Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
   
   
   
ཤོག་ལྷེབ་ ༥༠༡ ནས་ ༦༠༥ བར།
   
   
   
   
   
   
   


 
previousཤོག་ལྷེབ་ ༥༠༡ ནས་ ༦༠༥ བར།next

ཤོག་ལྷེབ་ ༥༠༡ ནས་ ༦༠༥ བར།


JLD016_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། གང་གི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་འདི་སྔར་བཤད་པ་དེ་ལྟར་བཏགས་དོན་འཚོལ་བའི་རྣམ་པ་བདུན་དུ་དཔྱད་པ་ན། ཡོད་པ་རྙེད་པར་མི་འགྱུར་ཞིང་། མ་བརྟགས་པ་གྲགས་པས་ཡོད་པ་དེ་ཉིད་ཀྱི་ཕྱིར། རྣལ་འབྱོར་པས་སྔར་བཤད་པའི་རིམ་པ་འདི་ཉིད་ཀྱིས་བདག་དང་ཤིང་རྟ་འདི་ལ་སྔར་ལྟར་རྣམ་པར་དཔྱོད་པ་ན། ཆེས་མྱུར་བ་ཁོ་ནར་དེ་ཁོ་ན་ཉིད་ཀྱི་གཏིང་དཔོགས་པར་འགྱུར་རོ། །དེ་ཇི་ལྟར་ཡིན་ཞེ་ན། ཤིང་རྟ་རང་བཞིན་གྱིས་གྲུབ་པ་ཞིག་ཡིན་ན་རྣམ་པ་བདུན་གྱིས་བཙལ་བ་ན་ངེས་པར་བདུན་པོ་གང་རུང་ཞིག་ཏུ་རྙེད་དགོས་པ་ལ། རྣལ་འབྱོར་པས་ཤིང་རྟ་འདིའི་ཡོད་པ་ཉིད་མི་རྙེད་དོ། །དེའི་ཚེ་རྣམ་པ་བདུན་གྱིས་བཙལ་བ་ན་མི་རྙེད་པ་གང་དེ་ཇི་ལྟ་བུར་ན་རང་བཞིན་གྱིས་ཡོད་ཅེས་ཏེ་མེད་དོ། །དེའི་ཕྱིར་ཤིང་རྟ་ངོ་བོ་ཉིད་ཀྱིས་གྲུབ་པ་ཞེས་བྱ་བ་ནི། མ་རིག་པའི་ལིང་ཏོག་གིས་བློའི་མིག་ཉམས་པར་བྱས་པ་ཁོ་ནས་བརྟགས་པ་ཡིན་གྱི། རང་བཞིན་གྱིས་གྲུབ་པ་ནི་ཡོད་པ་མ་ཡིན་ནོ་སྙམ་པ་དེ་ལྟར་རྣལ་འབྱོར་པ་ལ་ངེས་པ་སྐྱེ་བར་འགྱུར་ཞིང་། ཚུལ་དེས་དེ་ཁོ་ན་ཉིད་ལ་ཡང་རྣལ་འབྱོར་པ་བདེ་བླག་ཏུ་འཇུག་པར་འགྱུར་རོ། །འང་གི་སྒྲས་ནི་ཀུན་རྫོབ་ཀྱི་རྣམ་གཞག་ཉམས་པར་ཡང་མི་འགྱུར་བ་བསྡུའོ། །དེ་བས་ན་དབུ་མ་པའི་སྐབས་འདིར་ཤིང་རྟ་དེའི་གྲུབ་པའི་ཚུལ་ནི་མ་བརྟགས་པར་གྲུབ་པ་དེ་བཞིན་དུ་འདོད་པར་བྱའོ། །དབུ་མ་པའི་ལུགས་ལ་མཁས་པ་དག་གིས་སྔར་བཤད་པའི་ཕྱོགས་འདི་ནི་སྐྱོན་མེད་ཅིང་ཕན་ཡོན་དང་བཅས་པའོ་སྙམ་དུ་བསམས་ཏེ་ངེས་པར་ཁས་བླང་བར་བྱའོ་ཞེས་གསུངས་པས།


JLD016_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ལུགས་སྐྱོན་མེད་པ་རང་གི་ལུགས་ལ་ཁས་བླང་བར་བྱའི། །འདི་ལ་ལུགས་ཡོད་པ་མིན་ནོ་ཞེས་གནོད་བཀུར་བར་མི་བྱའོ། །གཉིས་པ་ནི། འདིར་སྨྲས་པ། རྣལ་འབྱོར་པས་སྔར་ལྟར་དཔྱད་པ་ན་ཤིང་རྟ་མ་དམིགས་པ་ལ་རག་མོད། དེའི་ཡན་ལག་ཚོགས་པ་ཙམ་ཞིག་དམིགས་པ་ནི་རང་བཞིན་གྱིས་ཡོད་དོ་ཞེ་ན། སྣམ་བུ་ཚིག་པའི་ཐལ་བ་ལ་སྣལ་མ་ཚོལ་བ་ཁྱོད་ནི་བཞད་གད་དུ་བྱ་བ་ཞིག་སྟེ། ཤིང་རྟ་རང་བཞིན་གྱིས་ཡོད་པ་ཉིད་མིན་ན། དེའི་ཚེ་ཡན་ལག་ཅན་ངོ་བོ་ཉིད་ཀྱིས་མེད་པས། དེའི་ཡན་ལག་དག་ཀྱང་ངོ་བོ་ཉིད་ཀྱིས་མེད་དོ། །གལ་ཏེ་ཤིང་རྟ་སོ་སོར་ཞིག་པ་ན་དེའི་འཕང་ལོ་ལ་སོགས་པ་ཚོགས་པ་དམིགས་པ་ཉིད་མ་ཡིན་ནམ། དེའི་ཕྱིར་ཡན་ལག་ཅན་མེད་པར་ཡན་ལག་དག་ཀྱང་མེད་དོ་ཞེས་ཅི་སྟེ་བརྗོད་ཅེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ་སོ་སོར་གྱེས་པའི་ཡན་ལག་ཤིང་རྟའི་ཡན་ལག་ཏུ་འཛིན་པ་ནི། སྔར་དེ་རྣམས་ཤིང་རྟ་དང་འབྲེལ་བར་རིག་པ་ཁོ་ནས། འཕང་ལོ་ལ་སོགས་པ་འདི་དག་ནི་ཤིང་རྟའི་ཡན་ལག་ཡིན་ནོ་སྙམ་དུ་རྟོགས་ཀྱི། སྔར་དེ་ལྟར་མི་ཤེས་པ་གཞན་གྱིས་ནི་མ་ཡིན་ཏེ། གང་ཟག་དེ་ནི་འཕང་ལོ་སོགས་ཀྱི་རང་གི་ཆ་ཤས་ལ་ལྟོས་ནས། འཕང་ལོ་ལ་སོགས་པ་ཁོ་ན་ཡན་ལག་ཅན་ཉིད་དུ་རྟོགས་པར་འགྱུར་རོ། །གང་ཟག་དེའི་ངོར་འཕང་ལོ་ལ་སོགས་པ་ཤིང་རྟ་དང་འབྲེལ་བ་ཡང་རྒྱང་རིང་དུ་སྤངས་པ་ཁོ་ན་ཡིན་པས། དེའི་ཚེ་དེ་དག་ནི་ཤིང་རྟའི་ཡན་ལག་ཏུ་མི་རྟོགས་སོ། །གཞན་ཡང་ཤིང་རྟ་རང་བཞིན་གྱིས་མ་གྲུབ་ན་དེའི་ཡན་ལག་ཀྱང་རང་བཞིན་གྱིས་ཡོད་པ་མིན་པའི་དོན་འདི་ནི། དཔེ་འདི་ལས་ཤེས་པར་


JLD016_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། དཔེར་ན་ཤིང་རྟ་ཡན་ལག་ཅན་མེས་ཚིག་ན་ཡན་ལག་རྣམས་ཀྱང་མེད་པ་སྟེ་མེས་འཚིག་པར་འགྱུར་བའི་དཔེ་དེ་བཞིན་དུ། རྣམ་པར་དཔྱོད་པའི་གཙུབ་ཤིང་གཙུབས་པ་ལས་བྱུང་བའི་མི་དམིགས་པ་རྟོགས་པའི་བློ་ཤེས་རབ་ཀྱི་མེས། ཡན་ལག་ཅན་ཤིང་རྟ་རང་བཞིན་གྱིས་གྲུབ་པ་ལུས་པ་མེད་པར་བསྲེགས་པ་ན། ཤེས་རབ་ཀྱི་མེའི་བུད་ཤིང་དུ་གྱུར་བའི་ཡན་ལག་དག་གིས་ཀྱང་བདག་ཉིད་ཟུག་ཚུགས་པར་ཏེ་རང་བཞིན་གྱིས་གྲུབ་པར་སྡོད་པར་བྱེད་མི་ནུས་ཏེ། ཤེས་རབ་ཀྱི་མེས་ངེས་པར་བསྲེགས་པའི་ཕྱིར་རོ། །གསུམ་པ་ནི། ཇི་ལྟར་ཀུན་རྫོབ་ཀྱི་བདེན་པ་མི་གཅད་པར་བྱ་བའི་ཕྱིར་དང་། རྣལ་འབྱོར་པ་རྣམས་དེ་ཁོ་ན་ཉིད་ལ་བདེ་བླག་ཏུ་འཇུག་པར་བྱ་བའི་ཕྱིར། ཤིང་རྟ་རྣམ་པར་དཔྱད་པའི་ཚུལ་ལ་བསམས་ཏེ་བརྟེན་ནས་གདགས་པ་རྣམ་པར་བཞག་པ་དེ་བཞིན་དུ། འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཉེ་བར་ལེན་པ་ཕུང་པོ་ལྔ་དང་། ཁམས་དྲུག་དང་། དེ་བཞིན་དུ་སྐྱེ་མཆེད་དྲུག་ལ་བརྟེན་ནས་བདག་ཀྱང་ཤིང་རྟ་ལྟར་ཉེ་བར་ལེན་པ་པོ་ཉིད་དུ་འདོད་དེ། དེ་དག་ལ་བརྟེན་ནས་བདག་ཏུ་བཏགས་པའི་ཕྱིར་རོ། །དེ་བཞིན་དུ་ཉེ་བར་ལེན་པ་ཕུང་པོ་ནི་ལས་ཡིན་ལ། བདག་འདི་ནི་བྱེད་པ་པོའང་ཡིན་ནོ་ཞེས་རྣམ་པར་བཞག་གོ །བཞི་པ་ནི། བདག་བརྟེན་ནས་གདགས་པ་ལ་འཇོག་པ་ན། བརྟན་པ་དང་མི་བརྟན་པ་ལ་སོགས་པའི་མཐར་འཛིན་གྱི་རྟོག་པའི་རྟེན་མིན་པས་མི་རྟག་པ་ལ་སོགས་པར་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་བཟློག་པར་སླ་བར་འགྱུར་རོ་ཞེས་བཤད་པ། ཕུང་པོ་དག་ལ་བརྟེན་ནས་


JLD016_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པའི་བདག་འདི་ནི་བརྟན་པ་དང་མི་བརྟན་པ་ཉིད་དུ་རང་བཞིན་གྱིས་ཡོད་པ་མིན་ནོ། །གལ་ཏེ་བདག་མི་བརྟན་པར་ངོ་བོ་ཉིད་ཀྱིས་ཡོད་ན་ནི། བདག་དང་ཉེ་བར་ལེན་པ་གཉིས་ངོ་བོ་ཐ་དད་པ་མི་རུང་བས་ཉེ་བར་ལེན་པ་ཉིད་བདག་ཏུ་འགྱུར་ལ། དེ་ལྟ་ན་བདག་སྐད་ཅིག་སོ་སོ་ལ་ངོ་བོ་ཉིད་ཀྱིས་སྐྱེ་འཇིག་སོ་སོར་བྱེད་པས་སྔ་ཕྱི་འབྲེལ་མེད་དུ་འགྱུར་བ་དང་། ཉེ་བར་བླང་བར་བྱ་བ་རྣམས་དེའི་ཉེ་བར་ལེན་པ་པོར་འགྱུར་བའི་ཕྱིར་མི་རིགས་སོ། །དེ་བཞིན་དུ་བརྟན་པ་སྟེ་རྟག་པར་ཡང་མི་འཐད་དེ། དེ་རྟག་ན་སྔོན་གྱི་ཚེ་རབས་སུ་བྱུང་བའི་དུས་ཀྱི་བདག་དེ་ཉིད་འདིར་བྱུང་བའི་བདག་ཡིན་པ་དང་། ཚེ་སྔ་མ་དང་འདིའི་བདག་གཉིས་ཀྱི་ཉེ་བར་ལེན་པའི་ཕུང་པོ་ངོ་བོ་ཐ་དད་པ་ཡིན་པས། བདག་གཅིག་ཏུ་མི་རུང་སྟེ་ཉེ་བར་ལེན་པ་ལས་ངོ་བོ་ཐ་དད་པའི་བདག་མེད་པའི་ཕྱིར་རོ། །རྩ་ཤེར། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་གསུངས་པ་འདི་ལས་ན་འདི་ནི་སྐྱེ་འཇིག་མིན་ཞེས་པའི་ཁྱད་པར་གཉིས་བཀོད་པ་སློབ་དཔོན་གྱི་བཞེད་པ་ཡིན་ནོ། །ཞེས་གསུངས་ཏེ། སྐྱེ་འཇིག་ནི་ངོ་བོ་ཉིད་ཀྱིས་གྲུབ་པའོ། །བདག་འདི་ལ་རྟག་པ་ཉིད་ལ་སོགས་པའི་བཞི་ཚན་ཡང་རང་བཞིན་གྱིས་ཡོད་པ་མིན་ཏེ། རྩ་ཤེ་ལས་དེ་བཞིན་གཤེགས་པ་བརྟག་པའི་ཐབས་ཀྱིས་ཡོངས་སུ་རྟོག་པར་མཛད་པ་ན། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །བདག་འདི་ནི་དེ་ཉིད་དེ་ངོ་བོ་གཅིག་པ་དང་གཞན་ཉིད་དུ་རང་བཞིན་གྱིས་མེད་དོ། །དེ་རྣམས་ཀྱི་རྒྱུ་མཚན་ནི་བདག་ཅེས་བྱ་བའི་དངོས་པོ་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་པའི་ཕྱིར་རོ། །ཇི་


JLD016_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ་མདོ་ལས། མི་ཟད་པ་ཡི་ཆོས་བཞི་ནི། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །སེམས་ཅན་ནམ་མཁའ་བྱང་ཆུབ་སེམས། །དེ་བཞིན་སངས་རྒྱས་ཆོས་རྣམས་སོ། །གལ་ཏེ་དེ་དག་རྫས་ཡོད་ན། །དེ་དག་ཡོངས་སུ་ཟད་འགྱུར་གྲང་། །མེད་པ་དེ་དག་མི་ཟད་དེ། །དེ་ཕྱིར་དེ་དག་ཟད་མེད་གསུངས། །ཞེས་སོ། །སེམས་ཅན་རྫས་སུ་མེད་པས་མི་ཟད་པར་གསུངས་པ་ནི་འདིར་ཁུངས་སོ། །ལྔ་པ་ནི། གང་ཞིག་བཏགས་དོན་རྣམ་པ་བདུན་གྱིས་བཙལ་བ་ན། རྟག་པ་དང་མི་རྟག་པ་ཉིད་དུ་མི་སྲིད་ཅིང་། བདག་གང་ཞིག་རང་བཞིན་གྱིས་གྲུབ་པ་མེད་པ་ཉིད་མ་མཐོང་ཞིང་། མ་རིག་པའི་དབང་གིས་རང་བཞིན་གྱིས་ཡོད་པ་ཉིད་དུ་ཞེན་ནས། འཇིག་ལྟས་བདག་འདི་ནི་རང་བཞིན་གྱིས་གྲུབ་པར་མངོན་པར་ཞེན་པ་རྣམས་འཁོར་བར་འགྱུར་ལ། བདག་གང་ཞིག་ཡོངས་སུ་ཚོལ་བ་ན། མུ་སྟེགས་པ་བདག་འཚོལ་བ་དེའི་རིགས་པས་ཕུང་པོ་ཉིད་བདག་ཏུ་མི་འཐད་པར་མཐོང་བས། བདག་དེའི་རང་གི་ངོ་བོ་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ཐམས་ཅད་ཕུང་པོ་ལས་ངོ་བོ་ཐ་དད་པར་ཞེན་ཅིང་། རང་གི་སྡེ་པ་རྣམས་ཀྱིས་ཀྱང་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་མེད་དོ་སྙམ་ཞིང་འཁྲུལ་བས། ཕུང་པོ་ཙམ་ཉིད་བདག་ཏུ་ཁས་བླངས་ཏེ། དེ་གཉིས་གང་རུང་ཞིག་ཏུ་ཁས་བླང་དགོས་སྙམ་དུ་བསམས་པའོ། །གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་འཆད་པ་རྣམས་ནི། སྔ་མ་དེ་གཉིས་གང་དུ་ཡང་ཡོད་པ་མ་ཡིན་ནོ་སྙམ་དུ་རིག་ནས་ལན་བརྒྱར་གྲོལ་བར་འགྱུར་བ་དེ་ནི་བདག་ཡིན་ཞིང་། འགྲོ་བ་མི་དང་ཡི་དྭགས་དང་དུད་འགྲོ་ལ་སོགས་པར་གནས་པ་


JLD016_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་རྣམས་ལ། རྟག་ཏུ་དམིགས་པའི་གཞི་གང་ཞིག་ལ་དམིགས་ནས་ངར་འཛིན་པའི་བློ་རབ་ཏུ་འབྱུང་ཞིང་། གང་དུ་བདག་འདི་དབང་བྱེད་པ་ཉིད་དམ། བདག་དེ་དང་འབྲེལ་བ་འགའ་ཞིག་ཏུ་འགྱུར་བ་བདག་འདི་གདགས་པའི་རྟེན་མིག་ལ་སོགས་པ་ནང་གི་བདག་ཉིད་ཅན་དང་། ཕྱི་རོལ་གང་ཡིན་པ་བདག་དེ་ཡི་བདག་གི་བ་གང་ཡིན་པ་དེར། ང་ཡི་བར་འཛིན་པའི་བློ་འབྱུང་བའི་བདག་དེ་ནི། མ་བརྟགས་པའི་གྲགས་པའི་ངོར་གཏི་མུག་སྟེ་མི་ཤེས་པ་ལས་གྲུབ་པ་ཡིན་གྱི་རང་གི་ངོ་བོས་གྲུབ་པ་ནི་མ་ཡིན་ནོ། །གང་གི་ཕྱིར་བདག་འདི་རང་བཞིན་གྱིས་ཡོད་པ་མིན་མོད་ཀྱི། འོན་ཀྱང་གཏི་མུག་སྟེ་མི་ཤེས་པ་ལས་ཡོད་པར་ཐ་སྙད་འདོགས་པའི་ཕྱིར། རྣལ་འབྱོར་པས་དེ་འདྲ་བའི་བདག་རྣམ་པ་ཐམས་ཅད་དུ་མ་དམིགས་ལ། དེ་མ་དམིགས་ནའང་མིག་ལ་སོགས་པ་བདག་རང་བཞིན་གྱིས་གྲུབ་པ་དེའི་ཉེ་བར་ལེན་པ་རྣམས་དམིགས་པར་མི་འགྱུར་ཏེ། འདི་ལྟར་རྣལ་འབྱོར་པས་ནི་བདག་དང་བདག་གི་བའི་གཞིའི་དངོས་པོ་འགའ་ལ་ཡང་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་དམིགས་པ་མེད་དེ། དེའི་ཕྱིར་འཁོར་བ་ལས་གྲོལ་བར་འགྱུར་ཏེ། རྩ་ཤེ་ལས། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། ཅེས་གསུངས་སོ། །གཉིས་པ་ནི། ཡང་ཇི་ལྟར་བདག་རང་བཞིན་གྱིས་མེད་ན་བདག་གི་བ་ཡང་རང་བཞིན་གྱིས་མེད་ཅེ་ན། ཇི་ལྟར་བྱེད་པ་པོ་རྫ་མཁན་མེད་པ་ཅན་གྱི་ལས་སུ་བྱ་བ་རྫ་བུམ་མེད་པ་དེའི་ཕྱིར་བདག་གི་བ་རང་བཞིན་གྱིས་གྲུབ་པ་ནི། བདག་རང་བཞིན་གྱིས་གྲུབ་པ་མེད་


JLD016_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡོད་པ་མིན་ནོ། །དེའི་ཕྱིར་བདག་དང་བདག་གི་བ་གཉིས་རང་བཞིན་གྱིས་གྲུབ་པས་སྟོང་པར་ལྟ་ཞིང་། དེའི་དོན་གོམས་པར་བྱེད་པ་ན་རྣལ་འབྱོར་པ་དེ་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་རོ། །གཟུགས་ལ་སོགས་པ་རང་བཞིན་གྱིས་གྲུབ་པ་མ་དམིགས་པ་ན། གཟུགས་ལ་སོགས་པ་རང་བཞིན་གྱིས་གྲུབ་པར་རྟོག་པའི་ཆགས་སོགས་ཀྱི་ཉོན་མོངས་རྣམས་ཟད་པར་འགྱུར་བས། ཉན་རང་རྣམས་ཡང་སྲིད་ལེན་པ་མེད་པར་མྱ་ངན་ལས་འདའ་ལ། བྱང་སེམས་ནི་དེ་འདྲ་བའི་བདག་མེད་པ་མཐོང་དུ་ཟིན་ཀྱང་། སྙིང་རྗེའི་གཞན་གྱི་དབང་གིས་བྱང་ཆུབ་ཀྱི་བར་དུ་སྲིད་པའི་རྒྱུན་གྱི་སྐྱེ་བ་འཛིན་པར་བྱེད་དོ། །དེ་ལྟར་ཐེག་པ་ཆེ་ཆུང་གཉིས་ཀའི་ལམ་གྱི་གནད་དམ་པ་ཡིན་པའི་ཕྱིར་མཁས་པས་ཇི་སྐད་བཤད་པའི་བདག་མེད་པ་ཡོངས་སུ་བཙལ་བར་བྱའོ། །གསུམ་པ་ལ་གསུམ། བུམ་སྣམ་སོགས་ཀྱི་དངོས་པོ་ལ་བསྒྲེ་བ། རྒྱུ་དང་འབྲས་བུའི་དངོས་པོ་ལ་བསྒྲེ་བ། དེ་ལ་གཞན་གྱི་རྩོད་པ་སྤང་བའོ། །དང་པོ་ནི། ཇི་ལྟར་བདག་དང་དེའི་ཉེ་བར་ལེན་པའི་གདགས་པ་རྣམས་ཤིང་རྟའི་དཔྱད་པ་དང་མཚུངས་པ་དེ་བཞིན་དུ། དངོས་པོ་གཞན་རྣམས་ཀྱི་དཔྱད་པ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་དག་བུམ་པ་དང་སྣམ་བུ་དང་རི་ལྡེ་དང་། དམག་དང་ནགས་ཚལ་དང་། འཕྲེང་བ་དང་ལྗོན་ཤིང་དང་། ཁང་ཁྱིམ་དང་ཤིང་རྟ་ཕྲན་དང་། འགྲོན་གནས་ལ་སོགས་པའི་དངོས་པོ་དེ་རྣམས་ཤིང་རྟའི་རྣམ་པར་དཔྱད་པས། རང་རང་གི་བཏགས་དོན་རྣམ་པ་བདུན་དུ་བཙལ་བ་ན་


JLD016_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་ཡིན་ཞིང་། བཙལ་བ་དེ་ལས་གཞན་དུ་གྱུར་པར་ཏེ་མ་དཔྱད་པར་འཇིག་རྟེན་ན་གྲགས་པའི་སྒོ་ནས་ཡོད་པ་ཡིན་ནོ། །ཤིང་རྟ་ཕྲན་ལ་བོད་ཀྱི་བླ་མ་ཁ་ཅིག །ཤ་ཀ་ཀྲ་ནི་འཁོར་ལོ་ཅན་ཏེ་ཤིང་རྟའི་ཕྲན་ཇ་སིག་གསུམ་ཙམ་འགེལ་བ་སྟེ། དེ་ཡང་འཁོར་ལོ་དང་བར་ཡང་ཡོད་པའི་ཁང་པ་གཅིག་ཡིན་ཟེར་རོ། །དེ་བཞིན་ཏེ་དེ་ལྟ་བུའི་རིགས་ཅན་གྱི་དངོས་པོ་གཞན་གང་དག་གི་སྒོ་ནས་སྐྱེ་བོ་འདིས་བསྙད་པ་སྟེ་ཐ་སྙད་བཏགས་པ་དེ་རྣམས་ཀྱང་། མི་བརྟགས་པའི་གྲགས་པ་ཁོ་ནར་ཡོད་པར་རྟོགས་པར་བྱ་སྟེ། རྒྱུ་མཚན་གང་གི་ཕྱིར་ན་ཐུབ་པའི་དབང་པོ་དེ་ནི་འཇིག་རྟེན་དང་ལྷན་ཅིག་འཇིག་རྟེན་ལ་མི་མཐུན་པའི་རྩོད་པ་མི་མཛད་པར་གསུངས་པའི་ཕྱིར་ཏེ། དཀོན་བརྩེགས་ཀྱི་སྡོམ་པ་གསུམ་བསྟན་པ་ལས། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དོ། །ཞེས་འཇིག་རྟེན་གྱི་ཐ་སྙད་གནོད་མེད་ཀྱིས་ཡོད་པར་བཞག་པ་རྣམས། ཐུབ་པས་ཀྱང་ཞལ་གྱིས་བཞེས་པར་གསུངས་པས་ན། །འཇིག་རྟེན་གྱི་གྲགས་པ་ལ་གནོད་པར་མི་བྱའོ། །གང་ཡང་འཇིག་རྟེན་པ་རྣམས་དངོས་པོ་གང་དག་གིས་ཇི་ལྟར་ཐ་སྙད་འདོགས་ཞེ་ན། དེ་བསྟན་པའི་ཕྱིར་བཤད་པ། ཇི་ལྟར་བུམ་པ་ཡན་ལག་ཅན་དང་གྱོ་མོ་ལ་སོགས་པ་དེའི་ཡན་ལག་དང་། བུམ་པ་ཡོན་ཏན་ཅན་ཡིན་ལ། མེ་རིས་སྔོ་བསངས་ལ་སོགས་པ་དེའི་ཡོན་ཏན་དང་། ཡིད་དུ་འོང་བའི་ཡུལ་ལ་ཆགས་པའི་སེམས་ཅན་ནམ་གང་ཟག་འདོད་ཆགས་ཀྱི་རྟེན་ནི་ཆགས་པ་དང་། ཟག་བཅས་ཀྱི་ཡུལ་ཡིད་དུ་འོང་བ་ལ་དམིགས་ནས་ལྷག་པར་སྲེད་པ་ནི་འདོད་ཆགས་དང་། བུམ་པ་ནི་མཚན་གཞི་དང་། ལྟོ་བ་ལྡིར་བ་དང་མཆུ་འཕྱང་བ་


JLD016_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་རིང་བ་ལ་སོགས་པ་དག་དེའི་མཚན་ཉིད་དང་། མེ་ནི་སྲེག་པར་བྱེད་པ་དང་། བུད་ཤིང་ནི་བསྲེག་པར་བྱ་བ་ལ་སོགས་པ་ནི། ཡན་ལག་ལ་བརྟེན་ནས་ཡན་ལག་ཅན་དང་། ཡན་ལག་ཅན་ལ་བརྟེན་ནས་ཡན་ལག་ཏུ་འདོགས་ཏེ། དེ་བཞིན་དུ་མེ་དང་བུད་ཤིང་གི་བར་དུ་ཕན་ཚུན་བརྟེན་ནས་འདོགས་པའི་བར་དུའོ། །འདི་རྣམས་ཀྱི་བཏགས་དོན་རྣམ་པ་བདུན་དུ་བཙལ་བ་ན་མེད་ཀྱང་ཡོད་པར་འཇོག་ནུས་པ་ནི། འཇིག་རྟེན་གྱི་ཐ་སྙད་ཀྱིས་ཡིན་གྱི། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པའི་དཔྱད་ར་མི་གཞུག་གོ །གཉིས་པ་ནི། ཡན་ལག་ལ་སོགས་པ་རྣམས་ཕན་ཚུན་ལྟོས་པའི་གྲུབ་པ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྒྱུ་དང་འབྲས་བུ་གཉིས་ཀྱང་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་ནོ་ཞེས་བཤད་པ། གང་གི་ཕྱིར་ན་གལ་ཏེ་རྒྱུ་ཡིས་བསྐྱེད་པར་བྱ་བ་འབྲས་བུ་སྐྱེད་པ་དེ་ལྟ་ན་སྐྱེད་བྱེད་དེ་རྒྱུ་ཡིན་ཞིང་། གལ་ཏེ་འབྲས་བུ་མི་སྐྱེད་ན་ནི་སྐྱེད་པ་དེ་མེད་པས། འབྲས་བུ་དེ་རྒྱུ་མེད་པ་ཅན་དུ་འགྱུར་རོ། །འབྲས་བུ་ཡང་ནི་རྒྱུ་ཡོད་པར་གྱུར་ན། དེ་ལས་སྐྱེ་བར་འགྱུར་བ་དེ་ཡི་ཕྱིར་རྒྱུ་འབྲས་གཉིས་ཀྱང་ཕན་ཚུན་ལྟོས་ནས་ཡོད་པ་ཡིན་གྱི། རང་བཞིན་གྱིས་ཡོད་པ་མིན་ནོ། །ཅི་སྟེ་རྒྱུ་འབྲས་རང་གི་ངོ་བོས་གྲུབ་པར་སེམས་ན། ཀྱེ་རྒྱུའམ་འབྲས་བུ་གང་ལ་བརྟེན་ནས་དེ་གཉིས་གང་ཞིག་ཏུ་འགྱུར་བ་གང་ཞིག་སྟེ་དེ་གཉིས་ལས་སྔར་རྒྱུ་གང་ཞིག་གམ་འབྲས་བུ་གང་ཞིག་འགྱུར་བ་དེ་སྨྲོས་ཤིག །དེ་ལྟ་རང་བཞིན་གྱིས་གྲུབ་པ་ལ་རྒྱུ་སྔ་བ་མི་རིགས་ཏེ། རྒྱུའི་དུས་སུ་རྒྱུའི་ལྟོས་ས་འབྲས་བུ་དེ་གྲུབ་དགོས་པས་


JLD016_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འབྲས་བུ་སྔ་བ་ཡང་མི་རིགས་ཏེ་རྒྱུ་མེད་དུ་འགྱུར་བས་སོ། །དེའི་ཕྱིར་རྒྱུ་དང་འབྲས་བུར་གདགས་པ་ཡང་ཤིང་རྟ་ལྟར་ཕན་ཚུན་བརྟེན་ནས་གྲུབ་པར་རིག་པར་བྱའི་རང་བཞིན་ལས་གྱུར་པ་ནི་མ་ཡིན་ནོ། །གཞན་ཡང་གལ་ཏེ་རྒྱུ་ཡིས་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་ན། འབྲས་བུ་དང་ཕྲད་ནས་སམ་མ་ཕྲད་པར་སྐྱེད་པར་བྱེད། དེ་ལ་གལ་ཏེ་ཁྱོད་ཀྱི་ལྟར་ན་རྒྱུ་ཡིས་འབྲས་བུ་དང་ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་ན། དེ་ཡི་ཚེ་རྒྱུ་འབྲས་དེ་དག་ནུས་པ་གཅིག་ཏུ་འགྱུར་ཏེ། ཀླུང་དང་རྒྱ་མཚོའི་ཆུ་ཕྲད་པ་བཞིན་ནོ། །གཅིག་ཏུ་སོང་ན་འདི་ནི་རྒྱུ་དང་འབྲས་བུའོ་ཞེས་དབྱེ་བར་མི་ནུས་ཏེ། སྐྱེད་བྱེད་དང་འབྲས་བུ་ཐ་དད་མེད་པར་འགྱུར་བའི་ཕྱིར་གང་གིས་གང་ཞིག་སྐྱེད་པར་གྱུར། ཅི་སྟེ་སོ་སོར་ཏེ་མ་ཕྲད་པར་སྐྱེད་ན་ནི། འབྲས་བུའི་རྒྱུར་འདོད་པ་འདི། དེའི་རྒྱུ་མིན་པ་རྣམས་དང་སྐྱེད་མི་སྐྱེད་ཁྱད་པར་མེད་པར་འགྱུར་ཏེ། རང་བཞིན་གྱིས་གྲུབ་པའི་སོ་སོ་བ་རྣམས་འབྲེལ་མེད་དོན་གཞན་དུ་འགྱུར་བའི་ཕྱིར་རོ། །རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་སྨྲ་བ་ལ་བསྐྱེད་བྱ་སྐྱེད་བྱེད་ལ་ཕྲད་མ་ཕྲད་ཀྱི་རྟོག་པ་གཉིས་པོ་འདི་དག་སྤངས་ནས་ཏེ་དེ་མ་གཏོགས་པའི་རྟོག་པ་གསུམ་པ་གཞན་ཡང་ཡོད་པར་འགྱུར་བ་མ་ཡིན་པས་རང་བཞིན་གྱིས་གྲུབ་པའི་རྒྱུས་འབྲས་བུ་མི་སྐྱེད་པ་ཁོ་ནའོ། །དེའི་ཕྱིར་ཅི་སྟེ་ཁྱོད་ཀྱི་ལྟར་རང་བཞིན་གྱིས་གྲུབ་པའི་རྒྱུ་ཡིས་འབྲས་བུ་སྐྱེད་པར་མི་བྱེད་པ་དེའི་ཕྱིར་འབྲས་བུ་ཞེས་བྱ་བ་རང་བཞིན་གྱིས་ཡོད་པ་མིན་ལ། རྒྱུ་རྒྱུ་ཉིད་དུ་འཇོག་པའི་རྒྱུ་མཚན་ནི་། འབྲས་བུ་འབྱུང་བ་ཡིན་ན་གལ་ཏེ་འབྲས་བུ་དང་བྲལ་བ་སྟེ་མེད་པར་ཡང་རྒྱུ་རྒྱུ་ཉིད་དུ་འཇོག་ནུས་ན་ནི། དེའི་ཚེ་རྒྱུ་ནི་


JLD016_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་འཇོག་པའི་རྒྱུ་མཚན་མེད་པ་ཅན་དུ་འགྱུར་ན། འདི་ནི་ཡོད་པའང་མིན་ཏེ། དེའི་ཕྱིར་རྒྱུ་འབྲས་གཉིས་རང་བཞིན་གྱིས་ཡོད་པ་མིན་ནོ། །འོ་ན་ཁྱོད་ཀྱི་ལྟར་ན་ཇི་ལྟར་ཡིན་ཞེ་ན། རྒོལ་བ་གང་གི་ལྟར་ན་བསྐྱེད་བྱ་སྐྱེད་བྱེད་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་དེ་ལ། རྒྱུས་འབྲས་བུ་དང་ཕྲད་མ་ཕྲད་ཀྱི་བརྟག་པ་བྱས་ནས་ཕྱོགས་གཉིས་ཀ་ལ་སྐྱོན་དུ་འགྱུར་བ་ཡིན་གྱི། གང་གི་ཕྱིར་གང་གི་ལྟར་ན་དངོས་པོ་རྣམས་ལོག་པར་ཀུན་བརྟགས་པའི་དབང་གིས་བསྐྱེད་ཅིང་ཐ་སྙད་ཙམ་གྱི་རྟོག་པས་བཞག་པའི་ཕྱིར། རྒྱུ་འབྲས་འདི་དག་གཉིས་ཅར་ཡང་ནི་སྒྱུ་མ་དང་འདྲ་བར་རང་བཞིན་གྱིས་མ་སྐྱེས་པ་ཡིན་ཞིང་། རང་བཞིན་གྱིས་གྲུབ་པ་མེད་ཀྱང་རབ་རིམ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ལྟར། ཐ་སྙད་པའི་རྣམ་པར་རྟོག་པ་ཙམ་གྱིས་འཇོག་པའི་ཡུལ་དུ་འགྱུར་བ་ལ་ནི། རང་བཞིན་གྱིས་གྲུབ་པའི་རྒྱུ་འབྲས་ཁས་ལེན་པ་ལ་བཀོད་པའི་སྐྱོན་མཚུངས་པ་བསམ་དུ་མེད་པ་ཉིད་དོ། །དེ་ཡི་ཕྱིར་བདག་ལ་ཇི་སྐད་བཤད་པའི་ཕྲད་མ་ཕྲད་ཀྱི་སྐྱོན་དུ་མི་འགྱུར་ཞིང་། འཇིག་རྟེན་ལ་གྲགས་པ་ཡི་དངོས་པོ་མ་བརྟགས་པར་གྲུབ་པ་རྒྱུ་འབྲས་དང་ཤིང་རྟ་ལ་སོགས་པ་རྣམས་ཀྱང་ཡོད་པས་ཐམས་ཅད་འགྲུབ་བོ། །འདིར་འགྲེལ་པས་དགག་བྱའི་ཁྱད་པར་རང་བཞིན་གྱིས་དང་རང་གི་ངོ་བོས་གྲུབ་པ་སོགས་ཀྱི་རྒྱུ་འབྲས་ལ་གནོད་པ་བརྗོད་པ། རང་བཞིན་གྱིས་མེད་པ་སྒྱུ་མ་ལྟར་སྨྲ་བ་ལ་ཚུར་ལ་བཟློག་ན་མི་འཇུག་ཅེས་སྨྲ་དགོས་པ་ཡིན་གྱི། རང་བཞིན་གྱིས་གྲུབ་པ་དང་ཡོད་པ་གཉིས་ཀྱི་ཁྱད་པར་མ་ཕྱེད་པའི་


