Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

42 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]


42  collapse section
  
 
 
27   
 
ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།
  
  
  
  
  
  
  
  


42 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]

 
previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JLD016_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཞེས་འབྱུང་ལ། དེའི་དོན་གཅེར་བུ་པའི་དགེ་སློང་རྣམས་ལ་འཆད་དོ། །སྤོང་བ་པ་ནི་བསམ་གཏན་པའི་མིང་ཡིན་པས་བསམ་གཏན་པ་དཀར་པོ་ཞེས་པའི་རང་སྡེ་ཕུང་པོ་རྫས་ཡོད་བྱེད་པ་པོར་སྨྲ་བ་ཞིག་གོ །གསུམ་པ་ནི། དེ་ལྟར་ན་རེ་ཞིག་བྱེད་པ་པོ་སེམས་ལས་གཞན་པ་བཀག་པས། ཙམ་གྱི་སྒྲའི་དོན་བྱས་ཟིན་པའི་ཕྱིར་ཙམ་གྱི་སྒྲས་ཤེས་བྱ་ཕྱི་རོལ་གྱི་དོན་འགོག་མི་ནུས་པར་བརྗོད་ནས། བཤད་ཚུལ་དེ་ལས་རྣམ་པ་གཞན་སེམས་གཙོ་བོར་གྱུར་པར་བཤད་པ་ལས་ཀྱང་ཕྱི་རོལ་འགོག་པ་མི་སྲིད་པར་བསྟན་པའི་ཕྱིར་བཤད་པ། ཇི་ལྟར་དེ་ཁོ་ན་ཉིད་ལ་བློ་རྒྱས་པ་ལ་སངས་རྒྱས་ཞེས་བཤད་པ་ན། ཚིག་སྔ་མ་སངས་ཞེས་པ་མི་མངོན་པར་བྱས་ནས་ཏེ་མི་མངོན་ཀྱང་། སངས་རྒྱས་ཞེས་བསྙད་པ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ། གཟུགས་དང་སེམས་གཉིས་ཀྱི་ནང་ནས་སེམས་ཙམ་ཞིག་གཙོ་བོར་གྱུར་པ་ལ་ཚིག་ཕྱི་མ་གཙོ་བོར་གྱུར་བ་མི་མངོན་པར་བྱས་ནས། མདོ་ལས་འཇིག་རྟེན་ལ་སྟེ་ཁམས་གསུམ་ནི་སེམས་ཙམ་མོ་ཞེས་གསུངས་པར་ཤེས་པར་བྱའོ། །དེའི་ཕྱིར་སེམས་ཙམ་མོ་ཞེས་པ་འདིར་ནི་སྟེ་འདིས་ནི། གཟུགས་ལ་སོགས་པ་རྣམས་ཁམས་གསུམ་འགྲུབ་པ་ལ་གཙོ་བོ་ཡིན་པ་སེལ་བར་བྱེད་ཀྱི། སེམས་ཙམ་ཞིག་ཁོ་ན་རང་བཞིན་གྱིས་གྲུབ་པ་ཡིན་གྱི་ཕྱི་རོལ་གྱི་གཟུགས་ནི་མེད་དོ་ཞེས་འགོག་པ་དེ་ལྟར་འཆད་པ་ནི་མདོ་ཡི་དོན་མ་ཡིན་ནོ། །ས་བཅུ་པའི་


JLD016_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མདོའི་དོན་འདི་ནི་ཁོ་བོ་ཅག་གིས་ཇི་སྐད་དུ་བཤད་པ་དེ་བཞིན་དུ་གདོན་མི་ཟ་བར་འདོད་པར་བྱའོ། །ཁྱོད་ཀྱི་ལུགས་ལྟར་ན་གལ་ཏེ་ཁམས་གསུམ་པོ་འདི་དག་རང་བཞིན་གྱིས་གྲུབ་པའི་སེམས་ཙམ་མོ་ཞེས་མཁྱེན་ནས། ས་བཅུ་པ་དེ་ལས་ཕྱི་རོལ་གྱི་གཟུགས་ཉིད་དགག་པར་མཛད་ན་ནི། སླར་ཡང་ས་བཅུ་པ་དེ་ལས་བདག་ཉིད་ཆེན་པོ་སངས་རྒྱས་ཀྱིས་སེམས་ཏེ་རྣམ་ཤེས་དེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་ཞེས་གཏི་མུག་མ་རིག་པ་དང་། འདུ་བྱེད་ལས་གཉིས་ལས་སྐྱེས་པར་ཅིའི་ཕྱིར་གསུངས་པ་རིགས་ཏེ་མི་རིགས་སོ། །ས་བཅུ་པའི་མདོ་དེ་ཉིད་ལས་རྣམ་ཤེས་མ་རིག་པ་དང་འདུ་བྱེད་ཀྱི་འབྲས་བུར་གསུངས་ཀྱི། རང་གི་མཚན་ཉིད་ཀྱིས་གྲུབ་པར་ནི་མ་གསུངས་སོ། །རྟེན་འབྱུང་དུ་ཡང་གསུངས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཡང་གསུངས་ན་ནི་གསུང་བ་པོ་འཁྲུལ་ཟད་ལ་དེ་གཉིས་ཀ་རང་ལུགས་སུ་བཞེད་པ་མི་སྲིད་པས། གདུལ་བྱ་གཞན་དཀྲི་བའི་ཕྱིར་གཞན་ངོར་ཞལ་གྱིས་བཞེས་པར་ཤེས་པར་བྱའོ། །གཉིས་ཀ་རང་ལུགས་སུ་མི་རུང་བ་ནི་གལ་ཏེ་རྣམ་པར་ཤེས་པ་རང་གི་བདག་ཉིད་ཀྱིས་གྲུབ་པར་གྱུར་ན་ནི། རྣམ་ཤེས་དེ་མ་རིག་པའམ་འདུ་བྱེད་ལ་མི་ལྟོས་པར་འགྱུར་བ་ཞིག་ན། ལྟོས་པ་ཡང་ཡིན་ཏེ། དེའི་ཕྱིར་རང་གི་བདག་ཉིད་ཀྱིས་གྲུབ་པ་ནི་མེད་དོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ཁོ་ན་སྟེ།


JLD016_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ལྟར། ཕྱིན་ཅི་ལོག་གི་རྐྱེན་ཡོད་ན་ཡོད་པའི་ཕྱིར་ལ། དེ་ཁོ་ན་ལྟར་ཕྱིན་ཅི་ལོག་གི་རྐྱེན་མེད་ན་མེད་པའི་ཕྱིར་རོ་སྙམ་དུ་བསམས་སོ། །ཕྱིན་ཅི་ལོག་མ་རིག་པའི་རྐྱེན་ཡོད་ན་རྣམ་ཤེས་ཡོད་པ་ནི། བརྟེན་འབྲེལ་ལུགས་འབྱུང་གིས་བསྟན་ལ། མ་རིག་པ་མེད་ན་རྣམ་ཤེས་ལྡོག་པ་ནི་ལུགས་ལྡོག་གིས་བསྟན་པའི་མཐར། དེ་ལྟར་འདུ་བྱེད་དུ་གྱུར་པ་ཉེས་པ་མང་པོའི་སྐྱོན་ཆགས་ཤིང་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་ལ་འགགས་པར་སོ་སོར་རྟོགས་ན་ཞེས་རྒྱས་པར་གསུངས་ཏེ། དེ་ལྟར་ན་སེམས་དང་བཅས་པ་སུ་ཞིག་དེ་ཉིད་ལས་གསུངས་པའི་ལུང་མཐོང་ནས་རྣམ་ཤེས་རྫས་སུ་ཡོད་པར་རྟག་པར་བྱེད་དེ་མི་བྱེད་དོ། །དེ་ལྟར་བྱེད་པ་ནི་ནང་གི་བདེན་འཛིན་གྱི་གྲུབ་མཐས་བྱས་པར་འགྱུར་རོ། །རིགས་པ་དྲུག་ཅུ་པ་ལས་ཀྱང་། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུང་། །དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །མ་རིག་འགགས་པར་གྱུར་ན་ནི། །གང་ཞིག་འགག་པར་འགྱུར་བ་དེ། །མི་ཤེས་པ་ལས་ཀུན་བརྟགས་པར། །ཇི་ལྟ་བུར་ན་གསལ་མི་འགྱུར། །ཞེས་གསུངས་ཏེ། རང་གི་ངོ་བོ་ཉིད་ཀྱིས་གྲུབ་ན་གནས་ལུགས་སུ་གྲུབ་པར་འགྱུར་ལ། དེའི་ཚེ་འཁྲུལ་པ་ལོག་པ་ན་གསལ་དུ་འགྲོ་དགོས་ཀྱི། ལྡོག་པར་མི་འགྱུར་རོ། །ཞེས་པའི་དོན་ནོ། །སེམས་


JLD016_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ཡིན་པ་དེ་ཉིད་བསྟན་པའི་ཕྱིར་བཤད་པ་དེ་ལ་སེམས་ཅན་གྱི་འཇིག་རྟེན་ནི་རང་གི་སེམས་ཀྱིས་བསགས་པའི་ལས་དང་ཉོན་མོངས་པས་བདག་གི་དངོས་པོ་རྙེད་པ་ཡིན་ལ། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་པ་ནི་སེམས་ཅན་དེ་དག་ཁོ་ནའི་སེམས་ཉིད་ཀྱིས་བསགས་པའི་ཐུན་མོང་བའི་ལས་ཀྱིས་འགོད་པ་སྟེ་སྐྱེད་དེ། རླུང་གི་དཀྱིལ་འཁོར་ནས་འོག་མིན་གྱི་སྣོད་ཀྱི་མཐར་ཐུག་པའོ། །དེ་ལ་རྨ་བྱ་ལ་སོགས་པའི་མདོངས་ལ་སོགས་པ་སྣ་ཚོགས་པ་ནི། སེམས་ཅན་དེ་རྣམས་ཁོ་ནའི་ལས་ཐུན་མོང་མ་ཡིན་པས་སྐྱེད་པའོ། །པདྨ་ལ་སོགས་པའི་འདབ་མ་དང་ཁ་དོག་སྣ་ཚོགས་པ་ནི། སེམས་ཅན་གྱི་ཐུན་མོང་གི་ལས་ཀྱིས་བསྐྱེད་པའོ། །དེ་བཞིན་དུ་གཞན་ལའང་ཤེས་པར་བྱའོ། །ཇི་སྐད་དུ། སེམས་ཅན་ལས་ཀྱི་དབང་གིས་རི། །ནག་པོའི་དུས་སུ་སྐྱེས་ཏེ་དཔེར། །སེམས་དམྱལ་མཐོ་རིས་འཇིག་རྟེན་དུ། །མཚོན་དང་རིན་ཆེན་ཤིང་བཞིན་ནོ། །ཞེས་གསུངས་སོ། །འཇིག་རྟེན་གཉིས་ཐུན་མོང་གི་ལས་ཡིན་མིན་གཉིས་ཀྱིས་བསྐྱེད་པ་ནི། སེམས་ཙམ་གྱི་གཞུང་དུ་ཡང་བཤད་པས་སེམས་ཙམ་གྱི་ལུགས་ལའང་སྣོད་ཀྱི་འཇིག་རྟེན་མེད་པ་མིན་ནོ། །དེ་ལྟར་ན་འགྲོ་བ་མ་ལུས་པ་ལས་ལས་སྐྱེས་པར་གསུངས་ཤིང་། སེམས་སྤངས་ནས་ནི་ལས་ཀྱང་ཡོད་པ་མ་ཡིན་ཏེ་སེམས་དང་བཅས་པ་ཁོ་ནས་ལས་གསོག་པའི་ཕྱིར་ན་ལས་ཀྱང་སེམས་ལ་བརྟེན་པའོ། །དེ་ལྟར་ན་ས་བཅུ་པར་བྱེད་པ་པོ་དང་ཚོར་བ་པོ་མེད་


JLD016_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་གསུངས་པ་ལ་བརྟེན་ནས། ཙམ་གྱི་སྒྲས་བྱེད་པ་པོ་གཞན་འགོག་པར་བསྟན་ལ། ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པར་གསུངས་པ་ལ་བརྟེན་ནས། ཙམ་གྱི་སྒྲས་སེམས་གཙོ་བོར་གྱུར་པར་བསྟན་ཏེ། བཤད་པ་སྔ་མ་དགག་ཕྱོགས་དང་ཕྱི་མ་སྒྲུབ་ཕྱོགས་ནས་ཡིན་ནོ། །དེའི་ཕྱིར་འགྲོ་བ་རབ་ཏུ་འཇུག་པ་ལ་སེམས་ཉིད་གཙོ་བོའི་རྒྱུ་ཡིན་གྱི། སེམས་ལས་གཞན་པ་ནི་གཙོ་བོའི་རྒྱུ་མིན་པས། མདོ་ལས་སེམས་ཙམ་ཞིག་གཙོ་བོར་བཞག་གི་གཟུགས་ནི་མ་ཡིན་ནོ། །གལ་ཏེ་གཟུགས་ཡོད་པར་འདོད་མོད་ཀྱི་སྟེ་ཀྱེང་གཟུགས་དེ་ལ་ནི་སེམས་བཞིན་དུ་འགྲོ་བའི་བྱེད་པ་པོ་ཉིད་ནི་ཡོད་པ་མ་ཡིན་ནོ། །དེས་ན་སེམས་ལས་གཞན་པའི་བྱེད་པ་པོ་བཟློག་པ་སྟེ་བཀག་གི །ཕྱི་རོལ་གྱི་གཟུགས་ནི་བཀག་པ་མ་ཡིན་ནོ། །འདི་ན་གྲངས་ཅན་སོགས་ཁ་ཅིག་ནི་གཙོ་བོ་ལ་སོགས་པ་བྱེད་པ་པོ་དང་། སངས་རྒྱས་པ་ཁ་ཅིག་གིས་ནི་སེམས་བྱེད་པ་པོར་འདོད་ལ། གཟུགས་བྱེད་པ་པོ་མིན་པ་ལ་ནི་རྩོད་པ་མེད་དོ། །དེའི་ཕྱིར་གཙོ་བོ་ལ་སོགས་པ་གཞན་གྱིས་བྱེད་པ་པོར་དོགས་པ་སྟེ་བརྟགས་པར་བྱས་པ། བྱེད་པ་པོ་དེའི་མཚན་ཉིད་མེད་པ་གཙོ་བོ་ལ་སོགས་པ་ཁོ་ན་བསལ་བར་བྱ་བའི་ཕྱིར། ཐ་སྙད་དུ་བྱེད་པ་པོ་ཉིད་དུ་ནུས་པར་མཐོང་བས། སེམས་ཙམ་ཞིག་བྱེད་པ་པོར་བརྗོད་པ་ན་གཙོ་བོ་ལ་སོགས་པ་བྱེད་པ་པོ་ཡིན་པ་བསལ་ནས། གཙོ་བོ་ལ་སོགས་པ་


JLD016_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་བཏོན་པའི་རྩོད་པའི་གནས་ཀྱི་ཡུལ་གནོན་ནོ་ཞེས་བྱ་བར་རིགས་ཏེ། ཡུལ་གཅིག་ལ་དབང་བྱེད་པར་འདོད་པའི་རྒྱལ་པོ་གཉིས་ཀྱི་ནང་ནས་འགྲན་ཟླ་གཅིག་བཏོན་ནས། བཏོན་པ་རང་གི་ཡུལ་འཐོབ་ཅིང་གཉིས་ཀ་ལ་ཉེ་བར་མཁོ་བའི་ཕྱིར་སྐྱེ་བོ་ཕལ་པ་ལ་གནོད་པ་མེད་པ་ལྟར་དེ་བཞིན་དུ་འདིར་ཡང་གཉིས་ཀ་ལ་ཉེ་བར་མཁོ་བའི་ཕྱིར། གཟུགས་ལ་གནོད་པ་མེད་པས་གཟུགས་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་བྱའོ། །གཉིས་པ་ནི། དེ་ཕྱིར་དེ་ལྟར་སྔར་ཇི་སྐད་བསྟན་པའི་ཚུལ་གྱིས་འཇིག་རྟེན་པ་ཡི་དེ་ཉིད་དེ་རྣམ་གཞག་ལ་གནས་པ་ལ་ཕྱི་རོལ་གྱི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་འཇིག་རྟེན་ལ་གྲགས་ཏེ་ཕུང་པོ་ལྔ་ཆར་ཡོད་ལ། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་འཆར་བར་འདོད་པ་ན་རྣལ་འབྱོར་པ་མཉམ་པར་གཞག་པ་ལ་དེའི་ངོར་ཕུང་པོ་དེ་ལྔ་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཕྱི་རོལ་གྱི་གཟུགས་མེད་པར་འདོད་ན་ནི་སེམས་ཡོད་པར་མ་འཛིན་ཅིག །ནང་གི་སེམས་ཡོད་པར་འདོད་པ་ཉིད་ཡིན་ནའང་ཕྱི་རོལ་གྱི་གཟུགས་མེད་པར་མ་འཛིན་ཅིག །གང་གི་ཚེ་བཏགས་དོན་འཚོལ་བའི་འཐད་པས་དཔྱད་པ་ན་ཕྱིའི་གཟུགས་མེད་པར་རྟོག་ན་ནི་དེའི་ཚེ་ཕྱི་ནང་གཉིས་ཀའི་ཡོད་པ་འཐད་པས་ལས་འགྲུབ་པ་དང་བྲལ་བའི་ཕྱིར་ནང་གི་སེམས་མེད་པར་ཡང་རྟོགས་པར་བྱ་དགོས་ལ། ཡང་གང་གི་ཚེ་སེམས་ཡོད་པ་ཉིད་དུ་རྟོག་ན་ནི་དེའི་ཚེ་གཟུགས་ཀྱང་རྟོགས་པར་བྱ་དགོས་ཏེ་གཉིས་ཀ་ཡང་འཇིག་རྟེན་ལ་གྲགས་པའི་ཕྱིར་རོ། །འདིར་


JLD016_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཙམ་པས་གཟུགས་དང་སེམས་གཉིས་ལ་ཡོད་མེད་ཀྱི་ཁྱད་པར་འདོད་པར་བཤད་པའི་གཟུགས་མེད་པ་ནི་ཕྱི་རོལ་གྱི་གཟུགས་མེད་པ་ཡིན་ཏེ། ཕྱི་གཟུང་མེད་པར་རང་གི་ས་བོན་ལས། །སྔོ་སོགས་སྣང་ཉིད་འབྱུང་བར། ཞེས་གསུངས་ཤིང་དེའི་འགྲེལ་པ་ལས་ཀྱང་། སྔོན་པོ་ལ་སོགས་པའི་ཕྱི་རོལ་གྱི་གཟུགས་མེད་པར་ཞེས་གཟུགས་མེད་པའི་དགག་བྱ་ལ་ཕྱི་རོལ་གྱི་ཁྱད་པར་སྨོས་ཤིང་། ཡང་འགྲེལ་པ་ལས། ཙམ་གྱི་སྒྲས་ཤེས་བྱ་འགོག་པར་མི་ནུས་པར་བརྗོད་ནས་རྣམ་པ་གཞན་དུ་བཤད་པ་ལས་ཀྱང་ཕྱི་རོལ་འགོག་པ་མི་སྲིད་བར་བསྟན་པའི་ཕྱིར་བཤད་པ་ཞེས་གཟུགས་འགོག་པ་མདོའི་དོན་མིན་པར་གསུངས་པའི་གཟུགས་འགོག་པ་ཕྱི་རོལ་འགོག་པ་ལ་བཤད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་ཚིག་ཟིན་ཙམ་ལ་བྱེད་ན་ཙམ་གྱི་སྒྲས་ཤེས་བྱ་འགོག་མི་ནུས་པ་བརྗོད་ནས། ཞེས་གསུངས་པས་སེམས་ཙམ་པས་ཙམ་གྱི་སྒྲས་སེམས་ཀྱི་ཤེས་བྱ་བཀག་པར་འདོད་དོ་ཞེས་ཀྱང་བརྗོད་པར་བྱའོ། །གལ་ཏེ་སེམས་ཙམ་པས་གཟུགས་ཅན་ཁས་མི་ལེན་ན་སེམས་ཙམ་པས་ཀུན་གཞི་སྒྲུབ་པའི་རིགས་པ་སྟོན་པ་ན། ཐེག་བསྡུས་ལས། ཉིང་མཚམས་སྦྱོར་བ་སྦྲེལ་ཟིན་པ་རྣམས་ཀྱི་དབང་པོ་གཟུགས་ཅན་འཛིན་པར་བྱེད་པ་ཡང་དེ་ལས་གཞན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་པར་མི་འཐད་དེ་ཞེས་དང་། རྣམ་པར་ཤེས་པ་དང་མིང་དང་གཟུགས་མདུང་ཁྱིམ་ལྟར་གཅིག་ལ་


JLD016_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བརྟེན་པའི་ཚུལ་གྱིས་འཇུག་པ་གང་ཡིན་པ་དེ་ཡང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན་མི་རུང་ངོ་། །ཞེས་གསུངས་པ་རྣམས་འགལ་བ་ཁོ་ནར་འགྱུར་ཏེ་གཟུགས་ཅན་གྱི་ཆོས་ཁས་བླངས་ན་ཕྱི་རོལ་ཁས་ལེན་དགོས་པར་འདོད་པའི་ཕྱིར་རོ། །དེས་ན་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་གཟུགས་སྐྱེ་བ་སོགས་ཁས་ལེན་ཀྱང་ཕྱི་རོལ་ཁས་ལེན་མི་དགོས་པར་འདོད་པ་ལ་བཟློག་ནས་སྨྲ་བར་མི་བྱ་སྟེ། སེམས་ཙམ་གྱི་ཐུན་མོང་མ་ཡིན་པའི་རྣམ་གཞག་སྟོན་པ་ན་དེ་ལྟར་བཤད་པ་ཤིན་ཏུ་མང་ངོ་། །ལུང་ལས་ཀྱང་ཕྱི་རོལ་གྱི་དོན་དང་ནང་གི་ཤེས་པ་ཡོད་མེད་མཚུངས་པ་དེ་ལྟར་རྟོགས་པར་བྱ་སྟེ། འདི་ལྟར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་མདོར་ནི་སངས་རྒྱས་ཀྱིས་ལྔ་ཆར་ཡང་མཚུངས་པར་རང་བཞིན་གྱིས་གྲུབ་པ་སྤངས་ཤིང་སྟེ་བཀག་པ་ཡིན་ཏེ། རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་གསུངས་པའི་ཕྱིར་རོ། །ཆོས་མངོན་པ་ལས་ནི་ལྔ་ཆར་ཡང་རང་དང་སྤྱིའི་མཚན་ཉིད་ལ་སོགས་པའི་སྒོ་ནས་མཚུངས་པར་གསུངས་སོ། །དེའི་ཕྱིར་ཕ་རོལ་གྱིས་ནི་སྔར་བཤད་པ་དེ་ལྟར་ཕྱི་རོལ་དང་སེམས་གཉིས་དོན་དམ་པར་མེད་མཉམ་དང་། ཀུན་རྫོབ་ཏུ་ཡོད་མཉམ་དུ་ལུང་དང་རིགས་པས་གྲུབ་པའི་བདེན་གཉིས་ཀྱི་རིམ་པ་འདི་དག་བཤིག་པར་འགྱུར་རོ། །དེ་ལྟར་བཤིག་ནས་ཀྱང་སེམས་ཙམ་པ་ཁྱོད་ཀྱི་གཞན་དབང་རྫས་སུ་གྲུབ་པ་


JLD016_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྔར་གཞན་དབང་རྫས་སུ་གྲུབ་པ་ལན་དུ་མར་བཀག་པ་དེའི་ཕྱིར། ཁྱོད་ཀྱི་ངལ་བ་དོན་མེད་པར་འགྱུར་རོ། །བདེན་གཉིས་ཀྱི་རིམ་པ་མི་འཇིག་པ་ལ་དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་པར་འདོད་དགོས་པ་དེའི་ཕྱིར། སྔར་བཤད་པ་དེ་ལྟ་བུའི་རིམ་པས་དངོས་པོ་རྣམས་གདོད་མ་ནས་དེ་ཁོ་ན་ཉིད་དུ་མ་སྐྱེས་ཤིང་། འཇིག་རྟེན་གྱི་ཐ་སྙད་དུ་སྐྱེས་བར་རིག་པར་བྱའོ་ཞེས་གསུངས་ཏེ། འདིས་ནི་དངོས་པོ་རྣམས་མ་སྐྱེས་པ་དོན་དམ་དང་། སྐྱེས་པ་ཐ་སྙད་དུ་ཁས་བླང་བར་སྟོན་པས་དགགབྱ་ལ་ཁྱད་པར་ངེས་པར་སྦྱར་བར་བྱའོ། །གསུམ་པ་ལ་གཉིས། ཕྱི་རོལ་མེད་པའི་སེམས་ཙམ་དུ་གསུངས་པ་དྲང་དོན་དུ་བསྟན་པ། མདོའི་དྲང་ངེས་ཀྱི་དོན་རྟོགས་པའི་ཐབས་བསྟན་པའོ། །དང་པོ་ལ་གཉིས། དྲང་དོན་དུ་ལུང་གིས་བསྟན་པ། རིགས་པས་བསྟན་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང་། དེ་འདྲ་བའི་མདོ་གཞན་ཡང་དྲང་དོན་དུ་བསྟན་པའོ། །དང་པོ་ནི། གལ་ཏེ་ཡང་ས་བཅུ་པའི་མདོའི་དོན་དེ་ལྟར་བཤད་མོད་ཀྱི། དེ་ལྟ་ན་ཡང་ལུང་གཞན་ལང་ཀར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་སོ། །དེ་ལ་ལུས་ནི་མིག་ལ་སོགས་པའི་སྐྱེ་མཆེད་གཟུགས་ཅན་རྣམས་སོ། །ལོངས་སྤྱོད་ནི་གཟུགས་སྒྲ་སོགས་ཡུལ་ལྔའོ། །གནས་ནི་སྣོད་ཀྱི་


JLD016_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ནོ། །སེམས་ལས་ལོགས་ཤིག་ན་ཕྱི་རོལ་ཡོད་པ་མ་ཡིན་པའི་ཕྱིར། རྣམ་པར་ཤེས་པ་ཙམ་ཞིག་ཁོ་ན་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བ་སྐྱེ་བ་ན་ཡུལ་གྱི་དངོས་པོར་གནས་པ་ལུས་ལ་སོགས་པ་རྣམ་པར་ཤེས་པ་ལས་ཐ་དད་པར་ཕྱི་རོལ་ལྟ་བུར་མངོན་པ་ཡིན་ནོ། །དེའི་ཕྱིར་ཁམས་གསུམ་པ་ནི་སེམས་ཙམ་ཡིན་ནོ་ཞེ་ན། མདོ་འདི་ཡང་དགོངས་པ་ཅན་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། མདོ་སྡེ་གང་ལས་ཕྱི་རོལ་སྣང་ཡོད་མིན། །སེམས་ནི་སྣ་ཚོགས་སྣང་ངོ་ཞེས་གསུངས་པ། །དེའི་དགོངས་པ་ནི་འདི་ཡིན་ཏེ། གང་དག་གཟུགས་ལ་ཤིན་ཏུ་ཆགས་པའི་རྐྱེན་ཅན་གྱི་རྫས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་ང་རྒྱལ་ལ་སོགས་པ་རྣམས་ཀྱིས་འཇུག་པ་རང་དབང་མེད་པར་བྱས་པར་འགྱུར་ཞིང་། དེ་ལ་མངོན་པར་ཞེན་པས་དེ་དག་སྡིག་པ་ཆེན་པོ་དང་སྦྱོར་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་ཉམས་པར་འགྱུར་བ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་རྐྱེན་ཅན་གྱི་ཉོན་མོངས་པ་བཟློག་པའི་ཕྱིར། ཆགས་པ་ཅན་དག་ལ་ཕྱི་རོལ་གྱི་ཡུལ་ལ་ཆགས་པ་འཇོམས་པའི་ཀེང་རུས་ལྟར། དེ་ལྟ་བུར་གྱུར་པ་མ་ཡིན་ཡང་དེ་ལྟ་བུ་ཉིད་དུ་སེམས་ཙམ་ཉིད་བསྟན་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །ཡང་ལུང་འདི་དྲང་པའི་དོན་ཉིད་ཡིན་གྱི་ངེས་དོན་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་གང་ལས་ངེས་ཤེ་ན། ཕྱི་རོལ་མེད་པར་སེམས་ཙམ་མོ་ཞེས་གསུངས་པ་འདི་ནི། སྟོན་པས་དྲང་དོན་ཉིད་དུ་གསུངས་པས་ལུང་ལས་དྲང་དོན་དུ་འགྲུབ་


JLD016_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མདོ་འདི་ནི་དྲང་དོན་ཉིད་དུ་རིགས་པས་ཀྱང་འཐད་པ་སྟེ་འགྲུབ་བོ། །དེ་ལྟར་ཕྱི་རོལ་སྣང་བ་ཡོད་མེད་དོ། །ཞེས་པ་རྣམས་ཀྱིས་སེམས་ཙམ་དུ་བསྟན་པའི་ཙམ་གྱི་སྒྲས་ནི་ས་བཅུ་པའི་མདོ་ལས་བཤད་པ་ལྟར་ཕྱི་རོལ་མི་འགོག་བྱེད་པ་པོ་གཞན་འགོག་ཅེས་སློབ་དཔོན་འདིས་མི་འཆད་ཀྱི། དེ་ལ་ནི་ཙམ་གྱི་སྒྲས་ཕྱི་རོལ་འགོག་ཀྱང་མདོ་དེ་དྲང་དོན་ནོ་ཞེས་འགྲེལ་ལོ། །སློབ་དཔོན་ཆེན་པོ་ལེགས་ལྡན་གྱིས་ནི་མདོ་དེས་ཀྱང་སེམས་ལུས་དང་། ལོངས་སྤྱོད་དང་གནས་དང་འདྲ་བ་སྟེ་དེའི་རྣམ་པ་གྲིབ་མ་ལྟ་བུས་ཁ་བསྒྱུར་བར་སྐྱེ་བ་ལ་འཆད་ཅིང་ཕྱི་རོལ་ཡོད་མིན་གྱིས་ཀྱང་བློས་རྣམ་མེད་དུ་མཐོང་བ་འགོག་པར་བཞེད་པས་ཙམ་གྱི་སྒྲས་ཕྱི་རོལ་འགོག་པ་མིན་པར་འཆད་དོ། །གཉིས་པ་ནི། ཕྱི་རོལ་སྣང་བ་ཡོད་མེད་དེ། །ཞེས་སོགས་ཀྱིས་ཕྱི་རོལ་མེད་པར་སེམས་ཙམ་ཞིག་ཡོད་པར་བསྟན་པ་དྲང་དོན་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྔར་བཤད་པ་རྣམ་པ་དེ་ལྟ་བུའི་མདོ་སྡེ་སེམས་ཙམ་པ་རྣམས་ཀྱིས་ངེས་དོན་དུ་ཁས་བླངས་པ་ལས། གཞན་ཡང་ནི་དྲང་དོན་ཉིད་དུ་འཆད་འགྱུར་གྱི་ལུང་འདིས་གསལ་བར་བྱེད་དོ། །རྣམ་པ་དེ་ལྟ་བུའི་མདོ་སྡེ་དེ་ཡང་གང་ཡིན་ཞེ་ན། དགོངས་པ་ངེས་འགྲེལ་ལས་ངོ་བོ་ཉིད་གསུམ་བསྟན་པ་ལས། ཀུན་བརྟགས་པ་མེད་པ་དང་། གཞན་གྱི་དབང་ཡོད་པ་དང་། དེ་བཞིན་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་ཡི་རྒྱུན་ལྟ་འབབ། །བདག་


JLD016_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་བྱ་བ་ལ་སོགས་པ་སྟེ། ཞེས་འགྲེལ་པར་གསུངས་སོ། །དེ་ལ་མདོ་དེར་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མེད་པ་དང་། གཞན་དབང་རང་གི་མཚན་ཉིད་ཀྱིས་ཡོད་པའི་ཡོད་མེད་ཀྱི་ཁྱད་པར་ཕྱེའོ། །བདག་གཉིས་སུ་ཀུན་བརྟགས་པ་ལྟ་བུ་དང་། ཆོས་རྣམས་ལ་ངོ་བོ་དང་ཁྱད་པར་དུ་བཏགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི། དེའི་ལུགས་ཀྱིས་ཤེས་བྱ་ལ་མི་སྲིད་ཀྱང་ངོ་བོ་དང་ཁྱད་པར་དུ་བཏགས་པའི་ཀུན་བརྟགས་དུ་མ་ཞིག་ནི་གཞི་གྲུབ་པ་ཡིན་ནོ། །མདོ་དེར་གཞན་དབང་དང་ཡོངས་གྲུབ་གཉིས་ཀ་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་ཀྱང་། འགྲེལ་པར་གཞན་དབང་ཙམ་ལས་མ་གསུངས་པ་ནི་དབུ་སེམས་བདེན་པར་ཡོད་མེད་རྩོད་པའི་གཞིའི་གཙོ་བོ་ནི་གཞན་དབང་ཡིན་ཏེ་ཀུན་བརྟགས་འདོགས་པའི་གཞི་ཡང་གཞན་དབང་ཡིན་ལ། ཡོངས་གྲུབ་ཀྱང་གཞན་དབང་ལ་བརྟེན་ནས་གཞག་དགོས་པའི་ཕྱིར་རོ། །དེ་ལྟར་ཕྱེ་བ་ཡང་ལུགས་འདིས་དྲང་དོན་དུ་འཆད་དོ། །ཡང་མདོ་དེར་ལེན་པའི་རྣམ་པར་ཤེས་པ་ཞེས་སོགས་ཀྱིས་རྣམ་ཤེས་ཚོགས་བརྒྱད་དུ་གསུངས་པའི་འཇུག་ཤེས་དྲུག་ལས་ངོ་བོ་ཐ་དད་པའི་previous hit ཀུནགཞིརྣམཤེས next hit་གསུངས་པ་ཡང་འདིར་དྲང་དོན་དུ་འཆད་དོ། previous hit ཀུནགཞིརྣམཤེས next hit་མེད་ན་ནི་ཉོན་ཡིད་ཀྱང་གཞག་ཏུ་མེད་པ་ཡིན་ནོ། །ལ་སོགས་པའི་སྒྲས་བསྡུས་པ་ལ་མདོ་དེར་ཕྱི་རོལ་བཀག་པ་དང་། མཐར་ཐུག་ཐེག་པ་གསུམ་དུ་བཤད་པ་གཉིས་ཏེ། འདིར་དྲང་


JLD016_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་འགྲེལ་དགོས་པ་བཞི་ཡོད་དོ། །འདི་རྣམས་ལ་གོ་བ་མཐའ་ཆོད་པར་མ་ཆགས་ན་སྤྱིར་དབུ་སེམས་དང་ཁྱད་པར་དུ་ལུགས་འདེའི་གནད་ཐུན་མོང་མ་ཡིན་པ་རྣམས་མི་ཤེས་པར་མཐོང་ནས་དྲང་ངེས་རྣམ་པར་འབྱེད་པར་ཞིབ་ཏུ་བཤད་དོ། །དགོངས་འགྲེལ་ལས་ཚིག་གང་གིས་ཕྱི་རོལ་མེད་པར་བསྟན་པ་ནི། ཐེག་བསྡུས་ལས། བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་དེ་ཅི་སེམས་དེ་ལས་ཐ་དད་པ་ཞེས་བགྱིའམ་ཐ་དད་པ་མ་ལགས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཅན་ཡིན་ནོ་ཞེས་ངེས་བཤད་དོ། །ཞེས་སོགས་དྲངས་པ་རྣམས་ཡིན་ནོ། །ལུགས་འདིས་ནི་སྔར་བཤད་པའི་དོན་ཚན་བཞི་ག་དྲང་དོན་དུ་འགྲེལ་གྱི། དེ་དག་གི་གསེབ་ནས་ཁ་ཅིག་དྲང་དོན་དང་། ཁ་ཅིག་ངེས་དོན་དུ་འགྲེལ་བ་ལྟར་ནི་མི་མཛད་དོ། །འདི་ལ་ཡང་མཐར་ཐུག་ཐེག་པ་གསུམ་དུ་བཤད་པ་ནི་འཕགས་པ་ཉིད་ཀྱིས་མདོ་ཀུན་ལས་བཏུས་པ་ལས་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པ་ལས་གོ་ནུས་པར་དགོངས་ནས་འཇུག་འགྲེལ་དུ་མ་སྨོས་སོ། །ལྷག་མ་གསུམ་གྱི་ཕྱི་རོལ་མེད་པར་སེམས་ཙམ་ཞིག་རང་བཞིན་གྱིས་གྲུབ་པར་བསྟན་པ་དྲང་དོན་དུ་ལུང་གིས་གསལ་བར་བྱེད་པ་ནི། ལང་ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པ་སྨན་རྣམས་གཏོང་བ་ལྟར། །


JLD016_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་པ་འདི་ཡིན་ཏེ་ནད་པ་སོ་སོ་ལ་སྨན་སྟེར་བ་ནི་སྨན་པའི་རང་དབང་གིས་མ་ཡིན་གྱི། ནད་པའི་ནད་ཀྱི་ཚུལ་དང་བསྟུན་དགོས་པ་བཞིན་དུ་སེམས་ཙམ་དུ་གསུངས་པ་ཡང་སྟོན་པའི་རང་ལུགས་ཀྱི་དབང་གིས་མིན་གྱི། གདུལ་བྱའི་བསམ་པའི་དབང་གིས་ཡིན་པར་གསུངས་པས་ལུང་སྔ་མ་དྲང་དོན་དུ་ཤེས་སོ། །ཇི་ལྟར་ནད་པ་ཞེས་སོགས་ཀྱི་མཇུག་ཏུ་འགྲེལ་པ་ལས། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་མདོ་བརྗོད་པ་ལས་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བ་འདི་ལྟར་འགྱུར་ཞེས་ཏེ། ཞེས་པའི་བར་ལང་གཤེགས་ལས་གསུངས་པ་རྣམ་དྲངས་པ་ནི་རྣམ་རིགས་པས་ཀུན་གཞི་ངེས་དོན་དུ་ཁས་བླངས་པ་དྲང་དོན་དུ་སྟོན་པའི་ལུང་ངོ་། །འདིར་འགྲེལ་བཤད་ལས་དེ་བཞིན་དུ་ཞེས་པས་རྟག་བརྟན་གྱི་སྙིང་པོ་གསུངས་པ་དྲང་དོན་ཡིན་པ་དེ་བཞིན་དུ་སེམས་ཙམ་དུ་གསུངས་པ་ཡང་དྲང་དོན་དུ་སྟོན་པ་ཡིན་ཟེར་བ་ནི་ལོག་པར་སྨྲ་བ་ཡིན་ཏེ། འགྲེལ་བ་ལས་སེམས་ཙམ་དུ་གསུངས་པ་དྲང་དོན་ཡིན་པ་དེ་བཞིན་དུ་ཞེས་པའི་དོན་དུ་གསལ་བར་བཤད་པའི་ཕྱིར་རོ། །དེས་ཇི་ལྟར་ནད་པ་ཞེས་སོགས་ཀྱིས་སེམས་ཙམ་དུ་སྨྲ་བ་དྲང་དོན་དུ་བཤད་པ་བཞིན་དུ་རྟག་བརྟན་གྱི་སྙིང་པོ་དྲང་དོན་དུ་གསུངས་པས་ཀྱང་དགོངས་འགྲེལ་སོགས་ལས་previous hit ཀུནགཞིརྣམཤེས next hit་གསུངས་པ་སྒྲ་ཇི་བཞིན་པ་མིན་པར་སྒྲུབ་པ་ཡིན་ནོ། །དེ་ལ་ནི་ཐོག་མར་སྙིང་པོ་བསྟན་པ་སྒྲ་ཇི་བཞིན་པ་མིན་པར་ཤེས་དགོས་པས།


