Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  expand section
   
   
མངོན་གསུམ་ལེའུའི་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་ཆོས་རྗེས་མཛད་པ།
   
   
   
   
   


 
previousམངོན་གསུམ་ལེའུའི་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་ཆོས་རྗེས་མཛད་པ། next

མངོན་གསུམ་ལེའུའི་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་ཆོས་རྗེས་མཛད་པ།


JLD016_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་གསུམ་ལེའུའི་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་ཆོས་རྗེས་མཛད་པ་བཞུགས་སོ། །


JLD016_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཇམ་པའི་དབྱངས་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དེ་ལྟར་ཚད་མ་སྤྱིའི་མཚན་ཉིད་བཤད་པའི་སྒོ་ནས་ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་ཚིགས་སུ་བཅད་པ་ཕྱེད་ལུགས་ལས་འབྱུང་བ་དང་ལུགས་ལས་ལྡོག་པར་རྣམ་པར་བཤད་པས་གྲོལ་བ་དོན་གཉེར་གྱིས་གཏན་ལ་དབབ་པར་བྱ་བའི་དགོས་པའི་གཙོ་བོ་ཐར་པ་དང་ཐམས་ཅད་མཁྱེན་པ་ལམ་དང་བཅས་པ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པའི་ལམ་ནས་དྲངས་ཏེ་མཐའ་གཞན་དུ་དོགས་པ་ལེགས་པར་བཅད་པའི་ཚུལ་གྱིས་རང་གི་སྟོན་པ་དང་དེའི་བསྟན་པ་ཁོ་ནར་འདོད་རྣམས་ཀྱི་སྟོན་པ་དང་ལམ་དང༌།


JLD016_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་དེ་ཉིད་སྒྲུབ་པར་བྱེད་པའི་འཕགས་པའི་གང་ཟག་དགེ་འདུན་དུ་ཚད་མས་ངེས་པའི་ཡིད་ཆེས་གཏིང་ཚུགས་པ་ཕས་ཀྱི་རྒོལ་བས་འཕྲོག་པར་མི་ནུས་པ་བསྐྱེད་པའི་ཐབས་བླ་ན་མེད་པ་ཚད་མ་གྲུབ་པའི་ལེའུ་བཤད་ཟིན་ནས། མཚན་ཉིད་དེ་ཉིད་གང་ལ་འཇུག་པའི་གཞི་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བའི་སྒོ་ནས་མཚན་ཉིད་གང་ལ་འཇུག་པའི་གཞི་གཏན་ལ་དབབ་པའི་ཆེད་དུ་མངོན་སུམ་གྱི་ལེའུ་འདི་གསུངས་སོ། །དེ་ལྟར་ན་ལོག་པར་རྟོག་པ་རྣམ་པ་བཞི་ནི་འདི་ལྟ་སྟེ། ཚད་མའི་གྲངས་དང༌། སྤྱོད་ཡུལ་དང༌། རང་གི་ངོ་བོ་དང༌། འབྲས་བུ་ལ་ལོག་པར་རྟོག་པའོ། །དེ་ལ་གྲངས་ལ་ལོག་པར་རྟོག་པའང་འདི་ལྟར། ཕུར་བུ་པའམ་རྒྱང་པན་པ་ནི་མངོན་


JLD016_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་གཅིག་པུ་ཚད་མ་ཡིན་གྱི་ཚད་མ་གཞན་མེད་དོ་ཞེས་ཟེར་རོ། །གྲངས་ཅན་པ་རྣམས་ནི་མངོན་སུམ་དང་རྗེས་དཔག་པ་དང༌། སྒྲ་ལས་བྱུང་བ་དང་ཚད་མ་གསུམ་ཁོ་ནའོ་ཞེས་ཟེར་རོ། །རིགས་པ་ཅན་པ་རྣམས་ནི་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཉེ་བར་འཇལ་བ་དང༌། སྒྲ་ལས་བྱུང་བ་དང༌། ཚད་མ་བཞི་ཁོ་ནའོ་ཞེས་ཟེར་རོ། །རྒྱལ་དཔོག་པ་རྣམས་ནི་བཞི་པོ་དེ་དག་དང༌། དོན་གྱི་གོ་བ་དང༌། དངོས་པོ་མེད་པ་དང༌། ཚད་མ་དྲུག་ཁོ་ནའོ་ཞེས་ཟེར་རོ། །ཙ་ར་ཀ་པ་ལ་སོགས་པ་ནི། རིགས་པ་དང༌། མི་དམིགས་པ་དང༌། སྲིད་པ་དང༌། ཞེས་གྲགས་པ་དང༌། སྙམ་སེམས་པ་ཞེས་བྱ་བ་ལ་སོགས་པ་ཚད་མ་གཞན་དག་ཀྱང་ཡོད་དོ་ཞེས་ཟེར་རོ། །རང་གི་སྡེ་པ་ཁ་ཅིག་ནི་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། དེ་གཉིས་སུ་མ་འདུས་པའི་ལུང་གི་ཚད་མ་དང་གསུམ་དུ་འདོད་ལ། དབུ་མ་པ་ཁ་ཅིག །མངོན་སུམ་དང༌། རྗེས་དཔག་དང༌། ལུང་གི་ཚད་མ་དང༌། ཉེར་འཇལ་དང་བཞིར་འཆད་ཀྱང༌། དེའི་ལུགས་ལ་མངོན་རྗེས་སུ་མ་འདུས་པའི་ཚད་མ་གཞན་འདོད་པ་ནི་མ་ཡིན་ནོ། །དེ་ལྟར་ཚད་མའི་མཚན་ཉིད་གང་ལ་འཇུག་པའི་གཞི་མངོན་རྗེས་གཉིས་ལས་གྲངས་མང་བ་དང་ཉུང་བར་ལོག་པར་རྟོག་པའང༌། ཚད་མའི་ཡུལ་ལ་ལོག་པར་རྟོག་པ་སེལ་བའི་ཐབས་ཀྱིས་ལེགས་པར་བསལ་ཏེ་ཚད་མ་དང་གཞལ་བྱའི་གྲངས་ངེས་བསྒྲུབས་པས་ཚད་མའི་མཚན་ཉིད་ཀྱང་རྣམ་པར་དག་པ་རྟོགས་པའི་ཐབས་


JLD016_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པའི་དོན་ནི། གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་ནས། དྲན་མིན་མ་ཡིན་འཁྲུལ་ཕྱིར་རོ། ཞེས་བྱ་བའི་བར་གྱིས་རྒྱས་པར་འཆད་དོ། །རང་གི་ངོ་བོ་ལ་ལོག་པར་རྟོག་པ་བསལ་བ་ལ་གཉིས་ལས། རྗེས་དཔག་གི་ངོ་བོ་ལ་ལོག་པར་རྟོག་པ་བསལ་བ་ནི་དགོས་པའི་དབང་གིས་ལེའུ་དང་པོར་བཤད་ཟིན་ལ། མངོན་སུམ་གྱི་ངོ་བོ་ལ་ལོག་པར་རྟོག་པ་བསལ་བ་ལ། གཞན་སྡེ་དུ་མ་ཞིག་གིས་གཟུགས་འཛིན་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་དབང་ཤེས་འདི་དག་ཡོད་པར་གྲུབ་ཀྱང་རྟོག་བཅས་སུ་སྒྲོ་འདོགས་པས་དེའི་ལོག་རྟོག་སེལ་བ། མངོན་སུམ་རྟོག་དང་བྲལ་བར་ནི། ཞེས་སོགས་དང༌།གཞན་སྡེ་མཐའ་དག་དང་རང་སྡེ་ཉན་ཐོས་སྡེ་པ་འགའ་ཞིག་ཀྱང་དབང་ཤེས་ལས་གཞན་པའི་ཡིད་ཀྱི་མངོན་སུམ་མེད་པར་ལོག་པར་རྟོག་པས་དེ་སེལ་བར་བྱེད་པ། སྔར་མྱོང་བ་ནི་འཛིན་པ་ན། ཞེས་སོགས་དང༌། རང་རིག་མངོན་སུམ་མེད་པར་འདོད་པ་ནི་རང་རིག་མངོན་སུམ་གྱི་ངོ་བོ་ལ་ལོག་པར་རྟོག་པ་ཡིན་ལ། དེ་ལའང་མུ་སྟེགས་བྱེ་བྲག་པ་དང་གྲངས་ཅན་པ་ལ་སོགས་པ་བདེ་སོགས་ཤེས་པ་མ་ཡིན་པའི་རྒྱུ་མཚན་གྱིས་རང་རིག་མེད་པར་འདོད་པ་དང་བྱེ་བྲག་སྨྲ་བ་ལ་སོགས་པ་ཤེས་པ་ཡིན་ཀྱང་ཡུལ་གྱི་རྣམ་པ་བློ་འཆར་བ་མེད་པའི་རྒྱུ་མཚན་གྱིས་རང་རིག་མེད་པར་འདོད་པ་གཉིས་ལས་ཕྱི་མ་འགོག་པ་ཚད་འབྲས་རྟོགས་པའི་གེགས་ཀྱི་ལོག་


JLD016_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་འགོག་པ་དང་བྱེད་པ་གཅིག་གིས་འགྲུབ་པའི་ཕྱིར་འོག་ཏུ་འཆད་ལ། སྔ་མ་འགོག་པ་ངོ་བོ་ལ་ལོག་རྟོག་སེལ་བའི་སྐབས་འདིར། བདེ་སོགས་བདག་ཉིད་གཞན་མི་བརྟེན། ཞེས་སོགས་ཀྱིས་འཆད་ཅིང༌། དཔྱོད་པ་པ་ལ་སོགས་པ་དག་སྐྱེས་བུ་ཐམས་ཅད་ཆགས་སོགས་དང་བཅས་པ་ཡིན་པས་དབང་པོ་ལས་འདས་པའི་དོན་མཐོང་བ་མེད་དོ་ཞེས་རྣལ་འབྱོར་མངོན་སུམ་ལ་སྐུར་པ་འདེབས་པའི་ལོག་པར་རྟོག་འགོག་པ། རྣལ་འབྱོར་ཤེས་པ་སྔར་བཤད་པ། ཞེས་སོགས་དང༌། ཀུན་ལས་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག་ལ་སོགས་པ། མངོན་སུམ་མ་ཡིན་པ་དག་ཀྱང་མངོན་སུམ་དུ་ལོག་པ་རྟོག་པ་བསལ་ཏེ། ཡང་དག་པའི་མངོན་སུམ་གྱི་གོལ་ས་རྟགས་པའི་ཆེད་དུ་མངོན་སུམ་ལྟར་སྣང་གཏན་ལ་འབེབས་པ། མངོན་སུམ་ལྟར་སྣང་རྣམ་པ་བཞི། ཞེས་པ་ལ་སོགས་པ་དང༌། ཚད་མ་གཏན་ལ་འབེབས་པའི་དགོས་པ་ནི་གང་ལ་བརྟེན་ནས་གཞལ་བྱ་རྟོགས་པའི་ཐབས་ལེགས་པར་ཤེས་ནས། དེ་ལ་བརྟེན་ཏེ་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་ཕྱིར་ཡིན་པས། ཚད་མས་གཞལ་བྱ་རྟོགས་ཚུལ་གྱི་འབྲས་བུ་ལ་ལོག་པར་རྟོག་པ་སེལ་བ་འཕྲོས་དང་བཅས་པ་ནི། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། ཞེས་པ་ནས། བསལ་ན་འགྲོ་འདི་བསལ་བར་འགྱུར། ཞེས་བྱ་བའི་མཐར་ཐུག་པ་སྟེ། འདི་དག་གི་ནང་གསེས་ཀྱི་བསྡུ་བ་ནི་རང་རང་གི་སྐབས་སུ་འཆད་པར་འགྱུར་རོ། །ད་ནི་གཞུང་གི་ཚོགས་དེ་


