ་མཚན་མ་མེད་པ་དོན་དམ་ཞེས། །གང་གིས་ཐོས་ནས་དགའ་བ་སྐྱེ་འགྱུར་བ། །དེ་དག་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །རྒྱལ་བ་ཁྱོད་ཀྱིས་ཕུང་པོ་དབེན་པར་གཟིགས། །ཁམས་དང་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ཏེ། །དབང་པོའི་གྲོང་ནི་མཚན་མས་དབེན་པ་དག །ཀུན་ཀྱང་ཐུབ་པ་ཁྱོད་ཀྱིས་ཇི་བཞིན་གཟིགས། །ཞེས་བསྟན་པ་གསུང་རབ་ཟབ་མོའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ན། འཁོར་བ་ལས་གྲོལ་པར་བསྟན་ནས། རྟོགས་ཚུལ་དེ་ཇི་འདྲི་ཞིག་སྙམ་པ་ལ། ཆོས་འདི་ཐམས་ཅད་རང་བཞིན་དབེན་པ་སོགས་ཀྱི་གཏམ་ཐོས་པ་ན་དགའ་ནས་དེའི་དོན་རྟོགས་ན་བྱང་


JLD016_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་འཐོབ་པར་གསུངས་ཏེ། །སྔར་ཀུན་རྫོབ་བསྟན་ལ་འདིས་དོན་དམ་པ་བསྟན་ནོ། །ཁམས་ནི་སའི་ཁམས་ལ་སོགས་པའོ། །སྐྱེ་མཆེད་ནི་གཟུགས་སྒྲ་སོགས་སོ། །དེའི་ཕྱིར་ཀུན་རྫོབ་བཏགས་པ་ཙམ་དང་རང་བཞིན་མེད་པའི་དོན་དམ་བདེན་པ་ཤེས་པས་དབེན་པ་རྣམས་ལ་ཐར་པ་ལྟ་ག་ལ་ཡོད། དེའི་ཕྱིར་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དེ་དག་ནི་ལམ་གོལ་པར་ཞུགས་པ་ཁོ་ནའོ། །འདིར་ཐ་སྙད་ཀྱི་བདེན་པ་བསྟན་པ་ནི་ཐབས་སུ་གྱུར་པ་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཡི་གེ་མེད་པའི་ཆོས་ལ་ནི། །ཉན་པ་གང་དང་སྟོན་པ་གང་། །འགྱུར་པ་མེད་ལ་སྒྲོ་བཏགས་པས། །འོན་ཀྱང་ཉན་ཞིང་སྟོན་པ་ཡིན། །ཞེས་གསུངས་ཏེ། རྐང་པ་དང་པོ་གཉིས་ཀྱིས་ནི་དེ་དག་དོན་དམ་པར་མེད་པར་བསྟན་ནོ། །དོན་དམ་པར་ཡི་གེ་མེད་པ་དེ་ལ་སྒྲོ་བཏགས་པ་སྟེ་རྟོག་པས་བཏགས་ནས་ཉན་པ་དང་འཆད་དོ་ཞེས་པའོ། །ཡི་གེའི་སྐད་དོད་ཨཀྵ་ར་ཞེས་པ་ཡི་གེ་དང་འགྱུར་པ་མེད་པ་གཉིས་ཀ་ལ་འཇུག་ཀྱང་འདིར་ཡི་གེ་མེད་ལ་ཞེས་བསྒྱུར་ན་བདེའོ། །སྒྲོ་བཏགས་པ་ནི་མེད་པ་ལ་ཡོད་པ་དང་། མ་ཡིན་པ་ལ་ཡིན་ཞེས་པ་ལྟ་བུ་ལ་ཡང་མང་དུ་བཤད་མོད་ཀྱང་། དེ་ཁོ་ནར་མི་གཟུང་གི་སྤྱིར་རྟོག་པས་བཏགས་ནས་འཇོག་པ་ལ་ཡང་བྱའོ། །ཐ་སྙད་ཀྱི་བདེན་པ་ཁོ་ན་ལ་གནས་ཏེ་དོན་དམ་པ་སྟོན་ལ། དེ་ལས་ཀྱང་དོན་དམ་པ་ཁོང་དུ་ཆུད་པ་ལས་དོན་དམ་པ་མྱང་ངན་ལས་འདས་པ་