JLD016_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལང་གཤེགས་ལས། མདོ་སྡེ་ནི་སེམས་ཅན་གྱི་བསམ་པ་བཞིན་བསྟན་པ་དོན་འཁྲུལ་བ་ཡིན་ཏེ། དེ་ཁོ་ནའི་གཏམ་མིན་ནོ། །དཔེར་ན་སྨིག་ཆུ་ནི་ཆུར་མེད་པས་ཆུར་ཞེན་པའི་རི་དྭགས་སླུ་བ་བཞིན་དུ་བསྟན་པའི་ཆོས་ཀྱང་བྱིས་པ་མགུ་བར་བྱེད་ཀྱི། འཕགས་པའི་ཡེ་ཤེས་རྣམ་པར་དགོད་པའི་གཏམ་ནི་མིན་ནོ། །དེས་ན་ཁྱོད་ཀྱིས་དོན་གྱི་རྗེས་སུ་འབྲང་བར་བྱའི་བརྗོད་པ་ལ་ཆགས་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། བློ་གྲོས་ཆེན་པོས་མདོ་སྡེ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་རང་བཞིན་གྱིས་འོད་གསལ་བ་ཐོག་མ་མེད་པ་ནས་རྣམ་པར་དག་པ་མཚན་སོ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་ཡོད་པར་བརྗོད་དེ། །ནོར་བུ་རིན་པོ་ཆེ་གོས་དྲི་མ་ཅན་གྱིས་དཀྲིས་པ་བཞིན་དུ་ཕུང་ཁམས་སྐྱེ་མཆེད་ཀྱི་གོས་ཀྱིས་དཀྲིས་ཤིང་དྲི་མ་ཅན་དུ་གྱུར་པ་རྟག་བརྟན་ཐེར་ཟུག་ཏུ་བརྗོད་ན་སྙིང་པོར་སྨྲ་བ་འདི་མུ་སྟེགས་ཀྱི་བདག་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས་ཞེས་ཞུས་སོ། །དེའི་ལན་དུ་དེ་ལྟར་བསྟན་པ་དེ་སྒྲ་ཇི་བཞིན་པ་མིན་པས་མུ་སྟེགས་ཀྱི་བདག་དང་མི་འདྲ་ཞེས་འཆད་པ་ན། གང་ལ་དགོངས་ནས་གསུངས་པའི་དགོངས་གཞི་ནི་སྟོང་ཉིད་དང་མཚན་མེད་དང་སྨོན་མེད་ནི་ཆོས་ཀྱི་བདག་མེད་པའོ། །དེ་ལ་དགོངས་ནས་གསུངས་པའི་དགོས་པ་ནི་བྱིས་པ་རྣམས་བདག་མེད་པས་འཇིགས་པ་སྤང་བ་དང་། མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དང་། སྔོན་དེའི་ལྟ་བ་ལ་གོམས་པར་བྱས་


JLD016_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དེ་ཁོ་ན་ཉིད་ལ་རིམ་གྱིས་དྲང་བའི་ཕྱིར་དུ་རྟག་བརྟན་ཐེར་ཟུག་གི་སྙིང་པོ་ཡོད་པར་བསྟན་པས་འདི་ལ་ད་ལྟར་དང་མ་འོངས་པའི་བྱང་སེམས་ཀྱིས་བདག་ཏུ་ཞེན་པར་མི་བྱ་བར་གསུངས་ཏེ་སྒྲས་ཟིན་ལྟར་གཟུང་ན་མུ་སྟེགས་ཀྱི་བདག་ལ་ཞེན་པ་དང་འདྲ་བས་སྒྲ་ཇི་བཞིན་པར་ཞེན་པར་མི་བྱ་བའི་དོན་ནོ། །སྒྲ་ཇི་བཞིན་པ་དངོས་ལ་གནོད་བྱེད་ནི་སྒྲས་ཟིན་བཞིན་ཁས་ལེན་ན་མུ་སྟེགས་ཀྱི་བདག་དང་ཁྱད་པར་མེད་པར་འགྱུར་བའོ། །འདི་དག་གི་དོན་རྒྱས་པར་གཞན་དུ་བཤད་ཟིན་པས་འདིར་མ་སྤྲོས་སོ། །འགྲེལ་པར་ཡང་དེ་ཉིད་ལས། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་མི་སྐྱེ་བ་དང་མི་གཉིས་པ་དང་རང་བཞིན་མེད་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་མདོ་སྡེའི་ནང་དུ་ཆུད་པ་འདི་ཞེས་བསྟན་ཏོ་ཞེས་དྲངས་པའི་འོག་ཏུ། དེའི་ཕྱིར་དེ་ལྟར་ན་རྣམ་པ་དེ་ལྟ་བུའི་མདོ་སྡེ་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱིས་ངེས་པའི་དོན་ཉིད་དུ་ཁས་བླངས་པ་ཐམས་ཅད་དྲང་པའི་དོན་ཉིད་དུ་ཡིན་པར་ལུང་འདིས་མངོན་པར་གསལ་བར་བྱས་ནས་ཞེས་གསུངས་སོ། །རྣམ་པ་དེ་ལྟ་བུའི་མདོ་སྡེ་ནི་དྲངས་མ་ཐག་པའི་ལང་གཤེགས་ཀྱི་ལུང་ཚན་པ་གཉིས་མིན་ཏེ། དེ་གཉིས་ཀ་རྣམ་རིག་པས་ངེས་དོན་དུ་ཁས་མ་བླངས་པའི་ཕྱིར་དང་། སྔར་འགྲེལ་པར་དགོངས་འགྲེལ་ལ་གསལ་པོར་བཤད་པའི་ཕྱིར་རོ། །ལུང་འདིས་ཞེས་པ་འགྲེལ་བཤད་ལས་ས་བཅུ་པའི་མདོའི་རྟེན་འབྲེལ་ལ་རྟོག་པའི་སྐབས་སུ་བྱེད་པ་པོ་བཀག་པ་ལ་འཆད་པ་ནི་ཤིན་ཏུ་མི་རིགས་ཏེ། བྱེད་པ་པོ་གཞན་བཀག་པ་ནི་ས་


JLD016_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་ལས་སེམས་ཙམ་མོ་ཞེས་གསུངས་པའི་ཙམ་གྱི་སྒྲས་ཕྱི་རོལ་མི་འགོག་པའི་ཤེས་བྱེད་དུ་གསུངས་ཀྱི། ཕྱི་རོལ་བཀག་པ་དྲང་དོན་དུ་སྟོན་པའི་ཤེས་བྱེད་མིན་ནོ། །དེས་ན་རྩ་བར་དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད་ཅིས་པའི་ལུང་ལ་གསུམ་ལས་ཕྱི་རོལ་བཀག་པའི་སེམས་ཙམ་དྲང་དོན་དུ་སྟོན་པ་ནི་ཇི་ལྟར་ནད་པ་ཞེས་པ་བཞིའོ། །ཀུན་གཞི་དྲང་དོན་དུ་སྟོན་པ་ནི་རྟག་བརྟན་གྱི་སྙིང་པོ་དྲང་དོན་དུ་སྟོན་པའི་ལུང་ངོ་། །རྟག་བརྟན་གྱི་སྙིང་པོ་ཡོད་པར་བསྟན་པ་དྲང་དོན་ཡིན་པས་ཀུན་གཞི་དྲང་དོན་དུ་ཇི་ལྟར་འགྲུབ་ཅེ་ན། རྒྱན་སྟུག་པོ་བཀོད་པ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང་། །བློ་གཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་གསུངས་ཤིང་ལང་གཤེགས་ལས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པར་བསྒྲགས་པ་རྣམ་པར་ཤེས་པ་བདུན་དང་བཅས་པ་ཞེས་དེ་གཉིས་མིང་གི་རྣམ་གྲངས་སུ་ལན་དུ་མར་གསུངས་སོ་དེ་ཡང་དེ་གཉིས་གཅིག་རྟག་ལ་གཅིག་མི་རྟག་པར་བཤད་པས་སྒྲས་ཟིན་གྱི་དོན་གཉིས་གཅིག་ཏུ་བསྟན་པ་མིན་ཡང་གང་ལ་བསམས་ནས་སྙིང་པོ་བསྟན་པའི་དོན་དེ་ཉིད་ལ་དགོངས་ནས་ཀུན་གཞི་བསྟན་པས་དགོངས་པའི་དོན་ལ་ལྟོས་ཏེ་མིང་གི་རྣམ་གྲངས་ཡིན་པས་དོན་གཅིག་གོ །དེ་ལྟར་ན་སྔ་མ་དྲང་དོན་


JLD016_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟན་པ་ཉིད་ཀྱིས་ཕྱི་མ་ཡང་དྲང་དོན་དུ་འགྲུབ་བོ། །འགྲེལ་པ་ལས། དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་རྗེས་སུ་ཞུགས་པའི་ཕྱིར་སྟོང་པ་ཉིད་ཁོ་ན་previous hit ཀུནགཞིརྣམ་པར་ཤེས next hit་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཞེས་གསུངས་ལ། འདི་དང་རྟག་བརྟན་སོགས་ཀྱི་སྙིང་པོ་དྲང་དོན་དུ་བསྟན་པ་གཉིས་ལེགས་པར་བསྒྲིགས་ནས་ལུང་དེས་ཀུན་གཞི་དྲང་དོན་དུ་བསྟན་པ་རྟོགས་དགོས་པར་ཡོད་དོ། །བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་ཞེས་པ་ནས་ཆུད་པ་འདི་ཞེས་པའི་མཇུག་ཐོགས་སུ་མདོ་ཉིད་ལས། འདི་ནི་མདོ་སྡེ་གང་དུ་ཡང་རུང་སྟེ། དེ་དག་ཏུ་དོན་འདི་ཉིད་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་པ་ནི་ངོ་བོ་ཉིད་དང་པོ་གཉིས་ལ་རང་གི་མཚན་ཉིད་ཀྱིས་ཡོད་མེད་ཀྱི་ཁྱད་པར་ཕྱེ་བ་དྲང་དོན་དུ་སྟོན་པའི་ལུང་ངོ་། །གཉིས་པ་ནི། ད་ནི་རིགས་པས་སེམས་ཙམ་གསུངས་པ་དྲང་དོན་དུ་གསལ་བར་བྱ་བའི་ཕྱིར་བཤད་པ། དེ་ལ་བསོད་ནམས་བསགས་པ་རྣམས་ཆོས་ཉིད་ལ་བདེ་བླག་ཏུ་འཇུག་པའི་ཐབས་སུ་ཇི་ལྟར་ཐོག་མར་སྦྱིན་སོགས་ཀྱི་གཏམ་སྦྱོར་བར་མཛད་པ་དེ་བཞིན་དུ་ཟབ་མོའི་དོན་རྫོགས་པ་ཐོག་མ་ནས་རྟོགས་པར་མི་ནུས་པའི་གདུལ་བྱ་རྣམས་སངས་རྒྱས་རྣམས་ཀྱིས་རིམ་གྱིས་རང་བཞིན་མེད་པ་རྟོགས་པ་ལ་འཛུད་པར་མཛད་དོ། །དེ་འདྲ་བ་ལ་སྔོན་དུ་ཤེས་བྱ་ཕྱི་རོལ་ལ་མེད་པ་བསྟན་ན། དེའི་འོག་ཏུ་ཤེས་པ་རང་བཞིན་གྱིས་གྲུབ་པ་གསལ་བ་ནི། བདེ་བླག་ཏུ་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས་སོ། །དེ་ལྟར་ན་ཤེས་བྱ་མེད་པ་སྟེ་ཐོག་མར་ཕྱི་རོལ་བཀག་པ་ཡང་བདག་མེད་རྫོགས་


JLD016_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་པའི་ཐབས་ཡིན་པའི་ཕྱིར། སངས་རྒྱས་རྣམས་ཀྱིས་དང་པོར་ཤེས་བྱ་ཕྱི་རོལ་དགག་པར་མཛད་པ་ཁོ་ན་གསུངས་པ་ཡིན་ཏེ་ཤེས་བྱ་མེད་ན་སྟེ་ཕྱི་རོལ་གྱི་བདག་མེད་པ་རིག་པ་རྣམས་ཤེས་པ་བཀག་པ་སྟེ་དེའི་བདག་མེད་པ་བདེ་བླག་ཏུ་འགྲུབ་པའི་ཕྱིར་རོ། །ཕྱི་རོལ་རང་བཞིན་མེད་པར་རིག་པ་རྣམས་ཀྱིས་ནི་ཤེས་པ་རང་བཞིན་གྱིས་མེད་པར་རེས་འགའ་རང་ཁོ་ནས་རྟོགས་ལ། རེས་འགའ་ནི་གཞན་གྱིས་ཅུང་ཟད་བསྟན་པ་ཙམ་གྱིས་རྟོགས་སོ། །ཕྱི་རོལ་མེད་པ་དང་ཤེས་པ་རང་བཞིན་གྱིས་ཡོད་པ་དྲང་དོན་ཡིན་པར་ནི་བྱང་ཆུབ་སེམས་འགྲེལ་ལས་གསལ་བར་གསུངས་ཏེ། འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པ་ཡིས་ནི་གང་གསུངས་པ། །བྱིས་རྣམས་སྐྲག་པ་སྤང་དོན་ཏེ། །དེ་ནི་དེ་བཞིན་ཉིད་མ་ཡིན། །ཞེས་གསུངས་ཤིང་། འཕགས་པ་ལྷས་ཀྱང་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས་གསལ་བར་གསུངས་སོ། །གཉིས་པ་ནི། ཤེས་རབ་ཅན་དག་གིས་དེ་ཉིད་རྫོགས་པར་དངོས་སུ་མི་སྟོན་པའི་དྲང་དོན་གྱི་མདོ་གཞན་ཡང་དེ་བཞིན་དུ་བསྟན་པར་བྱའོ་ཞེས་བཤད་པ། སྔར་བཤད་པ་དེ་ལྟར་ལུང་གི་དྲང་ངེས་ཀྱི་ལོ་རྒྱུས་ཏེ་རྣམ་གཞག་ཤེས་པར་བྱས་ཏེ། མདོ་སྡེ་གང་དག་དེ་ཁོ་ན་ཉིད་ཀྱི་དོན་མ་ཡིན་པ་བཤད་པའི་དོན་ཅན་ཏེ་བརྗོད་བྱ་ཅན། སྐྱེ་བ་མེད་པ་ལ་སོགས་པས་ཁྱད་པར་དུ་བྱས་པའི་རྟེན་འབྱུང་དངོས་སུ་གསལ་བར་མི་བྱེད་པའི་དྲང་དོན་གསུངས་པའང་དྲང་དོན་དུ་རྟོགས་པར་བྱས་ནས་དྲང་བར་བྱ་ཞིང་སྟེ།


JLD016_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རང་བཞིན་གྱིས་མེད་པ་རྟོགས་པ་ལ་འཇུག་པའི་རྒྱུར་འགྱུར་བ་དེ་ལྟར་བཤད་པར་བྱ་སྟེ། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། འབྱུང་རྣམས་མིག་གཟུང་མ་ཡིན་ན། །དེ་འབྱུང་མིག་གཟུང་ཇི་ལྟར་ཞེས། །གཟུགས་ལ་དེ་སྐད་གསུངས་པ་ན། །ཁྱོད་ཀྱིས་གཟུགས་ཀྱི་འཛིན་པ་བཟློག །ཅེས་གསུངས་ལ། མདོ་ལས་ཀྱང་། མི་རྟག་དོན་ནི་མེད་དོན་ཞེས་གསུངས་སོ། །ལུང་སྔ་མ་ཤེས་བྱེད་དུ་འགྲོ་ཚུལ་ནི་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པར། འབྱུང་བ་བཞི་མིག་གི་ཡུལ་མིན་པའི་རེག་བྱ་དང་། དེ་ལས་བྱུང་བའི་འབྱུང་འགྱུར་གྱི་གཟུགས་ཀྱི་སྐྱེ་མཆེད་མིག་གི་གཟུང་བྱར་གསུངས་ལ། དེ་གཉིས་ཀ་ཁས་བླང་དགོས་པ་ལ་དེ་དག་གི་དེ་ཁོ་ན་ཉིད་སྟོན་པ་ན་དེ་རྣམས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་ན་འབྱུང་བ་མིག་གི་གཟུང་བྱའམ། ཡང་ན་ཡུལ་གཟུགས་མིག་གི་གཟུང་བྱ་མིན་པར་ཁས་བླང་དགོས་པར་ཤེས་པ་ན་བཤད་ཚུལ་སྔ་མ་དེ་རྣམས་ཀྱི་དེ་ཁོ་ན་ཉིད་སྟོན་པ་མིན་པར་ཤེས་ནས་དེ་ཁོ་ན་ཉིད་གསར་དུ་རྟོགས་པ་དང་། བཤད་ཚུལ་སྔ་མ་དེ་ལ་འཇུག་པའི་ཐབས་སུ་གསུངས་པར་ཤེས་པའོ། །ལུང་གཉིས་པའི་དོན་ནི་སྔ་མ་བཞིན་དུ་དངོས་པོ་རྣམས་སྐྱེ་བ་དང་། འཇིག་པར་བསྟན་པ་ནི་རང་བཞིན་གྱིས་མེད་པའི་དོན་དུ་ཡིན་པར་གོ་བའོ། །མདོ་གང་ལས་གང་ཟག་དང་ཆོས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་དོན་ཅན་ཏེ་དངོས་སུ་བརྗོད་པར་བྱེད་པ་ཅན་དེ་ངེས་པའི་དོན་དུ་ཤེས་པར་གྱིས་ཤིག །དེ་ལྟར་ཡང་ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་


JLD016_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་ཏེ་མདོ་སྡེ་དག་གི་བྱེ་བྲག་ནི་དྲང་དོན་གྱི་མདོ་སྡེ་དང་མི་འདྲ་བའི་ཁྱད་པར་རོ། །གང་ཟག་བསྟན་པ་ནི་མཚོན་པ་ཙམ་སྟེ་བྱེད་པ་པོ་དང་། ལས་སུ་བྱ་བ་དང་བྱེད་པ་རྣམས་ཡོད་པར་སྟོན་པའོ། །འདི་ནི་མདོ་སྡེ་ལ་དྲང་ངེས་གཉིས་སུ་འཇོག་ཚུལ་གྱི་ཁུངས་སོ། །ཡང་དེ་ཉིད་ལས། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ཡིས་ཆོས་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲག་པར་ནུས་མ་ཡིན། །དངོས་པོ་གཅིག་ནི་བསམ་བྱས་ན། །དེ་དག་ཐམས་ཅད་བསྒོམས་འགྱུར་ཏེ། །སངས་རྒྱས་ཀུན་གྱིས་ཆོས་མང་པོ། །ཇི་སྙེད་རབ་ཏུ་བསྟན་པ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །མི་གང་དོན་ལ་མཁས་རྣམས་ཀྱིས། །གནས་འདི་ལ་ནི་བསླབ་བྱས་ན། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ། །ཞེས་གསུངས་སོ། །འཇིག་རྟེན་ཞེས་པའི་རྐང་པ་བཞི་ནི་མདོ་སྡེ་ཇི་སྙེད་ཅིག་གསུངས་པ་ལ་དོན་དམ་པ་དངོས་སུ་གསལ་བར་བྱེད་པ་ནི་དེ་བཞིན་ཉིད་ལ་དངོས་སུ་གཞོལ་ལ། དེ་ལྟར་མི་སྟོན་པའི་དྲང་དོན་རྣམས་ཀྱང་བརྒྱུད་ནས་དེ་བཞིན་ཉིད་ལ་གཞོལ་བས། དོན་དམ་ལ་གཞོལ་བར་དོན་གཅིག་པའོ། །དེའི་ཕྱིར་འཇིག་རྟེན་གྱི་ཁམས་ན་མདོ་སྡེ་ཡོད་ཚད་ལམ་ལ་སློབ་པའི་ལས་དང་པོ་པས་རྩད་གཅད་པར་མི་ནུས་པས་མདོ་སྡེ་གང་ཡིན་པ་གཅིག་གི་དེ་ཁོ་ན་ཉིད་ཀྱི་


JLD016_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྩད་གཅད་ཅེས་པ་ཡིན་ཏེ། དེ་ཁོ་ན་ཉིད་དངོས་སུ་མི་སྟོན་པ་རྣམས་ཀྱང་དེ་ལ་འཇུག་པའི་རྒྱུར་བཤད་དགོས་པའི་ཤེས་བྱེད་དུ་དྲངས་པས་ཤེས་སོ། །དངོས་པོ་གཅིག་ནི་ཞེས་པ་གཉིས་ནི་ཆོས་ཅན་གཅིག་གི་དེ་ཁོ་ན་ཉིད་ལེགས་པར་ཤེས་ནས་བསྒོམས་ན་ཆོས་ཅན་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྒོམས་པར་འགྲོ་བས་ཆོས་ཅན་རེ་རེ་ནས་ཀྱི་ཆོས་ཉིད་སོ་སོར་སྒོམ་མི་དགོས་པའི་དོན་ནོ། །དངོས་པོ་གཅིག་བསྒོམས་ན་ཐམས་ཅད་བསྒོམས་པར་འགྱུར་བ་དེ་གང་ཡིན་པ་སྟོན་པ་ནི་སངས་རྒྱས་ཀུན་གྱིས་ཞེས་པ་གསུམ་གྱིས་སྟོན་ཏེ། དེ་ལྟར་གསུངས་པ་ནི་ཆོས་ཀྱི་བདག་མེད་ཡིན་ཞེས་པས། ཆོས་ཅན་རྒྱ་ཆེ་བའི་སྤྱོད་ཕྱོགས་རྣམས་ལ་གཅིག་གིས་ཆོག་ཟེར་བ་མིན་ནོ། །ཟླ་བ་སྒྲོན་མ་ལས། གྲངས་ངེས་སུ་འཇོག་ཚུལ་གསུངས་པ་དེ་བཞིན་དུ་བློ་གྲོས་མི་ཟད་པ་ལ་སོགས་པའི་མདོ་སྡེ་དག་ལས་རྒྱ་ཆེར་བསྟན་པ་ཡང་རྟོགས་པར་བྱ་ཞེས་གསུངས་ཏེ། འདི་རྣམས་མཐའ་ཆོད་པར་དྲང་ངེས་རྣམ་འབྱེད་དུ་བཤད་ཟིན་ཏོ། །ཕྱོགས་ཙམ་ཞིག་ནི་བརྗོད་པར་བྱ་སྟེ་ཞེས་པ་ནི་དགོངས་འགྲེལ་ལས་ངོ་བོ་ཉིད་གསུམ་བཤད་པ་དྲང་དོན་དུ་འགྲེལ་ན་རང་ལུགས་ཀྱིས་དེ་གསུམ་གྱི་འཇོག་ཚུལ་ཇི་ལྟར་ཡིན་སྙམ་པ་ལ་དེའི་ཕྱོགས་ཙམ་སྟོན་པའོ། །དཔེར་ན་སྦྲུལ་ནི་ཐག་པ་བསྡོགས་པའི་རྟེན་འབྲེལ་ལ་ལོག་པར་བཏགས་པ་ཡིན་ཏེ་སྦྲུལ་དེ་ཐག་པ་དེ་ལ་མེད་པའི་ཕྱིར་རོ། །སྦྲུལ་དངོས་ལ་ནི་ཡོངས་སུ་གྲུབ་པ་ཡིན་ཏེ་མེད་བཞིན་དུ་ཀུན་ཏུ་མ་བཏགས་པའི་ཕྱིར་རོ། །དེ་བཞིན་དུ་རང་བཞིན་གཤིས་ལུགས་ཀྱང་གཞན་དབང་


JLD016_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་ལ་ནི་དེར་མེད་བཞིན་དུ་ཀུན་ཏུ་བཏགས་པ་ཡིན་ཏེ། རྩ་ཤེ་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པས་གཤིས་ལུགས་ཀྱི་ངོ་བོ་ཉིད་ནི་བྱས་པ་ཅན་མ་ཡིན་པའི་ཕྱིར་རོ། །བཟུང་བཞིན་པ་སྟེ་མཐོང་བཞིན་པའི་རྟེན་འབྲེལ་བྱས་པ་ཅན་གཟུགས་བརྙན་དང་འདྲ་བ་ལ་གཤིས་སུ་ཀུན་བཏགས་པའི་རང་བཞིན་དེ་ནི་སངས་རྒྱས་ཀྱི་ཇི་ལྟ་བ་གཟིགས་པའི་སྤྱོད་ཡུལ་ལ་ནི་གཤིས་ལུགས་དངོས་ཡིན་ཏེ། དེར་ནི་མེད་བཞིན་དུ་ཀུན་ཏུ་མ་བཏགས་པའི་ཕྱིར་ཏེ། དངོས་པོ་རྒྱུ་རྐྱེན་གྱིས་བྱས་པ་ཅན་ལ་ཡེ་ཤེས་དེས་མ་རེག་པར་རང་བཞིན་འབའ་ཞིག་མངོན་སུམ་དུ་མཛད་པས་དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །མ་རིག་པའི་མཐའ་བཅད་པ་ནི་འཆད་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་རྟོགས་པར་བྱས་ནས་མདོའི་དགོངས་པ་བཤད་པར་བྱའོ་ཞེས་གསུངས་ཏེ། བཤད་ཚུལ་དེས་བྱམས་ཞུས་ཀྱི་ལེའུར་མཚན་ཉིད་གསུམ་བཤད་པའི་དགོངས་པ་ཡང་ཤེས་པར་བྱས་ལ། །དགོངས་འགྲེལ་གྱི་ངོ་བོ་ཉིད་གསུམ་བཤད་པའི་དགོངས་པ་དྲང་དོན་ཡིན་པ་ཡང་ཤེས་པར་བྱའོ། །སེམས་ཙམ་པས་གདགས་གཞི་གཞན་དབང་ལ་གཟུང་འཛིན་ངོ་བོ་ཐ་དད་པ་གཉིས་སུ་བཏགས་པ་ཀུན་བརྟགས་སུ་བྱེད་པ་ནི་བསམ་པའམ་བརྟག་པར་བྱ་དགོས་ཏེ། གཟུང་འཛིན་གཉིས་ནི་གཞན་དབང་ཡིན་གྱི་དེ་མིན་པའི་གཞན་དབང་ནི་དངོས་པོར་མེད་པའི་ཕྱིར་རོ། །


JLD016_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་ཞུས་ནས་བཤད་པའི་ངོ་བོ་ཉིད་གསུམ་དང་དགོངས་འགྲེལ་གྱི་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་མཐའ་ཆོད་པར་ནི་དྲང་ངེས་རྣམ་འབྱེད་དུ་བཤད་ཟིན་ཏོ། །གསུམ་པ་ནི། དེ་ལ་བདག་དང་གཞན་ལས་སྐྱེ་བའི་ཚིག་གལ་གཉིས་སུ་སྨྲ་བ་གཅེར་བུ་པ་རྣམས་ནི་འཇིམ་བའི་གོང་བུ་དང་དབྱུ་གུ་དང་འཁོར་ལོ་དང་སྐུད་པ་དང་ཆུ་དང་རྫ་མཁན་ལ་སོགས་པ་དག་ལས་བུམ་པ་འབྱུང་བ་ན། རྫ་བུམ་འཇི་བའི་བདག་ཉིད་དུ་ཡོད་པ་ཁོ་ན་སྐྱེ་བ་དེའི་ཕྱིར་བདག་ལས་སྐྱེ་ལ། རྫ་མཁན་གྱི་བྱ་བ་ལ་སོགས་པ་གཞན་དུ་གྱུར་པ་དག་རྫ་བུམ་གྱི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། གཞན་ལས་ཀྱང་སྐྱེ་བར་སེམས་སོ། །ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ནང་ལ་ཡང་བདག་དང་གཞན་གཉིས་ཀ་ལས་སྐྱེ་བར་འགྱུར་རོ། །དེ་ལ་གང་ཟག་དང་བདག་གཅེས་པའི་སྲོག་དང་། དབང་པོ་ལ་སོགས་པ་སྲོག་མ་ཡིན་པ་དང་། མངོན་མཐོ་དང་ངེས་ལེགས་འགྲུབ་པའི་ཆོས་དང་། དེ་ལས་བཟློག་པའི་ཆོས་མིན་པ་དང་། །ཉོན་མོངས་པའི་ཟག་པ་དང་འཆལ་ཁྲིམས་འགོག་པའི་སྡོམ་པ་དང་། ལ་སོགས་པས་བདེ་བ་དང་། སྡུག་བསྔལ་བ་དང་། ཤེས་པ་ལས་སྐྱེད་ཤིང་ཤེས་པའི་རྒྱུར་གྱུར་བའི་འདུ་བྱ་བའི་ཤུགས་ཏེ། ཚིག་གི་དོན་དགུའི་རྣམ་ཞག་བྱས་ནས་བྱམས་པ་ཚེ་རབས་གཞན་དུ་ཡང་སྲོག་གི་བདག་ཉིད་དུ་ཡོད་པ་ཁོ་ནས་ད་ལྟར་གྱི་སྐྱེ་བ་འདི་ལེན་པའི་ཕྱིར་བདག་ལས་སྐྱེ་སྟེ། བྱམས་པ་དང་སྲོག་གཉིས་གཞན་མིན་པའི་ཕྱིར་རོ། །སྲོག་ནི་སྐྱེ་བ་གཅིག་ནས་གཅིག་ཏུ་འགྲོ་བ་དང་


JLD016_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་ཕྱིར། ལྷ་ལ་སོགས་པའི་འགྲོ་བར་རྒྱུ་བ་ཡང་གཞན་གྱིས་འདོད་དོ། །ཡང་བྱམས་པ་རང་གི་ཕ་དང་མ་དང་། ཆོས་དང་ཆོས་མ་ཡིན་པ་དང་། ཟག་པ་ལ་སོགས་པ་གཞན་དུ་གྱུར་པ་ལས་སྐྱེ་བའི་ཕྱིར་གཞན་ལས་ཀྱང་སྐྱེའོ། །དེའི་ཕྱིར་བདག་གཞན་རེ་རེ་ཁོ་ན་ལས་སྐྱེ་བར་ཁས་མི་ལེན་པས་སྔར་བདག་གཞན་རེ་རེ་བ་ལས་སྐྱེ་བ་བཀག་པ་ནི་ཁོ་བོ་ཅག་ལ་མི་གནོད་དོ་ཞེ་ན། རེ་རེ་བ་ལས་སྐྱེ་བ་མི་རིགས་པར་མ་ཟད་རང་གཞན་གཉིས་ཀ་ཚོགས་པ་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་ཏེ། གང་གི་ཕྱིར་ན་སྔར་རེ་རེ་བ་ལ་བཤད་ཟིན་པའི་ཉེས་པ་དེ་དག་གཉིས་ཆར་ལས་སྐྱེ་བའི་ཕྱོགས་ལ་ཡང་ཐོག་ཏུ་འབབ་པ་ཉིད་ཡིན་པའི་ཕྱིར་ཏེ། བྱམས་པ་སྲོག་ལ་ལྟོས་ཏེ་བདག་ལས་སྐྱེ་བར་འདོད་ན་ནི། སྔར་བཤད་པའི་སྐྱེ་བ་དོན་མེད་སོགས་ཀྱིས་དགག་ལ། ཕ་མ་སོགས་ལ་ལྟོས་ཏེ་གཞན་སྐྱེ་འདོད་ན་ནི། ཧ་ཅང་ཐལ་བ་སོགས་ཀྱིས་དགག་གོ །གོང་དུ་ཇི་ལྟར་བདག་དང་གཞན་ལས་སྐྱེ་བ་འཇིག་རྟེན་གྱི་ཀུན་རྫོབ་དང་། དོན་དམ་པར་ཡང་མི་རིགས་སོ་ཞེས་བསྟན་པ་དེ་བཞིན་དུ། འདིར་ཡང་གཉིས་ཀ་ལས་སྐྱེ་བ་མི་སྲིད་དོ་ཞེས་མཇུག་བསྡུ་བའི་ཕྱིར་བཤད་པ། བདག་གཞན་གཉིས་ཀ་ལས་སྐྱེ་བ་འདི་ནི་འཇིག་རྟེན་ལས་ཀྱང་ཡོད་པ་མིན་ལ། དེ་ཉིད་དོན་དམ་དུ་ཡང་འདོད་པ་མིན་ནོ། །གང་གི་ཕྱིར་བདག་གཞན་རེ་རེ་ལས་ནི་སྐྱེ་བ་འགྲུབ་པ་ཡོད་པ་མ་ཡིན་པས་གཉིས་ཀ་ལས་སྐྱེ་བ་ཡང་རིགས་པ་མ་ཡིན་ནོ། །བཞི་པ་ནི། འདིར་ངོ་བོ་ཉིད་ལས་བྱུང་བར་སྨྲ་བ་རྒྱང་


JLD016_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པན་པ་ནི། གལ་ཏེ་སྐྱེ་བ་རྒྱུ་ལས་ཡིན་ན་འབྲས་བུ་ལ་ལྟོས་ཏེ་བདག་དང་གཞན་དང་གཉིས་ཀར་གྱུར་པ་ཞིག་ཏུ་སྐྱེ་བས་སྐྱོན་དེ་དག་ཏུ་འགྱུར་ན་བདག་གིས་ནི་རྒྱུ་ལས་སྐྱེ་བར་ཁས་མ་བླངས་པས་ཕྱོགས་གསུམ་ག་ལ་བཤད་པའི་ཉེས་པ་མེད་དེ། འདི་ལྟར་པདྨའི་ཆུ་བ་དང་དེའི་འདབ་མ་རྣམས་ཀྱི་རྩུབ་པ་དང་འཇམ་ཤ་དག་འགའ་ཞིག་གིས་བྱེད་པར་མ་མཐོང་ལ། དེའི་འདབ་མ་དང་ཟེའུ་འབྲུ་དང་ལྟེ་བ་རྣམས་ཀྱི་ཁ་དོག་དང་དབྱིབས་སྣ་ཚོགས་པ་དག་བྱེད་པར་མ་མཐོང་ངོ་། །དེ་བཞིན་དུ་པ་ན་ས་དང་བལ་པོ་སེའུ་ལ་སོགས་པའི་སྣ་ཚོགས་པ་ཡང་ཡིན་ནོ། །དེ་ལྟར་ཕྱི་རོལ་ལ་བཞིན་དུ་རྨ་བྱ་དང་བྱ་ཏི་ཏི་རི་དང་བྱ་གག་ལ་སོགས་པ་ནང་གི་བདག་ཉིད་ཅན་དག་ལ་ཡང་འགའ་ཞིག་གིས་འབད་པས་གཟུང་ནས་ཁ་དོག་དང་དབྱིབས་ལ་སོགས་པ་འགོད་པར་མི་དམིགས་སོ། །དེའི་ཕྱིར་དངོས་པོ་རྣམས་ཀྱི་སྐྱེ་བ་ནི་ངོ་བོ་ཉིད་ལས་བྱུང་བ་ཁོ་ནའོ་ཞེས་སྨྲའོ། །འདི་ལ་བཤད་པར་བྱ་སྟེ། གལ་ཏེ་དངོས་པོ་རྣམས་རྒྱུ་མེད་པ་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། དེའི་ཚེ་དངོས་པོ་མཐའ་དག་སྟེ་ཐམས་ཅད་ལས་ཏེ་དངོས་པོ་རྣམས་རང་གི་རྒྱུ་མིན་པ་ལས་ཀྱང་སྐྱེ་བར་འགྱུར་ཏེ་ཐམས་ཅད་ཀྱང་རྒྱུ་མིན་པར་འདྲ་བའི་ཕྱིར་རོ། །ཡང་གང་ཞིག་ཨ་མྲ་ལ་སོགས་པ་རྣམས་ཀྱི་སྨིན་པ་དུས་ཚིགས་ལ་ལྟོས་ཤིང་རེ་འགའ་མངོན་པ་དེ་ཡང་དེ་དག་ལ་རྟག་ཏུ་ཡོད་པ་ཁོ་ནར་འགྱུར་ཏེ། དུས་ཚིགས་ལ་མི་ལྟོས་པའི་ཕྱིར་རོ། །དེ་བཞིན་དུ་བྱ་རོག་ལ་ཡང་རྨ་བྱའི་མདོངས་ཡོད་པ་དང་། རྨ་བྱ་ལ་ཡང་མངལ་གྱི་གནས་སྐབས་ནའང་ནེ་