JLD016_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དག་གོ་རིམ་དེ་ལྟར་སྟོན་པའི་རྒྱུ་མཚན་བརྗོད་པར་བྱ་སྟེ། དེ་ཡང་ཚད་མ་དང་གཞལ་བྱའི་ཚུལ་ལོག་རྟོག་བསལ་བའི་སྒོ་ནས་ཁོང་དུ་ཆུད་ན། ཚད་མ་དེས་གཟལ་བྱ་རྟོགས་པར་གང་གི་སྒོ་ནས་འཇོག་པའི་ཚུལ་མི་ཤེས་ཏེ། དང་པོར་སྟ་རེ་དང་ཤིང་ཁོང་དུ་མ་ཆུད་པར་སྟ་རེས་ཤིང་གཅོད་པའི་ཚུལ་མི་རྟོགས་པ་བཞིན་ནོ། །དེས་ན་ཚད་མ་ཡུལ་དང་བཅས་པ་ལ་ལོག་རྟོག་སེལ་བའི་ཚུལ་སྔར་བསྟན་ནས་དེའི་མཇུག་ཏུ་ཚད་འབྲས་ལ་ལོག་རྟོག་སེལ་བ་གསུངས་སོ། །ཚད་མ་ལའང་དབྱེ་གཞིའི་ངོ་བོ་མ་ཤེས་པར་དབྱེ་བ་ཡང་དག་པར་མི་ཤེས་པས་དབྱེ་གཞི་ཚད་མའི་ངོ་བོ་སྔར་ཤེས་དགོས་པ་ལ། དེ་ནི་ལེའུ་གཉིས་པར་བཤད་ཟིན་ཏོ། །དབྱེ་བ་ལའང་དང་པོར་དབྱེ་བའི་གྲངས་ངེས་ཁོང་དུ་མ་ཆུད་པར་ཕྱེ་བ་སོ་སོའི་ངོ་བོ་མི་ཤེས་པས་གྲངས་ལ་ལོག་རྟོག་སེལ་བ་སྔར་བསྟན་ལ། ཚད་མའི་གྲངས་ནི་གཞལ་བྱའི་གྲངས་ལ་རག་ལས་པ་ཡིན་པས་ཡུལ་ལ་ལོག་རྟོག་བསལ་བའང་དེ་ཉིད་ཀྱི་སྐབས་སུ་བསྟན་པ་ཡིན་ནོ། །ཕྱེ་བ་སོ་སོའི་ངོ་བོ་ལའང་མངོན་རྗེས་གཉིས་ལས་རྗེས་དཔག་ནི་དགོས་པའི་དབང་གིས་ལེའུ་དང་པོར་བཤད་ཟིན་ལ། མངོན་སུམ་ལ་དངོས་བཏགས་གཉིས་ལས། བཤད་པར་བྱ་བ་མང་བ་ཉིད་ཀྱི་མཆོག་དམན་གྱི་རིམ་པར་ཡང་དག་སྔར་བསྟན་ཅིང་ལྟར་སྣང་ཕྱིས་བསྟན་ནོ། །ཡང་དག་ལ་སྐྱེ་འཕགས་ཐམས་ཅད་ཀྱི་


JLD016_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་བ་དང༌། འཕགས་པ་ཁོ་ནའི་མངོན་སུམ་གཉིས་ལས། བཤད་བྱ་མང་བ་དང༌། ཐུན་མོང་མ་ཡིན་པའི་ཚད་མ་སྐྱེ་བའི་སྔོན་དུ་ཐུན་མོང་གི་ཚད་མ་སྐྱེ་བ་འགྲོ་དགོས་པས་ཐུན་མོང་གི་མངོན་སུམ་སྔར་བསྟན་ལ། རྣལ་འབྱོར་མངོན་སུམ་ཕྱིས་བསྟན་ནོ། །ཐུན་མོང་བ་མངོན་སུམ་ལའང་རིག་བྱ་གཟུང་རྣམ་མ་ཤེས་པར་དེ་རིག་པའི་འཛིན་རྣམ་མི་ཤེས་པས་གཟུང་རྣམ་གྱི་ངོ་བོ་དབང་ཡིད་གཉིས་སྔར་བསྟན་ལ། འཛིན་རྣམ་གྱི་ངོ་བོ་རང་རིག་མངོན་སུམ་ཕྱིས་བསྟན་ནོ། །དབང་ཡིད་གཉིས་པོ་ནི། དབང་མངོན་དེ་མ་ཐག་རྐྱེན་དུ་བྱས་པ་ལས་ཡིད་མངོན་སྐྱེ་དགོས་པས་རྒྱུ་འབྲས་ཀྱི་རིམ་པ་བཞིན་བསྟན་པའོ། །དེ་དག་གི་གྲངས་ངེས་པ་ནི། སྤྱིར་སྒྲོ་འདོགས་བཅད་པར་བྱ་བའི་ཆོས་ཐམས་ཅད་རྟོགས་བྱ་གཞལ་བྱ། རྟོགས་བྱེད་ཚད་མ་དེས་དེ་རྟོགས་ཚུལ་གསུམ་དུ་གྲངས་ངེས་པས་ཚད་མ་དང༌། ཡུལ་དང༌། ཚད་འབྲས་ལ་ལོག་རྟོག་བསལ་གསུམ་དུ་གྲངས་ངེས་ལ། ཚད་མ་ལའང་དབྱེ་གཞི་དང་དབྱེ་བ་གཉིས་སུ་གྲངས་ངེས་ཤིང༌། དབྱེ་བ་ལའང་མངོན་རྗེས་གཉིས་སུ་གྲངས་ངེས་ལ། མངོན་སུམ་ལ་ཡང་དག་པ་དང་ལྟར་སྣང་གཉིས་ལས། ཡང་དག་ལ་སྐྱེ་འཕགས་ཐམས་ཅད་ཀྱི་ཚད་མ་དང༌། འཕགས་པ་ཁོ་ནའི་ཚད་མ་གཉིས་སུ་ངེས་ཤིང༌། དང་པོ་ལ་རང་རིག་གཞན་རིག་གཉིས་དང༌། གཞན་རིག་མངོན་སུམ་ལ་དབང་ཡིད་གཉིས་སུ་ངེས་པས་དེ་དག་ལ་ལོག་རྟོག་སེལ་བའི་གཞུང་


JLD016_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚོགས་འདི་དག་ལའང་གྲངས་མངས་པ་དང༌། ཉུངས་པའི་སྐྱོན་མེད་དོ། །ད་ནི་ལོག་པར་རྟོག་པ་བཞི་པོ་དེ་དག་ལས་ཚད་མའི་གྲངས་དང་ཡུལ་ལ་ལོག་པར་རྟོག་པ་སེལ་བའི་གཞུང་དག་གི་ཚིག་དོན་དང་སྤྱི་དོན་གྱི་དཀའ་བའི་གནད་དག་མཐའ་དཔྱད་པའི་སྒོ་ནས་ཅུང་ཟད་ཞིབ་པར་དབྱེ་བར་བྱ་སྟེ། དེའང་ཚད་མ་མདོར་དེ་ལ། མངོན་སུམ་དང་ནི་རྗེས་དཔག །ཚད་མ་དག་ནི་གཉིས་ཁོ་ན། སྟེ་གང་གི་ཕྱིར། མཚན་ཉིད་གཉིས་གཞལ་བྱ་རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་མཚན་ཉིད་གཞལ་བར་བྱ་བ་གཞན་ནི་མེད་དོ། །རང་གི་མཚན་ཉིད་ཀྱི་ཡུལ་ཡུལ་ཅན་ནི་མངོན་སུམ་ཡིན་ལ། སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནི་རྗེས་སུ་དཔག་པའོ་ཞེས་ཤེས་པར་བྱའོ། ཞེས་གསུངས་པ་གཞུང་འདིར་རྣམ་པར་འགྲེལ་པ་ཡིན་པ་ལ། ཇི་ལྟར་འགྲེལ་བའི་ཚུལ་ནི་མདོ་ཚིག་དེ་དག་གིས་དངོས་སུ་རང་སྤྱི་གཉིས་སུ་ངེས་པས་ཚད་མ་གཉིས་སུ་ངེས་པར་བསྒྲུབ་པ་ཙམ་ལས་མངོན་ལྐོག་གཉིས་སུ་ངེས་པས་ཚད་མ་གཉིས་སུ་ངེས་པར་བསྒྲུབ་པ་མི་གསལ་ཞིང༌། འདིའི་སྒྲ་ཟིན་ལ་བརྟེན་ནས་རྗེས་དཔག་ཚད་མ་དོན་རང་མཚན་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་ཚད་མར་འགྲོ་མི་སྲིད་པར་འཛིན་པའི་དོགས་པ་སྐྱེས་ན་སྐྱེས་བུའི་མངོན་མཐོ་ངེས་ལེགས་ཀྱི་དགོས་པ་བསྒྲུབ་པའི་འཇུག་ཡུལ་གྱི་གནད་ཕལ་ཆེ་བ་ཚད་མས་ངེས་པར་བྱར་མེད་པར་འགྱུར་བས། རྗེས་དཔག་ཚད་མ་བསྒྲུབ་པའི་


JLD016_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དོན་ཉམས་པར་འགྱུར་བར་དགོངས་ཏེ། །སློབ་དཔོན་གྱིས་མདོ་དེའི་དོན་དགོངས་པའི་གཏིང་ཕྱིན་པར་བླངས་ནས་རྒྱས་པར་འགྲེལ་བ་ན། རང་མཚན་དང་སྤྱི་མཚན་གྱི་ཡུལ་ཅན་དུ་དངོས་སུ་གསུངས་པ་དེ་ནི་གཟུང་ཡུལ་གྱི་དབང་དུ་མཛད་པ་ཡིན་ལ། དེའང་མངོན་སུམ་ཚད་མ་རང་མཚན་སྣང་ཡུལ་དུ་བྱས་ནས་གང་ལ་ཚད་མར་སོང་སའི་གཞལ་བྱ་ནི་རང་ལ་མངོན་དུ་གྱུར་པའི་དོན་དང༌། རྗེས་དཔག་ཚད་མ་སྤྱི་མཚན་གཟུང་ཡུལ་དུ་བྱས་ནས་གང་ལ་ཚད་མར་སོང་སའི་གཞལ་བྱ་ནི་རང་ལ་ལྐོག་ཏུ་གྱུར་པའི་དོན་ཡིན་པས། གཟུང་ཡུལ་གྱི་དབང་དུ་བྱས་ན་རང་སྤྱི་གཉིས་སུ་མེད་པ་དང༌། གང་ལ་ཚད་མར་སོང་སའི་དབང་དུ་བྱས་ན་མངོན་ལྐོག་གཉིས་སུ་ངེས་པས་ཚད་མ་གཉིས་སུ་ངེས་པ་ཡིན་ཞེས་བཤད་ནས་མདོའི་དོན་བཀྲལ་ཏེ་གཞལ་བྱ་གཉིས་ཕྱིར་ཞེས་སོགས་ཀྱིས་མདོ་ལས་དངོས་སུ་བསྟན་པ་གཟུང་ཡུལ་ལ་གཉིས་སུ་ངེས་པའི་རྟགས་ཀྱིས་བསྒྲུབ་ཚུལ་དང༌། གང་ལ་དོན་གྱི་ནུས་པ་ལས། ཞེས་སོགས་ཀྱིས་གང་ལ་ཚད་མར་སོང་ས་མངོན་ལྐོག་གཉིས་སུ་ངེས་པའི་རྟགས་ཀྱིས་བསྒྲུབ་ཚུལ་རྒྱས་པར་གསུངས་པ་ཡིན་ནོ། །སློབ་དཔོན་འདིས་དེ་ལྟར་དགོངས་དོན་ཤིན་ཏུ་རྒྱས་པར་ཕྱེ་བཞིན་དུ་ཡང༌། དབང་པོ་མཆོག་ཏུ་བརྟུལ་བས། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི། ཞེས་སོགས་ཀྱི་དོན་མངོན་སུམ་ཚད་མའི་གཞལ་བྱ་ཡིན་ན་རང་མཚན་ཡིན་པས་ཁྱབ་པ་དང་རྗེས་དཔག་ཚད་མའི་གཞལ་བྱ་ཡིན་


JLD016_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྤྱི་མཚན་ཡིན་པས་ཁྱབ་པར་མ་འཛིན་ཞིག །དེའང་རྗེས་དཔག་ཚད་མས་རང་གང་ལ་དངོས་ཀྱིས་ཚད་མར་སོང་བའི་གཞལ་བྱ་དེའི་དོན་སྤྱི་སྣང་ཡུལ་དུ་བྱས་ནས་གཞལ་བྱ་དེ་འཇལ་གྱི། དེ་ཉིད་སྣང་ཡུལ་དུ་བྱེད་མི་ནུས་པ་དང༌། མངོན་སུམ་ཚད་མ་རང་གང་ལ་དངོས་ཀྱི་ཚད་མར་སོང་བའི་གཞལ་བྱ་དེ་རང་གི་སྣང་ཡུལ་དུ་གྱུར་པའི་རང་མཚན་ཡིན་པས་ཁྱབ་པའི་དོན་ཡིན་ཞིང༌། དེའི་སྣང་ཡུལ་ཡིན་ན་དེ་ལ་མངོན་གྱུར་ཡིན་དགོས་པར་ལྷ་དབང་བློའི་འགྲེལ་པར་རྒལ་ལན་དང་བཅས་པས་གཏན་ལ་ཕབ་པའི་ཚུལ་འཆད་པར་འགྱུར་ལ། ཤེས་པ་དེ་ལ་མངོན་གྱུར་ཡིན་ན། ཤེས་པ་དེ་ལ་རང་གི་གཞལ་བྱ་མངོན་གྱུར་ཡིན་མི་དགོས་སོ། །མདོ་སེམས་གང་གི་དབང་དུ་བྱས་པ་སོགས་འཆད་པར་འགྱུར་རོ། །ད་ནི་གྲངས་དང་སྤྱོད་ཡུལ་ལ་ལོག་པར་རྟོག་པ་བསལ་བའི་གཞུང་གི་ཚོགས་ཀྱི་བསྡུ་པ་རགས་པ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ལ་གཞལ་བྱ་གཉས་ཕྱིར་ཚད་མ་གཉིས། ཞེས་བྱ་བས་ནི་ཡུལ་གྱི་དབྱེ་བས་ཚད་མའི་གྲངས་ངེས་བསྒྲུབ་པའི་རྩ་བའི་རྟགས་བཀོད་པ་ཡིན་ལ། རྟགས་དེའི་ཕྱོགས་ཆོས་སྒྲུབ་པ་ནི། བློ་ནི་ཡོད་དང་མེད་ཕྱིར་རོ། ཞེས་པའི་བར་རོ། །དོན་དམ་ཞེས་སོགས་ཤློ་ཀ་འདི་རྒྱན་གྱིས་བར་སྐབས་ཀྱི་ཚིགས་བཅད་དུ་བྱས་ལ། དེའི་དོན་ཡང་ཡ་མཱ་རིས་བཤད་པ་ལྟར་གྲངས་ངེས་བསྒྲུབ་པའི་ཞར་བྱུང་ལ་མདོ་སྡེ་པའི་བདེན་གཉིས་ཀྱི་རྣམ་གཞག་


