Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  expand section
   
རྒྱལ་ཚབ་ཆོས་རྗེས་རྗེ་ལ་གསན་པའི་དབུ་མ་རྒྱན་གྱི་བརྗེད་བྱང་།
   
   
   
   
   
   


 
previousརྒྱལ་ཚབ་ཆོས་རྗེས་རྗེ་ལ་གསན་པའི་དབུ་མ་རྒྱན་གྱི་བརྗེད་བྱང་། next

རྒྱལ་ཚབ་ཆོས་རྗེས་རྗེ་ལ་གསན་པའི་དབུ་མ་རྒྱན་གྱི་བརྗེད་བྱང་།


JLD016_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཚབ་ཆོས་རྗེས་རྗེ་ལ་གསན་པའི་དབུ་མ་རྒྱན་གྱི་བརྗེད་བྱང་བཞུགས། །


JLD016_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བླ་དང་རྗེ་བཙུན་འཇམ་པའི་དབྱགས་ལ་ཕྱག་འཚལ་ལོ། །བདག་ཉིད་ཆེན་པོ་སློབ་དཔོན་ཞི་བ་འཚོས་མཛད་པའི་དབུ་མའི་རྒྱན་གྱི་ཚིག་ལེའུ་བྱས་པ་ལ་གསུམ། མཚན་གྱི་དོན་དང༌། བསྟན་བཅོས་ཀྱི་རང་བཞིན་རྒྱས་པར་བཤད་པ་དང༌། བཤད་པ་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ནི། གོ་སླའོ། །གཉིས་པ་ལ། དོན་དམ་པ་དངོས་པར་མེད་པར་བསྟན། ཀུན་རྫོབ་ཏུ་ཡོད་པར་བསྟན། དེ་ལ་ཀླན་ཀ་སྤང་བའོ། །དང་པོ་ལ། རྟགས་དགོད། ཚུལ་སྒྲུབ་པའོ། །དང་པོ་ནི། བདག་སོགས་བཞི་ལ། ཕྱི་ནང་གི་དངོས་པོ་འདི་དག་ཆོས་ཅན། རང་སྡེ་དང་གཞན་སྡེས་སྨྲས་པ་ལྟར་བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། མེ་ལོང་གི་གཟུགས་


JLD016_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་བཞིན། གཉིས་པ་ལ། ཕྱོགས་ཆོས་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ལ་བདེན་པའི་གཅིག་བྲལ་དང༌། དུ་བྲལ་སྒྲུབ་པའོ། །དང་པོ་ལ་ཁྱབ་པའི་གཅིག་དགག །མ་ཁྱབ་པའི་གཅིག་དགག་པའོ། །དང་པོ་ལ། རྟག་དངོས་གཅིག་བདེན་དགག །གང་ཟག་གཅིག་བདེན་དགག་པའོ། །དང་པོ་ལ། གཞན་སྡེས་བཏགས་པའི་རྟག་དངོས་དགག །རང་སྡེས་བཏགས་པའི་རྟག་དངོས་དགག་པའོ། །དང་པོ་ནི། འབྲས་སོགས་བཞི་ལ། ཐལ་འགྱུར་དུ་བྱེད་ན། གཙོ་བོ་ཆོས་ཅན། གཅིག་པུའི་བདག་ཉིད་དུ་བདེན་པ་མ་ཡིན་པར་ཐལ། འབྲས་བུ་སྔ་ཕྱི་རིམ་ཅན་དུ་མ་ལ་ཕན་པ་སྔ་ཕྱི་རིམ་ཅན་དུ་མ་ཉེ་བར་སྦྱོར་བའི་ཕྱིར། རང་རྒྱུད་དུ་བྱེད་ན། འབྲས་བུ་ཙམ་ཆོས་ཅན། ཅིག་ཅར་འབྱུང་བར་


JLD016_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། དངོས་རྒྱུ་ནུས་པ་ཐོགས་མེད་གཅིག་ལས་སྐྱེས་པའི་ཕྱིར། འདོད་ན་མངོན་སུམ་གྱིས་བསལ། དེ་ལྟར་ཐལ་བ་ལས། རྒྱུ་ཙམ་ཆོས་ཅན། གཅིག་ཏུ་བདེན་པ་མིན་ཏེ། འབྲས་བུ་སྔ་ཕྱི་དུ་མ་ལ་ཕན་པ་ཉེ་བར་སྦྱོར་བའི་ཕྱིར། དེས་ན། རྒྱུ་ཙམ་གཅིག་བདེན་པ་ཁེགས་པས། གཙོ་བོའང་གཅིག་ཏུ་བདེན་པ་ཁེགས་པ་ཡིན་ནོ། །དེའི་ཁྱབ་སྒྲུབ་ཕྱི་མ་གཉིས་ལ། གཙོ་བོ་གཅིག་ཏུ། བདེན་ཡང་འབྲས་བུ་སྔ་ཕྱི་ལ་ཕན་པ་ཉེ་བར་སྦྱོར་བ་མི་འགལ་ལོ་ཞེ་ན། གཙོ་བོ་ལ་འབྲས་བུ་སྔ་ཕྱི་རིམ་གྱིས་བསྐྱེད་པའི་ནུས་པ་ཡོད་དམ་མེད། མེད་ན། འབྲས་བུ་ཅིག་ཅར་དུ་བསྐྱེད་པར་ཐལ། འབྲས་བུ་བསྐྱེད་པ་གང་ཞིག །རིམ་གྱིས་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། ཡོད་ན་རྟག་པ་གཅིག་བདེན་ལས་ཉམས་པར་ཐལ། འབྲས་བུ་སྔ་ཕྱི་རེ་རེ་བསྐྱེད་པའི་ནུས་པ་མི་འདྲ་བ་དུ་མ་ཡོད་པའི་ཕྱིར། གཉིས་པ་ནི། སྒོམ་སོགས་རྐང་པ་ཉི་ཤུ་ལ། སྒོམ་བྱུང་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཤེས་པར་བྱ་བའི་འདུས་མ་བྱས་གསུམ་གཅིག་ཏུ་བདེན་པར་འདོད་པ་བྱེ་བྲག་སྨྲ་བའི་ལུགས་ལའང་འདུས་མ་བྱས་གསུམ་པོ་ནི་ཆོས་ཅན། གཅིག་ཏུ་བདེན་པ་མིན་པར་ཐལ། སྒོམ་བྱུང་གི་ཤེས་པ་སྔ་ཕྱི་རིམ་ཅན་དུ་མ་དང་ཡུལ་ཡུལ་ཅན་དུ་འབྲེལ་བའི་ཕྱིར། དེའི་ཁྱབ་སྒྲུབ་ལ། སྒོམ་བྱུང་གི་ཡེ་ཤེས་འཆོལ་བར་ཐལ་བ་དང༌། འདུས་མ་བྱས་གསུམ་ག་སྐད་ཅིག་མར་ཐལ་བའོ། །དང་པོ་ནི། རྣམ་ཤེས་སོགས་ལ། སྒོམ་བྱུང་གི་ཤེས་པ་སྔ་ཕྱི་རིམ་ཅན་དུ་མ་དང་ཡུལ་ཡུལ་ཅན་དུ་འབྲེལ་ཡང་གཅིག་ཏུ་བདེན་ནོ་


JLD016_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། འོན་སྒོམ་བྱུང་གི་ཤེས་པ་སྔ་མའི་ཡུལ་དུ་གྱུར་པའི་འདུས་མ་བྱས་གསུམ་སྒོམ་བྱུང་གི་ཤེས་པ་ཕྱི་མའི་དུས་ན་ཡོད་དམ་མེད། དང་པོ་ལྟར་ན། སྒོམ་བྱུང་གི་ཤེས་པ་སྔ་མ་དེ་ཕྱི་མའི་དུས་ན་ཡོད་པར་ཐལ། ཕྱོགས་སྔ་དེའི་ཕྱིར། སྒོམ་བྱུང་ཤེས་པ་ཕྱི་མའང་སྔ་མའི་དུས་ན་ཡོད་པར་ཐལ། ཕྱི་མའི་ཡུལ་དེ་སྔ་མའི་དུས་ན་ཡོད་པའི་ཕྱིར་རོ། །མ་ཁྱབ་ན། ཡུལ་ཤེས་དུས་མཉམ་པ་ཉམས་སོ། །གཉིས་པ་ལྟར་ན། སྔོ་སོགས་བཞི་ལ། འདུས་མ་བྱས་གསུམ་ཆོས་ཅན། སྐད་ཅིག་མར་ཐལ། སྔོན་གྱི་རང་བཞིན་དེ་ཕྱི་མའི་གནས་སྐབས་སུ་མི་འབྱུང་ཕྱི་མའི་རང་བཞིན་དེ་སྔོན་གྱི་གནས་སྐབས་སུ་མི་འབྱུང་བའི་དངོས་པོ་ཡིན་པའི་ཕྱིར། དཔེར་ན་སྒོམ་བྱུང་ཤེས་པ་བཞིན། ཡང་འདུས་མ་བྱས་ཕྱི་མ་རྣམས་ཆོས་ཅན། འདུས་བྱས་སུ་མི་འགྱུར་བར་ཐལ། འདུས་མ་བྱས་སྔ་མ་སྔ་མའི་མཐུ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །དཔེར་ན་སྒོམ་བྱུང་གི་སེམས་སེམས་བྱུང་བཞིན། རྟགས་མ་གྲུབ་ན། སྐད་ཅིག་སོགས་བཞི་ལ། དེ་ཆོས་ཅན། རང་དབང་དུ་འབྱུང་བར་ཐལ། རྒྱུ་གཞན་ལ་བལྟོས་མེད་དུ་འབྱུང་བའི་ཕྱིར། འདོད་ན། རྟག་ཏུ་འབྱུང་བར་ཐལ། རྒྱུ་ལོག་སྟོབས་ཀྱིས་མི་ལྡོག་པའི་དངོས་པོ་ཡིན་པའི་ཕྱིར། རྟག་ཏུ་མེད་པར་ཐལ། རྒྱུའི་རྗེས་སུ་མི་བྱེད་པའི་དངོས་པོ་ཡིན་པའི་ཕྱིར། གང་ཟག་གཅིག་བདེན་དགག་པ་ནི། སྐད་ཅིག་སྐད་ཅིག་སོགས་བཞི་ལ། གནས་མ་བུ་པའི་སྡེ་པ་ན་རེ། རྟག་མི་རྟག་གང་དུའང་བརྗོད་དུ་མེད་པའི་གང་ཟག་