JLD016_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ལྟར་སྣང་འབའ་ཞིག་འདེབས་པ་མི་བྱའོ། །གསུམ་པ་ལ་གཉིས། རྒྱུ་འབྲས་རང་བཞིན་གྱིས་གྲུབ་པ་འགོག་པ་ལ་སྐྱོན་མཚུངས་པའི་རྩོད་པ། རང་ལ་སྐྱོན་མི་མཚུངས་པའི་ལན་བསྟན་པའོ། །དང་པོ་ནི། འདིར་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པ་བཀག་པའི་ལན་དུ། ཁ་ཅིག་འདི་སྐད་དུ་རྒྱུས་འབྲས་བུ་སྐྱེད་པ་ལ་ཕྲད་མ་ཕྲད་ཀྱི་བརྟག་པ་བྱེད་པ་ནི་ཁྱེད་ལ་ཡང་མཚུངས་སོ། །ཇི་ལྟར་ཞེ་ན། ཁྱོད་ཀྱི་སུན་འབྱིན་པ་འདིས་སུན་དབྱུང་བྱ་ཕྲད་ནས་སུན་འབྱིན་ནམ། མ་ཕྲད་པར་སུན་འབྱིན་པ་ཡིན་ཞེས་པའི་ཉེས་པ་འདི་ནི་ཁྱོད་ལའང་འགྱུར་བ་མ་ཡིན་ནམ་སྟེ་ཡིན་ཏེ། འདི་ལྟར་གལ་ཏེ་ཕྲད་ནས་སུན་འབྱིན་ན་གཅིག་ཏུ་འགྱུར་བས་གང་གིས་གང་སུན་འབྱིན། འོན་ཏེ་མ་ཕྲད་པར་སུན་འབྱིན་ན་ནི། མ་ཕྲད་པར་མཚུངས་པ་ཐམས་ཅད་ཀྱིས་སུན་འབྱིན་པར་འགྱུར་བས་མི་རིགས་ལ། བརྟགས་པ་གཉིས་པོ་འདི་ལས་གཞན་པའི་བརྟག་པ་གསུམ་པ་ཡང་མེད་དོ། །དེ་ལྟར་བྱས་ན་ཁྱོད་ཀྱི་སུན་འབྱིན་པ་ལ་སུན་དབྱུང་བྱ་སུན་འབྱིན་པའི་ནུས་པ་མེད་པས། ཁྱོད་ཀྱི་སུན་འབྱིན་ཉིད་སུན་ཕྱུང་བ་ཡིན་པས་ཤུགས་ཀྱིས་ན་རྒྱུ་འབྲས་ཀྱི་དངོས་པོ་ཡང་རང་བཞིན་གྱིས་གྲུབ་པ་ཉིད་དོ་ཞེས་བརྟན་པའི་ཕྱིར་སྨྲས་པ། གང་གི་ཚེ་སུན་འབྱིན་ལྟར་སྣང་དེ་སྐད་སྨྲ་ཞིང་རང་གི་ཕྱོགས་ཁོ་ན་རྣམ་པར་འཇོམས་པ་དེའི་ཚེ་ཁྱོད་ཀྱིས་གཞན་གྱི་ལུགས་སུན་དབྱུང་བར་བྱ་བ་སུན་ནི་འབྱིན་པར་ནུས་པ་མ་ཡིན་ནོ། །གཞན་ཡང་གང་གི་ཕྱིར་ན་རྒོལ་བ་རང་གི་ཚིག་ལའང་ཕྱིར་རྒོལ་གཞན་ལ་འཕངས་པའི་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱིས་ཏེ་སུན་འབྱིན་ལྟར་སྣང་


JLD016_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གིས། རིགས་པ་མེད་པར་དངོས་པོ་མཐའ་དག་ལ་སྐུར་པ་འདེབས་པ་དེའི་ཕྱིར་ཁྱོད་ནི་སྐྱེ་བོ་དམ་པས་བཞེད་པ་སྟེ་འདོད་པར་མི་འགྱུར་རོ། །ཇི་ལྟར་ཞེ་ན། མ་ཕྲད་པར་སྐྱེད་ན་མ་ཕྲད་པར་མཚུངས་པ་ཐམས་ཅད་ཀྱིས་སྐྱེད་དགོས་པ་ལ། དེ་དག་གིས་སྐྱེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཞིག་ཡོད། འདི་ལྟར་ཁབ་ལོང་གིས་མ་ཕྲད་པ་ཉིད་དུ་རུང་བའི་ཡུལ་ན་གནས་པའི་ལྕགས་འདྲེན་པར་བྱེད་ཀྱི་མ་ཕྲད་པ་ཐམས་ཅད་ནི་མི་འདྲེན་ལ། མིག་གིས་ཀྱང་མ་ཕྲད་པ་ཁོ་ནར་རུང་བའི་ཡུལ་ན་གནས་པའི་གཟུགས་མཐོང་གིས། མ་ཕྲད་པ་ཐམས་ཅད་མི་མཐོང་བ་དེ་བཞིན་དུ། རྒྱུས་ཀྱང་མ་ཕྲད་པར་སྐྱེད་དུ་ཟིན་ཀྱང་མ་ཕྲད་པ་ཐམས་ཅད་སྐྱེད་པར་མི་འགྱུར་གྱི། འབྲས་བུ་རུང་བ་ཁོ་ན་སྐྱེད་པར་བྱེད་དོ། །གཞན་ཡང་གང་གི་ཕྱིར་ཁྱོད་ནི་སུན་ཅི་ཕྱིན་དུ་རྒོལ་བ་ཉིད་དུ་ཡང་འགྱུར་ཏེ། རང་གི་ཕྱོགས་བཞག་པ་དང་བྲལ་ཞིང་གཞན་ཕྱོགས་སེལ་བ་ཙམ་ལ་ཞུགས་པའི་རྒོལ་བ་ནི་སུན་ཅི་ཕྱིན་དུ་རྒོལ་བ་པ་ཞེས་བྱ་ན། ཁྱོད་ཀྱང་དེ་ལྟར་གནས་པའི་ཕྱིར་རོ་ཞེ་ན། གཉིས་པ་ལ་བཞི། རང་གི་ཕྱོགས་ལ་སུན་འབྱིན་དང་སྒྲུབ་པ་འཐད་ཚུལ། གཞན་གྱི་ཐལ་བ་མི་མཚུངས་པའི་རྒྱུ་མཚན་གསལ་བར་བཤད་པ། རང་བཞིན་མེད་པ་སྒྲུབ་ནུས་པ་བཞིན་དུ་གཞན་གྱིས་བཟློག་སྟེ་བསྒྲུབ་མི་ནུས་པ། འདིར་མ་བཤད་པའི་སུན་འབྱིན་ལྷག་མ་ཤེས་པར་བྱེད་ཚུལ་ལོ། །དང་པོ་ལ་གཉིས། ཐ་སྙད་དུ་གཞན་ཕྱོགས་སུན་འབྱིན་པ་ཁས་ལེན་ཚུལ་དང་། རང་གི་ཕྱོགས་སྒྲུབ་པ་ཁས་ལེན་ཚུལ་


JLD016_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །དང་པོ་ནི། འདི་ལ་བརྗོད་པར་བྱ་སྟེ། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་པར་སུན་ནི་འབྱིན་པར་བྱེད་དམ། འོན་ཏེ་ཕྲད་ནས་སུན་འབྱིན་པར་བྱེད་པ་ཡིན་ཞེས་སྔར་སྨྲས་ཟིན་པའི་ཉེས་པ་ནི། འདིར་རྒོལ་བ་གང་ལ་ཕྱོགས་ཡོད་པ་སྟེ་རང་བཞིན་གྱིས་གྲུབ་པའི་དོན་དམ་འཆའ་བ་དེ་ལ་སྐྱོན་དུ་འགྱུར་གྱི། བདག་ལ་རང་བཞིན་ཀྱིས་གྲུབ་པའི་དོན་དམ་འཆའ་བའི་ཕྱོགས་འདི་ནི་ཡོད་པ་མིན་པས། ཕྲད་མ་ཕྲད་གཉིས་ཀ་ལ་སྐྱོན་བསྟན་པའི་ཐལ་བར་འགྱུར་བ་འདི་ནི། བདག་ལ་སྲིད་པ་མ་ཡིན་ཏེ། ངེད་ཀྱི་ལྟར་ན་སུན་དབྱུང་བྱ་དང་སུན་འབྱིན་པ་གཉིས་ཀ་རང་བཞིན་གྱིས་མ་གྲུབ་པར་ཁས་ལེན་པའི་ཕྱིར་རོ། །འགྲེལ་པར་སྔར་གཞན་གྱི་ཕྱོགས་ལ་རྒྱུས་འབྲས་བུ་སྐྱེད་པ་ལ་ཕྲད་མ་ཕྲད་ཀྱི་བརྟག་པ་བྱས་པའི་སྐྱོན་རང་ལ་མི་མཚུངས་པའི་རྒྱུ་མཚན་དུ། ཕ་རོལ་པོས་རྒྱུ་འབྲས་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་ལ། རང་གིས་རང་བཞིན་གྱིས་མ་གྲུབ་པའི་སྒྱུ་མ་བཞིན་དུ་ཁས་བླངས་པ་བཀོད་དོ། །སྐབས་འདིར་ཡང་གཞན་ལ་འཕངས་པའི་སྐྱོན་རང་ལ་མི་འོང་བའི་རྒྱུ་མཚན་དུ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །ཞེས་གསུངས་པས་རང་ལ་མི་མཚུངས་པའི་རྒྱུ་མཚན་ནི། ཕྱོགས་གཉིས་རང་བཞིན་གྱིས་གྲུབ་པ་ཁས་མི་ལེན་པ་ཡིན་པར་གདོན་མི་ཟ་བར་འདོད་པར་བྱའོ། །དེའི་ཕྱིར་རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ལ་སྐྱོན་མེད་ཁོ་ན་ཡིན། །ཞེས་སོགས་ཀྱིས་དམ་བཅའ་དང་ཕྱོགས་མེད་པར་


JLD016_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཐམས་ཅད་ཀྱི་དོན་ཡང་སྔར་བཞིན་ཤེས་པར་བྱའོ། །ཇི་སྐད་དུ་རྒྱལ་པའི་ཡུམ་ལས། ཚེ་དང་ལྡན་པ་རབ་འབྱོར། ཅི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་འཐོབ་པར་འགྱུར་རམ། འོན་ཏེ་མ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་འཐོབ་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་འཐོབ་པར་མི་འདོད་ལ། མ་སྐྱེས་པས་ཀྱང་མ་སྐྱེས་པའི་ཐོབ་པ་འཐོབ་པར་མི་འདོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པ་ཡང་ཡོད་མངོན་པར་རྟོགས་པ་ཡང་ཡོད་མོད་ཀྱི། གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པ་དང་མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་ལ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི། དོན་དམ་པར་ནི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་ལ་མ་སྐྱེས་པའི་ཐོབ་པ་འཐོབ་པར་མི་འདོད་དོ་ཞེས་པ་ཡན་ཆད་ཀྱིས། ཐོབ་བྱ་ཐོབ་བྱེད་གཉིས་ཀྱི་བཏགས་དོན་བཙལ་བ་ན་ཐོབ་པ་མེད་པར་འགྱུར་བས། དེ་ལྟར་དཔྱད་པའི་ཚེ་ཕྱོགས་གཉིས་ཀྱི་སྒོ་ནས་ཐོབ་བྱ་འཐོབ་པ་བཀག་ཅིང་། གཉིས་སུ་དཔྱད་པའི་


JLD016_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བྱ་ཡང་རང་བཞིན་གྱིས་གྲུབ་པའི་དངོས་པོ་མེད་པ་ལ་མི་རིགས་པའི་ཕྱིར། མ་བརྟགས་པར་འཇིག་རྟེན་གྱི་ཐ་སྙད་དུ་ཐོབ་པར་ཁས་བླངས་པ་ནི། འཐོབ་པ་ཡང་ཡོད་ཅེས་པ་ནས་གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །ཞེས་པས་བསྟན་ཏེ། ཐོབ་པ་ཞེས་པ་ནི་ཐོབ་བྱ་ཐོབ་པ་དང་མངོན་པར་རྟོགས་པ་ལ་བྱའོ། །དེ་གཉིས་དོན་དམ་པར་མེད་པ་ཐ་སྙད་དུ་ཁས་ལེན་པ་དེ་བཞིན་དུ། སུན་འབྱིན་བྱེད་ཀྱིས་སུན་དབྱུང་བྱ་དོན་དམ་པར་སུན་མི་འབྱིན་ཀྱང་ཐ་སྙད་དུ་སུན་འབྱིན་པར་ཤེས་པར་བྱའོ། །གཉིས་པ་ནི། གཞན་ཡང་ཇི་ལྟར་ཏེ་དཔེར་ན་ཁྱོད་ཀྱིས་གཟུགས་བརྙན་མཐོང་བ་ལ་ཡང་བརྟེན་ནས། ཉི་མའི་དཀྱིལ་འཁོར་དང་བྱད་བཞིན་ལ་ཡོད་པའི་ཁྱད་པར་རྣམས་ཉི་མ་གཟས་བཟུང་བ་ལ་སོགས་པ་རྣམས་ཀྱི་ཚེ། མཐོང་བར་འགྱུར་ལ། ཉི་མ་དང་བྱད་བཞིན་དང་དེ་དག་གི་གཟུགས་བརྙན་གཉིས་རྣམ་པར་ཕྲད་པ་དང་མ་ཕྲད་པར་སྐྱེ་ཞེས་བཏགས་དོན་འཚོལ་བའི་ཚུལ་གྱིས་དཔྱད་པ་ན་སྐྱེ་བ་མི་རིགས་མོད་ཀྱི། འོན་ཀྱང་ཉི་མ་དང་བྱད་བཞིན་ལ་བརྟེན་ནས་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་གྱིས་གཟུགས་བརྙན་ཞིག་འབྱུང་བར་འགྱུར་ཞིང་། དེས་ཀྱང་འདོད་པའི་དོན་ངེས་པ་དང་གཟུགས་བརྙན་མི་བདེན་བཞིན་དུའང་། རང་གི་བྱད་བཞིན་མཛེས་པར་བསྒྲུབ་པར་བྱ་བའི་ཕྱིར། གཟུགས་བརྙན་དེ་ལ་ནི་ནུས་པ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ། འདིར་ཡང་གདོང་པ་དང་འདྲ་བའི་ཤེས་རབ་ཀྱི་དྲི་མ་མ་རིག་པ་སྦྱང་བར་བྱ་བ་ལ། ནུས་པ་མཐོང་བར་འགྱུར་བའི་གཏན་ཚིགས་རྟེན་འབྲེལ་དང་གཅིག་དུ་བྲལ་སོགས་ལས་བསྒྲུབ་


JLD016_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རང་བཞིན་གྱིས་མེད་པ་རྟོགས་པར་ཤེས་པར་བྱའོ། །དེ་ཡང་རང་བཞིན་གྱིས་ཡོད་པར་སྒྲུབ་པའི་འཐད་པ་དང་བྲལ་བའི་གཏན་ཚིགས་སོ། །ཀྱང་གི་སྒྲས་ནི་རང་བཞིན་གྱིས་གྲུབ་པའི་འཐད་པ་དང་བྲལ་བའི་སུན་འབྱིན་གྱིས་ཀྱང་སུན་དབྱུང་བྱ་སུན་འབྱིན་ནུས་པའི་ཤེས་པར་བྱའོ། །གང་གི་ཕྱིར་མིང་ཙམ་པའི་བཏགས་ཡོད་དུ་སྨྲ་བ་རྣམས་ལ། བཏགས་དོན་འཚོལ་བའི་གཉིས་སུ་སྨྲ་བ་མི་རིགས་པའི་ཕྱིར། གཉིས་ལ་བརྟེན་ནས་སུན་འབྱིན་པ་དང་ལན་སྨྲ་བས་དབུ་མ་པ་ལ་རྣམ་པ་ཐམས་ཅད་དུ་གླགས་མི་རྙེད་དེ། བརྒྱ་བ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་བྱ་བ་དང་། རྩ་ཤེ་ལས་ཀྱང་། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གསུངས་སོ། །སུན་འབྱིན་བྱེད་དང་སུན་དབྱུང་བྱ་ལ་ཕྲད་མ་ཕྲད་ཀྱི་དཔྱད་པ་བསྟན་པ་འདིས་ནི། སྐྱེད་པར་བྱེད་པའི་རྒྱུ་ལ་ཡང་འབྲས་བུ་དང་ཕྲད་མ་ཕྲད་ཀྱི་དཔྱད་པ་བྱས་ནས་འགོག་པར་ཤེས་པར་བྱའོ། །འདིར་ལེགས་ལྡན་གྱིས་དབུ་མའི་བསྟན་བཅོས་འདིར་སྐྱེད་བྱེད་ཀྱི་རྒྱུའི་སྐབས་སུ་བབ་ཀྱི། གསལ་བྱེད་ཀྱི་རྒྱུ་ལ་ནི་མ་ཡིན་ལ། ཕྲད་པ་དང་མ་ཕྲད་པའི་དཔྱད་པ་ཡང་གསལ་བྱེད་གྱི་རྒྱུ་ལ་ཡིན་གྱི་སྐྱེད་བྱེད་ཀྱི་རྒྱུ་ལ་ནི་མིན་པས། ཁོ་བོ་ཅག་གི་ཚིག་རྣམས་ལ་ལྟག་གཅོད་ཀྱི་གནས་མེད་པ་


JLD016_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །ཞེས་སྐྱེད་བྱེད་ཀྱི་རྒྱུ་ལ་གསལ་བྱེད་དམ་ཤེས་བྱེད་ཀྱི་རྒྱུ་གཏན་ཚིགས་སོགས་ལ་ཕྲད་མ་ཕྲད་ཀྱི་དཔྱད་པ་བྱེད་པའི་དཔྱད་པ་བྱར་མེད་དོ་ཞེས་སྨྲ་བ་ནི་ལན་མ་ཡིན་ཏེ། གཞན་གྱི་གླགས་དང་བཅས་པ་སྟེ་སྐྱོན་བརྗོད་དང་བཅས་པའི་ལན་བརྗོད་ན། ཕ་རོལ་པོ་མི་བཟོད་ལ་སྐྱེད་པར་བྱེད་པ་ལ་བདེན་པ་ཁས་བླངས་ན་སྐྱོན་འཇུག་པ་ལྟར། གསལ་བྱེད་ཀྱི་རྒྱུ་ལའང་རང་བཞིན་གྱིས་གྲུབ་པ་ཁས་བླངས་ན་སྐྱོན་ཡོད་པའི་ཕྱིར་རོ། །གཞན་ཡང་ལེགས་ལྡན་འདིས་དབུ་མའི་བསྟན་བཅོས་སུ་རང་བཞིན་མེད་པར་དམ་བཅས་པའི་དོན་སྒྲུབ་པའི་ཕྱིར་དུ་བཀོད་བའི་སྒྲུབ་བྱེད་ལ། གཞན་གྱིས་སུན་འབྱིན་པ་བཀོད་པ་རྣམས་ཀྱི་སྐྱོན་སྤོང་ལ་ལྟག་གཅོད་ཀྱི་ལན་སྨྲ་བར་བྱེད་པས། འདི་ནི་གཞན་གྱིས་སུན་དབྱུང་བར་བྱ་བ་ཁོ་ན་ཡིན་པས་རང་བཞིན་གྱིས་གྲུབ་པ་ཁས་བླངས་ན། སྐྱེད་བྱེད་དང་གསལ་བྱེད་ཀྱི་རྒྱུ་གཉིས་ཀ་ལ་ཕྲད་མ་ཕྲད་ཀྱི་སྐྱོན་མཚུངས་ཀྱང་། དེ་ཁས་མི་ལེན་པའི་ཕྱིར་སྐྱོན་མེད་དོ་ཞེས་པ་ཁོ་བོ་ཅག་གིས་བཏབ་པའི་ལན་ཁོ་ན་ཆེས་མཛེས་སོ། །གཉིས་པ་ནི། གལ་ཏེ་རང་གི་བསྒྲུབ་བྱ་གོ་བྱེད་གཏན་ཚིགས་ཀྱི་དངོས་པོ་སྟེ་ངོ་བོ་དང་། དངོས་སུ་གོ་བར་བྱ་བ་ཉིད་དུ་འགྱུར་བ་བསྒྲུབ་བྱའི་ངོ་བོ་རང་བཞིན་གྱིས་གྲུབ་པ་ཡོད་པར་གྱུར་ན། བསྒྲུབ་བྱ་དང་སྒྲུབ་བྱེད་ཕྲད་པ་དང་། ལ་སོགས་པས་མ་ཕྲད་པར་སྒྲུབ་པ་དང་སུན་འབྱིན་པའི་རིགས་པ་ཉེ་བར་སྦྱོར་བར་འགྱུར་བ་ཞིག་ན། རང་བཞིན་གྱིས་གྲུབ་པ་དེ་ཡང་ཡོད་པ་མིན་པས་མ་དག་པའི་ཕྱོགས་ལ་བཀོད་པའི་སྐྱོན། །དག་པའི་ཕྱོགས་ལ་ཁྱེད་ཀྱིས་བཀོད་པ་འདི་ནི་ཁོ་བོ་


JLD016_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ལ་དོན་མེད་པར་ཡི་ཆད་པ་སྟེ་ཡིད་འབྱུང་བ་འབའ་ཞིག་ཡིན་པར་རྟོགས་ཏེ། དཔེར་ན་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་རྣམས་ཀྱི་གཅིག་ཉིད་དང་། མང་པོ་ཉིད་དང་། ཟླུམ་པོ་ཉིད་དང་། ནག་པོ་ལ་སོགས་པའི་ཕྱོགས་སུན་འབྱིན་པས། རབ་རིབ་མེད་པ་རྣམས་ལ་མི་གནོད་པ་དེ་བཞིན་དུ། རང་བཞིན་མེད་པའི་རྒྱུ་དང་འབྲས་བུ་རྣམ་པར་དཔྱོད་པ་ན། ཁྱོད་ཀྱིས་བཏགས་དོན་འཚོལ་བའི་གཉིས་ཀྱི་དཔྱད་པ་བཟུང་ནས་སུན་འབྱིན་པ་བཀོད་པས་ཀྱང་མི་གནོད་དོ། །དེ་ཉིད་ཀྱི་ཕྱིར་གང་དག་མིག་དང་ཁབ་ལོང་ལ་སོགས་པས་མ་ཕྲད་པར་རང་གི་བྱ་བ་བྱེད་པར་རྣམ་པར་བཞག་པའི་དཔེ་དེ་དག་ཀྱང་བཀག་པར་རིག་པར་བྱ་སྟེ། རང་བཞིན་གྱིས་གྲུབ་པར་ཁས་ལེན་ན་དེ་དག་ལ་ཡང་ཕྲད་མ་ཕྲད་ཀྱི་ཐལ་བ་མཚུངས་པའི་ཕྱིར་རོ། །གང་ཞིག་ཁྱོད་རང་བཞིན་མེད་པ་ཉིད་ཀྱི་ལམ་དྲང་པོ་བཏང་ནས། རྟོག་གེ་ངན་པའི་ལམ་ཤིན་ཏུ་འཁྱོག་པ། རང་གི་རྣམ་པར་རྟོགས་པའི་བཟོ་ངན་པས་སྦྱར་བ། ཡང་དག་པའི་ལམ་འགེགས་པར་བྱེད་པ་ལ་སྤྲོ་བ། ཏེ་བོར་ཏེ་ཤིན་ཏུ་ཚེགས་ཆེ་བ་འདིས་ཁྱོད་ལ་ཅི་ཞིག་བྱ། གསུམ་པ་ནི། གཞན་ཡང་ཇི་ལྟར་སྒྱུ་མ་དང་རྨི་ལམ་ལ་སོགས་པ་ཕྱིར་རྒོལ་རང་གི་ཕྱོགས་ལའང་གྲུབ་པའི་དཔེ་ཁོ་ནས། ཕྱིར་རྒོལ་གྱི་འཇིག་རྟེན་གྱིས་དངོས་པོ་རྣམས་མཐའ་དག་དབུ་མ་པས་དངོས་པོ་སྟེ་རང་བཞིན་གྱིས་གྲུབ་པ་མེད་པར་རྟོགས་སུ་གཞུག་པར་ནུས་པར་ནི། ཆེས་སླ་བ་ཇི་ལྟ་བ་དེ་ལྟར་ཕ་རོལ་པོ་ལས་


JLD016_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབུ་མ་པ་དག་ལ་དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པར་ཁོང་དུ་ཆུད་པར་བདེ་བླག་ཏུ་ནི་ནུས་པ་མ་ཡིན་ཏེ། གཉིས་ཀ་ལ་བདེན་པར་གྲགས་པའི་དཔེ་མེད་པའི་ཕྱིར་རོ། །འདིས་ནི་བདེན་མེད་སྒྲུབ་པའི་གཏན་ཚིགས་རྟེན་འབྲེལ་ལྟ་བུ་ལ། བདེན་མེད་ཀྱིས་ཁྱབ་པ་མཐུན་དཔེའི་སྟེང་དུ་མ་ངེས་པར་བདེན་མེད་ཆོས་ཅན་གྱི་སྟེང་དུ་ཚད་མས་ངེས་པར་བྱར་མེད་པར་གསུངས་སོ། །དེ་ལྟ་ན་ཁོ་བོས་དངོས་པོར་སྨྲ་བའི་རྩོད་པ་ཐམས་ཅད་བཟློག་པ་ཡིན་ལ། ཆོས་མཐུན་གྱི་ལན་ཡང་སུས་ཀྱང་བརྗོད་པར་མི་ནུས་སོ། །དེའི་ཕྱིར་འཇིག་རྟེན་ལ་དོན་མ་ཡིན་པའི་གནོད་པ་བྱ་བའི་ཕྱིར། འདིར་ཁྱོད་སུ་ཞིག་གིས་བཅོལ་བ་སྟེ་སྦད་ཅིང་། ཁྱོད་འཇིག་རྟེན་པ་རྣམས་རང་གི་ཉོན་མོངས་དར་གྱི་སྲིན་བུ་ལྟར་རང་གི་རྣམ་རྟོག་ངན་པའི་སྦུབས་ཀྱིས་གཏུམས་པའི་སྟེང་དུ། རྟོག་གེ་ངན་པའི་སྲད་བུ་བྲེས་པའི་དྲ་བས་ཏེ་རྒྱ་ཤིན་ཏུ་སྲན་ཏེ་མ་ཀུན་ནས་འཛུགས་པར་ཅི་སྟེ་བྱེད། བདེན་འཛིན་གྱི་རྩོད་པ་འདི་ནི་དོར་བར་བྱ་དགོས་ཏེ། །དངོས་པོ་གཟུགས་བརྙན་དང་འདྲ་བའི་བརྫུན་པ་ཐམས་ཅད་ལ། རང་དང་སྤྱིའི་མཚན་ཉིད་དང་མངོན་སུམ་མམ་རྗེས་སུ་དཔག་པའང་རང་བཞིན་གྱིས་གྲུབ་པ་ཅི་ཞིག་ཡོད། །འདིར་ནི་ཤེས་བྱ་ཐམས་ཅད་ལ་མངོན་སུམ་གཅིག་ཁོ་ནར་ཟད་དེ་གང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །བཞི་པ་ནི། ས་བོན་ལ་བརྟེན་ནས་མྱུ་གུ་སྐྱེ་བ་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕུང་པོ་ལ་བརྟེན་ནས་གང་ཟག་གདགས་པ་ལྟ་བུའི་བརྟེན་ནས་བཏགས་པ་རྣམ་པར་གཞག་པར་བྱ་བའི་སྐབས་སུ། དངོས་པོར་སྨྲ་


JLD016_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱོགས་ལ་སུན་འབྱིན་གང་བཤད་པ་དེ་ཉིད་ཀྱི་ལྷག་མ་རྒྱུས་འབྲས་བུ་ཕྲད་ནས་སམ། མ་ཕྲད་པར་སྐྱེད་ཅེས་སུན་འབྱིན་པ་གོང་དུ་བསྟན་པ་ཡང་ནི་ཤེས་པར་བྱས་ནས། རྒྱུས་འབྲས་བུ་ཕྲད་ནས་སམ་ལ་སོགས་པས་མ་ཕྲད་པར་སྐྱེད་ཅེས་བརྟགས་ཏེ་བཀག་པའི་ཕྱོགས་ཀྱི་ལན་བརྗོད་པའི་ཆེད་དུ། ཕ་རོལ་པོས་སུན་འབྱིན་ལ་ཕྲད་མ་ཕྲད་ཀྱི་བརྟག་པ་གང་གིས་སྨྲས་པ་དེ་ལ་རྩོད་པའི་སྐབས་འདིར། དེའི་བརྟག་པ་རང་ལ་མི་མཚུངས་པའི་ལན་གྱི་སུན་འབྱིན་པ་གཏང་བར་བྱ་སྟེ། སྔར་བསྟན་པ་དེ་ནི་མཚོན་པ་ཙམ་དུ་ཤེས་པར་བྱའོ། །བསྟན་བཅོས་རྩ་ཤེ་ལས་ནི་དགག་གཞག་བྱས་པའི་དགོས་པ། བདེན་འཛིན་གྱི་རྣམ་རྟོག་ལྡོག་པ་ཉིད་བརྗོད་པར་འདོད་པ་ཡིན་ལ། དེ་ཡང་ཁོ་བོ་ཅག་གིས་སོ་སོ་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། ཞེས་སོགས་ཀྱི་སྐབས་སུ་བསྟན་ཟིན་པའི་ཕྱིར། བསྟན་བཅོས་ལ་སུན་ཅི་ཕྱིན་དུ་རྒོལ་བ་ག་ལ་ཡོད་དེ། སུན་ཅི་ཕྱིན་དུ་རྒོལ་བ་ནི་རང་གི་ཕྱོགས་བཞག་ན་སྐྱོན་བྱུང་གིས་དོགས་ནས། གཞན་གྱི་ཕྱོགས་སུན་ཅི་ཕྱིན་བྱེད་པ་ཡིན་པའི་ཕྱིར་རོ། །འདིར་བདག་གིས་གཞན་གྱི་ཕྱོགས་བསལ་བ་ཡང་དོན་དམ་པར་མེད་དེ། དོན་དམ་པར་དངོས་པོ་གང་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་སུན་ཅི་ཕྱིན་དུ་རྒོལ་བ་ག་ལ་ཡོད། གང་གིས་ན་རང་གི་ཕྱོགས་གཞག་ཏུ་མེད་ཅིང་གཞན་གྱི་ཕྱོགས་བཟློག་པ་དོན་དམ་པར་འདོད་པའི་མཚན་ཉིད་བྱས་པ་འདི། སུན་ཅི་ཕྱིན་དུ་རྒོལ་བ་པའི་ཡང་དག་པའི་མཚན་ཉིད་དུ་


JLD016_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ། དབུ་མ་པ་སུས་རང་གི་ཕྱོགས་ཐ་སྙད་དུ་མ་བཞག་ཅིང་། གཞན་གྱི་ཕྱོགས་བཟློག་པ་དོན་དམ་དུ་འདོད་པ་གཉིས་ཀ་མེད་པས། དབུ་མ་པ་ལ་སུན་ཅི་ཕྱིན་དུ་རྒོལ་བ་ཡང་ཡོད་པ་མིན་པས། རྣམ་པ་ཐམས་ཅད་དུ་མི་རིགས་སོ། །དེ་སྐད་དེ་དེ་ལྟར་སྔར་བཤད་པའི་སུན་འབྱིན་པའི་ལྷག་མ་ནི། དེ་མ་ཐག་ཏུ་བཤད་པའི་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱའོ། །དེ་ལ་དེ་ཉིད་དེ་ལས་འབྱུང་མིན་ཞེས་བྱ་བ་འདི་ནས་བརྩམས་ཏེ། རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། ཞེས་བྱ་བའི་བར་འདིས་ནི་ཆོས་ཀྱི་བདག་མེད་པ་གསལ་བར་བྱས་སོ། །ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་ཞེས་བྱ་བ་ལ་སོགས་པ་ནས་འདི་ཡན་ཆད་ཀྱིས་ནི་གང་ཟག་གི་བདག་མེད་པ་གསལ་བར་བྱས་སོ། །གསུམ་པ་ལ་གཉིས། སྟོང་པ་ཉིད་ཀྱི་དབྱེ་བ་མདོར་བསྟན་པ། ཕྱེ་བ་སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་བརྗོད་པར་འདོད་ནས་བཤད་པ། ཆོས་རྣམས་རང་བཞིན་གྱིས་གྲུབ་པ་མེད་པའི་བདག་མེད་འདི་ནི། །བཅོམ་ལྡན་འདས་ཀྱིས་གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་མེད་པའི་དབྱེ་བ་རྣམ་པ་གཉིས་སུ་གསུངས་སོ། །དེ་གཉིས་སུ་འབྱེད་ཚུལ་དེ་ཡང་གཞི་གང་ཟག་དང་ཆོས་ཀྱི་སྟེང་དུ་མེད་རྒྱུའི་བདག་མི་འདྲ་བ་གཉིས་ཀྱི་སྒོ་ནས་ཕྱེ་བ་མིན་ཏེ། མེད་རྒྱུའི་བདག་ནི་རང་བཞིན་གྱིས་གྲུབ་པ་ཡིན་པས་སོ། །དེའི་ཕྱིར་གཞི་ཆོས་ཅན་ཕུང་སོགས་ཀྱི་ཆོས་དང་གང་ཟག་གི་དབྱེ་བས་ཕྱེ་བའོ། །དགོས་པ་ཅིའི་ཕྱིར་དེ་གཉིས་


JLD016_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཞེ་ན། གང་ཟག་གི་བདག་མེད་ནི་ཉན་རང་གི་འགྲོ་བ་རྣམས་འཁོར་བ་ལས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བསྟན་ལ། བྱང་སེམས་ཀྱི་འགྲོ་བ་རྣམས་ཐམས་ཅད་མཁྱེན་པ་ཐོབ་པས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བདག་མེད་གཉིས་ཀ་བསྟན་ནོ། །སྔར་བཤད་པ་ལྟར་ཉན་རང་ལ་ཡང་རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་གྱི་དེ་ཁོ་ན་ཉིད་མཐོང་བ་ཡོད་མོད་ཀྱང་། དེ་དག་ལ་སྔར་བཤད་པ་ལྟར་གྱི་ཆོས་ཀྱི་བདག་མེད་པ་རྣམ་གྲངས་དང་། དུས་ཀྱི་སྒོ་ནས་ཡོངས་སུ་རྫོགས་པར་བསྒོམ་པ་མེད་པ་སྟེ། འོན་ཀྱང་ཁམས་གསུམ་གྱི་ཉོན་མོངས་ཀྱི་ས་བོན་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་རང་བཞིན་གྱིས་གྲུབ་པའི་གང་ཟག་གི་བདག་མེད་པ་མ་ལུས་པར་སྒོམ་པ་ནི་ཡོད་པར་རྣམ་པར་གཞག་གོ །གང་ཟག་བདེན་གྲུབ་འགོག་པའི་རིགས་པའི་རྣམ་གྲངས་མཐའ་ཡས་པའི་ཤེས་རབ་མི་སྐྱེད་ཀྱང་། ཉོན་མོངས་ཀྱི་ས་བོན་གྱི་གཉེན་པོ་རྫོགས་པར་སྒོམ་པ་ཡོད་ལ། ཤེས་བྱའི་སྒྲིབ་པའི་གཉེན་པོ་རྫོགས་པར་སྒོམ་པ་ནི་མེད་དོ། །དེ་ལྟར་བདག་མེད་པ་གཉིས་པོ་འདི་ཉིད་ནི་བཅོམ་ལྡན་འདས་ཀྱིས་སླར་ཡང་གདུལ་བར་བྱ་བ་རྣམས་ལ་དེ་དག་གི་བསམ་པ་སྣ་ཚོགས་པའི་ངོར་རྣམ་པ་མང་པོའི་སྤྲོས་པ་དང་བཅས་པར་ཕྱེ་སྟེ་གསུངས་སོ། །ཇི་ལྟར་ཞེ་ན། རྒྱལ་བའི་ཡུམ་ལས་སྟོང་པ་ཉིད་བཅུ་དྲུག་གི་དབྱེ་བ་བཤད་ནས། སླར་ཡང་མདོར་བསྡུས་ཏེ་བཞིར་བཞག་ཅིང་དེ་དག་ནི་ཐེག་ཆེན་དུ་ཡང་བཞེད་པ་སྟེ་བཤད་པ་ཡིན་ནོ། །དེ་ལྟར་ན་


JLD016_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་དབྱེ་བ་གཉིས་དང་། འབྲིང་པོའི་དབྱེ་བ་བཞི་དང་། རྒྱས་པའི་དབྱེ་བ་བཅུ་དྲུག་ཏུ་གསུངས་སོ། །ཇི་སྐད་དུ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཞེས་སྟོང་ཉིད་བཅུ་དྲུག་བསྟན་ནས། རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །ཞེས་སླར་ཡང་སྟོང་པ་ཉིད་བཞི་བསྟན་ནོ། །སྟོང་པ་ཉིད་འདི་རྣམས་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །སྟོང་པ་ཉིད་དམ་སྟོང་པ་ཉིད་མ་ཡིན་པ་རང་བཞིན་ཀྱིས་གྲུབ་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སྟོང་པ་ཉིད་སོ་སོ་བའི་རྣམ་པ་དེ་ལྟ་བུས་འདུལ་བ་ཀུན་རྫོབ་ཏུ་ཡོད་པར་བསྙད་པར་ཟད་དོ། །དེ་སྐད་དུ་ཡང་རྩ་བ་ཤེས་རབ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་