JLD016_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྐབས་ཀྱི་ཚིགས་སུ་བཅད་པས་བཤད་པའི་དོན་ཏེ། རྒྱལ་བ་ཅན་ཀྱང་དོན་དེ་དང་འདྲ་བར་སྣང་ངོ༌། །ཉི་མ་སྦས་པས་དངོས་སུ་རིག་བྱེད་གསང་བའི་མཐའ་སྨྲ་བའི་རྩོད་ལན་ལ་སྦྱར་ཡང་རྩོད་པ་དེའང་གཞལ་བྱ་གཉིས་སུ་ངེས་པར་བསྒྲུབ་པའི་རྟགས་གོང་དུ་བཤད་པ་དག་གི་ཁྱབ་པ་ལ་རྩོད་པར་སྣང་བས། གཞུང་འདི་རྟགས་དེ་དག་གི་ཁྱབ་སྒྲུབ་ལ་སྦྱོར་བ་འགྲེལ་པ་དེའི་ལུགས་སོ། །ལྷ་དབང་བློས་དོན་བྱེད་པར་ནུས་པ་ལ་སོགས་པའི་མཚན་ཉིད་དེ་ཉིད་རང་གི་མཚན་ཉིད་ལ་སོགས་པ་ལ། དོན་དམ་དོན་བྱེད་ནུས་པ་གང༌། ཞེས་བྱ་བ་ལ་སོགས་པ་དང་སྦྱར་བར་བྱའོ། ཞེས་བཤད་པའི་དོན་ནི། དོན་བྱེད་ནུས་དང་མི་ནུས་ཕྱིར། ཞེས་སོགས་རྟགས་བཞི་བཀོད་པའི་དོན་བསྡུར་སྦྱོར་བ་ལ་ཤིན་ཏུ་གསལ་ཞིང༌། གཞུང་གི་དགོངས་པ་ལའང་ཤིན་ཏུ་འགྲིག་གོ །གལ་ཏེ་ཐམས་ཅད་ནུས་མེད་ན། ཞེས་བྱ་བ་ནས། དེ་ལྡོག་པ་ལ་བརྟེན་ཕྱིར་རོ། ཞེས་པའི་བར་ནི་དོན་དམ་ཞེས་སོགས་ཀྱིས་དོན་བྱེད་ནུས་པ་དོན་དམ་པར་ཡོད་པར་བཤད་པ་སོགས་ལ་རྩོད་པའི་ལན་ནོ། །དོན་བྱེད་ནུས་ན་རང་མཚན་དང་མི་ནུས་པའི་གཞལ་བྱ་ལ་སྤྱི་མཚན་གྱིས་ཁྱབ་པ་དེ་ཉིད་རྒྱས་པར་བསྒྲུབ་པ་ལ། ཐོག་མར་སྤྱི་མཚན་ཡིན་ན་དོན་བྱེད་མི་ནུས་པས་ཁྱབ་པར་བསྒྲུབ་པ་ནི། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། ཞེས་པ་ནས། ངོ་བོ་ལས་གཞན་སྣ་བ་མེད། ཅེས་པའི་བར་རོ། །དེ་ལ་ལྷ་དབང་བློས་གཞུང་དེ་དག་སྤྱི་མཚན་དངོས་


JLD016_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་བསྒྲུབ་པའི་རིགས་པའི་རྣམ་གྲངས་བརྒྱད་དུ་བྱས་ནས་འཆད་ལ། རྒྱན་རྗེས་འབྲང་དང་བཅས་པ་རིགས་པའི་རྣམ་གྲངས་བཞིར་བྱས་ནས་འཆད་དོ། །དེ་ཕྱིར་དེ་ནི་ཞེས་སོགས་ཤློ་ཀ་གཅིག་གིས་རིགས་པ་དེ་དག་གིས་གྲུབ་པའི་དོན་བསྡུ་བ་ཡིན་ལ། དེ་ལས་བཟློག་ནས་དོན་བྱེད་ནུས་པ་སོགས་ཡིན་ན་རང་མཚན་ཡིན་པས་ཁྱབ་པར་སྟོན་པ། ཇི་སྐད་བཤད་ལས་བཟློག་གང་ཡིན། ཞེས་པ་གཉིས་སོ། །སྤྱི་མཚན་དངོས་པོར་མེད་ཀྱང་རྟེན་གྱི་སྒོ་ནས་དབྱེ་བ་བྱེད་པའི་ཚུལ་སྟོན་པ། དངོས་དང་དངོས་མེད་གཉིས་ཀ་ལ། ཞེས་སོགས་སོ། །དེ་ལྟར་གཞལ་བྱ་གཉིས་པོ་དེའི་ནང་ནས་སྐྱེས་བུས་མངོན་པར་འདོད་པའི་དོན་བསྒྲུབ་པའི་དོན་བྱེད་པ་ནི་རང་མཚན་ཁོ་ན་ཡིན་ཞིང༌། ཚད་མ་གཉི་གའང་གཞལ་བྱ་རང་མཚན་གྱི་མཐར་ཐུག་པ་ཞིག་དགོས་པ་དང༌། དེ་ལྟ་ནའང་རྗེས་དཔག་ནི་ཡོངས་སུ་བཅད་པར་བྱ་བའི་གཞལ་བྱ་རང་མཚན་གྱིའང་ངོ་བོ་སྣང་ཡུལ་དུ་བྱེད་མི་ནུས་པར། དེའི་རང་གི་ངོ་བོ་ལས་གཞན་པའི་སྤྱིའི་ངོ་བོ་སྣང་ཡུལ་དུ་བྱས་ནས་སྣང་བཏགས་གཅིག་ཏུ་འཁྲུལ་བའི་སྒོ་ནས་གཞལ་བྱ་ཡོངས་སུ་གཅོད་ཅིང༌། མངོན་སུམ་ཚད་མས་རང་གིས་དངོས་སུ་གཅོད་པའི་གཞལ་བྱ་རང་མཚན་དེའི་རང་གི་ངོ་བོ་ཇི་ལྟར་གནས་པ་བཞིན་སྣང་ཡུལ་དུ་བྱས་པའི་སྒོ་ནས་གཞལ་བྱ་ཡོངས་སུ་གཅོད་པས། ཚད་མ་གཉིས་ལ་གཟུང་ཡུལ་གྱི་དབྱེ་བ་དེ་ལྟར་སོ་སོར་ངེས་པ་དེའི་ཕྱིར་བཟུང་ཡུལ་


JLD016_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་དུ་བྱས་ནས་གཞལ་བྱ་རང་སྤྱི་གཉིས་སུ་ངེས་པར་བཤད་པ་ཡིན་ནོ། ཞེས་བྱ་བ་རྩོད་སྤོང་དང་བཅས་པ། རང་གི་མཚན་ཉིད་གཅིག་གཞལ་བྱ། ཞེས་སོགས་ཀྱིས་བཤད་དེ། འདིས་གཞལ་བྱ་རང་སྤྱི་གཉིས་སུ་ངེས་པས་ཚད་མ་མངོན་རྗེས་གཉིས་སུ་ངེས་པར་བསྒྲུབ་པའི་དོན་ལེགས་པར་བཤད་པ་ཡིན་ནོ། །ཚད་མས་ཡོངས་སུ་བཅད་པར་བྱ་བའི་གཞལ་བྱའི་དབང་དུ་བྱས་ནའང་མངོན་ལྐོག་གཉིས་སུ་ངེས་པས་དེའི་སྒོ་ནས་ཀྱང་ཚད་མ་གཉིས་སུ་ངེས་པར་སྟོན་པ་དང༌། ཡོངས་སུ་གཅོད་པའི་གཞལ་བྱ་མངོན་ལྐོག་གཉིས་སོ་སོར་ངེས་པ་དེའི་སྒོ་ནས་ཚད་མ་མངོན་རྗེས་གཉིས་ཀྱི་མཚན་ཉིད་སོ་སོར་ཇི་ལྟར་འཇོག་པའི་ཚུལ་དང་བཅས་པ། གང་ལ་དོན་གྱི་ནུས་པ་ལ། ཞེས་པ་ནས། གསུམ་གཅིག་གྲངས་ནི་བསལ་བ་ཡིན། ཞེས་བྱ་བའི་བར་གྱིས་བཤད་ནས། དེ་ལྟར་བཤད་པ་དག་ལ་གྲངས་གཞན་འདོད་པ་དག་གིས་རྩོད་པ་སྤོང་བ་ནི། མེད་པ་གཞལ་བྱ་མ་ཡིན་ཕྱིར། ཞེས་པ་ནས། དྲན་མིན་མ་ཡིན་འཁྲུལ་ཕྱིར་རོ། ཞེས་བྱ་བའི་བར་གྱིས་འཆད་དོ། །དེ་ལྟར་བསྡུས་པའི་དོན་བརྗོད་ནས་གཞུང་གི་དོན་ལ་ཐོག་མར་གཞལ་བྱའི་གྲངས་ངེས་བསྒྲུབ་པའི་དོན་བཤད་པར་བྱའོ། །དེ་ལ་ཁ་ཅིག་ཚད་མ་མངོན་རྗེས་གཉིས་སུ་ངེས་པ་ལ་མངོན་རྗེས་གང་ཡང་མ་ཡིན་པའི་ཚད་མ་མེད་དགོས་པར་བཟུང་ནས། ཚད་མ་ཉིད་ཚད་མ་ཡིན་ཞིང་མངོན་རྗེས་གང་ཡང་མ་ཡིན་ན་ཚད་མའི་གྲངས་ངེས་འཇིག་པར་འདོད་པ་ནི་ཧ་ཅང་ཐལ་བ་སྟེ། ཁྱོད་


JLD016_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་འདིར་མ་ཟད། མངོན་སུམ་བཞིའི་གྲངས་ངེས་དང༌། ཕུང་པོ་ལྔའི་གྲངས་ངེས་སོགས་དུ་མ་ཞིག་ལ་དབྱེ་གཞི་ཁས་བླངས་ན་གྲངས་ངེས་བསྒྲུབ་ཏུ་མི་རུང་ཞིང༌། དབྱེ་བའི་གྲངས་ངེས་བསྒྲུབ་ན་དབྱེ་གཞི་ཁས་བླངས་པ་ཉིད་ཀྱིས་གྲངས་ངེས་དེ་འཇིག་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གྲངས་ངེས་གང་ཡང་བཞག་ཏུ་མེད་པར་འགྱུར་རོ། །དེས་ན་ཚད་མ་གཉིས་སུ་གྲངས་ངེས་པ་ལ་གཉིས་པོ་གང་ཡང་མ་ཡིན་པའི་ལྡོག་པ་ཕུང་གསུམ་པའི་ཚད་མ་མེད་མི་དགོས་སོ། །དེའང་སྤྱིར་རིགས་ཀྱི་གྲངས་ངེས་དང་དངོས་འགལ་གཅོད་པའི་གྲངས་ངེས་དང༌། ལོག་རྟོག་སེལ་བའི་དགོས་པ་ལ་བལྟོས་པའི་གྲངས་ངེས་སོགས་ཆུལ་མང་དུ་ཡོད་པ་ལས། འདིར་ནི་ཕྱི་མ་ཡིན་ལ། དེ་ལ་འདིར་གསལ་བྱའི་ལོག་རྟོག་ནི་གཉིས་ཏེ། ཚད་མ་མངོནསུམ་གཅིག་པུར་རྟོག་པ་དང༌། ཚད་མ་མངོན་རྗེས་གང་ལས་ཀྱང་དོན་གཞན་དུ་གྱུར་པའི་ཚད་མ་གསུམ་པ་ལ་སོགས་པ་ཡོད་པར་ལོག་པར་རྟོག་པའོ། །འདིར་ཚད་མའི་གྲངས་ངེས་བསྒྲུབས་པས་ལོག་རྟོག་དེ་གཉི་ག་སེལ་ཚུལ་ནི། ཚད་མ་གཉིས་སུ་གྲངས་ངེས་པར་གྲུབ་པས་རྗེས་དཔག་ཚད་མ་ཡོད་པར་གྲུབ་པའི་ཕྱིར་མངོན་སུམ་གཅིག་པུར་ལོག་པར་རྟོག་པ་སེལ། མངོན་སུམ་ལས་ཀྱང་དོན་གཞན་རྗེས་དཔག་ལས་ཀྱང་དོན་གཞན་པའི་ཚད་མ་ཕུང་པོ་གསུམ་པ་ཡོད་པ་མ་ཁེགས་ན་གྲངས་ངེས་ཉམས་པས་དེ་ཁེགས་དགོས་ཤིང༌། དེ་ཉིད་ཁེགས་པ་