JLD016_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བུ་བདེན་ནོ་ཞེ་ན། གང་ཟག་ཆོས་ཅན། བདེན་པའི་གཅིག་བྲལ་དུ་ཐལ། རྟག་པར་བརྗོད་དུ་མེད་པའི་ཕྱིར། བདེན་པའི་དུ་བྲལ་དུ་ཐལ། མི་རྟག་པར་བརྗོད་དུ་མེད་པའི་ཕྱིར། ཁྱབ་པར་ཐལ། རང་བཞིན་དུ་མ་མེད་པའི་དངོས་པོ་ཡིན་ན་གཅིག་ཡིན་པས་སོ། །རང་བཞིན་དུ་མའི་དངོས་པོ་ཡིན་ན་དུ་མ་ཡིན་དགོས་པའི་ཕྱིར། བསྡུ་ན། བདེན་པའི་གཅིག་དུ་བྲལ་དུ་ཐལ། རྟག་མི་རྟག་གང་དུའང་བརྗོད་དུ་མེད་པའི་ཕྱིར། ཁྱབ་པའི་ནམ་མཁའ་གཅིག་བདེན་དགག་པ་ནི། ཐ་དད་སོགས་གཉིས་ལན་ནམ་མཁའ་དང་དུས་ལ་སོགས་པ་རྣམས་ཆོས་ཅན། གཅིག་ཏུ་མི་བདེན་པར་ཐལ། ཤར་ལ་སོགས་པའི་ཕྱོགས་ཐ་དད་ན་ཡོད་པའི་ཕྱོགས་ཅན་ཤིང་ལ་སོགས་པ་རྣམས་དང་དུས་ཅིག་ཅར་དུ་འཕྲོད་འདུས་འབྲེལ་བའི་ཕྱིར། མ་ཁྱབ་པའི་གཅིག་བདེན་དགག་པ་ལ། ཕྱི་རོལ་གཅིག་བདེན་དགག །ཤེས་པ་གཅིག་བདེན་དགག་པའོ། །དང་པོ་ལ། རགས་པ་དང༌། རྡུལ་ཕྲན་གཅིག་བདེན་དགག་པ་དང༌། དེ་དག་གིས་གྲུབ་པའི་དོན་ནོ། །དང་པོ་ནི། སྒྲིབ་སོགས་གཉིས་ལ། བུམ་པ་ཆོས་ཅན། གཅིག་ཏུ་མི་བདེན་པར་ཐལ། སྒྲིབས་མ་སྒྲིབས་སོགས་རྫས་ལ་བརྟེན་པའི་འགལ་འདུ་ལ་སོགས་པ། གཡོ་མི་གཡོ་སོགས་བྱ་བ་ལ་བརྟེན་པའི་འགལ་འདུ། མཚོན་གྱིས་བསྒྱུར་མ་བསྒྱུར་སོགས་ཡོན་ཏན་ལ་བརྟེན་པའི་འགལ་འདུ་སོགས་གསུམ་དང་ལྡན་པའི་ཕྱིར། རྡུལ་ཕྲན་གཅིག་བདེན་དགག་པ་ནི། འབྱར་སོགས་བཅུ་གཉིས་ལ། ཕྱོགས་བཅུའི་དབུས་ན་གནས་པའི་རྡུལ་


JLD016_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་ཆོས་ཅན། ཤར་རྡུལ་དང་ཕྱོགས་གཞན་དགུའི་རྡུལ་གོ་ས་ཐ་དད་མེད་པར་ཐལ། ཁྱོད་ཀྱི་ཤར་ལ་བལྟ་བའི་ངོས་དེ་དང་ཁྱོད་ཕྱོགས་གཞན་དགུའི་རྡུལ་ལ་བལྟ་བའི་ངོས་གཅིག་ཡིན་པའི་ཕྱིར། འདོད་ན། སའི་དཀྱིལ་འཁོར་ལ་སོགས་པའི་རགས་པ་རྒྱས་པ་མི་སྲིད་པར་ཐལ། འདོད་པ་དེའི་ཕྱིར། བལྟ་བའི་ངོས་སོ་སོར་འདོད་ན། དེ་ཆོས་ཅན། ཆ་མེད་ཀྱི་གཅིག་མིན་པར་ཐལ། ཕྱོགས་བཅུའི་རྡུལ་ལ་བལྟ་བའི་ཁྱོད་ཀྱི་ངོས་མི་འདྲ་བ་བཅུ་ཡོད་པའི་ཕྱིར། གསུམ་པ་དེས་གྲུབ་པའི་དོན་ལ། རྟགས་དགོད་པ་དང༌། ཁྱབ་པ་སྒྲུབ་པ། དེའི་ཕྱིར་ཞེས་པ་རྐང་པ་བཞིས་སྟོན་ཏོ། །ཤེས་བྱ་ཆོས་ཅན། རང་སྡེས་སྨྲས་པའི་ཕུང་ཁམས་སྐྱེ་མཆེད་དང༌། གཞན་སྡེས་སྨྲས་པའི་ཡན་ལག་ཅན་གྱི་རྫས་ལ་སོགས་པ་བདེན་པའི་རང་བཞིན་མེད་པར་མངོན་ཞིང་གྲུབ་པ་ཡིན་ཏེ། རྡུལ་ཕྲན་བདེན་པའི་རང་བཞིན་མེད་པ་དེའི་ཕྱིར། ཁྱབ་པ་ཡོད་དེ། རང་སྡེས་གཟུགས་ཅན་པ་བཅུ་རྡུལ་ཕྲ་རབ་བསགས་པའི་རང་བཞིན་དུ་ཁས་བླངས་པའི་ཕྱིར། གཞན་གྱི་སྡེ་པས་ཡན་ལག་གི་རྫས་རྡུལ་ཕྲན་གྱིས་བརྩམས་ཤིང༌། གཟུགས་དྲི་ལ་སོགས་པ་དེའི་ཡོན་ཏན་དང༌། འདེགས་འཇོག་ལ་སོགས་པའི་ལས་དང༌། ཡོད་པ་ཉིད་ལ་སོགས་པའི་སྤྱི་ཆེན་པོ་དང༌། ཉི་ཚེ་བ་དང༌། སྔོན་པོ་ལ་སོགས་པ་ལ་ད་ལ་འདུ་བའི་ཁྱད་པར་རྣམས་རགས་པ་ཡན་ལག་གི་རྫས་ལ་འདུ་འབྲེལ་གྲུབ་པར་ཁས་བླངས་པའི་ཕྱིར།ཤེས་པ་གཅིག་བདེན་དགག་པ་ལ།