JLD016_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་ཏེ། སྔ་མ་དག་གིས་ནི་ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱོགས་སུ་མི་བརྗོད་པ་དང་། ཐ་མས་ནི་གདགས་པའི་དོན་ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱ་བའི་དོན་ནོ། །གཉིས་པ་ལ་གཉིས། སྟོང་ཉིད་བཅུ་དྲུག་ཏུ་ཕྱེ་བ་རྒྱས་པར་བཤད་པ་དང་། སྟོང་ཉིད་བཞིར་ཕྱེ་བ་རྒྱས་པར་བཤད་པའོ། །དང་པོ་ལ་བཞི། ནང་སྟོང་པ་ཉིད་ལ་སོགས་པ་བཞི་བཤད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སོགས་པ་བཞི་བཤད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སོགས་པ་བཞི་བཤད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པ་བཞི་བཤད་པའོ། །དང་པོ་ལ་གཉིས། ནང་སྟོང་པ་ཉིད་བཤད་པ་དང་། སྟོང་ཉིད་ལྷག་མ་གསུམ་བཤད་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང་། ཞར་ལ་རང་བཞིན་ཁས་ལེན་ཚུལ་བསྟན་པའོ། །དང་པོ་ནི། ནང་གི་ཆོས་མིག་ལ་སོགས་པ་དྲུག་པོ། རང་བཞིན་གྱིས་གྲུབ་པ་མེད་པ་ཉིད་གང་ཡིན་པ་དེ་ནི་ནང་སྟོང་པ་ཉིད་དུ་འདོད་དོ། །དེ་ཡང་མིག་ནི་མིག་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་སྟེ། མིག་དེའི་རང་བཞིན་ནི་རང་གི་ངོ་བོ་ཉིད་ཀྱིས་གྲུབ་བས་སྟོང་པ་དེ་ཡིན་པའི་ཕྱིར་རོ། །མིག་ལ་བཤད་པ་དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱང་བསྙད་པར་བྱའོ། །དེ་ལྟར་སྟོང་པའི་རྒྱུ་མཚན་གང་གི་


JLD016_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་མིག་སོགས་དེ་རྣམས་ནི་དོན་དམ་པར་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མིན་པ་ཉིད་ཀྱི་ཕྱིར་རོ། །འདིར་པ་ཚབ་ཀྱིས་ཐེར་ཟུག་ཏུ་གནས་པ་མིན་པ་ནི་རང་བཞིན་མི་འདོར་པ་ལ་བྱའོ། །དེ་ཡང་དུས་ཅུང་ཞིག་གནས་ནས་ལྡོག་པར་ཡང་འགྱུར་བས་འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་སོ། །འདི་སྐད་བསྟན་པར་འགྱུར་ཏེ་དངོས་པོ་གང་ཞིག་རང་བཞིན་དང་བཅས་པ་དེ་ཉིད་ནི། གོར་མ་ཆག་པར་ཐེར་ཟུག་པ་མ་ཡིན་པ་དང་མི་ལྡོག་པ་ཞག་ཏུ་འགྱུར་དགོས་སོ། །ཞེས་བསྒྱུར་བ་ནི་འགྱུར་འཕྱུགས་པ་ཡིན་ཏེ། དེ་ལྟ་ཡིན་ན་བསྒྲུབ་བྱའི་ཆོས་ལོག་པ་ལ་རྟགས་ཀྱིས་ཁྱབ་དགོས་པར་འགྱུར་བའི་ཕྱིར་རོ། །དེས་ན་ནག་ཚོའི་འགྱུར་ལས། དངོས་པོ་གང་ཞིག་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་དེ་ནི་ཐེར་ཟུག་ཏུ་གནས་པའམ། ཉམས་པར་འགྱུར་བ་ཞིག་ཏུ་འགྱུར་རོ་ཞེས་བསྒྱུར་བ་ལྟར་ལེགས་པས། སྔ་མ་ནི་དགག་སྒྲ་འདོན་ལུགས་འཕྱུགས་པར་གསལ་ལོ། །འགྲེལ་བཤད་ལས། ཐེར་ཟུག་གནས་པ་ཉིད་དང་ནི། །མི་འཇིག་མ་ཡིན་ཉིད་ཀྱི་ཕྱིར། །ཞེས་བཏོན་ནས་མིག་སོགས་ལ་རང་བཞིན་ཡོད་ན། རང་བཞིན་ལ་རྣམ་འགྱུར་དང་འཇིག་པ་མེད་པས། དེ་རྣམས་ལ་རྣམ་འགྱུར་དང་འཇིག་པ་མེད་པར་འགྱུར་བ་ལས། དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་དེ་རྣམས་རང་བཞིན་མེད་པའོ། །ཞེས་འཆད་པ་ཡང་རིགས་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་འཇིག་པ་མེད་པར་འགྱུར་བ་ལས་འཇིག་པ་ཡོད་པའི་ཕྱིར། ཞེས་བྱ་དགོས་ན་དེ་ནི་མདོ་ལས། འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་


JLD016_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང་འགལ་ལོ། །ཐེར་ཟུག་ཏུ་གནས་པ་མིན་པ་ཉིད་ནི། ཞེས་པ་ཡང་ནག་ཚོའི་འགྱུར་ལས། ཐེར་ཟུག་ནི་ཉམས་པ་མེད་པའི་ངོ་བོ་ཉིད་ལ་བརྗོད་ལ། །ཞེས་བསྒྱུར་བ་ལྟར་བྱའོ། །དེ་ལྟར་ཐེར་ཟུག་ཏུ་གནས་པའི་རྟག་པ་བཀག་པ་ན། མིག་སོགས་དེ་ཡང་རང་དུས་སུ་ཅུང་ཟད་གནས་ནས། དེའི་འོག་ཏུ་ལྡོག་པའི་འཇིག་པར་བདེན་ནམ་སྙམ་པ་འགོག་པ་ལ་འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར། ཞེས་གསུངས་སོ། །དོན་བསྡུ་ན་རྟག་མི་རྟག་གང་དུ་ཡང་མི་བདེན་པའི་ཕྱིར་ཞེས་པའི་དོན་ཏོ། །ཉི་ཁྲི་སྣང་བ་ལས་འདི་ལས་ཚུལ་གཞན་དུ་ཡང་གསུངས་སོ། །ཆོས་རྣམས་ཀྱི་རང་བཞིན་དེ་ཡང་རྩ་བ་ཤེས་རབ་ལས། རང་བཞིན་རྒྱ་དང་རྐྱེན་དག་ལས། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ནི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཡིན་ནོ་ཞེས། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དང་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཡང་ཅི་གང་ཞིག་སློབ་དཔོན་གྱིས་བསྟན་བཅོས་ལས་རྒྱུ་རྐྱེན་ལས་མ་སྐྱེས་པའི་རང་བཞིན་ཞེས་པའི་ཁྱད་པར་དུ་མཛད་པ་དེ་ལྟ་བུའི་རང་བཞིན་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་ཡོད་དམ་ཞེ་ན། གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ། །ཞེས་གསུངས་པའི་ཆོས་ཉིད་ཅེས་བྱ་བ་ནི་ཡོད་དོ། །ཆོས་ཉིད་ཅེས་བྱ་བ་


JLD016_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང་ཅི་ཞིག་ཡིན། མིག་ལ་སོགས་པ་འདི་དག་གི་རང་བཞིན་ནོ། །དེ་དག་གི་རང་བཞིན་གང་ཞིག་ཅེ་ན། མིག་སོགས་འདི་དག་གི་བཅོས་མ་མ་ཡིན་པ་དང་། སྐྱེད་བྱེད་གཞན་ལ་ལྟོས་པ་མེད་པ་སྟེ། མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་པས་རྟོགས་པར་བྱ་བའི་ངོ་བོ་ཞེས་གསུངས་སོ། །འདི་དག་གིས་ནི་སློབ་དཔོན་འདིས་དོན་དམ་བདེན་པ་དང་ཆོས་ཉིད་ཡོད་པར་མི་བཞེད་ཅེས་པ་དང་། མ་རིག་པའི་བསླད་པ་ལོག་ན་ཤེས་པ་ཡེ་མེད་པར་སྨྲ་བ་རྣམས་ལེགས་པར་བཀག་པ་ཡིན་ནོ། །ཇི་སྟེ་ཆོས་ཉིད་དེ་ཡོད་དམ། དེ་མེད་ཅེས་སུ་སྨྲ། གལ་ཏེ་དེ་མེད་ན་ནི་བྱང་ཆུབ་སེམས་དཔའ་རྣམས་ཅིའི་དོན་དུ་ཕ་རོལ་ཏུ་ཕྱིན་པའི་ལམ་སྒོམ་པར་འགྱུར་ཏེ་མི་འགྱུར་ཏེ། དོན་དམ་པའི་བདེན་པ་མེད་ན་ནི་དེ་རྟོགས་པ་མཐར་ཐུག་པར་འགྲོ་བ་མེད་ལ། དེ་མེད་ན་ལམ་སྒོམ་པ་དོན་མེད་པར་འགྱུར་ཏེ། གང་གི་ཕྱིར་ཆོས་ཉིད་རྟོགས་པ་དང་དེ་མཐར་ཐུག་པར་འགྲོ་བར་བྱ་བའི་ཕྱིར། བྱང་སེམས་རྣམས་དཀའ་བ་བརྒྱ་ཕྲག་རྩོམ་པ་ཡིན་ནོ། །འདིས་ནི་ཆོས་ཉིད་ཅེས་པའི་དོན་དམ་བདེན་པ་བློ་གང་གི་ཡང་ཡུལ་མ་ཡིན་པར་འདོད་བཞིན་དུ། ལམ་ལ་དཀའ་བ་དུ་མ་རྩོམ་པ་ནི། །དབང་པོ་ཤིན་ཏུ་རྟུལ་བར་སྟོན་པ་ཡིན་ནོ། །དེ་ལྟར་ཡིན་པ་ཡང་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་དོན་དམ་པ་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འཇིག་པ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཡི་གེ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་དང་། ཡི་གེ་རྣམས་ཀྱིས་རབ་ཏུ་བསྙད་དུ་མེད་ཅིང་། སྤྲོས་པས་རྟོགས་


JLD016_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པ་སྟེ། རིགས་ཀྱི་བུ་དོན་དམ་པ་ནི་བརྗོད་དུ་མེད་ཅིང་། ཞི་བ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའོ། །རིགས་ཀྱི་བུ་དོན་དམ་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། གང་གི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། རབ་ཏུ་བྱུང་ནས་ཀྱང་ཆོས་ཉིད་དེ་ཐོབ་པར་བྱ་བའི་ཕྱིར། སྐྲ་འམ་གོས་ལ་མེ་ཤོར་བ་ལྟར་བརྩོན་འགྲུས་རྩོམ་ཞིང་གནས་པ་རྣམ་པར་འཇིག་པ་མེད་པའོ། །རིགས་ཀྱི་བུ་གལ་ཏེ་དོན་དམ་པ་ཡོད་པར་མ་གྱུར་ན་ནི། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ཞིང་། དེ་བཞིན་གཤེགས་པ་རྣམས་བྱུང་བ་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་དེ་ཡོད་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་པ་ལ་མཁས་པ་ཞེས་བྱའོ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ། །བརྗོད་དུ་མེད་པ་དང་། སྤྲོས་པས་རྟོགས་པར་བྱ་བ་མིན་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དོན་དམ་པ་གཟིགས་པ་བཞིན་དུ། སྒྲ་རྟོག་གིས་ཡུལ་དུ་བྱེད་མི་ནུས་པའི་དོན་ཡིན་གྱི། སྤྱིར་རྟོགས་མི་ནུས་པ་མིན་ནོ། །དོན་དམ་བདེན་པ་ཡོད་པ་མིན་པ་ལ་གནོད་པ་བསྟན་ཞིང་། དེའི་ལྡོག་པ་འཕངས་པ་བསྟན་པ་ནའང་ཡོད་པར་གསུངས་ཤིང་སྔར་ཡང་ཡོད་པར་བསྟན་པས། མེད་པ་དང་ཡོད་པ་མིན་པ་ལ་ཁྱད་པར་འབྱེད་པ་ནི་བློ་གྲོས་ཤིན་ཏུ་དམན་པར་


JLD016_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཙམ་མོ། །པ་ཚབ་ཀྱི་འགྱུར་གྱི་དཔེ་མང་པོ་ལས། བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། གང་གི་དོན་དུ་ཞེས་འབྱུང་ཡང་། ནག་ཚོའི་འགྱུར་ལས། མ་བྱུང་ཡང་རུང་དོན་དམ་པ་ནི་ཉམས་པ་མེད་པ་ཡིན་པས་ཞེས་འབྱུང་བ་ནི། སྔར་འགྲེལ་པར་མདོ་དྲངས་པ་ལས། མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ། །ཞེས་འབྱུང་བ་དང་མཐུན་པས་ལེགས་པ་ཡིན་ནོ། །འདིར་སྨྲས་པ། ཀྱེ་མ་མ་ལ་གང་ཞིག་དངོས་པོ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མི་འདོད་ཅིང་། གློ་བུར་དུ་བཅོས་མ་མ་ཡིན་པ་དང་། གཞན་ལ་ལྟོས་པ་མེད་པའི་རང་བཞིན་ཡང་འདོད་པ་ཁྱོད་ནི། ཕན་ཚུན་འགལ་བའི་དོན་བརྗོད་པ་ཞིག་གོ་ཞེ་ན། འདི་ནི་ཁྱོད་ཀྱིས་དབུ་མའི་བསྟན་བཅོས་ཀྱི་དགོངས་པ་མ་རིག་པ་ཞིག་སྟེ། འདིའི་དགོངས་པ་ནི་གལ་ཏེ་མིག་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་རྟེན་ཅིང་འབྲེལ་པར་འབྱུང་བ་བྱིས་པའི་སྐྱེ་བོས་གཟུང་བར་བྱ་བ་གང་ཡིན་པ་འདི་ཉིད་མིག་ལ་སོགས་པ་དེ་རྣམས་ཀྱི་རང་བཞིན་ཡིན་ལུགས་ཡིན་ན་ནི། རང་བཞིན་དེ་ཕྱིན་ཅི་ལོག་གི་བློས་ཀྱང་མངོན་སུམ་དུ་རྟོགས་པའི་ཕྱིར། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ན། གང་གི་ཕྱིར་མིག་སོགས་རྟེན་འབྲེལ་ཡིན་པ་འདི་རང་བཞིན་ཡིན་ལུགས་མ་ཡིན་པ་དེའི་ཕྱིར། དེ་བལྟ་བའི་དོན་དུ་ཚངས་པར་སྤྱོད་པ་དོན་དང་བཅས་པར་འགྱུར་རོ། །ཞེས་གསུངས་ཏེ། རང་བཞིན་བཀག་པ་ནི་མིག་སོགས་གཤིས་ལུགས་ཡིན་པ་བཀག་པ་ཡིན་ལ། རང་བཞིན་ཁས་བླངས་པ་ནི་བཀག་


JLD016_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་མིག་སོགས་ཀྱི་ཆོས་ཉིད་ཅེས་པའི་རང་བཞིན་དུ་འདོད་པ་ཡིན་པས། དངོས་པོ་རང་བཞིན་གྱིས་གྲུབ་པ་བཀག་པ་དང་། དངོས་པོའི་ཆོས་ཉིད་ཀྱི་རང་བཞིན་ཁས་ལེན་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེ་འདྲ་བའི་ཆོས་ཉིད་དེ་ཡང་བདག་གིས་ཀུན་རྫོབ་ཀྱི་བདེན་པ་སྟེ་ཐ་སྙད་ཙམ་དུ་གྲུབ་པ་ལ་ལྟོས་ནས། བཅོས་མ་མིན་པ་དང་གཞན་ལ་མི་ལྟོས་པར་བརྗོད་དོ། །གང་ཞིག་བྱིས་པའི་སྐྱེ་བོ་རང་དགའ་བས་བལྟ་པར་བྱ་བ་མ་ཡིན་པའི་ཆོས་ཉིད་དེ་ནི་རང་བཞིན་དུ་རིགས་ལ། དེ་ཀུན་རྫོབ་ཏུ་ཡོད་པར་ཁས་བླངས་པ་དེ་ཙམ་གྱིས་དོན་དམ་པར་དེ་དངོས་པོ་དང་དངོས་པོ་མེད་པར་རང་བཞིན་གྱིས་གྲུབ་པ་ཡང་མ་ཡིན་ཏེ། དེ་ནི་རང་བཞིན་གྱིས་གྲུབ་པ་ཞི་བ་ཉིད་ཡིན་པའི་ཕྱིར། རང་བཞིན་ཆོས་ཉིད་འདི་ནི་སློབ་དཔོན་འཕགས་པས་ཞལ་གྱིས་བཞེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཕ་རོལ་པོ་གཞན་ཡང་དོན་འདི་ཁས་ལེན་དུ་གཞུག་པར་ནུས་པས། རང་བཞིན་འདི་ནི་བརྩད་པའི་མཐར་རང་གཞན་གཉིས་ཀ་ལ་གྲུབ་པ་ཉིད་དུ་ཡང་རྣམ་པར་བཞག་གོ །ཞེས་གསུངས་པ་འདི་ཁྱད་པར་དུ་ངེས་པར་བྱ་དགོས་སོ། །གང་དག་མེ་ལ་སོགས་པའི་རང་བཞིན་ཡིན་ལུགས་ཚ་བ་ལ་སོགས་པར་སྨྲ་བ་དེ་དག་གི་ལྟར་འདོད་ན་ནི། རྣམ་པ་ཐམས་ཅད་དུ་དེ་མི་རུང་སྟེ། ཚ་བ་སོགས་ནི་བརྟེན་ནས་སྐྱེས་པ་ཉིད་ཀྱིས་བཅོས་མ་ཡིན་པའི་ཕྱིར་དང་། རྒྱུ་རྐྱེན་


JLD016_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་སྐྱེས་པའི་ཡོད་པ་ཡིན་པའི་ཕྱིར། མིག་སོགས་དེ་བཅོས་མ་ཉིད་དུ་མེད་པ་དང་། རྒྱུ་རྐྱེན་གཞན་ལ་ལྟོས་པ་མེད་པ་ཉིད་དོ། །ཞེས་བརྗོད་པ་ཡང་མི་རིགས་ཏེ། དེ་ལ་ཞེས་བྱ་བ་འདིས་མཆོག་ཏུ་འཛིན་པའི་དངོས་པོ་མེད་པའི་ཕྱིར་དང་། ཀུན་རྫོབ་ཏུ་རྣམ་པ་དེ་ལྟ་བུའི་དོན་བསྟན་པའི་ཕྱིར་ཏེ། ཞེས་པ་ཚབ་ཀྱི་འགྱུར་ལས་འབྱུང་ལ། ནག་ཚོའི་འགྱུར་ལས། དེ་ལ་འདི་ལྟར་མཆོག་ཏུ་འཛིན་པ་ཉིད་མེད་པའི་ཕྱིར་དང་། ཀུན་རྫོབ་ཏུ་དོན་ཇི་ལྟ་བ་བཞིན་དུ་བསྒྲུབ་པའི་ཕྱིར་རོ། །ཞེས་འབྱུང་ངོ་། །དེ་ལ་འདི་ལྟར་ཞེས་འབྱུང་བ་ལེགས་ལ། ལྷག་མའི་དོན་ནི་བདེན་པར་འཛིན་པའི་ཞེན་ཡུལ་གྱི་དངོས་པོ་མེད་པ་དང་། ཀུན་རྫོབ་ཏུ་བཅོས་མ་དང་གཞན་ལ་ལྟོས་པའི་རྣམ་པ་དེ་ལྟ་བུའི་དོན་བསྟན་པའི་ཕྱིར་རོ། །དེ་ལྟར་སློབ་དཔོན་འཕགས་པས་རང་བཞིན་ཞལ་གྱིས་བཞེས་པར་བསྟན་པ་འདིས། ཆོས་དབྱིངས་བསྟོད་པ་ལས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་ཀུན། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་འདི་ཉམས་པར་བྱེད་མ་ཡིན། ཞེས་སྟོང་ཉིད་སྟོན་པའི་མདོ་སྡེས་བདེན་འཛིན་གྱི་ཉོན་མོངས་པའི་དམིགས་གཏད་འཇིག་པ་ཡིན་གྱི། དེའི་དམིགས་གཏད་བཀག་པའི་སྟོང་པ་དེ་བཞིན་གཤེགས་པའི་ཁམས་ཉམས་པ་སྟེ་མེད་པར་སྟོན་པ་མིན་ནོ། །ཞེས་གསུངས་པ་ཡང་ཤེས་པར་བྱའོ། །དེ་ལ་མིག་སོགས་རྣམས་མིག་སོགས་ཀྱིས་སྟོང་པར་གསུངས་པས་ནི། མིག་སོགས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་གསལ་བར་མཛད་པ་ཡིན་གྱི། མིག་ནང་གི་བྱེད་པའི་བདག་དང་བྲལ་བའི་སྟོང་པའོ་ཞེས་ཉན་ཐོས་སྡེ་པ་འདོད་པ་དང་། སེམས་


JLD016_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་པས་མིག་གཟུང་འཛིན་རྫས་ཐ་དད་པ་ཙམ་གྱིས་སྟོང་ངོ་ཞེས་མིག་སོགས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་མི་སྟོང་པའི་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་དུ་འདོད་པ་ལྟར་ནི་མ་ཡིན་ནོ། །གཉིས་པ་ནི། རྒྱུད་ཀྱིས་མ་བསྡུས་པའི་གཟུགས་ལ་སོགས་པའི་ཡུལ་དྲུག་རང་བཞིན་གྱིས་གྲུབ་པས་སྟོང་པའི་རང་བཞིན་མེད་པ་ཉིད་ནི། ཕྱི་རོལ་གྱི་སྟོང་པ་ཉིད་དུ་འདོད་དོ། །ཕྱིའི་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་ནི། གང་གི་ཕྱིར་གཟུགས་དེའི་རང་བཞིན་ནི་དེ་ཡིན་པའི་ཕྱིར་རོ། །སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ཉིད་ཀྱང་སྟོང་ཚུལ་དེ་བཞིན་དུ་ཤེས་པར་བྱའོ། །འདི་དང་ལྷག་མ་རྣམས་ལ་མདོར་ཐེར་ཟུག་ཏུ་གནས་པ་མིན་པ་དང་། འཇིག་པ་མིན་པའི་ཕྱིར་ཞེས་གསུངས་པ་ནི་སྔར་ནང་སྟོང་པ་ཉིད་ཀྱི་སྐབས་སུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཤེས་རྒྱུད་ཀྱིས་བསྡུས་པའི་དབང་རྟེན་ཁོག་པ་ལྟ་བུ་ནི་ཤེས་རྒྱུད་ཀྱིས་བསྡུས་ཤིང་། དབང་པོས་མ་བསྡུས་པས་ན་ཕྱི་ནང་གཉིས་ཆར་ཡིན་ལ། དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་མེད་པ་ཉིད་ནི། ཕྱི་ནང་གི་སྟོང་པ་ཉིད་དེ་ལྷག་མ་སྔར་བཞིན་ནོ། །ཕྱི་ནང་གི་ཆོས་རྣམས་སྔར་བཤད་པ་ལྟར་རང་བཞིན་ཀྱིས་གྲུབ་པ་མེད་པ་ཉིད་ནི། དེ་ཁོ་ན་ལ་མཁས་པས་རང་བཞིན་སྟོང་པ་ཉིད་ཅེས་བསྙད་དོ། །ཕྱི་ནང་གི་ཆོས་ཀྱི་རང་བཞིན་སྟོང་པ་ཉིད་དེ་ཡང་སྟོང་ཉིད་ཀྱི་ངོ་བོས་གྲུབ་པའམ་བདེན་པས་སྟོང་པར་འདོད་པ་ཡིན་ནོ། །དེ་ལྟར་ན་སྟོང་


JLD016_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སྟོང་ཉིད་ཅེས་བྱ་བའི་སྟོང་ཉིད་གང་ཡིན་པ་དེ་ནི། སྟོང་པ་ཉིད་སྟོང་པ་ཉིད་དུ་འདོད་པ་སྟེ། སྟོང་པ་ཉིད་བདེན་པས་སྟོང་པར་གསུངས་པ་ནི་སྟོང་ཉིད་དམ་ཆོས་ཉིད་ལ་དངོས་པོ་སྟེ་བདེན་པར་འཛིན་པའི་བློ་ཅན་གྱི་བདེན་པར་འཛིན་པ་བཟློག་པར་བྱ་བའི་ཕྱིར་རྒྱལ་བའི་ཡུམ་ལས་གསུངས་པ་ཡིན་ནོ། །དེ་ལྟར་ཡིན་པར་ཡང་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ཀུན་རྟོག་ཐམས་ཅད་བསལ་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་གསལ་བར་གསུངས་སོ། །འདི་དག་གིས་ནི་ཁ་ཅིག་དོན་དམ་པར་བདེན་པ་ཞེས་པ་བདེན་དངོས་རྣམ་པར་བཅད་ཙམ་ལ་བྱས་ནས་དེ་བདེན་གྲུབ་ཏུ་སྨྲ་བ་དང་། གཞན་དག་དགག་བྱ་བཅད་ཙམ་མིན་པའི་སྡོ་སེར་ལྟར་སྒྲུབ་པར་རང་དབང་བ་ཆོས་ཉིད་དུ་བྱས་ནས་དེ་བདེན་པར་འདོད་པ་གཉིས་ཀ་ཡང་རྒྱལ་བས་ཤིན་ཏུ་སྨད་པར་གསུངས་སོ། །གཉིས་པ་ནི། ཤར་ལ་སོགས་པའི་ཕྱོགས་ལས་ལོགས་ཤིག་ཏུ་སྣོད་བཅུད་གཉིས་མེད་པས། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནི་མི་ལུས་པ་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དང་། བྱམས་སོགས་ཚད་མེད་བཞི་སྒོམ་པ་ན་ཕྱོགས་ཀྱིས་ཁྱབ་པའི་སེམས་ཅན་ཀུན་ལ་སྒོམ་པས། དམིགས་པའི་སྒོ་ནས་ཚད་མེད་པར་བཞག་པའི་ཕྱིར། ཕྱོགས་ཚད་མེད་པའི་དཔེ་ཡིས་ཏེ་ཚད་མེད་པ་བཞིན་དུ། དེ་ལྟར་སྒོམ་པ་ལ་ཡང་མུ་མཐའ་ནི་མེད་པ་སྟེ་ཚད་མེད་པར་བཞག་པའི་ཕྱིར་ཕྱོགས་བཅུ་ནི་ཆེན་པོ་ཉིད་དོ། །ཤར་ལ་སོགས་


JLD016_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་དག་བཅུ་ཆར་ཕྱོགས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་ཉིད་ནི་གང་ཡིན་པ་དེ་ནི་ཆེན་པོ་སྟོང་པ་ཉིད་ཡིན་ཏེ། ཕྱོགས་རྣམས་ཆེན་པོར་རང་བཞིན་གྱིས་གྲུབ་པར་འཛིན་པ་བཟློག་པའི་ཕྱིར་དུ་གསུངས་ཏེ། ཕྱོགས་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་ནི་མུ་སྟེགས་བྱེ་བྲག་པས་ཕྱོགས་རྣམས་རྟག་པའི་རྫས་ཉིད་དུ་འཛིན་པ་ལྟ་བུའོ། །དོན་དམ་ཞེས་པའི་དོན་གྱི་སྒྲ་ནི་འདི་ལ་དོན་ཡོད་དེ་ཞེས་པ་ལྟ་བུ་དགོས་པ་ལ་བྱེད་པ་དང་། དོན་ལྔ་ཞེས་པ་ལྟ་བུ་ཤེས་བྱ་ཡུལ་ལ་བྱེད་པ་གཉིས་ལས། འདིར་ནི་མྱ་ངན་ལས་འདས་པ་ཆོས་ཀྱི་སྐུ་ཡིན་ཏེ། མྱང་འདས་དེ་ནི་ཐོབ་པར་བྱ་བའི་དགོས་པ་མཆོག་ཡིན་པས་སོ། །ཆོས་སྐུ་དེ་ནི་དེ་ཡི་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་ཉིད་གང་ཡིན་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་དེ། དེ་ཡང་མྱ་ངན་འདས་པ་ཆོས་སྐུ་དེ་ལ་དངོས་པོ་སྟེ་བདེན་པར་འཛིན་པའི་བློ་ཅན་གྱི་བདེན་པར་འཛིན་པ་བཟློག་པར་བྱ་བའི་ཕྱིར་དོན་དམ་མཁྱེན་པ་སངས་རྒྱས་ཀྱིས་དོན་དམ་པ་སྟོང་པ་ཉིད་ནི་བསྟན་པར་མཛད་དོ། །རྒྱུ་རྐྱེན་ལས་བྱུང་བ་སྟེ་སྐྱེས་པའི་ཕྱིར་ཁམས་གསུམ་པོ་ནི་འདུས་བྱས་ཡིན་པར་ངེས་པར་བསྙད་དོ། །ཁམས་གསུམ་པོ་དེ་ནི་དེ་ཡི་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་གང་ཡིན་པ་དེ་ནི། འདུས་བྱས་སྟོང་པ་ཉིད་དུ་གསུངས་སོ། །ཆོས་གང་ལ་སྐྱེ་བ་དང་མི་རྟག་པ་སྟེ་འགག་པའམ་འཇིག་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་དེ་དག་མེད་པ་ནི་འདུས་མ་བྱས་སོ། །དེ་ནི་དེ་ཡི་རང་བཞིན་གྱིས་


JLD016_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པས་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་དུ་གསུངས་སོ། །གསུམ་པ་ནི། མཐའ་ནི་རྟག་པ་དང་ཆད་པ་གང་དུ་བཟུང་ན་ལོག་པའི་གཡང་དུ་ལྟུང་བ་ཡིན་གྱི། འདུས་མ་བྱས་རྟག་པ་དང་དགྲ་བཅོམ་པ་ལ་ལས་དབང་གི་སྐྱེ་འཆི་བརྒྱུད་པ་ཆད་པར་འཛིན་པ་ལྟ་བུ་ནི་མ་ཡིན་པས། གང་དུ་བཟུང་ན་མི་མཐུན་ཕྱོགས་ཀྱི་གཡང་དུ་ལྟུང་བའི་རྟག་ཆད་དང་། རྟག་ཆད་ཙམ་གྱི་ཁྱད་པར་ཕྱེད་པར་བྱའོ། །གཞི་གང་ལ་མཐར་འཛིན་དུ་ལྟུང་བའི་རྟག་ཆད་ཀྱི་མཐའ་ནི་ཡོད་པ་མིན་པ་དེ་ནི། འདིར་མཐའ་ལས་འདས་པར་བརྗོད་དོ། །མཐའ་བྲལ་དེ་ནི་མཐའ་བྲལ་དེའི་རང་བཞིན་གྱིས་གྲུབ་པ་ཁོ་ནས་སྟོང་པ་ཉིད་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་དུ་བསྙད་དོ། །འདི་ནི་ཏིང་འཛིན་རྒྱལ་པོ་ལས། ཡོད་མེད་དང་གཙང་མི་གཙང་གི་མཐའ་གཉིས་སྤངས་ནས། དབུས་ལའང་གནས་པར་མི་བྱེད་དོ། །ཞེས་གསུངས་པ་ལྟར་མཐའ་སྤངས་པའི་དབུས་བདེན་ནམ་སྙམ་པའི་བདེན་འཛིན་བཟློག་པའི་ཕྱིར་དུ་གསུངས་པ་སྟེ། དཔེར་ན་སེམས་ཙམ་པས་རང་གི་ལུགས་ཀྱི་རྟག་ཆད་སོགས་ཀྱི་མཐའ་དང་བྲལ་བའི་དབུས་སེམས་བདེན་གྲུབ་ཏུ་འདོད་པ་ལྟ་བུའོ། །འདི་ཡན་ཆད་དུ་མ་བྱུང་ལ་འདི་ནས་བྱུང་ཞེས་པའི་ཐོག་མ་སྟེ་དང་པོ་དང་། འདི་ཕྱིན་ཆད་དུ་མི་འབྱུང་ཞེས་པའི་ཐ་མའི་མཐའ་དེ་དག་མེད་པས་འཁོར་བ་ནི་ཐོག་མ་དང་། ཐ་མ་མེད་པར་བརྗོད་དོ། །འགྲོ་འོང་རང་བཞིན་གྱིས་གྲུབ་པ་དང་བྲལ་བའི་ཕྱིར་རྨི་ལམ་ལྟ་བུའི་སྲིད་པ་འདི། སྲིད་པ་དེ་ཡི་རང་བཞིན་གྱིས་གྲུབ་པས་


JLD016_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་པ་ཉིད་གང་ཡིན་པ་དེ་ནི། ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་དོ་ཞེས་བསྟན་བཅོས་ཆེན་པོ་རྒྱལ་བའི་ཡུམ་ལས་ནི་ངེས་པར་བསྙད་དོ། །དོར་བ་ཞེས་བྱ་བ་ནི་འཐོར་བ་དང་འབོར་བ་ལ་ནི་ངེས་པར་བརྗོད་ལ། དོར་བ་དེ་མེད་པ་ནི་ཕར་ལ་གཏོང་བ་མེད་པ་སྟེ་རང་གི་ངོ་བོ་འགའ་དང་དུས་འགར་ཡང་དོར་དུ་མེད་པ་སྟེ་དོར་དུ་མི་རུང་བ་ཐེག་ཆེན་གང་ཡིན་པའོ། །དོར་བ་མེད་པ་ནི་དོར་བ་མེད་པ་དེ་ཉིད་ཀྱི་རང་བཞིན་གྱིས་གྲུབ་པས་སྟོང་པ་དེ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི། དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་བརྗོད་དེ། སྟོང་ཉིད་དེ་དོར་པ་མེད་པའི་རང་བཞིན་ཡིན་པ་དེའི་ཕྱིར་ནའོ། །འདུས་བྱས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཆོས་ཉིད་ནི། རང་བཞིན་ཉིད་དུ་བསྙད་ཅིང་བརྗོད་པ་སྟེ། རྒྱུ་མཚན་གང་གི་ཕྱིར་ན་འདུས་བྱས་ལ། སོགས་པ་རྣམས་ཀྱི་ངོ་བོ་ཆོས་ཉིད་ནི། སློབ་མ་ཉན་ཐོས་དང་། རང་སངས་རྒྱས་དང་། རྒྱལ་སྲས་བྱང་སེམས་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་མཛད་ཅིང་། དེ་གསལ་བར་བྱེད་པ་ཡིན་ལ། གདོད་མ་ནས་དེ་དག་གི་གཤིས་སུ་གནས་པ་དེའི་ཕྱིར་རོ། །རང་བཞིན་དེ་ཉིད་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་ཉིད་གང་ཡིན་པ་དེ་ནི་རང་བཞིན་སྟོང་པ་ཉིད་དོ། །འོ་ན་དོན་འདི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྐབས་སུ་ཡང་བརྗོད་པ་མ་ཡིན་ནམ་ཞེ་ན། བདེན་མོད་འོན་ཀྱང་སྐབས་སྔ་མར་ནི་ཕྱི་ནང་གི་ཆོས་རྣམས་ཀྱི་སྟོང་ཉིད་དེ། དེ་ཁོ་ན་ཉིད་འཇལ་བའི་རིགས་ཤེས་ཀྱིས་གྲུབ་པས་བདེན་པར་


JLD016_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བམ་སྙམ་པ་བསལ་བའི་ཕྱིར་ཡིན་ལ། འདིར་ནི་སུས་ཀྱང་མ་བྱས་པར་གཤིས་སུ་གྲུབ་པའི་རང་བཞིན་ཡིན་ན། བདེན་པར་གྲུབ་བམ་སྙམ་པ་བསལ་བའི་ཕྱིར་གསུངས་པས་མི་ཟློས་སོ། །དོགས་པའི་རྒྱུ་མཚན་འདི་གཉིས་ཀ་ཆོས་ཉིད་ལ་ཡོད་ཀྱང་བདེན་པར་གྲུབ་པ་འགོག་ནུས་པ་མི་འགལ་བ་འདི་ཤེས་ན། དོན་དམ་བདེན་པ་བློ་གང་གིས་ཀྱང་མི་རྟོགས་པར་འཛིན་པའི་ལོག་པར་རྟོག་པ་རྣམས་ལྡོག་པར་འགྱུར་རོ། །བཞི་པ་ལ་གསུམ། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བཤད་པའོ། །དང་པོ་ནི། ཆོས་ཐམས་ཅད་ནི་མིག་སོགས་རྟེན་དབང་པོའི་ཁམས་དྲུག་དང་། མིག་གི་རྣམ་ཤེས་སོགས་བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་དང་། གཟུགས་ལ་སོགས་པ་དམིགས་པ་ཡུལ་གྱི་ཁམས་དྲུག་སྟེ་ཁམས་བཅོ་བརྒྱད་དང་། མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རེག་པ་དྲུག་དང་། རེག་པ་དེ་དྲུག་ལས་བྱུང་པའི་ཚེར་བ་དྲུག་དང་། གཟུགས་ཅན་དང་གཟུགས་ཅན་མིན་པ་གཉིས་དང་། དེ་བཞིན་དུ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་སོ། །ཆོས་དེ་དག་ཐམས་ཅད་ནི་དེ་དག་གི་ངོ་བོ་ཉིད་ཀྱིས་གྲུབ་པས་དབེན་པའི་སྟོང་པ་ཉིད་གང་ཡིན་པ་འདི་ནི། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དོ། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། གཟུགས་ཕུང་གི་མཚན་ཉིད་ནི་གཟུགས་སུ་རུང་བ་དང་ལ་སོགས་པས་