JLD016_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཙོའི་སྒྲོ་ཡོད་པར་འགྱུར་ཏེ། དེ་དག་རྒྱུ་ལ་མི་ལྟོས་པའི་ཕྱིར་ཏེ་དེ་ལྟར་རིགས་པ་དང་འགལ་བ་བརྗོད་ནས་མཐོང་བ་དང་འགལ་བ་བརྗོད་པ་སྟོན་ཏོག་ལ་སོགས་པའི་འབྲས་བུ་འབྱུང་བའི་ཆེད་དུ་འཇིག་རྟེན་པ་འདི་བ་ཡིས་ས་བོན་ལ་སོགས་པ་ནི་དཀའ་བ་བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པ་སྟེ་སོག་པར་བྱེད་པར་ཡང་མི་འགྱུར་བ་ཞིག་ན་བྱེད་པ་ཡང་ཡིན་པའི་ཕྱིར་སྐྱེ་བ་ངོ་བོ་ཉིད་ལས་བྱུང་བ་མ་ཡིན་ནོ། །སྐྱོན་གཞན་ཡང་གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པ་སྟེ་རྒྱུ་མེད་པར་འབྱུང་བར་འགྱུར་ན་འགྲོ་བ་འདི་དག་ནམ་མཁའ་ཡི་ཨུདྤ་ལ་ཡི་དྲི་དང་མདོག་ཇི་བཞིན་དུ་གཟུང་དུ་མེད་པ་ཉིད་དུ་འགྱུར་བ་ཡིན་ན་ཤིན་ཏུ་ཆེས་བཀྲ་བའི་འཇིག་རྟེན་འཛིན་པའང་ཡིན་པ་དེའི་ཕྱིར་རང་གི་བློ་སྔོན་པོའི་རྣམ་པ་ཅན་ནི་སྔོན་པོ་ལས་སྐྱེ་བ་དེ་བཞིན་དུ་འཇིག་རྟེན་མཐའ་དག་རང་གི་རྒྱུ་ཁོ་ན་ལས་སྐྱེ་བ་ཡིན་པར་ཤེས་པར་གྱིས་ཤིག །རྒྱང་པན་ལྟར་ན་དེ་ཉིད་ནི་བཞི་སྟེ་འགྲོ་བ་སྣ་ཚོགས་པ་མཐའ་དག་གི་རྒྱུར་གྱུར་པ་ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བ་རྣམས་སོ། །དེ་རྣམས་ཀྱི་ཡོངས་སུ་སྨིན་པའི་ཁྱད་པར་ལས་པདྨ་དང་བལ་པོ་སེའུ་ལ་སོགས་པ་དག་དང་། རྨ་བྱ་དང་བྱ་གག་ལ་སོགས་པ་དག་གི་སྣ་ཚོགས་པ་ཇི་ལྟར་མཐོང་བཞིན་པ་འཐད་པ་འབའ་ཞིག་ཏུ་མ་ཟད་ཀྱི། བློ་དངོས་པོའི་དེ་ཁོ་ན་ཉིད་སྣ་ཚོགས་ཡོངས་སུ་གཅོད་པ་པོར་གྱུར་པ་ཡང་དེ་ཁོ་ན་ལས་སྐྱེ་བ་ཡིན་ནོ། །ཇི་ལྟར་ཆང་དག་ལ་འབྱུང་བའི་བྱེ་བྲག་ཕྲད་པ་


JLD016_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྲོག་ཆགས་རྣམས་ཀྱི་མྱོས་པ་དང་བརྒྱལ་བའི་རྒྱུ་མྱོས་པར་འགྱུར་བའི་ནུས་པ་སྐྱེ་བ་དེ་བཞིན་དུ་ནུར་ནུར་པོ་ལ་སོགས་པའི་འབྱུང་བ་ཆེན་པོའི་ཁྱད་པར་ཅན་ཡོངས་སུ་སྨིན་པ་ལས་བློ་དག་སྐྱེ་ཞིང་། དེ་དག་དངོས་པོ་མཐའ་དག་ཡོངས་སུ་གཅོད་པར་བྱེད་པའི་བར་དུ་ཡང་འགྱུར་རོ། །དེའི་ཕྱིར་ཕྱི་རོལ་དང་ནང་གི་དངོས་པོ་རྣམས་ནི་འཇིག་རྟེན་འདིའི་རྒྱུ་ལས་བྱུང་བ་ཁོ་ན་ཡིན་གྱི། གང་དུ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་འདིར་རམ། འདིར་བྱས་པའི་རྣམ་པར་སྨིན་པ་འཇིག་རྟེན་གཞན་དུ་འབྱུང་བ་འཇིག་རྟེན་ཕ་རོལ་དག་ཡོད་པ་ཉིད་ནི་མ་ཡིན་ནོ་སྙམ་དུ་སེམས་སོ། །མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འབྱུང་། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། །འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྨྲ་བ་སྟེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོའི་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པར་འདོད་ནས་སྨྲས་པ་ཡིན་ནོ། །ནག་ཚོས། འདས་པའི་འཇིགས་པ་འབྱུང་བར་འགྱུར་མ་ཡིན། །ཞེས་བསྒྱུར་རོ། །འདི་ལ་བརྗོད་པར་བྱ་སྟེ། ཁྱོད་ཀྱི་འཇིག་རྟེན་ཕ་རོལ་མེད་དོ་སྙམ་པའི་ངེས་པ་འདི་རྒྱུ་མཚན་གང་ལས་ཡིན། འཇིག་རྟེན་ཕ་རོལ་ད་ལྟ་མངོན་སུམ་དུ་མཐོང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་སྙམ་ན། འཇིག་རྟེན་ཕ་རོལ་མངོན་སུམ་དུ་མ་མཐོང་བ་དེ་མངོན་སུམ་ཞིག་གམ་མངོན་སུམ་མ་ཡིན་པ་ཞིག་ཡིན་གྲང་མངོན་སུམ་མོ་ཞེ་ན། མངོན་སུམ་


JLD016_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཐོང་བ་ལོག་པ་མངོན་སུམ་དུ་འདོད་ན་དངོས་པོ་མེད་པ་ཡང་མངོན་སུམ་དང་མི་འགལ་བར་འགྱུར་རོ། །དེའི་ཕྱིར་དངོས་པོ་མེད་པ་ཡང་ཁྱོད་ལ་དངོས་པོར་འགྱུར་ཏེ། ཚེ་རབས་ཕ་རོལ་མངོན་སུམ་དུ་མཐོང་བ་ལོག་པ་མངོན་སུམ་གྱི་དངོས་ཀྱི་གཞལ་བྱ་མངོན་སུམ་པ་ཡིན་པའི་ཕྱིར་དངོས་པོ་བཞིན་ནོ། །དེ་ལྟ་ན་དངོས་པོ་མེད་པ་ཞེས་པ་འགའ་ཡང་མེད་པས་དངོས་པོ་ཡང་མེད་པར་འགྱུར་ཏེ་ཟླ་བོ་མེད་པའི་ཕྱིར་རོ། །དེ་གཉིས་མེད་ན་འབྱུང་བ་བཞི་མེད་པ་དང་འཇིག་རྟེན་ཕ་རོལ་མེད་པ་ཉིད་དུ་དམ་བཅའ་བ་ཡང་ཉམས་པར་འགྱུར་རོ། །ཅི་སྟེ་མངོན་སུམ་མ་ཡིན་ན་ནི་རེ་ཞིག་མངོན་དུ་གྱུར་པ་མ་ཡིན་པའི་ཕྱིར། མངོན་སུམ་ཚད་མས་མ་བཟུང་བས་ཇི་ལྟར་མ་བཟུང་བ་དེའི་སྒོ་ནས་འཇིག་རྟེན་ཕ་རོལ་མེད་པར་དཔོག་པར་འགྱུར། ཅི་སྟེ་རྗེས་སུ་དཔག་པས་བཟུང་བ་ཡིན་ནོ་ཞེ་ན། སྤྱིར་མངོན་སུམ་དུ་མ་ཟད་རྗེས་དཔག་ལས་རབ་ཏུ་གྲུབ་པས་ཀྱང་སྐྱེས་བུའི་དོན་སྒྲུབ་པ་ཡིན་ན་རྗེས་དཔག་འདི་ནི་ཁྱོད་ཀྱིས་ཁས་བླངས་པ་ཡང་མ་ཡིན་ཏེ། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུ་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་ནི་སྤྱང་ཀིའི་རྗེས་དང་འདྲ། །ཞེས་སྐྱེས་བུས་དོན་རྟོགས་པའི་ཚད་མ་ནི་མིག་སོགས་ཀྱི་དབང་པོའི་སྤྱོད་ཡུལ་ཇི་ཙམ་མཐོང་བའི་མངོན་སུམ་དེ་ཙམ་དུ་ཟད་པར་སྨྲས་པའི་ཕྱིར་རོ། །ས་ལ་སོགས་པའི་འབྱུང་བ་བཞི་པོ་དེ་དག་ཁྱོད་ཀྱི་གཞུང་ལས་བཤད་པའི་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའི་ཡུལ་དུ་གྱུར་པ་དེ་


JLD016_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དེ་ཡི་བདག་ཉིད་ཅན་དུ་ནི་ཡོད་པ་མ་ཡིན་ན་ཤིན་ཏུ་རགས་པའི་དོན་གང་ལ་ཡིད་ཀྱི་མུན་པ་འཐུག་པོ་འདི་ཉིད་དུ་ཡོད་པ་དེས་ནི། ཇི་ལྟར་ན་ཤིན་ཏུ་ཕྲ་བའི་འཇིག་རྟེན་ཕ་རོལ་ཡོད་པ་དང་མེད་པ་གང་ཡང་ཡང་དག་པར་རྟོགས་པར་འགྱུར་ཏེ་རྟོགས་པ་མེད་དོ། །སྐྱོན་གཞན་ཡང་འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་དེ་རྒྱང་པན་ནི་ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་པར་བྱ་སྟེ། འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པ་དེ་ཡི་ལྟ་བའི་རྣམ་པའི་རྟེན་ཏེ། དེ་གནས་པའི་རྒྱུར་མཚུངས་པ་སྟེ་འདྲ་བའི་ལུས་ཀྱི་ཁོག་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར། དཔེར་ན་གང་གི་ཚེ་འབྱུང་བའི་བདག་ཉིད་བདེན་པར་ཡོད་པ་ཉིད་ཁས་ལེན་པ་དེའི་ཚེ་བཞིན་ནོ། །ཅི་སྟེ་འབྱུང་བ་བདེན་པར་རྟོགས་པའི་ཚེ་ཡང་ཕྱིན་ཅི་མ་ལོག་པས་མཐོང་བའི་དཔེ་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པ་ཡིན་ནོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ་རང་བཞིན་གྱིས་མ་སྐྱེས་པ་དང་ཡོད་པ་མིན་པའི་འབྱུང་བ་ལ་རང་བཞིན་གྱིས་ཡོད་པ་དང་སྐྱེ་བ་ཉིད་དུ་རྟོགས་པས་ཕྱིན་ཅི་ལོག་ཏུ་ལྟ་བ་ཉིད་གྲུབ་པའི་ཕྱིར་རོ། །འདིས་ནི་རང་གི་རྟགས་ཡང་དག་གི་སྦྱོར་བ་རྣམས་ལ་དཔེར་བཟུང་བ་ལ་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པ་དགོས་པར་བསྟན་ཏེ། རྟགས་སུ་བཟུང་བ་ལ་ཡང་འདྲ་ལ། སྔར་སྒྲ་མི་རྟག་པར་སྒྲུབ་པ་ལ་མིག་གིས་གཟུང་བྱ་བཀོད་པ་མ་གྲུབ་པའི་རྟགས་སུ་ཡང་བཤད་པས་དམ་བཅའ་རྟགས་ཀྱིས་སྒྲུབ་པ་ལ་ཚུལ་གསུམ་དགོས་པར་བསྟན་ནོ། །འབྱུང་བ་རང་བཞིན་གྱིས་མ་སྐྱེས་པ་དེ་ཉིད་བསྒྲུབ་པར་བྱ་དགོས་སོ་ཞེ་ན།


JLD016_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དེ་དག་ཇི་ལྟར་རང་བཞིན་གྱིས་ཡོད་པ་མིན་པ་དེ་ལྟར་སྔར་བཤད་ཟིན་ཏེ། །གང་གི་ཕྱིར་ན་གོང་དུ་རང་དང་། གཞན་ལས་དང་། གཉིས་ཀ་ལས་སྐྱེ་བ་དང་། རྒྱུ་མེད་དུ་སྐྱེ་བ་འགོག་པར་བྱེད་པ་ན་འབྱུང་བ་རང་བཞིན་གྱིས་སྐྱེ་བ་ཡང་བདག་གིས་ཐུན་མོང་དུ་ནི་སྟེ་སྤྱིར་བཀག་ཟིན་པ་དེ་ཡི་ཕྱིར། འབྱུང་བ་འདི་དག་ལྟ་ཞིག་སྟེ་གང་ཡང་སྔར་སྤྱིའི་ཚུལ་གྱིས་བཀག་པས་མ་བཤད་པ་ཡོད་པ་མ་ཡིན་པས་དཔེ་གྲུབ་བོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ལ་སྐུར་པ་འདེབས་པ་དང་། དེ་ལས་གཞན་པའི་རང་བཞིན་གྱི་དངོས་པོར་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་འགོག་པ་ན་ཡང་། རྟོགས་པ་ཕྱིན་ཅི་ལོག་པ་སྦྱར་བར་བྱ་སྟེ། དཔེར་ན་རྫོགས་པའི་སངས་རྒྱས་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱ་སྟེ། ཡོད་པ་དང་མེད་པ་ཉིད་དུ་ལྟ་བ་ཐམས་ཅད་དགག་པར་འདོད་པའི་ཕྱིར་རོ། །ཅི་སྟེ་ཁྱོད་ལ་ཡང་ཐལ་བར་འགྱུར་བ་འདི་མཚུངས་སོ་སྙམ་ན་དེ་ཡང་ཡོད་པ་མ་ཡིན་ཏེ། ཁོ་བོ་ཅག་ཕྱིན་ཅི་ལོག་པར་སྒྲུབ་པ་ལ་དཔེ་མེད་པའི་ཕྱིར་རོ། །འཇིག་རྟེན་གཞན་གཏོགས་ཡོད་པ་ཉིད་དུ་རྟོགས་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །བདག་གི་ལྟ་བའི་རྣམ་པའི་


JLD016_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་གི་ཚེ་ན་བདག་མེད་རྟོགས་པར་ཁས་ལེན་དེ་ཚེ་བཞིན། །ཞེས་བརྗོད་པར་ནུས་པ་ཡང་ཡིན་ནོ། །དེ་བཞིན་དུ། འདི་ན་ཐམས་ཅད་མཁྱེན་པ་ཡོད་ཅེས་རྟོགས་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །གཏན་ཚིགས་དང་དཔེ་དག་ནི་དེ་གཉིས་ཁོ་ནའོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ཞེས་པ་ལ་ཡང་སྦྱར་པར་བྱའོ། །དེའི་ཕྱིར་ཚུལ་འདིས་ནི། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །གཉིས་ཀ་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། ཅེས་གང་དམ་བཅས་བར་གྱུར་པ་བཞི་པོ་རབ་ཏུ་བསྒྲུབས་པ་ཡིན་ནོ། །ཞེས་གསུངས་པས་གཞན་ལུགས་བཀག་པ་ཡིན་གྱི་རང་ལུགས་མ་བསྒྲུབས་སོ་ཞེས་སྨྲ་བར་མི་བྱའོ། །གསུམ་པ་ནི། འདིར་སྨྲས་པ། དངོས་པོ་རྣམས་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་མི་སྐྱེ་ན། འོ་ན་ཇི་ལྟར་སྐྱེ་ཞེ་ན་བཤད་པ། གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་འགའ་ཞིག་ཡོད་ན་ནི། སྐྱེ་བའི་རྣམ་པར་རྟོག་པ་གཞན་མི་སྲིད་པའི་ཕྱིར། ཐེ་ཚོམ་མེད་པར་དེ་བདག་གམ་གཞན་ནམ་གཉིས་ཀའམ་རྒྱུ་མེད་པ་ཞིག་ལས་སྐྱེ་བའམ་དམིགས་པར་འགྱུར་བ་ཞིག་གོ །གང་དག་དབང་ཕྱུག་ལ་སོགས་པ་དག་ལས་དངོས་པོ་རྣམས་སྐྱེ་བར་མངོན་པར་འདོད་པ་དེ་དག་གི་ལྟར་ན་ཡང་། དབང་ཕྱུག་ལ་སོགས་པ་དེ་དག་བདག་ཏུ་གྱུར་པའམ། གཞན་དུ་གྱུར་པའམ། གཉིས་ཀར་གྱུར་པ་ཞིག་ཏུ་འགྱུར་བས་དབང་ཕྱུག་ལ་སོགས་པ་རྒྱུར་སྨྲ་བ་དག་ཀྱང་བཤད་ཟིན་པའི་སྐྱོན་ལས་མི་


JLD016_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་སྟེ། དེའི་ཕྱིར་སྐྱེད་པར་བྱེད་པའི་རྒྱུའི་རྣམ་པར་རྟོག་པ་གཞན་ལྔ་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཞན་མེད་པའི་ཕྱིར་ལ། རྣམ་པར་རྟོག་པ་བཞིས་སྐྱེ་བར་བཏགས་པ་བཀག་པའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་དོ་ཞེས་བསྟན་པའི་ཕྱིར། རྒྱུ་མཚན་གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་དང་། རྒྱུ་ལ་མ་ལྟོས་པར་སྐྱེ་བ་ཡོད་པ་མིན་པས་དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པ་དང་བྲལ་ལོ། །ཞེས་སྨོས་སོ། །འདིས་ནི་མཐའ་བཞིའི་སྐྱེ་བ་ཐལ་འགྱུར་གྱིས་བཀག་ཀྱང་། མཐར་རྟགས་གང་ལ་བརྟེན་ནས་རྗེས་དཔག་སྐྱེ་ཚུལ་སྟོན་ཏེ། དེ་ཡང་མཐའ་བཞི་ལས་སྐྱེ་བ་མེད་པ་ནི་གཏན་ཚིགས་སོ། །དངོས་པོ་རྣམས་ཞེས་པ་ནི་ཆོས་ཅན་ནོ། །རང་བཞིན་གྱིས་གྲུབ་པ་དང་བྲལ་བ་ནི་དམ་བཅའོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང་། དེའི་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བ་མེད་པ་ཞིག་ཡིན་ན། འོ་ན་མ་སྐྱེས་པ་སྔོན་པོ་ལ་སོགས་པ་རྣམས་ཇི་ལྟར་གཟུང་ཞེ་ན། སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་ཇི་ལྟར་ཡང་མ་རིག་པས་བསླད་པ་འགའ་ཞིག་གི་སྣང་བའི་ཡུལ་ཉིད་དུ་འགྱུར་བ་མིན་པས། དེ་ལྟར་གྱི་མིག་ལ་སོགས་པའི་ཤེས་པས། སྔོ་སོགས་ཀྱི་རང་བཞིན་ནི་བཟུང་བ་མ་ཡིན་ནོ། །འོ་ན་གང་ཞིག་ཡང་དང་ཡང་དུ་ཡུལ་གྱི་ངོ་བོ་ཉིད་དུ་མདུན་དུ་སྣང་བར་མཐོང་བ་དེ། ཅི་ཞིག་ཏུ་འགྱུར་བར་འོས་ཤེ་ན། འདི་ནི་ཕྱིན་ཅི་ལོག་གི་དབང་གིས་སྣང་བས་


JLD016_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ན་རང་བཞིན་མ་ཡིན་ཏེ། མ་རིག་པས་བསླད་པའི་དབང་ཁོ་ནས་བདག་ཉིད་དེར་དམིགས་པའི་ཕྱིར་རོ། །ཞེས་བསྟན་པའི་ཕྱིར་བཤད་པ། གང་གིས་ཏེ་གང་གི་ཕྱིར་ཆར་སྤྲིན་ནག་པོའི་ཚོགས་དང་མཚུངས་པའི་གཏི་མུག་སྟུག་པོ་སྟེ་འཐུག་པོ་སྔོན་པོ་ལ་སོགས་པའི་རང་བཞིན་མཐོང་བ་གཡོགས་ནས་གནས་པ་འཇིག་རྟེན་སེམས་ཅན་ལ་ཡོད་པ་དེས་ན། བྱིས་པ་རྣམས་ལ་སྔོན་པོ་ལ་སོགས་པའི་རང་བཞིན་མཐོང་བ་ཡོད་པ་མིན་ཏེ། ཡུལ་རྣམས་ལ་རང་གི་ངོ་བོ་ཕྱིན་ཅི་ལོག་པ་དག་ཏུ་མངོན་པར་ཞེན་པའི་གནས་སུ་གྱུར་པ་འདི་ནི། བྱིས་པ་འདི་བདེན་པར་ཞེན་པ་རྣམས་ལ་སྣང་བར་འགྱུར་རོ། །གལ་ཏེ་གཏི་མུག་གིས་བཀབ་པའི་ཕྱིར་དེ་ཁོ་ན་ཉིད་མི་མཐོང་དུ་ཆུག་ཀྱང་། ཕྱིན་ཅི་ལོག་ཏུ་མཐོང་བ་ཅི་ལམ་ཡིན་ཞེ་ན། རང་གི་ངོ་བོས་གྲུབ་པ་མིན་བཞིན་དུ་དེར་སྣང་བ་ནི། གཏི་མུག་གི་དབང་གིས་ཡིན་ནོ་ཞེས་ཕྱིའི་དཔེའི་སྒོ་ནས་བསྟན་པའི་ཕྱིར། ཇི་ལྟར་དབང་པོ་རབ་རིབ་ཀྱིས་བསླད་པའི་མཐུ་ཡིས་རབ་རིབ་ཅན་འགའ་ཞིག་གིས་སྐྲ་ཤད་དང་ཟླ་བ་གཉིས་དང་རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་པ་ལོག་པར་ཏེ་མེད་ཀྱང་ཡོད་པ་ལྟར་འཛིན་པ་སྟེ་མཐོང་བར་བྱེད་པ་དེ་བཞིན་དུ། གཏི་མུག་གི་སྐྱོན་གྱི་དབང་གིས་མི་མཁས་པ་སོ་སྐྱེས་སྔོན་པོ་སོགས་ཀྱི་འདུས་བྱས་ལྟ་ཞིག་སྣ་ཚོགས་པ་བློ་གྲོས་ཀྱིས་ཏེ་དེ་དག་གི་ཤེས་པས་རྟོགས་པར་ཏེ་མཐོང་བར་འགྱུར་རོ། །འདི་ནི་རྟེན་འབྲེལ་གྱི་མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དང་། དེ་བཞིན་དུ་མ་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་


JLD016_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི། བསོད་ནམས་མངོན་པར་འདུ་བྱ་བ་དང་། བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱ་བ་དང་། མི་གཡོ་བ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །ཞེས་བྱ་བ་དང་། དེ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེའི་ཕྱིར་ཚུལ་འདིས་གལ་ཏེ་གཏི་མུག་མ་རིག་པ་ལ་བརྟེན་ནས་འདུ་བྱེད་ཀྱི་ལས་འབྱུང་ལ། གཏི་མུག་མེད་པར་ལས་དེ་མི་འབྱུང་ཞེས་བྱ་བར་གསུངས་པ་ནི། མི་མཁས་པ་ཁོ་ནས་རྟོགས་པར་ཏེ་དེའི་དབང་དུ་བྱས་བར་གོར་མ་ཆག་གོ །མཁས་པ་དག་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ་ཞེས་གསུངས་པ་མཐོང་བ་ན། འདུ་བྱེད་རྣམས་རང་བཞིན་མེད་པའི་སྟོང་ཉིད་ཁོང་དུ་ཆུད་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྟེན་འབྱུང་གི་དེ་ཉིད་རྟོགས་པའི་བློ་བཟང་པོའི་ཉི་མས། མུན་པ་སྟུག་པོ་དང་འདྲ་བའི་མ་རིག་པ་རྣམ་པར་བསལ་བ་སྟེ་སྤོང་ཞིང་། ལས་འདུ་བྱེད་དག་ཀྱང་ཉེ་བར་མི་ལེན་ཏེ། ལས་དེ་ཉེ་བར་ལེན་པའི་རྒྱུ་མ་རིག་པ་སྤངས་པའི་ཕྱིར་རོ། །དེའི་ཕྱིར་འཁོར་བ་ལས་ངེས་པར་གྲོལ་བར་འགྱུར་ཏེ། སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་ལ། །སྐྱེ་མེད་ཟད་པ་མེད་པར་ཤེས་རབ་འདིས་ཤེས་ཏེ། ཉི་མ་སྤྲིན་མེད་འོད་ཟེར་འཕྲོ་བས་མུན་བསལ་ལྟར། །མ་རིག་ཐིབས་པོ་བཅོམ་ནས་རང་འབྱུང་ཐོབ་པར་འགྱུར། །ཞེས་གསུངས་སོ། །གལ་ཏེ་དེ་ལྟར་གཟུགས་སོགས་ཀྱི་དངོས་པོ་རྣམས་དེ་ཉིད་དུ་སྟེ་དོན་དམ་


JLD016_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པར་རང་བཞིན་འགའ་ཡང་མེད་ན། མོ་གཤམ་གྱི་བུ་ཇི་ལྟ་བ་བཞིན་དུ། ཐ་སྙད་དུ་ཡང་སྔོ་སོགས་དེ་དག་གི་རང་བཞིན་ཏེ་ངོ་བོ་མེད་པ་ཉིད་དུ་འགྱུར་ན། གཟུགས་སོགས་ཀྱི་ངོ་བོ་ནི་ཀུན་རྫོབ་ཏུ་ཡོད་པ་ཡང་ཡིན་པ་དེ་ཡི་ཕྱིར། དེ་དག་གི་ཡོད་པ་ནི་རང་བཞིན་གྱིས་ཏེ་དོན་དམ་པར་ཡོད་པ་ཉིད་དེ་ཁོ་ན་འོ་སྙམ་ན། འདི་ལ་བརྗོད་པར་བྱ་སྟེ། གང་དག་རབ་རིབ་ཅན་ལ་སོགས་པའི་བློའི་ཡུལ་དུ་འགྱུར་བའི་སྐྲ་ཤད་ལ་སོགས་པ་དེ་དག་མ་སྐྱེས་པས་ན། མ་སྐྱེས་པར་མོ་གཤམ་གྱི་བུ་དང་མཚུངས་པ་ལ། ཅིའི་ཕྱིར་ཁྱེད་ཅག་གིས་ཡོད་པ་མིན་པའི་ཡུལ་སྐྲ་ཤད་སོགས་མཐོང་ལ། མོ་གཤམ་གྱི་བུ་མི་མཐོང་བ་ཅི་ཡིན་ཞེས། རེ་ཞིག་སྔོན་ལ་རབ་རིབ་ལ་སོགས་པས་མིག་ཉམས་པ་དེ་དག་ཉིད་དེ་ཁོ་ན་ལ་བརྩད་པར་བྱ་སྟེ། དེའི་ཕྱི་ནས་ཏེ་རྗེས་སུ་ནི་ཅིའི་ཕྱིར་རང་བཞིན་གྱིས་མ་སྐྱེས་པར་མཚུངས་པ་ལ། ཁྱོད་གཟུགས་སོགས་མཐོང་ལ་མོ་གཤམ་གྱི་བུ་མི་མཐོང་བ་ཅི་ཡིན་ཞེས། མ་རིག་པའི་རབ་རིབ་རྗེས་སུ་འབྲེལ་བ་སྟེ་དེས་བློ་མིག་བསྒྲིབས་པ་རྣམས་ལ་བརྒལ་ཞིང་བརྟག་པར་བྱའོ། །ཁོ་བོ་ཅག་ལ་ནི་འདི་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་ལ་ནི་རྣལ་འབྱོར་པ་རྣམས་ཀྱིས་དངོས་པོ་དག་འདི་ལྟར་གཟིགས་ཤིང་། གཞན་གང་དག་རྣལ་འབྱོར་བའི་ཡེ་ཤེས་ཐོབ་པར་འདོད་པ་དེ་དག་གིས་ཀྱང་། ཆོས་ཀྱི་རང་བཞིན་དེ་སྐད་བཤད་པ་ལ་ལྷག་པར་མོས་པར་བྱའོ་ཞེས་ལུང་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་བའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པའི་སྒོ་ནས། དངོས་པོ་


JLD016_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མེད་པར་འཆད་པར་ཞུགས་པ་ཡིན་གྱི། རང་གི་ཤེས་པ་ལ་ལྟོས་ནས་ནི་མ་ཡིན་ཏེ། ཁོ་བོ་ཅག་ནི་མ་རིག་པའི་རབ་རིབ་ཀྱིས་བློའི་མིག་བསྒྲིབས་པའི་ཕྱིར་རོ། །ཇི་སྐད་དུ་མདོ་ལས། ཕུང་པོ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །བྱང་ཆུབ་རང་བཞིན་སྟོང་ཞིང་དབེན་པ་ཉིད། །གང་སྤྱོད་དེ་ཡང་རང་བཞིན་སྟོང་པ་སྟེ། །ཡེ་ཤེས་ལྡན་པས་ཤེས་ཀྱི་བྱིས་པས་མིན། །ཡེ་ཤེས་རང་བཞིན་སྟོང་པར་རིག་འགྱུར་ཏེ། །ཤེས་བྱའི་རང་བཞིན་སྟོང་པར་རིག་གྱུར་ནས། །ཤེས་པ་པོ་དང་འདྲ་བར་རྟོགས་གྱུར་ན། །བྱང་ཆུབ་ལམ་ལ་དེ་དག་སྤྱོད་ཅེས་བྱ། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་འདི་ནི་རྣལ་འབྱོར་པ་རྣམས་ལ་བརྒལ་ཞིང་བརྟག་པ་མ་ཡིན་ཏེ། དེ་དག་གིས་ནི་ཀུན་རྫོབ་ཏུ་ཡང་ཆོས་འགའ་ཞིག་ལ་ངོ་བོས་གྲུབ་པའི་རང་བཞིན་འགའ་ཡང་མ་གཟིགས་ལ། དོན་དམ་པར་ཡང་ཅི་ཡང་མ་གཟིགས་སོ། །རབ་རིབ་ཅན་ལ་བརྒལ་ཞིང་བརྟག་པ་ལྟ་ཕར་ཞོག་ཅིག་རེ་ཞིག་འདི་ནི་ཁྱོད་ཉིད་ལ་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ནོ་ཞེས་བཤད་པ། གལ་ཏེ་རྨི་ལམ་གྱི་ཁང་ཁྱིམ་དང་དྲི་ཟའི་གྲོང་ཁྱེར་དང་བཅས་པ་མཐོང་བ་དང་། མིག་འཕྲུལ་མཁན་གྱིས་སྤྲུལ་པའི་སྐྱེས་པ་དང་བུད་མེད་སོགས་དང་། སྨིག་རྒྱུ་ལ་ཆུ་དང་། གཟུགས་བརྙན་ལ་བྱད་བཞིན་དུ་མཐོང་བ་དང་། སོགས་ཀྱི་བྲག་ཆ་དང་སྤྲུལ་པ་སོགས་ལ་སྐྱེ་མེད་དེ་ཡོད་པ་མིན་པ་མཐོང་བ་ན་ཡོད་པ་ཉིད་མིན་པར་མཚུངས་ཀྱང་། ཁྱོད་ལ་ཇི་ལྟར་དེ་དག་མཐོང་བ་དེར་འགྱུར་ལ། མོ་གཤམ་གྱི་བུ་མཐོང་བ་དེར་མི་


JLD016_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དེ་མི་རིགས་སོ་ཞེས་ཇེ་བདག་ཉིད་ལ་བརྒལ་ཞིང་བརྟག་པར་གྱིས་ལ། ཕྱིས་ཁོ་བོ་ལ་བརྒལ་ཞིང་བརྟག་པར་བྱའོ། །དེའི་ཕྱིར་དེ་ཁོ་ན་ཉིད་དུ་གཟུགས་སོགས་འདི་ཇི་ལྟར་ཡང་སྐྱེ་བ་མེད་ཀྱང་། གང་གི་ཕྱིར་མོ་གཤམ་གྱི་བུ་ལྟར་འཇིག་རྟེན་གྱི་མཐོང་བའི་ཡུལ་དུ་མི་འགྱུར་བ་མ་ཡིན་པ་དེ་ཡི་ཕྱིར། དོན་དམ་དུ་མེད་ན་ཐ་སྙད་དུ་ཡང་མོ་གཤམ་གྱི་བུ་བཞིན་མི་མཐོང་བར་འགྱུར་རོ། །ཞེས་སྨྲ་བ་འདི་ནི་གཏན་ཚིགས་མ་ངེས་པ་སྟེ། འཁྲུལ་པ་ཅན་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་། འགྲོ་བ་དག་ནི་རྨི་འདྲར་བཤད། །དེ་ཉིད་དུ་ནི་རྣམ་མ་བཞག །རྨི་ལམ་གང་ལ་དངོས་པོ་མེད། །ལོག་པའི་བློ་ལྡན་མངོན་པར་ཞེན། །དྲི་ཟའི་གྲོང་ཁྱེར་ཇི་ལྟར་སྣང་གྱུར་ཀྱང་། །གྲོང་ཁྱེར་ཕྱོགས་བཅུར་ཡོད་མིན་གཞན་ནའང་མེད། །གྲོང་ཁྱེར་མིང་ཙམ་ཞིག་གིས་རབ་ཏུ་བཞག །དེ་བཞིན་བདེ་བར་གཤེགས་པས་འགྲོ་འདི་གཟིགས། །ཆུ་ཡི་འདུ་ཤེས་ཅན་གྱིས་ནི། །མཐོང་ཡང་སྨིག་རྒྱུ་ལ་ཆུ་མེད། །དེ་བཞིན་ཡོངས་སུ་རྟོག་པས་དཀྲུགས། །སྡུག་པ་མིན་པར་སྡུག་པར་རྟོག །མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་བར་གྱིས། །ཞེས་གསུངས་བའི་ལུང་ལས་ནི་གཟུགས་སོགས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཡིན་བཞིན་དུ། འཇིག་རྟེན་གྱི་འཛིན་པའི་ཡུལ་ཉིད་དུ་འགྱུར་ལ། མོ་གཤམ་གྱི་བུ་ནི་མ་ཡིན་པས་འདི་ནི་ཁྱོད་རང་ཉིད་ལས་མ་ངེས་པའོ། །ཁོ་བོ་ཅག་ལ་ནི་འདི་བརྩད་དུ་མེད་པ་ཉིད་དེ། འདི་ལྟར་ཁོ་བོ་ཅག་གིས་


JLD016_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཟུགས་ལ་སོགས་པ་རྣམས་ཀུན་རྫོབ་ཏུ་རང་བཞིན་གྱིས་སྐྱེ་བར་ཁས་བླངས་ནས་དོན་དམ་པར་འགོག་པ་མ་ཡིན་ནོ། །གཉིས་པ་ནི། ཁྱོད་ཀྱི་ལུགས་ཀྱིས་གཟུགས་སོགས་རྣམས་ཀུན་རྫོབ་ཏུ་རང་བཞིན་གྱིས་སྐྱེ་བར་དམིགས་ནས། དོན་དམ་དུ་འགོག་པ་མིན་པ་དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་མོ་གཤམ་གྱི་བུ་ལ་རང་གི་བདག་ཉིད་ཀྱིས་སྐྱེ་བ་དེ་ཁོ་ན་ཉིད་དུ་མེད་ཅིང་འཇིག་རྟེན་གྱི་ཐ་སྙད་དུའང་ཡོད་པ་མིན་པ་དེ་བཞིན་དུ། །གཟུགས་སོགས་ཀྱི་དངོས་པོ་འདི་ཀུན་འཇིག་རྟེན་གྱི་ཐ་སྙད་དང་། དེ་ཁོ་ན་ཉིད་གཉིས་ཀར་རང་གི་ངོ་བོ་ཉིད་ཀྱིས་མ་སྐྱེས་སོ། །ཞེས་གསུངས་པས། དངོས་པོ་རྣམས་རང་གི་ངོ་བོ་ཉིད་ཀྱིས་སྐྱེ་བར་འཛིན་པའི་འཁྲུལ་ངོར་ཡོད་པ་ལ་དབུ་མ་པས། ཀུན་རྫོབ་ཏུ་ཡོད་པར་གཏན་མི་འདོད་ལ། ངོ་བོ་ཉིད་ཀྱིས་སྐྱེ་བ་ཞེས་དགག་བྱ་ལ་ཁྱད་པར་གསལ་བར་ཡང་སྦྱར་བ་རྣམས་དྲན་པར་བྱའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་འདི་ལྟར་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀུན་གདོད་མ་ནས་ཞི་ཞིང་རང་བཞིན་གྱིས་སྐྱེ་བ་དང་བྲལ་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་གསུངས་པར་གྱུར་པ་དེའི་ཕྱིར་དུས་རྟག་ཏུ་རང་བཞིན་གྱིས་སྐྱེ་བ་ཡོད་པ་མ་ཡིན་ནོ། །གསུངས་ཚུལ་ནི། དཀོན་མཆོག་སྤྲིན་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། གདོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་སོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཡེ་ཤེས་ཞི་བའི་ཡུལ་ཡིན་པའི་ཕྱིར་ཞི་བའོ། །


JLD016_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུ་མཚན་ནི་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་གལ་ཏེ་འགའ་ཞིག་ལ་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡོད་ན། དེ་སྐྱེ་བར་འགྱུར་ན་རང་བཞིན་དེ་ཡང་ཡོད་པ་མིན་པས་ཅི་ཞིག་སྐྱེ་བར་འགྱུར། དེའི་ཕྱིར་མྱ་ངན་ལས་འདས་པ་སྟེ་རྣམ་པར་དག་པའོ། །གདོད་ནས་ཞེས་པ་ནི་ཆོས་དེ་དག་རྣལ་འབྱོར་པའི་ཡེ་ཤེས་ཀྱི་སྐབས་ཁོ་ནར་མ་སྐྱེས་པ་ནི་མིན་ཏེ། འོ་ན་ཅི་ཞེ་ན། དེའི་གོང་རོལ་འཇིག་རྟེན་པའི་ཐ་སྙད་ཀྱི་སྐབས་སུ་ཡང་ཆོས་དེ་དག་རང་གི་བདག་ཉིད་ཀྱིས་མ་སྐྱེས་པའོ་ཞེས་པ་འདི་སྟོན་པར་བྱེད་དེ། གདོད་ཀྱི་སྒྲ་ནི་དང་པོའི་སྒྲའི་རྣམ་གྲངས་སོ། །རང་གི་སྡེ་པ་རྣམས་ཀྱིས་ནི་དོན་དམ་དུ་མེད་ན། ཀུན་རྫོབ་ཏུ་ཡང་མེད་དོ་ཞེས་པའི་བརྒལ་བ་འདི་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་དག་གིས་ཁས་བླངས་པ་བུམ་སོགས་འདི་དག་དེ་ཉིད་དུ་སྟེ་དོན་དམ་པར་མེད་ཅིང་འཇིག་རྟེན་གྱི་རབ་ཏུ་གྲགས་པ་སྟེ་ཐ་སྙད་དུ་ཡོད་པ་ཇི་བཞིན་པ་དེ་བཞིན་དུ། དངོས་པོ་ཐམས་ཅད་ཀྱང་འགྱུར་བས་ན། དོན་དམ་པར་མེད་ན་མོ་གཤམ་གྱི་བུ་དང་མཚུངས་པར་ཐལ་བར་མི་འགྱུར་རོ། །འདི་ནི་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་བཤད་པ་ལྟར་ཏེ། ཆ་ཤས་སུ་བཅོམ་པས་དེའི་བློ་མི་འཇུག་པའི་ཀུན་རྫོབ་ཏུ་ཡོད་པ་སྟེ་དཔེར་ན་བུམ་པ་ལྟ་བུའོ། །དེ་ལ་ནི་གྱོ་མོར་བཅོམ་ན་བུམ་པའི་བློ་མི་འཇུག་པའོ། །བློས་ཆོས་གཞན་བསལ་ན་དེའི་བློ་མི་འཇུག་པ་ཡང་ཀུན་རྫོབ་ཏུ་ཡོད་པ་སྟེ་དཔེར་ན་ཆུ་ལྟ་བུའོ། །དེ་ལ་ནི་བློས་གཟུགས་ལ་སོགས་པའི་