JLD016_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྡེ་དོན་སྨྲ་གཉིས་ཀྱི་ལུགས་དགག །ཕྱི་རོལ་པའི་ལུགས་དགག །རྣམ་རིག་པའི་ལུགས་དགག་པའོ། །དང་པོ་ལ། རྣམ་མེད་བྱེ་བྲག་སྨྲ་བའི་ལུགས་དགག །མདོ་སྡེ་པའི་ལུགས་དགག་པའོ། །དང་པོ་ལ་དོན་རིག་དང་རང་རིག་མི་མཚུངས་པར་བསྒྲུབ། དོན་སྨྲ་གཉིས་ཀྱི་ལུགས་མི་མཚུངས་པར་སྒྲུབ་པའོ། །དང་པོ་ལ། རང་རིག་འཐད་པར་སྒྲུབ་པ་དང༌། དོན་རིག་མི་འཐད་པར་སྒྲུབ་པའོ། །དང་པོ་ལ། ཐལ་བ་དགོད། ཁྱབ་པ་བསྒྲུབ། དོན་བསྡུ་བའོ། །དང་པོ་ནི། རྣམ་ཤེས་སོགས་བཞི་ལ། རྣམ་ཤེས་ཆོས་ཅན། རང་རིག་འཐད་པར་ཐལ། ཁྱོད་བེམ་པོའི་རང་བཞིན་ལས་ལོག་པར་སྐྱེས་པའི་ཕྱིར། ཁྱབ་པར་ཐལ། བེམ་པོ་མ་ཡིན་པའི་རང་བཞིན་གང་ཡིན་པའི་འཛིན་རྣམ་དེ་ཤེས་པ་དེའི་རང་རིག་ཡིན་པའི་ཕྱིར། ཁྱབ་བསྒྲུབ་པ་ན། གཅིག་སོགས་བཞི་ལ། དེ་ཆོས་ཅན། ཁྱོད་ཀྱི་རང་རིག་དེ་རིག་བྱ་རིག་བྱེད་རིག་པ་གསུམ་པོ་རྫས་ཐ་དད་པའི་ཚུལ་དུ་མེད་པར་ཐལ། ཁྱོད་རྫས་ཆ་ཤས་མེད་པའི་གཅིག་པའི་ཕྱིར། ཁྱབ་པར་ཐལ། རྫས་ཆ་ཤས་མེད་པའི་གཅིག་ལ་བྱ་བྱེད་རྫས་ཐ་དད་པ་གསུམ་མི་འཐད་པའི་ཕྱིར། དོན་བསྡུ་བ། དེ་ཕྱིར་སོགས་གཉིས་ལ། དེ་ཆོས་ཅན། རང་རིག་འཐད་པར་ཐལ། ཁྱོད་འཛིན་རྣམ་གྱི་རང་བཞིན་ཡིན་པའི་ཕྱིར། དོན་རིག་མི་འཐད་པ་ནི། དོན་སོགས་དྲུག་ལ། དོན་དངོས་སུ་མྱོང་བ་མི་འཐད་པར་ཐལ། དོན་ཤེས་རྫས་ཐ་དད་ཡིན་པའི་ཕྱིར། དེར་ཐལ། དོན་གྱི་རང་བཞིན་ཤེས་པ་ལ་མེད་ཤེས་པའི་རང་བཞིན་དོན་ལ་མེད་པའི་ཕྱིར།


JLD016_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་འཐད་པ་བཞིན་དོན་རིག་མི་འཐད་པར་ཐལ། དོན་ཤེས་འབྲེལ་མེད་རྫས་ཐ་དད་ཡིན་པའི་ཕྱིར། དོན་སྨྲ་གཉིས་ལུགས་མི་མཚུངས་པ་ལ། མདོ་སྡེ་པའི་ལུགས་ལ་དོན་བརྟགས་ནས་མྱོང་བ་འཐད། བྱེ་བྲག་སྨྲ་བའི་ལུགས་ལ་བརྟགས་ནས་མྱོང་བར་ཡང་མི་འཐད་པར་བསྟན་པའོ། །དང་པོ་ནི། ཤེས་སོགས་བཞི་ལ། མདོ་སྡེ་པའི་ལུགས་ལ་དོན་ཤེས་རྫས་ཐ་དད་ཀྱང་དོན་བརྟགས་ནས་མྱོང་བ་འཐད་པར་ཐལ། དོན་གྱི་རྣམ་པ་ཁས་བླངས་པའི་ཕྱིར། གཉིས་པ་ནི་དོན་སོགས་པ་ཞི་ལ། བྱེ་བྲག་སྨྲ་བའི་ལུགས་ལ་ཕྱི་རོལ་དོན་བརྟགས་ནས་མྱོང་བའི་རྣམ་པས་ཏེ་ཚུལ་འདིའང་མི་འཐད་པར་ཐལ། དོན་གྱིས་རྣམ་པ་མི་འདོད་པའི་ཕྱིར། མདོ་སྡེ་པའི་ལུགས་དགག་པ་ལ། སྣ་ཚོགས་གཉིས་མེད་པ། སྒོ་ང་ཕྱེད་ཚལ་བ། རྣམ་ཤེས་གྲངས་མཉམ་པའི་ལུགས་དགག་པའོ། །དང་པོ་ནི། ཤེས་སོགས་བཞི་ལ། ཤེས་པ་གཅིག་ལ་སྔོ་སེར་དཀར་དམར་སོགས་རྣམ་པ་དུ་མ་ཤར་བའི་ཚེ་རྣམ་པ་དེ་རྣམས་རྫས་ཐ་དད་མིན་པར་ཐལ། དེ་རྣམས་ཤེས་པ་ཆ་མེད་གཅིག་དང་ཐ་དད་མིན་པའི་ཕྱིར། འདོད་ན། དོན་གྱི་རྣམ་པར་ཤར་བའི་སྒོ་ནས་དོན་རྫས་ཐ་དད་དུ་གྲུབ་པར་བཞག་ཏུ་མི་རུང་བར་ཐལ། རྣམ་པ་དེ་རྣམས་རྫས་ཐ་དད་མིན་པའི་ཕྱིར། རྣམ་པ་སོགས་བཞི་ལ། ཁྲ་འཛིན་དབང་ཤེས་ཆོས་ཅན། གཅིག་ཏུ་མི་བདེན་པར་ཐལ། རྣམ་པ་དུ་མ་དང་རྫས་གཅིག་ཡིན་པའི་ཕྱིར། མ་ཁྱབ་ན། ཆོས་ཅན།


JLD016_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་དེ་རྣམས་དང་རྫས་གཅིག་ཏུ་མི་བདེན་པར་ཐལ། ཁྱོད་རྫས་གཅིག་ཡིན། རྣམ་པ་དེ་རྣམས་རྫས་དུ་མར་བདེན་པའི་ཕྱིར། གཉིས་པ་སྒོ་ང་ཕྱེད་ཚལ་བའི་ལུགས་དགག་པ་ལ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། དཀར་སོགས་བཞི་ལ། ཁོ་ན་རེ། ཁོ་བོ་ཅག་ལ་སྐྱོན་དེ་དག་མེད་དེ། ཤེས་པ་གཅིག་ལ་སྔོ་སེར་སོགས་ཀྱི་རྣམ་པ་དུ་མ་སྣང་བའི་ཚེ་དཀར་པོ་ལ་སོགས་པའི་རྣམ་པ་རྣམས་ཤེས་པ་ལ་རིམ་གྱི་སྣང་ཡང་འཇུག་པ་མགྱོགས་པའི་ཕྱིར། ཅིག་ཅར་དུ་སྣང་ངོ་སྙམ་དུ་འཁྲུལ་བ་ཡིན་ཏེ། དཔེར་ན་འགལ་མེ་རིམ་གྱི་འབྱུང་ཡང་ཅིག་ཅར་དུ་འཁྲུལ་བ་བཞིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་དོན་དགག །དཔེ་དགག་པའོ། །དང་པོ་ལ། ཡི་གེ་ལ་དམིགས་པའི་བློས་མ་ངེས། ཡིད་རྟོག་འབའ་ཞིག་ཡུལ་ལ་འཇུག་པས་མ་ངོས། བློ་ཀུན་གྱིས་མ་ངེས་པའོ། །དང་པོ་ནི། ལྕུགས་སོགས་བཞི་ལ། སར་ར་ས་ཞེས་བརྗོད་པའི་ཚེ། འབྲས་བུ་རོ་དག་མཚོ་གཉིས་ཅིག་ཅར་དུ་ཐོས་པར་འཁྲུལ་པ་སྐྱེ་བར་ཐལ། དེ་གཉིས་ཐོས་པ་ཆེས་མྱུར་བའི་ཕྱིར། འདོད་ན་མངོན་སུམ་གྱིས་བསལ། གཉིས་པ་ནི། ཡིད་སོགས་གཉིས་ལ། ཡིད་རྟོག་འགའ་ཞིག་ཡུལ་འཇུག་པའི་ཚེ། ཡུལ་ཅིག་ཅར་དུ་འཛིན་པའི་འཁྲུལ་པ་སྐྱེ་བར་ཐལ། ཡུལ་འཛིན་པ་ཆེས་མྱུར་བའི་ཕྱིར། གསུམ་པ་ནི། རིགས་སོགས་དྲུག་ལ། བློ་ཀུན་ཆོས་ཅན་ཡུལ་རིམ་གྱིས་འཛིན་པ་མི་ངེས་པར་ཅིག་ཅར་འཛིན་པ་འཁྲུལ་བར་ཐལ་ལོ། །ཡུལ་འཛིན་པ་ཆེས་མྱུར་བའི་ཕྱིར། དེར་ཐལ། སྐད་