JLD016_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་རྣམ་མཁྱེན་གྱི་བར་གྱི་ཀུན་བྱང་གི་ཆོས་རྣམས་ཀྱི་རང་རང་གི་མཚན་ཉིད་དངོས་པོ་སྟེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །གཉིས་པ་ལ་གསུམ། གཞིའི་ཆོས་དང་། ལམ་གྱི་ཆོས་དང་། འབྲས་བུའི་ཆོས་ཀྱི་རང་གི་མཚན་ཉིད་དོ། །དང་པོ་ནི། ཡང་གཟུགས་ལ་སོགས་པ་རྣམས་ཀྱི་རང་གི་མཚན་ཉིད་ཅི་ཡིན་ཞེན། གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ཅན་ཏེ། དེ་ཡང་མདོ་ལས། དགེ་སློང་དག་གཟུགས་སུ་ཡོད་ཅིང་གཟུགས་སུ་རུང་བ་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཞེས་གསུངས་སོ། །རང་གི་མཚན་ཉིད་འདི་རྣམས་དོན་ལྡོག་ཡིན་པའི་ངེས་པ་མེད་པར་རང་རང་གི་རང་བཞིན་མཚོན་པའི་གཙོ་བོ་སྨོས་པའོ། །ཚོར་བ་ནི་བདེ་སྡུག་བཏང་སྙོམས་ཀྱི་མྱོང་བའི་བདག་ཉིད་ཅན་ནོ། །འདུ་ཤེས་ནི་ཕྱིའི་མཚན་མ་སྔོ་སེར་སོགས་དང་། ནང་གི་མཚན་མ་བདེ་སྡུག་སོགས་ཀྱི་ཁྱད་པར་འཛིན་པ་སྟེ། མཚན་མ་ནི་ཡུལ་གྱི་སྤུ་རིས་སོ། །འདུ་བྱེད་ནི་འདུས་བྱས་མངོན་པར་འདུ་བྱེད་པ་སྟེ་ཕུང་པོ་གཞན་བཞི་ལས་གཞན་པའོ། གཟུགས་སྒྲ་ལ་སོགས་པའི་ཡུལ་སོ་སོ་ལ་སོ་སོར་རྣམ་པར་རིག་པ་ནི། རྣམ་ཤེས་ཀྱི་རང་གི་མཚན་ཉིད་དོ། །ཕུང་པོའི་རང་གི་མཚན་ཉིད་སྡུག་བསྔལ་དང་ཁམས་རྣམས་ཀྱི་བདག་ཉིད་དེ་རང་གི་མཚན་ཉིད་ནི། སྦྲུལ་གདུག་པས་གཞན་ལ་བཟུང་ནས་གནོད་པ་སྐྱེད་པ་དང་འདྲ་བ་སེམས་ཅན་རྣམས་འཁོར་བར་འཛིན་པའོ། །སྐྱེ་མཆེད་


JLD016_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་སངས་རྒྱས་ཀྱིས་སྡུག་བསྔལ་འབྱུང་ཞིང་། སྐྱེ་བའི་སྒོར་གྱུར་པ་ཉིད་དུ་གསུངས་སོ། །དེ་གསུམ་ནི་འཁོར་བའི་ཕུང་ཁམས་དང་སྐྱེ་མཆེད་ལ་དགོངས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེའི་རང་གི་མཚན་ཉིད་ནི་རྒྱུ་རྐྱེན་གྱི་འདུ་འཕྲོད་ཀྱིས་རབ་ཏུ་ཕྱེ་བའོ། །གཉིས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི། །ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་ཡོངས་སུ་གཏོང་པའི་སེམས་པའོ། །ཚུལ་ཁྲིམས་ཀྱི་མཚན་ཉིད་ནི་ཉོན་མོངས་ཀྱི་གདུང་བ་ལས་དེ་མེད་པའི་བསིལ་བ་ཐོབ་པའོ། །བཟོད་པའི་མཚན་ཉིད་ནི་ཁྲོ་བ་མེད་པ་སྟེ་དེ་ལ་སེམས་ཀྱི་བསྲན་འཛུགས་ནུས་པའོ། །བརྩོན་འགྲུས་ཀྱི་མཚན་ཉིད་ནི། ཁ་ན་མ་ཐོ་བ་མེད་པའི་དགེ་བ་ཡོངས་སུ་འཛིན་པ་ལ་སྤྲོ་བ་ཉིད་དོ། །བསམ་གཏན་གྱི་མཚན་ཉིད་ནི་དགེ་བའི་ཆོས་ཐམས་ཅད་སྡུད་པའི་ཕྱིར་དུ་དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་མཚན་ཉིད་ཅན་ནོ། །ཤེས་རབ་ཀྱི་མཚན་ཉིད་ནི་ཆགས་པ་མེད་པ་སྟེ། མྱ་ངན་ལས་འདས་པར་བགྲོད་པའི་ཕྱིར་དུ། ཆོས་འགའ་ལ་ཡང་ཆགས་པ་སྟེ་བདེན་ཞེན་མེད་པ་སྟེ་འགོག་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་མཚན་ཉིད་ནི། སྔར་བཤད་པ་འདི་དག་ཡིན་པར་མདོ་ལས་བརྗོད་དོ། །བསམ་གཏན་དང་པོ་ལ་སོགས་པ་བསམ་གཏན་བཞི་རྣམས་དང་། བྱམས་པ་ཚད་མེད་ལ་སོགས་པ་ཚད་མེད་བཞི་དང་། དེ་བཞིན་དུ་སྔ་མ་གཉིས་ལས་གཞན་གང་ནམ་མཁའ་མཐའ་ཡས་ལ་སོགས་པ་གཟུགས་མེད་པའི་སྙོམ་པར་འཇུག་པ་བཞི་པོ་དེ་དག །ཡང་དག་


JLD016_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཡི་སངས་རྒྱས་ཀྱིས་མི་འཁྲུག་པ་ཁྲོ་བ་མེད་པའི་མཚན་ཉིད་ཅན་དུ་གསུངས་ཏེ། དེ་རྣམས་ནི་ཁྲོ་བ་སྤངས་པས་འཐོབ་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་གི་མཚན་ཉིད་ནི། གང་དུ་ངེས་པར་འབྱུང་ས་ཐར་པར་ངེས་པར་འབྱུང་བར་བྱེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་བདེན་འཛིན་གྱི་དམིགས་གཏད་ཀྱི་རྟོག་པའི་དྲི་མས་མ་སྦགས་པའི་ཕྱིར་རྣམ་པར་དབེན་པའི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་མཚན་མ་མ་དམིགས་པའི་སྒོ་ནས་ཞི་བའི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་པའི་སྒོ་གསུམ་པ་སྨོན་པ་མེད་པའི་མཚན་ཉིད་ནི། འདུ་བྱེད་སྡུག་བསྔལ་གྱི་བདག་ཉིད་ཅན་རྣམས་ལ་སྡུག་བསྔལ་དུ་ཡང་དག་པར་རྗེས་སུ་ལྟ་བ་དང་། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱིས་འདུ་བྱེད་ཀྱི་ཡིན་ལུགས་ལ་ལྟ་བ་ན། སྲིད་པའི་ཕུན་ཚོགས་ལ་མི་སྨོན་ཞིང་། །འཇིག་རྟེན་ལས་འདས་པའི་གོ་འཕང་ལ་ཡང་བདེན་པར་འཛིན་པའི་སྒོ་ནས་སྨོན་པ་མེད་པའི་ཕྱིར་ན། སྡུག་བསྔལ་དང་གཏི་མུག་མེད་པའི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་པ་བརྒྱད་པོ་རྣམས་ཀྱི་མཚན་ཉིད་ནི། སྙོམས་འཇུག་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་པའོ། །རྣམ་པར་ཐར་པ་བརྒྱད་ནི་ནང་ལ་གཟུགས་ཅན་དུ་འདུ་ཤེས་པ་མ་བཤིག་པར་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་དང་། ནང་ལ་འདུ་ཤེས་དེ་བཤིག་ནས་ཕྱི་རོལ་གྱི་གཟུགས་ལ་ལྟ་བའི་རྣམ་ཐར་གཉིས་ནི། སྤྲུལ་པ་ལ་གེགས་བྱེད་པའི་སྒྲིབ་པའི་གཉེན་པོའོ། །འགྲེལ་པའི་


JLD016_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་མང་པོ་ལ་གཉིས་པ་ལ་ནང་གཟུགས་སུ་འདུ་ཤེས་པ་ཞེས་འབྱུང་བ་ནི་མ་དག་པའོ། །སྡུག་པའི་རྣམ་པར་ཐར་པ་བསམ་གཏན་བཞི་པའི་མཚན་ཉིད་ཅན་ནི་གསུམ་པ་སྟེ། གཟུགས་སྡུག་པ་སྤྲུལ་པ་ལ་དགའ་བ་དང་། མི་སྡུག་པ་སྤྲུལ་པ་ལ་མི་དགའ་བའི་ཀུན་ནས་ཉོན་མོངས་པའི་གཉེན་པའོ། །མཐོང་ཆོས་བདེར་གནས་ཀྱི་ལམ་ལ་གཉིས་ལས་ཐར་པ་དང་མཐུན་པར་གནས་པའི་ལམ་ལ། གཟུགས་མེད་ཀྱི་སྙོམས་འཇུག་བཞིའི་རྣམ་པར་ཐར་པ་དང་། ཞི་བར་གནས་པའི་ལམ་ལ་འདུ་ཤེས་དང་ཚོར་བ་འགོག་པ་འགོག་པའི་སྙོམས་འཇུག་གི་རྣམ་ཐར་གཅིག་གོ །གསུམ་པ་ནི། འཆད་འགྱུར་གྱི་སྟོབས་བཅུ་པོ་རྣམས་ནི། ཤིན་ཏུ་རྣམ་པར་གཏན་ལ་འབེབས་པའི་རང་བཞིན་ནམ་མཚན་ཉིད་ཅན་དུ་རིག་པར་བྱ་སྟེ། ཡུལ་རྣམས་ཤིན་ཏུ་གཏན་ལ་འབེབས་པ་ཉིད་ཀྱིས། ཡུལ་ལ་འཇུག་པ་ལ་ཐོགས་པ་མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་སྟོབས་ཞེས་བྱའོ། །ཤེས་བྱ་ཐམས་ཅད་ཡང་དག་པ་ཕྱིན་ཅི་མ་ལོག་པར་རྫོགས་པར་ཏེ་མ་ལུས་པར་སངས་རྒྱས་པ་སྟེ་ཐུགས་སུ་ཆུད་དོ། །ཞེས་ཞལ་གྱིས་བཞེས་པ་དང་། ང་ཟག་པ་བག་ཆགས་དང་བཅས་པ་ཟད་དོ་ཞེས་པ་དང་། ངས་ཆགས་སོགས་ཐར་པའི་བར་དུ་གཅོད་པའི་ཆོས་ཡིན་ནོ་ཞེས་པ་དང་། ས་ལམ་འདི་ལ་ནན་ཏན་དུ་བྱས་ན་སྡུག་བསྔལ་ཟད་པར་འགྱུར་རོ་ཞེས་དམ་བཅས་པ་བཞི་ལ་དེ་ལྟར་མིན་ནོ། །ཞེས་པའི་ཆོས་མཐུན་གྱི་རྒོལ་བ་འགའ་ཡང་མ་མཐོང་བའི་སྐྱོབ་པའི་མི་འཇིགས་པ་བཞི་པོ་རྣམས་ནི། ཤིན་ཏུ་བརྟན་པའི་ངོ་བོ་ཉིད་དེ་


JLD016_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཅན་ཡིན་ཏེ། རྒོལ་བ་སུས་ཀྱང་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོར་ཡང་དག་པར་རིག་པ་རྣམས་ནི། སྤོབས་པ་ལ་སོགས་པ་བཞི་ཆད་པ་སྟེ་གཏུགས་པ་མེད་པའི་མཚན་ཉིད་ཅན་ནོ། །འགྲོ་བ་རྣམས་ལ་ཕན་པ་དང་བདེ་བ་ཉེ་བར་སྒྲུབ་པ་ནི། བྱམས་པ་ཆེན་པོ་ཞེས་བྱ་བའི་མཚན་ཉིད་དང་། སྡུག་བསྔལ་ཅན་གྱི་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པ་ནི། ཐུགས་རྗེ་ཆེན་པོའི་མཚན་ཉིད་དོ། །དགའ་བ་ཆེན་པོ་ནི་རབ་ཏུ་སྟེ་མཆོག་ཏུ་དགའ་བའི་མཚན་ཉིད་ཅན་ནོ། །བཏང་སྙོམས་ཆེན་པོ་ནི་འགའ་ཞིག་ལ་རྗེས་སུ་ཆགས་པ་དང་། །གཞན་དག་ལ་ཁོང་ཁྲོ་བ་ལ་སོགས་པ་དང་མ་འདྲེས་པ་སྟེ་དེ་དག་དང་བྲལ་བའི་མཚན་ཉིད་ཅན་དུ་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཆོས་ནི། མ་འདྲེས་པ་བཅུ་དང་བརྒྱད་དུ་གང་འདོད་པ་དེ་དག་གཞན་གྱིས་མི་འཕྲོགས་པའི་རང་གི་མཚན་ཉིད་ཅན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་སྟོན་པ་ལ་མ་འདྲེས་པའི་མི་མཐུན་ཕྱོགས་འཁྲུལ་བ་སོགས་མི་མངའ་བས་དེ་རྣམས་ཀྱིས་གླགས་མེད་པ་ཉིད་ཀྱིས་མི་འཕྲོགས་བ་སྟེ། ཐུབ་པར་མི་ནུས་པ་དེའི་ཕྱིར་རོ། །མ་འདྲེས་པ་བཅོ་བརྒྱད་ནི་དྲུག་ཚན་གསུམ་སྟེ། སྐུ་ལ་འཁྲུལ་པ་དང་། གསུང་ལ་ཅ་ཅོ་དང་། ཐུགས་ལ་བསྙེལ་བ་དང་མཉམ་བར་མ་བཞག་པ་དང་། འཁོར་འདས་ཐ་དད་དུ་འཛིན་པའི་རྟོག་པ་དང་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་དྲུག་ནི་དང་པོའོ། འདུན་


JLD016_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་ནི་གཉིས་པའོ། །ལུས་ཀྱི་ལས་དང་ངག་གི་ལས་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། འདས་མ་འོངས་ད་ལྟར་གྱི་དུས་ལ་མ་ཆགས་པ་དང་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་ནི་གསུམ་པའོ། །མ་འདྲེས་པའི་ངེས་ཚིག་ནི་ཆོས་དེ་རྣམས་སངས་རྒྱས་ཁོ་ནའི་རྟེན་ལ་ཡོད་ཀྱི། རྟེན་གཞན་ལ་མེད་པས་རྟེན་མ་འདྲེས་པའོ། །འདི་དག་གི་བཤད་པ་ནི་འགྲེལ་པར་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དྲངས་པ་ལས་ཤེས་པར་བྱའོ། །རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི། ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་མཚན་ཉིད་ཅན་དུ་འདོད་དེ། རྣམ་མཁྱེན་དེ་ལས་གཞན་པའི་ཤེས་པ་ཐམས་ཅད་ནི་ཡུལ་ཉི་ཚེ་བ་ཙམ་ལ་འཇུག་པ་ཉིད་ཀྱིས། །ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཞེས་བྱ་བར་མི་འདོད་དོ། །དེ་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་མཚན་ཉིད་རྣམས་ནི། དེ་རྣམས་མཚོན་བྱེད་ཀྱི་རང་གི་ངོ་བོ་ཙམ་ཡིན་པས། རྟགས་ཀྱི་དགག་བྱའི་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་ཁྱད་པར་ཤིན་ཏུ་ཆེའོ། །གསུམ་པ་ནི། གང་ཞིག་འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་རང་མཚོན་བྱེད་ཀྱི་མཚན་ཉིད་གང་ཡིན་པ་དེ་རྣམས། དེའི་རང་བཞིན་གྱིས་གྲུབ་པ་དེ་ཁོ་ནས་སྟོང་པ་ཉིད་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །གསུམ་པ་ནི། དེ་ལྟར་བྱུང་བ་འདི་


JLD016_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲུབ་པའི་དུས་ཕན་ཆད་དུ་མི་གནས་ཤིང་། བྱུང་ཟིན་འདས་པ་ནི་བྱུང་བ་དེ་ཞིག་པ་ཡིན་པ་དང་། འབྱུང་འགྱུར་མ་འོངས་པ་ནི་འབྱུང་འགྱུར་དེ་ད་ལྟར་མ་སྐྱེས་པའི་ཕྱིར། གསུམ་པོ་དེར་ཡོད་པ་མ་ཡིན་ནོ། །བྱུང་ཟིན་དང་འབྱུང་འགྱུར་དང་ད་ལྟར་བ་དེ་དག་རིམ་པ་བཞིན་དུ་ཞིག་པ་དང་མ་སྐྱེས་པའི་དུས་གཉིས་དང་། རང་གྲུབ་པའི་འོག་གང་དུ་མི་དམིགས་པ་དེ་ལ་ནི་མི་དམིགས་པ་ཞེས་བརྗོད་དོ། །མི་དམིགས་པ་དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་ཡིས་དབེན་པ་ཉིད་གང་ཡིན་པ་དེ་ནི། ཐེར་ཟུག་ཏུ་གནས་པ་མིན་པ་དང་། འཇིག་པ་མིན་པས་ན་མི་དམིགས་པ་ཞེས་བྱ་བའི་སྟོང་པ་ཉིད་དོ། །རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ན། དངོས་པོ་རྣམས་ལ་འདུས་པ་པ་སྟེ་རྒྱུ་རྐྱེན་འདུས་པ་ལས་བྱུང་བའི་ངོ་བོ་རང་བཞིན་གྱིས་གྲུབ་པ་མེད་པས། དེ་རྣམས་ལ་དངོས་པོ་མེད་པ་ཞེས་བྱ་ལ། འདུས་པ་ལས་བྱུང་བ་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་ཉིད་ནི། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་དོ། །དེ་ལྟར་བཅུ་དྲུག་ཏུ་བཤད་པ་ནི་བདེན་གྲུབ་འགོག་པའི་རིགས་པ་མི་འདྲ་བའི་སྒོ་ནས་ནི་མིན་ཏེ། ཐམས་ཅད་ལ་ཡང་ཐེར་ཟུག་ཏུ་གནས་པ་དང་འཇིག་པ་མེད་པའི་རིགས་པས་བསྒྲུབས་པའི་ཕྱིར་རོ། །གང་ཟག་གཅིག་ལ་སྤྱིར་བདེན་མེད་དུ་སྒྲུབ་པ་ཡང་མིན་ཏེ། གཞི་མིག་སོགས་ནང་གི་ཆོས་རྣམས་ཀྱི་སྟེང་དུ་བདེན་མེད་ཚད་མས་གྲུབ་ན་གཞི་གཞན་ལ་བློ་ཁ་ཕྱོགས་པའི་ཚེ། གཞན་གྱིས་སྒྲུབ་བྱེད་བཀོད་པ་ལ་མི་ལྟོས་པར་རང་གིས་


JLD016_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ལ་བརྟེན་ནས་ཐེ་ཚོམ་ཆོད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གང་ཟག་གཅིག་གི་དབང་དུ་བྱས་པ་དང་། གཞི་སོ་སོ་ལ་བདེན་ཞེན་ཤེས་ཆེ་བའི་གང་ཟག་སོ་སོའི་དབང་དུ་བྱས་པ་གཉིས་ཀ་ཤེས་པར་བྱའོ། །གཉིས་པ་ནི། དངོས་པོ་སྟོང་པ་ཉིད་ཅེས་བྱ་བའི་དངོས་པོའི་སྒྲས་ནི་ཕུང་པོ་ལྔ་རྣམས་བརྗོད་པ་ཡིན་ཏེ། དེ་ཡང་སོ་སོར་མ་ཕྱེ་བར་མདོར་བསྡུས་ནས་སྤྱིར་བརྗོད་དོ། །ཕུང་པོ་ལྔ་པོ་དེ་རྣམས་དེ་ཡི་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་གང་ཡིན་པ་དེ་ནི། དངོས་པོ་སྟོང་པ་ཉིད་དུ་མདོར་བཤད་དོ། །སོ་སོར་མ་ཕྱེ་བར་མདོར་བསྡུས་ན་ནི་དངོས་པོ་མེད་པ་ནི་འདུས་མ་བྱས་ནམ་མཁའ་ལ་སོགས་པ་དང་མྱང་འདས་རྣམས་ལ་བརྗོད་དོ། །འདུས་མ་བྱས་དེ་ཉིད་དངོས་པོར་མེད་པ་དེའི་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་ནི། དངོས་པོ་མེད་པ་སྟོང་པ་ཉིད་དོ་ཞེས་བྱའོ། །རང་བཞིན་ནི་ཆོས་ཉིད་ཀྱི་རང་བཞིན་ལ་བྱ་སྟེ། འདི་ལྟར་རང་བཞིན་དེ་ནི་ཉན་ཐོས་ལ་སོགས་པས་མ་བྱས་པར་དངོས་པོའི་གཤིས་ལུགས་སུ་གནས་པའི་ཕྱིར་རོ། །རང་བཞིན་ཆོས་ཉིད་དེ་རང་བཞིན་གྱིས་གྲུབ་པ་མེད་པ་ནི་རང་བཞིན་སྟོང་པ་ཉིད་དོ་ཞེས་བྱ་བར་བསྙད་དོ། །སངས་རྒྱས་རྣམས་ནི་བྱུང་བའམ་སྟེ་འཇིག་རྟེན་དུ་འབྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ་དངོས་པོ་ཀུན་གྱི་རང་བཞིན་སྟོང་པ་ཉིད་ནི། གཞན་གྱི་དངོས་པོ་སྟེ་ངོ་བོར་རབ་ཏུ་བསྒྲགས་སོ། །འདིར་ནག་ཚོའི་འགྱུར་ལས། མ་བྱུང་ཡང་ནི་རང་བཞིན་ཉིད། ཅེས་པ་དང་། གཞན་གྱི་ངོ་བོ་སྟོང་པར་བསྒྲགས། ཞེས་འབྱུང་བ་ལྟར་བདེའོ། །གཞན་གྱི་ངོ་བོའི་སྐད་དོད་ནི་མཆོག་དང་གཞན་དང་ཕ་


JLD016_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གསུམ་ལ་འཇུག་པས། དང་པོ་ལྟར་ན་མཆོག་ཏུ་བྱུང་བའི་དེ་ཁོ་ན་ཉིད་དོ། །མཆོག་ཏུ་བྱུང་བའི་དོན་ནི་རྟག་ཏུ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལས་མི་འདའ་བར་ཡོད་པའོ། །གཉིས་པ་ལྟར་ན་གཞན་ནི་འཇིག་རྟེན་པ་ལས་གཞན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཕུལ་དུ་བྱུང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དངོས་པོ་སྟེ་ངོ་བོ་ནི་ཡེ་ཤེས་དེས་རྟོགས་པར་བྱ་བའོ། །གསུམ་པ་ལྟར་ན་ཕ་རོལ་ན་ཡོད་པ་ནི་གཞན་གྱི་ངོ་བོའོ། །དེ་ཡང་འཁོར་བ་ལས་འདས་པའི་ཕྱིར་འཁོར་བའི་ཕ་རོལ་ནི་ཡང་དག་པའི་མཐའ་སྟེ་མཐའ་ནི་འདིར་འཁོར་བ་ཟད་པའི་མྱང་འདས་སོ། །དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལས་རྣམ་པ་གཞན་དུ་འགྱུར་བ་མེད་པས་དེ་བཞིན་ཉིད་དོ། །དེ་ཉིད་ནི་དེ་ཉིད་ཀྱི་རང་བཞིན་གྱིས་སྟོང་པའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་དེ་ནི། གཞན་གྱི་དངོས་པོ་སྟེ་ངོ་བོའི་སྟོང་པ་ཉིད་ཅེས་བྱའོ། །རང་བཞིན་སྟོང་པ་ཉིད་ལ་སོགས་པ་སྔར་བཤད་ཀྱང་འདིར་བཤད་པ་མི་ཟློས་པ་ནི། འདིར་དབྱེ་སྒོ་འབྲིང་པོའི་དབང་དུ་མཛད་པའོ། །བཤད་པ་ཕྱི་མ་གཉིས་རྒྱས་འབྲིང་གཉིས་ཀའི་སྐབས་སུ་ཡང་ཡང་འབྱུང་བ་ནི། ཆོས་ཉིད་དེ་དངོས་པོའི་གཤིས་ཡིན་པ་དང་། རྟག་ཏུ་ཡོད་པ་དང་། མི་རྟོག་ཡེ་ཤེས་ཀྱི་གཞལ་བྱར་ཡོད་པར་ཁས་ལེན་ན་བདེན་པར་གྲུབ་བོ་སྙམ་པའི་དོགས་པ་གཅད་པའི་དོན་ཡིན་པས་དེ་རྣམས་མི་འགལ་བར་ཤེས་པར་བྱའོ། །དེ་འདྲ་བའི་སྟོང་པ་ཉིད་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱལ་བའི་ཡུམ་ལས་དབྱེ་བ་དང་སྟོང་ཚུལ་དེ་དག་འདིར་


JLD016_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དེ་སྐད་དུ་རབ་ཏུ་བསྒྲགས་པ་སྟེ་བཤད་དོ། །བཞི་པ་ནི། དེ་ནི་ཤེར་ཕྱིན་ལ་ལྷག་པར་མོས་པའི་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་བརྗོད་པའི་སྒོ་ནས། ཤེར་ཕྱིན་གྱི་སྐབས་རྫོགས་པར་བྱ་བའི་ཕྱིར་དུ་བཤད་པ། སྔར་བཤད་པའི་རྣམ་པ་དེ་ལྟར་རྣམ་པར་དཔྱད་པ་ལས་བྱུང་བའི་བློ་གྲོས་ཀྱི་འོད་ཟེར་གྱིས་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་པའི་མུན་པ་འཇོམས་པའི་སྣང་བ་གསལ་བར་བྱས་པའི་བྱང་སེམས་རང་གི་ལག་ན་གནས་པའི་སྐྱུ་རུ་ར་རློན་པའི་འབྲས་སུ་བཞིན་དུ། སྲིད་པ་གསུམ་པོ་འདི་དག་མ་ལུས་པ་གདོད་མ་ནས་རང་བཞིན་གྱིས་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པ་དེ་ཡང་ནི། ཐ་སྙད་པ་ཀུན་རྫོབ་བདེན་པའི་སྟོབས་ཀྱིས་ཏེ་ཀུན་རྫོབ་ཏུ་འགོག་པར་འགྲོ་བ་སྟེ་དེ་ལ་སྙོམས་པར་འཇུག་གོ །འགོག་པའི་ངོ་བོར་སོན་ཀྱང་འགྲོ་བ་སྐྱོབ་པའི་བསམ་པ་འདོར་བ་ཡང་མ་ཡིན་ནོ་ཞེས་བཤད་པ། བྱང་སེམས་ས་དྲུག་པ་བ་དེ་རྟག་ཏུ་འགོག་པ་འོད་གསལ་དུ་གཏོགས་པའི་བསམ་པ་དང་ལྡན་པ་ཡིན་མོད་ཀྱི། འགྲོ་བ་མགོན་མེད་པ་རྣམས་ལ་འདི་ཡི་སྙིང་རྗེའང་སྐྱེད་པར་བྱེད་པ་སྟེ་འཕེལ་བར་འགྱུར་རོ། །དེའི་ཕྱིར་འདིའི་སྦྱོར་བ་ནི་འཁོར་བར་གཏོགས་པ་དང་། བསམ་པ་ནི་མྱ་ངན་ལས་འདས་པར་གཏོགས་སོ། །ས་དྲུག་པ་བ་འདིས་ས་དྲུག་པ་དེའི་གོང་དུ་སྟེ་ཕྱི་ནས་བདེར་གཤེགས་གསུང་སྐྱེས་ཉན་ཐོས་རྣམས་སངས་རྒྱས་འབྲིང་པོ་རང་རྒྱལ་དང་བཅས་པ་མ་ལུས་པ་རྣམས་ནི་བློ་ཡི་སྟོབས་ཀྱིས་ཕམ་པར་བྱེད་པ་སྟེ་ཟིལ་གྱིས་གནོན་པའང་ཡིན་ནོ། །ཀུན་རྫོབ་རྒྱ་ཆེ་བའི་ལམ་གྱི་རིམ་པ་


JLD016_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ཁོ་ན་ཉིད་ཟབ་མོའི་ལམ་གྱི་རིམ་པའི་གཡས་གཡོན་གྱི་གཤོག་པ་ཡངས་པ་དཀར་པོ་རྒྱས་པར་གྱུར་པའི་ངང་པའི་རྒྱལ་པོ་ས་དྲུག་པ་བ་དེ་ནི། གདུལ་བྱའི་སྐྱེ་བོའི་ངང་པ་ཕུལ་དུ་བྱུང་བ་སྐྱེད་པ་རྣམས་ཀྱིས་མདུན་དུ་བདར་ནས། སྔོན་ལན་མང་དུ་བསགས་པའི་དགེ་བའི་རླུང་གི་ཤུགས་ཆེན་པོའི་སྟོབས་ཀྱིས། །རྒྱལ་བ་སངས་རྒྱས་ཀྱི་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་མཆོག་ཏུ་འགྲོ་བར་འགྱུར་བས། དེའི་རྗེས་སུ་སློབ་པར་འདོད་པ་རྣམས་ཀྱིས་ཀྱང་ལམ་རིམ་པ་གཉིས་ཀའི་གཤོག་པས་བགྲོད་དགོས་ཀྱི། གཤོག་པ་གཉིས་གང་ཡང་མེད་པ་དང་། ཕྱོགས་རེ་བའི་ལམ་གཤོག་པ་གཅིག་ཆག་པ་ལྟ་བུས་མི་ཚིམ་པར། ཐབས་དང་ཤེས་རབ་གཉིས་ཀ་ཚང་བའི་ལམ་གྱིས་སངས་རྒྱས་ཀྱི་སར་བགྲོད་པར་བྱའོ། །དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་ཏུ་གསལ་བ་ལས། དོན་དམ་པའི་སེམས་བསྐྱེད་པ་དྲུག་པའི་བཤད་པའོ། ། ༈ གསུམ་པ་རིང་དུ་སོང་བ་སོགས་ས་བཞི་བཤད་པ་ལ་བཞི། ས་བདུན་པ་དང་། ས་བརྒྱད་པ་དང་། ས་དགུ་པ་དང་། ས་བཅུ་པ་བཤད་པའོ། །དང་པོ་ནི། ས་བདུན་པ་རིང་དུ་སོང་བ་འདིར་ནི། ས་དྲུག་པར་ཐོབ་པའི་འགོག་པ་དེ་ལ་སྐད་ཅིག་དང་། སྐད་ཅིག་སྟེ་སྐད་ཅིག་རེ་རེ་ལ་བྱང་སེམས་འདི་སྙོམ་པར་འཇུག་པར་འགྱུར་ཏེ། འགོག་པ་ལ་འཇུག་པ་ནི་ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས། དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་དེ། འཕགས་པའི་མཉམ་


JLD016_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་གི་སྐབས་སུ་དེ་བཞིན་ཉིད་འདིར་གཉིས་སྣང་གི་སྤྲོས་པ་ཐམས་ཅད་འགོག་པར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་དྲུག་པ་ཡན་ཆད། བྱང་ཆུབ་སེམས་དཔའི་འགོག་པ་ལ་སྙོམས་པར་འཇུག་པ་སྟེ། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་ཡང་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ། འགོག་པ་མངོན་སུམ་དུ་བྱས་ཞེས་ནི་མི་བྱའོ་ཞེས་རྒྱས་པར་གསུངས་སོ། །ས་འདིར་ཐབས་མཁས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལེགས་པར་འབར་བ་སྟེ་ཆེས་ཡོངས་སུ་དག་པར་ཡང་འགྱུར་ཏེ། དག་ཚུལ་ནི་སྔར་ས་གཞན་ལ་བསྟན་པའི་རིགས་པས་ཤེས་པར་བྱའོ། །ཤེར་ཕྱིན་ཉིད་རྣམ་པ་ཁྱད་པར་ཅན་དུ་ཞུགས་པ་ལ་ཕར་ཕྱིན་ཕྱི་མ་བཞིར་བཞག་གོ །ཆོས་རབ་ཏུ་རྣམ་པར་འབྱེད་པའི་གནས་སྐབས་ཉིད་ནི་ཤེར་ཕྱིན་ཞེས་བརྗོད་ཀྱི་རྣམ་པ་གཞན་ནི་མ་ཡིན་ནོ། །ཐབས་མཁས་ཀྱི་ཕར་ཕྱིན་དུ་འཇོག་པའི་ཐབས་ལ་མཁས་པ་ནི་བྱང་ས་ལས། དྲུག་ཚན་གཉིས་གསུངས་པའི་དང་པོ་ནང་གི་སངས་རྒྱས་ཀྱི་ཆོས་འགྲུབ་པ་ལས་བརྩམས་པའི་ཐབས་མཁས་པ་དྲུག་ནི། བྱང་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་ལྟ་བ་དང་། འདུ་བྱེད་ཐམས་ཅད་ཀྱི་རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་ཡེ་ཤེས་འདོད་པ་དང་། སེམས་ཅན་ལ་ལྟ་བ་ལ་བརྟེན་ནས་འཁོར་བ་མི་གཏོང་བ་དང་། འདུ་


JLD016_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཇི་ལྟ་བ་བཞིན་ཤེས་པ་ལ་བརྟེན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བར་འཁོར་བ་དང་། སངས་རྒྱས་འདོད་པ་ལ་བརྟེན་ནས་བརྩོན་འགྲུས་འབར་བའོ། །ཕྱིའི་སེམས་ཅན་སྨིན་པར་བྱ་བ་ལས་བརྩམས་པའི་ཐབས་མཁས་དྲུག་ནི། བྱང་སེམས་རྣམས་ཀྱིས་སེམས་ཅན་གྱི་དགེ་བའི་རྩ་བ་ཆུང་ངུ་རྣམས་འབྲས་བུ་ཚད་མེད་པར་སྒྱུར་བར་བྱེད་པ་དང་། དེ་བཞིན་དུ་ཚེགས་ཆུང་ངུས་དགེ་རྩ་ཆེ་བ་དག་སྒྲུབ་པར་བྱེད་པ་དང་། བསྟན་པ་ལ་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་སེལ་བར་བྱེད་པ་དང་། བསྟན་པ་ལ་ཡིད་བར་མར་གནས་པ་རྣམས་དེ་ལ་འཛུད་པ་དང་། ཞུགས་པ་རྣམས་སྨིན་པར་བྱེད་པ་དང་། སྨིན་པ་རྣམས་གྲོལ་བར་བྱེད་པ་སྟེ་ཐབས་ལ་མཁས་པ་བཅུ་གཉིས་སོ། །དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་ཏུ་གསལ་བ་ལས། དོན་དམ་པའི་སེམས་བསྐྱེད་པ་བདུན་པའི་བཤད་པའོ། ། ༈ གཉིས་པ་ལ་གསུམ། ས་འདིར་སྨོན་ལམ་ལྷག་ཅིང་འགོག་པ་ལས་སློང་ཚུལ། ཉོན་མོངས་ཐམས་ཅད་ཟད་པར་བསྟན་པ། དབང་བཅུ་ཐོབ་པར་བསྟན་པའོ། །དང་པོ་ནི། བྱང་སེམས་ས་བདུན་པ་བ་དེ་ནི་ཡང་དང་ཡང་དུ་སྔར་གྱི་དགེ་བ་ལས་ལྷག་པ་ཐོབ་པར་བྱ་བའི་ཕྱིར་དུ། ས་གང་དུ་བྱང་སེམས་དེ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་བས་བརྒྱད་པ་མི་གཡོ་བ་དེ་ལ། བྱང་སེམས་བདག་ཉིད་ཆེན་པོ་དེ་འཇུག་གོ །དེ་ལ་ཡང་དང་ཡང་དུ་སྔར་ས་བདུན་པ་མན་ཆད་