JLD016_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ན་གྲངས་མང་པོར་རྟོག་པའི་ལོག་རྟོག་སེལ་ལོ། །དེའང་གྲངས་ངེས་འགྲུབ་པ་ལ་སྤྱིར་གཉིས་ཡིན་ཁེགས་དགོས་པའི་ངེས་་མེད་དེ་ཁམས་བཅོ་བརྒྱད་དུ་གྲངས་ངེས་བྱེད་ཀྱང༌། ཁམས་ལྷག་མ་བཅུ་བདུན་པོ་ཐམས་ཅད་ཆོས་ཀྱི་ཁམས་ཡིན་པའི་ཕྱིར་རོ། །དེ་ལ་སོགས་པ་མང་དུ་ཡོད་ཀྱང༌། འདིར་གཉིས་ཡིན་ཁེགས་པའང་དགོས་ལ་གཉིས་མ་ཡིན་འགོག་པ་ནི་ལོག་རྟོག་སེལ་བའི་གཙོ་བོ་ཡིན་ཞིང་དེའང་ལྡོག་པ་ལ་མ་ཡིན་གྱི་ངོ་བོ་ལ་ཡིན་ཏེ། མངོན་རྗེས་གང་ལས་ཀྱང་ངོ་བོ་ཐ་དད་པའི་ཚད་མ་མེད་པའི་དོན་ནོ། །དེས་ན་འདིར་མངོན་རྗེས་གང་ལས་ཀྱང་ངོ་བོ་ཐ་དད་པའི་ཚད་མ་བྱུང་ན་གྲངས་ངེས་འཇིག་པ་ཡིན་གྱི་དེ་གཉིས་གང་ཡང་མ་ཡིན་པའི་ལྡོག་པ་ཕུང་གསུམ་པ་ཚད་མའི་ལྡོག་པ་དང༌། ལྷ་སྤྱིན་གྱི་རྒྱུད་ཀྱི་ཚད་མ་མཆོད་སྦྱིན་གྱི་རྒྱུད་ཀྱི་ཚད་མ་ཞེས་སོགས་ཀྱིས་འདིའི་གྲངས་ངེས་འཇིག་པ་མ་ཡིན་པས་ཚུལ་དེ་ནི་བྱིས་པའི་ལོག་རྟོག་གོ །འདིར་དགེ་བའི་བཤེས་གཉེན་ཆ་པ་ན་རེ། མངོན་རྗེས་གཉིས་ངོ་བོ་ཐ་དད་དམ་གཅིག་པ་བཀག་པའི་ཐ་དད་དམ། ལྡོག་པ་ཐ་དད་གང་ཡིན་ཞེས་བརྟགས་ནས། ངོ་བོག་གཅིག་ལ་ལྡོག་པ་ཐ་དད་ཡིན་གྱི། དང་པོ་གཉིས་མ་ཡིན་ལ། ངོ་བོ་གཅིག་པའི་རྒྱུ་མཚན་རྗེས་དཔག་ཚད་མ་ཆོས་ཅན། མངོན་སུམ་དང་ངོ་བོ་གཅིག་པར་ཐལ། རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དང་ངོ་བོ་གཅིག་པའི་ཕྱིར། བྱེ་བྲག་དང་ངོ་བོ་གཅིག་ན་སྤྱི་དང་ངོ་བོ་གཅིག་དགོས་པས་ཁྱབ་པ་


JLD016_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པོ་ཞེས་ཟེར་རོ། །ངོ་བོ་ཐ་དད་དང་ལྡོག་པ་ཐ་དད་གང་ཡང་མ་ཡིན་པའི་གཅིག་པ་བཀག་པའི་ཐ་དད་ཅེས་བྱ་བ་སྔ་མ་དག་ཁས་ལེན་པ་ནི་མི་རིགས་པ་ཆེན་པོ་ཡིན་པར་གོང་དུ་བཤད་ཟིན་ལ། བུམ་པ་ཆོས་ཅན། བུམ་མ་ཡིན་དང་ངོ་བོ་གཅིག་ཡིན་པར་ཐལ། གཟུགས་ཕུང་དང་ངོ་བོ་གཅིག་པའི་ཕྱིར། མི་རྟག་པ་ཆོས་ཅན། རྟག་པ་དང་ངོ་གཅིག་པར་ཐལ། རང་ལ་བདག་རྣམ་པར་བཅད་པ་དང་ངོ་བོ་གཅིག་པའི་ཕྱིར་ཞེས་སོགས་དུ་མ་ཞིག་གིས་མ་ངེས་ཏེ་རྒྱུ་མཚན་མཆོག་ཏུ་རྩེང་བའོ། །དེའི་ཕྱིར་དེ་གཉིས་ངོ་བོ་གཅིག་ཏུ་མ་གྲུབ་བོ། །འདིར་རྩ་བའི་རྟགས་སྦྱོར་འགོད་པ་ནི་རྟགས་ཡང་དག་ཏུ་སོང་བའི་སྦྱོར་བ་འགོད་ཚུལ་དགོས་པས་དེ་ཇི་ལྟར་བྱེད་དཔྱད་པ་གལ་ཆེ་བ་ཡིན་གྱི། གང་རུང་རུང་གི་སྦྱོར་བ་ནི་བླུན་པོའི་འཇུག་པའོ། །དེ་ལ་ཕལ་ཆེ་བ་དག་ཚད་མ་མངོན་རྗེས་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར་ཞེས་ཟེར་རོ། །ཅི་འདི་རྟགས་ཡང་དག་ཏུ་སྨྲའམ། འོན་ཏེ་ལྟར་སྣང་ཡིན། ཕྱི་མ་ནི་ཁྱེད་རང་ཡང་མི་འདོད་དོ། །དང་པོ་ལྟར་ན་འདིའི་ཤེས་འདོད་ཆོས་ཅན་གང་ཡིན། ཤེས་བྱ་ཆོས་ཅན། ཚད་མ་གཉིས་པོ་དེར་ངེས་ཏེ་ཞེས་འགོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། སྒྲ་མི་རྟག་པ་ཡིན་ཏེ། ཞེས་སྒྲ་མི་རྟག་པར་བསྒྲུབ་པའི་སྦྱོར་བ་ལ་བཀོད་ན་ཅིར་འགྱུར།ཤེས་བྱ་ཙམ་སྒྲ་རྟག་མི་རྟག་རྩོད་པའི་སྐབས་ཀྱི་རྩོད་གཞི་ཆོས་ཅན་མིན་ལ། ཕྱོགས་བསྒྲུབ་བྱའི་ཆོས་སུ་བྱས་པས་རྟགས་ཡང་དག་


JLD016_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འགལ་ལོ་ཞེ་ན། སྔ་མ་ལའང་ཇི་ལྟ་བར་བརྗོད་པར་བྱ་སྟེ། ཚད་མ་གཉིས་སུ་ངེས་པ་སྐབས་འདིར་བསྒྲུབ་བྱ་མ་ཡིན་ནམ། འོན་ཏེ་ཚད་མ་ཆོས་ཅན། ཁྱོད་མངོན་རྗེས་གཉིས་སུ་གྲངས་ངེས་ཏེ། ཁྱོད་ཀྱི་གཞལ་བྱ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར་ཞེས་འགོད་དོ་ཞེ་ན། སྒྲ་ཆོས་ཅན་ཁྱོད་མི་རྟག་པ་ཡིན་ཏེ། ཁྱོད་བྱས་པ་ཡིན་པའི་ཕྱིར་ཞེས་བཀོད་ན་ཅིར་འགྱུར། ཁྱོད་ཅེས་པ་ཆོས་ཅན་སྒྲ་ལ་བྱ་དགོས་པས་སྒྲ་མི་རྟག་པ་བསྒྲུབ་བྱའི་ཆོས་སུ་བཟུང་བ་དང་དོན་འདྲའོ་ཞེ་ན། འདིར་ཡང་དེ་བཞིན་ཏེ། ཁྱོད་ཅེས་པ་ཚད་མ་ལ་བྱ་དགོས་པས་ཡང་ཕྱོགས་བསྒྲུབ་བྱའི་ཆོས་སུ་བྱས་པར་འགྱུར་རོ། །གཞུང་ལ་རང་གི་དམ་བཅའ་བསྒྲུབ་པའི་སྦྱོར་བ་དེ་ལྟར་བཀོད་ཀྱང་རྟགས་ཡང་དག་ཏུ་ཁས་ལེན་ཅི་དགོས་སྙམ་ན་ནི། རྟགས་སུ་བཀོད་པ་ལ་རྟགས་ཡང་དག་དང་ཡང་དག་མ་ཡིན་པ་གང་རུང་ཡིན་མི་དགོས་སོ་ཞེས་དངོས་འགལ་ལ་ཕུང་གསུམ་ཁས་ལེན་དགོས་པར་འགྱུར་ལ་རྩ་སྦྱོར་འདི་ལྟར་བཀོད་ཀྱང་རྟགས་ཡང་དག་མ་ཡིན་པས་ཁྱབ་པར་ཁས་བླངས་ནས། གཞུང་འོག་མ་དག་སྦྱོར་བ་འདིའི་ཕྱོགས་ཆོས་དང་ཁྱབ་པའི་ཚུལ་སྒྲུབ་པར་སྨྲས་ན་རང་ཚིག་འགལ་བ་དང༌། ཚུལ་གསུམ་ཚང་པའི་རྟགས་ཡིན་ཀྱང་རྟགས་ཡང་དག་མ་ཡིན་ནོ་ཞེས་སྨྲ་དགོས་པར་འགྱུར་ལ། ཐལ་སྦྱོར་དང་རྟགས་སྦྱོར་གང་ཡང་མ་ཡིན་པའི་སྦྱོར་བ་འགོད་ཚུལ་དང༌། རྟགས་སྦྱོར་ལ་རྟགས་ཡང་དག་དང་ལྟར་སྣང་གང་ཡང་མ་ཡིན་པའི་སྦྱོར་བ་འགོད་ཚུལ་དུ་སྦྱོར་བ་འགོད་པ་པོ་རང་ཉིད་ཀྱིས་ཁས་འཆེ་བ་བོད་མིན་


JLD016_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཕགས་ཡུལ་གྱི་ཕྱི་ནང་གི་རྟོག་གེ་པ་སུ་ལའང་མེད་དོ། །ཚད་མ་མངོན་རྗེས་གཉིས་སུ་གྲངས་ངེས་པར་བསྒྲུབ་པ་ལ། གཞལ་བྱ་རང་སྤྱི་གཉིས་སུ་གྲངས་ངེས་པ་བཀོད་པ་དེའི་ཕྱོགས་ཆོས་ཚད་མ་གང་གིས་འགྲུབ་པ་འཆད་པ་ན། སྔ་མ་དག་ཕལ་ཆེ་བ་ན་རེ་གློ་ལ་ཡུལ་གསལ་བར་སྣང་བ་དང་མི་གསལ་བར་སྣང་བ་སོགས་ཤུགས་ལ་རྟོགས་པའི་རང་རིག་མངོན་སུམ་གྱིས་དོན་འགྲུབ་པ་ཡིན་ལ། དེ་ལྟ་ནའང་དོན་བྱེད་ནུས་མི་ནུས་གཉིས་སུ་ངེས་པ་སོགས་ཀྱི་རྟགས་རྣམས་ནི་ཐ་སྙད་འབའ་ཞིག་སྒྲུབ་ཡིན་ནོ་ཞེས་ཟེར་རོ། །བརྟག་པར་བྱ་སྟེ་འདི་ལྟར་རང་སྤྱི་གཉིས་སུ་གྲངས་ངེས་པའི་དོན་རང་རིག་མངོན་སུམ་དེ་ལྟ་བུས་གྲུབ་ན་རང་སྤྱི་གཉིས་མ་ཡིན་གྱི་ཕུང་གསུམ་གྱི་དོན་གྱི་སྒྲོ་འདོགས་རང་རིག་དེ་དག་གིས་གཅོད་དགོས་ལ། དེ་ལྟར་ཡང་འདོད་ན་ཡུལ་གསལ་བར་སྣང་བའི་བློ་ཉམས་མྱོང་གི་རང་རིག་གིས་ཡུལ་མི་གསལ་བར་སྣང་བའི་བློའི་སྣང་བ་དངོས་ཤུགས་གང་ལའང་མ་གཞལ་ཞིང༌། དེ་མིན་གྱི་སྒྲོ་འདོགས་དངོས་ཤུགས་གང་ལའང་མ་བཅད་ལ། ཅིག་ཤོས་ཀྱིས་ཀྱང་དེ་འདྲ་ན་ཚུལ་ཇི་ལྟར་གཉིས་མིན་གྱི་ཕུང་གསུམ་གྱི་སྒྲོ་འདོགས་གཅོད་པར་བྱེད། རིགས་དེ་གཉིས་ཕན་ཚུན་བལྟོས་ནས་གཉི་གའི་བྱེད་པས་གཅོད་པར་བྱེད་དོ་ཞེ་ན། རང་རིག་དེ་གཉི་གའི་བྱེད་པས་ཀྱང༌། ཡུལ་གསལ་བར་སྣང་བ་དང་མི་གསལ་བར་སྣང་བའི་སྣང་ཚུལ་གཉིས་ཡོད་པར་ཤུགས་ལ་གྲུབ་ཅིང༌།