JLD016_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་སྟེ། རྩ་ཤེ་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་སོ། །བཞི་པ་ནི། གལ་ཏེ་ཁྱོད་ཀྱིས་དེ་སྐད་དུ་ཁོ་བོ་ཅག་ལ་ཤིན་ཏུ་ལྟོས་པ་མེད་པར་སྨྲ་ན། ད་ནི་ངེད་ཅག་ཀྱང་ཁྱེད་ལ་བཟོད་པ་མི་བྱེད་དེ། གལ་ཏེ་བདག་ཉིད་གཞན་གྱི་ཕྱོགས་སུན་འབྱིན་པ་ཙམ་ལ་མཁས་པར་མངོན་པར་བྱེད་ཅིང་། རིགས་པའི་འཐད་པས་མི་རིགས་པའི་ཕྱིར་གཞན་དབང་རང་བཞིན་གྱིས་གྲུབ་པའི་ངོ་བོ་སེལ་བར་བྱེད་ན།འོ་ན་ད་ནི་བདག་དང་གཞན་ལས་སྐྱེ་བ་སོགས་འགོག་པའི་འཐད་པ་ཁོ་ནས། མི་རིགས་པའི་ཕྱིར་ཁྱོད་ལ་གྲགས་པའི་ཀུན་རྫོབ་སེལ་བར་བྱེད་དོ་ཞེ་ན། གལ་ཏེ་ཁྱོད་ཐོག་མ་མེད་པའི་དུས་ནས་དཀའ་བ་བརྒྱ་ཕྲག་གིས་བསགས་པའི་ནོར་གྱི་ཚོགས་འཕྲོག་པ་པོ་ལ། མཛའ་བོའི་ཟོལ་གྱིས་དུག་བཅས་ཀྱི་ཟས་བྱིན་ནས་སླར་ཕྲོགས་པས་དགའ་བ་བཞིན་དུ། ཁོ་བོ་ཅག་གིས་གཞན་དབང་ལ་བདེན་པར་འཛིན་པའི་ཡུལ་ཕྲོགས་པས་ཕན་བཏགས་པ་ན་དེའི་ལན་དུ་ཁོ་བོ་ཅག་ལ་གནོད་པ་བྱས་པས་ཁྱོད་དགའ་ཞིང་རངས་པར་འགྱུར་ན་འགྱུར་ལ་རག་སྟེ། ཁོ་བོ་ཅག་ནི་མངོན་པར་མཐོ་ཞིང་དག་པ་ཉིད་དུ་འགྱུར་རོ། །འདི་ལྟར་ཇི་ལྟར་སེམས་ཙམ་པ་ཁྱོད་ཀྱིས་གཞན་དབང་དངོས་པོར་ཏེ་ངོ་བོས་གྲུབ་པ། སུམ་ཅུ་པ་ལས། དེ་མ་མཐོང་བར་དེ་མི་མཐོང་ཞེས་གསུངས་པ་ལྟར་འཕགས་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་བྱས་


JLD016_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་གི་རང་དབང་དུ་བྱས་ནས། རང་ལུགས་ཀྱིས་ཡོད་དོ་ཞེས་འདོད་པ་དེ་ལྟར་ཀུན་རྫོབ་ཀྱང་ནི་རང་བཞིན་གྱིས་གྲུབ་པར་བདག་གིས་ཁས་མ་བླངས་སོ། །འོ་ན་ཅི་ཞེ་ན། ཕུང་པོ་ལ་སོགས་པ་འདི་དག་རང་བཞིན་གྱིས་མེད་ཀྱང་