JLD016_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ནོག་འདུག༽ཅིག་མ་ཡིན་པས་རིང་དུ་མི་གནས་པའི་ཕྱིར། དཔེར་ན་ཁྱོད་རང་འདོད་པའི་རྣམ་པ་རྣམས་བཞིན།གཉིས་པ་ལ། ཐལ་བ་དགོད། ཁྱབ་པ་སྒྲུབ་པའོ། །དང་པོ་ནི། མགལ་སོགས་བཞི་ལ། འགལ་མེ་ལ་འཁོར་ལོར་འཁྲུལ་བའི་བློ་འདི་ཆོས་ཅན། མཐོང་བ་རྟོག་མེད་ཤེས་པ་ཡིན་གྱི་སྔ་ཕྱི་མཚམས་སྦྱོར་པའི་བློ་མ་ཡིན་པར་ཐལ། ཡུལ་གསལ་བར་སྣང་བའི་ཕྱིར། གཉིས་པ་ནི། འདི་སོགས་བརྒྱད་ལ། མ་ཁྱབ་བོ་ཞེ་ན། དེ་ཁྱབ་པ་ཡོད་པར་ཐལ། སྔ་ཕྱི་མཚམས་སྦྱོར་བའི་བློ་ཡིན་ན་དྲན་པ་ཡིན་དགོས་པའི་ཕྱིར། རྟོག་མེད་ཤེས་པ་ཆོས་ཅན། སྔ་ཕྱི་མཚམས་སྦྱོར་བ་མིན་པར་ཐལ། ཡུལ་འདས་པ་མི་འཛིན་པའི་ཕྱིར། སྔ་ཕྱི་མཚམས་སྦྱོར་བའི་བློ་ཆོས་ཅན། ཡུལ་གསལ་བར་སྣང་བ་ཡིན་པར་ཐལ། ཡུལ་འདས་པ་འཛིན་པའི་ཕྱིར། མགལ་མེ་ལ་འཁོར་ལོར་འཁྲུལ་བའི་བློ་འདི་ཆོས་ཅན། སྔ་ཕྱི་མཚམས་སྦྱོར་བའི་བློ་མིན་པར་ཐལ། དེ་ཡིན་ན་ཡུལ་གསལ་བར་སྣང་མི་རིགས་པ་ལས་ཡུལ་གསལ་བར་སྣང་བའི་ཕྱིར། རྣམ་ཤེས་གྲངས་མཉམ་པ་དགག་པ་ལ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། རི་སོགས་བཞི་ལ། ཁོ་ན་རེ། རས་གཞི་ལ་སོགས་པའི་རིམ་མོ་རྐྱང་བ་མཐོང་བ་བཞིན། སྔོ་སེར་གྱི་རྣམ་པ་དུ་མ་སྣང་བའི་ཚེ། རྣམ་ཤེས་ཀྱང་དུ་མ་ཅིག་ཅར་དུ་འབྱུང་བས་ཁོ་བོ་ལ་སྐྱོན་དེ་དག་མེད་དོ། ཞེ་ན། གཉིས་པ་ལ། བློ་ཐམས་ཅད་དུ་མའི་རྣམ་པ་ཅན་དུ་བསྒྲུབ། ཆ་མེད་གཅིག་མི་སྲིད་པར་བསྟན་པའོ། །དང་པོ་


JLD016_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དེ་སོགས་བཞི་ལ། དཀར་པོའི་རྣམ་པ་གཅིག་པུ་ལ་དམིགས་པའི་ཤེས་པ་ཆོས་ཅན། དུ་མའི་རྣམ་པ་ཅན་དུ་ཐལ། དཀར་པོ་དེ་ལ་ལྷོ་ཤར་སོགས་ཐ་དད་ཀུ་མ་ཡོད་པའི་ཕྱིར། འདོད་ན། རྣམ་པ་གཅིག་ཁོ་ན་འཛིན་པའི་ཤེས་པ་མི་སྲིད་པར་འགྱུར་རོ། །གཉིས་པ་ནི། རྡུལ་སོགས་བརྒྱད་ལ། ཆ་མེད་གཅིག་ཏུ་བདེན་པ་མི་སྲིད་པར་ཐལ། དེར་དམིགས་རུང་མ་དམིགས་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། མིག་གི་རྣམ་ཤེས་སོགས་རྣམ་ཤེས་ལྔ་ནི་རྡུལ་ཕྲ་རབ་བསགས་པ་ལ་དམིགས་ཤིང༌། དེའི་རྗེས་སུ་འབྲང་བའི་ཡིད་ཤེས་ནི་དེ་དང་འདྲ་ལ་མི་འབྲང་བའི་ཡིད་རྣམས་སེམས་སེམས་བྱུང་ཚོགས་པ་ལ་དམིགས་པའི་ཕྱིར།ཕྱི་རོལ་པའི་ལུགས་དག་པ་ལ། སྤྱིར་དགག །སོ་སོར་དགག་པའོ། །དང་པོ་ནི། ཕྱི་སོགས་གཉིས་ལ། ཕྱ་རོལ་པའི་ལུགས་ལའང་ཡུལ་གཅིག་ཁོ་ན་འཛིན་པའི་བློ་མི་སྲིད་པར་ཐལ། བློ་ཐམས་ཅད་དུ་མའི་རྣམ་པ་ཅན་ཡིན་པའི་ཕྱིར། གཉིས་པ་ལ། ཕྱོགས་སྔ་དགག་པ་ལྔ་པའི་དང་པོ་ནི། ཡོན་ཏན་སོགས་ཉིས་ལ། བྱེ་བྲག་པ་དང་རིག་པ་ཅན་པའི་ལུགས་ལ་ཡུལ་གཅིག་ཁོ་ན་འཛིན་པའི་བློ་མི་སྲིད་པར་ཐལ། ཡན་ལག་ཅན་གྱི་རྫས་ལ་སོགས་པ་ཡོན་ཏན་དང༌། ལས་དང་། འདུ་བས་ཁྱད་པར་དུ་བྱས་ནས་འཛིན་དགོས་པའི་ཕྱིར། གཉིས་པ་ནི། ནོར་སོགས་བཞི་ལ། རྒྱལ་བ་པའམ་ཟད་བྱེད་པའི་ལུགས་ལ་དེ་མི་སྲིད་པར་ཐལ། དངོས་པོ་ཐམས་ཅད་ནོར་བུའི་གཟི་ལྟར་དུ་མར་བདེནཔའི་ཕྱིར། གསུམ་


JLD016_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ས་སོགས་བཞི་ལ། རྒྱད་པན་གྱི་ལུགས་ལའང་བསལ་བ་སྔ་མ་གཟུགས་སོགས། ཡུལ་དང་མིག་སོགས་དབང་པོ་ཀུན་འབྱུང་བཞི་འདུས་པའི་རང་བཞིན་དུ་ཁས་བླངས་པའི་ཕྱིར་དང༌། བཞི་པ་ནི། སྙིང་སོགས་བརྒྱད་ལ། གྲངས་ཅན་གྱི་ལུགས་ལའང་དེ་འཐད་པར་ཐལ། གཟུགས་སྒྲ་སོགས་དེ་ཙམ་ལྔ་པོ་རྡུལ་མུན་སྙིང་སྟོབས་གསུམ་གྱི་བདག་ནིད་དུ་གྱུར་པའི་ཡུལ་བློ་ལ་སྣང་བར་འདོད་པའི་ཕྱིར། མ་ཁྱབ་ཅེ་ན། དེ་ཙམ་ལྔ་འཛིན་པའི་ཤེས་པ་ཆོས་ཅན། ཡུལ་གྱི་གནས་ལུགས་ཇི་ལྟ་བ་བཞིན་འཛིན་པ་མིན་པར་ཐལ། ད་ཙམ་ལྔ་པོ་བདེ་སྡུག་བཏང་སྙོམས་གསུམ་གྱི་རང་བཞིན་དུ་བདེ་ན། ཁྱོད་ལ་ཡུལ་གཅིག་ཁོ་ནའི་རྣམ་པ་སྣང་བའི་ཕྱིར།ལྔ་པ་ནི། ཕྱི་སོགས་བཞི་ལ། རིག་བྱད་གསང་བའི་མཐར་སྨྲ་བའི་ལུགས་ལའང་དེར་ཐལ། ཡུལ་སྣ་ཚོགས་སྣང་བའི་ཤེས་པ་རགས་པ་ཡིན་པའི་ཕྱིར། མདོ་སྡེ་པའི་ལུགས་དགག་པ་ནི། རྣམ་སོགས་བཞི་ལ། འདུས་མ་བྱས་འཛིན་པའི་བློ་ཆོས་ཅན། ཡུལ་སྣ་ཚོགས་པའི་རྣམ་པ་ཅན་དུ་ཐལ། ཡི་གེའི་སྤྱི་སྟེ་སྒྲ་སྤྱི་དུ་མ་སྣང་བའི་ཕྱིར། རྣམ་སོགས་བརྒྱད་ལ། རྣམ་པ་སྣ་ཚོགས་མི་སྣང་བའི་ཤེས་པ་འགའ་ཞིག་ཡོད་ནའང་བདེན་པར་མ་གྲུབ་པར་ཐལ། བདེན་པར་གྲུབ་པ་ལ་རིགས་པས་གནོད་པའི་ཕྱིར། རྣམ་ཤེས་ཆོས་ཅན། གཅིག་པུའི་རང་བཞིན་དུ་མི་བདེན་པར་ཐལ། རྣམ་པ་སྣ་ཚོགས་སྣང་བའི་ཕྱིར། དཔེར་ན་རྣམ་