JLD016_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གཞན་བསལ་ན་ཆུའི་བློ་མི་འཇུག་གོ །གང་ལ་བཅོམ་ཡང་དེའི་བློ་འཇུག་ལ། བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དཔེར་ན་གཟུགས་ལྟ་བུའོ། །དེ་ལ་ནི་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང་། བློས་རོ་ལ་སོགས་པའི་ཆོས་གཞན་བསལ་ཡང་རུང་། གཟུགས་ཀྱི་རང་བཞིན་བློ་འཇུག་པ་ཉིད་དོ། །ཚོར་བ་སོགས་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཞེས་མཛོད་འགྲེལ་དུ་འཆད་དོ། །སྡེ་པ་དེ་དག་གིས་ནི་སྤྱིར་དོན་དམ་དུ་མེད་ན་ཀུན་རྫོབ་ཏུ་མེད་དོ་ཞེས་སྨྲ་བ་མི་རིགས་སོ། །ཞེས་གསུང་བ་ཡིན་གྱི་དེ་དག་གིས་བདེན་པ་གཉིས་སུ་ཡོད་ཚུལ་བྱས་པ་དང་། རང་གིས་མཛད་པ་གཉིས་མཐུན་པར་སྟོན་པ་མིན་ཏེ། དེ་དག་གིས་ཀུན་རྫོབ་ཏུ་ཡོད་པར་བཞག་པ་ལ་དབུ་མ་པས་བཤད་པའི་དོན་དམ་དུ་ཡོད་པར་འཛིན་པ་ཤ་སྟག་ཡིན་པའི་ཕྱིར་རོ། །གལ་ཏེ་བུམ་པ་ལ་སོགས་པར་གདགས་པའི་རྟེན་འབྱུང་བ་བཞི་དང་། འབྱུང་འགྱུར་བཞི་ལ་སོགས་པ་རྣམས་རྫས་གྲུབ་ཏུ་ཡོད་པའི་ཕྱིར། བུམ་པ་ལ་སོགས་པར་བཏགས་པ་ནི་རྒྱུ་འམ་གཞི་དང་བཅས་པར་རིགས་ན་དབུ་མ་པ་ལྟར་ན་ཆོས་ཐམས་ཅད་བཏགས་པ་ཙམ་ཁོ་ན་ཡིན་གྱི། བཏགས་པའི་རྟེན་རྫས་སུ་གྲུབ་པ་ཅི་ཡང་མེད་པ་ལ་མོ་གཤམ་གྱི་བུ་དང་འདྲ་བར་ཐལ་བ་ལྡོག་པ་མེད་དོ་སྙམ་ན། དེ་ཡང་མི་རིགས་ཏེ། བཏགས་པའི་རྟེན་རྫས་སུ་གྲུབ་པར་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །དཔེར་ན་བཏགས་པར་ཡོད་པ་བྱད་བཞིན་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་གཟུགས་བརྙན་བརྟགས་པ་ཙམ་དམིགས་པ་


JLD016_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བཏགས་པར་ཡོད་པ་ཀ་བ་སོགས་ལ་བརྟེན་ནས་ཁྱིམ་དུ་བཏགས་པ་དང་། དེ་བཞིན་དུ་ཤིང་གི་རྟེན་ཅན་ནགས་བཏགས་པ་དང་། ཇི་ལྟར་རྨི་ལམ་ན་མ་སྐྱེས་པའི་རང་བཞིན་ཅན་གྱི་ས་བོན་ལས་མ་སྐྱེས་པའི་རང་བཞིན་གྱི་མྱུ་གུ་སྐྱེ་བར་དམིགས་པ་དེ་བཞིན་དུ། དངོས་པོ་བཏགས་པར་ཡོད་པ་ཐམས་ཅད་ཀྱི་གདགས་གཞི་ཡང་དངོས་པོ་བཏགས་པར་ཡོད་པ་ཉིད་དུ་རིགས་སོ། །གསུམ་པ་ནི། གལ་ཏེ་ཁྱོད་ཀྱིས་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བ་བདེན་གཉིས་ཀྱི་ཕྱོགས་གཉིས་ཀར་ཡང་བཀག་ན། མ་རིག་པ་ལ་སོགས་པ་ལས་འདུ་བྱེད་རྣམ་པར་ཤེས་པ་ལ་སོགས་པ་དང་། ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པ་ཀུན་རྫོབ་ཏུ་སྐྱེ་བ་དེ་ཇི་ལྟར་ངེས་པར་བྱ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། གང་གི་ཕྱིར་ན་སྔར་ཇི་སྐད་བཤད་པའི་ཚུལ་གྱིས། དངོས་པོ་རྣམས་ཀྱི་སྐྱེ་བ་རྒྱུ་མེད་པར་ངོ་བོ་ཉིད་ལས་འབྱུང་བ་དང་། དབང་ཕྱུག་གི་རྒྱུ་དང་ལ་སོགས་པས་དུས་དང་། རྡུལ་དང་རང་བཞིན་དང་སྐྱེས་བུ་དང་སྲེད་མེད་ཀྱི་བུ་ལ་སོགས་པ་རྣམས་ལས་ཀྱང་སྐྱེ་བ་མ་ཡིན་ཞིང་། བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བར་འགྱུར་བ་མིན་པ་དེའི་ཕྱིར་རྒྱུ་དང་རྐྱེན་འདི་ལ་བརྟེན་ནས་འབྲས་བུ་འདི་རབ་ཏུ་སྐྱེ་བར་འགྱུར་བ་ཞིག་སྟེ། མཐའ་བཞིའི་སྐྱེ་བ་སྤངས་པ་དེ་ཙམ་ཞིག་ལ་འཇིག་རྟེན་གྱི་རྒྱུ་འབྲས་ཀྱི་ཐ་སྙད་མི་བཅད་པའི་དོན་དུ་རྟེན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་


JLD016_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་པ་དང་། རིན་ཆེན་འཕྲེང་བ་ལས། འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་པོ་ཡོད་ན་ཐུང་ངུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་འབྱུང་བས་འོད་བཞིན་ནོ། །ཞེས་དང་། རྩ་ཤེ་ལས་ཀྱང་། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་གསལ་ཕྱིར་རོ། །ལས་དང་བྱེད་པ་པོ་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་འདི་ཙམ་ཞིག་ཁོ་ན་གསུངས་ཀྱི་མཐའ་བཞིའི་སྐྱེ་བ་མ་གསུངས་སོ། །དེ་ལྟར་རྒྱལ་བས་རྐྱེན་ཉིད་འདི་བ་ཙམ་གྱི་སྐྱེ་བ་གསུངས་པ་བཞིན་དུ། འཕགས་པས་ཀྱང་དེ་ལྟར་མཛད་ཅིང་། ཁྱད་པར་དུ་བྱེད་པ་པོ་ལས་ལ་བརྟེན་པ་སོགས་ཀྱི་ལྟོས་འབྱུང་གི་རྟེན་འབྲེལ་བཞེད་པས། དེ་མ་གཏོགས་པ་ཞེས་རང་དང་གཞན་ལུགས་ཀྱི་སྐྱེ་བའི་ཁྱད་པར་ཕྱེ་ཞིང་། དེ་དངོས་པོ་སྲིད་ཚད་ལ་སྦྱོར་བར་གསུངས་པ་དང་། སློབ་དཔོན་འདིས་སྤྱིར་སྐྱེ་བ་གཞག་དགོས་པ་དང་། མཐའ་བཞི་ལས་མི་སྐྱེ་བའི་ཕྱིར་བརྟེན་ནས་སྐྱེ་བར་འགྱུར་རོ། །ཞེས་འབད་པ་དུ་མས་བསྒྲུབས་པ་ལ། མཐའ་བཞི་ལས་མི་སྐྱེ་ན་སྐྱེ་བ་གཏན་མེད་དོ་ཞེས་ལུགས་དེ་དག་ལས་ཕྱིན་ཅི་ལོག་ཏུ་བཟློག་ནས་སྨྲ་བ་ནི། ངན་རྟོག་གི་དྲི་མ་འཐུག་པོས་སྟོང་ཉིད་རྟོགས་པའི་རྒྱུ་མཚན་བླ་ན་མེད་པ་རྟེན་འབྱུང་ཟབ་མོའི་དོན། སྟོང་པ་ཉིད་ཀྱི་དོན་དུ་འཆར་བའི་ལུགས་བླ་ན་མེད་པ་ལེགས་པར་སློད་པ་ཡིན་པར་ཤེས་པར་གྱིས་ཤིག །དེ་ལྟར་རྐྱེན་


JLD016_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འདི་པ་ཙམ་གྱི་རྟེན་འབྲེལ་བཤད་པ་ན། རྒྱུ་མེད་ལས་སྐྱེ་བ་ལ་སོགས་པ་བཞི་མི་སྲིད་པ་འབའ་ཞིག་ཏུ་མ་ཟད་ཀྱི། རང་བཞིན་གྱིས་ཡོད་པར་སྒྲོ་འདོགས་པའི་རྟག་པར་ལྟ་བ་དང་། བྱ་བྱེད་མི་འཐད་པའི་ཆད་པར་ལྟ་བ་དང་། དུས་སྔ་མ་ན་ཡོད་པ་དེ་ཉིད་དུས་ཕྱི་མ་རྣམས་སུ་འང་ཡོད་པའི་རྟོག་པ་དང་། རང་བཞིན་གྱིས་སྔ་ཕྱི་སོ་སོ་བའི་སྐད་ཅིག་མའི་མི་རྟག་པ་དང་། དངོས་པོ་དང་དངོས་པོར་མེད་པ་གཉིས་ངོ་བོ་ཉིད་ཀྱིས་གྲུབ་པ་ལ་སོགས་པར་རྟོག་པའང་བརྟགས་པའི་ཡུལ་གཞན་དག་ཀྱང་། མི་སྲིད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་གི་ཕྱིར་རྒྱུ་འདི་ལ་བརྟེན་ནས་འབྲས་བུ་འདི་རབ་ཏུ་འབྱུང་ངོ་ཞེས་བྱ་བའི་རིགས་པ་འདི་ཙམ་ཞིག་གིས། དངོས་པོ་ཀུན་རྫོབ་པ་རྣམས་ཀྱི་བདག་གི་དངོས་པོ་ཡོད་པ་འཐོབ་ཀྱི་གཞན་དུ་མ་ཡིན་པས། བདག་གཞན་ལས་སྐྱེ་བ་ལ་སོགས་པའི་རྟོག་པ་འདི་དག་བརྟག་པར་མི་ནུས་པ་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་བ་ཉིད་ཀྱི་རིགས་པ་འདི་ཡིས་ནི། ཇི་སྐད་བཤད་པའི་བདག་གཞན་ལས་སྐྱེ་བ་ལ་སོགས་པར་ལྟ་བའི་ལྟ་བ་ངན་པའི་དྲ་བ་མཐའ་དག་གཅོད་པར་བྱེད་པ་ཡིན་ནོ། །འདི་ལྟར་རྐྱེན་ཉིད་འདི་བ་ཙམ་ཞིག་རྟེན་འབྲེལ་གྱི་དོན་དུ་འཇོག་པའི་དབུ་མ་པས་ནི། དངོས་པོ་འགའ་ལ་ཡང་རང་བཞིན་གྱིས་གྲུབ་པ་ཁས་མ་བླངས་ཏེ། རིགས་པ་དྲུག་ཅུ་པ་ལས། དེ་དང་དེ་རྟེན་གང་འབྱུང་བ། །རང་གི་ངོ་བོ་དེར་མ་སྐྱེས། །རང་གི་ངོ་བོར་གང་མ་སྐྱེས། །དེ་ནི་སྐྱེས་ཞེས་ཇི་སྐད་བྱ། །ཞེས་བརྟེན་ནས་སྐྱེས་པ་ནི་རང་གི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དང་། དེ་ལྟ་ཡིན་ན་མྱུ་གུ་ལ་སོགས་པ་རང་གི་ངོ་བོ་ཉིད་ཀྱིས་


JLD016_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པར་ཇི་སྐད་དུ་བརྗོད་པར་བྱ་ཞེས་དང་། རྩ་ཤེ་ལས་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་རྟེན་འབྱུང་ཡིན་པ་ཉིད་ཀྱིས་རང་བཞིན་གྱིས་གྲུབ་པས་སྟོད་པར་གསུངས་ཤིང་། མདོ་སྡེ་ལས་ཀྱང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་སོ། །རྐྱེན་ལས་སྐྱེས་པ་ནི་གཏན་ཚིགས་སོ། །བསྒྲུབ་པར་བྱ་བ་མ་སྐྱེས་ཞེས་པའི་དོན་ནི་རྐང་པ་གཉིས་པས་བསྟན་ཏེ། རང་བཞིན་གྱིས་མ་སྐྱེས་ཏེ་ཞེས་པའི་དོན་ཡིན་གྱི། དགག་བྱ་ལ་ཁྱད་པར་མ་སྦྱར་བ་མིན་ཏེ། ལང་གཤེགས་ཚིག་གསལ་དུ་དྲངས་པ་ལས། བློ་གྲོས་ཆེན་པོ་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས། ངས་ཆོས་ཐམས་ཅད་མ་སྐྱེས་པའོ། །ཞེས་བསྟན་ཏེ། ཞེས་སངས་རྒྱས་ཉིད་ཀྱིས་རང་གི་དགོངས་པ་རང་གིས་བླངས་པའི་ཕྱིར་རོ། །དེའི་ཕྱིར་རིགས་པའི་རྒྱལ་པོ་རྟེན་འབྱུང་གི་རིགས་པ་ཉིད་ཀྱིས། རང་བཞིན་གྱིས་སྐྱེ་བ་འགོག་པ་འདི་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པས་ཐུགས་ཕྲོགས་ནས། རྩ་ཤེ་དང་རིགས་པ་དྲུག་ཅུ་པ་ལ་སོགས་པ་གཞུང་དུ་མར། འཕགས་པས་བཅོམ་ལྡན་འདས་ལ་རྟེན་འབྱུང་གསུང་པ་ཉིད་ཀྱི་སྒོ་ནས་བསྟོད་པ་མཛད་པ་ལ། བརྟེན་ནས་སྐྱེས་པ་ཉིད་ཀྱིས་མ་སྐྱེས་སོ་ཞེས་པའི་མུན་སྤྲུལ་གང་ཅི་ཡང་རུང་བ་ཤེས་རབ་ཅན་གྱིས་སྨྲ་བར་མི་བྱའོ། །གང་གི་ཚེ་


JLD016_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དངོས་པོ་རང་བཞིན་གྱིས་གྲུབ་པ་ཁས་མ་བླངས་པ་དེའི་ཚེ་རང་བཞིན་མེད་པ་ནི་བདག་གཞན་ལས་སྐྱེ་བ་ལ་སོགས་པ་གང་ཞིག་ཏུ་འབྱུང་བར་འགྱུར། གལ་ཏེ་རང་བཞིན་གྱིས་གྲུབ་པ་འགའ་ཞིག་ཡོད་ན་ནི་དེའི་ཚེ་སྐྱེ་བ་ངོ་བོ་ཉིད་ལས་སམ་བདག་གཞན་དང་དབང་ཕྱུག་སོགས་ལས་སྐྱེ་བར་འགྱུར་ཞིང་། སྐྱེས་ཟིན་པ་མི་འཇིག་པར་གནས་པས་རྟག་པ་དང་། འཇིག་པས་ཆད་པ་ལ་སོགས་པར་རྟོག་པ་འབྱུང་བ་སྲིད་ལ། དེ་ལས་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། མཐར་འཛིན་པའི་རྟོག་པ་རྣམས་དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པ་ཡོད་ན་འབྱུང་བར་འགྱུར་བ་སྟེ། ཇི་སྐད་བཤད་པའི་རིགས་པས་དངོས་པོ་རང་བཞིན་གྱིས་གྲུབ་པ་ཇི་ལྟར་ཡང་མེད་པར་ཡོངས་སུ་དཔྱད་ཟིན་ལ། དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པ་མེད་པར་མཐར་འཛིན་གྱི་རྟོག་པ་འདི་རྣམས་མི་འབྱུང་སྟེ། དཔེར་ན་རྒྱུ་བུད་ཤིང་མེད་པར་འབྲས་བུ་མེ་ཡོད་པ་མིན་པ་དེ་བཞིན་ནོ། །དེ་ལྟར་ན་དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་ཕབ་པ་གོམས་པ་ལས། རྣལ་འབྱོར་པ་འཕགས་པའི་ལམ་མངོན་སུམ་དུ་མཛད་པའི་མཉམ་གཞག་གིས་སྣང་བའི་སྤྲོས་པ་མ་གཟིགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་གཟིགས་པ་དེ་དག་ལ་ཆོས་གང་ལ་ཡང་བདེན་པར་མངོན་པར་ཞེན་པའི་རྟོག་པ་ཐོག་མ་མེད་པ་ནས་གོམས་པ་རྣམས་ལྡོག་པར་འགྱུར་ཏེ། དཔེར་ན་མིག་སྨན་བསྐུས་པས་སྐྲ་ཤད་ལ་སོགས་པར་སྣང་བ་ལོག་པ་ཉིད་རབ་རིབ་ཅན་ལ་འབྲས་བུར་འགྱུར་གྱི། སྐྲ་ཤད་ལ་སོགས་པ་རང་བཞིན་གཞན་ཞིག་ཏུ་སོང་བའི་སྒོ་ནས་དེའི་ཡུལ་དུ་འགྱུར་བ་མིན་པ་


JLD016_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །བཞི་པ་ནི། གང་གི་ཕྱིར་སོ་སོའི་སྐྱེ་བོ་ཆོས་ཉིད་འདི་སྔར་བཤད་པ་དེ་ལྟར་མི་ཤེས་པ་རྣམས་ནི་གཙོ་བོར་མཐར་འཛིན་གྱི་རྟོག་པས་བཅིངས་པ་དེའི་ཕྱིར་ཆོས་ཉིད་འདི་དེ་ལྟར་ཐུགས་སུ་ཆུད་པས་ཕྱིན་ཅི་ལོག་ཏུ་རྣམ་པར་མི་རྟོག་པ་ན་རྣལ་འབྱོར་པ་འཕགས་པ་རྣམས་ནི་གྲོལ་བར་འགྱུར་བས་དེའི་ཕྱིར་མཐར་འཛིན་པའི་རྟོག་པ་རྣམས་ཀྱི་འཛིན་སྟངས་ཀྱི་ཡུལ་མ་ལུས་པ་བཀག་པས་རྟོག་པ་ལོག་པར་གྱུར་པ་གང་ཡིན་པ་དེ་ཉིད་འཕགས་པས་དབུ་མའི་བསྟན་བཅོས་ལས་བཤད་པའི་རྣམ་པར་དཔྱོད་པའི་འབྲས་བུར་རྣམ་པར་བཞག་གོ་ཞེས་མཁས་པ་རྣམས་གསུང་ངོ་། །བརྒྱ་པ་ལས་ཀྱང་། དངོས་རྣམས་རང་བཞིན་གྱིས་ཡོད་ན། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ཉིད་འདིར་ནི་འགོག་པ་ཡིན། །ཞེས་ཆོས་རྣམས་རང་བཞིན་གྱིས་ཡོད་ན་དེ་ཉིད་གཤིས་ཡིན་པས་དེ་མཐོང་བ་མཛེས་ཀྱི། རང་བཞིན་གྱིས་སྟོང་པ་མཐོང་བ་ལ་ཡོན་ཏན་མེད་དོ། །དེའི་ཕྱིར་རྟོག་པས་མཐོང་བ་སྟེ། རང་བཞིན་གྱིས་ཡོད་པར་བཟུང་བས་འཆིང་བ་ཡིན་པས། དེའི་ཞེན་ཡུལ་དབུ་མའི་བསྟན་བཅོས་འདིར་དགག་པར་བྱ་བ་ཡིན་ནོ། །ཞེས་གསུངས་ལ། དེའི་འགྲེལ་པ་ལས་ཀྱང་རྟོག་པ་ནི་ཡང་དག་པ་མ་ཡིན་པའི་རང་བཞིན་གྱི་དོན་སྒྲོ་འདོགས་པ་སྟེ། ཞེས་ཡང་དག་པར་ཡོད་པ་མ་ཡིན་པ་ལ་ཡང་དག་ཏུ་ཡོད་པར་སྒྲོ་འདོགས་པ་ལ་བཤད་པས། རྟོག་པ་གང་ཡིན་ཐམས་ཅད་ལ་མི་བྱེད་ཀྱི་བདེན་འཛིན་གྱི་རྟོག་པ་དང་མཐར་འཛིན་གྱི་རྟོག་པ་ལ་བྱེད་དོ། །


JLD016_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་འཛིན་གྱི་རྟོག་པ་ཡང་མཐའི་སྒྲ་དོན་མང་པོ་ལ་འཇུག་ཀྱང་མཐའ་བྲལ་གྱི་མཐའ་ནི་དབུ་མ་སྣང་བ་ལས། གལ་ཏེ་དབུ་མ་ལ་སེམས་ཀྱི་རང་གི་ངོ་བོའི་བདག་ཉིད་ཀྱི་དངོས་པོ་དོན་དམ་པ་ཅི་ཡང་རུང་བ་ཞིག་ཡོད་པར་གྱུར་ན་ནི། དེའི་ཚེ་དེ་ལ་ཡོད་པས་རྟག་གོ་ཞེའམ། མི་རྟག་གོ་ཞེས་བྱ་བར་མངོན་པར་ཞེན་པ་ཡང་ཇི་ལྟར་མཐར་འགྱུར་ཏེ། དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གྱི་རྗེས་སུ་སོང་ཞིང་ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་ནི། ལྟུང་བའི་གནས་སོ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་ཇི་ལྟར་བཟུང་བ་དེ་ལྟར་ཡོད་པའི་ཡུལ་དེ་ནི་འདིར་མཐའ་མིན་ལ། བློ་ཡང་ཚུལ་བཞིན་ཡིད་བྱེད་ཡིན་པས་མཐར་འཛིན་མིན་ནོ། །དེས་ན་འདིའི་མཐའ་ནི་ལྟུང་བའི་གནས་ཡིན་ཏེ། འཇིག་རྟེན་ན་བྲག་གཡང་ལ་མཐའ་དང་དེ་ལ་ལྷུང་བ་ལ་མཐའ་ལ་ལྟུང་ཞེས་སྨྲ་བ་ལྟར། གང་དུ་གཟུང་བས་འཛིན་པ་པོ་ཕུང་བར་འགྱུར་བ་ལ་མཐར་ལྷུང་ཞེས་བཤད་པའོ། །དེ་ལ་ཡང་དག་པར་ཡོད་པ་ཐ་སྙད་དུ་ཡང་མི་སྲིད་པས་ཡང་དག་པར་མེད་པ་ཐ་སྙད་དུ་ཡོད་པའི་ཕྱིར། དོན་དམ་པར་མེད་ཅེས་པ་མེད་པའི་མཐར་འཛིན་དང་། དེ་ལྟར་མ་ཡིན་ཞེས་འགོག་པ་མེད་མཐའ་འགོག་པ་མིན་ཀྱང་། དགག་བྱ་བཀག་པའི་མེད་པ་ཡང་དག་པར་ཡོད་དོ་ཞེས་འཛིན་ན་དངོས་པོ་མེད་པའི་མཐར་ལྟུང་བས་དེ་འགོག་པ་ཡང་མེད་མཐའ་འགོག་པ་ཡིན་ནོ། །ལས་འབྲས་ལ་སོགས་པའི་ཆོས་རྣམས་ཐ་སྙད་དུ་ཡོད་པ་ལ་ཚད་མ་སུས་ཀྱང་གནོད་མི་སྲིད་པར། དེ་དག་ཡོད་པ་མིན་པའམ་མེད་པར་འཛིན་པའི་ཡུལ་ཡུལ་ཅན་ནི་མེད་མཐའ་དང་དེའི་མཐར་འཛིན་ཡིན་


JLD016_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། སངས་རྒྱས་ལ་སྐྱོན་མེད་ཅེས་པ་ལྟ་བུ་རྣམས་མེད་མཐའ་དང་དེའི་མཐར་འཛིན་མིན་ནོ། །འདི་ནི་སྐུར་འདེབས་ཀྱི་མེད་མཐའ་ཡིན་ལ་སྔ་མ་ནི་སྒྲོ་འདོགས་ཀྱི་མེད་མཐའོ། །དེའི་ཕྱིར་སྔར་བཤད་པའི་བཀག་པ་ལས་མ་གཏོགས་པའི་ཆོས་རྣམས་ནི། དོན་དམ་པར་རམ་རང་གི་མཚན་ཉིད་ཀྱིས་ཡོད་པར་འཛིན་པའི་ཡུལ་ཡུལ་ཅན་ནི་ཡོད་མཐའ་དང་དེའི་མཐར་འཛིན་ཡིན་གྱི། སངས་རྒྱས་ལ་མཁྱེན་བརྩེ་ཡོད་ཅེས་པ་ལྟ་བུ་རྣམས་ཡོད་མཐའ་དང་དེའི་མཐར་འཛིན་མིན་ནོ། །གཞུང་གི་སྐབས་འགའ་ཞིག་ཏུ་དོན་དམ་པར་ཡོད་པ་ཐམས་ཅད་ཡོད་མཐར་བཤད་པ་ཡང་ཡོད་དོ། །དེ་ཉིད་ཀྱི་ཕྱིར་འཕགས་པས་དབུ་མའི་བསྟན་བཅོས་ལས། རིགས་པའི་རྣམ་པར་དཔྱད་པ་ཤིན་ཏུ་མང་བར་མཛད་པ་ནི། རྩོད་པ་ལ་ཆགས་པ་སྟེ་གཞན་ཟིལ་གྱིས་གནོན་པར་འདོད་པའི་ཕྱིར་མ་མཛད་དོ་ཞེས་ཤེས་པར་བྱ་སྟེ། རིགས་པའི་རྣམ་པར་དཔྱད་པ་མཛད་པ་ན། །དབུ་མའི་བསྟན་བཅོས་ལས་དེ་ཁོ་ན་ཉིད་བསྟན་པ་ནི། སེམས་ཅན་གྱིས་དེ་ཁོ་ན་ཉིད་འདི་ལྟ་བུ་ཕྱིན་ཅི་མ་ལོག་པར་རྟོགས་ནས། ཐར་པ་ཐོབ་པར་གྱུར་ན་ཅི་མ་རུང་ཞེས་སྐྱེ་བོ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ནི་མཛད་པ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་དངོས་པོར་སྨྲ་བ་རྣམས་ཀྱི་རྒོལ་བ་ཇི་ལྟར་བརྟགས་པ་ཐམས་ཅད་བཀོད་ཅིང་བསྟན་བཅོས་ལས་བཀག་པ་མ་ཡིན་ནམ། དེའི་ཕྱིར་བསྟན་བཅོས་ཀྱི་འཇུག་པ་ནི་རྩོད་པའི་ཕྱིར་ཡིན་པས། རྟོག་པ་ལྡོག་པ་ཙམ་ཞིག་ཁོ་ན་འབྲས་བུར་ཇི་ལྟར་རྣམ་པར་བཞག་ཅེ་ན། རྣམ་པར་དཔྱད་པ་འདི་ནི་རྩོད་པའི་ཕྱིར་མཛད་པ་མ་ཡིན་མོད་ཀྱི། འོན་ཀྱང་དེ་ཁོ་ན་ཉིད་ཉེ་


JLD016_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྟན་པ་ན། གཞན་ཕྱོགས་རང་བཞིན་གྱིས་སྟོབས་ཆུང་བས་གཞན་གྱི་གཞུང་ལུགས་རྣམས་བདག་ཉིད་འཐེན་མི་འཛུགས་ཤིང་། སྣང་བ་ཉེ་བ་ན་མུན་པ་ལྟར་རང་ཉིད་འཇིག་པར་འགྱུར་བ་དེས་ན་ཁོ་བོ་ཅག་ལ་སྐྱོན་མེད་པ་ཉིད་དོ་ཞེས་བཤད་པ། གལ་ཏེ་དེ་ཁོ་ན་ཉིད་རྣམ་པར་བཤད་པ་ན་གཞན་གྱི་གཞུང་གིས་བཏགས་པ་རྣམས་འཇིག་པར་འགྱུར་ན་ཁོ་བོ་ཅག་ལ་ཉེས་པ་མེད་དེ། བརྒྱ་པ་ལས། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་གསུངས་མ་ཡིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་སྲེག །ཅེས་མེ་བུས་པ་བཏུང་བ་བསྐོལ་བའི་ཕྱིར་དུ་བྱས་ཀྱི་ཐལ་བ་དང་སོལ་བའི་ཕྱིར་དུ་བྱས་པ་མིན་ཀྱང་། དེ་དག་ཀྱང་ཞར་ལ་འབྱུང་བའི་དཔེས་གསུངས་སོ། །གལ་ཏེ་རྩོད་པ་ལ་ཆགས་པའི་ཕྱིར་ཆོས་ཉེ་བར་བསྟན་ན་ནི། དེའི་ཚེ་ཐེ་ཚོམ་མེད་པར་གཞན་གྱི་ཕྱོགས་སྐྱོན་དང་ལྡན་པ་ལ་སྡང་ཞིང་རིགས་པ་དང་ལྡན་པའི་རང་གི་ཕྱོགས་ལ་རྗེས་སུ་ཆགས་པར་འགྱུར་བས། ཁྲོ་ཆགས་ཀྱི་རྟོག་པ་ལྡོག་པ་མེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་རང་གི་ལྟ་བ་ལ་ཆགས་པ་དང་དེ་བཞིན་དུ་གཞན་ཕྱོགས་ཀྱི་ལྟ་བ་ལ་རྒྱུད་འཁྲུག་པ་གང་ཡིན་པ་དེ་ནི། འཆིང་བའི་རྟོག་པ་ཉིད་ཡིན་པས་ཁྲོ་ཆགས་ཀྱི་རྟོག་པ་མ་ལོག་པར་འཕེལ་བས་བཅིངས་པ་ཉིད་དུ་འགྱུར་གྱི་ཐར་པ་ནི་མིན་ནོ། །གང་གི་ཚེ་ཆོས་འདི་རྩོད་པའི་ཕྱིར་དུ་བསྟན་པ་མ་ཡིན་པ་དེའི་ཚེ། དེའི་ཕྱིར་རང་ཕྱོགས་ལ་འདོད་ཆགས་དང་། གཞན་ཕྱོགས་ལ་ཁོང་ཁྲོ་བ་རྣམ་པར་བསལ་ཏེ། རིགས་པས་རྣམ་པར་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར་རོ། །རིགས་པ་དྲུག་ཅུ་པ་ལས་ཀྱང་། རྩོད་མེད་ཆེ་བའི་བདག་ཉིད་


JLD016_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །དེ་དག་ལ་ནི་ཕྱོགས་མེད་དོ། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། ཅེས་དང་། བརྒྱ་པ་ལས་ཀྱང་། རང་གི་ཕྱོགས་ལ་ཆགས་ཡོད་ཅིང་། །གཞན་ཕྱོགས་ལ་ཁྱོད་མི་དགའ་ན། །མྱ་ངན་འདས་པར་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བར་ཡོད་མི་འགྱུར། །ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། གང་ཞིག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང་། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བྱེད། །ང་རྒྱལ་རྒྱགས་པས་བཅོམ་པ་ལོག་པ་སྟེ། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང་། །ཞེས་གསུངས་སོ། །བདག་གཞན་གྱི་ཕྱོགས་ལ་ཆགས་པ་དང་ཁྲོ་བའི་ཕྱོགས་ལྷུང་དོར་ནས་གཟུ་བོའི་བློས་མ་དཔྱད་ན། གྲུབ་མཐའ་ལ་དཔྱོད་པར་སྒོམ་པ་དེ་ཉིད་ལ་བརྟེན་ནས་འཁོར་བར་དམ་དུ་འཆིང་བར་གསུངས་པ་འདི་ཉིད། བདག་ཅག་རྣམས་ལ་ཐུགས་བརྩེ་བས་མན་ངག་ཁྱད་པར་ཅན་བྱིན་པར་ཤེས་པར་གྱིས་ཤིག །བདག་སྐྱེ་འགོག་པ་ནས་འདི་ཡན་ཆད་ཀྱིས་ཆོས་ཀྱི་བདག་མེད་བསྟན་པར་གསུངས་ཏེ། དངོས་པོའི་ཆོས་ཀྱི་བདག་མེད་བསྟན་པ་ནི་ཤིན་ཏུ་མང་ལ། དངོས་མེད་ཀྱི་ཆོས་ཀྱི་བདག་མེད་ཀྱང་བར་བར་དུ་བསྟན་པ་ལ་དགོངས་སོ། །གཉིས་པ་གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པ་ལ་གསུམ། ཐར་འདོད་ཀྱིས་ཐོག་མར་བདག་རང་བཞིན་གྱིས་གྲུབ་པ་ཉིད་དགག་དགོས་པར་བསྟན་པ། བདག་དང་བདག་གི་བ་གཉིས་རང་བཞིན་གྱིས་གྲུབ་པ་འགོག་པའི་ཚུལ། བདག་དང་ཤིང་རྟའི་དཔྱད་པ་དངོས་པོ་གཞན་ལ་ཡང་བསྒྲེ་བར་བསྟན་པའོ། །དང་པོ་ནི། དེ་ལྟར་ལུང་དང་རིགས་པས་ཆོས་ཀྱི་བདག་མེད་


JLD016_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། དེའི་འོག་ཏུ་གང་ཟག་གི་བདག་མེད་བསྟན་པའི་ཕྱིར་བཤད་པ། འདི་ན་རྣལ་འབྱོར་པ་དེ་ཁོ་ན་ཉིད་ལ་འཇུག་པར་འདོད་ཅིང་ཉོན་མོངས་པའི་སྐྱོན་མ་ལུས་པ་སྤོང་བར་འདོད་པ་ནི། འཁོར་བར་འཁྱམ་པ་འདི་ཅི་འདྲ་བ་ཞིག་གི་རྩ་བ་ཅན་ཡིན་སྙམ་དུ་རྟོག་པར་བྱེད་ལ། དེ་ལྟར་བརྟགས་པ་ན་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་དང་། སྐྱོན་རྣམས་ནི་སྐྱེ་རྒ་ན་འཆི་ལ་སོགས་པ་སྟེ་དེ་རྣམས་མ་ལུས་པར་ང་དང་ངའི་འོ་སྙམ་པའི་རྣམ་པ་ཅན་དེ་གཉིས་རང་བཞིན་གྱིས་གྲུབ་པར་འཛིན་པའི་ཤེས་རབ་ཉོན་མོངས་པ་ཅན་གྱི་འཇིག་ཚོགས་ལ་ལྟ་བ་ལས་བྱུང་བར་བློ་ཡིས་མཐོང་བར་འགྱུར་ཏེ། དེ་དག་ནི་མ་ལུས་པར་འཇིག་ཚོགས་ལ་ལྟ་བའི་འབྲས་བུ་ཡིན་ནོ། །དེ་ལྟར་མཐོང་བ་ན་འཇིག་ལྟ་སྤོང་བར་འདོད་པ་འབྱུང་ལ། དེའི་ཚེ་ཤེས་རབ་ཅན་ཞིག་ཡིན་ན་ནི་དེ་སྤོང་བ་དེ་ཡང་སྔར་ཆོས་དབྱིངས་བསྟོད་པ་དང་བཞི་བརྒྱ་བའི་ལུང་དྲངས་པ་ལྟར་འཇིག་ལྟས་ཇི་ལྟར་བཟུང་བ་ལྟར་གྱི་བདག་ཡུལ་སྟེང་ན་མེད་པར་མཐོང་བས་སྤོང་དགོས་པར་མཐོང་ནས། འཇིག་ལྟས་གཞི་གང་ལ་ཞེན་པ་འདིའི་དམིགས་པ་གང་ཡིན་སྙམ་དུ་བརྟགས་པ་ན། བདག་སྟེ་ང་ཞེས་པའི་ང་ནི་བདག་ཏུ་ལྟ་བ་འདིའི་ཡུལ་དམིགས་པའོ་སྙམ་དུ་རྟོགས་ཏེ། ངར་འཛིན་པ་ནི་བདག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེའི་ཚེ་ཉེས་སྐྱོན་མ་ལུས་པ་སྤོང་བར་འདོད་པས་རྩ་བ་འཇིག་ལྟ་ཉིད་སྤང་བར་བྱ་བ་ཡིན་ལ། དེ་ཡང་དེའི་དམིགས་པ་བདག་གི་བདག་སྟེ་ངོ་བོས་གྲུབ་པ་མེད་པར་ཁོང་དུ་ཆུད་པ་ལས་སྤོང་བར་འགྱུར་བས། རྣལ་འབྱོར་པས་གང་ཞིག་བདག་ཏུ་འཛིན་པའི་ཡུལ་བདག་ཅེས་བྱ་བ་འདི། ངོ་བོ་ཉིད་


JLD016_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གྲུབ་མ་གྲུབ་ཅི་འདྲ་བ་ཞིག་ཅེས་ཐོག་མར་བདག་ཁོ་ན་ལ་རྟོག་པར་བྱེད་དོ། །རྣལ་འབྱོར་པ་ཡིས་བདག་དེ་ནི་རང་བཞིན་གྱིས་གྲུབ་པ་འགོག་པར་བྱེད་པ་ལས། འཇིག་ལྟ་སྤངས་ན་ཉེས་སྐྱོན་ཀུན་ལྡོག་པས་ན། བདག་ལ་རྣམ་པར་དཔྱད་པ་འདི་ནི་ཐར་པ་སྒྲུབ་པའི་ཐབས་ཡིན་ཏེ། བསླབ་བཏུས་ལས། གང་ཟག་སྟོང་པ་ཉིད་ནི་དེ་ལྟར་ཤིན་ཏུ་གྲུབ་པ་ཡིན་ན། །དེའི་ཕྱིར་རྩ་བ་ཆད་པས་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་མི་འབྱུང་ངོ་། །འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཇི་སྐད་དུ། ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན། ཤིང་རྩ་བ་ནས་བཅད་ན་ཡལ་ག་དང་ལོ་མ་དང་ཡལ་ག་ཕྲ་མོ་ཐམས་ཅད་སྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་སོ། །འདི་ལྟར་གསུངས་པ་ལ་མཁས་པའི་དབང་པོ་རྣམས་དགོངས་པ་མཐུན་པས། ཐོག་མར་འཁོར་བའི་ཉེས་དམིགས་ལེགས་པར་ཤེས་ནས་སེམས་པ་དང་། དེ་ནས་དེའི་རྩ་བ་གང་ཡིན་ངོས་འཛིན་པ་དང་། དེ་ནས་དེ་སྤོང་བར་འདོད་པ་ན་སྤོང་ཐབས་ཀྱི་ཐད་དུ་མ་འཕྱུགས་པར་དེའི་ཞེན་ཡུལ་བཀག་པའི་བདག་མེད་ཀྱི་ལྟ་བ་ཞིག་ངེས་པར་རྙེད་ནས། དེའི་དོན་ལ་འདྲིས་པར་བྱེད་པ་ནི། ཐེག་པ་ཆེ་ཆུང་གང་ལ་ཡང་དགོས་པ་ཤེས་པར་བྱའོ། །གལ་ཏེ་རིན་ཆེན་འཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་ཕུང་པོ་


JLD016_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་འཛིན་ཆོས་ཀྱི་བདག་འཛིན་འཁོར་བའི་རྩ་བར་བཤད་ལ། འདིར་འཇིག་ལྟ་འཁོར་བའི་རྩ་བར་བཤད་པ་གཉིས་འགལ་ཏེ། འཁོར་བའི་རྩ་བ་མི་མཐུན་པ་གཉིས་མི་འཐད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ་འདི་པའི་ལུགས་ཀྱིས་བདག་འཛིན་གཉིས་དམིགས་པས་སོ་སོར་འབྱེད་ཀྱི། འཛིན་སྟངས་ཀྱི་རྣམ་པ་མི་འདྲ་བ་མེད་དེ། གཉིས་ཀ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྣམ་པ་ཅན་ཡིན་པའི་ཕྱིར་དང་། འཁོར་བའི་རྩ་བ་གཉིས་འགལ་བ་ནི་ཡུལ་ལ་འཇུག་པའི་འཛིན་སྟངས་མི་མཐུན་པ་གཉིས་འཁོར་བའི་རྩ་བར་འཇོག་པ་ལ་བྱེད་པའི་ཕྱིར་རོ། །དེས་ན་ཆོས་ཀྱི་བདག་འཛིན་འཇིག་ལྟའི་རྒྱུར་སྟོན་པ་ན། མ་རིག་པའི་ནང་ཚན་གཉིས་རྒྱུ་འབྲས་སུ་སྟོན་ཞིང་། དེ་གཉིས་ཀ་ཉོན་མོངས་ཀྱི་རྩ་བར་སྟོན་པ་ན་རང་དང་འཛིན་སྟངས་མི་མཐུན་པའི་ཉོན་མོངས་གཞན་ཐམས་ཅད་ཀྱི་རྩ་བར་སྟོན་པ་ཡིན་ལ། ཚུལ་དེ་ཡང་དེ་གཉིས་ཀ་ལ་ཡོད་པས་མི་འགལ་ཏེ། མ་རིག་པའི་རིགས་འདྲ་སྔ་ཕྱི་གཉིས་ཀ་འཁོར་བའི་རྩ་བར་མི་འགལ་བ་བཞིན་ནོ། །གཉིས་པ་ལ་གཉིས། བདག་རང་བཞིན་གྱིས་གྲུབ་པ་དགག་པ་དང་། བདག་གི་བ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ་དྲུག །གཞན་སྡེས་བཏགས་པའི་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་དགག །རང་སྡེས་བཏགས་པའི་ཕུང་པོ་ཉིད་བདག་ཏུ་འདོད་པ་དགག །དེ་གཉིས་ཀྱི་ལྷག་མའི་ཕྱོགས་རྟེན་དང་བརྟེན་པ་སོགས་གསུམ་དགག །དེ་ཉིད་དང་གཞན་ཉིད་དུ་མེད་པའི་གང་ཟག་རྫས་ཡོད་དགག །བདག་བརྟེན་ནས་བཏགས་པ་ཙམ་དུ་བཞག་པ་དཔེ་དང་བཅས་པར་བཤད། དེ་ལྟར་བཞག་པ་ལ་མཐར་འཛིན་གྱི་


JLD016_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་སྤང་སླ་བའི་ཡོན་ཏན་བསྟན་པའོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང་། ལུགས་དེ་དགག་པའོ། །དང་པོ་ནི། འཇིག་ཚོགས་ལ་ལྟ་བའི་དམིགས་པ་བདག་དེ་ཅི་ཞིག་ཅེས་དེ་ཉིད་མི་ཤེས་པས་སྟོན་ཞིག་ཅེ་ན། འདི་ལ་གཉིས། གྲངས་ཅན་གྱི་ལུགས་བརྗོད་པ་དང་། བྱེ་བྲག་པ་ལ་སོགས་པའི་ལུགས་བརྗོད་པའོ། །དང་པོ་ནི། རེ་ཞིག་དེ་ཟ་བ་པོ་སྟེ་བདེ་སྡུག་སོགས་ལ་ལོངས་སྤྱོད་པ་པོ་དང་། རྟག་པའི་དངོས་པོ་དང་རྣམ་འགྱུར་རྣམས་ཀྱི་བྱེད་པ་པོ་མིན་པ་དང་། རྡུལ་མུན་སྙིང་སྟོབས་ཀྱི་རང་བཞིན་གྱི་ཡོན་ཏན་མེད་པ་དང་། ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ན། བྱ་བ་མེད་པར་མུ་སྟེགས་གྲངས་ཅན་རྣམས་ཀྱིས་བརྟགས་སོ། །དེ་ལ་གྲངས་ཅན་པ་དག་ནི། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་སྨྲ་བར་བྱེད་དོ། །དེ་ལ་འབྲས་བུ་རབ་ཏུ་བྱེད་པས་ན་རང་བཞིན་ནོ། །སྐབས་གང་དུ་བྱེད་ཅེ་ན། སྐྱེས་བུའི་འདོད་པ་མཐོང་བའི་དུས་སུའོ། །གང་གི་ཚེ་སྒྲ་ལ་སོགས་པའི་ཡུལ་ཉེ་བར་ལོངས་སྤྱོད་པའི་རྣམ་པ་ཅན་གྱི་འདོད་པ་སྐྱེས་པ་དེའི་ཚེ་སྐྱེས་བུའི་འདོད་པ་ཡོངས་སུ་ཤེས་པའི་རང་བཞིན་དང་སྐྱེས་བུ་སྦྱོར་ཞིང་། དེ་ནས་གཙོ་བོས་སྒྲ་ལ་སོགས་པ་འབྱིན་ནོ། །དེའི་ཚུལ་ནི་འདི་ཡིན་ཏེ། རང་བཞིན་ལས་ནི་ཆེན་པོའོ། །དེ་ལས་ཀྱང་ང་རྒྱལ་ལོ། །དེ་ལས་དབང་པོ་བཅུ་གཅིག་དང་དེ་ཙམ་ལྔ་སྟེ་བཅུ་དྲུག་པོའི་ཚོགས་སོ། །བཅུ་དྲུག་པོ་ལས་ཀྱང་འབྱུང་བ་ལྔ་ནི་དེ་ཙམ་ལྔ་ལས་ཏེ། སྒྲ་ལ་སོགས་པ་ལྔ་ལས་


JLD016_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྔ་འབྱུང་ངོ་ཞེས་བྱ་བ་ནི་རིམ་པ་ཡིན་ནོ། །རྣམ་འགྱུར་མིན་ལ་ཞེས་པ་ནི་འབྲས་བུ་རབ་ཏུ་བྱེད་པ་ཁོ་ན་ཡིན་གྱི། ཆེན་པོ་ལ་སོགས་པ་ལྟར་རྣམ་པར་འགྱུར་བ་ཡང་ནི་མ་ཡིན་ནོ། །ཆེན་པོ་ལ་སོགས་པ་བདུན་ནི་རབ་ཏུ་བྱེད་པའང་ཡིན་ལ་རྣམ་པར་འགྱུར་བ་ཡང་ཡིན་ནོ། །ཆེན་པོ་ལ་སོགས་པ་ཡང་རང་གི་རྣམ་འགྱུར་ལ་ལྟོས་ནས་རང་བཞིན་ཡིན་ལ། རྩ་བའི་རང་བཞིན་ལ་ལྟོས་ནས་རྣམ་པར་འགྱུར་བ་ཡིན་ནོ། །བློའི་དབང་པོ་ལ་སོགས་པ་བཅུ་དྲུག་ནི་རྣམ་འགྱུར་ཁོ་ནའོ། །སྐྱེས་བུ་ནི་རབ་ཏུ་བྱེད་པའང་མ་ཡིན་ལ། རྣམ་པར་འགྱུར་བ་ཡང་མ་ཡིན་ནོ། །རྣ་བ་ལ་སོགས་པའི་དབང་པོ་ལྔ་ཡིད་ཀྱིས་བྱིན་གྱིས་བརླབས་པས་ཡོངས་སུ་གཟུང་བའི་ཡུལ་སྒྲ་ལ་སོགས་པ་དག་ལ་བློས་ཞེན་པར་བྱེད་ལ། དེ་ནས་བློས་ཞེན་པར་བྱས་པའི་དོན་ལ་སྐྱེས་བུས་སེམས་པར་བྱེད་དོ། །དེ་ལྟར་ཡུལ་ལ་སྤྱོད་འདོད་པས་ཡུལ་ཉེ་བར་ལོངས་སྤྱོད་ཅིང་། གང་གི་ཚེ་ཡུལ་ལ་ཆགས་པ་ཆུང་བ་ཉིད་ཀྱིས་སྐྱེས་བུས་ཡུལ་ལ་ཉེས་དམིགས་སུ་བལྟས་པས། ཆགས་པ་དང་བྲལ་བར་གྱུར་པ་དེའི་ཚེ་རིམ་གྱིས་བསམ་གཏན་སྒོམ་ཞིང་། དེ་ལ་བརྟེན་ནས་ལྷའི་མིག་གི་མངོན་ཞེས་ཐོབ་པ་ན། མིག་དེའི་སྒོ་ནས་གཙོ་བོ་ལ་ལྟ་བར་བྱེད་ལ། དེས་བལྟས་པ་དང་། གཙོ་བོ་དེ་གཞན་གྱི་བུད་མེད་ལྟར་ངོ་ཚ་བར་གྱུར་པས། བདག་ལ་མི་འགྲོ་ཞིང་འབྲལ་བར་འགྱུར་རོ། །རྣམ་འགྱུར་གྱི་ཚོགས་ཐམས་ཅད་ཀྱང་སྐྱེ་བའི་རིམ་པ་ལས་བཟློག་པའི་སྒོ་ནས་གཙོ་བོ་དེ་ཉིད་དུ་རབ་ཏུ་ཐིམ་པའི་ཕྱིར། མི་གསལ་བའི་ངོ་བོར་གྱུར་པ་དེའི་ཚེ་སྐྱེས་བུ་ཉག་གཅིག་གནས་ཏེ། དེའི་ཕྱིར་གྲོལ་བ་ཞེས་བྱའོ། །བདག་དེ་ནི་རྟག་ཏུ་ཡན་གར་བའི་ངོ་བོར་གནས་པའི་ཕྱིར་རྟག་པ་


JLD016_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །གང་ཞིག་ནི་བྱེད་པ་པོ་ཡིན་ལ་གང་ཞིག་ནི་བྱེད་པ་པོ་མ་ཡིན་ཞེ་ན། འདི་ལ་རྡུལ་མུན་སྙིང་སྟོབས་རྣམས་ནི་ཡོན་ཏན་གསུམ་མོ། །དེ་ལ་རྡུལ་ནི་གཡོ་བ་དང་འཇུག་པའི་བདག་ཉིད་ཅན་ནོ། །མུན་པ་ནི་ལྕི་བ་དང་གཡོག་པའི་བདག་ཉིད་ཅན་ནོ། །སྙིང་སྟོབས་ནི་ཡང་བ་དང་རབ་ཏུ་གསལ་བའི་བདག་ཉིད་ཅན་ནོ། །བདེ་བ་དང་སྡུག་བསྔལ་དང་གཏི་མུག་ཞེས་པ་ནི་འདི་དག་ཁོ་ནའི་རྣམ་གྲངས་སོ། །འདི་དག་ཆ་མཉམ་པའི་སྐབས་ནི་གཙོ་བོ་སྟེ། འདིར་ཡོན་ཏན་དག་གཙོར་གྱུར་ཅིང་རབ་ཏུ་ཞི་བར་གྱུར་པའི་ཕྱིར་རོ། །དེ་དག་རྣམ་པར་མི་འགྱུར་བའི་སྐབས་ནི་རང་བཞིན་ནོ། །རང་བཞིན་ལས་ནི་ཆེན་པོ་སྟེ། ཆེན་པོ་དང་བློ་གཉིས་ནི་རྣམ་གྲངས་ཏེ་ཕྱི་ཡུལ་དང་ནང་གི་སྐྱེས་བུའི་གཟུགས་བརྙན་གཉིས་ཀ་འཆར་བ་ཞིག་གོ །ཆེན་པོ་ལས་ནི་ང་རྒྱལ་ལོ། །ང་རྒྱལ་ནི་གསུམ་སྟེ་རྣམ་པར་འགྱུར་བ་ཅན་དང་། སྙིང་སྟོབས་ཅན་དང་། མུན་པ་ཅན་ནོ། །དེ་ལ་རྣམ་པར་འགྱུར་བའི་ང་རྒྱལ་ལས་ནི་དེ་ཙམ་ལྔ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་དག་གོ །དེ་ཙམ་དག་ལས་ནི་འབྱུང་བ་རྣམས་ཏེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞེས་བྱ་བ་དག་གོ །སྙིང་སྟོབས་ཅན་གྱི་ང་རྒྱལ་ལས་ནི་ལས་ཀྱི་དབང་པོ་ལྔ་པོ་དག་དང་ལག་པ་དང་རྐང་པ་དང་རྐུབ་དང་། འདོམས་ཀྱི་དབང་པོ་དང་། བློའི་དབང་པོ་ལྔ་པོ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལྤགས་པའམ་ལུས་ཀྱི་དབང་པོ་དང་། གཉིས་ཀའི་བདག་ཉིད་ཅན་གྱི་ཡིད་དེ་དེ་ལྟར་ན་བཅུ་གཅིག་གོ །མུན་པ་ཅན་གྱི་ང་རྒྱལ་ནི་ང་རྒྱལ་གཞན་གཉིས་ཀའི་འཇུག་པར་བྱེད་པའོ། །དེ་ལ་ཆེན་པོ་དང་ང་རྒྱལ་དང་དེ་ཙམ་ལྔ་སྟེ་བདུན་ནི་རང་བཞིན་དང་


JLD016_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྱུར་གཉིས་ཀའོ། །དབང་པོ་བཅུ་དང་ཡིད་དང་འབྱུང་བ་ལྔ་ནི་རྣམ་འགྱུར་ཁོ་ན་དང་། རྩ་བའི་རང་བཞིན་གཙོ་བོ་ནི་རང་བཞིན་ཁོ་ནའོ་ཞེས་པ་ནི་གཞུང་ལུགས་སོ། །གཉིས་པ་ནི། ཇི་ལྟར་གྲངས་ཅན་དག་གིས་བདག་ཁས་བླངས་པ་དེ་བཞིན་དུ། བདག་དེའི་དབྱེ་བ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ནི་ཐ་དད་པར་འགྱུར་ཏེ། འདི་ལྟ་སྟེ་བྱེ་བྲག་པ་རྣམས་ནི་བློ་དང་བདེ་བ་དང་སྡུག་བསྔལ་དང་། འདོད་པ་དང་སྡང་བ་དང་འབད་པ་དང་ཆོས་དང་ཆོས་མ་ཡིན་པ་དང་བྱ་བའི་ཤུགས་ཏེ། བདག་གི་ཡོན་ཏན་དགུ་སྨྲ་བར་བྱེད་དོ། །དེ་ལ་བློ་ནི་ཡུལ་འཛིན་པའོ། །བདེ་བ་ནི་འདོད་པའི་ཡུལ་ཉམས་སུ་མྱོང་བའོ། །སྡུག་བསྔལ་ནི་དེ་ལས་བཟློག་པའོ། །འདོད་པ་ནི་འདོད་པར་གྱུར་པའི་དངོས་པོ་ལ་རེ་བ་འཆའ་བའོ། །སྡང་བ་ནི་མི་འདོད་པའི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་ཉིད་དོ། །འབད་པ་ནི་དོན་བསྒྲུབ་པར་བྱ་བ་ལ་དེའི་མཐར་ཐུག་པར་སེམས་ཀྱི་མཁས་པ་ཉིད་དོ། །གང་ལས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་འགྲུབ་པ་དེ་ནི་ཆོས་སོ། །དེ་ལས་བཟློག་པ་ནི་ཆོས་མ་ཡིན་པའོ། །ཤེས་པ་ལས་སྐྱེས་ཤིང་ཤེས་པའི་རྒྱུར་གྱུར་པ་ནི་འདུ་བྱ་བའི་ཤུགས་སོ། །བདག་གི་ཡོན་ཏན་དགུ་པོ་དེ་ཇི་སྲིད་དུ་བདག་ལ་འདུ་ཞིང་ཡོད་པ་དེ་སྲིད་དུ། དེ་དག་གིས་སྦྱར་བའི་དགེ་བ་དང་མི་དགེ་བའི་ལས་སྒྲུབ་པའི་ཕྱིར་འཁོར་བར་འགྱུར་ལ། གང་གི་ཚེ་སྐྱེས་བུ་ཡང་དག་པར་རྟོགས་པའི་ཤེས་པས་བློ་ལ་སོགས་པའི་ཡོན་ཏན་རྣམས་རྩ་བ་དང་བཅས་པར་གཅོད་པ་དེའི་ཚེ། རང་གི་བདག་ཉིད་ལ་གནས་ཤིང་ཐར་བར་འགྱུར་རོ། །བདག་དེ་ཡང་རྟག་པ་དང་། འབྲས་བུའི་བྱེད་པ་པོ་དང་། འབྲས་


JLD016_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་དང་། ཡོན་ཏན་དང་བཅས་པ་དང་། ཁྱབ་པའི་ཕྱིར་ན་བྱ་བ་མེད་པར་ཡང་སྨྲའོ། །བྱེ་བྲག་པ་ཁ་ཅིག་སྐུམ་པ་དང་། རྐྱོང་བ་ཉིད་ཀྱིས་བྱ་བ་དང་བཅས་པར་ཁས་ལེན་ནོ། །རིག་བྱེད་དུ་སྨྲ་བ་དག་ནི་བུམ་པ་ལ་སོགས་པ་ཐ་དད་པ་རྣམས་ཀྱི་ནམ་མཁའ་གཅིག་ཡིན་པ་ལྟར། རྟེན་ལུས་ཐ་དད་པས་བརྟེན་པ་བདག་གཅིག་ཉིད་སྣ་ཚོགས་པ་ཉིད་དོ་ཞེས་པ་ལ་སོགས་པར་ཁས་ལེན་ནོ། །འགྲེལ་པར་བདག་གི་ཁྱད་པར་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཕན་ཚུན་ཐ་དད་པར་འགྱུར་རོ། །ཞེས་གསུངས་པས་གཞུང་འདིའི་ལུགས་ཀྱིས་གྲངས་ཅན་དེའི་དབྱེ་བ་ལ་བརྟེན་ནས། མུ་སྟེགས་ཀྱི་ལུགས་སོ་སོར་གྱེས་པར་འཆད་པ་ནི་དོན་མ་གོ་བའོ། །གཉིས་པ་ནི། མུ་སྟེགས་ཅན་རྣམས་ཀྱི་གཞུང་ལུགས་རེ་རེ་ལས་བདག་མི་འདྲ་བ་གང་ཞིག་སྨྲས་པ་དེ་ནི། དེ་དག་གིས་ཇི་ལྟར་བཏགས་པ་དེ་ལྟར་གྱུར་པ་སྟེ་དེ་ཁོ་ན་ཉིད་དུ་ཡོད་པ་མིན་སྟེ། སྐྱེ་བ་དང་བྲལ་པ་སྟེ་མ་སྐྱེས་པའི་ཕྱིར་ཞེས་པའི་རྟགས་ནི་མུ་སྟེགས་རང་གི་རྗེས་སུ་དཔག་པ་སྟེ་ཁས་བླངས་པའོ། །དཔེར་ན་མོ་གཤམ་གྱི་བུ་ལྟར་རོ། །རྟགས་དེས་སྨྲས་པའི་ཆོས་ཅན་བཀག་ཀྱང་སྐྱོན་མེད་པ་ནི་རྟགས་དང་ཆོས་གཉིས་ཀ་རྣམ་བཅད་ཙམ་ཡིན་པའི་གནད་ཀྱིས་སོ། །དེ་ལྟར་གཞན་གྱིས་བརྟགས་པའི་བདག་འདི་ནི་ངར་འཛིན་ལྷན་སྐྱེས་ཀྱི་རྟེན་དུའང་མི་རིགས་ཏེ། རྟགས་དང་དཔེ་ནི་སྔར་བཞིན་ནོ། །ངར་འཛིན་གྱི་རྟེན་ཞེས་པ་ནི་དམིགས་རྣམ་གཉིས་ཀྱི་ནང་ནས་དམིགས་པའི་ཡུལ་མ་ཡིན་ཞེས་པ་སྟེ། དེའི་ཡུལ་ནི་ང་


JLD016_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དང་གང་ཟག་སོགས་ཡིན་ལ། དེ་ཡང་དངོས་པོར་འདོད་པས་མ་སྐྱེས་པ་དང་འགལ་བའོ། །རྣམ་པའི་ཡུལ་ནི་གང་ཟག་གི་བདག་ཡིན་པས་དེ་ནི་ཐ་སྙད་ཙམ་དུ་ཡང་མ་གྲུབ་པ་ཡིན་པས། མ་སྐྱེས་པ་དང་མི་འགལ་ལོ། །དེའི་ཕྱིར་འདིའི་ལུགས་ཀྱི་གང་ཟག་གི་བདག་བསྙད་དུ་ཡོད་པར་འདོད་དོ་ཞེས་པ་ནི་འདི་པའི་གྲུབ་མཐའི་འགངས་དང་། འཇིག་ལྟའི་དམིགས་རྣམ་གྱི་ཡུལ་ཞིབ་ཏུ་མ་ཕྱེད་པར་བྱུང་རྒྱལ་དུ་སྨྲ་བའོ། །དེ་ལྟར་བདག་ཡོད་པ་དང་ངར་འཛིན་གྱི་ཡུལ་ཡིན་པ་བཀག་པ་ནི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དབང་དུ་བྱས་པའོ། །དེ་ཁོ་ནར་མ་ཟད་ཀུན་རྫོབ་ཏུ་ཡང་དེ་གཉིས་འགོག་པ་ཡང་ཤེས་པར་བྱ་སྟེ། དེའི་ཚེ་བདག་ཡོད་པར་མི་འདོད་ཅེས་པ་ནི་བདག་རྫས་སུ་ཡོད་པ་མིན་པའོ། །རྟགས་དང་དཔེ་དེ་གཉིས་ཀྱིས་དགག་བྱ་གཉིས་འགོག་པར་མ་ཟད་ཀྱི། གཞན་ཡང་མུ་སྟེགས་པས་བཏགས་པའི་བདག་དེའི་ཁྱད་པར་ཀུན་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེའི་རྒྱུ་མཚན་གང་གི་ཕྱིར་ན་གྲངས་ཅན་གྱི་བསྟན་བཅོས་དང་། །བྱེ་བྲག་པ་སོགས་ཀྱི་བསྟན་བཅོས་ལས་བདག་དེའི་ཁྱད་པར་གྱི་ཆོས་མུ་སྟེགས་རྣམས་ཀྱིས་གང་བསྟན་པ་དེ་ཀུན་ལ་སྟེ་ཐམས་ཅད་ལ། མུ་སྟེགས་རང་ལ་གྲགས་པའི་མ་སྐྱེས་པའི་གཏན་ཚིགས་ཀྱིས་གནོད་པ་དེའི་ཕྱིར་རོ། །དེ་ཡང་སྔར་བཤད་པའི་གྲངས་ཅན་དང་བྱེ་བྲག་པའི་བདག་གི་ཁྱད་པར་བཤད་པ་ཀུན་ཀྱང་ཡོད་པ་མ་ཡིན་ནོ་ཞེས་དགག་པར་བྱའོ། །ཕྱོགས་འདིས་ནི་བདག་ཏུ་སྨྲ་བ་ཐམས་ཅད་དུ་མ་སྐྱེས་པའི་གཏན་ཚིགས་དང་མོ་གཤམ་གྱི་བུ་ཡི་དཔེས། དེ་དག་གིས་བཏགས་པའི་བདག་གི་ངོ་བོ་དང་ཁྱད་པར་རྣམས་གསལ་བར་རིག་པར་


JLD016_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེའི་ཕྱིར་ཕུང་པོ་ལས་ངོ་བོ་གཞན་པའི་བདག་མེད་དེ། ཕུང་པོ་བཟུང་བ་མ་གཏོགས་པར་བདག་དེ་ཡན་གར་དུ་འཛིན་པ་མ་གྲུབ་པའི་ཕྱིར་རོ། །དེ་ནི་བདག་ཕུང་པོ་ལས་ངོ་བོ་ཐ་དད་ན་འབྲེལ་པ་གཉིས་ཀ་མེད་པས་འབྲེལ་མེད་དུ་འགྱུར་ལ། དེའི་ཚེ་བུམ་པ་མ་བཟུང་བར་སྣམ་བུ་ཡན་གར་དུ་འཛིན་པ་བཞིན་དུ་འཛིན་པ་ཞིག་འོང་དགོས་ན། དེ་འགར་ཡང་མ་མཐོང་བའི་ཕྱིར་ཞེས་པའོ། །དེ་ལྟར་ཡང་རྩ་ཤེ་ལས། བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །ཅེས་དང་། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་གསུངས་ཏེ་ཉེ་བར་ལེན་པ་ནི་ཕུང་པོའོ། །སྐྱོན་གཞན་ཡང་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་འདི་འཇིག་རྟེན་སེམས་ཅན་གྱི་ཐོག་མ་མེད་པ་ནས་ཀྱི་ངར་འཛིན་གྱི་བློ་ཡི་རྟེན་ཏེ་དམིགས་པར་ཡང་མི་འདོད་དེ། མུ་སྟེགས་ཀྱིས་བཏགས་པ་ལྟར་གྱི་བདག་དེ་རིག་པ་མིན་པ་སྟེ་དེའི་རྣམ་པར་མི་འཛིན་པའང་མངོན་པར་ཞེན་པ་དེ་ཁྱད་པར་ལས་བདག་དང་བདག་གི་ཞེས་བདག་ཏུ་ལྟ་བར་འགྱུར་བའི་ཕྱིར་རོ། །འདི་ནི་ངར་འཛིན་བློ་ཡི་རྟེན་དུའང་མི་རིགས་ཞེས་སྔར་བཀག་པ་དང་མི་ཟློས་ཏེ། སྔར་ནི་བདག་རྫས་སུ་ཡོད་པ་ཙམ་བདག་ལྟའི་དམིགས་པ་ཡིན་པར་བཀག་ལ། འདིར་ནི་ཕུང་པོ་ལས་ངོ་བོ་ཐ་དད་པ་དམིགས་པ་ཡིན་པ་བཀག་པའི་ཕྱིར་རོ། །ཅི་སྟེ་གང་ཟག་གང་དག་ད་ལྟ་བདག་དེ་རྟག་པ་དང་མ་སྐྱེས་པ་ལ་སོགས་པས་ཁྱད་པར་དུ་བྱས་པ་མི་ཤེས་པ་དེ་དག་ལ་ཡང་སྔོན་གོམས་པའི་དབང་གིས་བདག་དེའི་ཡུལ་ཅན་ངར་འཛིན་


JLD016_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟ་བ་ཡོད་པར་འགྱུར་རོ་སྙམ་ན། དེ་ནི་མ་ཡིན་ཏེ་གྲུབ་མཐའ་ངན་པས་བློ་བསྒྱུར་བ་ཁོ་ན་ལ། ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་ངར་འཛིན་གྱི་རྟེན་དུ་འཛིན་པ་ཡོད་པ་ཡིན་པའི་ཕྱིར་རོ། །སེམས་ཅན་གང་དག་ལ་སྔར་གྲུབ་མཐའ་ངན་པའི་གོམས་པ་མེད་པ་དེ་དག་ལ་ཡང་འདིར་ངར་འཛིན་འཇུག་པར་མཐོང་སྟེ། འདི་ལྟ་སྟེ། སེམས་ཅན་གང་དག་དུད་འགྲོར་བསྐལ་བ་མང་པོར་ཚེ་བརྐྱལ་བར་གྱུར་པ་སྔར་དེ་ཙམ་སོང་དུ་ཟིན་ཀྱང་། ད་དུང་དུ་ཡང་དུད་འགྲོའི་སྐྱེ་གནས་ལས་ལྡོག་པར་མི་འགྱུར་བ་དེས་ཀྱང་། མུ་སྟེགས་ཀྱིས་བཏགས་པའི་མ་སྐྱེས་པ་དང་རྟག་པའི་བདག་འདི་མ་མཐོང་བ་དེ་དག་ལ་ཡང་། ངར་འཛིན་འཇུག་པར་མཐོང་བ་སྟེ་ཤེས་ནས། ཤེས་རབ་ཅན་སུ་ཞིག་མུ་སྟེགས་པས་བཏགས་པའི་བདག་རྣམ་པ་དེ་ལྟ་བུ་ངར་འཛིན་གྱི་རྟེན་དུ་ཞེན་པར་བྱེད། དེས་ན་ཕུང་པོ་ལས་ངོ་བོ་གཞན་པའི་བདག་འགའང་མེད་དོ། །ཀྱང་གི་སྒྲས་ནི་དམྱལ་བ་ལ་སོགས་པར་སྐྱེས་པ་རྣམས་སྡུད་པའོ། །གཉིས་པ་ལ་ལྔ། ཕུང་པོ་བདག་ཏུ་འདོད་པ་ལ་གནོད་བྱེད་བསྟན་པ། དེ་ལྟར་འདོད་པར་མི་རིགས་པའི་སྒྲུབ་བྱེད་བསྟན་པ། ཕུང་པོ་བདག་ཏུ་སྨྲ་བ་ལ་གནོད་བྱེད་གཞན་བསྟན་པ། ཕུང་པོ་བདག་ཏུ་གསུངས་པ་སོགས་ཀྱི་དགོངས་པ་བཤད་པ། གཞན་གྱི་ལུགས་འབྲེལ་མེད་དུ་བསྟན་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང་། སྐྱོན་སྤོང་གི་ལན་དགག་པའོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང་། ལུགས་དེ་དགག་པའོ། །དང་པོ་ནི། འདིར་རང་གི་སྡེ་པ་དག་ན་རེ་ཕུང་པོ་ལས་ངོ་བོ་གཞན་པའི་བདག་གྲུབ་པ་མེད་པའི་ཕྱིར་བདག་ཏུ་ལྟ་བ་སྟེ་འཇིག་ཚོགས་ལ་ལྟ་བའི་དམིགས་རྣམ་


JLD016_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ནང་གི་དམིགས་པ་ནི་ཕུང་པོ་ཁོ་ན་ཡིན་ཏེ། ཕུང་པོ་ལས་ངོ་བོ་ཐ་དད་པ་དང་ནང་གི་ཕུང་པོ་དམིགས་པར་འཇོག་པ་གཉིས་སུ་ངེས་པ་ལས་སྔ་མ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་བདག་ནི་རང་གི་ཕུང་པོ་ཙམ་ཡིན་ནོ་ཟེར་རོ། །ཕྱོགས་འདི་ནི་གནས་མ་བུའི་སྡེ་པ་ལ་སོགས་པ་འཕགས་པ་མང་པོ་བཀུར་བའི་སྡེ་པའི་འོ། །དེ་ལས་ཀྱང་མང་བཀུར་བ་ཁ་ཅིག་བདག་ལྟའི་རྟེན་དུ་སྟེ་དམིགས་པར་ནི། རང་གི་ཕུང་པོ་ལྔ་ཆར་ཡང་འདོད་ཅིང་། བདག་ཏུ་མངོན་པར་ཞེན་པ་འདི་ཡང་ཕུང་པོ་ལྔ་པོ་དེ་ལས་ཡིན་ནོ་ཞེས་སྨྲ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལ་ཁྱེད་ཅག་གི་ལྟ་བ་འདི་ནི་འཇིག་པའི་བདག་ཉིད་ཅན་གྱི་ཚོགས་པ་ལ་ཡིན་གྱི་བདག་གམ་བདག་གི་བ་ལ་ནི་མ་ཡིན་ནོ། །ཞེས་གསལ་བར་མཛད་པའི་སླད་དུ། བདག་དང་བདག་གི་བའི་རྣམ་པར་ཞུགས་པའི་ལྟ་བ་ལ་འཇིག་ཚོགས་ལ་ལྟ་བར་གསུངས་སོ། །ཞེས་སྨྲས་ཏེ། ཉེར་ལེན་གྱི་ཕུང་པོ་ལྔ་ལ་ལྟའོ་ཞེས་གསུངས་པ་ལ་བརྟེན་ནས་བདག་ལྟའི་དམིགས་པ་ཕུང་པོ་ལྔར་ཁས་བླངས་སོ། །མང་བཀུར་བ་ཁ་ཅིག་ནི་སེམས་གཅིག་པུ་ལ་བདག་གོ་ཞེས་འདོད་དེ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་ཚིགས་སུ་བཅད་པ་ལས་སེམས་ལ་བདག་གི་སྒྲར་གསུངས་སོ། །


JLD016_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གང་ལས་ཤེ་ན། ཕུང་པོ་ལས་ཐ་དད་པའི་བདག་མེད་པའི་ཕྱིར་དང་། མདོ་གཞན་ལས་ཀྱང་། སེམས་འདུལ་བར་གསུངས་པའི་ཕྱིར་ཏེ། སེམས་འདུལ་བ་ནི་ལེགས་པ་སྟེ། སེམས་འདུལ་བ་ནི་བདེ་བ་འདྲེན། །ཞེས་བྱ་བ་དེ་ལས་སོ། །དེའི་ཕྱིར་ངར་འཛིན་པའི་གཞི་སེམས་ལ་བདག་ཅེས་གདགས་སོ་ཞེའོ། །རྟོག་གེ་འབར་བ་ལས་ཀྱང་། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ། །ཞེས་ལུས་དང་དབང་པོའི་ཚོགས་དག་ལ་ཉེ་བར་འདོགས་པའི་ཕྱིར་ཏེ་ཞེས་དང་། དེ་ཡང་མདོ་ཁ་ཅིག་ལས་སེམས་དུལ་ན་བདེ་བ་འཐོབ་པར་གསུངས་ལ། ཁ་ཅིག་ཏུ་བདག་དུལ་བས་མཐོ་རིས་ཐོབ་པར་གསུངས་པས་སེམས་ལ་བདག་ཏུ་འཇོག་ཅེས་ལུད་དང་། ཕུང་པོ་ལེན་མཁན་ནི་བདག་ཡིན་ལ་རྣམ་ཤེས་ཀྱིས་ཡང་སྲིད་ལེན་པའི་ཕྱིར་རྣམ་ཤེས་བདག་ཏུ་བཞག་གོ་ཞེས་རིགས་པའི་སྒྲུབ་བྱེད་སྨྲའོ། །སློབ་དཔོན་འདི་previous hit ཀུནགཞི་མི་བཞེད་པས་ལུས་ལེན་པའི་རྣམཤེས next hit་ནི་ཡིད་ཀྱི་previous hit རྣམཤེས་ཡིན་ཏེ། ཀུནགཞི next hit་མི་འདོད་པ་གཞན་ཡང་དེ་དང་འདྲའོ། །ཀུན་གཞི་འདོད་པས་previous hit ཀུནགཞིརྣམཤེས ་ཉིད་གང་ཟག་གི་མཚན་གཞིར་སྨྲའོ། །དེ་ཡང་ལུགས་དེ་དག་གིས་ཉན་རང་གིས་གང་ཟག་རྫས་ཡོད་དུ་མེད་པར་རྟོགས་པར་འདོད་ཀྱང་། རྣམ་ཤེས་གཉིས་པོ་རྫས་ཡོད་དུ་མེད་པར་རྟོགས་པར་མི་འདོད་པས། གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྨྲ་བ་ནི་གང་ཟག་གི་རང་གི་ལྡོག་པ་ནས་འདོད་པ་ཡིན་གྱི། གང་ཟག་གི་མཚན་གཞི་རྣམ་ཤེས་ལ་དེ་ལྟར་འདོད་པ་མིན་ནོ། །གཉིས་པ་ནི། གལ་ཏེ་རང་རྒྱུད་ཀྱི་ཕུང་པོ་ལྔ་


JLD016_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཡིན་པའི་ཕྱོགས་ལྟར་ན། དེའི་ཕྱིར་ཕུང་པོ་དེ་མང་བས་གང་ཟག་གཅིག་ལ་ཡང་བདག་དེ་དག་ཀྱང་མང་པོར་འགྱུར་རོ། །གང་གི་ལྟར་ན་སེམས་བདག་ཡིན་པ་དེའི་ལྟར་ན་མིག་ལ་སོགས་པའི་རྣམ་པར་ཤེས་པའི་དབྱེ་བས་སམ་སྐད་ཅིག་རེ་རེ་ལ། རྣམ་ཤེས་དུ་མ་སྐྱེ་བ་དང་འགག་པའི་དབྱེ་བས་མང་བའི་ཕྱིར་བདག་ཀྱང་མང་པོར་འགྱུར་རོ། །འདིར་འགྲེལ་པ་ལས། བདག་མང་པོར་ཐལ་བ་ཕྱོགས་སྔ་མ་གཉིས་ཀྱི་དང་པོ་ལ་འཕེན་པ་དང་། ཡང་ན་སྐྱོན་གཞན་ཡང་གཉིས་ཀ་ལ་འཕེན་པར་གསུངས་སོ། །འདི་ནི་མང་པོ་དང་ངོ་བོ་གཅིག་པར་འདོད་པ་ཙམ་ལ་འཕེན་དུ་མི་རུང་བས། བདག་དང་ཕུང་པོ་གཉིས་ཐ་དད་གཏན་མེད་གཅིག་ཏུ་འདོད་པ་ལ་འཕེན་པའོ། །དེ་ཡང་དང་པོ་ནས་གཞན་གྱིས་དེ་ལྟར་ཁས་མ་བླངས་པས། ངོ་བོ་གཅིག་པ་དང་ཐ་དད་ཙམ་ཡིན་པ་བརྫུན་པ་ལ་སྐྱོན་མེད་ཀྱང་། བདག་ཕུང་གཉིས་བདེན་པར་ཁས་ལེན་པ་ལ་ངོ་བོ་གཅིག་ན་དབྱེར་མེད་ཀྱི་གཅིག་ཏུ་ཕུལ་ནས། དེའི་འོག་ཏུ་བདག་མང་པོ་དང་ཕུང་པོ་ལྔ་གཅིག་ཏུ་ཐལ་བ་འཕང་ངོ་། །དེའི་ཚེ་འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་གཅིག་སྐྱེའོ་ཞེས་བྱ་བའི་ལུང་ལས་ན། ཕ་རོལ་པོས་བདག་མང་པོར་འདོད་པ་ཡང་མིན་ནོ། །བདག་ནི་རྫས་སུ་འགྱུར་ཞིང་སྟེ། གཟུགས་ལ་སོགས་པའི་རྫས་འདས་པ་ལ་སོགས་པའི་དབྱེ་བས། ཐ་དད་པར་འགྱུར་བ་རྣམས་ཁོ་ན་ལ་ཕུང་པོ་ཉིད་དུ་བརྗོད་པའི་ཕྱིར་དང་། དེ་རྣམས་ཁོ་ན་ལ་བདག་ཏུ་བསྙད་པའི་ཕྱིར་བདག་རྫས་སུ་ཡོད་པར་འགྱུར་ན། དགེ་སློང་དག་ལྔ་པོ་འདི་དག་ནི་མིང་ཙམ་ཐ་སྙད་ཙམ་བཏགས་པ་ཙམ་སྟེ། གང་འདི་ལྟ་སྟེ། འདས་པའི་དུས་