། འཇིག་རྟེན་ཁོ་ན་ལས་གྲགས་པར་འགྱུར་བས་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་ཁོ་ནར་བྱས་ནས་བདག་གིས་ནི་སྨྲ་བར་བྱེད་དོ། །འདིར་ཀུན་རྫོབ་པའི་ཕུང་སོགས་འཇིག་རྟེན་ཐ་སྙད་ཀྱི་ངོར་འཇོག་པ་ལ་ཚུལ་གཉིས་ཏེ། དབུ་མ་རང་གིས་ཀུན་རྫོབ་ཏུ་འཇོག་པ་ནི་ཐ་སྙད་པའི་ཚད་མའི་ངོར་ཁས་ལེན་གྱི་རིགས་ངོར་མི་འཇོག་གོ །སྐབས་འགར་དགོས་པའི་དབང་གིས་ཕུང་སོགས་རང་བཞིན་གྱིས་ཡོད་པར་འཇོག་པ་ནི། རང་ལུགས་ལ་མི་འདོད་ཀྱི་གཞན་ངོ་ཁོ་ནར་ཁས་ལེན་པས་དེ་གཉིས་འགོག་པ་མི་མཚུངས་སོ། །གཞན་ངོར་དེ་ལྟར་ཁས་ལེན་པ་ནི་འབྲས་བུ་སྟེ་དགོས་པའི་ཕྱིར་ཡིན་ལ། དེ་ཡང་གདུལ་བྱ་དེ་གྲུབ་མཐའ་ངན་པ་གཞན་ལས་ལྡོག་པ་དང་། རིམ་གྱིས་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ཡིན་པའི་ཕྱིར་རོ། །དེས་ན་གཞུང་དེས་རྣམ་གཞག་ཐམས་ཅད་གཞན་ངོར་བྱེད་ཀྱི། རང་ལུགས་ལ་མི་བྱེད་པའི་དོན་གཏན་མིན་པ་ནི། འདིའི་ཤེས་བྱེད་ཀྱི་ལུང་དྲངས་པ་ཉིད་ཀྱིས་ཤེས་སོ། །ལུང་ནི་སྡོམ་པ་གསུམ་བསྟན་པ་ལས། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ་གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་


JLD016_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་གསུངས་པའོ། །འདི་ནི་སྟོང་ཉིད་བདུན་ཅུ་པ་ལས། གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་པའམ་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་བསྙད་དབང་གིས། །གསུངས་ཀྱིས་ཡང་དག་དབང་གིས་མིན། །ཞེས་ཡོད་མེད་ལ་སོགས་པར་འཇོག་པ་ཐམས་ཅད་འཇིག་རྟེན་ན་ཇི་ལྟར་གྲགས་པའི་ཐ་སྙད་ཀྱི་དབང་གིས་འཇོག་པར་གསུངས་པའི་དོན་ནོ། །ཇི་སྟེ་ཀུན་རྫོབ་འདི་ཇི་ལྟར་དགྲ་བཅོམ་པ་ཕུང་པོ་སྤངས་ནས་ལྷག་མེད་ཀྱི་ཞི་བའི་དབྱིངས་སུ་ཞུགས་པ་རྣམས་ལ། ཀུན་རྫོབ་ཐམས་ཅད་ཡོད་པ་མིན་པ་དེ་ལྟར་དུ་གལ་ཏེ་འཇིག་རྟེན་ལ་ཡང་ཀུན་རྫོབ་འདི་མེད་ན། ལྷག་མེད་པ་དེ་བཞིན་དུ་ཀུན་རྫོབ་པ་འདི་འཇིག་རྟེན་གྱི་ཐ་སྙད་ཀྱི་ང་ལ་ལྟོས་ནས་ཀྱང་ཡོད་ཅེས་བདག་མི་སྨྲའོ། །དེའི་ཕྱིར་གཞན་འཇིག་རྟེན་གྱི་ཐ་སྙད་ལ་རག་ལས་པ་ཉིད་ཀྱི་སྒོ་ནས་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི། འཇིག་རྟེན་གྱི་ཐ་སྙད་ལ་མ་ལྟོས་པར་རང་དབང་དུ་ཁས་བླངས་པ་ནི་མིན་ནོ། །ཐོག་མར་འཇིག་རྟེན་ཁོ་ནས་ཁས་བླངས་པ་ཡིན་ཏེ། དེའི་ཕྱིར་གང་གིས་ཁས་བླངས་པ་དེ་ཁོ་ན་ལ་ལྟོས་ནས་སེལ་བར་ནུས་པས་ན་བསལ་བར་འོས་པ་ཡིན་ཏེ། གཞན་དབུ་མ་པ་ལ་ལྟོས་ནས་ནི་མ་ཡིན་ནོ་ཞེས་བཤད་པ་ཁོ་བོ་ཅག་ནི་ཀུན་རྫོབ་འཁྲུལ་པའི་སྣང་བ་རང་རྒྱུད་ལ་བཟློག་པའི་ཕྱིར་ཤིན་ཏུ་ཚོགས་ཆེ་བས་ལམ་སྒོམ་པ་ལ་གནས་པར་འགྱུར་གྱི། གལ་ཏེ་ཁྱོད་ལ་འཇིག་རྟེན་གྱིས་མི་གནོད་ན།


JLD016_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་འཇིག་རྟེན་ཉིད་ལ་ལྟོས་ནས་ཀུན་རྫོབ་འདི་ནི་དགག་པར་གྱིས་ཤིག །དེ་ཁྱོད་ཀྱི་རིགས་པས་འགོག་ནུས་ན་ངས་ཀྱང་ཁྱོད་ལ་སྟོངས་གདབ་པ་སྟེ་གྲོགས་བྱའོ། །འཇིག་རྟེན་གྱིས་ནི་གནོད་པ་ཡང་ཡིན་ཏེ། དེའི་ཕྱིར་ཁོ་བོ་ཅག་ཁྱོད་ཀྱི་གྲོགས་མི་བྱེད་པར་བཏང་སྙོམས་སུ་གནས་པར་བྱའོ། །ཁྱོད་དང་འཇིག་རྟེན་པ་གཉིས་འདིར་ནི་རྩོད་པ་གྱིས་ཤིག་དང་། བརྩད་པའི་ཕྱི་ནས་གང་སྟོབས་དང་ལྡན་པ་དེ་ལ་བདག་གིས་བརྟེན་པར་བྱའོ། །དེ་ལ་ཁྱོད་རྒྱལ་ན་ནི་ཁོ་བོ་ཅག་དེ་འདོད་པས་ཁྱེད་ལ་བརྟེན་པར་བྱའོ། །འོན་ཏེ་ཁྱོད་འཇིག་རྟེན་གྱིས་ཕམ་པར་བྱས་ན་ནི། ཤིན་ཏུ་སྟོབས་དང་ལྡན་པའི་འཇིག་རྟེན་ལ་བརྟེན་པར་བྱའོ། །དེ་ལྟར་ན་ཕྱི་རོལ་མེད་པ་ལ་ཐ་སྙད་པའི་ཚད་མས་གནོད་པས་ཕྱི་རོལ་མེད་པར་སྒྲུབ་མི་ནུས་སོ། །འོ་ན་སེམས་ཙམ་པས་རྡུལ་ཆ་མེད་མེད་པས་དེ་བསགས་པའི་ཕྱི་དོན་འགོག་པའི་རིགས་པས། ཕྱོགས་ཀྱི་ཆ་མེད་ཀྱི་ཕྱི་དོན་མི་ཁེགས་སོ་སྙམ་ན། དེ་དག་ཚད་མས་མ་ཁེགས་པར་མི་སྨྲའི་དེ་ཁེགས་ཀྱང་ཕྱི་རོལ་གྱི་དོན་མོད་མི་དགོས་སོ། །འདིས་ནི་ཤེས་པ་དུས་ཀྱི་ཆ་མེད་དང་དེ་འཐུད་པའི་རྒྱུན་ཁེགས་ཀྱང་ཤེས་པ་མི་ཁེགས་པ་ཡང་ཤེས་པར་བྱའོ། །གཞན་གྱི་ལུགས་ཀྱིས་ནི་ཕྱི་རོལ་ཆ་མེད་ཁེགས་ན་སྣང་བ་ལ་མ་འཁྲུལ་བའི་དབང་ཤེས་ཁེགས། དབང་ཤེས་འཁྲུལ་པས་དོན་འཇོག་མི་ནུས་པས་ཕྱི་དོན་ཁེགས་སོ་སྙམ་དུ་བསམས་སོ། །འདིར་ནི་དབང་ཤེས་