JLD016_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་པའི་སྒྲོ་འདོགས་གཅོད་པ་ཙམ་ཡིན་གྱི། གཉིས་པོ་དེ་མིན་པའི་སྣང་ཚུལ་ཕུང་གསུམ་པ་ཡོད་པའི་སྒྲོ་འདོགས་ཇི་ལྟར་གཅོད། དེ་གཅོད་ན་ནི་གྲངས་ཅན་སོགས་ཀྱི་རྒྱུད་ཀྱི་མངོན་སུམ་ཚད་མ་མྱོང་བའི་རང་རིག་མངོན་སུམ་དང་རྗེས་དཔག་ཚད་མ་མྱོང་བའི་རང་རིག་མངོན་སུམ་ཚད་མ་གཉིས་ཕན་ཚུན་བལྟོས་པའི་གཉི་གའི་བྱེད་པས་མངོན་རྗེས་མིན་པའི་ཚད་མ་ཕུང་གསུམ་པ་ཡོད་པའི་དོན་གྱི་སྒྲོ་འདོགས་གཅོད་དགོས་པར་རྣམ་པ་ཀུན་ཏུ་མཚུངས་སོ། །དེ་བཞིན་དུ་རྒྱང་པན་གྱིས་ཀྱང་ལ་མགོར་དུ་བ་འཕྱུང་པ་རྒྱང་ནས་མཐོང་བ་དེ་ལས་ལ་མགོར་མེ་ཡོད་པར་གསར་དུ་རྟོགས་པའི་བློ་སྐྱེས་པ་དེ་ལ་ཁོ་རང་གིས་རྗེས་དཔག་གི་ཐ་སྙད་མ་ཐོགས་ཀྱང་རྗེས་དཔག་ཚད་མ་ཡིན་ཞིང༌། དེ་མྱོང་རང་རིག་མངོན་སུམ་ཚད་མས་ཀྱང་ཚད་མ་མངོན་སུམ་གཅིག་པུ་ཡིན་པའི་དོན་གྱི་སྒྲ་འདོགས་ཤུགས་ལ་གཅོད་དགོས་པར་མཚུངས་པས། ཚད་མའི་གྲངས་དང་ཡུལ་ལ་ལོག་པར་རྟོག་པའི་དོན་གྱི་སྒྲོ་འདོགས་ཐམས་ཅད་རང་རིག་མངོན་སུམ་གྱིས་བཅད་པར་འགྱུར་ལ། དེ་ནི་ལེགས་པར་བརྟགས་ན་གཞན་རྣམས་ལའང་མཚུངས་པས། མངོན་སུམ་གྱི་མཚན་ཉིད་འབྲས་བུ་ལོག་པར་རྟོག་པ་སྟེ་མངོན་སུམ་ལེའུས་བསལ་བར་བྱ་བའི་ལོག་རྟོག་བཞི་གའི་དོན་གྱི་སྒྲོ་འདོགས་རང་རིག་མངོན་སུམ་གྱིས་བཅད་ཟིན་པར་ཐལ་བས། རྟགས་ཡང་དག་ཡིན་ན་ཐ་སྙད་འབའ་ཞིག་བསྒྲུབ་པས་ཁྱབ་པར་སྨྲ་དགོས་པ་ལ་ཐུག་པར་འགྱུར་རོ། །རྒྱང་པན་གྱི་རྒྱུད་ལ་རྗེས་དཔག་ཚད་མ་མེད་ན་གྲངས་ཅན་དང་བྱེ་བྲག་པའི་རྒྱུད་ལ་ཤེས་པ་བདེ་སྡུག་གང་ཡང་མེད་པར་འགྱུར་བས་


JLD016_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྨྲ་བ་ནི་བླུན་པོའི་གཏམ་མོ། །རང་རིག་གཉིས་པོ་དེས་སྣང་ཚུལ་གཉིས་ཡོད་པར་ཤུགས་ལ་གྲུབ་ཅིང༌། སྣང་ཚུལ་གཉིས་པོ་དེ་གང་ཡང་མ་ཡིན་པའི་ཡུལ་སྣང་ཚུལ་ནམ་ཡང་མ་དམིགས་པས་གཉིས་མ་ཡིན་གྱི་ཕུང་གསུམ་མེད་པར་གྲུབ་བོ་ཞེ་ན། དེ་ལྟར་ན་སྣང་ཚུལ་གཉིས་མ་ཡིན་གྱི་ཕུང་གསུམ་མ་དམིགས་པའི་རྟགས་ལས་མེད་པར་གྲུབ་པ་གསལ་བར་སྨྲས་ཀྱི་རང་རིག་གིས་གཉིས་མིན་གྱི་ཕུང་གསུམ་མེད་པར་གྲུབ་པར་ག་ལ་འགྱུར། གཉིས་མིན་གྱི་ཕུང་གསུམ་ཡོད་པའི་སྒྲོ་འདོགས་རང་རིག་གིས་མ་བཅད་པར་གཉིས་སུ་གྲངས་ངེས་པ་རང་རིག་གིས་འགྲུབ་པའི་གོ་སྐབས་ག་ལ་ཡོད་དེའི་ཕྱིར་རི་བོང་གི་ཅལ་ཙམ་དུ་ཟད་དོ། །དེ་ལ་འདིར་ཁོ་ནའི་ཚིག་དངོས་སུ་མེད་ཀྱང་ཁོང་ན་གནས་པ་ཡིན་ཏེ། རྣམ་ངེས་སུའང་ཁོ་ན་སྨོས་ལ། ཀུན་ལས་བཏུས་ཀྱི་རྩ་བ་ལ་མེད་པ་རང་འགྲེལ་གྱིས་སྨོས་ཤིང༌། འགྲེལ་བཤད་ལས་དེ་ཉིད་ཀྱི་ཕྱིར་འགྲེལ་པར་ངེས་པར་བཟུང་བ་མཛད་དེ་གཉིས་པོ་དག་ཁོ་ནའོ་ཞེས་སོ། །ངག་ནི་རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་ཁོ་ནའི་སྒྲ་མེད་ཀྱང་དེའི་དོན་འཐོབ་བོ། །དེ་ལྟར་ངག་འདིས་ཚད་མ་གཉིས་དག་ཁོ་ནའོ་ཞེས་བསྒྲུབས་སོ། །གཉིས་པོ་དེ་དག་ཅི་ཞིག་དག་ཅེས་དོགས་པའི་དྲི་བའི་སྐབས་ལ་འདི་བརྗོད་པར་བྱ་སྟེ། མངོན་སུམ་དང་ནི་རྗེས་སུ་དཔག །ཅེས་པའོ། ཞེས་སོགས་བཤད་པ་ལྟར་རོ། །དེ་དག་གི་དོན་བསྡུས་ན་ཀུན་ལས་བཏུས་ཀྱི་མདོའི་ཚིག་གི་དོན་འདི་ལྟར་འགྱུར་ཏེ། ཚད་མ་དག་ནི་


JLD016_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཁོ་ན། སྟེ་ཞེས་སྨྲས་ནས། གཉིས་པོ་གང་ཞེ་ན། མངོན་སུམ་དང་ནི་རྗེས་དཔག །ཅེས་པས་དེ་དག་གིས་དམ་བཅའ་བཤད་ནས། དེ་བསྒྲུབ་པ་ལ། གང་གི་ཕྱིར་མཚན་ཉིད་གཉིས་གཞལ་བྱ་རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་མཚན་ཉིད་གཞལ་བར་བྱ་བ་གཞན་ནི་མེད་དོ། ཞེས་པ་སྟེ། རྩ་བའི་མཚན་ཉིད་གཉིས་གཞལ་བྱ། ཞེས་པའི་དོན་རང་འགྲེལ་གྱིས་གཉིས་པོ་ལས་གཞན་པའི་གཞལ་བྱ་མེད་པ་ལ་དངོས་སུ་སྦྱར་རོ། །དེ་ལྟར་འདིར་ཡང་བཤད་པར་བྱ་སྟེ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས་ཁོ་ན། ཞེས་བཤད་དགོས་ལ། ཁོ་ན་ཞེས་པ་གཉིས་ལས་དོན་གཞན་པའི་ཚད་མ་ཡོད་པ་གཅོད་པའི་གཞན་ལྡན་རྣམས་གཅོད་དོ། །འོ་ན་མངོན་རྗེས་ལས་དོན་གཞན་པའི་ཚད་མ་མེད་པའི་རྒྱུ་མཚན་ཅི་ཞེ་ན། དེ་བསྒྲུབ་པའི་རྟགས་དགོད་པ་ནི། ཚད་མ་ཆོས་ཅན། མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གང་ལས་ཀྱང་དོན་གཞན་པའི་ཚད་མ་མེད་དེ། གཞལ་བྱ་རང་མཚན་དང་སྤྱི་མཚན་གཉིས་ལས་དོན་གཞན་པ་མེད་པའི་ཕྱིར། ཞེས་འགོད་པ་ཡིན་ལ། ཚད་མ་མངོན་རྗེས་གཉིས་ལས་དོན་གཞན་དུ་ལོག་པར་རྟོག་པ་ཉིད་བསལ་བྱའི་ལོག་རྟོག་གཙོ་བོ་ཡིན་གྱི། ཚད་མ་གཉི་ག་ཡིན་པའི་ལོག་རྟོག་འབྲེལ་ཆུང་བས་དེའི་ཕྱིར་འདི་ལྟར་བསྒྲུབ་པ་ཡིན་ནོ། །སློབ་དཔོན་ཆོས་མཆོག་གིས་ཀྱང་ཚུལ་འདི་ལྟར་བཞེད་ཅིང༌། འཐད་ལྡན་ལས་དེས་ན་གང་ཟག་གི་མངོན་སུམ་དང་རྗེས་དཔག་པའི་དོན་ལས་ཐ་དད་པའི་ཡུལ་ཅན་མ་ཡིན་པ་དེ་ནི་དེ་དག་ལས་གཞན་པའི་ཚད་མ་


JLD016_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། དཔེར་ན་འཁྲུལ་པའི་ཤེས་པ་བཞིན་ནོ། །ཚད་མ་ལའང་མངོན་སུམ་དང་རྗེས་སུ་དཔག་པར་བྱ་བའི་དོན་ལས་ཐ་དད་པའི་གཞལ་བྱ་ཡོད་པ་མ་ཡིན་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཉིད་དོ། ཞེས་སྐབས་འདིར་སྦྱོར་བ་འགོད་ཚུལ་དེ་ལྟར་གསུངས་སོ། །འདིར་ཁ་ཅིག་ན་རེ། གཞལ་བྱ་གཉིས་ཀྱི་གྲངས་ངེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་བསྒྲུབ་པ་འདི་ནི་རྒྱུ་ཚོགས་པ་གྲངས་ཚད་ལས་འབྲས་བུ་འབྱུང་རུང་བསྒྲུབ་པ་ཡིན་ཏེ། གཞལ་བྱ་གཉིས་ནི་རྒྱུ་ཡིན་ལ་ཚད་མ་གཉིས་ནི་འབྲས་བུའོ་ཞེས་ཟེར་བ་ནི་ཧ་ཅང་མ་བརྟགས་པ་ཆགས་པ་སྟེ། སྤྱི་མཚན་རྒྱུ་ཡིན་པར་སྨྲས་ནས། དེ་མ་ཐག །དོན་བྱེད་ནུས་དང་མི་ནུས་ཕྱིར། ཞེས་ཤེས་ལྡན་སུ་ཞིག་རྟགས་འགོད་པར་བྱེད། གོང་དུ་ཁོ་བོ་ཅག་གིས་བཤད་མ་ཐག་པའི་རྟགས་སྦྱོར་འདིའི་ཕྱོགས་ཆོས་ནི་བཤད་མ་ཐག་པའི་རྟགས་ཀྱི་རྣམ་གྲགས་བཞི་པོ་འདི་དག་ལ་བརྟེན་པའི་རྗེས་དཔག་ཚད་མས་གྲུབ་ལ། ཁྱབ་པ་ནི་ཚད་མ་གཞལ་བྱ་རྟོགས་པའི་སྒོ་ནས་འཇོག་དགོས་པའི་ཕྱིར་ཞེས་པ་ལྟ་བུའི་གང་ཡང་རུང་བས་མི་ཆོག་གི །གཞལ་བྱ་རང་སྤྱི་གཉིས་ལས་གཞན་པ་མེད་པ་ངེས་པའི་ཚད་མ་དང༌། སྤྱི་མཚན་གཟུང་ཡུལ་དུ་བྱས་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་སླུ་བའི་ཤེས་པ་དང༌། རང་མཚན་གཟུང་ཡུལ་དུ་བྱས་ནས་རང་གི་གཞལ་བྱ་མངོན་གྱུར་ལ་གསར་དུ་མི་སླུ་བའི་ཤེས་པ་གཉིས་པོ་དེ་དང་རིམ་པ་བཞིན་ཚད་མ་གཉིས་ཀྱི་རྣམ་པར་བཞག་འཇོག་གི་འབྲེལ་