JLD016_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་འོངས་པའི་དུས་དང་། ནམ་མཁའ་དང་། མྱ་ངན་ལས་འདས་པ་དང་། གང་ཟག་གོ་ཞེས་བྱ་བ་དང་། དེ་བཞིན་དུ། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་བྱ་བ་འདི་ལས་ནི་ཕ་རོལ་པོས་བདག་རྫས་སུ་འདོད་པ་ཡང་མ་ཡིན་ནོ། །གཞན་ཡང་ཕུང་པོ་དེར་ལྟ་བའི་འཇིག་ཚོགས་ལ་ལྟ་བ་རྫས་ལ་འཇུག་པ་སྟེ་རྫས་སུ་གྲུབ་པའི་ཡུལ་ཅན་ཡིན་པས། སྔོན་པོ་དང་སེར་པོ་ལ་སོགས་པའི་ཤེས་པ་ལྟར་ཕྱིན་ཅི་ལོག་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་འཇིག་ལྟ་སྤོང་བ་ན་རིགས་འདྲ་རྒྱུན་མི་ཆད་དུ་མི་འབྱུང་བའི་ཚུལ་གྱིས་སྤངས་པ་མིན་པའམ། སྔོ་སེར་སོགས་ཙམ་ལ་དམིགས་པའི་ཤེས་པ་ལྟར་འཇིག་ལྟ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤངས་པ་ཁོ་ནས་སྤོང་བར་འགྱུར་རོ། །གཞན་ཡང་རང་གི་ཕུང་པོ་བདག་ཡིན་ན་ཁྱེད་ཀྱི་ལྟར་ན་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་ཚེ་ཕུང་པོ་ལྔ་ཆར་ཆད་པས། ངེས་པར་བདག་ཆད་པར་འགྱུར་རོ། །དེའི་ཕྱིར་མཐར་འཛིན་གྱི་ཆད་པའི་ལྟ་བར་འགྱུར་ཏེ། ཁྱེད་ཅག་གིས་གང་བདག་ཏུ་བཟུང་བ་དེ་ཉིད་ལ་རྟག་ཆད་དུ་འཛིན་པ་མཐར་འཛིན་གྱི་ལྟ་བར་འདོད་པའི་ཕྱིར་རོ། །མྱ་ངན་ལས་འདས་པར་ཞུགས་པའི་སྔོན་གྱི་སྐད་ཅིག་དག་ལ་ནི། ཕུང་པོ་སྐད་ཅིག་རེ་རེར་སྐྱེ་འཇིག་བྱེད་པ་ལྟར་བདག་ཀྱང་སྐད་ཅིག་རེ་རེར་ངོ་བོ་ཉིད་ཀྱིས་སོ་སོ་བའི་སྐྱེ་འཇིག་བྱེད་པར་འགྱུར་རོ། །དེའི་ཕྱིར་སྐྱེ་བ་དྲན་པ་ན་ཇི་ལྟར་ངའི་ལུས་འདི་སྔོན་བྱུང་བར་གྱུར་ཏོ། །ཞེས་བྱ་བར་མི་འཛིན་པ་དེ་བཞིན་དུ། དེའི་ཚེ་དེའི་དུས་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ། །ཞེས་བྱ་བ་འདི་ཡང་གསུང་


JLD016_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འགྱུར་ཏེ། དེའི་དུས་ཀྱི་བདག་ཀྱང་ལུས་ལྟར་ཞིག་པས། ད་ལྟ་མེད་པའི་ཕྱིར་དང་། ཚེ་འདིར་སྔར་གྱི་བདག་ལས་རང་བཞིན་གྱིས་ཐ་དད་པའི་བདག་གཞན་སྐྱེས་བར་ཁས་བླངས་པའི་ཕྱིར་རོ། །རྩ་ཤེ་ལས་ཀྱང་། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་དང་། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། ཞེས་གསུངས་སོ། །སྐད་ཅིག་སྔ་ཕྱི་བ་རྣམས་ངོ་བོ་ཉིད་ཀྱིས་གཞན་ཡིན་ན། དེའི་ཚེ་བྱེད་པ་པོའི་བདག་མེད་པས། ལས་ལ་ཡང་གནས་པའི་རྟེན་མེད་པའི་ཕྱིར་ལས་ཀྱང་མེད་པས། ལས་དེའི་འབྲས་བུ་དང་འབྲེལ་བ་མེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་སྐད་ཅིག་མ་སྔ་མས་བྱས་པའི་ལས་ཀྱི་འབྲས་བུ་སྐད་ཅིག་མ་ཕྱི་མ་རྣམས་སུ་ལོངས་སྤྱོད་པས་སྐྱོན་མེད་དོ་སྙམ་ན། དེའི་ཚེ་གཞན་གྱིས་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་ལོངས་སྤྱོད་པའི་ཕྱིར་རྒྱུད་གཞན་གྱིས་བསགས་པའི་འབྲས་བུ་ལ་གཞན་གྱིས་ཟ་བར་འགྱུར་རོ། །དེ་ལྟར་ན་ལས་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པར་འགྱུར་རོ། །རྩ་ཤེ་ལས་ཀྱང་། གལ་ཏེ་འདི་ནི་གཞན་འགྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དུ་ནི་གནས་འགྱུར་ཞིང་། །དེ་མ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང་། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང་། །དེ་ལ་སོགས་པར་ཐལ་བར་འགྱུར། །ཞེས་སྔ་ཕྱི་རང་བཞིན་གྱིས་གཞན་ཡིན་ན་སྔ་མ་ལ་ལྟོས་པ་མི་རུང་བས་སྔ་མ་དེ་མེད་པར་ཡང་འབྱུང་བ་དང་། སྔ་མའི་བདག་དེ་


JLD016_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་གནས་པས། དེར་མ་ཤི་བར་འདིར་སྐྱེ་བར་འགྱུར་བ་སོགས་གསུངས་སོ། །གཉིས་པ་ནི། གལ་ཏེ་སྐད་ཅིག་སྔ་ཕྱི་དག་གཞན་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྒྱུད་གཅིག་ཡིན་པས་སྐྱོན་མེད་དོ་ཞེ་ན། དེ་ཁོ་ན་ཉིད་དུ་རྒྱུན་ཅན་རྫས་ཐ་དད་པ་རྣམས་ལ་རྒྱུད་གཅིག་ཡོད་པས་སྐྱོན་མེད་ན། དེ་ཡང་མི་འཐད་དེ་རང་བཞིན་གྱིས་ཐ་དད་པ་རྣམས་ལ་རྒྱུད་གཅིག་ཡིན་པ་ལ། སྔར་རྣམ་པར་དཔྱད་པ་བྱས་པའི་ཚེ་ཉེས་པ་བཤད་ཟིན་ཏེ། བྱམས་པ་ཉེ་སྦས་ལ་བརྟེན་ཆོས་རྣམས་ནི། ཞེས་བྱ་བ་དེར་རོ། །རྩ་ཤེ་ལས་ཀྱང་། གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེའི་ཕྱིར་རང་བཞིན་གྱིས་ཐ་དད་པ་རྣམས་ལ་རྒྱུད་གཅིག་པ་ཉིད་མི་རིགས་པས། ལས་མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་ཟོས་པ་སོགས་ཀྱི་ཐལ་འགྱུར་ལྡོག་པ་མེད་དོ། །དེའི་ཕྱིར་རང་གི་ཕུང་པོ་རྣམས་དང་རང་གི་སེམས་རང་གི་བདག་ཉིད་དུ་འདོད་པ་མི་རིགས་སོ། །གཉིས་པ་ནི། ཇི་སྐད་བཤད་པའི་རིགས་པས་ཕུང་པོ་དང་སེམས་བདག་མིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་འཇིག་རྟེན་མཐའ་དང་ལྡན་པ་ཉིད་དང་། ལ་སོགས་པས་མཐའ་ཡས་མི་ལྡན་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་། འཇིག་རྟེན་རྟག་པ་དང་། མི་རྟག་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་བ་དང་། མི་འབྱུང་བ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་པ་བཅུ་གཉིས་དང་། ལུས་གང་ཡིན་པ་དེ་ཉིད་སྲོག་གོ་ཞེས་པ་དང་། ལུས་ཀྱང་གཞན་ལ་སྲོག་ཀྱང་གཞན་ནོ་ཞེས་བྱ་བར་ལྟ་བ་གཉིས་ཏེ་


JLD016_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་པོ་དེར་ལུང་བསྟན་དུ་མེད་པར་འདོད་པའི་ཕྱིར་ལུང་མ་བསྟན་གྱི་ལྟ་བར་སྡེ་པ་ཐམས་ཅད་ཀྱིས་འདོད་པའི་ཕྱིར་ཕུང་པོ་བདག་ཏུ་མི་རིགས་སོ། །གལ་ཏེ་འཇིག་རྟེན་གྱི་སྒྲས་ཕུང་པོ་རྣམས་འཛིན་ན། དེའི་ཚེ་ཕུང་པོ་རྣམས་སྐྱེ་འཇིག་བྱེད་པ་རང་གི་ལུགས་ཡིན་པའི་ཕྱིར། འཇིག་རྟེན་མི་རྟག་པར་ལུང་བསྟན་དགོས་པ་དང་། མྱ་ངན་ལས་འདས་པའི་འོག་རོལ་ཏུ་ཁྱེད་ལྟར་ན་ཕུང་པོ་རྣམས་མེད་པས་འཇིག་རྟེན་མཐའ་དང་ལྡན་པ་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་པ་མིན་ནོ་ཞེས་ལུང་བསྟན་དགོས་པར་ཡང་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་མཐའ་དང་ལྡན་པ་ལ་སོགས་པ་ལ་ལན་ལུང་སྟོན་པ་བཀག་པའི་ཕྱིར། ཕུང་པོ་རྣམས་བདག་གོ་ཞེས་མི་རིགས་སོ། །དེ་ལ་སྲོག་ནི་བདག་གི་རྣམ་གྲངས་སོ། །འཇིག་རྟེན་ནི་བདག་ལ་བརྩམས་ནས་འདྲི་བའོ། །དེ་ཡང་ནང་གི་བྱེད་པའི་སྐྱེས་བུ་ལ་བསམས་ནས་འདྲི་ན་ནི། ཁྱད་གཞི་མ་གྲུབ་པས་ཁྱད་པར་གྱི་ཆོས་ལུང་བསྟན་དུ་མེད་དོ། །བཏགས་པ་ཙམ་གྱི་བདག་གི་སྒོ་ནས་ལུང་བསྟན་ན་ནི། དེའི་ཚེ་འདྲི་བ་པོ་དེ་རྣམས་དེ་འདྲ་བའི་བདག་མེད་རྟོགས་པའི་སྐལ་བ་དང་མི་ལྡན་པས་དེ་ཡང་ལུང་བསྟན་དུ་མེད་དོ། །གསུམ་པ་ནི། སྐྱོན་གཞན་ཡང་ཡོད་དེ། གལ་ཏེ་ཁྱོད་ཀྱི་ལྟར་ན། རྣལ་འབྱོར་པས་བདག་མེད་པ་མངོན་སུམ་དུ་མཐོང་བའི་དུས་སུ། ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བདག་མེད་པའི་རྣམ་པར་སྡུག་བསྔལ་གྱི་བདེན་པ་མཐོང་བ་དེའི་ཚེ། ངེས་པར་ཕུང་པོའི་དངོས་པོ་རྣམས་མེད་པར་མཐོང་བར་འགྱུར་བས་བདག་མེད་པ་མཐོང་བར་འགྱུར་ཏེ། ཕུང་པོ་དང་སེམས་བདག་ཡིན་པའི་ཕྱིར་རོ། །དེ་ལྟར་འདོད་པ་


JLD016_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་པས་དེའི་ཕྱིར་ཕུང་པོ་རྣམས་བདག་མ་ཡིན་ནོ། །འོ་ན་ཕུང་པོ་བདག་ཏུ་མི་འདོད་པའི་ལུགས་ལ་ཡང་། གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་བའི་ཚེ། བདག་གི་མཚན་གཞིར་འཇོག་པའི་གང་ཟག་ཐམས་ཅད་མེད་པར་མཐོང་དགོས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ་ཞེ་ན། འདི་ལ་རིགས་པ་ཕྲ་མོ་མ་རྟོགས་ན་ལན་མི་ཐེབས་པས་བཤད་པར་བྱ་སྟེ། ཕ་རོལ་པོས་ཕུང་པོ་དང་སེམས་བདག་ཏུ་འདོད་པ་ནི་བདག་དང་གང་ཟག་རྣམས་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་དུ་མ་རྟོགས་པར་བཏགས་དོན་བཙལ་ནས་བཞག་པ་ཡིན་ལ། དེ་ལྟར་ན་ཕུང་པོ་དང་སེམས་བདག་ཡིན་པ་དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་བདག་ཏུ་འགྱུར་ལ། བདག་མེད་པར་མངོན་སུམ་དུ་མཐོང་བའི་ཚེ་བདག་དེ་རྣམ་པ་ཐམས་ཅད་དུ་མེད་པར་རྟོགས་དགོས་པས། ཕ་རོལ་པོ་ལ་ཕུང་པོ་དང་སེམས་ཀྱི་དངོས་པོ་བདག་ཡིན་པ་དེ་ཐམས་ཅད་མེད་པར་མཐོང་དགོས་པའི་སྐྱོན་འཇུག་ལ། མིང་དུ་བཏགས་པ་ཙམ་གྱིས་འཇོག་གི །བཏགས་དོན་བཙལ་ནས་འཇོག་པར་མི་འདོད་པའི་ལུགས་ལ་སྐྱོན་དེ་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་རོ། །ཅི་སྟེ་གང་གི་ཚེ་ལས་དང་འབྲས་བུ་འབྲེལ་བའི་དུས་སུ་བདག་གི་སྒྲ་སྦྱོར་བ་དེའི་ཚེ། ཕུང་པོ་ལས་དོན་གཞན་པའི་བདག་མི་སྲིད་པའི་ཕྱིར། ཕུང་པོ་རྣམས་ཁོ་ན་ལ་འཇུག་ལ། གང་གི་ཚེ་བདག་མེད་པར་མཐོང་བ་དེའི་ཚེ་ནི་མུ་སྟེགས་བྱེད་གཞན་གྱིས་ཀུན་བཏགས་པ་ནང་གི་བྱེད་པའི་སྐྱེས་བུ་ཉིད་ལ་འཇུག་སྟེ། དེའི་ཕྱིར་བདག་མེད་པར་མཐོང་བའི་དུས་སུ་ཡང་ནང་གི་བྱེད་པའི་སྐྱེས་བུ་དང་བྲལ་བ་འདུ་བྱེད་ཙམ་མཐོང་བ་ཡིན་ལ། དེ་ལ་ནི་ཕུང་སོགས་ཀྱི་


JLD016_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རྣམས་མི་མཐོང་བར་འགྱུར་བའི་སྐྱོན་མེད་དོ་སྙམ་ན། གལ་ཏེ་བདག་མེད་མཐོང་བའི་དུས་སུ་རྟག་པའི་བདག་ནང་གི་བྱེད་པའི་སྐྱེས་བུ་སྤོང་བ་སྟེ་མེད་པར་མཐོང་བ་ཡིན་ན་ནི། དེ་ལྟར་འདོད་པ་དེའི་ཚེ་སྐབས་གཞན་དུ་བདག་གི་སྒྲའི་དོན་གཞན་ལ་དྲང་དུ་མི་རུང་བ་དེའི་ཕྱིར། ཁྱོད་ཀྱི་ཕུང་པོ་དང་སེམས་བདག་ཏུ་མི་འརྒྱུར་ལ། དེ་ལྟ་ན་ནི་རང་ཕྱོགས་ཉམས་པར་འགྱུར་རོ། །ཅི་སྟེ་ལས་འབྲས་ཀྱི་འབྲེལ་བའི་སྐབས་དེ་ལྟ་བུའི་ཡུལ་ལ་ནི། མུ་སྟེགས་ཀྱི་བདག་གི་སྒྲ་འདི་འཇུག་པར་མི་འདོད་དེ། དེའི་ཕྱིར་རང་གི་ཕྱོགས་ཉམས་པའི་སྐྱོན་མེད་དོ་སྙམ་ན། དེ་ཡང་མི་རིགས་ཏེ། འདིར་ནི་ནང་གི་བྱེད་པའི་སྐྱེས་བུ་བདག་ཡིན་ལ། གཞན་དུ་ལས་འབྲས་ཀྱི་སྐབས་སུ་ནི་ཕུང་པོ་རྣམས་ཡིན་ནོ་ཞེས་འདོད་དགུར་སྤྱོད་པ་ལ་རིགས་པ་མེད་པའི་ཕྱིར་རོ། །གལ་ཏེ་ལས་འབྲས་ཀྱི་སྐབས་སུ་ནང་གི་བྱེད་པའི་སྐྱེས་བུ་ལས་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོར་མི་སྲིད་པའི་ཕྱིར་རོ་སྙམ་ན། ཕུང་པོ་རྣམས་ལ་ཡང་བདག་གི་སྒྲ་འདི་འཇུག་པ་མེད་དེ་ཞེས་སྔར་བཤད་ཟིན་ཏོ། །དེའི་ཕྱིར་གལ་ཏེ་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་འདིར་བདག་གི་སྒྲ་ཕུང་པོ་རྣམས་ལ་འཇུག་པར་མི་འདོད་ན། གཞན་ལས་འབྲས་ཀྱི་སྐབས་སུ་ཡང་མི་འདོད་པར་བྱ་དགོས་སོ། །ཅི་སྟེ་ལས་འབྲས་ཀྱི་སྐབས་སུ་བདག་གི་སྒྲ་ཕུང་པོ་ལ་འཇུག་པར་འདོད་ན་ནི། ཆོས་ཐམས་ཅད་བདག་མེད་དོ་ཞེས་པ་འདིར་ཡང་བདག་གི་སྒྲ་ཕུང་པོ་ལ་འདོད་པར་བྱ་དགོས་སོ། །སྐྱོན་གཞན་ཡང་ཡོད་དེ། ཁྱོད་ཀྱི་ལྟར་ན་རྣལ་འབྱོར་པས་བདག་མེད་པ་མངོན་སུམ་དུ་མཐོང་བ་ཡིས།


JLD016_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ཏེ། དེས་དེའི་ཚེ་མུ་སྟེགས་ཀྱིས་ཀུན་བཏགས་པའི་རྟག་པའི་བདག་ཙམ་ཞིག་མེད་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་གཟུགས་ལ་སོགས་པ་ལ་བདེན་པར་དམིགས་ནས་འཇུག་པའི་ཕྱིར། གཟུགས་སོགས་ཀྱི་ཡུལ་ཅན་གྱི་འདོད་ཆགས་སོགས་ད་དུང་ཡང་སྐྱེ་བར་འགྱུར་ཏེ། གཟུགས་ལ་སོགས་པ་དེ་ཡི་ངོ་བོ་སྟེ་ཡིན་ལུགས་རྟོགས་པ་མེད་པའི་ཕྱིར་རོ། །དཔེར་ན་མེ་ཏོག་གི་ཟེའུ་འབྲུལ་ཁུ་བྱུག་ཡོད་ཅེས་པ་ཙམ་གྱིས་ཟེའུ་འབྲུའི་མངར་པོ་ཉིད་རང་གིས་མ་མྱོངས་པར། དེའི་མངར་པོ་དམིགས་པ་མ་ཡིན་པ་དེ་བཞིན་དུ་རྣལ་འབྱོར་པས་ཕུང་པོའི་ཆོས་རྣམས་རྟག་པའི་བདག་དང་བྲལ་བར་མཐོང་བ་ཙམ་ཡོད་དུ་ཆུག་ཀྱང་། གཟུགས་སོགས་དེའི་རང་བཞིན་སྔར་མ་ཤེས་པ་ཕྱིས་རྟོགས་པ་ཅི་ཡང་མི་དམིགས་སོ། །ཡང་ཟེའུ་འབྲུ་ལ་ཁུ་བྱུག་མེད་པ་ཙམ་གྱིས་ཟེའུ་འབྲུའི་རོ་མངར་པོ་མྱངས་བཞིན་དུ་རོ་དེ་མ་དམིགས་པ་མ་ཡིན་ཞིང་། དེར་གཏོགས་པའི་མངོན་ཞེན་སྤོང་མི་ནུས་པ་བཞིན་དུ། གཟུགས་སོགས་ཀྱི་རང་གི་ངོ་བོ་བདེན་པར་དམིགས་པས་རྟག་པའི་བདག་མེད་པར་མཐོང་བ་ལ། གཟུགས་སོགས་ལ་དམིགས་པའི་ཆགས་སོགས་སྤོང་བའི་རྒྱུ་ཅི་ཞིག་འབྱུང་བར་འགྱུར་ཏེ་མི་འགྱུར་རོ། །རྟག་པའི་བདག་མེད་པར་མཐོང་བས་གཟུགས་སོགས་ཀྱི་ཡུལ་ཅན་གྱི་ཆགས་སོགས་སྤོང་བར་འགྱུར་བ། གང་ཟག་སུ་ཡང་ནང་གི་བྱེད་པའི་སྐྱེས་བུ་བདེན་སྙམ་ནས་བདེ་བ་མྱོང་འགྱུར་གྱི་ཡུལ་སྟེན་པར་མི་བྱེད་ལ། ནང་རྟག་བདེ་སྡུག་བསྔལ་བར་དོགས་ནས་མི་འདོད་པའི་ཡུལ་དང་ཕྲད་པ་སྤོང་བར་ཡང་མི་བྱེད་དོ། །དེའི་ཕྱིར་ཆགས་སོགས་


JLD016_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བའི་རྒྱུ་མེད་པས་འཁོར་བ་ལས་མི་གྲོལ་ཏེ། ཕྱི་རོལ་པ་བཞིན་ནོ་སྙམ་པའོ། །བཞི་པ་ལ་ལྔ། བདག་ཏུ་གང་ལྟ་བ་ཐམས་ཅད་ཕུང་པོ་ཁོ་ན་ལ་ལྟ་པར་གསུངས་པའི་དོན་བཤད་པ། མདོ་གཞན་ལ་བརྟེན་ནས་ཕུང་པོ་ཚོགས་ཙམ་བདག་མིན་པར་བཤད་པ། ཕུང་པོ་ཚོགས་པ་ཙམ་གྱི་དབྱིབས་ཀྱི་བཀོད་པ་བདག་ཡིན་པ་དགག་པ། ཕུང་པོ་ཚོགས་ཙམ་བདག་ཏུ་འདོད་པ་ལ་གནོད་བྱེད་གཞན་བསྟན་པ། ཐུབ་པས་བདག་དེ་ཁམས་དྲུག་ལ་སོགས་པ་ལ་བརྟེན་ནས་བཏགས་པར་གསུངས་པའོ། །དང་པོ་ལ་གསུམ། ལུང་གི་དགོངས་པ་དགག་བྱ་གཅོད་པའི་དགག་ཕྱོགས་ནས་ཡིན་པར་བསྟན་པ། སྒྲུབ་ཕྱོགས་ནས་ཡིན་དུ་ཆུག་ཀྱང་ཕུང་པོ་བདག་ཏུ་སྟོན་པ་མིན་པ། དེ་དག་ལ་གཞན་གྱི་རྩོད་པ་སྤང་བའོ། །དང་པོ་ནི། ཅི་སྟེ་ཁོ་བོ་ཅག་ལུང་ཚད་མར་བྱེད་པ་ལ་རྟོག་གེའི་ཚད་མས་གནོད་པ་མ་ཡིན་ལ། ལུང་གིས་ཀྱང་ཕུང་པོ་ཁོ་ན་བདག་ཏུ་སྟོན་པར་བྱེད་དེ། གང་གི་ཕྱིར་སྟོན་པས་དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ། །ཞེས་གསུངས་པས་ཕུང་པོ་བདག་གོ་ཞེས་གསུངས་པ་དེའི་ཕྱིར་ཕུང་པོ་བདག་ཏུ་འདོད་ན། མདོ་དེ་ན་ཕུང་པོ་རྣམས་བདག་ཏུ་སྟོན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྟོན་པའི་དགོངས་པ་ནི་ཕུང་པོ་ལས་ངོ་བོ་གཞན་པའི་བདག་བདག་ཏུ་ལྟ་བའི་དམིགས་པར་འདོད་པ་ནི། ཁོ་ན་ལ་ཞེས་པའི་ངེས་བཟུང་གིས་འགོག་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་མུ་སྟེགས་ཀྱི་གཞུང་དགག་པའི་ཕྱིར་དང་། ཀུན་རྫོབ་


JLD016_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདེན་པར་ཡོད་པའི་བདག་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་རོ། །ཡང་འདི་ཕུང་པོ་རྣམས་ལས་ངོ་བོ་ཐ་དད་པའི་བདག་འགོག་པ་ཡིན་པར་གང་ལས་ཤེས་ཤེ་ན། མདོ་གཞན་ལས་གཟུགས་བདག་མིན་ནོ་ཞེས་སོགས་ཀྱིས་གཟུགས་སོགས་རྣམས་བདག་ཡིན་པ་བཀག་པར་གསུངས་པའི་ཕྱིར་རོ། །མདོ་གཞན་ལས་བཀག་པ་དེ་ཇི་ལྟར་ཡིན་ཞེ་ན། གང་གི་ཕྱིར་གཟུགས་དང་ཚོར་བ་བདག་མིན་པ་དང་། འདུ་ཤེས་ཀྱང་བདག་མ་ཡིན་པ་དང་། འདུ་བྱེད་རྣམས་ཀྱང་བདག་མིན་པ་དང་། རྣམ་ཤེས་ཀྱང་བདག་མིན་པར་མདོ་གཞན་ལས་གསུངས་པ་དེ་ཡི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟའོ་ཞེས་མདོར་བསྟན་པ་འདི་ལས་ནི། ཕུང་པོ་རྣམས་བདག་གོ་ཞེས་བཞེད་པ་མ་ཡིན་གྱི། ཕུང་པོ་རྣམས་ལས་ངོ་བོ་ཐ་དད་པའི་བདག་འདོད་པ་ཁོ་ནའི་ཚིག་གིས་བཀག་པ་ཁོ་ནར་ངེས་སོ། །གལ་ཏེ་མདོ་དེས་ཁོ་ན་ལ་ལྟ་ཞེས་པས་བདག་དོན་གཞན་བཀག་མོད་ཀྱང་། ཕུང་པོ་འདི་ཁོ་ན་ལ་ལྟའོ་ཞེས་ཕུང་པོ་ལྔ་ལ་ལྟ་བར་གསུངས་པས། ཕུང་པོ་རྣམས་བདག་ལྟའི་དམིགས་པར་གསལ་བར་སྟོན་པས། མདོའི་དགོངས་པ་ཕུང་པོ་བདག་ལྟའི་དམིགས་པ་ཡིན་ནོ་སྙམ་ན། དེ་ལྟ་ཡིན་ན་མདོ་གཞན་ལས་ཕུང་པོ་ལྔ་བདག་མ་ཡིན་པར་གསུངས་པ་དང་འགལ་བར་འགྱུར་ཏེ། འཇིག་ལྟ་ལྷན་སྐྱེས་ངར་འཛིན་གྱི་དམིགས་རྣམ་གཉིས་ཀྱི་ནང་ནས་དམིགས་པ་ཡིན་ན་བདག་ཡིན་དགོས་པའི་ཕྱིར་རོ། །དེ་ལྟར་གསུངས་པའི་མདོ་ཕྱི་མའི་དོན་ལ་གནོད་པ་མེད་ལ། བཟློག་དོན་ལ་གནོད་པ་སྔར་མང་དུ་བཤད་ཅིང་། ད་དུང་ཡང་འཆད་པར་འགྱུར་བའི་ཕྱིར། མདོ་སྔ་མས་


JLD016_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་རྣམས་འཇིག་ལྟའི་དམིགས་པར་སྟོན་པ་མིན་ནོ། །དེའི་ཕྱིར་ཕུང་པོ་ལ་ལྟའོ་ཞེས་པས་ནི་ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་དམིགས་པར་སྟོན་པར་གསལ་ཏེ། ཕུང་པོ་ལས་ངོ་བོ་ཐ་དད་པ་དང་ཕུང་པོ་ཉིད་བདག་ཏུ་འཛིན་པའི་དམིགས་པ་ཡིན་པ་ཁེགས་པའི་ཕྱིར་རོ། །མདོ་གང་ལས་གཟུགས་སོགས་རྣམས་ཀྱང་བདག་ཡིན་པ་བཀག་པ་དེ་ལས་ནི། བརྟེན་ནས་བཏགས་པའི་བདག་འཇིག་ལྟའི་དམིགས་པ་འདིས་ཕུང་པོ་ལེན་པའི་ཕུང་བའི་ཉེ་བར་ལེན་པ་ཅན་རང་བཞིན་གྱིས་གྲུབ་པ་དཀག་པར་རིག་པར་བྱ་སྟེ། གཟུགས་སོགས་བདག་མིན་པར་གསུངས་བ་དེ་ནི་དེ་ཁོ་ན་ཉིད་ལ་སེམས་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ལྟར་ཉེ་བར་ལེན་པ་པོ་རང་བཞིན་གྱིས་གྲུབ་པ་མ་དམིགས་ན། བདག་དེའི་ཉེ་བར་བླང་བར་བྱ་བ་ཕུང་པོ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །ཞེས་གཟུགས་སོགས་ལ་ཡང་བདེན་པར་ཞེན་པའི་འདོད་ཆགས་དང་བྲལ་བ་འཐད་པ་ཉིད་དོ། །མདོ་སྡེ་ཕན་ཚུན་གྱི་གུང་ལེགས་པར་བསྒྲིགས་ནས་ཕུང་པོ་ལས་ངོ་བོ་ཐ་དད་པ་དང་། ཕུང་པོ་རྣམས་བདག་འཛིན་གྱི་དམིགས་པ་ཡིན་པ་བཀག་ནས། བདག་ཕུང་པོ་ལ་བརྟེན་ནས་བཏགས་པ་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་གྱི་གང་ཟག་གི་བདག་མེད་ཀྱི་འཇོག་ཚུལ་ཐུན་མོང་མ་ཡིན་པ། རང་གི་སྡེ་པ་གོང་འོག་གི་མཁས་པ་མདོའི་དགོངས་པ་འགྲེལ་བ་དུ་མས་ལེགས་པར་འབད་ཀྱང་གསལ་བར་འཐོན་པའི་མདོའི་དགོངས་པ། ལུང་རིགས་ཕྱིན་ཅི་མ་ལོག་པའི་ལམ་ནས་བཏོན་པ་དང་། དེ་ལ་བརྟེན་ནས་ཆོས་གཞན་རྣམས་ཀྱང་དེ་དང་འཇོག་ཚུལ་ཁྱད་མེད་པའི་ཆོས་ཀྱི་


JLD016_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་གསལ་བར་བསྟན་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤིན་ཏུ་ཕྲ་བའི་གནས་རྣམས་རྗེན་ཆེར་དུ་སྟོན་པའི་མཁས་པའི་དབང་པོའི་བཞེད་པ་ཐུན་མོང་མ་ཡིན་པ་འདི་རྣམས་ལེགས་པར་ཤེས་པ་ལ་འབད་པར་གྱིས་ཤིག །གཉིས་པ་ནི། གལ་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ལྟའོ་ཞེས་པ་འདི་ནི། སྒྲུབ་ཕྱོགས་ཀྱི་སྒོ་ནས་ཕུང་པོ་བདག་ཏུ་སྟོན་པ་ཡིན་ཀྱང་། ཕུང་པོ་རེ་རེ་ནས་བདག་ཏུ་སྟོན་པ་མིན་ནོ། །འོ་ན་ཅི་ཞེ་ན། འདི་ལྟར་ཕུང་པོ་བདག་གོ་ཞེས་བརྗོད་པའི་ཚེ། ཕུང་པོ་རྣམས་ཀྱི་ཚོགས་པ་བདག་ཏུ་བརྗོད་པ་ཡིན་གྱི། ཕུང་པོ་རྣམས་ཀྱི་ངོ་བོ་སྟེ་རེ་རེ་བ་བདག་ཏུ་སྟོན་པ་མིན་ཏེ། དཔེར་ན་ཤིང་རྣམས་ནི་ནགས་ཚལ་ལོ་ཞེས་བརྗོད་པ་ན། ཤིང་གི་ཚོགས་པ་ནགས་ཚལ་ཡིན་གྱི། ཤིང་རེ་རེ་བ་ནགས་སུ་འགྱུར་བས་ཤིང་གི་ངོ་བོ་རེ་རེ་བ་ནགས་སུ་བརྗོད་པ་མིན་པ་བཞིན་ནོ། །ཞེས་གཞན་ལ་གྲུབ་པ་དཔེར་བརྗོད་པའོ། །གལ་ཏེ་ཚོགས་པ་བདག་ཡིན་པ་འདོད་དོ་ཞེ་ན། དེ་ལྟ་ན་བདག་ནི་མགོན་དང་འདུལ་བའམ་དབང་པོ་ཉིད་དུ་གསུངས་ལ། ཁྱེད་ལྟར་ན་ཚོགས་པ་རྐྱང་པ་དེ་མགོན་མིན་ཞིང་། འདུལ་བའམ་དབང་པོ་ཉིད་ཀྱང་མིན་ཏེ། ཚོགས་པ་ཙམ་དེ་ནི་རྫས་སུ་མེད་པའི་ཕྱིར་ན། །བདག་དེ་ཕུང་པོའི་ཚོགས་པ་ཙམ་མ་ཡིན་ནོ། །བདག་མགོན་ལ་སོགས་པར་གསུངས་ཚུལ་ནི། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་ཏེ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ལེགས་དང་ངན་པ་བྱས་པ་ལ། །བདག་ཉིད་བདག་གི་དབང་པོ་ཡིན། །ཞེས་བྱ་བ་དེ་ལས་མགོན་ཉིད་དང་། དབང་པོ་ཉིད་དུ་གསུངས་ལ། བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་ནི།


JLD016_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་སྟེ་ཚོགས་པ་ནི་ཚོགས་པ་ཅན་ལས་ངོ་བོ་ཐ་དད་དུ་མེད་པའི་ཕྱིར་རོ། །འབྲས་བུ་སྟེ་མགོན་བྱེད་པ་སོགས་ནི་ཚོགས་པ་ཅན་རྣམས་ཀྱི་ཡིན་པར་རྟོགས་པར་འགྱུར་བས། མགོན་དང་འདུལ་བ་དང་དབང་པོ་ཉིད་རིགས་པར་འགྱུར་རོ་སྙམ་ན། བདག་གི་སྒྲ་རེས་འགའ་ཕུང་པོ་ཚོགས་པ་ལ་བྱེད་ལ། རེས་འགའ་ཚོགས་པ་ཅན་ཕུང་པོ་རྣམས་ལ་ཉེ་བར་སྦྱོར་བ་འདི་ལ། སྔར་དེ་ལྟར་འདོད་དགུར་བདག་གི་སྒྲ་སོ་སོ་ལ་སྦྱོར་བ་མི་འཐོབ་བོ་ཞེས་ཉེས་པ་བཤད་ཟིན་པའི་ཕྱིར་རོ། །སྐྱོན་གཞན་ཡང་ཡོད་དེ། ཕུང་པོའི་ཚོགས་པ་བདག་ཏུ་འདོད་པ་དེའི་ཚེ་ཤིང་རྟ་དེ་ཡི་ཡན་ལག་གི་ཚོགས་པ་ཕྱོགས་གཅིག་ཏུ་གནས་པ་རྣམས་ཤིང་རྟ་ཉིད་དུ་འགྱུར་བའི་སྐྱོན་ཡོད་དེ། ཤིང་རྟ་དང་བདག་གཉིས་རང་གི་ཡན་ལག་ཚོགས་པ་ལ་འཇོག་མི་འཇོག་མཚུངས་པའི་ཕྱིར་རོ། །མཚུངས་པར་བསྟན་པ་ཡང་མདོ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟ་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། སྔར་བཤད་པ་དེ་ལྟར་ན་མདོ་ལས་ཕུང་པོ་ཚོགས་པ་ལ་བརྟེན་ནས་སེམས་ཅན་དུ་གདགས་པ་ཡིན་ནོ་ཞེས་གསུངས་པ་དེ་ཡི་ཕྱིར་ཕུང་པོ་འདུས་པ་སྟེ་ཚོགས་པ་ཙམ་བདག་མ་ཡིན་ནོ། །དེ་ཉིད་སྒྲུབ་པའི་ངག་གིས་གསལ་བར་བྱེད་པ་ནི། གང་ཞིག་ལ་བརྟེན་ནས་གང་བརྟགས་པ་དེ་ནི་བཏགས་པ་ཉེ་བར་ལེན་པའི་ཡན་ལག་ཚོགས་པ་ཙམ་མ་ཡིན་ཏེ། བརྟེན་ནས་བཏགས་པའི་ཕྱིར་འབྱུང་བ་ལས་གྱུར་པ་བཞིན་