JLD016_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགེ་བ་ལས་ལྷག་པ་ཐོབ་ལུགས་ནི། ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་འགྲོ་བའི་གྲུ་བོ་ཆེ་ནི། རྒྱ་མཚོ་ཆེན་པོ་ལ་མ་ཐུག་གི་བར་དུ་ཆེད་དུ་བསྐྱོད་ཅིང་འགྲོ་བར་བྱ་བ་ཡིན་ཏེ། གང་གི་ཚེ་རྒྱ་མཚོ་ཆེན་པོ་ལ་ཕྱིན་མ་ཐག་ཏུ་རླུང་གི་དཀྱིལ་འཁོར་གྱིས་བསྐྱོད་ནས། ཆེད་དུ་བསྐྱོད་མི་དགོས་པར་འགྲོ་སྟེ། དེས་རྒྱ་མཚོ་ཆེན་པོ་ལ་ཉིན་གཅིག་ཆོད་པ་དེ་ནི་སྔོན་ཆེད་དུ་བསྐྱོད་ཅིང་འགྲོ་བས། ལོ་བརྒྱར་ཡང་དེ་སྲིད་དུ་ཚད་མེད་པར་ཕྱིན་པར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བའི་ཚོགས་ཤིན་ཏུ་བསགས་པ། ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པ་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱ་མཚོར་ཕྱིན་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་ཡུད་ཙམ་ཞིག་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ཙམ་གནོན་པ་དེ་ནི། སྔོན་གྱི་ཆེད་དུ་བྱ་བའི་ལས་ཀྱིས་བསྐལ་པ་འབུམ་དུ་ཡང་། དེ་སྙེད་དུ་དཔག་ཏུ་མེད་པ་གནོན་པར་མི་ནུས་སོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་རྒྱ་མཚོར་མ་ཕྱིན་པའི་བར་ནི་ས་བདུན་པ་མན་ཆད་ཀྱི་དཔེའོ། །རྒྱ་མཚོར་ཞུགས་ནས་འགྲོ་བ་ནི་ས་བརྒྱད་པ་ཐོབ་ནས་ལམ་བགྲོད་པའི་དཔེའོ། །ས་བརྒྱད་པ་བ་འདི་ཡི་སྨོན་ལམ་སྔོན་འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པ་ན། སྨོན་ལམ་ཆེན་པོ་བཅུ་ལ་སོགས་པའི་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་བཏབ་པ་དེ་དག་ས་འདི་ལ་ཤིན་ཏུ་དག་པ་སྟེ་སྨོན་ལམ་གྱི་ཕར་ཕྱིན་ས་འདིར་ཆེས་


JLD016_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་འགྱུར་རོ། །ས་འདི་ནི་གཞོན་ནུའི་སར་གཞག་སྟེ། དགུ་པར་རྒྱལ་ཚབ་འཐོབ་ལ། བཅུ་པར་ནི་འཁོར་ལོས་སྒྱུར་བ་ལྟར་རྒྱལ་བ་རྣམས་ཀྱིས་དབང་བསྐུར་རོ། །ས་མི་གཡོ་བར་འགོག་པ་ཆོས་ཉིད་ལ་ཞུགས་པ་ན། རྒྱལ་བ་རྣམས་ཀྱིས་འགོག་པ་ལ་ཞུགས་པ་དེ་ལས་སློང་བར་ཡང་མཛད་དེ། ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པ་དང་། ཆོས་ཀྱི་སྒོའི་རྒྱུན་དེ་ལ་གནས་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པར་མཛད་དེ། དེ་ལ་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ན། འོན་ཀྱང་རིགས་ཀྱི་བུ་གང་ངེད་ཀྱི་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱི། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར་སྦྱོར་བ་བྱོས་ཤིག །བརྩོན་འགྲུས་རྩོམས་ཤིག །བཟོད་པའི་སྒོ་འདི་ཉིད་ཀྱང་མ་འདོར་ཅིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་པར་ཐར་པ་ལ་གནས་པ་ཐོབ་ཀྱང་། བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ་རབ་ཏུ་མ་ཞིག་བ། ཉོན་མོངས་པ་སྣ་ཚོགས་ཀུན་ཏུ་བྱུང་བར་གྱུར་པ། རྣམ་པར་རྟོག་པ་


JLD016_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱིས་ཡིད་གཡེན་སྤྱོ་བ་འདི་དག་ལ་སོམས་ཤིག །གཞན་ཡང་རིགས་ཀྱི་བུ་སྔོན་གྱི་སྨོན་ལམ་དང་། སེམས་ཅན་གྱི་དོན་ཐོབ་པར་བྱ་བ་དང་། ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་དྲན་པར་གྱིས་ཤིག །ཡང་རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དོ། འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་དམིགས་སུ་མེད་པའོ། །འདིས་ནི་དེ་བཞིན་གཤེགས་པ་རྣམས་ཉི་ཚེ་རབ་ཏུ་དབྱེ་བར་བྱ་བ་མ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྣམས་ར་མི་རྟོག་པའི་ཆོས་ཉིད་འདི་འཐོབ་བོ། །ཞེས་དང་། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་རྣམས་སུ་གཞུག་པ་མ་མཛད་དུ་ཟིན་ན། དེ་དེ་ཉིད་ཀྱི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ཡང་རྒྱུན་ཆད་པར་འགྱུར་རོ། །ཞེས་གསུངས་སོ། །དེ་དག་གིས་ནི་ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་སྒྱུར་ཐོབ་ནས། དེ་ཙམ་ལ་མཉམ་པར་བཞག་པ་ན། དེ་ལས་བསླང་ནས་སངས་རྒྱས་ཀྱི་སྟོབས་ལ་སོགས་པ་ཐོབ་པའི་རྒྱུར་རྗེས་ཐོབ་ཏུ་ཚོགས་གསོག་པ་ལ་བསྐུལ་ཞིང་། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མི་རྟོག་ཡེ་ཤེས་ཉན་རང་གིས་ཀྱང་འཐོབ་པར་གསུངས་པས། དེ་ཁོ་ན་ཉིད་ཀྱི་རྟོགས་པ་ཡོད་ན་ཚོགས་གཞན་


JLD016_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་པ་ལ་འབད་པ་མི་དགོས་ཀྱི། དེ་ཉིད་ལ་གོམས་པས་ཆོག་གོ་ཞེས་པ་ནི་མི་མཁས་པའི་བབ་ཅོལ་དུ་སྨྲ་བའོ། གཉིས་པ་ནི། གང་གི་ཕྱིར་ས་བརྒྱད་པ་འདིར་རྒྱལ་བ་རྣམས་ཀྱིས་འགོག་པ་ལས་སློང་བ་དེའི་ཕྱིར་ས་འདིར། ཆགས་པ་མེད་པའི་བློ་སྟེ་ཡེ་ཤེས་ནི་ཆགས་སོགས་ཉོན་མོངས་པའི་སྐྱོན་རྣམས་དག་དང་ལྷན་ཅིག་ཏུ་མི་གནས་པའི་ཕྱིར། ས་བརྒྱད་པ་ལ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས། མུན་པ་ལྟ་བུའི་དྲི་མ་སྟེ་ཉོན་མོངས་པ་སྔར་བྱུང་བ་འཁོར་བར་སྐྱེ་བའི་རྒྱུར་གྱུར་བ། ཁམས་གསུམ་ན་སྤྱོད་པ་དེ་དག་ཐམས་ཅད་ཀྱང་རྩ་བ་སྟེ་ས་བོན་དང་བཅས་པ་ཉེ་བར་ཞི་བ་སྟེ་སྤངས་པར་འགྱུར་ཞིང་། དེ་ལྟར་ཉོན་མོངས་པ་ཐམས་ཅད་ཟད་ཅིང་ས་གསུམ་སྟེ་ཁམས་གསུམ་གྱི་བླ་མར་གྱུར་ཀྱང་། བྱང་སེམས་འདིས་ཉོན་མོངས་ཟད་པའི་གནས་སྐབས་དེར། སངས་རྒྱས་རྣམས་ཀྱི་ནི་ཡོན་ཏན་གྱི་འབྱོར་བ་མཁའ་ལྟར་མཐའ་དང་བྲལ་བ་མ་ལུས་པ་འཐོབ་པར་ནུས་པ་མ་ཡིན་པས། དེ་ཐོབ་པར་བྱ་བའི་ཕྱིར་ས་བརྒྱད་པ་བ་འདིས་བསྒྲིམ་པར་བྱ་དགོས་སོ། །འོ་ན་ས་འདིར་ཉོན་མོངས་ཐམས་ཅད་ཟད་པར་ཅིས་ཤེས་ཤེ་ན། ས་བཅུ་པ་ལས། འདིར་དེ་ཉིད་ཀྱི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར། ས་འདིར་ཁམས་གསུམ་ལས་སེམས་འདོད་ཆགས་དང་བྲལ་བ་ཉིད་ཡོད་པ་ཡིན་ཏེ། ཉོན་མོངས་ཆད་པའི་འདོད་ཆགས་དང་མ་བྲལ་བ་ལ་མྱ་ངན་ལས་འདས་པ་མངོན་དུ་བྱེད་ནུས་པ་མེད་པའི་ཕྱིར་


JLD016_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གསུམ་པ་ནི། གལ་ཏེ་ས་འདིར་ཁམས་གསུམ་ལ་འདོད་ཆགས་དང་བྲལ་ན་འཁོར་བར་སྐྱེ་བ་འགག་པས། ཇི་ལྟར་ན་འདི་ཡིས་སངས་རྒྱས་ཀྱི་རྒྱུའི་ཆོས་མ་ལུས་པ་ཡོངས་སུ་རྫོགས་པ་བྱེད་པར་འགྱུར་ཞེ་ན། ས་བརྒྱད་པ་བ་འདི་ཡི་ལས་ཉོན་གྱི་དབང་གིས་འཁོར་བར་འཁོར་བ་ནི་འགགས་མེད་ཀྱང་། ས་འདི་ཐོབ་པ་ན་ཡེ་ཤེས་ལ་དབང་བ་སོགས་ཀྱི་དབང་རྣམ་པ་བཅུ་པོ་ཐོབ་པར་འགྱུར་ཞིང་། དབང་བཅུ་པོ་དེ་དག་གིས་བྱང་སེམས་འདིས་དཔལ་འཕྲེང་གི་མདོ་ལས་བཤད་པ་ལྟར་གྱི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྒོ་ནས། སྲིད་པའི་འགྲོ་བ་རྣམས་སུ་རང་གི་བདག་ཉིད་ཀྱི་ལུས་སྣ་ཚོགས་པ་སྟོན་པར་བྱེད་པར་འགྱུར་བས། འདིའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་མི་འགལ་ལོ། །དབང་བཅུ་ནི་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཚེའི་ཚད་བྱིན་གྱིས་རློབ་པས་ཚེ་ལ་དབང་བ་འཐོབ་བོ། །ཏིང་ངེ་འཛིན་ངེས་པར་སེམས་པ་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་འཇུག་པས་སེམས་ལ་དབང་བ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་བཀོད་པ་དུ་མས་རབ་ཏུ་བརྒྱན་པའི་བྱིན་གྱིས་བརླབས་ཀུན་ཏུ་སྟོན་པས་ཡོ་བྱད་ལ་དབང་བ་འཐོབ་བོ། །ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱིས་བརླབས་ཀྱིས་དུས་ཇི་ལྟ་བ་བཞིན་དུ་སྟོན་པས་ལས་ལ་དབང་བ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཀུན་ཏུ་སྟོན་པས་སྐྱེ་བ་ལ་དབང་བ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་དང་། དུས་གང་དུ་ཅི་དགའ་བར་མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པས་སྨོན་ལམ་ལ་དབང་བ་


JLD016_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་རབ་ཏུ་གང་བ་ཀུན་ཏུ་སྟོན་པས་མོས་པ་ལ་དབང་བ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་ཀུན་ཏུ་སྟོན་པས་རྫུ་འཕྲུལ་ལ་དབང་བ་འཐོབ་བོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་དང་། དཔེ་བྱད་བཟང་པོ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པས་ཡེ་ཤེས་ལ་དབང་བ་འཐོབ་བོ། །མཐའ་དང་དབུས་མེད་པའི་ཆོས་ཀྱི་སྒོ་སྣང་བ་ཀུན་ཏུ་སྟོན་པས་ཆོས་ལ་དབང་བ་འཐོབ་བོ། །ཞེས་ས་བཅུ་པ་ལས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་ཏུ་གསལ་བ་ལས། དོན་དམ་པའི་སེམས་བསྐྱེད་པ་བརྒྱད་པའི་བཤད་པའོ། ། ༈ གསུམ་པ་ནི། ས་དགུ་པ་ལ་ནི་བྱང་སེམས་དེའི་སྟོབས་ལྟ་ཞིག་སྟེ་སྟོབས་ཀྱི་ཕ་རོལ་ཕྱིན་པ་མཐའ་དག་རྫོགས་པར་དག་པར་འགྱུར་རོ། །སྟོབས་ཀྱི་ཕར་ཕྱིན་ལ་སྟོབས་བཅུ་བཤད་པ་ནི་ཐུབ་པ་དགོངས་རྒྱན་ལས། དེ་ལ་བསམ་པའི་སྟོབས་ནི་ཉོན་མོངས་པ་ཀུན་ཏུ་སྤྱོད་པ་མེད་པའི་ཕྱིར་རོ། །ལྷག་པའི་བསམ་པའི་སྟོབས་ནི་སའི་ཡེ་ཤེས་ཡོངས་སུ་སྦྱངས་བ་ཉིད་ཀྱི་ཕྱིར་རོ། །གཟུངས་ཀྱི་སྟོབས་ནི་ཆོས་མི་བརྗེད་པ་ཉིད་གྱི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྟོབས་ནི་རྟག་ཏུ་རྣམ་པར་གཡེངས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་དག་པར་འབྱོར་བའི་སྟོབས་


JLD016_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཐའ་ཡས་ཤིང་མུར་ཐུག་པ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སྤྱོད་པ་རྣམ་པར་དབྱེ་བ་ལ་མཁས་པ་ཉིད་ཀྱི་ཕྱིར་རོ། །དབང་གི་སྟོབས་ནི་ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པ་ཐོབ་པའི་ཕྱིར་རོ། །སྤོབས་པའི་སྟོབས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྤྱོད་པ་རྣམ་པར་དབྱེ་བ་ལ་མཁས་པ་ཉིད་ཀྱི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་ལ་སྦྱོར་བ་མི་གཏོང་བའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་ནི་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་སྤྱོད་པ་མི་གཏོང་བའི་ཕྱིར་རོ། །བྱམས་པ་ཆེན་པོའི་སྟོབས་ནི་སེམས་ཅན་ཐམས་ཅད་བསྐྱབ་པ་ལ་མཆོག་ཏུ་སྦྱོར་བ་མི་གཏོང་བའི་ཕྱིར་རོ། །སྙིང་རྗེ་ཆེན་པོའི་སྟོབས་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པའི་ཕྱིར་རོ། །ཆོས་ཉིད་ཀྱི་སྟོབས་ནི་སྒྱུ་མ་ལྟ་བུ་ལ་སོགས་པའི་ཆོས་ཉིད་མངོན་དུ་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པའི་སྟོབས་ནི་རྣམ་པ་ཐམས་ཅད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངོན་དུ་ཕྱོགས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་མདོ་སྡེར་བསྟན་པའི་སྟོབས་རྣམས་སོ། །ཞེས་གསུངས་པ་ལྟར་རོ། །སྟོབས་ཀྱི་ཕར་ཕྱིན་རྫོགས་པ་དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པའི་ཆོས་ཀྱི་རང་གི་ཡོན་ཏན་ཡོངས་སུ་དག་པ་བཞིའང་འཐོབ་སྟེ། ཆོས་དང་། དོན་


JLD016_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞིའོ། །དེ་ལ་དང་པོས་ནི་ཆོས་རྣམས་ཀྱི་རང་རང་སོ་སོའི་མཚན་ཉིད་རབ་ཏུ་ཤེས་སོ། །གཉིས་པས་ནི་ཆོས་ཐམས་ཅད་ཀྱི་རྣམ་པའི་དབྱེ་བ་ཤེས་སོ། །གསུམ་པས་ནི་ཆོས་རྣམས་མ་འདྲས་པར་སོ་སོར་སྟོན་པ་ཤེས་སོ། བཞི་པས་ནི་ཆོས་རྣམས་ཀྱི་མཐུན་པའི་རྒྱུ་རྒྱུན་ཆད་པ་མེད་པ་རབ་ཏུ་ཤེས་པར་རང་འགྲེལ་ལས་གསུངས་སོ། །གཞུང་གཞན་ལས་མིང་གི་རྣམ་གྲངས་ཀྱི་ཆོས་དང་། བརྗེད་བྱའི་དོན་དང་། སྒྲའི་ངེས་པའི་ཚིག་དང་། སྤོབས་པ་མི་ཟད་པ་རིག་པ་ལ་བཤད་དོ། །དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་ཏུ་གསལ་བ་ལས། དོན་དམ་པའི་སེམས་བསྐྱེད་པ་དགུ་པའི་བཤད་པའོ། ། ༈ བཞི་པ་ནི། ས་བཅུ་པ་ལ་གནས་པའི་བྱང་སེམས་དེ་ཡིས་ཕྱོགས་བཅུ་ཀུན་ནས། སངས་རྒྱས་རྣམས་ལས་འོད་ཟེར་ཆེན་པོའི་དབང་བསྐུར་བ་དམ་པ་སྟེ་མཆོག་འཐོབ་བོ། །འཐོབ་ཚུལ་ནི་བྱང་སེམས་འདིས་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ཐོབ་པའི་ཐ་མ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་འགྱུར་རོ། །དེ་ནས་དེ་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་རིན་པོ་ཆེ་ཆེན་པོའི་པདྨ་རིན་པོ་ཆེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བ་ནས། རྒྱས་པར་སྟོང་གསུམ་འབུམ་ཕྲག་བཅུར་ཚད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་


JLD016_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་པདྨའི་འཁོར་དང་ལྡན་པ་འབྱུང་བར་འགྱུར་ཏེ། བྱང་སེམས་དེའི་ལུས་ཀྱང་དེ་དང་འཚམ་པར་གནས་སོ། །ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་པདྨ་དེ་ལ་འདུག་པར་ཀུན་ཏུ་སྣང་ངོ་། །དེ་དེ་ལ་འདུག་པ་དང་། སངས་རྒྱས་སངས་རྒྱས་ཀྱི་ཞིང་ཀུན་ནས་གདན་འཛོམ་པ་རྣམས་ཀྱི་མཛོད་སྤུ་ནས། འོད་ཟེར་བྱུང་ནས་བྱང་སེམས་དེ་ལ་དབང་བསྐུར་བར་མཛད་དོ །ཞེས་བྱ་བའི་བར་དུ་ས་བཅུ་པ་ལས་གསུངས་པ་ལྟ་བུའོ། །བྱང་སེམས་འདི་ལ་ཕར་ཕྱིན་བཅུའི་ནང་ནས་ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པར་མཆོག་ཏུ་བྱུང་བ་སྟེ་དག་པར་འགྱུར་བའང་ཡིན་ནོ། །ཡེ་ཤེས་ཀྱི་ངོས་འཛིན་དང་དེ་དང་ཤེས་རབ་ཀྱི་ཕར་ཕྱིན་གྱི་ཁྱད་པར་ནི། །བྱང་ས་ལས། ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་བཞག་པ་ཤེས་པ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་དོན་དམ་པ་འཛིན་པ་ལ་ཞུགས་པའི་ཤེས་རབ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀུན་རྫོབ་འཛིན་པ་ལ་ཞུགས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །ཞེས་གསུངས་སོ། །ཆར་སྤྲིན་རྣམས་ལས་འཇིག་རྟེན་པ་རྣམས་ཀྱི་ལོ་ཏོག་སྤེལ་བའི་སླད་དུ་ཆུ་ཆར་འབབ་པ་ཇི་ལྟ་བ་དེ་བཞིན་དུ། གདུལ་བྱའི་འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཏོག་སྤེལ་བའི་ཆེད་དུ། རྒྱལ་སྲས་ས་བཅུ་པ་བ་འདི་ལས་ཀྱང་ལྷུན་གྱིས་གྲུབ་པར་དམ་པའི་ཆོས་ཀྱི་ཆར་མངོན་པར་འབབ་པ་སྟེ་འབེབས་སོ། །དེའི་ཕྱིར་ས་འདི་ལ་ཆོས་ཀྱི་སྤྲིན་ཞེས་གསུངས་སོ། །དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་ཏུ་གསལ་བ་ལས། དོན་དམ་པའི་སེམས་བསྐྱེད་


JLD016_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུ་པའི་བཤད་པའོ། ། ༈ གསུམ་པ་ས་བཅུའི་ཡོན་ཏན་བསྟན་པ་ལ་གསུམ། ས་དང་པོའི་ཡོན་ཏན་བཤད་པ། ས་གཉིས་པ་ནས་བདུན་པའི་བར་གྱི་ཡོན་ཏན་བཤད་པ། དག་པ་ས་གསུམ་གྱི་ཡོན་ཏན་བཤད་པའོ། །དང་པོ་ནི། དོན་དམ་པའི་སེམས་བསྐྱེད་པ་ས་དང་པོ་ཐོབ་པ་དེའི་ཚེ་ས་དང་པོ་བ་འདིས་ནི། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སངས་རྒྱས་བརྒྱ་མཐོང་བ་དང་། སངས་རྒྱས་བརྒྱ་པོ་དེ་དག་གིས་རང་བྱིན་གྱིས་བརླབས་ཀྱང་སྟེ་བརླབས་པ་ཡང་བྱང་སེམས་འདི་ཡིས་རྟོགས་པ་དང་། ས་དང་པོ་ལ་གནས་པ་དེ་ཉིད་ཀྱི་ཚེ་ན་བསྐལ་པ་བརྒྱར་གནས་པར་བྱེད་པ་དང་། བསྐལ་བ་བརྒྱ་ལ་སྔོན་དང་ཕྱི་མའི་མཐར་ཡང་ཡང་དག་པར་འཇུག་གོ །དེའི་དོན་ནི་སྔོན་དང་ཕྱི་མའི་མཐའི་བསྐལ་པ་བརྒྱར་ཡང་ཡེ་ཤེས་ཀྱི་མཐོང་བ་འཇུག་པའོ། །བློ་ལྡན་ཏེ་བྱང་སེམས་འདིས་ཏིང་ངེ་འཛིན་བརྒྱ་ཕྲག་གཅིག་ལ་སྙོམས་པར་འཇུག་ཅིང་གཏོང་བ་སྟེ་ལྡང་བར་ཡང་བྱེད་དོ། །བྱང་སེམས་འདི་ཡིས་འཇིག་རྟེན་གྱི་ཁམས་བརྒྱ་ཀུན་ནས་གཡོ་བར་བྱེད་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་ནུས་པ་དང་། དེ་བཞིན་དུ་རྫུ་འཕྲུལ་གྱིས་བྱང་སེམས་དེས་སེམས་ཅན་བརྒྱ་ཕྲག་གཅིག་སྨིན་པར་བྱེད་པ་དང་། བརྒྱ་ཕྲག་གི་གྲངས་དང་རྗེས་སུ་འབྲེལ་བ་སྟེ་གྲངས་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དག་ཏུ་ཡང་འགྲོ་བར་འགྱུར་བ་དང་། བྱང་སེམས་དེས་ནི་ཆོས་ཀྱི་སྒོ་རྣམས་ཏེ་བརྒྱ་ཡང་དག་པར་འབྱེད་པར་


JLD016_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང་། ཐུབ་དབང་གི་སྲས་པོ་འདིས་རང་གི་ལུས་ལ་ལུས་བརྒྱ་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན་པ་དང་། ལུས་ནི་བརྒྱ་པོ་རེ་རེ་ཞིང་ཡང་རྒྱལ་བའི་སྲས་པོ་བརྒྱ་ཕྲག་རེ་རེ་དག་དང་རྗེས་སུ་འབྲེལ་བའང་སྟོན་པའི་རང་གི་འཁོར་དང་བཅས་པས་མཛེས་ཤིང་འབྱོར་བའོ། །གཉིས་པ་ནི། བློ་ལྡན་ས་རབ་ཏུ་དགའ་བར་གནས་པས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་ནི་ཐོབ་པར་གྱུར་ནས། ས་གཉིས་པར་འཕོས་པ་ན་ས་དང་པོ་ལ་བཤད་པ་དེ་བཞིན་ཁོ་ནར་ས་དྲི་མ་མེད་པ་ལ་གནས་པས། ཡོན་ཏན་སྡེ་ཚན་བཅུ་གཉིས་པོ་དེ་དག་ནི་སྟོང་དུ་བྱས་པ་ཡང་དག་པར་འཐོབ་པར་འགྱུར་རོ། །ཡོན་ཏན་སྡེ་ཚན་བཅུ་གཉིས་པོ་དེ་དག་ཉིད་ས་གསུམ་པ། བཞི་པ་ལྔ་པ་དྲུག་པ་བདུན་པ་སྟེ་ས་ལྔ་པོ་འདི་དག་རྣམས་ལ་བྱང་ཆུབ་སེམས་དཔའ་ལྔ་པོ་ཡིས་ནི། རིམ་པ་བཞིན་དུ་འབུམ་ཕྲག་བཅུ་གཉིས་དང་། བྱེ་བ་ཕྲག་བརྒྱ་པ་བཅུ་གཉིས་དང་། བྱེ་བ་ཕྲག་སྟོང་བཅུ་གཉིས་དང་། བྱེ་བ་བརྒྱ་ཕྲག་སྟོང་བཅུ་གཉིས་དང་། བྱེ་བ་ཕྲག་ཁྲག་ཁྲིག་ཕྲག་བརྒྱར་རྫོགས་པར་བསྒྱུར་བ་སྟེ་བྱེ་བ་འབུམ་པ་བཅུ་གཉིས་དང་། སླར་ཡང་སྟོང་ཕྲག་ཏུ་ཡང་དག་པར་ནི་བསྒྱུར་བ་མཐའ་དག་སྟེ་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས་རབ་ཏུ་འཐོབ་པར་འགྱུར་རོ། །གསུམ་པ་ནི། ས་བརྒྱད་པ་ནས་ཡོན་ཏན་དེ་རྣམས་གྲངས་ཀྱི་གནས་ཀྱིས་བགྲང་བར་མི་ནུས་པས། རྡུལ་ཕྲ་རབ་རྣམས་ཀྱིས་ཡོངས་སུ་བགྲང་བར་བཤད་པ། མི་གཡོ་བའི་ས་ས་བརྒྱད་པ་ལ་གནས་པ། གང་ཟག་དང་ཆོས་ལ་བདེན་འཛིན་གྱི་རྣམ་རྟོག་མེད་


JLD016_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེས་སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་པ་སྟེ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གསུམ་གྱི་འཇིག་རྟེན་ན་རྡུལ་གྱི་གྲངས་བ་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང་གྲངས་མཉམ་པའི་ཡོན་ཏན་སྡེ་ཚན་དག་ནི་འཐོབ་པར་འགྱུར་རོ། །ས་དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས། །ཡོན་ཏན་སྔར་བསྟན་པའི་སྡེ་བཅུ་གཉིས་དག་གྲངས་མེད་བརྒྱ་ཕྲག་སྟོང་དུ་ཡང་དག་པར་བསྡོམས་པ་ཕྲག་བཅུ་སྟེ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་གྱི་གྲངས་ཀྱི་ཚད་དང་མཉམ་པ་ཐོབ་པར་འགྱུར་རོ། །ས་བཅུ་པ་འདིར་ས་དེའི་ཡོན་ཏན་ནི། སྔར་བཤད་པའི་སྡེ་ཚན་བཅུ་གཉིས་པོ་དག་གི་སྤྱོད་ཡུལ་ལས་ཆེས་འདས་བར་འགྱུར་ཞིང་། ངག་གི་སྤྱོད་ཡུལ་མ་ཡིན་པ་བསྡོམས་པ་སྟེ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པ་འཐོབ་པར་འགྱུར་རོ། །རེ་ཞིག་གི་སྒྲས་ནི་ས་བཅུ་པ་བ་ལ་ཡོན་ཏན་འདིར་བརྗོད་པ་དེ་ཙམ་དུ་ཟད་པ་མིན་ནོ། །ཞེས་རེ་ཞིག་སྔོན་ལ་འདི་བརྗོད་ཅེས་འོག་ནས་ཡོན་ཏན་གཞན་སྟོན་པའི་གོ་རིམ་བརྗོད་པའོ། །གཞན་ཡང་བྱང་སེམས་འདིས་ནི་སྤྲུལ་པ་སྟོན་པ་ལ་རྟོག་པའི་ཀུན་སློང་རྒྱུ་བ་མེད་པར། རང་གི་ལུས་ཀྱི་བ་སྤུའི་ཁུང་བུ་རེ་རེར་བྱང་ཆུབ་སེམས་དཔའ་རྣམས་དང་རྫོགས་པའི་སངས་རྒྱས་ཀྱི་སྐུ་གྲངས་ལས་འདས་པ་རེ་རེ་


JLD016_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། བྱང་སེམས་གཞལ་གྱིས་མི་ལང་བའི་འཁོར་རྣམས་དང་ལྷན་ཅིག་པ་རྣམས་དང་སྐད་ཅིག་སྐད་ཅིག་ལ་ནི་རིམ་པ་གཞན་དང་གཞན་དུ་ཡང་སྟོན་པར་ནུས་ལ། དེ་བཞིན་དུ་དེ་དག་ལས་གཞན་འགྲོ་བ་ལྔའི་འཁོར་བ་ལྷ་དང་ལྷ་མིན་དང་མི་ལ་སོགས་པའི་དབྱེ་བས་ཐ་དད་པ་ཡང་མ་འདྲེས་པར་བ་སྤུའི་ཁུང་བུ་རེ་རེར་སྐད་ཅིག་རེ་རེ་ལ་སྟོན་པར་ནུས་སོ། །ཀྱང་གི་སྒྲ་ནི་མ་སྨོས་པ་བསྡུ་པའི་དོན་དུ་སྟེ། མ་སྨོས་པ་གང་སྡུད་ན་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མིའི་རྒྱལ་པོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པས་གདུལ་བའི་སེམས་ཅན་རྣམས་ལ་བརྒྱ་བྱིན་ལ་སོགས་པའི་གཟུགས་བཟུང་ནས་ལྷུན་གྱིས་གྲུབ་པར་ཆོས་སྟོན་པར་ནུས་སོ། །ཞེས་བྱ་བ་ལ་སོགས་པའི་བར་གྱི་དོན་སྡུད་པའོ། །རྒྱས་པར་ནི་ས་བཅུ་པ་ལས་ཤེས་པར་བྱའོ། །གཉིས་པ་འབྲས་བུའི་ས་ལ་ལྔ། དང་པོར་སངས་རྒྱས་པའི་ཚུལ། སྐུ་དང་ཡོན་ཏན་གྱི་རྣམ་གཞག །སྤྲུལ་པའི་སྐུ་བསྟན་པ། ཐེག་པ་གཅིག་ཏུ་བསྒྲུབ་པ། མངོན་པར་བྱང་ཆུབ་པ་དང་བཞུགས་པའི་དུས་ཀྱི་བཤད་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང་། རྩོད་པ་སྤང་བའོ། །དང་པོ་ནི། ཇི་ལྟར་ཏེ་དཔེར་ན་ཟླ་བའི་སྣང་བས་ནམ་མཁའ་དྲི་མ་མེད་པ་ལ་འགྲོ་བ་མ་ལུས་པ་གསལ་བར་ནུས་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཆོས་རྣམས་འཐོབ་པ་ལ་གེགས་བྱེད་པའི་མུན་པ་སྦྱོང་བར་མཛད་པ་ཐུགས་བསྐྱེད་པ་བཅུ་པ་བརྙེས་པས། རང་གིས་སངས་རྒྱས་ཀྱི་ཆོས་རྣམས་བརྙེས་ནུས་པར་མཁྱེན་


JLD016_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སླར་ཡང་སྟོབས་བཅུ་པ་སངས་རྒྱས་ཀྱི་ས་བསྐྱེད་པའི་སྔོན་གྱི་ས་བཅུ་པ་དེར་སངས་རྒྱས་ཀྱི་ས་འཐོབ་པ་ལ་འབད་པ་མཛད་པའམ་བརྩམས་པར་གྱུར་ཅིང་། གང་གི་དོན་དུ་འབད་པ་འདི་བརྩམས་པར་གྱུར་པའི་གོ་འཕང་མཆོག་ཞི་བ་བླ་ན་མེད་པའི་ཡེ་ཤེས་དེ་ཡང་། བཅོམ་ལྡན་འདས་ཀྱིས་འོག་མིན་ནི་སྟེ་གནས་དེ་ཁོ་ནར་ཁྱོད་ཀྱིས་བརྙེས་པར་གྱུར་ཏོ། །ཡེ་ཤེས་དེ་ནི་ཡོན་ཏན་མཐའ་དག་གི་མཐར་ཐུག་པ་སྟེ། དྲན་པ་ཉེར་གཞག་ལ་སོགས་པའི་ཡོན་ཏན་མཐའ་དག་འདིར་མཐར་ཐུག་ཅིང་ཕུལ་དུ་བྱུང་བའི་ཕྱིར་རོ། །དེ་ནི་མཚུངས་པ་མེད་པ་ཡང་ཡིན་ཏེ། དེ་དང་འདྲ་བ་མེད་པའི་ཕྱིར་དང་། གོང་ན་མེད་པའི་ཕྱིར་རོ། །ཚིག་རྐང་དང་པོའི་འགྱུར་ནི་འགྲེལ་པ་དང་བསྟུན་ན་སྔར་བཤད་པ་ལྟར་འོང་དགོས་ལ། ཚིག་རྐང་གཉིས་པ་ལ་ནག་ཚོའི་འགྱུར་ལས། སླར་ཡང་སྟོབས་བཅུ་བསྐྱེད་པའི་སྔོན་གྱིས་དེར་འབད་བ་མཛད་གྱུར་པ། ཞེས་འབྱུང་བ་ལྟར་ལེགས་སོ། །འོག་མིན་ཁོ་ནར་ཞེས་གསུངས་པས་ནི་སྔར་སངས་མ་རྒྱས་པ་གསར་དུ་འཚང་རྒྱ་བའི་རྟེན་ལ་འོག་མིན་པ་དགོས་པར་སྟོན་ལ། སྔོན་སངས་རྒྱས་ཟིན་གསར་དུ་འཚང་རྒྱ་བའི་ཚུལ་སྟོན་པ་འདོད་པ་ཁམས་སུ་མཛད་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལུགས་སོ། །འོག་མིན་དུ་དང་པོར་འཚང་རྒྱ་བ་ན། བཅོམ་ལྡན་འདས་ཀྱིས་སྐད་ཅིག་གཅིག་ཁོ་ན་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པར་སྟོན་པ་ནི། ཇི་ལྟར་ཏེ་དཔེར་


JLD016_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ན་བུམ་པ་དང་འཁར་གཞོང་ལ་སོགས་པའི་སྣོད་ཀྱི་མི་འདྲ་བའི་དབྱེ་བ་དུ་མ་ཡོད་ཀྱང་། མི་འདྲ་བའི་དབྱེ་བ་དེ་ཡིས་སྣོད་དེ་དག་ཏུ་གཏོགས་པ་སྟེ་དེར་ཁྱབ་པའི་ནམ་མཁའ་ལ་ནི། སྒྲིབ་པ་ཐམས་ཅད་བཀག་ཙམ་དུ་མཚུངས་པའི་ཕྱིར། དེ་ལས་གཞན་པའི་དབྱེ་བ་མེད་པ་དེ་ལྟར་དུ་གཟུགས་དང་ཚོར་བ་ལ་སོགས་པ་ལ་དངོས་པོ་སྟེ་རང་གི་རྒྱུ་རྐྱེན་གྱིས་བྱས་པའི་དབྱེ་བ་མི་འདྲ་བ་དུ་མ་ཡོད་ཀྱང་། དེ་དག་ཏུ་གཏོགས་པ་དེ་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་ལ། དངོས་པོས་བྱས་པའི་དབྱེ་བ་འགའ་ཡང་མེད་པ་དེའི་ཕྱིར་དེ་ཁོ་ན་ཉིད་ནི་རོ་མཉམ་པ་སྟེ་རོ་གཅིག་ཁོ་ནར་ཤེས་པར་བྱའོ། །རོ་མཉམ་དེ་ཡང་མཁྱེན་པའི་སྐད་ཅིག་གཅིག་ཁོ་ནས་ཡང་དག་པར་ཐུགས་སུ་ཆུད་པར་མཛད་པར་གྱུར་པས་ན། མཁྱེན་པ་བཟང་པོ་ཅན་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པའི་ཡེ་ཤེས་བརྙེས་སོ། །གཉིས་པ་ལ་གཉིས། ཕྱོགས་སྔ་མ་དགོད་པ་དང་། ལུགས་དེ་དགག་པའོ། །དང་པོ་ནི། རང་བཞིན་གྱིས་སྐྱེ་བ་མེད་པ་ནི་གཟུགས་ལ་སོགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །ཞེས་རྣམ་པར་འཇོག་ཅིང་དེ་ཡང་བློས་ཤེས་པ་ཡིན་ནོ་ཞེས་འཇོག་ན། གང་གི་ཚེ་རང་བཞིན་གྱིས་སྐྱེ་བ་ཞི་བ་ནི། དེ་ཁོ་ན་ཉིད་དོ་ཞེས་རྣམ་པར་འཇོག་པ་དེའི་ཚེ། ཡུལ་དེ་ལ་རྣམ་པ་ཐམས་ཅད་དུ་བློ་གྲོས་ཏེ་ཤེས་རབ་མི་འཇུག་པར་ཁས་བླང་དགོས་ཏེ། འདི་ལྟར་རང་བཞིན་གྱིས་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་ལ་བློ་དེ་འཇུག་པ་ན། བློ་དེ་ཡུལ་ཅིའི་རྣམ་པ་ཅན་ཅིག་ཏུ་འགྱུར་ཏེ་མི་འགྱུར་རོ། །དེའི་


JLD016_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཡུལ་གྱི་རྣམ་པ་གང་ཡང་འཆར་བ་མེད་པས་དེ་ཁོ་ན་ཉིད་ལ་བློ་མི་འཇུག་གོ །ཡུལ་ཅན་གྱི་བློ་ཡུལ་ལ་མ་ཞུགས་པར་ནི་ཤེས་བྱའི་ཡུལ་བློས་ངེས་པར་རིགས་པའང་མ་ཡིན་པས། དེ་ཁོ་ན་ཉིད་ཀྱི་དོན་འདི་ཡོངས་སུ་ཤེས་པར་འགྱུར་བར་ཇི་ལྟར་འོས། ཡོངས་སུ་ཤེས་པ་མེད་པ་ནི་དེ་ཁོ་ན་ཉིད་ཤེས་པའོ། །ཞེས་བྱ་བར་མི་རིགས་པའི་ཕྱིར་ཏེ། ཡུལ་ཀུན་ནས་ཤེས་པ་མེད་པར་ནི་ཤེས་པར་ཇི་ལྟར་འགྱུར་ཏེ་འགལ་བར་འགྱུར་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ལ་འཇུག་པའི་སེམས་སྐྱེ་བ་སྟེ་འབྱུང་བ་མེད་ན་ཡང་། དེ་ཁོ་ན་ཉིད་མཁྱེན་པ་པོ་མེད་པར་འདི་ལྟ་བུའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ངས་ཐུགས་སུ་ཆུད་དོ་ཞེས་ཁྱེད་ཀྱིས་གདུལ་བྱ་གཞན་དག་ལ་སུ་ཞིག་གིས་སྟོན་པར་བྱེད་པ་རིགས་ཏེ་མི་རིགས་སོ་ཞེ་ན། གཉིས་པ་ལ་གཉིས། དེ་ཁོ་ན་ཉིད་རྟོགས་པ་མི་འཐད་པའི་རྩོད་པ་སྤང་བ། མཁྱེན་པ་པོ་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ནི། འཇིག་རྟེན་འདི་ན་ཤེས་པ་ཡུལ་དེའི་རྣམ་པའི་རྗེས་སུ་བྱེད་པ་ཉིད་འཛིན་པ་ན། ཤེས་པ་དེས་ཡུལ་དེ་རིག་པར་བརྗོད་དེ། །ཇི་ལྟར་ཏེ་དཔེར་ན་སེམས་ནི་ཡུལ་སྔོན་པོ་གང་གི་རྣམ་པ་ཅན་དུ་སྐྱེ་བར་འགྱུར་བ་ན། སེམས་དེ་ཡིས་ཡུལ་སྔོན་པོ་དེ་ཡོངས་སུ་ཤེས་སོ་ཞེས་བརྗོད་པ་དེ་བཞིན་དུ་ཡུལ་ཅན་གྱི་ཤེས་པ་ཡུལ་དེ་ཁོ་ན་ཉིད་ཇི་འདྲ་བ་དེ་འདྲ་བའི་རྣམ་པ་ཅན་དུ་སྐྱེ་བ་ན། ཐ་སྙད་གྱི་བདེན་པ་ལ་བརྟེན་ནས་དེ་ཁོ་ན་ཉིད་རིག་པ་ཡིན་ནོ་ཞེས་ཉེ་བར་གདགས་སོ། །ཤེས་པ་དེ་ཁོ་ན་ཉིད་


JLD016_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པའི་རྗེས་སུ་བྱེད་ཚུལ་ནི། གང་གི་ཚེ་རང་བཞིན་གྱིས་སྐྱེ་བ་མེད་པ་ཡུལ་གྱི་དེ་ཁོ་ན་ཉིད་ཡིན་ཞིང་སྟེ་ཡིན་པ་བཞིན་དུ། དེའི་ཡུལ་ཅན་གྱི་བློ་ཡང་རང་བཞིན་གྱིས་སྐྱེ་བ་དང་བྲལ་བའི་རྣམ་པ་ཅན་དུ་ཆུ་ལ་ཆུ་བཞག་པ་བཞིན་དུ་ཞུགས་པ་དེའི་ཚེ། ཡུལ་དེའི་རྣམ་པ་སྟེན་པ་སྟེ་འཛིན་པ་ཉིད་ལས། དེ་ཁོ་ན་ཉིད་རྟོགས་པར་འཇོག་པའི་ཕྱིར་སྔར་གྱི་རྩོད་པའི་སྐྱོན་མེད་དོ། །ནག་ཚོའི་འགྱུར་ལས། དེ་ཚེ་དེའི་དེ་ཉིད་རྟོགས་པ་དེའི་རྣམ་པ་འཛིན་པ་ཉིད་ཡིན་ཏེ། ཞེས་འབྱུང་བ་ལྟར་ལྟ་བུ་མེད་པ་དག་པ་ཡིན་ནོ། །འདིར་རང་འགྲེལ་ལས། དེའི་ཕྱིར་བཏགས་པ་ལས་དེ་ཁོ་ན་ཉིད་རྟོགས་སོ་ཞེས་རྣམ་པར་བཞག་གི །དངོས་སུ་ན་འགའ་ཞིག་འགའ་ཞིག་གིས་ཤེས་པ་ནི་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉིས་ཀ་ཡང་མ་སྐྱེས་བ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པའི་བཏགས་པ་ལས་ཞེས་གསུངས་པའི་དོན་ནི། ཐ་སྙད་བརྟེན་ནས་རིག་པ་ཡིན། ཞེས་གསུངས་པ་ལྟར་རང་གི་ངོ་བོ་ཉིད་ཀྱིས་རིག་པ་མིན་པར་བཏགས་པ་ཙམ་ལས་རིག་པར་འཇོག་པའི་དོན་ཡིན་གྱི། དེ་ཁོ་ན་ཉིད་རིག་པ་བཏགས་པ་བར་འཇོག་པ་མིན་ནོ། །དངོས་སུ་ན་ཞེས་སོགས་ཀྱི་དོན་ནི་སྤྲོས་བྲལ་གྱི་རྣམ་པ་ཤར་བ་ཙམ་ལས་རིག་པ་མིན་པར་སྔོ་སེར་སོགས་ཀྱི་རྣམ་པ་འདྲ་བ་ཞིག་ཤར་ནས་རིག་པ་མིན་ཏེ། ཡུལ་དེ་ཁོ་ན་ཉིད་མ་སྐྱེས་པ་ཡིན་པ་བཞིན་དུ། ཡུལ་ཅན་ཡང་རང་བཞིན་གྱིས་མ་སྐྱེས་པའི་རྣམ་པ་ཅན་ཡིན་པས་སོ་ཞེས་པའི་དོན་ནོ། །དེ་ལྟར་ན་ཕྱོགས་སྔ་མ་སྨྲ་བ་པོས་བློ་ལ་དེ་ཁོ་ན་ཉིད་ཀྱི་རྣམ་པ་འཆར་


JLD016_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་པ་དང་། ཡུལ་དེའི་རྣམ་པ་མ་ཤར་ན་བློ་ཡུལ་ལ་མི་འཇུག་པ་དང་། མ་ཞུགས་ན་ཡུལ་དེ་མི་ཤེས་པ་དང་། མ་ཤེས་ན་ཡུལ་ཅན་དེ་ཤེས་པར་འགལ་ལོ་ཞེས་སྨྲ་བའི་ཡུལ་གྱི་རྣམ་པ་མ་ཤར་ན་བློ་མི་འཇུག་པ་ལ་སོགས་པ་རྣམས་རང་ཡང་དེ་ལྟར་འདོད་པས། དེ་ལ་ལན་མི་འདེབས་པས་བློ་ལ་དོན་དམ་བདེན་པའི་རྣམ་པ་འཆར་རྒྱུ་མེད་པ་བཀག་ནས། དེའི་རྣམ་པ་བློ་ལ་འཆར་བ་དང་། དེ་ཤར་བ་ལས་ཡུལ་དེ་རྟོགས་པར་འཇོག་ཅེས་དཔེ་དང་བཅས་པར་གསུངས་པས། ལུགས་འདི་ལ་དོན་དམ་བདེན་པ་རྟོགས་པའི་མི་རྟོག་ཡེ་ཤེས་མེད་པར་སྨྲ་བ་ནི། འཕགས་པའི་རྟོགས་པ་མཆོག་ལ་སྐུར་པ་འདེབས་པ་ཡིན་ནོ། །འདིར་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། ཅེས་སྐད་ཅིག་གཅིག་ཁོ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་དང་། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་རིག་བྱ་རིག་བྱེད་དངོས་སུ་ཐ་དད་པའི་ཚུལ་དུ་སྣང་ནས་མི་མཁྱེན་པར་གསུངས་པ་རྣམས་ལ། སངས་རྒྱས་ཀྱིས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་ཚུལ་ལེགས་པར་ཤེས་དགོས་པར་སྣང་བས། མདོར་བསྡུས་པ་ཅིག་བརྗོད་པར་བྱའོ། །འདི་ལ་སངས་རྒྱས་མ་ཐོབ་པར་དུ་བློ་གཅིག་གིས་སྐད་ཅིག་མ་གཅིག་ལ་ཆོས་ཅན་སོ་སོར་སྣང་བ་དང་། ཆོས་ཉིད་གཉིས་ཀ་དངོས་སུ་མཁྱེན་པ་མི་འོང་བས་དེ་གཉིས་མཁྱེན་པ་རེས་འཇོག་ཏུ་འོང་ངོ་། །བདེན་འཛིན་གྱི་བག་ཆགས་མ་ལུས་པ་ཟད་དེ་སངས་རྒྱས་པ་ནས་དུས་རྟག་ཏུ་དོན་དམ་བདེན་པ་མངོན་སུམ་


JLD016_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྟོགས་པའི་མཉམ་གཞག་ལ་བཞུགས་པས། དེ་ལས་བཞེངས་པའི་མཉམ་རྗེས་རེས་འཇོག་མེད་པའི་ཕྱིར་དང་། བདེན་གཉིས་རང་འགྲེལ་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པ་ལྟར་ཡིན་པས་མཉམ་གཞག་གི་ཡེ་ཤེས་དེ་ལས་ངོ་བོ་ཐ་དད་པའི་ཇི་སྙེད་པ་མཁྱེན་པའི་རྗེས་ཐོབ་ཀྱི་ཡེ་ཤེས་མེད་པའི་ཕྱིར་ན། ཡེ་ཤེས་གཅིག་གིས་བདེན་པ་གཉིས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པར་འདོད་དགོས་སོ། །གང་གི་ཚེ་ཆོས་ཉིད་ལ་ལྟོས་ཏེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་སོང་བ་དེའི་ཚེ་བློ་དེའི་ངོར་གཉིས་སུ་སྣང་བ་ཐམས་ཅད་ཉེ་བར་ཞི་བས་ཡེ་ཤེས་དེ་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པ་ཡིན་ལ། གང་གི་ཚེ་ཆོས་ཅན་ལ་ལྟོས་ཏེ་ཇི་སྙེད་པ་མཁྱེན་པར་སོང་བ་དེའི་ཚེ། ཡུལ་ཡུལ་ཅན་སོ་སོར་སྣང་བའི་གཉིས་སྣང་ཡོད་ཀྱང་། གཉིས་སྣང་འཁྲུལ་བའི་བག་ཆགས་དྲུངས་ཕྱུང་བས་སྣང་ཡུལ་ལ་མ་འཁྲུལ་བའི་གཉིས་སྣང་ཡིན་གྱི་འཁྲུལ་བའི་གཉིས་སྣང་མིན་ཏེ། འདི་མ་འཁྲུལ་བའི་ཚུལ་གཞན་དུ་ལེགས་པར་བཤད་ཟིན་ཏོ། །སངས་རྒྱས་ཀྱི་སར་མཉམ་གཞག་དང་རྗེས་ཐོབ་ཀྱི་ཡེ་ཤེས་གཉིས་ཀ་ཡོད་པར་ནི་རྒྱུད་བླ་མ་ལས། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། །ཞེས་པའི་འགྲེལ་བར་དེ་ལ་སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཤེས་རབ་ནི། ཤེས་བྱའི་དེ་ཁོ་ན་


JLD016_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དམ་པའི་མུན་པ་སེལ་བར་ཉེ་བར་གནས་པའི་ཕྱིར། །འོད་གསལ་བ་དང་ཆོས་མཚུངས་སོ། །དེའི་རྗེས་ལ་ཐོབ་པ་ཤེས་བྱ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཤེས་བྱའི་དངོས་པོ་མ་ལུས་པ་རྣམ་པ་ཐམས་ཅད་ལ་འཇུག་པས་ནི་འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་སོ། །ཞེས་གསུངས་སོ། །འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ནི་མཉམ་གཞག་ཡིན་ལ། དེ་ཡང་དེ་ཁོ་ན་ཉིད་ལ་ལྟོས་ནས་འཇོག་པ་ནི་དེ་ཁོ་ན་ཉིད་དམ་པ་ཞེས་སོགས་ཀྱི་དོན་ནོ། །རྗེས་ལ་ཐོབ་པ་ཞེས་པའི་རྗེས་ཀྱི་དོན་ནི། མཉམ་བཞག་ལས་ལངས་པའི་རྗེས་ཞེས་དུས་སྔ་ཕྱིའི་རྗེས་མིན་གྱི། མཉམ་གཞག་དེའི་སྟོབས་ཀྱིས་ཐོབ་པའམ་བྱུང་བའི་དོན་ནོ། །ཤེས་བྱ་ཞེས་སོགས་ཀྱི་དོན་ནི་རྗེས་ཐོབ་ཀྱི་ཡེ་ཤེས་དེ་ཤེས་བྱ་ཇི་སྙེད་པ་ཐམས་ཅད་ལ་འཇུག་པའི་སྒོ་ནས་འཇོག་པའོ། །དེས་ན་ཆོས་ཅན་ལ་ལྟོས་ཏེ་ཇི་ལྟ་བ་མཁྱེན་པ་མིན་ལ། ཆོས་ཉིད་ལ་ལྟོས་ཏེ་ཇི་སྙེད་པ་མཁྱེན་པ་མིན་ནོ། །དོན་འདི་ལེགས་པར་ཤེས་ན་བདེན་གཉིས་ལས་བརྟགས་པའི་ངོ་བོས་དབེན་པ་ཡིས། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་དང་། གང་ཚེ་ཤེས་དང་ཤེས་བྱ་དང་། །བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་སངས་རྒྱས་ཀྱིས་སྣང་བ་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་དང་། ཡང་གཉིས་སུ་སྣང་


JLD016_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུལ་གྱིས་ཤེས་པ་དང་ཤེས་བྱ་གང་ཡང་མི་མཐོང་བར་གསུངས་པ་དང་། ཆེན་པོ་གཞན་དག་གིས་ཀྱང་དེ་དང་འདྲ་བར་གསུངས་པ་རྣམས་ལ། ཤེས་པ་དང་ཤེས་བྱ་གང་ཡང་མི་མཐོང་བ་སངས་རྒྱས་རང་སྣང་གི་དབང་དུ་བྱས་ཤིང་། ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པ་གདུལ་བྱ་གཞན་སྣང་གི་མཁྱེན་ཚུལ་ཡིན་པས། སངས་རྒྱས་ཀྱི་སས་བསྡུས་པའི་ཡེ་ཤེས་མེད་ཅེས་ཟེར་མི་དགོས་པར་ཡེ་ཤེས་གཅིག་ཉིད་ཡུལ་གཉིས་ལ་ལྟོས་ཏེ། མཁྱེན་ཚུལ་མི་འདྲ་བ་གཉིས་འོང་བ་ལ་འགལ་བ་ཅུང་ཟད་ཀྱང་མེད་པར་ཤེས་པའི་ཕྱིར་རོ། །འོ་ན་དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །ཞེས་སོགས་ཀྱིས་བདེན་པ་གཉིས་ཀྱི་མཚན་ཉིད་བསྟན་པ་དང་། རྣམ་གཞག་འདི་གཉིས་འགལ་བར་འགྱུར་རོ་སྙམ་ན། མི་འགལ་ཏེ་བདེན་གཉིས་ཀྱི་མཚན་ཉིད་སྔར་བཤད་པ་ནི་སྤྱིར་བཏང་ལ་དགོངས་ལ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཁྱེན་ཚུལ་ནི་ས་བཅུ་པ་མན་ཆད་དང་། ཐུན་མོང་མ་ཡིན་པ་དམིགས་བསལ་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་ཀྱི་མཁྱེན་ཚུལ་ཡང་བསྡུས་པའི་དབང་དུ་བྱེད་ན་ནི་ཡང་དག་པ་མཐོང་བའི་རིགས་ཤེས་ཚད་མས་རྙེད་པ་དང་། ཡུལ་དེ་ལ་རིགས་ཤེས་ཚད་མ་ཡིན་པ་ནི། དོན་དམ་བདེན་པའི་མཚན་ཉིད་ཡིན་ལ། དེས་ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱང་ཤེས་པར་བྱའོ། །དེ་བཞིན་དུ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་རྙེད་ཅིང་ཡུལ་དེ་ལ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་སོང་བ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་རྙེད་


JLD016_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཡུལ་དེ་ལ་ཇི་སྙེད་པ་མཁྱེན་པར་སོང་བའི་སྒོ་ནས། ཡུལ་སོ་སོ་ལ་ལྟོས་ནས་ཀུན་རྫོབ་དང་དོན་དམ་མཁྱེན་ཚུལ་ཡང་ཤེས་པར་བྱའོ། །འདིར་སྔར་རང་རིག་འཐད་མི་འཐད་དཔྱད་པ་བྱས་པའི་རང་ལུགས་ཀྱང་དྲན་པར་བྱའོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང་། དེའི་འཐད་པ་དངོས་བསྟན་པའོ། །དང་པོ་ནི། གང་ཡང་ཁྱོད་ཀྱི་ལུགས་ལྟར་ན་མཁྱེན་པ་པོ་མེད་པར་གདུལ་བྱ་གཞན་ལ་དེ་ཁོ་ན་ཉིད་ནི་འདི་ལྟ་བུའོ་ཞེས་སུ་ཞིག་གིས་སྟོན་ཞེས་བརྗོད་པ་དེ་ལ་ཡང་ལན་བརྗོད་པར་བྱ་སྟེ། སངས་རྒྱས་ཀྱི་སའི་དེ་ཁོ་ན་ཉིད་འཇལ་བའི་ཤེས་པ་འདི་ཡུལ་རང་བཞིན་གྱིས་སྐྱེ་བ་མེད་པའི་དོན་དམ་དང་རོ་གཅིག་ཏུ་ཞུགས་པ་བདེན་མོད་ཀྱང་། །འཇིག་རྟེན་ན་དེ་ཁོ་ན་ཉིད་རྟོགས་པ་མི་སྲིད་པ་ཡང་མིན་ནོ། །དེ་ཇི་ལྟར་ཞེ་ན། རྩོད་པ་འདིའི་དོན་ནི་དེ་ཁོ་ན་ཉིད་ལ་རོ་གཅིག་པའི་ཚུལ་གྱིས་རྟག་ཏུ་བཞུགས་པ་ཡིན་ན། ཆོས་སྟོན་པའི་ཀུན་སློང་གི་རྣམ་རྟོག་དང་བཅས་པའི་སྟོན་པ་པོ་མེད་ལ། དེ་མེད་ན་ཆོས་སྟོན་པ་མེད་ཅེས་པའི་དོན་ཡིན་ཏེ། འདིའི་འོག་ཉིད་ནས་རྣམ་རྟོག་མེད་ཀྱང་ཆོས་སྟོན་པ་འཐད་པའི་ལན་གསུངས་པའི་ཕྱིར། རྩོད་པ་འདི་ལ་ལན་བརྗོད་པར་བྱ་སྟེ། སངས་རྒྱས་རྣམས་གཟུགས་ཀྱི་སྐུ་གང་ལ་བཞུགས་ནས་ཆོས་ཀྱི་དབྱིངས་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་བའི་སངས་རྒྱས་དེ་ཡི་གཟུགས་ཀྱི་སྐུ་ནི། བསོད་ནམས་ཀྱི་ཚོགས་བརྒྱ་ཕྲག་དུ་མས་ཟིན་པ་སྟེ་མངོན་པར་འདུ་བྱས་པའི་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་པའི་གཟུགས་མངའ་བ། བྱང་


JLD016_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ཀྱི་རྒྱུར་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པས། སྐུ་དེ་ལས་སྒྲ་གང་ཞིག་འབྱུང་བ་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པ་དེ་ལས་འཇིག་རྟེན་ཏེ་གདུལ་བྱ་ཆོས་དེ་ལྟ་བུ་ཉན་པའི་སྣོད་དུ་གྱུར་པས་ཀྱང་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རིག་པར་འགྱུར་རོ། །བསོད་ནམས་བརྒྱས་བསྐྱེད་པའི་སྐུ་ལས་དེ་ལྟར་འབྱུང་བ་ལྟ་ཞོག །ལོངས་སྐུ་དེའི་བྱིན་རླབས་ཀྱིས་སྤྲུལ་པ་དང་། དེ་ཙམ་དུ་མ་ཟད་ཀྱི་གཞན་ཡང་སྤྲུལ་པ་དེ་ཡི་མཐུས་ནམ་མཁའ་དང་། གཞན་རྩྭ་དང་ཤིང་དང་རྩིག་པ་དང་བྲག་ལ་སོགས་པ་སེམས་མེད་པ་ལས་སྒྲ་གང་ཞིག་ཆོས་ཀྱི་དེ་ཉིད་སྟོན་པ་འབྱུང་བ་དེ་ལས་ཀྱང་གདུལ་བྱ་རྣམས་ཀྱིས་དེ་ཁོ་ན་ཉིད་རིག་པར་འགྱུར་རོ། །གཉིས་པ་ནི། ཡང་ཇི་ལྟར་སེམས་དང་སེམས་བྱུང་གི་རྣམ་རྟོག་མེད་པ་ནི། དེ་ལྟར་སྟོན་པའི་དུས་ད་ལྟ་ཀུན་སློང་གི་བྱ་བ་མི་སྲིད་ཀྱང་། ཆོས་སྟོན་པའི་བྱ་བ་འབྱུང་བའི་རྒྱུར་འགྱུར་སྙམ་ན། དེ་བསྟན་པའི་ཕྱིར་དཔེ་དགོད་པ་ནི། ཇི་ལྟར་ཏེ་དཔེར་ན་འཇིག་རྟེན་འདིར་རྫ་མཁན་སྟོབས་ཆེན་པོ་དང་ལྡན་པས་འབད་པ་ཆེན་པོས་བསྐོར་བའི་འཁོར་ལོ་ནི། དེ་འདས་ནས་ཡུན་རིང་དུ་སོང་བས་རྫ་མཁན་དེའི་འཁོར་ལོ་བསྐོར་བའི་འབད་རྩོལ་ད་ལྟ་སྐྱེས་པ་མེད་བཞིན་དུའང་། འཁོར་ལོ་དེ་འཁོར་ཞིང་རྫ་བུམ་ལ་སོགས་པའི་རྒྱུར་མཐོང་བ་ལྟར། དེ་བཞིན་དུ་སངས་རྒྱས་པའི་ཚེ་ད་ལྟ་སྐྱེས་པའི་འབད་རྩོལ་གྱི་རྟོག་པ་མེད་བཞིན་དུ། ཆོས་ཀྱི་སྐུའི་བདག་ཉིད་ཅན་ཉིད་ལ་བཞུགས་པའི་སངས་རྒྱས་དེའི་འཕྲིན་ལས་འཇུག་པ་ནི། ཡིད་བཞིན་གྱི་


JLD016_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་དང་དཔག་བསམ་གྱི་ཤིང་དང་འདྲ་བར། སངས་རྒྱས་ལས་དེ་འདྲ་བའི་ཆོས་ཐོས་པར་འགྱུར་བའི་ལས་ཡོངས་སུ་སྨིན་པའི་དགེ་བ་གདུལ་བྱའི་སྐྱེ་བོས་བསགས་པ་དང་། སངས་རྒྱས་ཀྱིས་སྔོན་བྱང་སེམས་གྱི་སྐབས་སུ་སྨོན་ལམ་ཁྱད་པར་ཅན་བཏབ་པའི་མཐུས་འཕངས་པ་སྟེ་ཤུགས་ལས་ཡིན་པས། ཆེས་ཤིན་ཏུ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །སྨོན་ལམ་ཇི་ལྟ་བུ་ཞེ་ན། ཇི་ལྟར་འཚམ་པར་སེམས་ཅན་གྱི་དོན་སྒྲུབ་པ་ལྷུར་མཛད་ཅིང་། ཆོས་ཀྱི་དབྱིངས་ལས་སྐད་ཅིག་ཀྱང་མི་བསྐྱོད་ལ། སེམས་ཅན་གདུལ་བའི་དུས་ལས་ཀྱང་མི་འདའ་བ་དེ་འདྲ་བར་བདག་ཀྱང་གྱུར་ཅིག །ཅེས་པའོ། །འདིར་དེའི་ཤེས་བྱེད་ཀྱི་མདོ་དྲངས་པ་ནག་ཚོའི་འགྱུར་ལས་འབྱུང་ངོ་། །གཉིས་པ་ལ་གཉིས། སྐུའི་རྣམ་གཞག་དང་། སྟོབས་ཀྱི་ཡོན་ཏན་གྱི་རྣམ་གཞག་གོ །དང་པོ་ལ་གསུམ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། རྒྱུ་མཐུན་པའི་སྐུ་བཤད་པའོ། །དང་པོ་ནི། ད་ནི་ཆོས་ཀྱི་སྐུའི་དབང་དུ་བྱས་ནས་བཤད་པ། ཡུལ་ཅན་ཡེ་ཤེས་ཀྱི་རང་བཞིན་ཏེ་བདག་ཉིད་ཅན་གྱི་སྐུ་གཉིས་སུ་སྣང་བའི་ཤེས་བྱའི་ཡུལ་བུད་ཤིང་སྐམ་པོ་དང་འདྲ་བ་མ་ལུས་པ། ཡེ་ཤེས་མེ་དང་འདྲ་བས་བསྲེགས་པ་ལས། ཤེས་བྱ་རང་བཞིན་གྱིས་སྐྱེ་བ་མེད་པ་ཇི་འདྲ་བ་དེ་འདྲ་བའི་རྣམ་པ་ཅན་དུ་ཞུགས་པས། ཤེས་པ་རང་བཞིན་གྱིས་མ་སྐྱེས་པ་དེའི་རྣམ་པ་ཅན་དང་ལྡན་པར་གྱུར་བའི་དེ་ཁོ་ན་ཉིད་ཞི་བ་དེ་ནི་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུའོ། །འདི་


JLD016_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་དབང་དུ་མཛད་ནས་རྡོ་རྗེ་གཅོད་པ་ལས། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་སངས་རྒྱས་རྣམས་ནི་དུས་ཀུན་ཏུ་ཆོས་ཉིད་ལ་ལྟ་བ་སྟེ་དེ་ལ་མཉམ་པར་བཞག་པ་དང་། འདྲེན་པ་རྣམས་ཀྱི་དོན་དམ་པའི་སྐུ་ནི་ཆོས་ཀྱི་སྐུ་དང་། ཆོས་ཉིད་དེ་མཁྱེན་པ་ནའང་གཉིས་སུ་སྣང་བའི་ཚུལ་གྱིས་ཤེས་པར་བྱ་བ་མིན་པར་གསུངས་སོ། །དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་སྐུ་འདི་ནི། དེའི་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད་པ་སྟེ་འདིའི་དབང་དུ་མཛད་ནས། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི། དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ་ཞེས་མདོ་སྡེ་ལས་གསུངས་སོ། །དེ་ལྟར་ན་སངས་རྒྱས་ཀྱི་སར་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ཀྱི་དོན་ལ། རྣམ་པ་ཐམས་ཅད་དུ་དེའི་ཡུལ་ཅན་གྱི་སེམས་དང་སེམས་ལས་བྱུང་བའི་རྣམ་རྟོག་འགགས་ཤིང་མི་འཇུག་པས། རྣམ་པར་མི་རྟོགས་པའི་ཡེ་ཤེས་དང་དེ་ཁོ་ན་ཉིད་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་པར་ཞུགས་སོ། །དེའི་ཕྱིར་གོ་འཕང་དེ་ནི་དང་པོར་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་མངོན་སུམ་དུ་མཛད་པ་སྟེ་བརྙེས་བར་ཀུན་རྫོབ་ཏུ་རྣམ་པར་བཞག་གོ །ནག་ཚོའི་འགྱུར་ལས་དེའི་ཤེས་བྱེད་དུ་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་དྲངས་པ་སྣང་ངོ་། །སེམས་འགགས་པ་ཞེས་གསུངས་པའི་དོན་ནི། ཚིག་གསལ་ལས། མདོ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་


JLD016_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན། །ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས། །ཞེས་གསུངས་སོ།།དེ་ལྟར་ན་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །ཞེས་སེམས་ཀྱི་རྒྱུ་བ་རྣམ་རྟོག་མེད་པ་ལ་གསུངས་པ་དང་། འདིར་རང་འགྲེལ་ལས་ཀྱང་། ཞི་བའི་དོན་སེམས་སེམས་བྱུང་དང་བྲལ་བ་ལ་བཤད་ནས། ཞི་བ་དེ་ཡིན་ཡང་སེམས་ཅན་གྱི་དོན་མཛད་ནུས་པ་གསལ་བར་བྱེད་པའི་དཔེར། དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་བཀོད་པའི་མཐར། འདི་རྣམ་པར་མི་རྟོག་པ་ཡིན་དུ་ཟིན་ཀྱང་། དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་ལྟར། །ཞེས་རྣམ་རྟོག་གི་སེམས་སེམས་བྱུང་དང་བྲལ་བ་ལ་གསལ་བར་གསུངས་པས། སངས་རྒྱས་ལ་ཡེ་ཤེས་མེད་པའི་ཁུངས་སུ་འདྲེན་པ་ནི་གཞུང་གི་དོན་མ་རྟོགས་པའི་སྐུར་འདེབས་ཆེན་པོའོ། །གཉིས་པ་ནི། སྐུ་གང་གིས་ཆོས་སྐུ་མངོན་དུ་མཛད་པའི་ལོངས་སྐུ་འདི་ནི། སེམས་སེམས་བྱུང་གི་རྟོག་པ་དང་བྲལ་བས་ན་ཞི་བའི་སྐུའོ། །དེ་ལྟར་རྣམ་པར་མི་རྟོག་པ་ཡིན་ཡང་སེམས་ཅན་གྱི་དོན་མཛད་པར་ནུས་པ་གསལ་བར་བྱེད་པ་ནི། དཔག་བསམ་གྱི་ཤིང་ལྟ་བུ་དང་། ཡིད་བཞིན་གྱི་ནོར་བུ་ཇི་བཞིན་དུ་རྣམ་པར་མི་རྟོག་པར་གདུལ་བྱའི་འདོད་པའི་དོན་སྒྲུབ་པའི་རྒྱུ་ཉིད་དུ་འགྱུར་རོ། །སྐུ་འདི་ནི་འགྲོ་བ་ཐམས་ཅད་གྲོལ་གྲོལ་གྱི་བར་དུ་གདུལ་བྱའི་འཇིག་རྟེན་གྱི་འབྱོར་བའི་སླད་དུ། རྟག་ཏུ་ཡུན་རིང་པོར་གནས་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ཇི་སྲིད་པ་དང་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་སངས་རྒྱས་རྣམས་


JLD016_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདིས། །སེམས་ཅན་གྱི་དོན་ཁོ་ན་མཛད་ཅིང་རྣམ་པར་བཞུགས་སོ། །ལོངས་སྐུ་འདི་ནི་བྱང་སེམས་སྤྲོས་པ་དང་བྲལ་བ་སྟེ། རང་གི་ཚོགས་གཉིས་ལས་ཤེས་རབ་དྲི་མ་མེད་པའི་མེ་ལོང་ཐོབ་པའི་ས་ཐོབ་པ་རྣམས་ཁོ་ན་ལ་སྣང་བར་འགྱུར་གྱི། སྤྲོས་པ་དང་བཅས་པ་སོ་སྐྱེ་རྣམས་ལ་ནི་དངོས་སུ་སྣང་བ་མ་ཡིན་ནོ། །སྐྱབས་འགྲོ་བདུན་ཅུ་པ་ལས་ཀྱང་། སངས་རྒྱས་ཉིད་ཀྱི་གཟུགས་ཀྱི་སྐུ། །མཚན་དང་དཔེ་བྱད་དག་གིས་འབར། །འགྲོ་བ་རང་གི་མོས་པ་ཡིས། །དབང་གིས་སྣ་ཚོགས་སྐུ་འཛིན་གང་། །བསོད་ནམས་ཚོགས་ནི་ཚད་མེད་ལས། །འཁྲུངས་པ་དེ་ནི་རྒྱལ་བའི་སྲས། །ས་བཅུ་ལ་ནི་གནས་རྣམས་ཀྱིས། །མཐོང་བར་གྱུར་ན་སྐུ་དེ་ཡིས། །ཆོས་ཀྱི་རྫོགས་ལོངས་སྤྱོད་འདི་ནི། །རྒྱལ་བ་རྣམས་ཀྱི་སྤྱོད་པ་ཡིན། །ཞེས་གསུངས་སོ། །གསུམ་པ་ལ་གསུམ། སྐུ་དང་བ་སྤུའི་ཁུང་བུ་གཅིག་ཏུ་རང་གི་སྤྱོད་པ་ཀུན་སྟོན་ཚུལ་དང་། གནས་དེར་གཞན་གྱི་སྤྱོད་པ་ཀུན་སྟོན་ཚུལ་དང་། བཞེད་པ་ལ་མངའ་བསྒྱུར་བ་ཕུན་སུམ་ཚོགས་པ་བཤད་པའོ། །དང་པོ་ན། ཆོས་ཀྱི་སྐུ་འམ་སྔར་བཤད་པའི་གཟུགས་སྐུའི་མཐུ་ལས་བྱུང་བ་ཡང་རུང་སྟེ། སྔར་བཤད་པའི་ལོངས་སྐུ་ལས་གཞན་དུ་གྱུར་པ་སྤྲུལ་པའི་སྐུའི་ངོ་བོ་ཉིད་ཆོས་ལོངས་ཀྱི་རྒྱུ་མཐུན་པ་སྟེ་འབྲས་བུའི་སྐུ་གང་དག །སེམས་ཅན་འདུལ་བའི་རྒྱུས་བྱུང་བ་དེ་དག་ལ་ཡང་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་བརྗོད་པའི་ཕྱིར་བཤད་པ། ཐུབ་པའི་དབང་པོས་ཆོས་ལོངས་ཀྱི་སྐུ་དེའི་རྒྱུ་མཐུན་པའི་གཟུགས་སྐུ་


JLD016_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ། འཁོར་བ་ཐོག་མ་མེད་པ་ནས་ཀྱི་རང་གི་སྐྱེ་བའི་གནས་སྐབས་ད་ལྟ་འགགས་ཟིན་པ་སྔོན་གྱི་བྱུང་བའི་མཐའ་མ་ལུས་པ་བསྟན་པའི་ཕྱིར། གསལ་བ་དང་མ་འཆོལ་བ་སྟེ་ཕན་ཚུན་མ་དྲེས་པར། སྔར་གྱི་བྱུང་ཚུལ་ནི་མ་ལུས་པས་བཀྲ་བ་མཐའ་དག །མེ་ལོང་ཤིན་ཏུ་དག་པ་ལ་གཟུགས་བརྙན་ལྟར་དུས་གཅིག་ཁོ་ནར་ལྷུན་གྱིས་གྲུབ་པར་སྟོན་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་སྔོན་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་པ་ན། སངས་རྒྱས་གང་ལ་བསྙེན་བཀུར་གང་མཛད་པ་དང་། སངས་རྒྱས་ཀྱི་ཞིང་བཻཌཱུཡ་ལ་སོགས་པའི་རིན་པོ་ཆེའི་རང་བཞིན་ཅན་ཆུ་ཞེང་ཀུན་ནས་ཟླུམ་པ་དང་། དེ་ལ་བརྟེན་པའི་བཅུད་ཀྱི་སེམས་ཅན་གྱིས་མཛེས་པ་ཇི་འདྲ་བ་ཞིག་ན། ཐུབ་པའི་དབང་པོ་བལྟམས་པ་སོགས་སྟོན་པར་མཛད་པ་དང་། སངས་རྒྱས་དེ་དག་གི་སྐུ་དང་སྤྱོད་པའི་མཐུ་དང་སྟོབས་ཕུལ་དུ་བྱུང་བ་ཇི་འདྲ་བ་དང་། དེ་དག་གི་འཁོར་ཉན་ཐོས་ཀྱི་དགེ་འདུན་འདུས་པ་ཇི་སྙེད་པ་དང་། ཆོས་ལ་ནན་ཏན་གང་བྱས་པས་དགེ་འདུན་དེར་གྱུར་པ་ཇི་ལྟ་བ་སྟེ་ཇི་འདྲ་བ་དང་། སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་རྣམས་གཟུགས་མཚན་དཔེས་སྤྲས་པ་དང་། ཆོས་གོས་དང་ཟས་དང་གནས་ལ་སོགས་པ་ཉེ་བར་སྤྱོད་པ་དང་ལྡན་པ་ཇི་འདྲ་བ་དང་། ཐེག་པ་གཅིག་དང་གསུམ་ལ་བརྩམས་ནས་ཆོས་ཇི་འདྲ་བ་བསྟན་པ་དང་། ཞིང་དེར་བདག་ཉིད་བྲམ་ཟེ་ལ་སོགས་པའི་རིགས་སུ་