JLD016_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པས་གཞལ་བྱ་བདེན་པ་འཇོག་མི་ནུས་ཀྱང་། གཞལ་བྱ་བརྫུན་པ་འཇོག་པ་ལ་དེ་གྲོགས་སུ་སོང་ངོ་སྙམ་དུ་དགོངས་སོ། །འདི་ཉིད་འཕགས་པ་ལྷ་ཡང་བཞེད་དེ་བརྒྱ་པ་ལས། གཅིག་ཡོད་གཅིག་མེད་ཅེས་བྱ་བ། །དེ་ཉིད་མིན་འཇིག་རྟེན་པའང་མིན། །ཞེས་དོན་ཤེས་ཡོད་མེད་འབྱེད་པ་བདེན་གཉིས་གང་གི་ཡང་རྣམ་གཞག་མིན་པར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་འབྱེད་པ་ཀླུའི་ཞབས་ཀྱི་བཞེད་པ་ཡང་མ་ཡིན་ནོ། །གསུམ་པ་ལ་གསུམ། ས་བཅུ་པ་ལས། སེམས་ཙམ་དུ་གསུངས་པའི་དགོངས་པ་བཤད་པ། ཕྱི་རོལ་དང་ནང་གི་སེམས་གཉིས་ཡོད་མེད་མཚུངས་པར་བསྟན་པ། ལང་ཀར་གཤེགས་པ་ལས། སེམས་ཙམ་དུ་གསུངས་པའི་དགོངས་པ་བཤད་པའོ། །དང་པོ་ལ་གསུམ། ཙམ་གྱི་སྒྲས་ཕྱི་རོལ་མི་འགོག་པ་ས་བཅུ་པའི་ལུང་གིས་བསྒྲུབ་པ། དོན་དེ་ཉིད་མདོ་གཞན་གྱིས་ཀྱང་བསྒྲུབ་པ། ཙམ་གྱི་སྒྲས་སེམས་གཙོ་བོ་ཉིད་དུ་བསྒྲུབ་པའོ། །དང་པོ་ནི། གལ་ཏེ་དེ་ཁོ་ན་ཉིད་ལ་དཔྱོད་པའི་འཐད་པ་སྟེ་རིགས་པས་གྲུབ་པ་དང་བྲལ་ཡང་། འཇིག་རྟེན་པའི་གནོད་པས་འཇིགས་ནས་ཁྱོད་ཀྱིས་ཀུན་རྫོབ་ཁས་བླངས་ན་ནི། ལུང་གི་གནོད་པས་འཇིགས་པས་སེམས་ཙམ་དུ་ཡང་ཁས་བླང་དགོས་ཏེ། ས་བཅུ་པ་ལས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་པོ་འདི་ནི་སེམས་ཙམ་སྟེ། ཞེས་གསུངས་པ་ལྟ་བུའོ་ཞེ་ན། བརྗོད་པ་རྒྱལ་བའི་གསུང་གི་ནོར་བུ་ཨནྡ་རྙིལ་ལས་སྦྱར་བའི་མདོ་སྡེའི་ས་གཞི་བསྟར་བ་ལ། ཨནྡ་