JLD016_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངེས་པའི་ཚད་མ་རྣམས་ཀྱི་བྱེད་པས་འགྲུབ་པ་ཡིན་ཏེ་འོག་ཏུ་འཆད་པར་འགྱུར་རོ། །ལྷ་དབང་བློ་ལྟར་ན་རང་སྤྱི་གཉིས་སུ་ངེས་པ་མ་ཡིན་ཏེ། ཨུཏྤལ་ལ་སྔོན་པོ་ལྟ་བུ་གཉི་ག་ཡིན་པས་སོ་ཞེ་ན། གཉིས་ཡིན་གྱི་ཕུང་གསུམ་མི་སྲིད་པར་བསྒྲུབ་པ་ལ། དོན་བྱེད་ནུས་དང་མི་ནུས་ཕྱིར། ཞེས་དང༌། གཉིས་མ་ཡིན་གྱི་ཡུལ་ཕུང་གསུམ་པ་ཡོད་པར་དོགས་པ་སྤོང་བ་སྐྲ་ཤད་ལ་སོགས་ཞེས་པ་གཉིས་དང༌། འདྲ་དང་མི་འདྲ་ཞེས་སོགས་བཞིས་ཕུང་གསུམ་གཉིས་ཀ་བསལ་བའི་སྒོ་ནས་གྲངས་ངེས་སྤྱིར་སྒྲུབ་པར་བྱེད་པར་འཆད་དོ། །རྒྱན་དང་ཉི་མ་སྦས་པ་སོགས་ལྟར་ན་དོན་བྱེད་ནུས་མི་ནུས་གཉིས་སུ་ངེས་པའང་རང་སྤྱི་གཉིས་སུ་ངེས་ཕྱིར་སྒྲུབ་པ་ལ་འཆད་ལ། དེ་དག་གང་གི་དབང་དུ་བྱས་ཀྱང་རུང༌། རྟགས་འདིའི་ཁྱབ་འབྲེལ་འགྲུབ་པ་ལ་རག་མཚན་དང་དོན་བྱེད་ནུས་པ་ཡིན་ཁྱབ་མཉམ་པ་དང༌། སྤྱི་མཚན་དང་དོན་བྱེད་མི་ནུས་པའི་ཆོས་ཡིན་ཁྱབ་མཉམ་པར་འགྲུབ་དགོས་ཀྱི། དེ་ལས་གཞན་དུ་ན་འབྲེལ་མེད་དོ། །དེའི་ཕྱིར་དོན་བྱེད་ནུས་པ་ལ་རང་མཚན་ཡིན་མིན་གཉིས་སུ་སྨྲ་བ་ནི་མུན་སྤྲུལ་ལོ། །འོ་ན་སྐྱེས་བུ་མཐོང་བ་འཁྲུལ་པ་ཅན་གྱི་ཤེས་པ་ལ་སྣང་བའི་སྐྲ་ཤད་སོགས་དོན་བྱེད་མི་ནུས་པས་རང་མཚན་མ་ཡིན་ཞིང༌། གསལ་བར་སྣང་བས་སྤྱི་མཚན་མ་ཡིན་ལ། རང་འཛིན་ཤེས་པ་ལ་སྣང་བས་ཡུལ་ཡིན་པའི་ཕྱིར་གཉིས་སུ་མ་འདུས་པའི་ཡུལ་གྲུབ་པས་གྲངས་ངེས་ཉམས་སོ་ཞེ་ན་དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་ལ་སོགས་དོན་དམ་ཡུལ་མ་ཡིན་ཏེ། ཤེས་པ་


JLD016_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསླད་པའི་བརྡའ་བྱང་གི་སྐྱེས་བུ་གང་གིས་ཀྱང་ཡུལ་དུ་མོས་ཤིག་ཐ་སྙད་བྱེད་པ་མེད་པའི་ཕྱིར་རོ། དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་སོགས་ཡུལ་ཡིན་པ་འགོག་པ་ལ་མི་འཆད་པར། སྐྲ་ཤད་སོགས་སུ་སྣང་བ་ཡུལ་ཡིན་པ་འགོག་པ་ནི་སྐྲ་ཤད་དུ་སྣང་བའི་དབང་ཤེས་ལས་ཀྱང་འཁྲུལ་པ་སྟེ། སྐྲ་ཤད་དུ་སྣང་བ་གཞི་མ་གྲུབ་ན་སྣང་ཡུལ་ལ་འཁྲུལ་པ་མི་སྲད་དགོས་པའི་ཕྱིར་རོ། །སྐྲ་ཤད་ཀྱི་རྣམ་པ་ཡུལ་ཡིན་པ་འགོག་པའང་དེ་དང་འདྲའོ། །སྐྲ་ཤད་དུ་སྣང་བ་ཡུལ་དུ་འདོད་པ་ནི་ངེས་པར་བྱ་དགོས་ཀྱང༌། དེ་ལ་མཐའ་དཔྱོད་ན་འདི་ལྟར་ཅི་དེ་རང་མཚན་ནམ་སྤྱི་མཚན་གང་ཡིན། དེ་གཉིས་སུ་མ་འདུས་ན་གྲངས་ངེས་ཉམས་སོ། །སྤྱི་མཚན་མ་ཡིན་པར་ཐལ། རྟོག་མེད་ཀྱི་ཤེས་པ་ལ་གསལ་བར་སྣང་བའི་ཕྱིར། རང་མཚན་ཡིན་ན། སྐྲ་ཤད་འཛག་སྣང་གི་དབང་ཤེས་ཆོས་ཅན། མ་འཁྲུལ་པའི་ཤེས་པ་ཡིན་པར་ཐལ། རང་གི་སྣང་ཡུལ་རང་མཚན་འཛིན་པའི་ཤེས་པ་ཡིན་པའི་ཕྱིར་རོ། ཞེས་བརྗོད་པ་ལ་ལན་ཇི་ལྟར་གདབ། མ་ཁྱབ་ན་ལེའུ་དང་པོར་སེལ་བའི་སྐབས་སུ། སྤྱི་འཛིན་རྟོག་པའི་སྣང་ཡུལ་དངོས་པོར་གྲུབ་ན་རྟོག་པ་དེ་མ་འཁྲུལ་བའི་ཤེས་བར་ཐལ་བའི་རིགས་པ་མང་དུ་བསྟན་པ་དག་གི་ཁྱབ་པ་ཇི་ལྟར་བསྒྲུབ་སྙམ་དུ་དོགས་ན། དབང་ཤེས་འཁྲུལ་པ་ལ་སྐྲ་ཤད་དུ་གསལ་བར་སྣང་བ་སྤྱི་མཚན་ཡིན་ན་རང་སྣང་ཡུལ་དུ་བྱེད་པའི་རྟོག་མེད་ཤེས་པ་ལ་གསལ་བར་སྣང་བ་ཤིན་ཏུ་འགལ་བས། རང་མཚན་ཡིན་


JLD016_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་དགོས་ཤིང༌། དེའང་གཟུང་ཡུལ་དུ་བྱེད་པའི་དབང་ཤེས་དེའི་རྫས་ཡིན་ལ། དེ་ལྟ་ནའང་དབང་ཤེས་དེ་ལ་སྣང་བ་ལྟར་མ་གྲུབ་པའི་ཕྱིར་འཁྲུལ་ཤེས་ཡིན་ཞིང༌། རྟོག་པ་དང་མི་མཚུངས་ཏེ། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་རྫས་སུ་གྲུབ་ན་གྲུབ་ཚུལ་གཉིས་ལས་མི་འདའ་ཞིང༌། རང་སྣང་མཁན་གྱི་རྟོག་པའི་རྫས་སུ་གྲུབ་པ་བུམ་གསལ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ཡིན་པས་ཁེགས་ལ། ཕྱི་རོལ་གྱི་རྫས་སུ་གྲུབ་ན་བུམ་པའི་རྫས་སུ་གྲུབ་དགོས་པ་ལས་འོས་གཞན་མེད་པས། རྟོག་པ་དེ་ལ་ཇི་ལྟར་སྣང་བ་ལྟར་དུ་གྲུབ་དགོས་པའི་ཕྱིར་སྣང་ཡུལ་ལམ་འཁྲུལ་བར་འགྱུར་དགོས་པ་ཡིན་ནོ། །སེལ་བའི་སྐབས་སུ་རྟོག་པ་ལ་དེ་ལྟར་བཤད་པའི་རིགས་པ་ནི་མདོ་སེམས་གཉི་གའི་ཐུན་མོང་གི་རིགས་པ་ཤས་ཆེ་བས་སེམས་ཙམ་པས་ཀྱང་ཁྱབ་པ་དེ་ཁས་ལེན་ལ། དེ་ལྟ་ནའང་སྔོན་པོ་རང་མཚན་ཡིན་ཀྱང་སྔོན་སྣང་དབང་ཤེས་སྣང་ཡུལ་ལ་འཁྲུལ་བར་ཁས་ལེན་པ་དང་མི་མཚུངས་པ་ལྟར་དུ་མདོ་སྡེ་བའི་སྐབས་འདིར་ཡང་དབང་ཤེས་འཁྲུལ་པ་དང་རྟོག་པ་མི་མཚུངས་པའི་ཚུལ་ཤེས་པར་བྱའོ། །དབང་ཤེས་འཁྲུལ་པ་དེ་ལ་སྐྲ་ཤད་དུ་སྣང་བ་ཡིན་གྱི། དེ་ལ་སྐྲ་ཤད་སྐྲ་ཤད་དུ་སྣང་བ་མ་ཡིན་ནོ། །རྟགས་ལྷག་མ་གསུམ་གྱི་དོན་ནི། འདྲ་དང་ཞེས་པ་དང༌། སྒྲའི་ཡུལ་དང་ཞེས་པ་དང༌། རྒྱུན་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་དང་ཞེས་པ་གསུམ་པོའི་དོན་དེ་དང་དེ་ཡིན་ན་སྤྱི་མཚན་ཡིན་པས་ཁྱབ་ཅིང་སྤྱི་མཚན་ཡིན་ནའང་དེ་དང་དེ་ཡིན་པས་ཁྱབ་དགོས་ལ། དེ་དག་ལས་བཟོལ་པ་བཞི་


JLD016_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་མཚན་ལའང་དེ་ལྟར་ཕན་ཚུན་ཁྱབ་དགོས་ཀྱི། གཞན་དུ་ན་གྲངས་ངེས་འདི་ལྟར་བསྒྲུབ་པའི་རྟགས་སུ་འབྲེལ་མེད་དོ། །དེ་ལ་རྟག་དང་པོའི་དོན་འདྲ་བ་སྟེ་ཐུན་མོང་བ་དང་མི་འདྲ་བ་སྟེ་ཐུན་མོང་མ་ཡིན་པ་གཉིས་སུ་ངེས་པའི་ཕྱིར་ཞེས་མི་བྱ་སྟེ། རང་མཚན་ཡིན་ན་རང་གི་གསལ་བ་དུ་མ་ལ་ཐུན་མོང་དུ་རྗེས་སུ་འགྲོ་བ་འགལ་བར་འཛིན་པའི་གཏམ་དུ་སྣང་བའི་ཕྱིར་རོ། །འདྲ་བ་ཐུན་མོང་བར་སྣང་བའི་བློའི་གཟུང་ཡུལ་དང་མི་འདྲ་བ་ཐུན་མོང་ཡིན་པར་སྣང་བའི་བློའི་གཟུང་ཡུལ་གཉིས་སུ་ངེས་པའི་ཕྱིར་ཞེས་མི་བྱ་སྟེ། བུམ་པ་རྣམ་པར་བཅད་ཙམ་ལྟ་བུའི་མེད་དགག་དག་སྤྱི་མཚན་ཡིན་ཀྱང་རྟོག་པའི་སྣང་ཡུལ་དུའང་མི་འགྱུར་བའི་ཕྱིར་རོ། བུམ་པ་རྣམ་པར་བཅད་ཙམ་དུ་སྣང་བའི་བ་དེ་བུམ་པ་མེད་པའོ་སྙམ་དུ་འཛིན་པའི་རྟོག་པའི་སྣང་ཡུལ་ཡིན་གྱི། བུམ་མེད་བུམ་མེད་འཛིན་པའི་རྟོག་པའི་སྣང་ཡུལ་མ་ཡིན་ལ། བུམ་པ་མེད་པར་འཛིན་པའི་རྟོག་པའི་སྣང་བ་བློའི་སེལ་བ་དེ་ཉིད་བུམ་མེད་བརྗོད་པའི་དངོས་ཀྱི་སྒྲ་དོན་དུ་བྱས་ནས་བུམ་མེད་བརྗོད་པའི་ཤུགས་ལ་བུམ་པ་རྣམ་པར་བཅད་ཙམ་མེད་དགག་གི་སེལ་བ་དེ་གོ་བར་བྱེད་པ་ཡིན་གྱི། མེད་དགག་དེ་དངོས་ཀྱི་སྒྲ་དོན་དུ་མི་འགྱུར་བས། སྒྲ་རྣམས་ལས་དེ་རྟོགས་ཉིད་ཀྱི། །གཞན་བཟློག་རྟོགས་འགྱུར། ཞེས་གསུངས་པ་ཡིན་ནོ། །འདྲ་བར་སྣང་བ་གཟུང་ཡུལ་དུ་བྱས་ནས་སྒྲོ་འདོགས་གསར་དུ་གཅོད་པ་དང་མི་འདྲ་བ་ཐུན་མོང་མ་ཡིན་པ་གཟུང་ཡུལ་