JLD016_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཇི་ལྟར་འབྱུང་བ་དག་རྒྱུར་བྱས་ནས། འབྱུང་བ་ལས་གྱུར་པ་སྔོན་པོ་ལ་སོགས་པ་དང་། མིག་ལ་སོགས་པ་བཏགས་མོད་ཀྱི་དེ་གཉིས་འབྱུང་བ་འདུས་པ་ཙམ་ཉིད་ནི་མ་ཡིན་ནོ། །དེ་བཞིན་དུ་བདག་ཕུང་པོ་རྒྱུར་བྱས་ནས་བཏགས་པའི་རང་བཞིན་ཅན་ཡང་། ཕུང་པོ་ཚོགས་པ་ཙམ་ཡིན་པར་མི་རུང་ངོ་ཞེས་པའོ། །གལ་ཏེ་མདོ་ལས་ཕུང་པོ་ཚོགས་པ་ལ་བརྟེན་ནས་ཞེས་གསུངས་ན། ཚོགས་པ་གང་ཟག་ཏུ་མི་རུང་ཡང་། དེ་བཞིན་ཕུང་པོ་རྣམས་བརྟེན་ནས། ཞེས་པ་ཙམ་ལས་མེད་པས་ཕུང་པོ་ཚོགས་པ་གང་ཟག་གི་རྟེན་དུ་འཇོག་པའི་ཁུངས་མིན་ནོ་སྙམ་ན། དེ་ནི་མ་ཡིན་ཏེ་དཔེའི་སྐབས་སུ། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། ཞེས་ཡན་ལག་ཚོགས་པ་ལ་བརྟེན་ནས་ཤིང་རྟར་བཤད་ལ། དེའི་ཕྱིར་ཤིང་རྟ་དང་དཔེ་དོན་དུ་སྒྲིག་པ་ན། དེ་བཞིན་ཕུང་པོ་རྣམས་བརྟེན་ནས། ཞེས་པའི་སྐབས་སུ་ཚོགས་པ་དངོས་སུ་མ་བརྗོད་ཀྱང་དེ་འདོན་དགོས་པར་ཤིན་ཏུ་གསལ་བས་མཁས་པའི་དབང་པོས། མདོའི་ཚིག་ཟུར་རེའི་ནུས་པ་འདོན་ལུགས་ཡིན་པས་ཞིབ་པར་གོ་ན་བློ་ལ་དགའ་བ་སྐྱེད་པའོ། །བུམ་པ་ལ་སོགས་པ་རྣམས་ཀྱིས་མ་ངེས་པ་ཉིད་དོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། བུམ་པ་ལ་སོགས་པ་རྣམས་ཀྱང་གཟུགས་ལ་སོགས་པ་ཚོགས་པ་ཙམ་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་དང་། དེར་ཡང་བདག་དང་འདྲ་བར་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །འདིས་ནི་བདག་རང་གི་ཆ་ཤས་རྣམས་ཚོགས་པ་ལ་གཞག་ཏུ་མི་རུང་བ་བཞིན་དུ། བུམ་པ་ལ་སོགས་པ་ཡང་རང་གི་ཡན་ལག་ཚོགས་པ་ཙམ་ལ་འཇོག་ཏུ་མི་རུང་བ་གཉིས་འདྲ་བར་བསྟན་ནོ། །གསུམ་པ་ནི། ཅི་སྟེ་འཕང་ལོ་ལ་སོགས་པ་ཚོགས་པ་ཙམ་ནི་ཤིང་རྟ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། གང་གི་ཚེ་འཕང་ལོ་ལ་


JLD016_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཚོགས་པ་ན་ཤིང་རྟའི་དབྱིབས་ཁྱད་པར་ཅན་དང་ལྡན་པར་གྱུར་པ་དེའི་ཚེ་ཤིང་རྟའི་མིང་རྙེད་པར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་གྱི་རྒྱུད་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་དབྱིབས་ཀྱི་བཀོད་པ་ཙམ་བདག་ཡིན་ནོ་ཞེ་ན། དབྱིབས་དེ་ནི་གཟུགས་ཅན་ཁོ་ན་ལ་ཡོད་པའི་ཕྱིར། ཁྱོད་ལ་སྟེ་ལྟར་ན་གཟུགས་ཅན་དེ་དག་ཉིད་དེ་ཁོ་ན་བདག་ཅེས་བྱ་པར་འགྱུར་གྱི། སེམས་དང་སོགས་པས་སེམས་བྱུང་གི་ཚོགས་ལ་ནི། བདག་ཉིད་དུ་འཇོག་པར་འགྱུར་བ་མིན་པར་འགྱུར་ཏེ། གང་གི་ཕྱིར་ན་སེམས་དང་སེམས་བྱུང་དེ་དག་ལ་དབྱིབས་ཡོད་པ་མ་ཡིན་པའི་ཕྱིར་ཏེ། གཟུགས་ཅན་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་སོ། །བཞི་པ་ནི། སྐྱོན་གཞན་ཡང་ཡོད་དེ་འདིས་ཉེ་བར་ལེན་པར་བྱེད་པས་ན། ཉེ་བར་ལེན་པ་པོ་རང་སྟེ་བྱེད་པ་པོ་བདག་དང་། འདི་ཉེ་བར་བླང་བར་བྱ་བས་ན་ཉེ་བར་ལེན་པ་སྟེ་ལས་སུ་བྱ་བ་ཕུང་པོ་ལྔའོ། །དེ་གཉིས་གཅིག་པའི་དངོས་པར་རིགས་པ་མིན་པ་ནི་ཚོགས་པ་ཙམ་བདག་ཏུ་འཇོག་པར་མི་རིགས་པའོ། །གལ་ཏེ་གཟུགས་སོགས་ཀྱི་ཕུང་པོ་ཚོགས་ཙམ་བདག་ཡིན་པ་དེ་ལྟ་ན་ནི་ལས་དང་བྱེད་པ་པོ་རྣམས་གཅིག་ཉིད་དུ་འགྱུར་ལ། འདི་ནི་འདོད་པ་ཡང་མ་ཡིན་ཏེ། འབྱུང་བ་དང་འབྱུང་འགྱུར་གྱི་གཟུགས་གཉིས་དང་། བུམ་པ་དང་རྫ་མཁན་ཀྱང་གཅིག་ཉིད་དུ་འགྱུར་བའི་ཕྱིར་རོ། །རྩ་ཤེ་ལས་ཀྱང་། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་དང་། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླང་བའི་རིམ་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་གསུངས་སོ། །འདིར་མེ་དང་བུད་ཤིང་དག་


JLD016_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཉིད་དུ་མི་འདོད་པ་དེ་བཞིན་དུ། བདག་དང་ཉེ་བར་ལེན་པ་དག་ལ་ཡང་མི་འདོད་པར་བྱ་དགོས་ཏེ། དེ་གཉིས་མཚུངས་པར་གསུངས་པའི་ཕྱིར་རོ། །ཅི་སྟེ་བྱེད་པ་པོ་ཉིད་དུ་འགྱུར་བ་ཕུང་པོ་ཚོགས་པ་ཉེ་བར་ལེན་པ་པོ་ནི་འགའ་ཡང་མེད་དེ། བྱེད་པ་པོ་འདི་ནི་ཉེ་བར་ལེན་པ་ལས་སུ་བྱ་བ་ཕུང་པོ་འདུས་པ་ཙམ་ཞིག་ཡོད་དོ་སྙམ་དུ་བློ་ལ་སེམས་པ་ཡིན་ན། དེ་ནི་དེ་ལྟར་མ་ཡིན་ཏེ། གང་གི་ཕྱིར་ན་བྱེད་པ་པོ་མེད་ན་རྒྱུ་མེད་པའི་ལས་ཀྱང་མེད་པའི་ཕྱིར་རོ། །རྩ་ཤེ་ལས་ཀྱང་། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་གསུངས་ཏེ། ལས་དང་བྱེད་པ་པོ་རང་བཞིན་གྱིས་གྲུབ་པ་བཀག་པའི་རིགས་པས་ཉེ་བར་བླང་བ་དང་ལེན་པ་པོ་ཡང་རང་བཞིན་གྱིས་གྲུབ་པ་བཀག་པ་ཡང་ཤེས་པར་བྱའོ། །དངོས་པོ་ལྷག་མ་ནི་ཚིག་གསལ་ལས། བསྐྱེད་བྱ་སྐྱེད་བྱེད་དང་འགྲོ་བ་དང་འགྲོ་བ་པོ་དང་། བལྟ་བྱ་ལྟ་བྱེད་དང་། མཚན་ཉིད་དང་མཚན་གཞི་དང་། འབྱུང་བར་བྱ་བ་དང་། འབྱུང་བར་བྱེད་པ་དང་། ཡན་ལག་དང་ཡན་ལག་ཅན་དང་། ཡོན་ཏན་དང་ཡོན་ཏན་ཅན་དང་། ཚད་མ་དང་གཞལ་བྱ་ལ་སོགས་པའི་དངོས་པོ་མ་ལུས་པ་ངོ་བོ་ཉིད་ཀྱིས་གྲུབ་པ་བཀག་སྟེ། ཕན་ཚུན་ལྟོས་པའི་གྲུབ་པ་ཉིད་ཡིན་པར་ཤེས་རབ་ཅན་གྱིས་ཤེས་པར་བྱའོ། །ཞེས་གསུངས་པས་བྱ་བྱེད་སྤྱི་དང་། ཁྱད་པར་དུ་ཚད་མ་དང་གཞལ་བྱའི་བྱ་བྱེད་རྣམས་ངོ་བོ་ཉིད་ཀྱིས་མ་གྲུབ་ཅིང་། ལྟོས་འགྲུབ་ཀྱི་ཚུལ་གྱིས་ཁས་ལེན་པ་ཡིན་ཏེ། ལྟོས་འགྲུབ་འདི་ལ་གཉིས་ཀ་ཕན་ཚུན་ལྟོས་པའི་ཐུན་མོང་མ་ཡིན་པའི་འཇོག་ལུགས་ཡོད་པ་རྣམས་ཤེས་དགོས་པར་ཡོད་དོ། །ཉེ་བར་ལེན་པ་ཞེས་པ་འདིར་དངོས་པོ་ལ་ཨུ་པ་


JLD016_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་ཞེས་པ་སྒྲའི་བྱིངས་ལ། ལཱུ་ཊའི་རྐྱེན་བྱིན་ན་ཉེ་བར་ལེན་པས་ན། ཉེ་བར་ལེན་པ་ཞེས་བྱ་བ་ཡིན་ལ། དངོས་པོ་ཡང་རང་གི་སྒྲུབ་པར་བྱེད་པ་མེད་པར་འབྱུང་བ་མ་ཡིན་པས། རང་གི་སྒྲུབ་པར་བྱེད་པ་ཉེ་བར་བླང་བ་དང་། ཉེ་བར་ལེན་པ་པོ་གཉིས་ཀ་ཡང་ཉེ་བར་ལེན་པ་ཞེས་པར་འཇོག་གོ །གལ་ཏེ་ལཱུ་ཊའི་རྐྱེན་གྱིས་འདིས་ཉེ་བར་ལེན་པའི་བྱ་བ་ཙམ་བརྗོད་པའི་ཕྱིར། ཉེ་བར་བླང་བར་བྱ་བའི་ལས་ཇི་ལྟར་བརྗོད་ཅེ་ན། ཀྲི་ཏ་དང་ལཱུ་ཊ་ནི་ཕལ་ཆེར་རོ། །ཞེས་སྒྲའི་གཞུང་ལས་འབྱུང་བས་ཕལ་ཆེར་དེ་ལྟར་ཡིན་ཀྱང་། ལས་ལ་ལཱུ་ཊའི་རྐྱེན་བྱིན་པ་ན་ཉེ་བར་བླང་བར་བྱ་བའི་ལས་ཀྱང་བརྗོད་པ་མི་འགལ་ལོ། །རྩ་ཤེ་ལས་ཀྱང་། དེ་ལྟར་ལེན་ལས་གཞན་མ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུའང་དེ་མ་ངེས། །ཞེས་བདག་ཉེ་བར་ལེན་པ་ལས་ངོ་བོ་ཐ་དད་པ་དང་། ཉེ་བར་ལེན་པ་ཉིད་བདག་མིན་པ་དང་། བདག་ནི་ཉེ་བར་ལེན་པ་བཟུང་བ་ལ་ལྟོས་པ་མེད་པའང་མིན་པ་དང་། བདག་དེ་མེད་པ་ཡང་མིན་པར་གསུངས་སོ། །དེའི་ཕྱིར་བྱེད་པ་པོ་མེད་པར་ལས་ཀྱང་ཡོད་པ་མིན་ནོ། །ཡང་དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་གང་ལས་བྱེད་པ་པོ་ནི་མ་དམིགས་ཀྱི། ལས་ཀྱང་ཡོད་ལ་རྣམ་པར་སྨིན་པ་ཡང་ཡོད་དོ་ཞེས་བརྗོད་པའི་མདོ་དེ་ལས་ནི། བྱེད་པ་པོ་རང་བཞིན་གྱིས་གྲུབ་པ་བཀག་པར་ཤེས་པར་བྱའི། རྟེན་ནས་གདགས་པར་བྱ་བ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་ཡང་བཀག་གོ །ཞེས་བྱ་བར་ནི་ཤེས་པར་མི་བྱའོ། །དེ་སྐད་དུ་ཡང་། མ་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་ཡང་མངོན་


JLD016_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུ་བྱེད་དོ། །ཞེས་རྒྱ་ཆེ་གསུངས་སོ། །མདོ་གོང་མ་ངོ་བོ་ཉིད་མེད་པར་སྨྲ་བ་ལ་མི་འགྲིག་གི །སེམས་ཙམ་གྱི་ཚུལ་ལ་འགྲིག་གོ་ཞེས་རྣམ་བཤད་རིགས་པ་ལས་གསུངས་མོད་ཀྱང་། ལུགས་མཆོག་ཏུ་གྱུར་པ་འདིའི་གང་ཟག་འཇོག་ཚུལ་ལ་ནི། ཕུང་པོ་ལས་ངོ་བོ་ཐ་དད་པའི་བྱེད་པ་པོ་ཐ་སྙད་ཙམ་དུ་ཡང་མེད་པ་དང་། ཐ་སྙད་དུ་ལས་དང་རྣམ་སྨིན་ཁས་བླངས་པ་ན། མདོ་ཕྱི་མས་གསུངས་པ་བཞིན་དུ་ལས་ཀྱི་བྱེད་པ་པོ་གང་ཟག་ངེས་པར་འདོད་དགོས་པས་དེ་ཡང་ཉེ་བར་བླང་བྱའི་གསེབ་ནས་མི་འཇོག་པར། དེ་དག་གི་ཉེ་པར་ལེན་པ་པོ་འཇོག་པ་ནི་ཤིན་ཏུ་ལེགས་པ་ཡིན་ནོ། །ལྔ་པ་ནི། ཕུང་པོ་སོགས་ཚོགས་ཙམ་ཉིད་བདག་ཏུ་འདོད་པ་ལ་སྐྱོན་གཞན་ཡང་ཡོད་དེ། རྒྱུ་མཚན་གང་གི་ཕྱིར་ཐུབ་པས་ཡབ་སྲས་མཇལ་བའི་མདོ་ལས་བདག་དེ་ས་དང་ཆུ་དང་མེ་དང་རླུང་གི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། སྣའི་བུ་ག་སོགས་བུ་ག་ནམ་མཁའ་ཡི་ཁམས་ཞེས་བྱ་བའི་ཁམས་དྲུག་ལ་བརྟེན་ནས་དང་། མིག་གི་རེག་པའི་སྐྱེ་མཆེད་དང་ལ་སོགས་པས་ཡིད་ཀྱི་རེག་པ་ཡི་སྐྱེ་མཆེད་དྲུག་དག་ལ་བརྟེན་ནས་ཉེ་བར་བསྟན་ཞིང་། སེམས་དང་དེ་དག་ལས་གཞན་པའི་སེམས་བྱུང་གི་ཆོས་རྣམས་གདགས་གཞིར་ཉེ་བར་བཟུང་བ་ལ་བརྟེན་ནས་བདག་ཏུ་འདོགས་སོ་ཞེས་ངེས་པར་ཏེ་གསལ་བར་གསུངས་པ་དེའི་ཕྱིར། བདག་དེ་ནི་སའི་ཁམས་ལ་སོགས་པའི་ཡ་གྱལ་དེ་རྣམས་དང་། དེ་ཉིད་མ་ཡིན་པ་སྟེ་དེ་རྣམས་རེ་རེ་ནས་བདག་ཏུ་མི་རུང་ལ། དེ་རྣམས་ཀྱི་ཚོགས་པ་ཙམ་ཉིད་ཀྱང་བདག་ཏུ་འཇོག་པ་མིན་ཏེ། དེའི་ཕྱིར་ཐོག་མ་མེད་པ་ནས་ཞུགས་པའི་ངའོ་སྙམ་དུ་འཛིན་པའི་བློས་ཆོས་དེ་རྣམས་ཀྱི་ཚོགས་པ་དང་ཡ་གྱལ་རྣམས་ལ་དམིགས་པར་བྱེད་པ་མིན་ནོ། །མདོ་


JLD016_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་ཚུལ་ནི། རྒྱལ་བོ་ཆེན་པོ་སྐྱེས་བུ་གང་ཟག་དེ་ནི་ཁམས་དྲུག་དང་རེག་པའི་སྐྱེ་མཆེད་དྲུག་དང་། ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་དོ། །ཞེས་གསུངས་སོ། །ནག་ཚོའི་འགྱུར་ལས། ཁམས་དྲུག་འདུས་པ། རེག་པའི་གཞི་དྲུག་པ། ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པའོ། །ཞེས་བསྒྱུར་བ་ལེགས་སོ། །དེ་ལ་སྐྱེས་བུ་དང་གང་ཟག་ནི་རྣམ་གྲངས་སོ། །ཁམས་དྲུག་འདུས་པ་དང་གཞི་དྲུག་པ་དང་། བཅོ་བརྒྱད་པའོ་ཞེས་པ་གསུམ་པོ་ནི་ལྡན་པའི་ཆོས་ཡིན་པས་ཆོས་དེ་དག་ནི་ལྡན་ཆོས་དང་། གང་ཟག་ནི་དེ་དག་གང་ལ་ལྡན་པའི་ལྡན་གཞི་དང་། གང་ལ་བརྟེན་ནས་གང་ཟག་ཏུ་འདོགས་པའི་གཞིར་གསུངས་སོ། །ཡིད་ཀྱི་ཉེར་རྒྱུ་བཅོ་བརྒྱད་ནི། ཡུལ་ཡིད་དུ་འོང་བ་དྲུག་ལ་ཚོར་བ་བདེ་བ་ཉེ་བར་རྒྱུ་བ་དྲུག་དང་། ཡིད་དུ་མི་འོང་དྲུག་ལ་ཚོར་བ་སྡུག་བསྔལ་ཉེ་བར་རྒྱུ་བ་དྲུག་དང་། བར་མ་དྲུག་ལ་ཚོར་བ་བཏང་སྙོམས་ཉེ་བར་རྒྱུ་བ་དྲུག་གོ །ཚོར་བ་བདེ་སྡུག་བཏང་སྙོམས་ཀྱི་དབང་གིས་ཡིད་གཟུགས་སྒྲ་སོགས་ལ་ཡང་དང་ཡང་དུ་རྒྱུ་བར་བྱེད་པའི་ཕྱིར། ཡིད་ཀྱི་ཉེ་བར་རྒྱུ་བ་ཞེས་བྱའོ། །དེ་ལྟར་ཕུང་པོ་རྣམས་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་རྣམ་གཉིས་ཀྱི་ནང་ནས། དམིགས་པའི་ཡུལ་ཡང་མ་ཡིན་ལ། ཕུང་པོ་ལས་ངོ་བོ་ཐ་དད་པའི་དེའི་དམིགས་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར། ངར་འཛིན་གྱི་དམིགས་ཡུལ་རང་བཞིན་གྱིས་ཡོད་པ་མ་ཡིན་པས། རྣལ་འབྱོར་པས་བདག་རང་བཞིན་གྱིས་གྲུབ་པ་མ་དམིགས་པ་ལས། བདག་གི་བ་ཡང་རང་བཞིན་གྱིས་གྲུབ་པའི་སྙིང་པོ་དང་ལྡན་པ་མ་ཡིན་པ་ཉིད་དུ་ཤེས་ཤིང་། འདུས་བྱས་འཁོར་བ་མཐའ་དག་གི་


JLD016_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་བ་བསལ་ནས་ཡང་སྲིད་ཕྱི་མ་ལེན་པ་མེད་པར་ངེས་པར་མྱ་ངན་ལས་འདས་པར་ཐོབ་པར་འགྱུར་ཏེ། དེའི་ཕྱིར་ཕུང་པོ་ལྔའི་ཡ་གྱལ་དང་ཚོགས་པ་དང་། དེ་དག་ལས་ངོ་བོ་ཐ་དད་པ་གང་ཡང་བདག་ལྟའི་དམིགས་པར་མི་འཇོག་པ་དང་། དེ་ལྟ་ནའང་བདག་ལྟའི་དམིགས་པ་གང་ཟག་ལེགས་པར་འཇོག་ཤེས་པ་དང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པར་འཇོག་པའི་རྣམ་པར་དཔྱོད་པ་འདི་ནི། ཐར་པ་འདོད་པའི་དབང་པོ་ཤིན་ཏུ་རྣོན་པོ་ལ་ཆེས་མཛེས་པ་ཡིན་ཏེ། འདིས་ཡིད་འཕྲོག་པ་འདྲ་བ་གྲུབ་པའི་མཐའ་གཞན་ལ་མེད་པའི་ཕྱིར་རོ། །ལྔ་པ་ནི། ངའོ་སྙམ་དུ་འཛིན་པའི་དམིགས་པའི་ཡུལ་བདག་གི་བཏགས་དོན་བཙལ་བ་ན། ཁ་ཅིག་ཕུང་པོ་ལྔ་ཆར་དང་། ཁ་ཅིག་སེམས་གཅིག་པུ་ཡིན་ནོ་ཞེས་སྨྲ་བའི་ཕྱོགས་ལྟར་ན། ཇི་སྲིད་དུ་རང་གི་རྒྱུད་ལ་ཕུང་པོ་རྣམས་འབྱུང་བ་དེ་སྲིད་དུ་གང་ཟག་གི་བདག་ཏུ་འཛིན་པ་འཇུག་པར་འགྱུར་ཏེ། ངའོ་སྙམ་པའི་ངའི་བཏགས་དོན་བཙལ་ནས་འཇོག་པ་ལྟར་ན། དེ་ཉིད་གང་ཟག་གི་བདག་ཏུ་འཛིན་པའི་གཞི་སྟེ་རྣམ་པའི་ཡུལ་གྱི་དངོས་པོར་ཡོད་པའི་ཕྱིར་རོ་ཞེས་བཤད་པ། གང་ཟག་གི་བདག་མེད་པ་མངོན་སུམ་དུ་རྟོགས་པར་འདོད་པའི་ཚེ་ནི། རྟག་པའི་བདག་ཙམ་ཞིག་སྤོང་བ་སྟེ་མེད་པར་མཐོང་ཞིང་། རྟག་པའི་བདག་འདི་ནི་འཇིག་ལྟ་ལྷན་སྐྱེས་ཀྱི་ངར་འཛིན་གྱི་རྟེན་ཏེ་དམིགས་པ་དང་རྣམ་པ་གང་གི་ཡུལ་དུའང་མི་འདོད་པ། དེའི་ཕྱིར་རྟག་པའི་བདག་ཙམ་མེད་པར་མཐོང་བའི་ཤེས་པ་གོམས་པས། ཐོག་མ་མེད་པ་ནས་ཞུགས་པའི་བདག་ཏུ་ལྟ་བ་དཔྱིས་ཏེ་དྲུངས་ནས་ཀྱང་འབྱིན་ཞེས་སྨྲ་བ་ནི། ཀྱེ་མ་མ་ལ་ཁྱོད་ཀྱི་འདི་ནི་ཤིན་ཏུ་མཚར་རོ། །རྟག་པའི་བདག་ཙམ་


JLD016_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་མཐོང་བས་ཐོག་མ་མེད་པའི་བདག་འཛིན་སྤོང་བར་འདོད་པའི་དོན་འདི་ཉིད། ཕན་ཚུན་འབྲེལ་པ་མེད་པར་འཇིག་རྟེན་པའི་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་བཤད་པ། གང་ཟག་བླུན་པོ་ཁ་ཅིག་རང་གི་ཁྱིམ་གྱི་རྩིག་ཕུག་ན་སྦྲུལ་གནས་པ་མཐོང་ནས་འཇིགས་བཞིན་དུ་གནས་པ་ལ། གཞན་ཞིག་གིས་ཀྱེ་མི་ཁྱོད་མ་འཇིགས་ཤིག་ཁྱིམ་འདི་ན་གླང་ཆེན་མེད་དོ་ཞེས་དོགས་པ་བསལ་བ་ན། ཁྱིམ་དེར་གླང་པོ་ཆེ་མེད་པར་ཤེས་པས་དེའི་འཇིགས་པ་ལྡོག་པར་མ་ཟད་སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། ཀྱེ་མའོ་མཁས་པ་གཞན་གྱི་གནམ་པོར་ཏེ་བཞད་གད་དུ་འགྱུར་བ་ཉིད་དོ། །དེ་ལྟར་སྤྲུལ་གྱི་འཇིགས་པའི་རྐྱེན་ཉེ་བར་གནས་སུ་ཟིན་ཀྱང་། བླུན་པོ་གཞན་གྱི་ཚིག་ལས་སྦྲུལ་ལ་ཡོད་པའི་འཇིགས་པ་མ་མཐོང་བས། དེའི་འཇིགས་པ་བཟློག་ཐབས་མི་བྱེད་པར་གླང་པོ་ཆེ་མེད་པར་ཤེས་པ་ལས་བག་ཕབ་སྟེ་སྡོད་པ་ན་སྦྲུལ་གྱིས་འཛིན་པར་འགྱུར་རོ། །དེ་བཞིན་དུ་གླང་པོ་ཆེ་ལྟ་བུའི་རྟག་པའི་བདག་ཙམ་མེད་པར་མཐོང་བ་གོམས་པས། སྦྲུལ་ལྟ་བུའི་ཐོག་མ་མེད་པ་ནས་ཞུགས་པའི་བདག་འཛིན་གྱི་འཇིགས་པ་ལྡོག་པ་བཟུང་ནས་བག་ཕབ་པས་ནི། ཕུང་པོའི་ཡུལ་ཅན་དུ་འདོད་པའི་ངར་འཛིན་པའི་འཇིག་ལྟ་བསལ་བར་མི་ནུས་ཏེ། དེའི་ཕྱིར་ངེས་པར་གང་ཟག་འདིའི་འཁོར་བ་ཉམས་བར་མི་འགྱུར་རོ། །འདིས་ནི་རང་གཞན་གྱི་སྡེ་པ་དངོས་པོའི་དེ་ཁོ་ན་ཉིད་གཏན་ལ་འབེབས་པར་འདོད་པ་མང་པོས། ལྷན་སྐྱེས་ཀྱི་བདག་འཛིན་གྱིས་ཇི་ལྟར་བཟུང་བའི་ཡུལ་སུན་འབྱིན་པ་མི་ཤེས་པས། དེ་དོར་ནས་དེ་ལས་གཞན་པའི་དེ་ཉིད་གཏན་ལ་འབེབས་པའི་


JLD016_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཞག་ཐམས་ཅད་སྙིང་པོ་མེད་པའི་གནས་ལ་ངལ་བ་བྱེད་པར་བསྟན་ཏེ། འདི་ཤེས་པ་ཤིན་ཏུ་གནད་ཆེའོ། །གསུམ་པ་ལ་གཉིས། རྟེན་དང་བརྟེན་པ་དང་ལྡན་པའི་ཕྱོགས་དགག་པ། བཀག་པ་རྣམས་ཀྱི་དོན་བསྡོམས་ཏེ་བསྟན་པའོ། །དང་པོ་ནི། དེ་ལྟར་བདག་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པར་བསྟན་ནས། བདག་ཕུང་པོ་དང་ཕན་ཚུན་རྟེན་དང་བརྟན་པ་ཉིད་དུ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པར་བརྗོད་པའི་ཕྱིར་བཤད་པ། ཕུང་པོར་ཏེ་དེ་ལ་བདག་ངོ་བོ་ཉིད་ཀྱིས་བརྟེན་པའི་ཚུལ་གྱིས་ཡོད་པ་མ་ཡིན་ཞིང་། བདག་ལ་ཡང་ཕུང་པོ་དེ་རྣམས་ངོ་བོ་ཉིད་ཀྱིས་བརྟེན་པའི་ཚུལ་གྱིས་ཡོད་པ་མིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་ཕུང་པོ་དང་བདག་འདིར་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་ཉིད་ཡོད་ན། རང་བཞིན་གྱིས་གྲུབ་པའི་རྟེན་དང་བརྟེན་པའི་རྟོག་པ་གཉིས་པོ་འདིར་འགྱུར་ན། རང་བཞིན་གྱིས་གཞན་ཉིད་དུ་གྲུབ་པ་དེ་མེད་པ་དེའི་ཕྱིར་རྟེན་དང་བརྟེན་པར་ངོ་བོ་ཉིད་ཀྱིས་གྲུབ་པ་ཕྱིན་ཅི་ལོག་གི་རྟོག་པས་བཞག་པ་ཙམ་སྟེ། དཔེར་ན་འཇིག་རྟེན་ན་འཁར་གཞོང་དང་ཞོ་གཉིས་ངོ་བོ་ཐ་དད་པ་ལ་རྟེན་དང་བརྟེན་པ་མཐོང་བ་ལྟར་ཕུང་པོ་དང་བདག་གཉིས་ལ་དེ་ལྟར་མཐོང་བ་མེད་པས་རྟེན་དང་བརྟེན་པའི་ངོ་བོར་རང་བཞིན་གྱིས་གྲུབ་པ་མེད་དོ། །ཕུང་པོ་དང་ལྡན་པ་ཉིད་ཀྱང་བདག་ལ་ངོ་བོ་ཉིད་ཀྱིས་ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། བདག་ནི་གཟུགས་ཀྱི་ཕུང་པོ་དང་ལྡན་པ་ངོ་བོ་ཉིད་ཀྱིས་གྲུབ་པར་མི་འདོད་དེ། རྒྱུ་མཚན་གང་གི་ཕྱིར་ན་བདག་ཕུང་པོ་རྣམས་ལས་རང་བཞིན་གྱིས་གཅིག་དང་ཐ་དད་པ་ནི་བཀག་ཟིན་པས་ཡོད་པ་མིན་པ་དེའི་ཕྱིར། བདག་ཕུང་


JLD016_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ལྡན་པའི་སྦྱོར་བ་རང་བཞིན་གྱིས་གྲུབ་པ་མེད་དེ། འདི་ལྟར་ལྡན་པའི་རྐྱེན་ཡང་ལྷ་སྦྱིན་གནག་སྟེ་བ་ལང་དང་ལྡན་ན་ཞེས་པ་ལྟ་བུ་ནི། གཞན་ན་སྟེ་ངོ་བོ་ཐ་དད་པ་ལ་སྦྱོར་ལ། ལྷ་སྦྱིན་གཟུགས་དང་ལྡན་ཞེས་པ་ལྟ་བུ་ནི་ངོ་བོ་གཞན་མིན་པ་ལ་སྦྱོར་བ་ཡིན་ན། བདག་ནི་གཟུགས་ལས་དེ་ཉིད་དེ་གཅིག་དང་། གཞན་ཉིད་དེ་ཐ་དད་པ་མེད་པས། བདག་གཟུགས་དང་ལྡན་པ་རང་བཞིན་གྱིས་གྲུབ་པ་འདི་ཡང་མི་སྲིད་དོ། །དེ་དག་གིས་ནི་ཕུང་པོ་ལྷག་མ་བཞི་དང་ལྡན་པ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡང་བཀག་པར་ཤེས་པར་བྱའོ། །གཉིས་པ་ནི། དེ་ནི་སྔར་བཀག་ཟིན་པའི་ཕྱོགས་རྣམས་བསྡོམས་ཏེ་བསྟན་པས་འཇིག་ཚོགས་ལ་ལྟ་བས་ཕྱིན་ཅི་ལོག་ལ་དམིགས་པས་རྣམ་པས་ཞུགས་པའི་གྲངས་བསྟན་པའི་ཕྱིར་བཤད་པ། གཟུགས་ནི་བདག་མ་ཡིན་པ་ལ་བདག་ཏུ་ལྟ་བ་དང་། བདག་ནི་གཟུགས་དང་ངོ་བོ་ཉིད་ཀྱིས་ལྡན་པ་མིན་པ་ལ་དེར་ལྟ་བ་དང་། གཟུགས་ལ་བདག་དང་བདག་ལ་གཟུགས་རང་བཞིན་གྱིས་ཡོད་པ་མིན་པ་ལ་དེར་ལྟ་བ་བཞི་སྟེ། གཟུགས་ཕུང་ལ་བཤད་པ་དེ་ལྟར་འཇིག་ལྟས་ལྟ་བའི་ཚུལ་རྣམ་པ་བཞིར་ཚོར་བ་ལ་སོགས་པའི་ཕུང་པོ་བཞི་པོ་ཀུན་ལ་བཞི་བཞིར་ལྟ་བ་ཤེས་པར་བྱ་སྟེ། དེ་དག་ནི་བདག་ཏུ་ལྟ་བ་འཇིག་ཚོགས་ལ་ལྟ་བའི་ཆ་ཉི་ཤུར་འདོད་པ་ཡིན་ནོ། །གལ་ཏེ་བདག་གཟུགས་ཕུང་དང་ངོ་བོ་ཐ་དད་པར་ལྟ་བ་བསྣན་ནས་ཕུང་པོ་རེ་རེ་ལ་རྣམ་པར་དཔྱད་པ་ལྔ་ལྔ་སྐབས་སུ་བབ་ལ། རྩ་ཤེ་ལས་ཀྱང་། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་


JLD016_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཞིག་ཡིན། །ཞེས་གསུངས་པ་མ་ཡིན་ནམ། དེའི་ཕྱིར་ཆ་ཉེར་ལྔར་འགྱུར་དགོས་པ་ལ་ཆ་ཉི་ཤུར་ཇི་སྐད་བརྗོད་ཅེ་ན། འཇིག་ལྟའི་ཆ་ཉི་ཤུ་པོ་དེ་དག་ནི་མདོ་ལས་རྣམ་པར་བཞག་ལ། དེ་ལྟར་འཇོག་པའི་རྒྱུ་མཚན་ནི་སྔོན་དུ་ཕུང་པོ་རྣམས་མ་བཟུང་བར་འཇིག་ལྟས་བདག་ཏུ་མངོན་པར་ཞེན་པར་མི་ནུས་པས། རྣམ་པ་བཞི་བཞིའི་སྒོ་ནས་ཕུང་པོ་རྣམས་ལ་དམིགས་ཤིང་བདག་ལ་འཇུག་གོ །དེའི་ཕྱིར་ཕུང་པོ་རྣམས་མ་གཏོགས་པར་གཞན་དུ་བདག་ཏུ་ཞེན་པའི་གཞི་ལྔ་པ་མུ་སྟེགས་མ་གཏོགས་པ་ལ་མི་འབྱུང་བས། ཆ་ལྔ་པ་མ་གསུངས་སོ། །རྩ་ཤེ་ལས་ཕྱོགས་གཞན་ལྔ་པ་གསུངས་པ་ནི་མུ་སྟེགས་པའི་ལུགས་དགག་པའི་ཕྱིར་རོ། །ཞེས་བྱ་བར་ཤེས་པར་བྱའོ། །དེ་ལ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཞེས་གང་ལུང་ལས་གསུངས་པ་ནི། དམིགས་པ་ང་ལ་དམིགས་ནས་རྣམ་པ་རང་བཞིན་གྱིས་གྲུབ་པར་འཛིན་པའི་འཇིག་ཚོགས་ལ་ལྟ་བའི་རི་བོ་འཕགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་མ་བབས་པས། ཉིན་རེ་ཞིང་ཉོན་མོངས་པའི་བྲག་རྡོ་འཕེལ་བ། འཁོར་བ་ཐོག་མ་མེད་ནས་འབྱུང་བ། དཔངས་ཁམས་གསུམ་དུ་མཐོ་བ། ཕྱོགས་ཀྱི་ངོས་མ་ལུས་པ་ཁྱབ་པ། མ་རིག་པའི་གསེར་གྱི་ས་གཞི་ལས་འཐོན་པ། བདག་མེད་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཡིས་བཅོམ་པ་སྟེ་བཤིག་པ་ན། བཅོམ་པའི་བདག་ཏུ་ལྟ་བ་གང་དང་ལྷན་ཅིག་ཏུ་འཇིག་པར་འགྱུར་བ། དེ་མ་ཐག་ཏུ་བཤད་པའི་རྩ་བའི་འཇིག་ཚོགས་ལ་ལྟ་བའི་རི་ལྷུན་སྟུག་པོ་ལ་གནས་པའི་རྩེ་མོ་མཐོ་བར་གྱུར་པ་ཉི་ཤུ་ནི། སྔར་བཤད་པའི་ཕུང་པོ་ལྔ་


JLD016_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རེ་རེ་ལ་བཞི་བཞིར་བཤད་པ་འདི་དག་གོ །འདིར་འགྲེལ་པའི་འགྱུར་ལས། རྩེ་མོ་ཆེས་མཐོ་བ་གང་དག་དང་ལྷན་ཅིག་འཇིག་པར་འགྱུར་བ་དེ་དག་ནི་རྩེ་མོ་ཡིན་པར་ཤེས་པར་བྱའོ། །ཞེས་འབྱུང་ཡང་རྩ་བའི་འགྱུར་ལྟར། རྩ་བའི་འཇིག་ལྟ་དང་ལྷན་ཅིག་ཅེས་འབྱུང་བ་ལྟར་བྱའོ། །དེ་ཡང་ལྷན་སྐྱེས་ཀྱི་འཇིག་ལྟ་ངར་འཛིན་སྔར་བཤད་པའི་ཉི་ཤུ་པོ་གང་ཡང་མིན་པས། འཇིག་ཚོགས་ལྟ་རི་ལྷུན་སྟུག་ལ་གནས་པ། ཞེས་རྩེ་མོ་ཉི་ཤུའི་འཇིག་ལྟ་རྩ་བའི་འཇིག་ལྟ་ལ་གནས་པར་གསུངས་སོ། །གང་དང་ལྷན་ཅིག་ཏུ་ཉི་ཤུ་རྒྱུན་ཞུགས་ཀྱིས་སྤངས་པའི་རྩ་བའི་འཇིག་ལྟ་ཡང་ཀུན་བརྟགས་ཡིན་ལ། དེ་ཡང་ང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ཙམ་ལ་མི་བྱེད་ཀྱི། དེའི་འཛིན་སྟངས་འཐད་ལྡན་དུ་གྲུབ་མཐའ་ངན་པ་ལ་བརྟེན་ནས་འཛིན་པའི་ས་བོན་རྒྱུན་ཞུགས་ཀྱིས་སྤངས་པའོ། །བཞི་པ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང་། ལུགས་དེ་དགག་པའོ། །དང་པོ་ནི། དེ་ནི་འཕགས་པ་མང་པོས་བཀུར་བ་དག་གིས་བརྟགས་པའི་གང་ཟག་རྫས་སུ་ཡོད་པར་སྨྲ་བ་བསལ་བའི་ཕྱིར་བཤད་པ། རང་གི་སྡེ་པ་མང་པོས་བཀུར་བ་པ་ཁ་ཅིག་ནི། ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། ཞེས་པའི་རིགས་པས་གང་ཟག་ཕུང་པོ་ལས་ངོ་བོ་ཐ་དད་པ་མིན་ལ། ཕུང་པོའི་རང་བཞིན་ཅན་ཡང་མིན་ཏེ། ཡིན་ན་བདག་དེ་སྐྱེ་འཇིག་དང་ལྡན་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བདག་གམ་གང་ཟག་ནི་ཕུང་པོ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་དོ། །དེ་བཞིན་དུ་གང་ཟག་ནི་རྟག་པ་དང་མི་རྟག་པ་ལ་སོགས་པ་ཉིད་དུ་ཡང་བརྗོད་དུ་མེད་དོ། །གང་ཟག་དེ་རྫས་སུ་