JLD016_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྙིལ་ཡིན་པ་དེ་མ་ཤེས་པར་རྣམ་པར་ཤེས་པ་དངོས་པོར་སྨྲ་བའི་ཆུའི་རྣམ་པར་ཡོངས་སུ་འགྱུར་བར་འཁྲུལ་བ་ཁྱོད་ནི། རྣམ་པར་ཤེས་པ་དངོས་པོར་སྨྲ་བའི་ཆུ་ཙམ་ཞིག་བཅུ་བར་འདོད་པས། རང་གི་བློ་གྲོས་ཀྱི་བུམ་པ་སོ་མ་བཏང་བ་བཤལ་ཞིང་བསྙུགས་ནས་དུམ་བུ་རྣམ་པ་བརྒྱར་ཀློག་པ་ན། དེའི་རང་བཞིན་ཤེས་པ་རྣམས་ཀྱི་བཞད་གད་དུ་བྱ་བ་ཉིད་དུ་འགྱུར་བར་བྱེད་པ་ཡིན་ནོ། །མདོའི་དགོངས་པ་འདི་ནི་ཇི་ལྟར་ཁྱོད་ཀྱི་བློ་ལ་སྣང་བ་དེ་ལྟར་མ་ཡིན་ནོ། །ཡང་འདིར་མདོའི་དོན་ཅི་ཡིན་ཞེ་ན། དེའི་ཕྱིར་བཤད་པ། ས་དྲུག་པ་མངོན་དུ་གྱུར་པ་ཆོས་དབྱིངས་ལ་མངོན་དུ་ཕྱོགས་པའི་བྱང་ཆུབ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སེམས་པ་དེ་ལ་ཡོད་པས་བྱང་ཆུབ་སེམས་དཔའ་ཡིས། སྲིད་པ་ཁམས་གསུམ་རྣམ་ཤེས་སེམས་ཙམ་དུ་རྟོགས་པར་གསུངས་པ་གང་ཡིན་པ་དེས་ནི། བདག་རྟག་པ་བྱེད་པ་པོ་བཀག་ནས། ཀུན་རྫོབ་སེམས་ཙམ་ཞིག་ཁོ་ན་བྱེད་པ་པོ་ཡིན་པར་རྟོགས་པའི་ཕྱིར། འཇིག་རྟེན་གྱི་བྱེད་པ་པོ་ནི་བྱང་སེམས་དེས་སེམས་ཙམ་ཞིག་ཡིན་པར་རྟོགས་ཏེ། ས་བཅུ་པ་ལས། ལུགས་སུ་བྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རབ་ཏུ་རྟོག་གོ །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་སྡུག་བསྔལ་གྱི་ལྗོན་པ་བྱེད་པ་པོ་དང་། ཚོར་བ་པོ་མེད་པ་འབའ་ཞིག་པོ་འདི་མངོན་པར་འགྲུབ་པར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བྱེད་པ་པོ་ལ་མངོན་པར་ཞེན་པས་ལས་


JLD016_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡོད་པར་གྱུར་ཏོ། །གང་ན་བྱེད་པ་པོ་མེད་པ་དེ་ན་དོན་དམ་པར་ལས་ཀྱང་མི་དམིགས་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཁམས་གསུམ་པ་འདི་ནི་སེམས་ཙམ་སྟེ། སྲིད་པའི་ལན་ལག་བཅུ་གཉིས་པོ་གང་དག་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་སྩལ་པ་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པ་དག་གོ་ཞེས་རྒྱ་ཆེར་གསུངས་སོ། །མདོ་དེས་ནི་བྱེད་