JLD016_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ནས་སྒྲོ་འདོགས་གསར་དུ་གཅོད་པ་གཉིས་སུ་ངེས་པའི་ཕྱིར་ཞེས་ནའང༌། གཞལ་བྱ་གཉིས་སུ་ངེས་ཏེ། ཚད་མ་གཉིས་སུ་ངེས་པའི་ཕྱིར་ཞེས་པར་སོང་དུ་དོགས་སོ། །དེས་ན་གཞལ་བྱ་ཆོས་ཅན། རང་སྤྱི་གཉིས་སུ་གྲངས་ངེས་ཏེ། རང་ཉིད་ངོ་བོས་གྲུབ་པའི་དབང་གིས་བློའི་གཟུང་ཡུལ་དུ་འགྱུར་བ་མ་ཡིན་པར་འདྲ་བ་ཐུམ་མོང་བར་སྣང་བའི་རྟོག་པས་བཞག་པ་ཙམ་དུ་གྲུབ་པ་དང༌། རང་གི་ངོ་བོས་གྲུབ་པའི་དབང་གིས་མི་འདྲ་བ་སྟེ་ཐུན་མོང་མ་ཡིན་པའམ་མ་འདྲེས་པར་གསལ་བར་སྣང་བའི་བློའི་གཟུང་ཡུལ་དུ་འགྱུར་བ་གཉིས་སུ་ངེས་པའི་ཕྱིར་ཞེས་པའི་དོན་ཏེ། ཉིད་ནི་ངེས་གཟུང་ངོ་། །རྟགས་གཉིས་པ་ལ། སྒྲའི་དངོས་ཡུལ་ཡིན་པ་དངམིན་པ་གཉིས་སུ་ངེས་པའི་ཕྱིར་ཞེས་མི་བྱ་སྟེ། སྒྲའི་དངོས་ཡུལ་མ་ཡིན་པ་གཟི་མ་གྲུབ་པའི་ཕྱིར་རོ། །དོན་དམ་པར་སྒྲའི་ཡུལ་ཡིན་པ་དང་ཡུལ་མིན་པ་ཞེས་ཀྱང་མི་བྱ་སྟེ། དོནདམ་པར་སྒྲའི་ཡུལ་ཡིན་པ་མེད་པའི་ཕྱིར་རོ། །དེས་ན་རྗོད་བྱེད་སྒྲིའི་བདག་རྐྱེན་ཙམ་ལས་རང་གི་ངོ་བོ་རྫོགས་པར་བློའི་ཡུལ་དུ་འཆར་ནུས་པ་དང༌། དེ་ཙམ་ལས་རང་གི་ངོ་བོ་རྫོགས་པར་བློ་ཡུལ་དུ་འཆར་ནུས་པ་མིན་པའི་གཞལ་བྱ་གཉིས་སུ་ངེས་པའི་ཕྱིར་ཞེས་བྱ་སྟེ། །ངོ་བོ་རྫོགས་པར་འཆར་བ་ལ་ངོ་བོའི་ཁྱད་ཆོས་གང་ཡིན་ཐམས་ཅད་འཆར་མི་དོགས་སོ། །རྟགས་གསུམ་པ་ལ་ཡུལ་ལས་གཞན་པའི་རྒྱུ་བརྡ་ལ་སོགས་པ་ཡོད་ན་ཡུལ་མེད་ཀྱང་རང་འཛིན་གྱི་བློ་སྐྱེ་བ་དང༌། དེ་ལས་བཟློག་པ་ལ་འཆད་པ་


JLD016_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མི་བྱ་སྟེ་ཡུལ་མེད་ཀྱི་བློ་མི་སྲིད་པའི་ཕྱིར་རོ། །རྒྱུ་མཚན་གཞན་ཡོད་ན་ཡུལ་རང་ཉིད་རྒྱུར་མེད་ཀྱང་དེར་འཛིན་གྱི་བློ་སྐྱེ་བ་དང༌། ཡུལ་རང་ཉིད་བློ་དེའི་རྒྱུར་མེད་ན་རྒྱུ་མཚན་གཞན་ཡོད་ཀྱང་མི་སྐྱེ་བ་ཞེས་འཆད་པ་ལྟར་ཡང་མི་བྱ་སྟེ། གཟུང་རྣམ་དེ་མྱོང་འཛིན་རྣམས་ཀྱི་རྒྱུར་མི་འཐད་པའི་ཕྱིར་རོ། །དེ་ལ་ལྷ་དབང་བློ་ལྟར་ན། རྒྱུ་མཚན་གཞན་ནི་ཡོད་པ་ན། བློ་ནི་ཡོད་པ་དང༌། ཞེས་པའི་དོན་ཡུལ་ལས་གཞན་བརྡ་དང་རྩོལ་བ་དང་ཡིད་བྱེད་ལ་སོགས་པའི་རྒྱུ་མཚན་ཡོད་པ་ཙམ་གྱིས་རང་ཉིད་རྟོགས་པའི་བློ་ནི་ཡོད་པ་དང༌། ཞེས་དང་ཡང་རྒྱུ་མཚན་གཞན་ནི་ཡོད་ན་ཡང་བློ་ནི་མེད་ཅེས་སྦྱར་བའི་དོན་ཡུལ་མ་གཏོགས་པ་རྒྱུ་མཚན་གཞན་དབང་པོ་དང་ཡིད་བྱེད་སོགས་ཡོད་ནའང་ཡུལ་རང་གི་དངོས་པོའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་མེད་ན་རང་རྟོགས་པའི་བློ་སྐྱེ་བ་མེད་པ་གཉིས་སུ་ངེས་པའི་ཕྱིར་ཞེས་པའི་དོན་དུ་འཆད་དོ། །ཉི་མ་སྦས་པ་སོགས་ཀྱི་བཤད་ཚུལ་གཞན་ཡང་ཡོད་མོད་མ་བྲིས་ལ། བཤད་མ་ཐག་པ་ཉིད་བཟང་ངོ་། །རྟགས་གསུམ་པོ་འདི་དང༌། སྔར་དོན་བྱེད་ནུས་མི་ནུས་གཉིས་སུ་ངེས་པའི་རྟགས་བཤད་པ་དང་བཞི་པོ་གང་རུང་གཅིག་གིས་ཀྱང་རང་སྤྱི་གཉིས་སུ་ངེས་པར་འགྲུབ་པ་ལ་རྟགས་བཞི་བཤད་ནས་དགོས་པ་ཅི་ཡོད་ཅེ་ན། རྟགས་དང་པོས་ནི་གཞལ་བྱ་རང་གི་ངོ་བོ་ལ་རིགས་པ་གཉིས་པོ་དེར་གྲངས་ངེས་བྱས་ནས། དེ་ལྟར་གཉིས་ཡོད་པའི་ནང་ནས། དོན་བྱེད་མི་ནུས་


JLD016_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞལ་བྱ་ཡིན་ན་རང་བཞིན་འདྲེས་འཛིན་གྱི་རྟོག་པས་བཞག་པ་ཙམ་ཡིན་པར་འདྲ་ཞེས་པས་བསྟན་ཅིང༌། རྟོག་པས་བཞག་པ་ཙམ་གྱི་ཆོས་ནི་སྲ་བྱུང་ཤེས་པ་ལ་རང་གི་ངོ་བོ་རྫོགས་པར་འཆར་ཐུབ་པར་སྒྲའི་ཡུལ་དང་ཞེས་པས་བསྟན་ལ། དེ་འདྲ་བ་ནི་ཡུལ་རང་གི་ངོ་བོས་དཔྱད་བཟོད་དུ་གྲུབ་པའི་སྡོད་ལུགས་ཀྱི་དབང་གིས་བློ་ལ་མི་སྣང་གི་བརྡ་དང་ཡིད་བྱེད་སོགས་ཀྱི་རྒྱུ་གཞན་ཡོད་པ་ཙམ་གྱིས་བློ་ལ་སྣང་བར། རྒྱུ་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་ཅེས་པས་བསྟན་ཏེ། དེ་ལྟར་དོན་བྱེད་མི་ནུས་པ་སོགས་ཆོས་བཞི་པོ་དེ་སྤྱི་མཚན་གྱི་ཁྱད་པར་གྱི་ཆོས་དང༌། བཟློག་པ་དོན་བྱེད་ནུས་པ་སོགས་ཆོས་བཞི་པོ་རང་མཚན་གྱི་ཁྱད་པར་གྱི་ཆོས་སུ་བཤད་པ་དེས་སྤྱི་མཚན་རྣམས་ཀུན་རྫོབ་ཙམ་དང༌། ཀུན་རྫོབ་ཙམ་ནི་རྟོག་པས་བཏགས་པ་ཙམ་ཡིན་གྱི། རྟོག་པས་བཞག་པ་ལ་མ་བལྟོས་པར་རང་གི་ངོ་བོས་གྲུབ་པའི་སྡོད་ལུགས་སུ་མེད་པ་དང༌། རང་མཚན་དང་དོན་བྱེད་ནུས་པ་རྣམས་ནི་རྟོག་པས་བཏགས་པ་ལ་མ་བལྟོས་པར་རང་གི་ངོ་བོས་གྲུབ་པའི་དཔྱད་བཟོད་ཀྱི་སྡོད་ལུགས་སུ་ཡོད་པའི་བདེན་གྲུབ་ཏུ་བཤད་པའི་སྒོ་ནས་མདོ་སྡེ་པའི་གྲུབ་མཐའ་ཐུན་མོང་མ་ཡིན་པའི་དོན་དམ་དང་ཀུན་རྫོབ་ཀྱི་དོན་ལྡོག་གསལ་བར་བཤད་ནས། དེ་མཚན་གཞི་རང་སྤྱི་གཉིས་དང་དོན་བྱེད་ནུས་མི་ནུས་ཀྱི་གཞལ་བྱ་གཉིས་ལ་སོ་སོར་ངེས་པར་བསྟན་པ་ཡིན་ལ། དེའི་དོན་བསྡུས་ནས། དོན་དམ་དོན་བྱེད་ནུས་པ་གང༌། ཞེས་


JLD016_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཤློ་ཀ་འདི་གསུངས་པས། མདོ་སྡེ་པ་རང་ལུགས་ཀྱི་བདེན་གཉིས་ཀྱི་འཇོག་ཚུལ་ཡོངས་སུ་རྫོགས་པར་གཞལ་བྱ་རང་སྤྱི་གཉིས་སུ་ངེས་པར་བསྒྲུབ་པ་ལ་རྟགས་རྣམ་གྲངས་བཞི་དོན་བསྡུ་དང་བཅས་པ་གསུངས་པ་འདིས་བཤད་པ་ཡིན་ནོ། །དེའི་ཕྱིར་དོན་དམ་ཞེས་སོགས་ནི་དོན་གྱི་གཙོ་བོ་དེ་ལྟར་ཡིན་ལ་དེ་བས་ན་སྐབས་འདིར་རང་མཚན་ཡིན་ན་དོན་བྱེད་ནུས་པས་ཁྱབ་པ་ལ་སོགས་པ་དང་བདེན་གཉིས་ཀྱི་རྣམ་གཞག་འདི་ལྟར་གསུངས་པ་ལ་སོགས་པ་དག་ནི་མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐའི་རྣམ་གཞག་ཡིན་ཏེ། འདི་ལྟར་བཤད་པ་དག་རྒྱས་པར་བསྒྲུབ་པའི་འོག་གི་གཞུང་དག་གི་སྐབས་སུ་དབང་ཤེས་རང་གི་གཟུང་དོན་གྱི་འབྲས་བུ་ཡིན་པ་སོགས་མང་དུ་གསུངས་པ་ལྟར་རོ། །དེའི་ཕྱིར་སློབ་དཔོན་ཆེན་པོ་ཆོས་མཆོག་གིས་ཀྱང་ཚད་མའི་གྲངས་ངེས་བསྒྲུབ་པའི་སྐབས་འདིར། འཐད་ལྡན་ལས་རབ་ཏུ་བྱེད་པ་འདིར་གང་ཅུང་ཟད་བཤད་པ་དེ་ཐམས་ཅད་རྣམ་པར་ཤེས་པར་སྨྲ་བ་ལའང་སྦྱར་བར་བྱ་བ་མ་ཡིན་ཏེ། དོན་གྱི་མཐུ་ཡིས་ནི། ཡང་དག་སྐྱེ་བ་ཡིན་ཕྱིར་རོ། ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམ་པར་ཤེས་པར་སྨྲ་བའི་ཚུལ་དང་མཐུན་པ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །གྲུབ་མཐའ་གཉིས་ཀྱི་གཞུང་གི་སྐབས་དབྱེ་བ་སྔར་རྒྱས་པར་བཤད་ཟིན་ཏོ། །དེ་ལ་སྐབས་འདིར་དོན་དམ་ཞེས་པའི་སྐད་དོད་རྒྱ་དཔེ་ལ་མི་འདུག་གོ་ཞེས་དཔོང་ལོ་གསུང་ལ།