JLD016_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་ཡང་འདོད་དེ། ལས་གཉིས་ཀྱི་བྱེད་པ་པོ་དང་། དེ་གཉིས་ཀྱི་འབྲས་བུ་བདེ་སྡུག་གི་ཟ་བ་པོ་ཉིད་དུ་བརྗོད་པའི་ཕྱིར་དང་། འཁོར་བར་བཅིངས་པ་དང་མྱང་འདས་ཀྱི་སྐབས་སུ་ཐར་བ་པོའམ་གྲོལ་བ་པོ་ཡིན་པའི་ཕྱིར་རོ། །བདག་དེ་རྣམ་ཤེས་དྲུག་གི་ཤེས་བྱར་ཡང་འདོད་ཅིང་། བདག་དེ་ནི་ངར་འཛིན་པའི་གཞི་སྟེ་དམིགས་པར་ཡང་འདོད་པ་ཡིན་ནོ། །གཉིས་པ་ནི། གང་ཟག་རྫས་ཡོད་དུ་སྨྲ་བ་འདི་ཡང་མི་རིགས་པ་ཉིད་དུ་བཤད་པ། རྒྱུ་མཚན་གང་གི་ཕྱིར་ན་གཟུགས་ལས་སེམས་དེ་ཉིད་དང་གཞན་གང་དུ་ཡང་བརྗོད་དུ་མེད་པར་མི་རྟོགས་པ་སྟེ་མི་འདོད་པ་ལྟར། དངོས་པོ་སྟེ་རྫས་སུ་ཡོད་པ་རྣམས་ལ་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་རྟོགས་པ་མ་ཡིན་པ་ཉིད་དེ། འདི་ལྟར་གལ་ཏེ་བདག་འགའ་ཞིག་དངོས་པོར་ཏེ་རྫས་སུ་གྲུབ་པར་གྱུར་ན། སེམས་ལྟར་དུ་གྲུབ་པའི་དངོས་པོ་སྒོ་གཉིས་གང་དུ་བརྗོད་དུ་མེད་པར་མི་འགྱུར་རོ། །དེའི་ཕྱིར་ཚིགས་སུ་བཅད་པ་སྔ་མས་བརྗོད་དུ་མེད་པ་ལ་རྫས་སུ་ཡོད་པ་མི་སྲིད་པར་བསྟན་ནས། གང་ཟག་བཏགས་ཡོད་དུ་བསྟན་པའི་ཕྱིར་བཤད་པ། རྒྱུ་མཚན་གང་གི་ཕྱིར་ཁྱོད་ཀྱི་ལྟར་ན་བུམ་པ་རང་རྐྱ་ཐུབ་པའི་དངོས་པོར་མ་གྲུབ་པའི་ངོ་བོ་དེ་རང་གི་ཡན་ལག་གི་གཟུགས་སོགས་ལས་དེ་ཉིད་དེ་གཅིག་དང་ངོ་བོ་ཐ་དད་དུ་བརྗོད་དུ་མེད་པར་འགྱུར་བར་འདོད་པས། དེ་བཞིན་དུ་བདག་གང་ཡིན་པ་དེ་ཡང་ཕུང་པོ་ལས་དེ་ཉིད་དང་ངོ་བོ་ཐ་དད་པའི་གཞན་ཉིད་དུ་བརྗོད་དུ་མེད་པའི་བཏགས་ཡོད་དུ་འགྱུར་བ་དེའི་ཕྱིར་གང་ཟག་རང་གི་ངོ་བོ་ཉིད་ཀྱིས་ཡོད་པར་གྲུབ་པར་རྟོགས་པ་སྟེ་གཟུང་བར་མི་བྱའོ། །དེ་ལྟར་ཚིགས་སུ་བཅད་པ་གཉིས་


JLD016_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྫས་སུ་ཡོད་པ་དགག་པ་དང་། བཏགས་ཡོད་དུ་སྒྲུབ་པ་ཉེ་བར་བསྟན་ནས། དེ་ནི་དེ་ཉིད་དང་གཞན་གཉིས་དངོས་པོའི་རྟེན་ཉིད་དུ་བརྗོད་ནས། རྟེན་དེ་མ་ཡིན་པ་ཉིད་ཀྱིས་བདག་རྫས་སུ་ཡོད་པ་འགོག་པར་རྩོམ་པ། གལ་ཏེ་ཁྱོད་ཀྱི་ལྟར་བདག་རྫས་སུ་ཡོད་ན་ནི། ཁྱོད་ཀྱི་རྣམ་ཤེས་ནི་རང་གི་བདག་ཉིད་ལས་གཞན་ནི་མིན་པར་འདོད་པ་བཞིན་དུ། གང་ཟག་ཀྱང་ངེས་པར་རང་གི་བདག་ཉིད་ལས་གཞན་མིན་པས་དེ་ཉིད་དུ་བརྗོད་དགོས་སོ། །ཡང་ཁྱོད་ཀྱི་རྣམ་ཤེས་གཟུགས་སོགས་ལས་གཞན་པའི་དངོས་པོར་འདོད་པ་བཞིན་དུ། གང་ཟག་ཀྱང་ཕུང་པོ་ལས་ངོ་བོ་ཐ་དད་པར་བརྗོད་དགོས་སོ། །དངོས་པོ་ལ་གཅིག་དང་ཐ་དད་ཀྱི་རྣམ་པ་དེ་གཉིས་ངེས་པར་མཐོང་པར་འགྱུར་བ་དེའི་ཕྱིར་བདག་རྫས་སུ་མེད་དེ། དངོས་པོའི་ཆོས་དེ་ཉིད་དང་གཞན་གཉིས་སུ་གྲུབ་པ་དང་བྲལ་བའི་ཕྱིར་རོ། །ལྔ་པ་ལ་བཞི། བདག་མཐའ་བདུན་དུ་མེད་ཀྱང་བརྟེན་ནས་བཏགས་པ་ཤིང་རྟ་དང་འདྲ་བར་བསྟན་པ། སྔར་མ་བཤད་པའི་ཕྱོགས་ལྷག་མ་གཉིས་རྒྱས་པར་བཤད་པ། དེ་ལྟར་བཤད་པ་ལ་གཞན་གྱི་རྩོད་པ་སྤོང་བ། མིང་གི་ཐ་སྙད་ཀྱི་དོན་གཞན་ཡང་གྲུབ་པར་བསྟན་པའོ། །དང་པོ་ནི། གང་གི་ཕྱིར་སྔར་བཤད་པ་དེ་ལྟར་རྣམ་པར་དཔྱད་པ་ན་གང་ཟག་རྫས་སུ་ཡོད་པ་མི་འཐད་པ་དེའི་ཕྱིར་ངར་འཛིན་པའི་རྟེན་ཏེ་དམིགས་པ་ནི། དངོས་པོ་སྟེ་རང་བཞིན་གྱིས་གྲུབ་པ་མིན་ཏེ། རྣམ་པར་དཔྱད་པ་ན་བདག་ནི་ཕུང་པོ་ལས་གཞན་ཏེ་ངོ་བོ་ཐ་དད་པ་མིན་ལ། ཕུང་པོའི་ངོ་བོ་ཚོགས་པ་དང་ཡ་གྱལ་གང་ཡང་བདག་


JLD016_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པ་དང་། བདག་ཕུང་པོ་རྣམས་ཀྱི་རྟེན་དང་། བདག་འདི་ལ་ཕུང་པོ་རྟེན་དུ་ཡོད་པ་ཡང་མིན་ཞིང་། བདག་འདི་ནི་ཕུང་པོ་དེ་རྣམས་དང་ལྡན་པའང་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ནོ། །དེའི་ཕྱིར་རང་གི་སྡེ་པ་གང་དག་བདག་བཏགས་པར་ཡོད་ཅེས་པའམ། བདག་དོན་དམ་པར་མ་དམིགས་པར་འདོད་པས་ཀྱང་རུང་སྟེ་ཇི་སྐད་སྨྲས་པའི་རྣམ་པས་བདག་ཁས་བླང་བར་མི་བྱའོ་ཞེས་བཤད་པ་ནི། བདག་འདི་ནི་ཕུང་པོ་རྣམས་ལ་བརྟེན་ནས་གྲུབ་པར་འགྱུར་བའོ། །ཇི་ལྟར་འདི་ལ་བརྟེན་ནས་འདི་འབྱུང་ཞེས་བྱ་བ་འདི་ཙམ་ཞིག་ཀུན་རྫོབ་ཀྱི་བདེན་པའི་རྣམ་པར་བཞག་པ་མ་ཆད་པར་བྱ་བའི་ཕྱིར་ཁས་ལེན་པ་ན། རྒྱུ་མེད་སོགས་བཞི་ལས་སྐྱེ་བ་མི་འདོད་པ་དེ་བཞིན་དུ། བདག་གི་སྐབས་འདིར་ཡང་ཕུང་པོ་ལ་བརྟེན་ནས་བཏགས་པར་འདོད་པ་ན། ཇི་སྐད་བཤད་པའི་སྐྱོན་དང་ལྡན་པའི་ཕྱོགས་སྔ་བསལ་ནས། ཕུང་པོ་རྣམས་ལ་བརྟེན་ནས་གདགས་པ་ཞེས་བྱ་བ་འདི་ཙམ་ཞིག་འཇིག་རྟེན་གྱི་ཐ་སྙད་རྣམ་པར་གནས་པར་བྱ་བའི་ཕྱིར་ཁས་བླང་བར་བྱ་སྟེ། བདག་ཏུ་ཐ་སྙད་བཏགས་པ་བསྙོན་མི་ནུས་པར་མཐོང་བའི་ཕྱིར་རོ། །བདག་བཏགས་པ་ཙམ་དུ་གྲུབ་པར་བྱ་བའི་དོན་དུ་ཇི་སྐད་བཤད་པའི་དོན་ཉིད་གསལ་བར་བྱ་བའི་ཕྱིར། ཕྱི་རོལ་གྱི་དཔེ་སྟོན་ཅིང་བཤད་པ། ཤིང་རྟ་རང་གི་ཡན་ལག་ལས་དོན་གཞན་དུ་འདོད་པ་མིན་ལ། གཞན་མིན་ཏེ་གཅིག་ཏུ་ཡང་གྲུབ་པ་མ་ཡིན་པ་དང་། ཕུང་པོ་དེ་དང་ལྡན་པ་དང་། ཡན་ལག་ལ་ཕར་བརྟེན་པ་དང་། ཡན་ལག་དག་བདག་དེར་བརྟེན་པ་རང་བཞིན་གྱིས་ཡོད་པ་མིན་པ་དང་། ཡན་ལག་འདུས་པ་ཙམ་དང་ཡན་ལག་གི་དབྱིབས་


JLD016_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པ་ཇི་ལྟ་བ་དེ་བཞིན་དུ། བདག་དང་ཕུང་པོ་གཉིས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན། རིགས་པ་དེ་གཞན་ལ་ཁ་སྤོ་བའོ། །དང་པོ་ལ་གཉིས། ཚོགས་པ་ཤིང་རྟར་འདོད་པ་དགག །དབྱིབས་ཙམ་ཤིང་རྟར་འདོད་པ་དགག་པའོ། །དང་པོ་ནི། ཕྱོགས་སྔ་མ་ལྔ་ནི་སྔར་བསྟན་ཟིན་པས་འདིར་ཚོགས་པའི་ཕྱོགས་དང་། དབྱིབས་ཀྱི་ཕྱོགས་གཉིས་ཤིང་རྟ་ཡིན་པ་འགོག་པ་ནི་བསྒྲུབ་པར་བྱ་དགོས་པས་དེ་དག་སྟོན་པ་བརྩམ་པར་བྱ་སྟེ། གལ་ཏེ་ཤིང་རྟའི་ཡན་ལག་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི། ཤིང་རྟ་བཤིག་པའི་ཡན་ལག་གསིལ་བུར་གནས་པ་ཚོགས་པ་ལ་ཡང་ཤིང་རྟ་ཉིད་ཡོད་པར་འགྱུར་རོ། །ཡན་ལག་གི་ཚོགས་པ་རང་གི་ཆ་ཅན་ཡིན་པ་འགོག་པ་འདི་སྔར་བཤད་ཟིན་ཀྱང་འདིར་བཀོད་པ་ནི། སྔར་བསྟན་པ་ལས་སྐྱོན་གཞན་བསྟན་པའི་ཕྱིར་ཡིན་ནོ། །སྐྱོན་གཞན་ཡང་ཡོད་དེ། རྒྱུ་མཚན་གང་གི་ཕྱིར་ཡན་ལག་ཅན་མེད་ན། ཡན་ལག་དག་ཀྱང་མེད་པ་དེའི་ཕྱིར་ཡན་ལག་རྣམས་མེད་པར་འགྱུར་ཏེ། ཤིང་རྟ་ལ་ཡན་ལག་ཅན་མེད་པར་རང་གི་སྡེ་པ་དེ་དག་གིས་ཁས་བླངས་པའི་ཕྱིར་རོ། །དེ་དག་གིས་ཀྱང་ཡན་ལག་ཚོགས་པ་ཆ་ཤས་ཅན་དང་། ཡན་ལག་རྣམས་ཆ་ཤས་སུ་འདོད་ཅིང་། དེ་བཞིན་དུ་ཡན་ལག་དང་ཡན་ལག་ཅན་དུའང་འདོད་པས། ཡན་ལག་ཅན་མེད་པར་ཁས་མ་བླངས་སོ་སྙམ་ན། སྐྱོན་མེད་དེ་རང་གི་ལུགས་ནི་ཕུང་པོའི་ཡ་གྱལ་དང་ཚོགས་པ་གཉིས་ཀ་ཉེ་བར་བླང་བྱ་ཡིན་པས། དེ་ཉེ་བར་ལེན་པ་པོར་མི་འདོད་པ་བཞིན་དུ། ཤིང་


JLD016_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྟའི་ཡན་ལག་རེ་རེ་བ་དང་ཚོགས་པ་གཉིས་ཀ་ཡན་ལག་ཏུ་འཇོག་གི །ཡན་ལག་ཅན་དུ་མི་འཇོག་ལ། སྡེ་པ་དེ་དག་གིས་ཀྱང་ཚོགས་པ་མིན་པའི་ཡན་ལག་ཅན་མི་འདོད་པའི་ཕྱིར་དང་། དེ་ཡང་འགོག་པའི་ཕྱིར་རོ། །འང་གི་སྒྲ་ནི་དངོས་སུ་མ་བརྗོད་པའི་ཚོགས་པ་བསྡུ་བའི་དོན་ཏེ། སྡོད་ཚུལ་ནི་ཡན་ལག་གི་དབྱིབས་ཙམ་ཡང་ཤིང་རྟར་རིགས་པ་མིན་ལ། ཚོགས་པ་ཙམ་པོ་ཡང་མི་རིགས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །གཉིས་པ་ནི། གཞན་ཡང་གལ་ཏེ་ཁྱོད་ཤིང་རྟའི་དབྱིབས་ཙམ་ཞིག་ཤིང་རྟར་འདོད་ན། དབྱིབས་དེ་ཡན་ལག་རེ་རེ་བ་དག་གི་ཡིན་ནམ། ཚོགས་པའི་ཡིན་པར་རྟོག་གྲང་། དང་པོ་ལྟར་ན་སྔར་མ་བསྒྲིགས་པའི་དབྱིབས་ཀྱི་ཁྱད་པར་མ་བཏང་བ་དག་གིའམ། སྔར་གྱི་དབྱིབས་ཀྱི་ཁྱད་པར་བཏང་བ་དག་གི་དབྱིབས་ཡིན། དེ་ལ་གལ་ཏེ་དང་པོ་ལྟར་འདོད་ནའང་དེ་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་ལྟར་ན་ཤིང་རྟའི་འཕང་ལོ་ལ་སོགས་པའི་ཡན་ལག་རེ་རེ་ལ་སྔར་མ་བསྒྲིགས་པའི་དུས་སུ་དབྱིབས་ཇི་ལྟར་ཡོད་པར་གྱུར་པ་བཞིན་དུ། ཕྱིས་བསྒྲིགས་ཏེ་ཤིང་རྟར་རྟོགས་པ་སྟེ་གྲུབ་པའི་དུས་སུའང་སྔ་མ་དེ་བཞིན་དུ་ཡོད་པ་ཡིན་ན། མ་བསྒྲིགས་པའི་བྱེ་བར་གྱུར་པའི་ཡན་ལག་དེ་དག་ལ་ཇི་ལྟར་ཤིང་རྟ་ཡོད་པ་མིན་པ་བཞིན་དུ། ད་ལྟར་ཡན་ལག་རྣམས་བསྒྲིགས་པའི་ཚེ་ཡང་ནི་ཤིང་རྟ་ཡོད་པ་མ་ཡིན་པར་འགྱུར་ཏེ། ཡན་ལག་སོ་སོ་བའི་དབྱིབས་ཙམ་ལ་ཁྱོད་ཤིང་རྟར་འཇོག་པའི་ཕྱིར་དང་། སྔ་ཕྱིའི་ཡན་ལག་སོ་སོ་བའི་དབྱིབས་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་ཕྱོགས་གཉིས་པ་སྟེ་དབྱིབས་ཀྱི་ཁྱད་པར་སྔ་མ་དང་མི་འདྲ་བ་


JLD016_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཞིག་ཕྱིས་འབྱུང་བ་དེ་ཤིང་རྟར་འགྱུར་ན། གལ་ཏེ་ད་ལྟ་ཤིང་རྟ་ཉིད་དུ་གྲུབ་པའི་དུས་འདིར་འཕང་ལོ་དང་ལ་སོགས་པས་སྲོག་ཤིང་དང་། གཟེར་བུ་ལ་སོགས་པ་ཤིང་རྟའི་ཡན་ལག་རྣམས་ཀྱི་དབྱིབས་ཀྱི་ཁྱད་པར་སོ་སོར་ལྷམ་པ་སྟེ་གྲུ་བཞི་དང་། རིང་པོ་དང་ཟླུམ་པོ་ལ་སོགས་པའི་དབྱིབས་སྔར་མ་བསྒྲིགས་པའི་དུས་དང་། མི་མཐུན་པའི་ཐ་དད་པ་ཡོད་ན། ཡན་ལག་སོ་སོའི་དབྱིབས་མི་མཐུན་པ་འདི་མིག་གི་ཤེས་པས་གཟུང་དུ་ཡོད་པར་འགྱུར་ན། དེ་ཡང་ཡོད་པ་མིན་ཏེ། དེའི་ཕྱིར་ཡན་ལག་སོ་སོའི་དབྱིབས་ཙམ་ཤིང་རྟར་ཡོད་པ་མ་ཡིན་ནོ། །ཅི་སྟེ་འཕང་ལོ་ལ་སོགས་པའི་ཡན་ལག་བསྒྲིགས་པའི་ཚོགས་པ་རྣམས་ཀྱི་དབྱིབས་ཁྱད་པར་བ་ཤིང་རྟར་འཇོག་གོ་སྙམ་ན། དེ་ཡང་མི་རིགས་སོ་ཞེས་བཤད་པ། གལ་ཏེ་ཚོགས་པ་ཞེས་བྱ་བ་དངོས་པོ་སྟེ་རྫས་སུ་ཡོད་པ་ཅུང་ཟད་ཅིག་ཡོད་ན་ནི། དེ་ལ་བརྟེན་པ་ཅན་གྱི་དབྱིབས་སུ་གདགས་པར་འགྱུར་རོ། །ཡན་ལག་ཚོགས་པ་ཞེས་བྱ་བ་རྫས་སུ་ཡོད་པ་ཅུང་ཟད་ཀྱང་མེད་དེ། །རྒྱུ་མཚན་གང་གི་ཕྱིར་ཁྱོད་ཀྱི་ལྟར་ན་ཚོགས་པ་ཅང་མེད་པ་སྟེ་ཅུང་ཟད་ཀྱང་རྫས་ཡོད་དུ་མེད་པས། དབྱིབས་དེ་ཡན་ལག་ཚོགས་པ་གདགས་གཞིར་བྱས་པ་ལ་བརྟེན་ནས་འདོགས་པ་མ་ཡིན་ཏེ། འདི་འདྲ་བའི་བཏགས་ཡོད་རྣམས་ནི་རྫས་ཡོད་རྟེན་དུ་བྱས་པ་ཁོ་ནར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་དང་། ཡན་ལག་ཚོགས་པ་ཡང་བཏགས་ཡོད་དུ་ཁས་བླངས་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་ཅི་ཡང་མ་ཡིན་པ་སྟེ་ཅུང་ཟད་ཀྱང་རྫས་སུ་ཡོད་པ་མ་ཡིན་པ་དེ་གདགས་གཞིར་བྱས་པ་ལ་བརྟེན་ནས།


JLD016_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟའི་སྐབས་འདིར་ནི་ཤིང་རྟར་འཇོག་པའི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །འདིར་ཕ་རོལ་པོས་བཏགས་ཡོད་ཀྱི་དངོས་པོ་རྣམས་རང་རྐྱ་ཐུབ་པའི་རྫས་ཡོད་རེ་གདགས་གཞིར་ཡོད་པ་ལ་བརྟེན་ནས་འདོགས་པར་ཁས་ལེན་ཞིང་། ཚོགས་པ་དང་དབྱིབས་གཉིས་ཀ་ཡང་བཏགས་ཡོད་དུ་འདོད་པས། ཚོགས་པ་དབྱིབས་ཀྱི་གདགས་གཞིར་འདོད་ན་འགལ་བ་ཙམ་ལས་མ་མཛད་ཀྱང་། སྐྱེས་བུའི་ཁ་དོག་སྐྱེས་བུར་འཇོག་ཏུ་མི་རུང་བ་བཞིན་དུ། ཤིང་རྟ་ལ་ཡང་དེའི་ཁ་དོག་དང་དབྱིབས་གང་ཡང་ཤིང་རྟར་གཞག་ཏུ་མི་རུང་སྟེ། དེ་གཉིས་ནི་ཤིང་རྟའི་ཉེ་བར་བླང་བྱ་ཡིན་པའི་ཕྱིར་ཞེས་པ་ལ་གོ་བར་བྱའོ། །གཉིས་པ་ནི། ཅི་སྟེ་ཚོགས་པ་མི་བདེན་པ་བཏགས་ཡོད་ཡིན་དུ་ཟིན་ཀྱང་། དེ་ལ་བརྟེན་ནས་མི་བདེན་པ་སྟེ་བཏགས་ཡོད་ཀྱི་དབྱིབས་སུ་འགྱུར་རོ་ཞེས་འདོད་ན། ཁྱོད་ཀྱིས་ཚོགས་པ་བཏགས་ཡོད་ལ་བརྟེན་ནས་དབྱིབས་བཏགས་ཡོད་འཇོག་པ་འདི་ནི་ཇི་ལྟར་འདོད་པ་དེ་ལྟར་དུ། མ་རིག་པ་དང་ས་བོན་ལྟ་བུའི་མི་བདེན་པ་ཡི་རྒྱུ་ལ་བརྟེན་པར་བྱས་ནས། འདུ་བྱེད་དང་མྱུ་གུ་ལྟ་བུ་འབྲས་བུའི་རྣམ་པ་མི་བདེན་པའི་རང་བཞིན་ནམ་ངོ་བོ་ཅན་རྣམས་སྐྱེ་བར་ཤེས་པར་བྱ་ལ། དེ་བཞིན་དུ་དེ་ལས་གཞན་པ་རྒྱུ་དང་འབྲས་བུའི་ངོ་བོ་མི་བདེན་པའི་རང་བཞིན་ཅན་ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་བྱ་སྟེ། འབད་རྩོལ་བརྒྱ་ཕྲག་བྱས་ཀྱང་གང་གི་ཤ་བཟའ་བར་མི་ནུས་པ། དངོས་པོ་གྲིབ་མའི་རི་དྭགས་ལྟ་བུ་བརྫུན་པ་ལ་བདེན་པར་མངོན་པར་ཞེན་པ་དོན་མེད་པ་འདིས་ནི་ཅི་ཞིག་བྱ་དེ་ལ་རང་གི་སྡེ་པ་མང་པོས་བུམ་པའི་གཟུགས་ལ་སོགས་པའི་རྡུལ་


JLD016_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དེ་ལྟར་འདབ་འབྱོར་དུ་གནས་པའི་ཚོགས་པ་རྣམས་བུམ་པ་ཡིན་པས། དེ་ལ་བུམ་པའི་བློར་འགྱུར་རོ་ཞེས་སྨྲ་བ་དེ་ཡང་ཤིང་རྟའི་དཔེ་འདིས་བསལ་བས་ན་དེ་ནི་རིགས་པ་མ་ཡིན་པ་ཉིད་དོ། །གཞན་ཡང་རང་བཞིན་གྱིས་སྐྱེ་བ་མེད་པར་སྔར་བཤད་ཟིན་པས་གཟུགས་སོགས་ཀྱང་རང་བཞིན་གྱིས་ཡོད་པ་མིན་ནོ། །དེ་ཡི་ཕྱིར་ཡང་རྫས་སུ་ཡོད་པའི་ཉེ་བར་ལེན་པ་ཅན་དུ་འདོད་པ་བུམ་པ་ལ་སོགས་པ་མི་རིགས་པས། བུམ་པ་ལ་སོགས་པ་དེ་དག་གཟུགས་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་དུ་མི་རིགས་སོ། །གསུམ་པ་ནི། འདིར་སྨྲས་པ་གལ་ཏེ་འོ་ན་ཤིང་རྟ་འདིའི་བཏགས་དོན། སྔར་བཤད་པའི་ཚུལ་གྱིས་རྣམ་པ་བདུན་དུ་བཙལ་བ་ན། ཡོད་པ་མ་ཡིན་པ་དེའི་ཚེ་ཤིང་རྟ་མེད་པར་འགྱུར་བས་ཤིང་རྟས་འཇིག་རྟེན་ན་ཐ་སྙད་འདོགས་པ་དེ་རྒྱུན་ཆད་པར་འགྱུར་ན། དེ་མི་འཐད་དེ། ཤིང་རྟ་འོན་ཅིག་ཉོས་ཤིག །ཆོས་ཤིག་ཅེས་བྱ་བ་ལ་སོགས་པ་བྱ་དགོས་པར་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ལ་གྲགས་པའི་ཕྱིར་ན་ཤིང་རྟ་ལ་སོགས་པ་ནི་ཡོད་དོ་ཞེ་ན། ཉེས་པ་འདི་ནི་རང་ཅག་གཉིས་ཀྱི་ནང་ནས་ཁྱོད་ཁོ་ན་ལ་འཇུག་པར་འགྱུར་བས། ངེད་ཀྱིས་ཁྱེད་ལ་དགོད་པར་བྱ་བ་ཡིན་ནོ། །ཇི་ལྟར་ཡིན་སྙམ་ན། ཁྱོད་ཀྱིས་ཤིང་རྟའི་བཏགས་དོན་རྣམ་པར་དཔྱད་པ་སྟེ་བཙལ་ནས། ཤིང་རྟ་འཇོག་པར་བྱེད་ཅིང་བཏགས་དོན་མ་བཙལ་བར་འགྲུབ་པའི་ཐབས་གཞན་ཁས་མ་བླངས་པའི་ཕྱིར་དང་། བཏགས་དོན་རྣམ་པ་བདུན་དུ་བཙལ་བ་ན། ཤིང་རྟ་འོན་ཅིག་ཅེས་བྱ་བ་སོགས་ཀྱི་འཇིག་རྟེན་གྱི་ཐ་


JLD016_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་རྣམས་ཁྱོད་ལ་ཇི་ལྟར་འགྲུབ་པར་འགྱུར་ཏེ་མི་འགྱུར་རོ། །རྩོད་པ་དེ་ལ་བསྟན་བཅོས་མཛད་པས་ནི་ལན་དེ་ལྟར་འདེབས་ལ། ད་ལྟའི་བོད་ཀྱི་ཐལ་འགྱུར་བར་འདོད་པ་རྣམས་ནི། རྣམ་པ་བདུན་དུ་བཙལ་བས་མ་རྙེད་ན་ཤིང་རྟ་འཇོག་མི་ནུས་སོ་ཞེས་རྩོད་པ་དེ་ཉིད་དབུ་མ་པའི་ལུགས་སུ་སྨྲ་སྟེ། དེས་ནི་རྣམ་པར་དག་པའི་ལུགས་ངན་རྟོག་གི་བཙོག་ཆུས་འབད་ནས་སློད་པར་བྱེད་པ་ཡིན་ནོ། །ཁོ་བོ་ཅག་ལ་ནི་སྔར་བཤད་པའི་རྩོད་པའི་ཉེས་པ་དེ་མེད་དེ། ཤིང་རྟ་དེ་ནི་དེ་ཉིད་དུ་སྟེ་དོན་དམ་པའམ། འཇིག་རྟེན་གྱི་ཀུན་རྫོབ་ཏུ་བཏགས་དོན་རྣམ་པ་བདུན་གྱིས་བཙལ་བ་ན་ཤིང་རྟ་འགྲུབ་པར་འགྱུར་བ་མིན་མོད་ཀྱི། དེ་ལྟ་ནའང་ཤིང་རྟ་འདི་ནི་བཏགས་དོན་འཚོལ་བའི་རྣམ་པར་དཔྱད་པ་མེད་པར་འཇིག་རྟེན་གྱི་ཐ་སྙད་ཉིད་ལས། སྔོན་པོ་དང་ཚོར་བ་ལ་སོགས་པ་ལྟར་འདིར་ནི་རང་གི་ཡན་ལག་འཕང་ལོ་སོགས་ལ་བརྟེན་ནས་འདོགས་པ་ཡིན་པ་དེའི་ཕྱིར་ས་མྱུག་སོགས་ལ། རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཁས་བླངས་པ་ལྟར། ཤིང་རྟ་ཡང་རང་གི་ཡན་ལག་ལ་བརྟེན་ནས་བཏགས་པར་ཁས་བླངས་པའི་ཕྱིར། ཁོ་བོ་ཅག་གི་ཕྱོགས་ལ་ཤིང་རྟ་འོན་ཅིག་ཅེས་པ་སོགས་ཀྱི་འཇིག་རྟེན་གྱི་ཐ་སྙད་མི་རུང་བར་མི་འགྱུར་ལ། ཕ་རོལ་པོས་ཀྱང་འདི་ཁས་བླང་བར་འོས་པ་ཡིན་ནོ་ཞེས་གསུངས་པས་ཤིང་རྟའི་བཏགས་དོན་བཙལ་ནས་མི་འཇོག་པ་དབུ་མ་པའི་ལུགས་ལ། འཇིག་རྟེན་གྱི་ཐ་སྙད་ཁས་ལེན་པ་དང་། ཕ་རོལ་པོས་ཀྱང་དེ་ཁས་བླང་དགོས་ཞེས་བསྟན་པར་བྱའི། ཕར་ལ་འཕངས་པའི་སྐྱོན་ཚུར་བཟློག་པའི་ཚེ་ལན་མ་ཐེབས་པ་ན་ཁས་བླང་མེད་ཅེས་སྨྲ་བར་མི་བྱའོ། །བཞི་པ་ནི།


JLD016_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་པའི་ཕྱོགས་འདིར་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཤིང་རྟས་ཐ་སྙད་འདོགས་པ་ཆེས་གསལ་བར་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཤིང་རྟའི་མིང་གི་ཁྱད་པར་གཞན་དག་ཀྱང་བཏགས་དོན་འཚོལ་བའི་ཚུལ་གྱིས་རྣམ་པར་དཔྱད་པ་མེད་པར་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཁས་བླང་པར་བྱའོ། །དེ་ལ་ཤིང་རྟ་དེ་ཉིད་ནི་འཕང་ལོ་ལ་སོགས་པ་རང་གི་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་དང་། ཡང་དེ་འཕང་ལོ་ལ་སོགས་པའི་ཆ་ཤས་ལ་ལྟོས་ནས་ནི་ཆ་ཤས་ཅན་དང་། ཤིང་རྟ་དེ་ཉིད་འཕང་ལོ་ལ་སོགས་པ་ཉེ་བར་བླང་བར་བྱ་བ་ཉེ་བར་ལེན་པའི་བྱ་བ་ལ་ལྟོས་ནས་ནི། བྱེད་པ་པོ་ཞེས་འགྲོ་བ་ལ་བསྙད་པ་དང་། རང་གི་ཉེ་བར་ལེན་པ་གཟུགས་ལ་སོགས་པའི་གདགས་གཞི་ལ་ལྟོས་ནས་ནི། སྐྱེ་བོ་རྣམས་ལ་ལེན་པ་པོ་ཉིད་དུ་ཡང་འགྲུབ་བོ། །གང་འགའ་ཞིག་གསུང་རབ་ཀྱི་དོན་ཕྱིན་ཅི་ལོག་ཏུ་རྟོགས་པས་ཡན་ལག་ཚོགས་པ་ཙམ་ཞིག་ཡོད་ཀྱི། ཚོགས་པ་ཙམ་དེ་མིན་པའི་ཡན་ལག་ཅན་ནི་རྣམ་པ་ཐམས་ཅད་དུ་མེད་དེ། ཚོགས་པ་དེ་ལས་ངོ་བོ་ཐ་དད་པར་མ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ་ཆ་ཤས་དང་ལས་དང་ཉེ་བར་ལེན་པ་ཚོགས་པ་ཙམ་ཞིག་ཡོད་ཀྱི། དེ་མིན་པའི་ཆ་ཤས་ཅན་དང་བྱེད་པ་པོ་དང་། ཉེ་བར་ལེན་པ་པོ་ནི་རྣམ་པ་ཐམས་ཅད་དུ་མེད་དེ། དེ་རྣམས་ལས་ངོ་བོ་ཐ་དད་པར་མ་དམིགས་པའི་ཕྱིར། ཞེས་དེ་ལྟ་བུར་རྣམ་པར་གནས་པའི་འཇིག་རྟེན་གྱི་ཀུན་རྫོབ་ཕྱིན་ཅི་ལོག་ཏུ་སྨྲ་བ་དེའི་ལྟར་ན། བཤད་མ་ཐག་པའི་ཡན་ལག་ཅན་མེད་པའི་གཏན་ཚིགས་དེ་ཉིད་ཀྱིས། ཡན་ལག་ལ་སོགས་པ་ཙམ་ཡང་མེད་པར་འགྱུར་


JLD016_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཇིག་རྟེན་ན་གྲགས་པའི་ཀུན་རྫོབ་ཤིང་རྟ་ལ་སོགས་པ་མ་བརླག་པ་སྟེ་འཇིག་པར་མ་བྱེད་ཅིག་ཅེས་འདི་ནི་བཟློག་པར་བྱ་བ་ཁོ་ནའོ། །འདིར་རང་གི་སྡེ་པ་གོང་འོག་གཞན་རྣམས་ཡན་ལག་ཚོགས་པ་ལ་སོགས་པ་ཡན་ལག་ཅན་ལ་སོགས་པར་འདོད་པ་ནི། དེ་རྣམས་ཡན་ལག་ཅན་ལ་སོགས་པར་མ་བཞག་ན་དེ་རྣམས་ལས་ངོ་བོ་ཐ་དད་པའི་ཡན་ལག་ཅན་ལ་སོགས་པ་ཡང་མེད་པར་མཐོང་ནས་བྱ་བ་བྱེད་ནུས་ཀྱི་ཡན་ལག་ཅན་ལ་སོགས་པ་འཇོག་མ་ཤེས་པས་དེ་ལྟར་འདོད་དེ། དེ་དག་གིས་ཡན་ལག་ཅན་ལ་སོགས་པའི་བཏགས་དོན་བཙལ་ནས་མ་རྙེད་ན། དེ་རྣམས་འཇོག་མི་ཤེས་པ་ཡིན་ནོ། །དེའི་ཕྱིར་ཤིང་རྟ་སོགས་མིང་དུ་བཏགས་པ་ཙམ་དུ་མི་འདོད་པས་ཤིང་རྟ་ལ་སོགས་པ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་ཡིན་པས། དེ་ལ་གསུང་རབ་ཀྱི་དོན་ཕྱིན་ཅི་ལོག་ཏུ་རྟོགས་པ་ཞེས་འགྲེལ་པར་གསུངས་ཏེ། ལུགས་དམ་པ་འདིས་ནི་ཡན་ལག་ཚོགས་ཙམ་དང་། དེའི་ཡ་གྱལ་སོགས་གང་ཡང་ཡན་ལག་ཅན་ལ་སོགས་པའི་མཚན་གཞིར་མ་བཟུང་ཡང་། ཡན་ལག་ཅན་ལ་སོགས་པ་མིང་དུ་བཏགས་པ་ཙམ་ལ་བྱ་བྱེད་ལེགས་པར་འཇོག་ནུས་པ་གསུང་རབ་ཀྱི་དོན་དུ་འགྲེལ་བ། ཐུབ་པའི་དགོངས་པ་ཐུན་མོང་མ་ཡིན་པ་ཡིན་པས། རྣམ་དཔྱོད་ཅན་གྱིས་དགོངས་པ་འགྲེལ་ལུགས་འདི་ལ་སྦྱང་བར་བྱའོ། །དྲུག་པ་ལ་ལྔ། དངོས་ཀྱི་དོན། དེ་ལ་རྩོད་པ་སྤོང་བ། ཤིང་རྟ་དང་བདག་གི་ཐ་སྙད་རྣམས་དཔེ་དོན་དུ་སྦྱར་བ། བརྟེན་ནས་བཏགས་པའི་བདག་ཁས་ལེན་པའི་ཡོན་ཏན་གཞན་བསྟན་པ། མཁས་རྨོངས་ཀྱི་འཆིང་གྲོལ་གྱི་གཞིའི་བདག་ངོས་གཟུང་བའོ། །དང་


previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next