JLD016_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་བློ་དང་ལྡན་པ་ཁྱིམ་པ་དང་། རབ་བྱུང་དུ་གྱུར་པ་ཇི་འདྲ་བ་དང་། ཆོས་ཐོས་ནས་བསླབ་པའི་གཞི་མ་རྫོགས་པ་དང་རྫོགས་པའི་བསླབ་པ་ཁས་བླངས་ཏེ། བྱང་སེམས་ཀྱི་སྤྱོད་པ་གང་ལ་སྤྱད་པ་དང་། སངས་རྒྱས་དང་བྱང་སེམས་དང་ཉན་ཐོས་དེ་དག་ལ་བཟའ་བ་དང་ཆོས་གོས་དང་རིན་པོ་ཆེའི་རྒྱན་ལ་སོགས་པའི་སྦྱིན་པ་གང་དུས་ཇི་ཙམ་ཞིག་ཏུ་དང་། ཚད་ཇི་ཙམ་ཞིག་ཕུལ་བ་དེ་ནི་མ་ལུས་པར་སྐུ་གཅིག་ལ་སྟོན་པར་མཛད་དོ། །དེ་ལྟར་སྦྱིན་པའི་ཕར་ཕྱིན་ལས་བརྩམས་པའི་བྱུང་བའི་མཐའ་སྟོན་པར་མཛད་པ་དེ་བཞིན་དུ། ཚུལ་ཁྲིམས་དང་བཟོད་པ་དང་། བརྩོན་འགྲུས་དང་བསམ་གཏན་གྱི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕར་ཕྱིན་ལ་སྔོན་སྤྱོད་པའི་ཚེའི་སྔར་གྱི་གནས་སྐབས་གང་མ་ཚང་བ་མེད་པ་དེ་དག་སྐུ་གཅིག་ལ་སྟོན་པར་མཛད་དོ། །ཞེས་གོང་དུ་སྦྱིན་པ་ལ་བཤད་པ་དང་སྦྱར་བར་བྱའོ། །སྐུ་གཅིག་ལ་ཅིག་ཅར་དུ་གནས་སྐབས་ཐམས་ཅད་སྟོན་པ་ལྟ་ཞོག་གི །འོན་ཀྱང་སྔོན་གྱི་ཉིད་ཀྱི་སྤྱོད་པ་ཀུན་སྐུ་ཡི་བ་སྤུའི་ཁུང་བུར་འང་གསལ་བར་སྟོན་པར་མཛད་དོ། །གཉིས་པ་ནི། སངས་རྒྱས་གང་དག་སྔར་འདས་བ་དང་། མ་འོངས་པ་ན་འབྱུང་བར་འགྱུར་བ་གང་དང་། སངས་རྒྱས་གང་དག་ད་ལྟར་ནམ་མཁའི་མཐར་ཐུག་པར་གསུང་གི་གདངས་མཐོན་པོས་ཆོས་སྟོན་པས། སྡུག་བསྔལ་གྱིས་བཟུང་བ་སྟེ་གཟིར་པའི་འགྲོ་བ་རྣམས་དབུགས་འབྱིན་ཞིང་འཇིག་རྟེན་ན་བཞུགས་པ་དང་། དང་པོའི་ཐུགས་བསྐྱེད་པ་བཟུང་བ་ནས་བྱང་ཆུབ་ཀྱི་


JLD016_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་བར་དུས་གསུམ་གྱི་རྒྱལ་བ་དེ་དག་གི་སྤྱོད་པ་ཀུན། བདག་གི་སྤྱོད་ཚུལ་ཀུན་སྟོན་པ་དེ་བཞིན་དུ། བ་སྤུ་ཡི་ཁུང་བུ་གཅིག་ཏུ་དུས་གཅིག་ལ་ནི་གསལ་བར་སྟོན་པར་ནུས་ཏེ། མིག་འཕྲུལ་མཁན་ཐ་མལ་པ་འགའ་ཞིག་གིས་སྔགས་དང་རྫས་ཀྱི་མཐུ་ཙམ་ཞིག་གིས་ཀྱང་། རང་གི་ལུས་ལ་སྣོད་བཅུད་ཀྱི་རྣམ་པ་སྣ་ཚོགས་པ་སྟོན་པར་ནུས་ན། སངས་རྒྱས་དང་བྱང་སེམས་དངོས་པོ་རྣམས་ཀྱི་རང་བཞིན་མིག་འཁྲུལ་གྱི་རང་བཞིན་དང་བདེན་བརྫུན་ཁྱད་པར་མེད་པར་མཁྱེན་ནས་དེ་བསྐལ་པ་དུ་མར་གོམས་པར་མཛད་པ་རྣམས་ཀྱིས། རྣམ་འཕྲུལ་དེ་རྣམས་མཛད་མི་ནུས་པར་འགྱུར་རམ་སྟེ་མི་འགྱུར་རོ། །དེའི་ཕྱིར་མཁས་པ་སུ་ཞིག་དེ་འདྲ་བ་དེ་མི་རྟོག་པ་དང་། རྟོགས་ཀྱང་ཐེ་ཚོམ་ཟ་བར་འགྱུར་ཏེ་མི་འགྱུར་ཏེ། དཔེ་འདིའི་སྒོ་ནས་ལྷག་པར་མོས་བར་བྱའོ། །ཇི་ལྟར་ཉིད་ཀྱི་སྤྱོད་པ་དང་སངས་རྒྱས་གཞན་གྱི་སྤྱོད་པ་རྣམས་དུས་གཅིག་ཏུ་བ་སྤུའི་ཁུང་བུར་སྟོན་པར་མཛད་པ་དེ་བཞིན་དུ། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་དང་། དུས་གསུམ་གྱི་རང་རྒྱལ་འཕགས་པ་དང་ཉན་ཐོས་མ་ལུས་པའི་སྤྱོད་པ་དང་། དེ་རྣམས་ཀྱི་ལྷག་མ་སོ་སོ་སྐྱེ་བོའི་གནས་སྐབས་ཀྱི་སྤྱོད་པ་ཐམས་ཅད་ནི། བ་སྤུའི་ཁུང་བུ་གཅིག་ཏུ་དུས་གཅིག་གི་ཚེ་སྟོན་པར་ནུས་སོ། །གསུམ་པ་ནི། དེ་ལྟར་སྐུ་གསུམ་ཕུན་སུམ་ཚོགས་པ་བརྗོད་ནས་རྣམ་རྟོག་མི་མངའ་ཡང་བཞེད་པ་ལ་མངའ་འམ་དབང་བསྒྱུར་བ་ཕུན་སུམ་


JLD016_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པར་བསྟན་པའི་ཕྱིར་བཤད་པ། དྲི་མ་མ་ལུས་པས་དག་པའི་སངས་རྒྱས་ཀྱི་མཛད་པ་འདི་ནི། བཞེད་པ་ཙམ་གྱི་འཇུག་པ་ཡིས་ཏེ་དེའི་སྒོ་ནས་ནམ་མཁའ་ཡི་མཐས་གཏུགས་པའི་འཇིག་རྟེན་རྣམས་རྡུལ་ཕྲ་རབ་གཅིག་གི་ཡུལ་གྱི་ཁྱོན་ལ་སྟོན་པར་ནུས་ལ། འཇིག་རྟེན་མཐའ་ཡས་པ་སྟེ་མ་ལུས་པའི་རྟེན་གྱི་ཁྱོན། རྡུལ་ཕྲ་རབ་གཅིག་གིས་ཁྱབ་པ་ཡང་སྟོན་པར་མཛད་པ་ན། རྡུལ་གཅིག་པོ་དེ་རགས་པ་ཆེ་བར་ཡང་མི་འགྱུར་ལ། འཇིག་རྟེན་ཕྲ་བ་སྟེ་ཆུང་བར་ཡང་མི་འགྱུར་རོ། །དེ་བཞིན་དུ་རྣམ་པར་རྟོག་པ་མི་མངའ་བ་ཁྱོད་ཀྱིས་སྲིད་པ་འཁོར་བའི་མཐའི་བར་དུ། སྐད་ཅིག་དེ་རེ་རེ་ལ་སྤྱོད་པ་སྣ་ཚོགས་པ་ཇི་སྙེད་སྟོན་པ་དེ་སྙེད་ཀྱི་གྲངས་ནི། འཛམ་བུ་གླིང་མ་ལུས་པ་ན་རྡུལ་ཕྲ་རབ་ཀྱི་གྲངས་གང་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་ལ་མེད་དོ། །སྔ་མ་ནི་ཡུལ་གྱི་དབང་དུ་བྱས་ལ། འདི་ནི་དུས་ཀྱི་དབང་དུ་བྱས་པའོ། །གཉིས་པ་ལ་བཞི། སྟོབས་བཅུ་མདོར་བསྟན་པ་དེ་རྣམས་རྒྱས་པར་བཤད། ཡོན་ཏན་ཀུན་བརྗོད་མི་ནུས་པའི་ཚུལ། །ཡོན་ཏན་གཉིས་ཤེས་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། སངས་རྒྱས་ཀྱི་ས་ནི་སྟོབས་བཅུས་རབ་ཏུ་ཕྱེ་བའི་ཕྱིར་ན། དེའི་རྣམ་པར་དབྱེ་བ་ཆ་ཙམ་ཞིག་བསྟན་པའི་ཕྱིར་བཤད་པ། ཐུབ་པའི་སྟོབས་ལ་ནི། གནས་དང་གནས་མིན་མཁྱེན་པའི་སྟོབས་དང་། དེ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་བློ་སྟེ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་པ་ཐུགས་སུ་ཆུད་པའི་སྟོབས་དང་། ཁམས་ནི་སྣ་ཚོགས་པ་མཁྱེན་པའི་


JLD016_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་། དེ་བཞིན་དུ་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་སོགས་བློ་སྟེ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། དེ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་དང་གནས་པ་བློ་སྟེ་མཁྱེན་པའི་སྟོབས་དང་། ཟག་པ་རྣམས་ཟད་པ་མཁྱེན་པའི་སྟོབས་སྟེ། སྟོབས་ནི་བཅུ་པོ་འདི་དག་ཏུ་ཡོད་དོ། །གཉིས་པ་ལ་གཉིས། གནས་དང་གནས་མིན་མཁྱེན་པ་སོགས་ཀྱི་སྟོབས་ལྔ་བཤད་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་སོགས་ཀྱི་སྟོབས་ལྔ་བཤད་པའོ། །དང་པོ་ནི། རྒྱུ་གང་ཞིག་ལས་འབྲས་བུ་གང་ཞིག་ངེས་པར་སྐྱེ་བར་འགྱུར་བའི་རྒྱུ་དེ་ནི་འབྲས་བུ་དེ་ཡི་གནས་སུ་དེ་ལྟར་མཁྱེན་པའི་སངས་རྒྱས་རྣམས་ཀྱིས་གསུངས་ཏེ། དཔེར་ན་མི་དགེ་བ་ལས་རྣམ་སྨིན་ཡིད་དུ་མི་འོང་བ་འབྱུང་བ་དང་། འཕགས་པ་སློབ་པའི་ལམ་ལས་མྱང་འདས་འཐོབ་པ་ལ་སོགས་པའོ། །དེ་ལྟར་བཤད་པ་ལས་བཟློག་པ་ནི་གནས་མིན་པ་ཞེས་བྱ་སྟེ། དཔེར་ན་དགེ་བ་ལས་རྣམ་སྨིན་ཡིད་དུ་མི་འོང་བ་འབྱུང་བ་དང་། མཐོང་ལམ་ཐོབ་པས་ལས་དབང་གིས་སྲིད་པ་བརྒྱད་པ་འགྲུབ་པ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་པ་ལྟ་བུའོ། །དེ་འདྲ་བའི་གནས་དང་གནས་མ་ཡིན་པའི་ཤེས་བྱ་མཐའ་ཡས་པ་མཁྱེན་པ་ལ་ཐོགས་


JLD016_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤངས་པ་སྟེ་ཐོགས་པ་མེད་པ་དེ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་སུ་བཤད་དོ། །འདོད་པ་སྟེ་དགེ་བ་དང་མི་འདོད་པ་སྟེ་ལས་མི་དགེ་བ་སྟེ་མ་འདྲེས་པ་གཉིས་དང་། དེ་གཉིས་ལས་བཟློག་པ་སྟེ་ལས་འདྲེས་མ་དང་། ཟག་བཅས་ཀྱི་ལས་ངན་པ་ཟད་པར་བྱེད་པའི་ཟག་མེད་ཀྱི་དངོས་པོའི་ལས་རྣམས་དང་། ལམ་དེའི་རྣམ་སྨིན་ཤིན་ཏུ་མི་འདྲ་བ་སྣ་ཚོགས་པ་ལའང་། མཁྱེན་པ་ནུས་མཐུ་ཐོགས་པ་མེད་པར་སོ་སོར་འཇུག་པར་འགྱུར་བ། དུས་གསུམ་གྱིས་བསྡུས་པའི་ལས་དང་དེའི་འབྲས་བུའི་ཤེས་བྱ་ཀུན་ལ་ཁྱབ་པར་མཛད་པ་དེ་ནི་ལས་ཀྱི་འབྲས་བུ་མཁྱེན་པའི་སྟོབས་སུ་འདོད་དོ། །འདོད་ཆགས་དང་དེས་མཚོན་ནས་ཞེ་སྡང་ལ་སོགས་པའི་ཉོན་མོངས་དང་། སོགས་ཀྱིས་བསྡུས་པ་དད་པ་ལ་སོགས་པ་རྣམས་ཀྱི་འབྱུང་བ་སྟེ་ས་བོན་གྱི་སྟོབས་ཀྱིས་བསྐྱེད་པའི་འདོད་པ་ནི། ཤིན་ཏུ་མི་འདྲ་བ་སྣ་ཚོགས་པ་དམན་པ་དང་། འབྲིང་དང་གང་ཡང་ཁྱད་པར་དུ་འཕགས་པའི་འདོད་པ་དང་། མོས་པ་དེ་ལས་གཞན་པའི་ཆོས་ཀུན་ཏུ་སྤྱོད་པ་རྣམས་ཀྱིས་སྔར་བཤད་པའི་མོས་པའི་ས་བོན་གཡོགས་པ་སྟེ་བསྒྲིབས་པའི་མོས་པ་ལའང་། མཁྱེན་པ་དུས་གསུམ་དུ་འགྲོ་བ་སྟེ་འཇུག་པས་མོས་པའི་ཤེས་བྱ་མ་ལུས་པ་ཁྱབ་པ་ནི། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ཞེས་བྱའོ། །སངས་རྒྱས་ཁམས་མཐའ་དག་གི་རྣམ་པར་དབྱེ་བ་ལ་མཁས་པ་རྣམས་ཀྱིས། མིག་དང་སོགས་ཀྱིས་བསྡུས་པ་རྣ་བ་ནས་ཡིད་ཀྱི་བར་དྲུག་དང་།


JLD016_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ནས་ཆོས་ཀྱི་བར་དྲུག་དང་། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་དྲུག་དང་། དེ་དག་རྣམས་ཀྱི་རང་བཞིན་ནང་སྟོང་པ་ཉིད་ལ་སོགས་པ་གང་ཡིན་པ་དེ་ཁམས་སུ་གསུངས་པའི་ཁམས་ཀྱི་རབ་དབྱེ་རྣམ་པ་ཀུན་གྱི་ཁྱད་པར་རྣམས་ལ། རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་མཐའ་ཡས་པ་འཇུག་པ་ནི། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་སུ་འདོད་དོ། །ཡང་དག་མིན་པ་ལྷག་པར་སྒྲོ་འདོགས་པའི་ཀུན་ཏུ་རྟོག་པ་ནི། ཆགས་སོགས་སྐྱེད་པ་ལ་དབང་བྱེད་པས་ན་དབང་པོའོ། །སོགས་ཀྱིས་བསྡུས་པ་དད་པའི་དབང་པོ་སོགས་ཆེས་རྣོ་བ་ཉིད་ནི་མཆོག་ཏུ་བཞེད་ལ། དབང་པོ་འབྲིང་གི་གནས་སྐབས་དང་། དབང་པོ་རྟུལ་བ་ཉིད་ཆུང་ངུའི་གནས་སྐབས་ནི་མཆོག་མིན་པར་བཤད་པ་དང་། མིག་ལ་སོགས་པའི་དབང་པོ་ཉེར་གཉིས་དང་། དབང་པོ་རྣམས་ཀྱི་ཕན་ཚུན་འབྲས་བུ་ཆུབ་པ་སྟེ་སྒྲུབ་ནུས་པའི་རང་གི་ངོ་བོ་རེ་རེ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཆགས་པ་སྟེ་ཐོགས་པ་མེད་པ་དེ་ནི། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སུ་གསུངས་སོ། །གཉིས་པ་ནི། ལམ་འགའ་ཞིག་རྒྱལ་བ་ཉིད་དུ་འགྲོ་བ་དང་། ལམ་འགའ་ཞིག་རང་རྒྱལ་གྱི་བྱང་ཆུབ་དང་། འགའ་ཞིག་ཉན་ཐོས་ཀྱི་བྱང་ཆུབ་ཏུ་འགྲོ་བ་དང་། ཡི་དྭགས་དང་དུད་འགྲོ་དང་ལྷ་དང་མི་དང་དམྱལ་བ་རྣམས་སུ་འགྲོ་བ་དང་། སོགས་ཀྱིས་ནི་ཡང་དག་པ་དང་ལོག་པར་ངེས་པའི་ལམ་


JLD016_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་རྣམ་པ་སྣ་ཚོགས་པ་སྟོན་ཏེ། དེ་རྣམས་ལ་མཁྱེན་པ་ཆགས་ཐོགས་མེད་པ་ནི་མཐའ་ཡས་པ་སྟེ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སུ་འདོད་དོ། །འཇིག་རྟེན་མཐའ་ཡས་པ་ན་ཡོད་པའི་རྣལ་འབྱོར་པའི་བྱེ་བྲག་ལ་སྟེ་ཁྱད་པར་གྱིས་རབ་ཏུ་དབྱེ་བ་ཐ་དད་པ་མཐའ་ཡས་པ་བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། གང་ཞི་གནས་གང་དག་སྟེ་ཏིང་ངེ་འཛིན་དང་། སྙོམས་འཇུག་གི་ཁྱད་པར་གང་དག་གཅིག་དང་བརྒྱད་དུ་གྱུར་པ་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཀུན་བྱང་དེ་དག་ལ་མཁྱེན་པ་ཐོགས་པ་མེད་པ་འདི་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་སུ་བཤད་དོ། །ཇི་སྲིད་གཏི་མུག་དེ་སྲིད་པ་སྟེ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐོག་མ་མེད་པའི་སྲིད་པར་གནས་པ་ན། འདས་པའི་དུས་སུ་བདག་དང་སེམས་ཅན་གཞན་རེ་རེ་ཡི་སྲིད་པའི་སེམས་ཅན་ནི། ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་མཐའ་ཡས་པ། གཞི་སྟེ་རྒྱུ་དང་བཅས་པར་དྲན་པ་དང་། རང་དང་གཞན་རྣམས་ཁ་དོག་འདི་འདྲ་བར་གྱུར་ཞེས་དྲན་པ་ནི་རྣམ་པ་དང་བཅས་པར་དྲན་པ་དང་། འདི་འདྲ་ཞི་གནས་འདི་འདྲ་ཞིག་ཏུ་སྐྱེས་སོ་ཞེས་དྲན་པ་ནི། ཡུལ་ཕྱོགས་དང་བཅས་པར་དྲན་པ་སྟེ་དྲན་པའི་ཡུལ་དེ་རྣམས་ལ་བློ་ཐོགས་པ་མེད་པ་གང་དང་གང་ཡིན་པ་དེ་ནི། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་སུ་བཤད་དོ། །སེམས་ཅན་རྣམས་


JLD016_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཅན་རེ་རེའི་འཆི་འཕོ་བ་དང་། ཕུང་པོ་ཉིང་མཚམས་སྦྱོར་བའི་སྐྱེ་བ་གང་ནམ་མཁའི་མཐར་ཐུག་པའི་འཇིག་རྟེན་ལ་གནས་པ་སྣ་ཚོགས་པའི་ལས་ཀྱི་བཟོ་བོས་བཀྲ་བར་བྱས་པ་མང་པོ་དེ་ལ་དུས་དེར་མཁྱེན་པ་རྣམ་པ་ཀུན་ཡོངས་སུ་དག་པས་མ་ཆགས་པ་སྟེ་མ་ཐོགས་པར་འཇུག་པ་ཡིས། ཡུལ་མཐའ་ཡས་པ་མཁྱེན་པ་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་སུ་འདོད་དོ། །རྣམ་པ་ཀུན་མཁྱེན་པའི་རྒྱལ་བ་རྣམས་ཀྱི་སྟོབས་ཀྱིས་ཆགས་སོགས་ཉོན་མོངས་པ་དག་ནི། བག་ཆགས་དང་བཅས་པ་ཐམས་ཅད་འཇིག་པ་སྟེ་བཅོམ་པའི་འགྱུར་བ་དང་། སློབ་མ་ཉན་ཐོས་དང་ལ་སོགས་པས་བསྡུས་པ་རང་རྐྱལ་བ་རྣམས་ཀྱིས་ཉོན་མོངས་པ་རྣམས་བློ་སྟེ་ཟག་མེད་ཀྱི་ཤེས་རབ་ཀྱིས་འགོག་པ་སྟེ་སྤངས་པ་གང་ཡིན་པ་དེ་ལ་མཁྱེན་པ་ཆགས་པ་སྟེ་ཐོགས་པ་མེད་པ་ནི། མཐའ་ཡས་པ་ཟག་པ་ཟད་པ་མཁྱེན་པའི་སྟོབས་སུ་འདོད་དོ། །མྱུར་དུ་ཞེས་པ་ནི་བག་ཆགས་ལྷག་མ་ཤིན་ཏུ་ཕྲ་བ་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་སྤངས་པར་སྟོན་པའོ། །འདིར་ཉོན་མོངས་པའི་བག་ཆགས་ནི། འགྲེལ་པ་ལས། གང་གིས་སེམས་ཀྱི་རྒྱུད་འབག་པར་བྱེད་ཅིང་བསྒོ་བར་བྱེད་ལ། རྗེས་སུ་བགྲོད་པར་བྱེད་པ་དེ་ནི་བག་ཆགས་ཏེ། ཉོན་མོངས་པའི་མུར་ཐུག་པ་དང་། གོམས་པ་དང་། རྩ་བ་དང་། བག་ཆགས་ཞེས་བྱ་བ་ནི་རྣམ་གྲངས་དག་གོ །ཞེས་གསུངས་ཤིང་། ཉན་རང་དགྲ་བཅོམ་


JLD016_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉོན་མོངས་སྤངས་ཀྱང་བག་ཆགས་དེ་སྤོང་མི་ནུས་པར་གསུངས་ལ། ཡང་དེ་ཉིད་ལས། དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ། ཞེས་ཤེས་སྒྲིབ་ཏུ་ཡང་གསུངས་སོ། །ལུགས་འདི་ལ་ཆོས་ཀྱི་བདག་འཛིན་ནི་ཉོན་མོངས་སུ་བཞེད་པས། ཤེས་སྒྲིབ་ཀྱི་གཙོ་བོ་ནི་གཉིས་སྣང་འཁྲུལ་པའི་བག་ཆགས་ལ་བྱ་དགོས་ཏེ། འདི་ནི་འཕགས་པ་ཡབ་སྲས་ཀྱིས་གཞན་དུ་ཤེས་སྒྲིབ་ཀྱི་ངོས་འཛིན་གསལ་བར་མ་གསུངས་པས། འདིར་གསུངས་པ་ཉིད་ལ་བརྟན་པར་བྱའོ། །ཡང་འགྲེལ་པ་ལས། མ་རིག་པ་དང་། འདོད་ཆགས་ལ་སོགས་པའི་བག་ཆགས་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་དང་། སངས་རྒྱས་ཁོ་ན་ལ་ལྡོག་པར་འགྱུར་གྱི། གཞན་དག་ལ་ནི་མ་ཡིན་ནོ། །ཞེས་གསུངས་པས་ཉན་རང་དགྲ་བཅོམ་པ་དང་། ས་བརྒྱད་པ་ནས་ཉོན་མོངས་ཀྱི་ས་བོན་ཟད་པར་གསུངས་པའི་ཉོན་མོངས་ཀྱི་ས་བོན་ནི། འདིར་བཤད་པའི་ཉོན་མོངས་ཀྱི་བག་ཆགས་དང་མི་གཅིག་གོ །བག་ཆགས་འདི་ཤིན་ཏུ་ཕྲ་བ་ནི་ས་བཅུ་རྒྱུན་གྱི་ཐ་མའི་བར་ཆད་མེད་ལམ་སྐྱེ་བ་ལ་ཕྱོགས་པ་དང་། ཤིན་ཏུ་ཕྲ་བ་འགག་པ་ལ་ཕྱོགས་པ་གཉིས་དུས་མཉམ་ལ། དེ་ཐོག་མར་སྤངས་པའི་རྣམ་གྲོལ་ལམ་ནི་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་མ་དང་པོ་ཡིན་ནོ། །དེའི་ཕྱིར་རྣམ་པ་ཀུན་མཁྱེན་པའི་སྟོབས་ཀྱིས་འཇིག་པར་གསུངས་སོ། །དེ་ལྟར་སྟོབས་རྣམས་ཀྱིས་ཤེས་བྱ་མཐའ་དག་མཁྱེན་པར་གསུངས་པ་ནི་མངོན་གྱུར་དུ་


JLD016_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། སངས་རྒྱས་ཀྱི་མངོན་སུམ་ལ་ཤུགས་རྟོགས་མི་རུང་བས་སྣང་བས་མཁྱེན་དགོས་སོ། །དེ་ཡང་རྣམ་པ་མ་ཤར་བར་མཁྱེན་པ་འདིའི་ལུགས་མིན་པ་ནི་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས་གསལ་བར་བཤད་དོ། །དེའི་ཕྱིར་ད་ལྟར་བ་མངོན་སུམ་དུ་འཇལ་བའི་ཤུགས་ལ་འདས་མ་འོངས་གཉིས་འཇལ་བ་ཡང་མིན་ནོ། །འདི་ཡང་ཉི་མ་དི་རིང་ལྟ་བུའི་དུས་ད་ལྟ་བ་འདིའི་དུས་སུ། དེ་ལ་ལྟོས་པའི་འདས་མ་འོངས་གཉིས་མེད་པས་དུས་དེར་དེ་གཉིས་མ་གཞལ་ཡང་། དི་རིང་གི་དུས་མཁྱེན་པའི་ཡེ་ཤེས་དེ་ཉིད་ཀྱིས་འདས་མ་འདས་ཐམས་ཅད་མཁྱེན་པ་མི་འགལ་ཏེ། དཔེར་ན་ས་བོན་གྱི་དུས་ཀྱི་མྱུ་གུ་ས་བོན་གྱིས་མི་སྐྱེད་ཀྱང་། ས་བོན་གྱིས་མྱུ་གུ་སྐྱེད་པ་མི་འགལ་བ་བཞིན་ནོ། །གསུམ་པ་ནི། སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་པ་ནི། སངས་རྒྱས་ཉིད་ཀྱིས་བསྐལ་པ་གྲངས་མེད་པར་སྐུ་ཚེ་བྱིན་གྱིས་བརླབས་ཤིང་། འཕྲིན་ལས་གཞན་མི་འདའ་བར་སྐྱེན་པ་སྐྱེན་པར་གསུངས་ཀྱང་། ཡོན་ཏན་རྫོགས་པར་མི་འགྱུར་ན། བྱང་སེམས་རྣམས་ཀྱིས་ཅི་ཞིག་སྨོས། དེས་ན་རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱིས་ཡོན་ཏན་མཐར་ཕྱིན་པར་ཤེས་པའམ་བརྗོད་པར་ནུས་པ་ལྟ་སྨོས་ཀྱང་ཅི་ཞིག་དགོས། དོན་འདི་ཉིད་དཔེའི་སྒོ་ནས་བཤད་པ། འདི་ལྟར་ནམ་མཁའ་ལྡིང་འདབ་གཤོག་ཡངས་པའི་རླུང་གི་ཤུགས་ཀྱིས། ཕ་རོལ་གནོན་པ་ཡང་ནམ་མཁའ་ལ་འཕུར་བ་ན།


JLD016_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་མེད་པ་སྟེ་ཟད་པས་འདབ་ཆགས་ཀྱི་དབང་པོ་དེ་ལྡོག་པར་མི་འགྱུར་གྱི་འདིར་ནི་འདིར་འཕུར་འཕུར་བས་ནམ་ཞིག་ན་རང་གི་མཐུ་སྟོབས་ཟད་པས་ལྡོག་པར་འགྱུར་བ་དེ་བཞིན་དུ། སློབ་མ་ཉན་ཐོས་དང་དེ་དང་བཅས་པའི་རང་སངས་རྒྱས་དང་། སངས་རྒྱས་ཀྱི་སྲས་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ནམ་མཁའ་ལྟར་མཐའ་ཡས་པ་མ་བརྗོད་པར་ལྡོག་པར་འགྱུར་བ་ནི། ཡོན་ཏན་རྫོགས་པས་མ་ཡིན་གྱི་རང་གི་བློའི་སྟོབས་ཉམས་པས་ཡིན་ནོ། །སངས་རྒྱས་ཀྱི་ཡོན་ཏན་རྫོགས་པར་བརྗོད་མི་ནུས་པ་དེའི་ཕྱིར་འགྲེལ་པ་མཛད་པ་བདག་འདྲ་བས་སངས་རྒྱས་ཁྱོད་ཀྱི་ཡོན་ཏན་འདི་དག་ནི་ཅི་ཤེས་པ་དང་ནི་བརྗོད་པར་ནུས་པར་འགྱུར་རམ་ཅི་སྟེ་མི་ནུས་སོ། །དེ་ལྟར་བདག་ལ་རང་སྟོབས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཤེས་ཙམ་ཞིག་ཤེས་པའང་མེད་པ་འོན་ཀྱང་། བདག་གིས་དོགས་པ་སྤངས་པ་སྟེ་ཚམ་ཚོམ་མེད་པར་ཡོན་ཏན་ཅུང་ཟད་ཙམ་ཞིག་སྨྲས་པ་ནི། ཡོན་ཏན་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་པའི་ཕྱིར་ཏེ་དེ་ལ་བརྟེན་ནས་ཡིན་ནོ། །བཞི་པ་ནི། མདོར་བསྡུས་ན་བསྟན་བཅོས་འདི་ལས་སངས་རྒྱས་ཀྱི་ཡོན་ཏན་ཟབ་པ་དང་རྒྱ་ཆེ་བ་གཉིས་བསྟན་པའི་ཟབ་མོ་ནི་སྟོང་པ་ཉིད་ཆོས་ཀྱི་སྐུ་དང་། གཞི་དང་ལམ་གྱི་སྟོང་པ་ཉིད་དོ། །དེ་ལས་གཞན་པ་ས་བཅུ་གཅིག་གི་ཡོན་ཏན་དང་སྟོབས་ལ་སོགས་པ་བཤད་པ་རྣམས་ནི་རྒྱ་ཆེ་བའི་ཡོན་ཏན་ནོ། །དེ་འདྲ་བའི་ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་གྱི་ཚུལ་ལེགས་པར་ཤེས་པས་ནི། དོན་དེ་


JLD016_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཤེས་ནས་བསྒོམས་པས་སངས་རྒྱས་ཀྱི་ཡོན་ཏན་གཉིས་པོ་འདི་དག་འཐོབ་པར་འགྱུར་རོ། །གསུམ་པ་ནི། ད་ནི་སྤྲུལ་པའི་སྐུ་ཉན་རང་དང་བྱང་སེམས་རྣམས་ཀྱི་དོན་དང་ཐབས་ཐུན་མོང་བ་འབྱུང་ཞིང་། སོ་སྐྱེ་རྣམས་ཀྱི་དོན་ཡང་ཅི་རིགས་པར་འབྱུང་བ། བདེ་འགྲོ་ལ་སོགས་པའི་སྒྲུབ་བྱེད་དུ་གྱུར་པའི་དབང་དུ་བྱས་ནས་བཤད་པ། ཆོས་ཀྱི་སྐུ་བརྙེས་སུ་ཟིན་ཀྱང་སླར་ཡང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་ལས་མི་གཡོ་བའི་སྐུ་མངའ་པ་ཁྱོད་ཀྱིས་ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་དུ་བྱོན་ནས། སྤྲུལ་བའི་སྐུ་རྣམས་ཀྱིས་དགའ་ལྡན་ནས་མི་ཡུལ་དུ་གཤེགས་པ་དང་ནི། བལྟམས་པ་ལ་སོགས་པས་ཡབ་ཡུམ་དང་སྲས་དང་འགྲེལ་བར་སྟོན་ཞིང་། བྱང་ཆུབ་པ་ཞི་བ་མྱང་འདས་ཀྱི་གྲོང་ཁྱེར་དུ་འཇུག་པའི་ཆོས་ཀྱི་འཁོར་ལོའང་དབང་པོ་དང་འཚམ་པར་སྟོན་པར་མཛད་དོ། །དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་ཏེ་སེམས་ཅན་གྱི་ཁམས་སྤྱོད་པ་སྣ་ཚོགས་པ་ཅན་རེ་བ་སྟེ་མེད་པའི་ཞགས་པ་ནི་མེད་པོས་བཅིངས་པ་མ་ལུས་པ་གྲགས་པ་དང་ཕན་ལན་བཞེད་པ་སོགས་ལ་མི་ལྟོས་པའི་ཐུགས་རྗེ་ཆེན་པོས་མྱ་ངན་ལས་འདས་པར་བཀྲི་བ་སྟེ་འགོད་པར་མཛད་དོ། །གཡོ་བག་སྤྱོད་ཅན་ཞེས་པ་ལ་འགྲེལ་བཤད་ཀྱི་འགྱུར་ལ། སྣ་ཚོགས་སྤྱོད་ཅན་ཞེས་འབྱུང་བ་འགྲེལ་པ་དང་མཐུན་ནོ། །བཞི་པ་ནི། དེ་ལྟར་སྐུ་གསུམ་གྱི་རྣམ་གཞག་བཤད་ནས། ཐེག་པ་གཅིག་ལ་ཐེག་པ་


JLD016_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་བསྟན་པ་དགོངས་པ་ཅན་དུ་བཤད་པ། རྒྱུ་མཚན་གང་གི་ཕྱིར་ན་འདི་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པ་ལས་གཞན་སྒྲིབ་གཉིས་ཀྱི་དྲི་མ་མཐའ་དག་སེལ་པ་ནི། ལྷུར་བྱེད་པ་སྟེ་གཙོ་བོར་གྱུར་པ་མེད་ལ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱང་མི་འདྲ་བའི་རྣམ་འགྱུར་གྱི་དབྱེ་བ་སྟེན་པའང་མིན་ཞིང་སྟེ་མིན་པས། དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱི་བློ་གྲོས་ཏེ་ཡེ་ཤེས་འདི་ཡང་ཡུལ་འཇལ་བའི་རྣམ་པ་ཐ་དད་པ་མི་འདྲ་བར་འགྱུར་བ་ཡང་མ་ཡིན་པ་དེ་ཡི་ཕྱིར་ན། ཐུབ་པ་ཁྱོད་ཀྱིས་གདུལ་བྱའི་འགྲོ་བ་ལ་ཐེག་པ་གཞན་གང་དང་ཡང་མི་མཉམ་པ་དབྱེར་མེད་པའི་ཐེག་པ་གཅིག་བསྟན་ཏེ། ཇི་སྐད་དུ། འོད་སྲུངས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདའ་བ་ཡིན་ལ། དེ་ཡང་གཅིག་ཡིན་གྱི་གཉིས་དང་གསུམ་ནི་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །འཕགས་པས་ཀྱང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཁྱོད་ལ་ཐེག་པའི་དབྱེ་བ་མེད། །ཐེག་པ་གསུམ་དུ་བསྟན་པ་ནི། །སེམས་ཅན་རྣམས་ནི་གཞུག་ཕྱིར་རོ། །ཞེས་འཇུག་པ་དང་མཐུན་པར་གསུངས་སོ། །དེ་དག་གིས་ནི་དེ་ཁོ་ན་ཉིད་མ་རྟོགས་པར་ཉོན་མོངས་ཐམས་ཅད་ཟད་པར་མི་ནུས་པ་ལ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་མི་མཐུན་པ་ཆེན་པོ་མེད་པའི་ཕྱིར་ན། མྱ་ངན་ལས་འདས་པར་བགྲོད་པ་ལ། དེ་ཁོ་ན་ཉིད་རྟོགས་མ་རྟོགས་ཀྱི་རྒྱུའི་ཐེག་པ་མི་འདྲ་བ་བཤད་པ་དང་། ཉོན་མོངས་ཟད་པའི་མྱང་འདས་ཙམ་ཐོབ་ནས། ཐེག་པ་གཞན་དུ་མི་འགྲོ་བའི་འབྲས་བུའམ་ཐེག་པ་འགའ་