JLD016_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུ་མ་བཞིན། རྣམ་རིག་པ་དགག་པ་ལ། འདོད་པ་བརྗོད། བདེན་རྫུན་བརྟགས། དེ་དགག་པའོ། །དང་པོ་ནི། ཅི་སོགས་བཞི་ལ། ཇི་སྟེ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་དོན་སྣང་གི་བག་ཆགས་སྨིན་པས་སྤྲུལ་པས་ཏེ་བསྐྱེད་པའི་དོན་དུ་སྣང་བའང་དོན་མེད་བཞིན་དུ་དོན་དུ་སྣང་བ་སྒྱུ་མའི་རང་བཞིན་དང་འདྲའོ་ཞེས་ཟེར་རོ། །གཉིས་པ་ནི། དེ་སོགས་བཞི་ལ། ལྟ་བ་དེ་མདོ་སྡེ་པ་མན་ཆད་ཀྱི་མགོན་ཞེན་ངན་པ་མང་པོའི་གཉེན་པོ་བྱེད་པས་དེ་དགེ་བས་ཏེ་བཟང་པོ་ཡིན་ཡང༌། གཉིས་མེད་ཀྱི་ཤེས་པ་བདེན་ནམ། བརྫུན་པ་མ་བརྟགས་གཅིག་པུ་ཉམས་དགའ་བ་ཡིན། དང་པོ་ལྟར་ན། གསུམ་པ་ལ་གཉིས། རྣམ་བདེན་པ་དང༌། རྣམ་རྫུན་པའི་ལུགས་དགག་པའོ། །དང་པོ་ལ་གསུམ། སྒོ་ང་ཕྱེད་ཚལ་པ། རྣམ་ཤེས་གྲངས་མཉམ་པ། སྣ་ཚོགས་གཉིས་མེད་པའི་ལུགས་དགག་པའོ། །དང་པོ་ལ་ཐལ་བ་དགོད། འདོད་པ་ལ་གནོད་པ་བསྟན་པ། དོན་ཁས་བླངས་པ་ལའང་སྐྱོན་མཚུངས་པ་བསྟན་པའོ། །དང་པོ་ནི། གལ་སོགས་བཞི་ལ། རྣམ་ཤེས་དུ་མར་ཐལ། རྣམ་པ་དུ་མ་དང་གཅིག་ཏུ་བདེན་པའི་ཕྱིར་དང༌། རྣམ་པ་རྣམས་གཅིག་ཏུ་ཐལ། རྣམ་ཤེས་དང་རྫས་གཅིག་ཏུ་བདེན་པའི་ཕྱིར། ཁྱབ་པ་མེད་ན། དེ་གཉིས་རྫས་སོ་སོར་ཐལ། རྣམ་ཤེས་གཅིག་དང་རྣམ་པ་རྣམས་དུ་མར་བདེན་པའི་ཕྱིར། ཐལ་བར་འདོད་ན། གཉིས་པ་ནི། རྣམ་སོགས་བཞི་ལ་རྣམ་པ་གཅིག་གཡོ་བར་མཐོང་བའི་ཚེ་ཐམས་ཅད་གཡོ་བ་དང༌། གཅིག་སེར་


JLD016_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་ཐམས་ཅད་སེར་པོར་ཐལ། རྣམ་པ་རྣམས་གཅིག་ཡིན་པའི་ཕྱིར། གསུམ་པ་ནི། ཕྱི་སོགས་བཞི་ལ། དོན་ཁས་བླངས་པའི་ལུགས་ལའང་རྣམ་པ་རྣམས་གཅིག་ཏུ་མི་བདེན་པར་ཐལ། སྐྱོན་དེ་དག་བཟློག་ཏུ་མེད་པའི་ཕྱིར། གཉིས་པ་ནི། ཅི་སྟེ་སོགས་བཞི་ལ། མིག་གི་རྣམ་ཤེས་རིགས་མཐུན་དུ་མ་ཅིག་ཅར་དུ་མི་སྐྱེ་བར་ཐལ། རྡུལ་ཆ་མེད་དུ་མ་ཅིག་ཅར་ཚོགས་པ་ལ་བཀོད་པའི་སྐྱོན་དེ་མཚུངས་པའི་ཕྱིར། གསུམ་པ་ནི། གལ་སོགས་བརྒྱད་ལ། རྣམ་པ་སྣ་ཚོགས་པ་དེ་ཤེས་པ་གཅིག་གི་རང་བཞིན་དུ་བདེན་ནོ་ཞེ་ན། གཅེར་བུ་པ་རིག་བྱེད་གསང་བའི་མཐར་སྨྲ་བའི་ལུགས་ལྟར་ཡུལ་སྣ་ཚོགས་སྣང་བའི་ཤེས་པ་གཅིག་བདེན་འདོད་ན། རྣམ་པ་སྣ་ཚོགས་སྣང་ན་གཅིག་ཏུ་མི་བདེན་པས་ཁྱབ། རིན་པོ་ཆེ་སྣ་ཚོགས་པའི་ཕུང་པོ་བཞིན། ཤེས་པའང་རྣམ་པ་སྣ་ཚོགས་པ་སྣང་བ་ཡིན་ནོ། །རྣམ་པ་རྣམས་གཅིག་ཏུ་འདོད་ན། སྔོ་སེར་སོགས་རྣམ་པ་སྣ་ཚོགས་པའི་རྣམ་པ་སྣང་བ་དང༌། སྒྲིབས་མ་སྒྲིབས་ལ་སོགས་པའི་རྣམ་པ་ཐ་དད་པ་དུ་མ་སྣང་བ་འདི་མི་འཐད་པར་ཐལ། རྣམ་པ་སྣ་ཚོགས་པ་རྣམས་གཅིག་ཏུ་བདེན་པའི་ཕྱིར།རྣམ་རྫུན་པ་དགག་པ་ལ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །ཅི་སོགས་བཞི་ལ། ཁོ་ན་རེ། རྣམ་པ་རྫས་གཅིག་ཐ་དད་ལ་བཀོད་པའི་སྐྱོན་དེ། ཁོ་བོ་ལ་མེད། རྣམ་པ་འདི་རྣམ་པ་དངོས་པོར་མེད་བཞིན་དུ་སྣང་བ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལ། རྣམ་པ་མྱོང་བ་མི་འཐད་པར་ཐལ་བ།


JLD016_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ཤེས་པ་མི་འཐད་པར་ཐལ་བ་སོགས་བརྒྱད་ཡོད་པའི་དང་པོ་ནི། གལ་སོགས་བཞི་ལ། རྣམ་པ་ཆོས་ཅན། གསལ་བར་ཚོར་ཞིང་མྱོང་བ་མི་འཐད་པར་ཐལ། དངོས་པོར་མེད་པའི་ཕྱིར། ཁྱབ་པར་ཐལ། རྣམ་པའི་དངོས་པོ་ལས་ཐ་དད་པས་ཏེ་རྣམ་པས་དབེན་པའི་ཤེས་པ་མ་དམིགས་པའི་ཕྱིར། གཉིས་པ་ནི། འདི་སོགས་བཞི་ལ། ཤེས་པ་ཆོས་ཅན། རྣམ་པ་ཤེས་པ་མི་འཐད་པར་ཐལ། ཁྱོད་ལ་རྣམ་པ་མེད་པའི་ཕྱིར། དཔེར་ན། སྡུག་བསྔལ་ལ་བདེ་བ་དང༌། དཀར་པོ་ལ་སྔོན་པོ་མེད་པས་མི་ཤེས་པ་བཞིན་ནོ། །དངོས་སུ་མྱོང་བ་མི་འཐད་པ་ནི། རྣམ་སོགས་བཞི་ལ། རྣམ་པ་ཆོས་ཅན། དངོས་སུ་མྱོང་བ་མི་འཐད་པར་ཐལ། ཤེས་པའི་རྫས་མིན་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན། བརྟགས་མྱོང་མི་འཐད་པ་ནི། མེད་སོགས་བཞི་ལ། ཤེས་པ་ཆོས་ཅན། རྣམ་པ་བརྟགས་ནས་མྱོང་བ་མི་འཐད་པར་ཐལ། རྣམ་པ་ལ་ཁྱོད་རྣམ་ལྡན་དུ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར།དཔེར་ན། རྟ་རྒྱུ་བཞིན། ཁྱབ་པར་ཐལ། དངོས་པོར་མེད་ན་རང་སྣང་མཁན་གྱི་ཤེས་པ་བསྐྱེད་པའི་ནུས་པ་མེད་དགོས་པའི་ཕྱིར། ཤར་རྡུལ་ཉེ་བར་སྣང༌། ནུབ་རྡུལ་རིང་པར་གནས་པའི་ཤེས་པ་ཆོས་ཅན། ཤར་རྡུལ་ཉེར་བར་སྣང་བའི་ཆ་དེ་ནུབ་རྡུལ་རིང་བར་སྣང་བའི་ཆ་ཡིན་པར་ཐལ། ཤར་རྡུལ་ཉེ་བར་སྣང་བ་གང་ཞིག །ཁྱོད་ཆ་མེད་ཡིན་པའི་ཕྱིར། འདོད་ན། ཤར་རྡུལ་རིང་བར་སྣང་བར་ཐལ། དེའི་ཕྱིར། འདོད་ན་མངོན་སུམ་གྱིས་བསལ་ལོ། །རྣམ་ཤེས་འབྲེལ་མེད་དུ་ཐལ་བ་ནི།