པ་པོ་དང་ཚོར་བ་པོ་མེད་པའི་འབའ་ཞིག་པ་འགྲུབ་པ་དང་། སེམས་ཙམ་གྱི་དོན་བཤད་པ་ན་ཡན་ལག་བཅུ་གཉིས་སེམས་གཅིག་ལ་བརྟེན་པར་གསུངས་པས། མདོ་འདིའི་ཙམ་གྱི་སྒྲས་དོན་མི་འགོག་པ་དང་། སེམས་ལས་གཞན་པའི་བྱེད་པ་པོ་འགོག་པ་ཡིན་ནོ། །འདིའི་ཕྱོགས་སྔ་མ་ནི་ཐེག་བསྡུས་ལས། དེ་ལ་ལུང་ནི་བཅོམ་ལྡན་འདས་ཀྱིས་ས་བཅུ་པ་ལས། འདི་ལྟ་སྟེ། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་པ་དང་། ཞེས་རྣམ་རིག་ཙམ་དུ་དཔོག་པ་ལ་ལུང་རིགས་གཉིས་གསུངས་པའི་ལུང་དེ་ལ་མཛད་ཅིང་། ཉི་ཤུ་པའི་རང་འགྲེལ་ལས་ཀྱང་། ལུང་དེ་དྲངས་ཤིང་སེམས་ཞེས་པ་མཚུངས་ལྡན་དང་བཅས་པ་ལ་དགོངས་ཤིང་། ཙམ་སྨོས་པས་དོན་འགོག་པར་བཤད་དོ། །འདི་སྔར་ལྟར་འགོག་པ་ནི་སྔོན་དུ་ལེགས་ལྡན་གྱིས་མཛད་ལ། དེ་ནས་ཟླ་བས་ཀྱང་མཛད་དོ། །གཉིས་པ་ནི། སེམས་ཙམ་གྱི་ཙམ་གྱི་སྒྲས་བྱེད་པ་པོ་གཞན་འགོག་པ་ས་བཅུ་པའི་དོན་དུ་བཤད་ནས། དོན་འདི་ཉིད་མདོ་གཞན་གྱིས་ཀྱང་བསྟན་པའི་ཕྱིར་བཤད་པ། ཙམ་གྱི་སྒྲས་བྱེད་པ་པོ་


JLD016_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འགོག་པ་ས་བཅུ་པའི་དོན་ཡིན་པ་དེའི་ཕྱིར། དེ་ཁོ་ན་ཉིད་རྟོགས་ནུས་པའི་བློ་ལྡན་གྱི་བློ་ནི་འཕེལ་བར་བྱ་བའི་ཕྱིར། ལང་ཀར་གཤེགས་པའི་མདོ་དེ་ལས་ཀུན་མཁྱེན་གྱིས་མུ་སྟེགས་པའི་རྒྱུད་ཀྱི་བདག་དང་གཙོ་བོ་སོགས་འཇིག་རྟེན་གྱི་བྱེད་པ་པོར་འདོད་པའི་ལྟ་བ་ངན་པའི་རི་བོ་སྤོ་མཐོན་པོ་འཇོམས་པའི་ངག་གི་རང་བཞིན་གྱི་རྡོ་རྗེ་འོག་ནས་འབྱུང་བ་འདི་ནི། མདོ་གཞན་དུ་སེམས་ཙམ་ཞེས་གསུངས་པའི་དགོངས་པ་གཅད་པའི་ཕྱིར་དུ་སྟོན་པས་གསུངས་སོ། །རྡོ་རྗེ་ནི། གང་ཟག་རྒྱུན་དང་ཕུང་པོ་དང་། དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་ལང་གཤེགས་ལས་གསུངས་ཏེ། གང་ཟག་ནས་དབང་ཕྱུག་བྱེད་པ་པོར་སྨྲ་བ་རྣམས་ཀྱི་བྱེད་པ་པོ་ནི། དེ་རྣམས་མིན་གྱི་སེམས་ཙམ་ཞིག་བྱེད་པ་པོར་ང་སྨྲའོ། །ཞེས་གསུངས་སོ། །མདོ་འདིའི་དོན་དགྲོལ་བའི་ཕྱིར་བཤད་པ། ཇི་བཞིན་ཏེ་ཇི་ལྟར་རང་རང་གི་བསྟན་བཅོས་ཀྱི་གྲུབ་པའི་མཐའ་དེ་དང་དེ་ལས། མུ་སྟེགས་རྣམས་ཀྱིས་གང་ཟག་དང་སོགས་པས་རྒྱུན་དང་ཕུང་པོ་སོགས་བྱེད་པ་པོར་སྨྲས་པ་དེ་དག་བྱེད་པ་པོར་མ་གཟིགས་ནས། རྒྱལ་བས་སེམས་ཙམ་ཞིག་འཇིག་རྟེན་གྱི་བྱེད་པ་པོར་གསུངས་སོ། །རྩ་བར་མུ་སྟེགས་རྣམས་ཀྱིས་ཞེས་པ་ནི་ཕལ་ཆེ་བ་ལ་བསམས་པ་སྟེ། ཆོས་འདི་པ་སངས་རྒྱས་པ་དག་གིས་ཀྱང་གང་ཟག་དང་།


JLD016_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ལ་སོགས་པ་བྱེད་པ་པོར་བཏགས་པ་ཁོ་ནའོ། །ཡང་ན་གང་ཟག་སོགས་བྱེད་པ་པོར་རྟོག་པ་དེ་དག་ཀྱང་ཆོས་འདི་པ་སངས་རྒྱས་པ་མ་ཡིན་ཏེ། མུ་སྟེགས་ལྟར་སངས་རྒྱས་ཀྱི་བསྟན་པའི་དོན་ཕྱིན་ཅི་མ་ལོག་པར་མ་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་མུ་སྟེགས་ཞེས་པ་ནི་ཁྱབ་པར་བྱེད་པའི་ཚིག་གོ །རིན་ཆེན་འཕྲེང་བ་ལས་ཀྱང་། གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བསྟན་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་གྱིས། །ཞེས་གང་ཟག་དང་ཕུང་པོ་རྫས་སུ་ཡོད་པར་སྨྲ་བ་སོགས་ལ་ཡོད་མེད་གཉིས་ཀྱི་མཐའ་དང་བྲལ་བ་སྨྲ་བར་སྣང་ན་དྲིས་ཤིག་དང་། དེའི་དོན་བཤད་རྒྱུ་མི་འོང་ངོ་། །དེའི་ཕྱིར་བསྟན་པའི་དོན་ཡོད་མེད་གཉིས་ཀྱི་མཐའ་དང་བྲལ་བ་ནི། དམ་པའི་ཆོས་ཀྱི་ཁུད་པ་སྟེ་ཁྱད་པར་གྱི་ཆོས་གཞན་ལ་མེད་པར་ཤེས་པར་གྱིས་ཤིག་ཅེས་གསུངས་སོ། །འཁོར་བ་འདི་ནི་ཐོག་མ་མེད་པས་འདིར་སྔར་ངན་རྟོག་ཅི་ཞིག་མ་བྱུང་ཕྱིས་ཀྱང་ཅི་ཞིག་མི་འབྱུང་ཞིང་། འདི་ལྟར་ད་ལྟ་ཉིད་དུ་ཡང་སྤོང་བ་དཀར་པོ་ལ་སོགས་པ་དག་ལ་ཕུང་པོ་ལ་སོགས་པ་རྫས་སུ་ཡོད་པ་བྱེད་པ་པོ་ཉིད་དུ་སྟོན་པ་སྣང་ངོ་། །འདི་ལ་དཔེ་ཁ་ཅིག་ལས་སྤྲོང་དཀར་པོ་ལ་སོགས་པ་ཞེས་ཀྱང་འབྱུང་ཞིང་། འགྲེལ་བཤད་ཀྱི་འགྱུར་ལས་དགེ་སློང་སྐྱ་བསིང་


previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next