JLD016_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བཤད་པ་ནི། གདུལ་བྱ་རེ་ཞིག་དྲང་བའི་ཕྱིར་གསུངས་པར་བསྟན་པ་འདི། ལེགས་པར་རྟོགས་ན་ཐེག་དམན་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཤད་པ་རྣམས་ཀྱི་དགོངས་པ་རྟོགས་པར་འགྱུར་རོ། །གལ་ཏེ་གང་ཐོབ་ནས་ལམ་གཞན་དུ་འགྲོ་མི་དགོས་པའི་མྱ་ངན་ལས་འདས་པ་གཅིག་ཁོ་ན་ཡིན་ལ། ཉན་རང་གི་ཐེག་པས་ཀྱང་མྱ་ངན་ལས་འདའ་བར་བསྟན་པ་ཇི་ལྟར་ཡིན་ཞེ་ན། དེ་ལྟར་བསྟན་པ་འདི་དགོངས་པ་ཅན་དུ་བཤད་པ། གང་གི་ཕྱིར་འགྲོ་བ་རྣམས་ལ་ཉེས་པ་སྟེ་ཉོན་མོངས་ཤས་ཆེན་པོ་སྐྱེད་པར་བྱེད་པའི་རྒྱུར་གྱུར་པ་ལུས་སེམས་ལས་སུ་མི་རུང་བར་བྱེད་པའི་སེམས་ཅན་དང་སྐལ་བ་དང་ཉོན་མོངས་པ་དང་ལྟ་བ་དང་ཚེའི་སྙིགས་མ་ལྔ་པོ་འདི་དག་ནི་ཡོད་པར་གྱུར་པ། དེ་དག་གིས་ལྷག་པར་མོས་པ་ཁྱད་པར་དུ་འཕགས་པ་འཇོམས་པར་བྱེད་པས། སངས་རྒྱས་ཀྱི་ཡེ་ཤེས་ལ་དོན་གཉེར་བྱེད་པ་འགོག་པར་བྱེད་པ་དེའི་ཕྱིར་འཇིག་རྟེན་ཏེ་གདུལ་བྱ་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་པས་གཏིང་དཔག་དཀའ་བ་ལ་འཇུག་པར་མི་འགྱུར་ཞིང་། གང་གི་ཕྱིར་བདེ་བར་གཤེགས་པ་ཁྱོད་ལ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་མཁྱེན་རབ་དང་། དེ་དག་གི་དོན་ལ་བསྙེལ་བ་མི་མངའ་བའི་ཐུགས་རྗེའི་ཐབས་དང་ལྷན་ཅིག་པ་མངའ་བ་དང་གང་གི་ཕྱིར་སྔོན་བྱང་སེམས་ཀྱི་དུས་སུ་བདག་གིས་སེམས་ཅན་ཐམས་ཅད་དགྲོལ་བར་བྱའོ་ཞེས་


JLD016_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱིས་ཞལ་གྱིས་བཞེས་པ་དེ་ཉིད་ཐབས་ཀྱི་རྣམ་པ་གཞན་གྱིས་ངེས་པར་བསྒྲུབ་དགོས་སོ། །གང་གི་ཕྱིར་འགྲོ་བ་རྣམས་ཐེག་ཆེན་ལ་འཇུག་པ་ལ་གེགས་མང་པོ་ཡོད་ཅིང་། འགྲོ་བ་རྣམས་ཀྱང་མྱང་འདས་ལ་ངེས་པར་དགོད་དགོས་པ་དེའི་ཕྱིར། པད་དཀར་ལས་གསུངས་པ་ལྟར་དེད་དཔོན་མཁས་པས་རྒྱ་མཚོ་ན་གནས་པའི་རིན་པོ་ཆེའི་གླིང་དུ་ཆས་པའི་ཚེ་སྐྱེ་བོའི་ཚོགས་ཀྱིས། ཡུན་རིང་པོར་བགྲོད་བའི་ངལ་བ་ཉེ་བར་སེལ་བའི་ཕྱིར་དུ་རིན་པོ་ཆེའི་གླིང་དུ་མ་སླེབ་པའི་བར་དུ་གྲོང་ཁྱེར་ཡིད་དུ་འོང་བ་རྣམ་པར་བཀོད་པ་སྟེ་སྤྲུལ་བ་ལྟར་དུ། བཅོམ་ལྡན་འདས་ཁྱོད་ཀྱིས་ཀྱང་ཐེག་པ་ཆེན་པོའི་ཚུ་རོལ་ཏུ་ཐེག་ཆེན་དེ་ཐོབ་པའི་ཐབས་སུ་གྱུར་པ་འདི་ནི། ཉེ་བར་ཞི་བའི་ཚུལ་གྱི་བདེ་བ་ལ་ཡིད་སྦྱར་བའི་ཕྱིར་དུ། སློབ་མ་ཉན་ཐོས་དང་དེས་མཚོན་པའི་རང་རྒྱལ་ལ་ཉན་རང་གི་ཐེག་པ་གཉིས་གསུངས་ཤིང་། དེ་ནས་འཁོར་བའི་ཉོན་མོངས་ཀྱིས་རྣམ་པར་དབེན་པའི་བློ་སྦྱངས་པ་རྣམས་ལ་ལོགས་སུ་སྟེ་ཕྱི་ནས་ཐེག་པ་ཆེན་པོ་ཁོ་ན་གསུངས་ལ། དེ་རྣམས་ཀྱིས་ཀྱང་སངས་རྒྱས་རྣམས་ལྟར་ཚོགས་རྫོགས་པར་བྱས་ནས། གདོན་མི་ཟ་པར་སངས་རྒྱས་ཐོབ་པར་བྱ་དགོས་སོ། །ཐེག་པ་གཅིག་ཏུ་སྒྲུབ་པ་འདི་མདོ་ཀུན་ལས་བཏུས་པ་ལས། ཐེག་པ་གཅིག་ཏུ་ཟད་པར་ནི་མདོ་སྡེ་དུ་མ་ལས་གསུངས་པའི་ཕྱིར་རོ། །ཞེས་སོགས་ཀྱིས་གསུངས་པ་ལས་ཤེས་པར་བྱའོ། །ལྔ་པ་ལ་གཉིས། མངོན་པར་བྱང་ཆུབ་པའི་དུས་ཀྱི་


JLD016_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་པའི་བཤད་པ་དང་། བཞུགས་པའི་དུས་ཀྱི་དབང་དུ་བྱས་པའི་བཤད་པའོ། །དང་པོ་ནི། ཕྱོགས་བཅུའི་ཞིང་མ་ལུས་པ་སངས་རྒྱས་ཀྱི་ཡུལ་དུ་གྱུར་པ་དག་ཇི་སྙེད་པ་དེ་ན། རྡུལ་ཕྲ་རབ་ཀྱི་རྡུལ་གྱི་གྲངས་རྣམས་བདོག་པར་གྱུར་པ་ཇི་སྙེད་པ་བདེ་བར་གཤེགས་པ་ཁྱོད་བྱང་ཆུབ་ཀྱི་མཆོག་རབ་དམ་པར་གཤེགས་པའི་བསྐལ་པ་ཡང་དེ་སྙེད་དེ། དེ་ལྟར་ཡིན་པ་འོན་ཀྱང་སྔོན་དགེ་རྩ་མ་བསགས་པ་རྣམས་མོས་པར་དཀའ་བའི་ཕྱིར། ཁྱོད་ཀྱི་གསང་བ་འདི་ནི་བསྙད་པར་བགྱི་བ་མ་ལགས་སོ། །དེ་ལ་ལྷག་པར་མོས་པ་རྣམས་ལ་ནི་བསོད་ནམས་གཞལ་དུ་མེད་པ་བསག་པར་བྱ་བའི་ཕྱིར་འདིར་བཤད་དོ། །འདི་ལ་འགྲེལ་བཤད་བྱེད་པས་འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་གཅིག་ཡིན་པས་དེ་ལྟར་བརྗོད་པ་ཡིན་གྱི། གཞན་དུ་ན་སངས་རྒྱས་གཞན་འབྱུང་བར་མི་འགྱུར་བས་སོ། །ཞེས་འཆད་པ་ནི་མི་འཐད་དེ། འགྲེལ་པ་ལས་སྤྲུལ་པའི་སྐུ་འབྱུང་བའི་དབང་དུ་བྱས་པར་གསུངས་པའི་ཕྱིར་རོ། །སྤྲུལ་པའི་སྐུ་འབྱུང་བའི་རྒྱུ་ཞེས་པ་ཆོས་ཀྱི་སྐུ་ལ་དགོངས་ཞེས་འཆད་པ་ཡང་མི་རིགས་ཏེ། ཆོས་ཀྱི་སྐུར་གཤེགས་པའི་ཚད་དེ་ཙམ་དུ་འདོད་ན་གང་ཟག་གཞན་སངས་རྒྱ་བའི་སྐབས་མེད་པའི་སྐྱོན་དེར་ཡང་འཇུག་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་གཅིག་ཡིན་ན་སངས་རྒྱས་སྔ་མ་རྣམས་སངས་རྒྱས་པའི་ཚེ། སྔར་སངས་མ་རྒྱས་པ་དང་འཚང་རྒྱ་རྒྱུའི་ཆོས་སྐུ་


JLD016_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྔོན་དུ་ཐོབ་ཟིན་པ་ཤིན་ཏུ་འགལ་བའི་ཕྱིར་རོ། །དེས་ན་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་ཚད་སྟོན་པ་ཡིན་ལ། དེ་ཡང་སྔོན་དུ་སངས་རྒྱས་ནས་ཀྱི་ཡུན་ཚད་སྟོན་པ་མ་ཡིན་པས། སངས་རྒྱས་ནས་སླར་ཡང་བྱང་ཆུབ་ཀྱི་སྙིང་པོར་སྤྲུལ་སྐུའི་འཚང་རྒྱ་ཚུལ་སྟོན་པའི་གྲངས་ཚད་སྟོན་པ་ཡིན་ནོ། །དེ་ལྟར་ནག་ཚོའི་འགྱུར་ལས། སངས་རྒྱས་ཡུལ་གྱུར་ཞིང་རྣམས་ཕྱོགས་བཅུ་མ་ལུས་ན། །ཕྲ་རབ་རྡུལ་ནི་ཇི་སྙེད་ཡོད་པ་དེ་སྙེད་དུ། །བདེ་བར་གཤེགས་པ་མཆོག་གྱུར་ཁྱོད་ཀྱི་བྱང་ཆུབ་ཀྱང་། །འབྱུང་འགྱུར་ཞེས་འབྱུང་བ་ལྟར་ལེགས་སོ། །དེ་ལྟར་མ་བྱས་པར་འགྲེལ་བཤད་ལྟར་བཤད་ན། རྩ་བ་ལས་གསང་བ་འདི་བཤད་པར་མི་བྱ་བར་གསུངས་པའི་ཡུལ་དུ་འགྲོ་བ་ཡིན་ནོ། །གཉིས་པ་ནི། རྒྱལ་བའི་མ་འོངས་པའི་སྐུ་ཚེའི་ཚད་ནི་ཇི་སྲིད་དུ་འཇིག་རྟེན་གདུལ་བྱ་མཐའ་དག་གོ་འཕང་མཆོག་ཏུ་རབ་ཏུ་ཞི་བར་འགྲོ་བ་མིན་པ་ལྟེ་སངས་རྒྱས་སུ་མ་རྒྱུར་པའི་བར་དང་། ཇི་སྲིད་དུ་འདུས་མ་བྱས་ཀྱི་ནམ་མཁའ་རྣམ་པར་འཇིག་པར་འགྱུར་བ་མིན་པ་དེ་སྲིད་དུ་ཡིན་ཏེ། སངས་རྒྱས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་གྱིས་བསྐྱེད་ནས་ཐུགས་བརྩེ་བ་ཆེན་པོ་ཡི་མ་མ་ལ་གཏད་པ་ལས་སྔར་བཤད་པའི་ཚུལ་ལུགས་འདི་བྱེད་པས། དེ་འདྲ་བ་ཁྱོད་ལ་ཞི་བ་ཕྱོགས་གཅིག་པར་འགྱུར་བ་ག་ལ་མངའ་སྟེ་མི་མངའ་བའི་ཕྱིར་རོ། །གང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་དུ་མུ་མཐའ་མེད་པར་སེམས་ཅན་འདི་དག་གསོ་བར་བྱེད་པ་སངས་


JLD016_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱི་ཐུགས་རྗེ་དེ་ཇི་འདྲ་བ་ཞིག་ཅེ་ན། བདེན་འཛིན་གྱི་གཏི་མུག་གི་སྐྱོན་གྱི་དབང་གིས་འཇིག་རྟེན་པ་རྣམས་ཁ་ཟས་ཏེ་འདོད་ཡོན་ལྔ་ལ་མངོན་པར་ཞེན་པས་ཟོས་པས། སྡུག་བསྔལ་རྒྱ་ཆེན་པོའི་རྒྱུ་བྱེད་པའི་ཕྱིར་དུག་དང་བཅས་པ་ཟ་བ་པོ་ཡི་སྐྱེ་བོ་ཉིད་ཀྱི་ནང་མི་སྟེ་བདག་གི་བར་བྱས་པ་དེ་རྣམས་ལ་ཁྱོད་བརྩེ་བ་སྐྱེ་བ་ཇི་ལྟ་བ་དེ་ལྟར་དུ་དུག་ཟས་ནས་ཉེན་པའི་བུ་གཅིག་བུ་ལ་མ་ཡི་སྡུག་བསྔལ་གྱི་ཡིད་སྐྱེ་བ་མིན་ཏེ། དེ་བས་ན་མགོན་པོ་སངས་རྒྱས་རྣམས་མཆོག་ཏུ་རབ་ཏུ་ཞི་བ་ཕྱོགས་གཅིག་པར་གཤེགས་པར་འགྱུར་བ་མ་ལགས་སོ། །གང་གི་ཕྱིར་ན་དེ་ཁོ་ན་ཉིད་ཀྱི་དོན་ལ་མི་མཁས་པས་དངོས་པོ་ལ་བདེན་པར་མངོན་པར་ཞེན་པའི་བློ་ཅན་ལས་འབྲས་ལ་ཡིད་ཆེས་པས་ལྷ་དང་མིར་སྐྱེ་བ་ཡོད་པར་ལྟ་བ་རྣམས་ཀྱིས་ནི། སྐྱེ་བ་དང་འཇིག་པའི་གནས་སྐབས་ཏེ་འཆི་བའི་སྡུག་བསྔལ་ངེས་པར་འཐེབ་ཅིང་། ཡུལ་སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་ཡིས་བསྐྱེད་པའི་སྡུག་བསྔལ་མྱོང་བར་འགྱུར་ལ། རྒྱུ་འབྲས་ཀྱི་དངོས་པོ་མེད་པར་ཞེན་པའི་བློ་ཅན་ལོག་པར་ལྟ་བ་དང་ལྡན་པས་ནི། སྡིག་ཏོ་ཅན་གྱི་འགྲོ་བ་དམྱལ་བ་ལ་སོགས་པའི་ངན་འགྲོ་དང་། སྔར་བཤད་པའི་སྡུག་བསྔལ་ཡང་འཐོབ་པ་དེའི་ཕྱིར་དང་། འཇིག་རྟེན་གྱི་སྐྱེ་བོ་དེ་རྣམས་ཐུགས་བརྩེ་བ་ཆེན་པོའི་ཡུལ་དུ་རབ་ཏུ་དོང་བ་སྟེ་སོང་བས་ན། ཐུགས་རྗེ་ཆེན་པོས་བཅོམ་ལྡན་འདས་ཁྱོད་ཀྱི་ཐུགས་ཞི་བ་ཕྱོགས་གཅིག་པ་ལ་གཞོལ་


JLD016_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་བཟློག་པས་ཁྱོད་ལ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་མི་མངའ་བར་འཇིག་རྟེན་དུ་བཞུགས་སོ། །གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ནི། མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པའི་ལུགས་འདི་དགེ་སློང་དཔལ་ལྡན་ཟླ་གྲགས་ཀྱིས། དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་སོགས་ལས་བཏུས་ནས། ངེས་དོན་གྱི་མདོ་སྡེ་རྣམས་ལུང་ཇི་ལྟ་བ་བཞིན་དང་། འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་ནི་ཇི་ལྟ་བ་བཞིན་དུ་བརྗོད་པ་ཡིན་ནོ། །ཇི་ལྟར་དབུ་མའི་གཞུང་ལུགས་འདི་ལས་མ་གཏོགས་པར་བསྟན་བཅོས་གཞན་ན་སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ནི། ཕྱིན་ཅི་མ་ལོག་པར་བརྗོད་པ་མེད་པ་དེ་བཞིན་དུ། ཁོ་བོ་ཅག་གིས་འདིར་ལུགས་གང་ཞིག་བརྒལ་ལན་དང་བཅས་པར་བསྙད་པ་འདིར་འབྱུང་བའི་ལུགས་ཀྱང་། སྟོང་པ་ཉིད་ཀྱི་ཆོས་ལྟར་བསྟན་བཅོས་གཞན་ན་ནི་མེད་དོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་མཛད་དུ་གསོལ་ལོ། །དེའི་ཕྱིར་དབུ་མ་པ་ཁ་ཅིག་གིས་མདོ་སྡེ་པ་རྣམས་དང་། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་གང་དོན་དམ་པར་སྨྲས་པ་དེ་ཉིད། དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་འདོད་དོ་ཞེས་སྨྲས་པ་དེ་ནི། དབུ་མའི་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་མ་ཤེས་པས་སྨྲས་པ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པའི་ཆོས་དང་མཚུངས་པར་མི་རིགས་པའི་ཕྱིར་རོ། །ཞེས་རང་འགྲེལ་ལས་གསུངས་སོ། །འདིས་ནི་རང་གིས་ཐ་སྙད་དུ་རྣམ་པར་བཞག་པ་ཁས་བླངས་པ་ཐམས་ཅད་རང་མཚན་གྱིས་


JLD016_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་མེད་པ་ཉིད་ལ་འཇོག་པས། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁོ་ནའི་སྟེང་ནས་རྣམ་གཞག་བྱས་པའི་དོན་སྨྲ་གཉིས་ལ་སོགས་པའི་གྲུབ་མཐའ་རྣམས་རང་ལུགས་ཀྱི་དོན་དམ་དུ་མ་ཟད་ཐ་སྙད་དུ་ཡང་གྲུབ་པ་མེད་པར་འདོད་པའི་ལུགས་སོ། །དེས་ན་རང་གི་ལུགས་འདི་སེམས་ཙམ་པ་དང་ཡང་ཐུན་མོང་མ་ཡིན་པར་མ་ཟད། མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ལྷའི་དགོངས་པ་འགྲེལ་བའི་དབུ་མ་པ་གཞན་གྱི་ལུགས་དང་ཡང་ཐུན་མོང་མ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་འདོམས་པའོ། །དེ་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་ནི་ཚད་མར་སློབ་དཔོན་འདི་བཞེད་པས། དེ་ལ་ཟུར་ཟ་བ་མིན་ལ། རྒྱལ་སྲས་ཞི་བ་ལྷའི་ལུགས་དང་ཡང་སློབ་དཔོན་འདིའི་ལུགས་གཉིས་ཤིན་ཏུ་མཐུན་པར་སྣང་ངོ་། །ཐ་སྙད་དུ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པའི་སྟེང་ནས། བདེན་གཉིས་ཀྱི་རྣམ་གཞག་མཛད་པ་འདི་ལ་བརྟེན་ནས་རང་རྒྱུད་ཀྱི་གྲུབ་མཐའ་དང་། ཀུན་གཞི་མི་བཞེད་པ་སོགས་ཀྱི་བཤད་སྲོལ་ཐུན་མོང་མ་ཡིན་པ་མང་དུ་ཡོད་པ་ནི། དྲང་ངེས་རྣམ་འབྱེད་ལ་སོགས་པར་རྒྱས་པར་བཤད་པས་འདིར་མ་སྨོས་སོ། །ཁ་ཅིག་འཇིག་རྟེན་ལས་འདས་པ་ན་འཇིག་རྟེན་གྱི་ཐ་སྙད་ལས་འདས་པ་གཞན་ལུགས་དང་། འཇིག་རྟེན་པ་ནི་རང་གི་ལུགས་སོ་ཞེས་ཟེར་བ་ནི། འགྲེལ་པ་ལས་འཇིག་རྟེན་ལས་འདས་པའི་ཆོས་འདི་ཡོངས་སུ་སྤངས་པས་ཞེས་གསུངས་པ་དང་འགལ་བས་ན། བཟློག་སྟེ་བྱ་དགོས་ལ་འཇིག་རྟེན་པ་


JLD016_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་ལས་འདས་པའི་དོན་ནི། དེ་ཁོ་ན་ཉིད་ཇི་བཞིན་མ་རྟོགས་པ་དང་རྟོགས་པའི་ལུགས་སོ། །འཕགས་པའི་དགོངས་པ་འཆད་ལུགས་འདི་ནི་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར། འཕགས་པའི་ཐུགས་དགོངས་མི་ཤེས་ཤིང་། གསུང་རབ་ཀྱི་དེ་ཁོ་ན་ཉིད་ངེས་པ་མེད་པར། སྟོང་པ་ཉིད་སྟོན་པ་རྣམས་ཀྱི་ཡི་གེ་ཙམ་ལ་འཇིགས་པ་རྣམས་ཀྱིས། འཇིག་རྟེན་ལས་འདས་པའི་ཆོས་འདི་སྤངས་པས། དེའི་ཕྱིར་དབུ་མའི་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། དབུ་མ་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ་ཞེས་བཤད་པ་འཕགས་པ་ཀླུ་སྒྲུབ་ཀྱི་ཟབ་མོ་རྟོགས་པའི་བློའི་རྒྱ་མཚོ་ཤིན་ཏུ་རྒྱ་ཆེ་ལ་གཏིང་དཔག་པར་དཀའ་བའི་ངམ་གནག་པའི་ཁ་དོག་གིས་འཇིགས་པས། སེམས་ཙམ་དུ་སྨྲ་བ་ལ་སོགས་པའི་སྐྱེ་བོས་ཀླུ་སྒྲུབ་ཀྱི་ལུགས་བཟང་པོ་གང་དག་རྒྱང་རིང་དུ་སྤངས་མོད་ཀྱང་། དབུ་མའི་གཞུང་གི་ཚིག་ལེའུར་བྱས་པ་ཁ་འབུས་པའི་ཀུ་མུ་ད་ཁ་ཕྱེ་བའི་ཆུས་ཀུ་མུ་ད་ཁ་འབྱེད་བྱེད་ཟླ་བ་གྲགས་པ་ད་ལྟ་ཡིད་ལ་རེ་བ་རྣམས་སྐོང་བར་བྱེད་དོ། །གལ་ཏེ་དེ་ལྟ་ཡིན་ན་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤང་སམ་ཞེ་ན། དེ་སྐད་དུ་སྨྲའོ། །དེ་ལྟར་གསུངས་པ་ལ་དབྱིག་གཉེན་དང་ཕྱོགས་གླང་གི་གཞུང་རྩོད་མེད་རྣམས་


JLD016_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། རྣམ་པར་རིག་པ་ཙམ་གྱི་ལུགས་སུ་བཀྲལ་མོད་ཀྱང་། སློབ་དཔོན་དེ་དག་གི་བཞེད་པ་ཇི་ལྟར་ཡིན་པ་ནི་བདག་ཅག་འདྲ་བ་རྣམས་ཀྱིས་ཤིན་ཏུ་རྟོགས་པར་དཀའ་འོ། །ཡང་ཟབ་མོའི་དོན་འདི་སུ་ཞིག་གིས་རྟོགས་པར་འགྱུར་ཞེ་ན། དེ་ཁོ་ན་ཉིད་ཀྱི་དོན་ཟབ་མོ་སྔར་བཤད་ཟིན་པ་འཇིགས་སུ་རུང་བ་འདི་ནི་སྐྱེ་བོ་ཡིས། །སྔོན་ཚེ་རབས་གཞན་དུ་སྟོང་པ་ཉིད་ལ་ལྷག་པར་མོས་པའི་བག་ཆགས་གོམས་པ་ཉིད་ལས་ངེས་པར་རྟོགས་པར་འགྱུར་བ་སྣང་ངོ་། །འདིར་ནག་ཚོའི་འགྱུར་ལས། མུ་སྟེགས་ཀྱི་གཞུང་ལུགས་དམན་པར་གྱུར་པ་འདི་བདེན་པར་ལྟ་བ་ཅན་དག་ལས་ཀྱང་། རྒྱུའི་སྟོབས་ཀྱིས་སྟོང་པ་ཉིད་རྟོགས་པར་གྱུར་པ་མཐོང་བ་ཡིན་ནོ། །ཞེས་འབྱུང་བ་པ་ཚབ་ཀྱི་འགྱུར་ལས་ལེགས་པར་སྣང་ངོ་། །ཇི་ལྟར་གཞན་སྡེ་སྔོན་སེམས་རྒྱུད་ལ་སྟོང་ཉིད་ལ་ལྷག་པར་མོས་པའི་བག་ཆགས་མ་བཞག་པ་རྣམས་ཀྱིས་མངོན་པ་ནས་བཤད་པ་ལྟར་སྲིད་རྩེ་མ་གཏོགས་པའི་ཁམས་གསུམ་གྱི་ཉོན་མོངས་མངོན་གྱུར་རེ་ཞིག་སྤངས་ཤིང་། གྲུབ་པའི་མཐའ་གཞན་ཉེ་བར་སྦྱོར་ནུས་པར་མཐོང་ཡང་། སངས་རྒྱས་ཀྱིས་གསུངས་པའི་དོན་དམ་པ་སྟོང་པ་ཉིད་སྟོན་པ་ལ་ལྷག་པར་མོས་མི་ནུས་པ་དེ་བཞིན་དུ། སློབ་དཔོན་དེ་དག་ལ་གསུང་རབ་མང་དུ་གསན་པ་རྒྱ་ཆེ་པ་མངའ་བ་ཡིན་ཡང་། ཟབ་མོའི་དོན་འདི་ནི་གཞན་གྱིས་ཐུགས་སུ་ཆུད་པར་མི་འགྱུར་རོ། །དེའི་ཕྱིར་དབུ་མའི་ལུགས་ལས་གཞན་པའི་དོན་དམ་པ་སྟོན་


JLD016_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་ལུགས་སངས་རྒྱས་ཀྱི་དགོངས་པར་མ་སོང་བས་རང་གི་བློས་སྦྱར་བ་འདི་དག་མཐོང་བ་སྟེ་བལྟས་ནས། གང་ཟག་གི་བདག་ཏུ་བརྗོད་པ་སྟེ་དེ་གསལ་བར་བྱེད་པའི་གཞུང་ལུགས་རྣམས་ལ་བྱ་བ་ལྟར། སློབ་དཔོན་གཞན་གྱི་ལུགས་ཀྱི་བཞེད་པའི་གཞུང་དབུ་མའི་ལུགས་འདི་ལས་གཞན་པ་རྣམས་ལ་དགའ་བའི་བློ་དོར་བར་བྱ་བ་སྟེ། ལུགས་གཞན་རང་གི་བློས་སྦྱར་བ་ལ་ཡ་མཚན་པར་མི་བྱའི། རང་གི་སྟོང་པ་ཉིད་ཀྱི་ལྟ་བ་ལ་ལྷག་པར་མོས་པ་ཁོ་ན་ལ་ཡ་མཚན་པར་བྱའོ། །བཞི་པ་བསྟན་བཅོས་བརྩམས་པའི་དགེ་བ་བསྔོ་བ་ནི། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་ལུགས་བཟང་པོ་ལུང་དང་རིགས་པའི་ཚོགས་ཤིན་ཏུ་གསལ་བས། བསྙད་པ་སྟེ་བཤད་པ་ལས་བྱུང་བའི་བདག་གིས་ཕྱོགས་ཀྱི་མཐར་ཁྱབ་པའི་རྒྱ་ཆེ་བའི་བསོད་ནམས་བསགས་པ། ཡིད་ཀྱི་ནམ་མཁའི་ཉོན་མོངས་པའི་ཚོགས་ཀྱིས་སྔོ་ཞིང་གནག་པར་བྱས་པའི་དཀྱིལ་དུ། སྟོན་ཀའི་རྒྱུ་སྐར་ལྟར་ཤིན་ཏུ་དཀར་བའམ། རྩོམ་པ་པོའི་སེམས་ཀྱི་སྦྲུལ་ལ་སྟེ་གྱི་གདེངས་ཀའི་ནོར་བུ་དང་འདྲ་བ་གང་ཞིག་ཐོབ་པ་དེ་ཡི་མཐུས། སེམས་ཅན་གྱི་འཇིག་རྟེན་མ་ལུས་པས་ཟབ་མོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ནས། མྱུར་དུ་བདེ་བར་གཤེགས་པའི་ས་ཀུན་ཏུ་འོད་ཅེས་བྱ་བར་བགྲོད་པར་ཤོག་ཅིག །ནག་ཚོའི་འགྱུར་ལས། ཀླུ་སྒྲུབ་ལུགས་མཛེས་ཕྱོགས་སུ་གྲགས་པ་བརྗོད་ལས་ཐོབ་པའི་བསོད་ནམས་གང་། ཞེས་འབྱུང་ངོ་། །བཞི་པ་མཇུག་གི་དོན་ལ་གཉིས།


JLD016_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གང་གིས་མཛད་པ་དང་། ལོ་པཎ་གང་གིས་བསྒྱུར་བའོ། །དང་པོ་ནི། དབུ་མ་ལ་འཇུག་པ་ཀླུའི་ལུགས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ་ཡུལ་ས་མནྟར་སྐུ་འཁྲུངས་པའི་སློབ་དཔོན་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པ་རིག་པ་འཛིན་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པར་གྲགས་པ་ཐེག་པ་བླ་ན་མེད་པའི་མཆོག་ལ་ཐུགས་རང་ཏུ་གཞོལ་བ། མི་མཐུན་པའི་ཕྱོགས་ཀྱིས་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ཕུལ་དུ་བྱུང་བ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལ་འོ་མ་བཞོས་པས་སེམས་ཅན་གྱི་བདེན་པར་ཞེན་པ་ཟློག་པར་མཛད་པས་སྦྱར་བ་རྫོགས་སོ། །གཉིས་པ་ནི། ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་དཔུང་སྟེ་དབུས། རིན་ཆེན་སྦས་པའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་དཔལ་འཕགས་པ་ལྷའི་སྐུ་རིང་ལ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་སྟེ་ཐིག་ལེ་བུམ་པ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར། ཕྱིས་ར་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝ་རྨ་སྟེ་གསེར་གྱི་གོ་ཆ་དང་། ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་པའི་དཔེ་དང་གཏུགས་ཤིང་། ལེགས་པར་བཅོས་ནས་འཆད་ཉན་གྱིས་གཏན་ལ་ཕབ་པའོ། །འདིར་འགྲེལ་པའི་མཛད་བྱང་དང་། འགྱུར་བྱང་གི་སྟེང་ནས་ཐུན་མོང་བ་རྣམས་བཀོད་པ་ནི། རྩ་བ་ལོགས་སུ་བསྒྱུར་བ་དང་འགྲེལ་པའི་ནང་གི་རྩ་བ་གཉིས་སྦྱར་ནས་ཞུས་དག་བྱས་པའི་དབང་དུ་བྱས་པ་ཡིན་ནོ། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་མཆོག །ཟབ་མོ་དབུ་མ་


JLD016_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བྲལ་རྟེན་འབྱུང་ལམ། །མཐའ་གཉིས་སྤངས་ཏེ་སྟོན་པར་ལུང་བསྟན་བཞིན། །ཇི་བཞིན་འགྲེལ་མཛད་འཕགས་མཆོག་ཀླུ་སྒྲུབ་ཞབས། །དེ་ཡི་རིང་ལུགས་དམ་པ་འཕགས་པ་ལྷའི། །དགོངས་པ་འགྲེལ་བའི་མཁས་པའི་ལུགས་མང་ཡང་། །ཡོངས་རྫོགས་འགྲེལ་མཛད་དཔལ་ལྡན་སངས་རྒྱས་བསྐྱངས། །ཟླ་བའི་ཞབས་དང་ཞི་བ་ལྷ་ཡི་ལུགས། །གྲུབ་པའི་དབང་ཕྱུག་གསུམ་གྱི་བཞེད་པའི་སྒོ། །གཅིག་ཏུ་དྲིལ་ནས་གནད་རྣམས་མཐའ་ཆོད་པར། །ཚིག་ཟུར་ཕྱིན་པར་ལེགས་པར་བཤད་པ་ཡིས། །ཐལ་འགྱུར་ལུགས་མཆོག་དྲི་མ་མེད་པར་བྱས། །བྱང་ཕྱོགས་འདི་ན་ལུགས་འདིར་མོས་རྣམས་ཀྱང་། །ཤིན་ཏུ་ཕྲ་བའི་རིགས་ལམ་མི་བྱེད་ཅིང་། །ཟབ་མོའི་དོན་ལ་སྐལ་བ་དམན་པ་རྣམས། །རང་གིས་མ་རྟོགས་ལུགས་མཆོག་འདིར་སྨོད་པ། །མང་དུ་མཐོང་བའི་དྲི་མ་བསལ་ཕྱིར་དང་། །སྐལ་བཟང་འགའ་ལ་ཟབ་ལམ་གསལ་ཕྱིར་དང་། །བདག་ཀྱང་སྐྱེ་བ་ཀུན་ཏུ་ལམ་གྱི་མཆོག །འདི་དང་མི་འབྲལ་ཕྱིར་དུ་འབད་པ་བྱས། །དེར་ངལ་བ་ལས་བྱུང་བའི་དགེ་བ་ཡིས། །འགྲོ་ཀུན་ཟབ་མོའི་གནད་རྣམས་ཀུན་རྟོགས་ནས། །ཉིན་མཚན་ཀུན་ཏུ་སྒྲུབ་པ་ལྷུར་ལེན་པ། །རྟག་ཏུ་སྲས་བཅས་རྒྱལ་བ་མཉེས་བྱེད་ཤོག །ཅེས་དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་གསལ་ཞེས་བྱ་བ་འདི་ནི། དགེ་བའི་བཤེས་གཉེན་ལྷུ་ལ་དཀའ་བཅུ་པ་ལགས་པ་དཔལ་གྱིས་དངུལ་སྲང་བཞི་བཅུའི་མཎྜལ་ཕུལ་ཏེ་ནན་ཆེར་བསྐུལ་བ་དང་། གཞན་ཡང་དགེ་བའི་བཤེས་གཉེན་ཆོས་འདི་ལ་ཤིན་ཏུ་མོས་ཤིང་། དོན་རྟོགས་པའི་བློའི་ནུས་པ་མི་དམན་པ་མང་པོ་ཞིག་གིས་འགྲེལ་


JLD016_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀའ་གནད་རྣམས་ཀྱི་བཤད་པ་རྣམས་ཚང་བ། ཚིག་དོན་གསལ་ཞིང་སྤྱི་དོན་གྱི་མཐའ་གཅོད་པ་རྒྱས་པ་ཞིག་གྱིས་ཤིག་ཅེས་ནན་ཏན་གྱིས་བསྐུལ་བའི་དོན་དུ། དབུ་མ་ཆེན་པོའི་རྣལ་འབྱོར་པ་མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་པའི་གླིང་དུ་སྦྱར་བའོ། །ཨོཾ་སྭ་སྟི། ཐེག་གསུམ་དམ་པའི་ཆོས་སྒོ་འབྱེད་ནུས་པའི། །ཡང་སྙིང་ཐེག་མཆོག་གཟབ་མོའི་ལམ་བཟང་ཚལ། །ཡབ་རྗེ་རྒྱལ་བའི་གཙུག་ལག་འོད་སྣང་གིས། །ཁོང་ནས་འཛུམ་པའི་རྣམ་ཐར་འདི་ཀོ་རྨད། །ལེགས་སྤྱད་དཔག་ཡས་བསྐལ་མང་བསགས་པའི་འབྲས། །ལེགས་སྨོན་བཟང་པོའི་མཐུ་ནུས་དྲོད་གཤེར་ཀྱིས། །ལེགས་སྨིན་ཕུན་ཚོགས་སྙེ་མ་གཡུར་ཟ་བའི། །ལེགས་ཚོགས་བསོདས་ནམས་ཆེས་འཕགས་ཆོས་གྱི་རྗེ། །སྐལ་བཟང་བསོད་ནམས་ལྷག་བསམ་དག་པ་ཡིས། །དེང་ཚེ་དྲངས་སུམ་བརྒྱའི་མཐུས་པའི་རྐྱེན། །ལེགས་སྦྱར་མཐར་བྲལ་དབུ་མའི་ལམ་བཟང་པོ། །བསལ་མཛད་དགོངས་པ་རབ་གསལ་བར་དུ་བསྒྲུབས། །འདིར་འབད་དགེ་བའི་རླུང་གི་ཤིང་རྟའི་ཤུགས། །རྣམ་དག་ཐམས་ཅད་ཉི་ཟླའི་བགྲོད་པ་རུ། །དཔག་ཡས་ཐེག་མཆོག་མཁའ་ལ་རྗེས་སོན་པས། །རང་གཞན་གཏན་བདེའི་དཔལ་ལ་མངོན་སྤྱོད་ཤོག །སྐྱེས་པར་ཐོས་བསམ་སྒོམ་པའི་བསེར་བུ་ཡིས། །རང་བཞིན་བརྗོད་བྲལ་ངེས་པའི་ཡོད་དེ་ནི། །ལྷན་སྐྱེས་གཉུག་སེམས་མ་ལ་ཡ་ཀླུང་ནས། །དྲངས་པས་གཉིས་འཛིན་ཚ་གདུང་བཅིལ་བར་ཤོག །རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། ཞེས་འདི་ནི་མཁྱེན་སྤྱོད་ཡངས་པ་སྐུ་རྟེན་ཆོས་རྗེ་མཆོས་གནས་ལེགས་བཤད་འདི་པར་དུ་སྒྲུབ་སྐབས་པར་བྱང་སྨོན་ཚིག་ཏུ་གསོད་ཏོག་མཁན་གྱུར་ཡེ་ཤེས་མཁན་གྱུར་ཡེ་ཤེས་བསྟན་རྒྱ་མཚོས་བྲིས་པའོ། །སརྦ་མངྒ་ལཾ། །


previousཤོག་ལྷེབ་ ༥༠༡ ནས་ ༦༠༥ བར།next