JLD016_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གང་སོགས་བཞི་ལ། ཤེས་པ་མྱོང་བའི་ཚེ་རྣམ་པ་སྣ་ཚོགས་མྱོང་བར་མི་འཐད་པར་ཐལ། རྣམ་པ་དང་ཤེས་པ་འབྲེལ་བ་མེད་པའི་ཕྱིར། དེར་ཐལ། བདག་གཅིག་དེ་བྱུང་གི་འབྲེལ་པ་མེད་པའི་ཕྱིར། རེས་འགའ་བྱུང་བར་མི་འཐད་པར་ཐལ་བ་ནི། རྒྱུ་སོགས་བཞི་ལ། རྣམ་པ་རྣམས་ལ་རྒྱུ་ཡོད་དམ་མེད། མེད་ན། རྣམ་པ་ཆོས་ཅན། རེས་འགའ་འབྱུང་བ་མི་འཐད་པར་ཐལ། རྒྱུ་མེད་པའི་ཕྱིར། རྟགས་མ་གྲུབ་ན། གཞན་དབང་དུ་ཐལ། འཁྲུལ་པའི་རྒྱུ་ལས་སྐྱེས་པའི་ཕྱིར། འཛིན་རྣམ་འབའ་ཞིག་པར་ཐལ་བ་ནི། དེ་སོགས་བཞི་ལ། གཟུང་རྣམ་གྱིས་དབེན་པའོ་ཞེ་ན། ཤེས་པ་ཆོས་ཅན། གཟུང་རྣམ་མེད་པར་འཛིན་རྣམ་འབའ་ཞིག་པར་ཐལ། གཟུང་རྣམ་གྱིས་དབེན་པའི་ཤེས་པ་ཡིན་པའི་ཕྱིར། འདོད་ན། གཟུང་རྣམ་གྱིས་དབེན་པའི་ཤེལ་སྒོང་ལྟ་བུའི་འཛིན་རྣམ་མེད་པར་ཐལ། དམིགས་རུང་མ་དམིགས་པའི་ཕྱིར།གཞན་དབང་དུ་ཐལ་བ་ནི། འདི་སོགས་བཞི་ལ། ཁོ་ན་རེ། དོན་ལ་མེད་ཀྱང་འཁྲུལ་པའི་དབང་གིས་རྣམ་པ་སྣང་བ་ཡིན་ཞེ་ན། རྣམ་པ་ཆོས་ཅན། གཞན་དབང་དུ་ཐལ། འཁྲུལ་པ་ལ་རག་ལས་པ་སྟེ་འཁྲུལ་པའི་མཐུ་ལས་བྱུང་བའི་ཕྱིར། བདེན་པའི་དུ་བྲལ་སྒྲུབ་པ་ནི། དངོས་སོགས་བཞི་ལ། དངོས་པོ་ཆོས་ཅན། བདེན་པའི་དུ་མར་མ་གྲུབ་པར་ཐལ། བདེན་པའི་གཅིག་མེད་པའི་ཕྱིར། ཁྱབ་པ་སྒྲུབ་པ་ནི། གཅིག་སོགས་བཞི་ལ། བདེན་པའི་གཅིག་དང་


JLD016_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མར་མ་གྲུབ་ན་བདེན་པར་མེད་དགོས་པར་ཐལ། གཅིག་དང་དུ་མ་ལས་མ་གཏོགས་པའི་དངོས་པོ་མེད་པའི་ཕྱིར། དེར་ཐལ། གཅིག་དང་དུ་མ་གཉིས་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་དངོས་འགལ་ཡིན་པའི་ཕྱིར། ཀུན་རྫོབ་ཏུ་དངོས་པོ་ཡོད་པར་བསྟན་པ་ལ། དངོས་པོ་དང༌། ཀུན་རྫོབ་ཀྱི་ངོ་བོ་ངོས་བཟུང་འཁྲུལ་རྒྱུ་བདེན་པ་བཀག་པའོ། །དང་པོ་ནི། དེ་སོགས་བཞི་ལ། དངོས་པོ་འདི་དག་ཆོས་ཅན། རྫུན་པར་ཐལ། གཞི་གྲུབ། བདེན་པར་གྲུབ་པ་བཀག་ཟིན་པ་དེའི་ཕྱིར། ཕྱི་མ་གཉིས་ལ། དེ་ཆོས་ཅན། བདེན་པར་གྲུབ་པ་བདག་གིས་དགག་མི་རིགས་པར་ཐལ། བདེན་པར་ཚད་མས་གྲུབ་པའི་ཕྱིར། ཡང་ན་ཆེད་མས་དགག་མི་རིགས་པར་ཐལ། འདོད་པ་ཙམ་གྱིས་བཞག་པ་མ་ཡིན་པར་བདག་རྒྱུ་སྔ་མ་ལས་འབྱུང་བའི་ཕྱིར། གཉིས་པ་ནི། མ་སོགས་བཞི་ལ། མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་མི་བཟོད་པ་དང༌། སྐྱེ་འཇིགས་བྱེད་པ་དང༌། དོན་བྱེད་ནུས་པ་གསུམ་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་ཏེ། ཐ་སྙད་པའི་ཚད་མས་རྙེད་དོན་ཡིན་པའི་ཕྱིར། གསུམ་པ་ནི། བརྟགས་སོགས་བརྒྱད་ལ། བུམ་པ་སོགས་ལ་རྒྱུ་བདེན་པ་མེད་ན་མི་རུང༌། ཞེས་པ་དེས་ལེགས་པ་སྨྲས་པ་མིན་པར་ཐལ། རྒྱུ་བདེན་པ་མེད་ཀྱང་རིགས་འདྲ་སྔ་མ་ལས་འབྲས་བུ་ཕྱི་མ་འབྱུང་བའི་ཕྱིར། རྒྱུ་བདེན་པ་མི་སྲིད་པར་ཐལ། བདེན་པ་བཀག་ཟིན་པའི་ཕྱིར། དེ་ལ་ཀླན་སྤང་བ་ལ། མངོན་སུམ་དང་འགལ་བ་སྤང་བ་དང༌། ལུང་འགལ་


JLD016_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བ། དོན་དམ་པའི་བདེན་པ་བསྟན། དེ་ལ་རྩོད་པ་སྤང་བ། ཀུན་རྫོབ་ཀྱི་ངོ་བོ་ངོས་བཟུང་བ། ཐེག་པ་ཆེན་པོའི་ངོ་བོ་དེ་དང་གཞན་ལས་ཁྱད་འཕགས་ཚུལ། ལུགས་འདི་རྟོགས་ན་སྙིང་རྗེ་དང་དད་པ་སྐྱེ་བའི་རྒྱུ་མཚན་ནོ། །དང་པོ་ནི། དངོས་སོགས་བཞི་ལ། བདེན་པར་གྲུབ་པའི་དངོས་པོ་མེད་ན། མངོན་སུམ་དང་འགལ་ལོ་ཞེ་ན། བདེན་པ་བཀག་པས་མངོན་སུམ་དང་འགལ་བའི་སྐྱོན་མེད་པར་ཐལ། མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་ཀྱི་དངོས་པོ་བཀག་གི་ཐ་སྙད་པའི་ཚད་མས་རྙེད་དོན་མ་བཀག་པའི་ཕྱིར། ཇི་སྐད་བཤད་པའི་མངོན་སུམ་དང་འགལ་བ་ལ་སོགས་པའི་སྐྱོན་མེད་པར་ཐལ། ཡོད་པ་དང་མེད་པ་གཉིས་ཀ་གཉིས་མིན་སོགས་མཐའ་བཞི་པོ་བདེན་པར་ཁས་མ་བླངས་པའི་ཕྱིར། གཉིས་པ་ནི། དེ་ཕྱིར་སོགས་བཞི་ལ། ལུང་ལས་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པར་གསུངས་པ་ལ་རྒྱུ་མཚན་ཡོད་དེ། ཡང་དག་པར་གྲུབ་པའི་དངོས་པོ་མེད་པའི་ཕྱིར། གསུམ་པ་ནི། དམ་སོགས་བཅུ་གཉིས་ལ། མྱུ་གུ་བདེན་མེད་ཆོས་ཅན། རྣམ་གྲངས་པའི་དོན་དམ་བདེན་པར་ཐལ། རིགས་ཤེས་རྗེས་དཔག་གིས་རྙེད་དོན་གང་ཞིག །ཁྱོད་གོམས་པ་ལས་མཉམ་གཞག་མི་རྟོག་ཡེ་ཤེས་གསར་དུ་འབྱུང་བའི་ཕྱིར། དོན་དམ་པར་སྤྲོས་པ་ཀུན་ལས་གྲོལ་བར་ཐལ། དགག་བྱ་བདེན་སྐྱེ་མེད་པ་བཞིན་བདེན་པའི་སྐྱེ་མེད་ཀྱང་དོན་དམ་པར་མེད་པའི་ཕྱིར།


JLD016_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་མ་གྲུབ་ན། སྐྱེ་མེད་དོན་དམ་པར་མ་གྲུབ་པར་ཐལ། དགག་བྱ་བདེན་སྐྱེ་མེད་པའི་ཕྱིར། ཁྱབ་པར་ཐལ། བདེན་སྐྱེ་མེད་ན་མཉམ་གཞག་གི་གཟིགས་ངོར་དེ་བཀག་པའི་ཚིག་གི་སྒྲ་མི་སྦྱོར་བའི་ཕྱིར། དེར་ཐལ། དགག་གཞི་མེད་པ་ལ་དགག་སྒྲ་སྦྱོར་བ་མེད་པའི་ཕྱིར། རྟོག་བཏགས་ལ་དགག་སྒྲ་སྦྱོར་ཞེ་ན། དེ་ཆོས་ཅན། ཀུན་རྫོབ་པར་འགྱུར་གྱི་བདེན་པར་མ་གྲུབ་པར་ཐལ། དགག་བྱ་རྟོག་བཏགས་བཀག་པའི་བཀག་པ་ཡིན་པའི་ཕྱིར།རྩོད་སྤང་ལ། བླུན་པོས་སྟོང་ཉིད་མངོན་སུམ་དུ་རྟོགས་པར་ཐལ་བ་སྟོང་ཉིད་རྟོགས་པའི་གང་ཟག་མེད་པར་ཐལ་བ། སྒྲུབ་ངག་མེད་པར་ཐལ་བ། ལས་འབྲས་སོགས་མེད་པར་ཐལ་བའོ། །དང་པོ་ལ་རྩོད་པ་དང༌། ལན་ནོ། །དང་པོ་ནི། འོན་སོགས་བཞི་ལ། མི་མཁས་པ་གནག་རྫི་སོགས་ཀྱིས་ཀྱང་སྟོང་ཉིད་མངོན་སུམ་དུ་རྟོགས་པར་ཐལ། དངོས་པོ་མངོན་སུམ་དུ་རྟོགས་པ་གང་ཞིག །དངོས་པོ་ཐམས་ཅད་བདེན་མེད་ཀྱི་ངོར་སྐྱེས་པའི་ཕྱིར་ཞེ་ན། གཉིས་པ་ནི། མ་ཡིན་སོགས་བཞི་ལ། དངོས་པོ་བདེན་མེད་ཡིན་ཀྱང་གནག་རྫི་ལ་སོགས་པས་སྟོང་ཉིད་མངོན་སུམ་དུ་མི་རྟོགས་པའི་རྒྱུ་མཚན་ཡོད་དེ། ཐོག་མ་མེད་པ་ནས་དངོས་པོ་བདེན་པར་སྒྲོ་བཏགས་པའི་འཁྲུལ་པས་རྒྱུད་བསླད་པ་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན། སྟོང་ཉིད་རྟོགས་པའི་གང་ཟག་མེད་པར་འགྱུར་རོ། ཞེ་ན། དེ་སོགས་བཞི་ལ། བླུན་པོས་མི་རྟོགས་ཀྱང་སྟོང་ཉིད་རྟོགས་པའི་གང་ཟག་ཡོད་པར་ཐལ། ཚོགས་


JLD016_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཏན་ཚིགས་ཡང་དག་ལ་བརྟེན་ནས་རྟོགས། ས་ལ་གནས་པའི་སེམས་དཔའ་རྣམས་ཀྱིས་རྣལ་འབྱོར་མངོན་སུམ་གྱིས་གཟིགས་པའི་ཕྱིར།གསུམ་པ་ནི། གཞུང་སོགས་བཞི་ལ། དངོས་པོ་བདེན་པར་མེད་ཀྱང་རྟགས་སྦྱོར་སྒྲུབ་ངག་སོགས་མེད་པའི་སྐྱོན་མེད་པར་ཐལ། ཐུན་མོང་མ་ཡིན་པའི་གྲུབ་མཐའ་ལ་གྲགས་པའི་ཆོས་ཅན་སོགས་སྤངས་ནས་མཁས་པ་ནས་བྱིས་པའི་བར་ལ་གྲགས་པའི་དངོས་པོར་སྣད་ཙམ་འདི་ཆོས་ཅན་སོགས་སུ་འཇོག་པའི་ཕྱིར། དེ་མིན་ན་ཆོས་ཅན་གཞི་མ་གྲུབ་པས་ཕྱོགས་ཀྱི་སྐྱོན་དུ་འགྱུར་བ་སོགས་ལ་ལན་གདབ་མི་ནུས་པར་ཐལ། ཐུན་མོང་མིན་པའི་གྲུབ་མཐས་བརྟགས་པ་ཁོ་ན་ལ་བརྟགས་སྦྱོར་དོན་གསུམ་འཇོག་པའི་ཕྱིར། ཁོ་བོ་ལ་བསྒྲུབ་བྱ་སྒྲུབ་བྱེད་བཞག་ཏུ་མི་རུང་བའི་སྐྱོན་མེད་པར་ཐལ། མཁས་པ་ནས་བྱིས་པའི་བར་གྱི་རྟོག་མེད་ཤེས་པ་ལ་སྣང་བའི་དངོས་པོ་སྣང་ཙམ་འདི་མི་འགོག་པའི་ཕྱིར། ལས་འབྲས་མི་འཐད་པར་ཐལ་བ་ལ། སྐྱེ་བ་སྟ་ཕྱི་མི་འཐད་པར་ཐལ་བ། ཀུན་ཉོན་མི་འཐད་པར་ཐལ་བ། ཚོགས་རྫོགས་པ་མི་འཐད་པར་ཐལ་བའོ། །དང་པོ་ལ། རྟགས་དགོད། དེ་སྒྲུབ་པ། རྟག་ཆད་ཀྱི་སྐྱོན་མེད་པ། སྲིད་པ་ལས་ཐར་པ་སྲིད་པར་བསྟན་པའོ། །དང་པོ་ནི། དེ་སོགས་བཞི་ལ། སྐྱེས་མ་ཐག་གི་དངོས་པོ་མེད་པའི་རྟོག་པ་འདི་ཆོས་


JLD016_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། རིགས་འདྲ་སྔ་མ་སྔོན་དུ་སང་སྟེ། རིག་པ་ཡིན་པའི་ཕྱིར། འདོད་ཆགས་གོམས་པ་བཞིན། གཉིས་པ་ནི་འདི་སོགས་དགུ་ལ། དེ་ཆོས་ཅན། དོན་ཆ་མེད་ཀྱི་སྟོབས་ལས་མ་བྱུང་བར་ཐལ། དེ་མེད་པའི་ཕྱིར་དང༌། དངོས་པོ་བདེན་པ་བཀག་པའི་ཕྱིར། རྒྱུ་མེད་མིན་པར་ཐལ། རིམ་གྱིས་འགྱུར་བའི་ཕྱིར། ངོ་བོ་རྟག་པ་མིན་པར་ཐལ། རྟག་ཏུ་འབྱུང་བ་མ་ཡིན་པའི་ཕྱིར། དེས་ན་རིག་པ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། གསུམ་པ་ནི། དེ་སོགས་བཞི་ལ། དབུ་མའི་ལུགས་ལ་རྟག་ཆད་ཀྱི་སྐྱོན་མེད་པར་ཐལ། རྒྱུ་ལོག་རྗེས་སུ་འབྲས་བུ་ལྡོག་པས་རྟག་པ་དང༌། རྒྱུ་ལས་འབྲས་བུ་མི་འབྱུང་བས་ཆད་པའི་སྐྱོན་མེད་པའི་ཕྱིར། ས་བོན་ལས་མྱུ་གུ་འབྱུང་བ་བཞིན། བཞི་པ་ནི། ཆོས་སོགས་བཞི་ལ། བྱང་སེམས་འཕགས་པ་ཆོས་ཅན། བདེན་འཛིན་གྱི་རྒྱུ་ལས་བྱུང་བའི་ཉོན་མོངས་སྒྲིམ་མི་དགོས་པར་སྤོང་བར་འགྱུར་ཏེ། སྟོང་ཉིད་མཐོང་ཟིན་གོམས་པར་བྱེད་པའི་ཕྱིར།གཉིས་པ་ནི། རྒྱུ་སོགས་བཞི་ལ། ཀུན་ཉོན་བདེན་པ་བཀག་པས་འཁོར་འདས་ཀྱི་རྣམ་གཞག་འཁྲུགས་ཤིང་ཉམས་པའི་སྐྱོན་མེད་པར་ཐལ། རྒྱུ་འབྲས་ཀུན་རྫོབ་ཏུ་ཁས་བླངས་པའི་ཕྱིར། གསུམ་པ་ནི། འདི་སོགས་རྣམས་ལ། ཚོགས་དྲི་མེད་སོགས་པའང་ལུགས་འདི་ལ་མི་རུང་བར་ཐལ། རྒྱུ་འབྲས་བདེན་པ་བཀག་ནས་རྫུན་པ་འཇོག་པའི་ཕྱིར། སྟོང་ཉིད་ཀྱི་ལྟ་བས་ཀུན་ནས་བསླངས་པའི་བསོད་ནམས་ཆོས་ཅན། འབྲས་བུ་རྣམ་དག་ཏུ་འབྱུང་སྟེ། རྒྱུ་རྣམ་


JLD016_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡིན་པའི་ཕྱིར། འཇིག་རྟེན་པའི་ཡང་དག་པའི་ལྟ་བས་ཀུན་ནས་བསླངས་པའི་སྲོག་གཅོད་སྤོང་བའི་ཚུལ་ཁྲིམས་སོགས་བཞིན། བདེན་འཛིན་གྱིས་ཀུན་ནས་བསླངས་པའི་བསོད་ནམས་ཆོས་ཅན། ཆོས་རྟགས་གོ་ལྡོག །ལོག་ལྟའི་སྟོབས་ལས་བྱུང་བའི་འདོད་ལོག་བཞིན། སྟོང་ཉིད་ཀྱི་ལྟ་བས་ཀུན་ནས་མ་བསླངས་པའི་སྦྱིན་པ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་སྟོབས་ཆུང་སྟེ། ཁྱོད་རྒྱུ་ཕྱིན་ཅི་ལོག་ལས་བྱུང་བའི་ཕྱིར། བདག་དང་བདག་གིར་འཛིན་པ་ལས་འབྱུང་བའི་འབྲས་བུ་བཞིན། དེར་ཐལ། དངོས་པོར་བདེན་པར་གྲུབ་པ་ལ་ཚད་མས་གནོད་པའི་ཕྱིར། སྨིག་རྒྱུ་ལ་ཆུར་འཛིན་པ་བཞིན། སྟོང་ཉིད་ཀྱིས་ཀུན་ནས་བསླངས་པའི་སྦྱིན་པ་ཆོས་ཅན། འབྲས་བུ་རྣམ་དག་འབྱུང་སྟེ། རྒྱས་པའི་རྒྱུ་རྣམ་དག་ལས་འབྱུང་བའི་ཕྱིར།ས་བོན་གྲུང་པོའི་མྱུ་གུ་འབྱུང་བ་བཞིན། ཀུན་རྫོབ་པའི་ངོས་བཟུང་བ་ནི། རྒྱུ་སོགས་བརྒྱད་ལ། རྒྱུ་འབྲས་ཀྱིས་བསྡུས་པའི་ཆོས་འདི་རྣམས་ཆོས་ཅན། ཤེས་པའི་རྫས་ལས་གཞན་མིན་པར་ཐལ། མངོན་སུམ་ཚད་མས་ཉམས་སུ་མྱོང་བའི་ཚུལ་གྱིས་གྲུབ་པའི་ཕྱིར། ཁྱབ་པར་ཐལ། རྟགས་དེ་ཡིན་ན་ཤེས་པའི་རྫས་སུ་གནས་དགོས་པའི་ཕྱིར། དེ་ཆོས་ཅན། ཐ་སྙད་དུ་སེམས་ཙམ་གྱིས་བདག་ཉིད་དུ་ཤེས་པར་བྱ་སྟེ། ཕྱི་དོན་གྱིས་དབེན་པའི་ཕྱིར། དོན་དམ་པར་སེམས་ཙམ་དུ་མ་གྲུབ་སྟེ། དོན་དམ་པར་གཅིག་དང་དུ་མ་དང་


JLD016_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་ཕྱིར། ཐེག་ཆེན་གྱིས་ངོ་བོ་དང་གཞན་ལས་འཔགས་ཚུལ་ནི། ཚུལ་སོགས་བཅུ་གཉིས་ལ། ཚོགས་སྦྱོར་བའི་སེམས་དཔའ་ཆོས་ཅན། དེ་ཁོ་ན་ཉིད་ཀྱི་དོན་ཅན་གྱི་ཐེག་པ་ཆེན་པོ་པ་ཐོབ་པར་འགྱུར་ཏེ། ཐ་སྙད་ཙམ་དུ་སེམས་ཙམ་གྱི་ཚུལ་དང༌། དོན་དམ་པར་རང་བཞིན་མེད་པའི་ཚུལ་གཉིས་ཀྱི་ཤིང་རྟ་ལ་ཞོན། སྔར་བཤད་པའི་རིགས་པའི་སྲབ་སྐྱོགས་འཇུག་པར་བྱེད་པ་ཡིན་པའི་ཕྱིར། དུས་དཔག་མེད་འཁོར་བ་ཇི་སྲིད་དུ་འཆི་བ་མེད་པའི་གོ་འཕང་ལ་གནས་པའི་རྒྱུ་ཡང་དག་པའི་བདུད་རྩི་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཆོས་ཅན། ཁྱབ་འཇུག་དང་དབང་ཕྱུག་སོགས་ཀྱི་ཕྱི་རོལ་པ་ཐམས་ཅད་དང༌། འཇིག་རྟེན་གྱི་སྤྱི་པོ་ཉན་རང་དགྲ་བཅོམ་པ་རྣམས་ཀྱིས་ཀྱང་ཉམས་སུ་མི་མྱོང་བར་ཐལ། ཐུགས་རྗེ་དག་པའི་རྒྱུ་ཅན་གྱི་དེ་བཞིན་གཤེགས་པ་ཉག་གཅིག་གིས་རང་དབང་དུ་མངོན་སུམ་དུ་མྱོང་བའི་ཕྱིར། ལུགས་འདི་རྟོགས་ན་སྙིང་རྗེ་དང་དད་པ་སྐྱེ་བའི་རྒྱུ་མཚན་ནི། དེ་སོགས་བརྒྱད་ལ། ཚོགས་སྦྱོར་བའི་སེམས་དཔའ་དག་ཆོས་ཅན། ཕྱི་རོལ་པ་རྣམས་ལ་སྙིང་རྗེ་སྐྱེ་བའི་རྒྱུ་མཚན་ཡོད་དེ། དེ་དག་ཐར་ལམ་ཕྱིན་ཅི་ལོག་ཏུ་སྟོན་པའི་གྲུབ་མཐའ་ལ་འཆལ་ཞིང་གཞོལ་བར་མཐོང་བའི་ཕྱིར། བློ་གྲོས་ཀྱི་ནོར་དང་ལྡན་པའི་ཚོགས་སྦྱོར་ལ་གནས་པའི་བྱང་སེམས་ཆོས་ཅན། ཐུབ་པ་ལ་གུས་པ་ཆེན་པོ་སྐྱེ་བར་འགྱུར་ཏེ། ཐུབ་པའི་ལུགས་ལས་ལུགས་གཞན་ཐམས་ཅད་ཐར་ལམ་ལས་ཕྱིན་ཅི་ལོག་ཏུ་གྱུར་པས་སྙིང་པོ་མེད་པར་གཟིགས་


JLD016_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར།བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་ནི། བསྟན་བཅོས་འདི་སློབ་དཔོན་ཞི་བ་འཚོས་མཛད་ལ། དེའི་ཡོན་ཏན་ནི་བདག་དང་སོགས་སོ། །ངག་གི་དབང་ཕྱུག་ནི་རྗེ་བཙུན་འཇམ་པའི་དབྱངས་སོ། །ཟེ་འབྲུ་སྤྱི་བོས་ལེན་པ་ནི་དེ་ལ་དངོས་སུ་ཆོས་ཉན་པའོ། །མཁས་པའི་དབང་པོ་དཔལ་ལྡན་ཞི་བ་འཚོས། །ལེགས་པར་བཤད་པ་དབུ་མའི་རྒྱན་འདི་ལ། །བླ་མའི་གསུང་བཞིན་བརྗེད་བྱང་འདི་བྱས་པས། །འགྲོ་ཀུན་ཐེག་མཆོག་ལུགས་ལ་མཁས་པར་ཤོག །བདག་ཀྱང་དལ་བའི་རྟེན་བཟང་ཐོབ་གྱུར་ནས། །བཤེས་གཉེན་མཆོག་རྣམས་གུས་པས་བསྟེན་བྱེད་ཅིང༌། །ལྟ་ངན་ལོག་པའི་གཡང་ས་རབ་སྤངས་ནས། །མཁས་པའི་དབང་པོ་ཞི་འཚོ་འདྲ་བར་ཤོག །ཁམས་གསུམ་གྱི་བླ་མ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་གསུང་རྒྱལ་ཚབ་ཆོས་རྗེས་བརྗེད་བྱང་དུ་བྱས་པ་དགེ་བར་གྱུར་ཅིག །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་ནས་སྒོ་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །མངྒ་ལཾ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousརྒྱལ་ཚབ་ཆོས་རྗེས་རྗེ་ལ་གསན་པའི་དབུ་མ་རྒྱན་གྱི་བརྗེད་བྱང་། next