JLD016_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་སྤས་པ་སོགས་ཀྱི་འགྲེལ་པར་རྩ་བའི་ཚིག་བཀོད་པ་ལ་དོན་དམ་མེད་ཅིང༌། ལྷ་དབང་བློའི་འགྲེལ་པའི་འགྱུར་ལ། དོན་དམ་པར་དོན་བྱེད་ནུས་གང་། ཞེས་རྩ་བ་བཀོད་ཀྱང༌། འགྲེལ་པར་དོན་དམ་ཞེས་པའི་འབྲུ་མནོན་མེད་པར་དོན་ནི་འབྲས་བུ་ཡིན་ལ། དེའི་བྱེད་པ་ནི་བསྐྱེད་པའོ། །དོན་བྱེད་པ་དེའི་ནུས་གང་སྟེ། རང་ཉེ་བས་སྐྱེད་པར་བྱེད་པ་གང་ཡིན་པ་དེ། དེ་འདིར་ཏེ། བསྟན་བཅོས་འདིར་དོན་དམ་པར་ཡོད་པ་ཡིན། དངོས་པོར་ཡོད་པར་འདོད་པ་ཡིན་ནོ། ཞེས་སོགས་ཀྱིས་དོན་བྱེད་ནུས་པ་ལ་དོན་དམ་པར་ཡོད་པས་ཁྱབ་པ་དང༌། དོན་དམ་པར་ཡོད་པ་དང་དངོས་པོར་ཡོད་པ་དོན་གཅིག་ཏུ་གསལ་བར་བཤད་དོ། །འོན་ཀྱང་འདིར་ཞེས་པ་མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་བདེན་གཉིས་ཀྱི་རྣམ་གཞག་སྟོན་པའི་སྐབས་འདིར་ཞེས་བཤད་ན་ལེགས་སོ། །དེ་ལ་དོན་བྱེད་ནུས་པ་དངོས་སུ་སྨོས་པས་གཞན་གསུམ་མཚོན་པ་ཡིན་པས། དོན་བྱེད་ནུས་པ་སོགས་བཞི་དོན་དམ་པར་ཡོད་པ་དང་དེ་དག་ལས་གཞན་དོན་བྱེད་མི་ནུས་པའི་ཆོས་ལ་སོགས་པ་བཞི་ནི་ཀུན་རྫོབ་ཙམ་དུ་ཡོད་པར་ཏེ། དོན་དམ་པར་ཡོད་པ་དེ་དག་ཁོ་ན་རང་གི་མཚན་ཉིད་ཡིན་པར་བཤད་ཅིང༌། ཀུན་རྫོབ་ཙམ་དུ་ཡོད་པ་དེ་དག་ཁོ་ན་སྤྱིའི་མཚན་ཉིད་ཡིན་པར་བཤད་དོ་ཞེས་ངེས་གཟུང་སྙིང་པོ་ཅན་དུ་བཤད་པར་བྱའོ། །འདིར་རང་གི་མཚན་ཉིད་དུ་བཤད་ཅེས་སོགས་ལ་རང་གི་མཚན་ཉིད་ཀྱི་མཚན་ཉིད་དུ་བཤད་ཅེས་སོགས་ཀྱི་བཤད་པ་རང་གི་འདོད་པ་ཙམ་གྱིས་སྦྱར་ནས།


JLD016_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྤྱི་གཉིས་ཀྱི་མཚན་ཉིད་བསྟན་པར་བྱེད་པ་ནི་ནོར་བ་སྟེ་གོང་དུ་བཤད་ཟིན་ཏོ། །མི་ཤེས་པ་ཁ་ཅིག་འདིར་བདེན་གཉིས་ཀྱི་མཚན་ཉིད་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། ཞེས་སོགས་གསུངས་པ་དང་མཐུན་པར་འཆད་པ་ནི་འཁྲུལ་པ་སྟེ། དེ་ལྟ་ན་སྐབས་འདིར་ཡང་བུམ་པ་ཀུན་རྫོབ་ཡིན་གྱི་དོན་དམ་པར་ཡོད་པ་མ་ཡིན་པར་འདོད་དགོས་པར་འགྱུར་བའི་ཕྱིར། །མཛོད་རྩ་འགྲེལ་དུ་བཤད་པའི་མདོ་སྡེ་པའི་འདོད་པ་གང་ཡིན་འདིར་ཁས་ལེན་པས་མ་ཁྱབ་སྟེ། དེར་བཤད་པ་དང་འདིར་བཤད་པའི་མདོ་སྡེ་པའི་འདོད་པ་ལ་རྣམ་གཞག་མི་འདྲ་བ་མང་བའི་ཕྱིར་རོ། །དཔེར་ན་དབུ་མ་པའི་ནང་ཚན་དང་རྣམ་རིག་པའི་ནང་ཚོན་གྱི་འདོད་པ་མི་འདྲ་བ་མང་བ་བཞིན་ནོ། །འོ་ན་འདིར་བདེན་གཉིས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དོན་བྱེད་ནུས་པ་དང༌། རང་མཚན་དོན་དམ་བདེན་པའི་མཚན་གཞི་དང༌། དོན་བྱེད་མི་ནུས་པའི་ཆོས་དང་སྤྱི་མཚན་ཀུན་རྫོབ་བདེན་པའི་མཚན་གཞིར་བཤད་པ་ཡིན་གྱི། དེ་དག་བདེན་གཉིས་སོ་སོའི་མཚན་ཉིད་དུ་འདིས་བསྟན་པ་མ་ཡིན་ལ། དོན་དམ་བདེན་པའི་མཚན་ཉིད་རྟོག་པས་བཏགས་པ་ལ་མ་བལྟོས་པར་རང་གི་ངོ་བོས་དཔྱད་བཟོད་དུ་གྲུབ་པ༌། ཀུན་རྫོབ་བདེན་པའི་མཚན་ཉིད་རང་གི་ངོ་བོ་སྒྲ་རྟོག་གིས་བཞག་པ་ཙམ་དུ་གྲུབ་པ་ཞེས་བྱའོ། །མདོ་སྡེ་པའི་ལུགས་ལ་དོན་དམ་པར་ཡོད་པ་དང་དོན་དམ་བདེན་པ་ཡིན་ཁྱབ་མཉམ་དང༌། ཀུན་རྫོབ་ཙམ་དུ་ཡོད་པ་དང་ཀུན་རྫོབ་བདེན་པ་ཡིན་ཁྱབ་མཉམ་དང༌། རྣམ་རིག་


JLD016_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུགས་ལ་དེ་ལྟར་ཁས་མི་ལེན་པའི་ཚུལ་འཆད་པར་འགྱུར་ལ། དེ་ལྟ་ནའང་དོན་དམ་པར་ཡོད་པ་དངཀུན་རྫོབ་ཏུ་ཡོད་པ་མཚོན་བྱ་ཡིན་པས་དེ་དག་བདེན་གཉིས་མཚན་ཉིད་དུ་འཇོག་པ་མུན་ནོ། །མདོ་སྡེ་པའི་ལུགས་ཀྱི་དོན་དམ་དཔྱོད་པ་དངཀུན་རྫོབ་དཔྱོད་པའི་ཚད་མའི་ཁྱད་པར་དང༌། གང་ཟག་གི་བདག་མེད་དོན་དམ་བདེན་པར་འཇོག་ཏུ་མི་རུང་བའི་ཚུལ་དང་བཅས་པ་རྣལ་འབྱོར་མངོན་སུམ་གྱི་སྐབས་སུ་བཤད་པར་བྱའོ། །འདི་ལས་འཕྲོས་པའི་རྩོད་ལན་འདི་དག་གི་འཆད་ཚུལ་ལ། སློབ་དཔོན་རྒྱན་མཁན་པོ་ལྟར་ན། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། ཞེས་སྨྲས་པ་དེའང་གྲུབ་མཐའ་སྨྲ་བ་གཞན་གྱི་ལུགས་རེ་ཞིག་གཞན་ངོར་ཁས་བླངས་པ་ཙམ་ཡིན་གྱི་ཡང་དག་པར་མ་ཡིན་ཏེ། རིགས་པས་དཔྱད་ན་བདེན་པར་གྲུབ་པའི་དངོས་པོ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ་ཞེས་འཆད་ཅིང༌། དེ་བསྒྲུབ་པ་ལ་སྐབས་འདིར་རྟག་པ་དང་མི་རྟག་པའི་ཕྱོགས་གང་གིས་ཀྱང་དོན་དམ་པར་དོན་བྱེད་པ་འགོག་པ་དང༌། དེ་བཞིན་དུ་ཤེས་པ་དང་ཤེས་བྱའི་ཕྱོགས་དང་ཡོད་པ་དངམེད་པའི་ཕྱོགས་གང་གིས་ཀྱང་དོན་དམ་པར་དོན་བྱེད་པ་འགོག་པ་རྒྱས་པར་བཤད་ཟིན་པ་ན་རྒྱན་ལས། དེའི་ཕྱིར་ན་རྒྱུ་དང་འབྲས་བུའི་དངོས་པོ་ནི་མེད་དོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་ཐམས་ཅད་ནུས་མེད་ན། ཞེས་གསུངས་སོ། ཞེས་གསུངས་ཏེ་དེའི་དོན་ནི་སྔར་དོན་དམ་དོན་བྱེད་ནུས་པ་འགོག་པའི་རིགས་པ་མང་དུ་བཤད་པ་ལྟར་


JLD016_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ན་དོན་དམ་པར་གྱུ་འབྲས་མེད་དོ། །གལ་ཏེ་དོན་དམ་པར་རྒྱུ་འབྲས་མེད་ན་ཕྱི་ནང་གི་དངོས་པོ་ཐམས་ཅད་འབྲས་བུ་བསྐྱེད་པ་ལ་ནུས་པ་མེད་པར་འགྱུར་རོ་ཞེ་ན། ཞེས་པའོ། །ཉི་མ་སྦས་པའི་འགྲེལ་པར་ཡང༌། ཐམས་ཅད་ནུས་པ་མེད་ཅེ་ན། ཞེས་བཏོན་ནས་འཆད་ཚུལ་སྔར་ལྟར་བྱེད་དོ། །རྩོད་པ་འདི་ནི་དབུ་མ་པས་མ་སྨྲས་ཀྱི། །དངོས་པོ་བདེན་པར་མེད་ན་གཏན་མེད་དུ་འགྲོ་དགོས་སྙམ་པའི་དངོས་སྨྲ་བ་ལྟ་བུ་ཟུར་ན་གནས་པ་གཞན་ཞིག་གིས་སོ། །དེ་ལ་ལན་དུ་རང་ཉིད་དབུ་མ་པས། ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་། ཞེས་སྨྲ་ཏེ། དེའི་དོན་ནི་མཐོང་བའི་དོན་རྟོགས་པ་ལ་བྱས་ནས། རྒྱུ་དང་འབྲས་བུའི་དངོས་པོ་འདི་དག་བདག་གིས་མཐོང་ངོ་སྙམ་དུ་ལྷག་པར་མོས་པ་གནོད་མེད་ཀྱི་ས་བོན་སོགས་མྱུ་གུ་སོགས་བསྐྱེད་པ་ལ་ནུས་པ་དང་ལྡན་པར་འཇོག་པའི་ཕྱིར་རོ། །དེའི་ཕྱིར་ལྷག་པར་མོས་པ་ཉིད་རྣམ་པར་བཞག་པ་ཐམས་ཅད་ཀྱི་སྒྲུབ་བྱེད་དོ། ཞེས་འཆད་དོ། །གལ་ཏེ་དེ་ཀུན་རྫོབ། འདོད་ན་ཇི་ལྟར་དེ་ལྟར་འགྱུར་ཞེས་བཏོན་ནས་འདིར་བརྗོད་པ་ལྷག་པར་མོས་པ་ཉིད་འཇོག་བྱེད་ཡིན་ན། ལྷག་པར་མོས་པ་ཙམ་གྱིས་བཞག་པ་དེ་ཐམས་ཅད་ཀུན་རྫོབ་ཏུ་གྲུབ་པ་དེ་ཁོ་ནར་འདོད་པར་བྱ་སྟེ། ས་བོན་དང་མྱུ་གུ་སོགས་འདི་དག་དེ་ཁོ་ན་ཉིད་དུ་གྲུབ་པའི་ཚད་མས་འཇོག་ཏུ་མེད་ཅིང་མཐོང་བའི་ཚད་མས་འཇོག་པའི་ཕྱིར་རོ། །དེ་


JLD016_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གལ་ཏེ་འཇིག་རྟེན་གྱི་ཀུན་རྫོབ་ཙམ་དུ་གྲུབ་པར་འདོད་ན་ཇི་ལྟར་མི་སླུ་བ་དེ་ལྟར་འགྱུར་བ་འཐད་དོ། ཞེས་འཆད་དོ། །གལ་ཏེ་ཞེས་སོགས་ཀྱང་རང་གཞུང་དུ་བྱས་ནས་ཕྱོགས་སྔ་མར་མི་བྱེད་པའོ། །སློབ་དཔོན་ཉི་མ་སྦས་པའང་དེ་ལྟར་འཆད་དོ། །དེ་ལྟ་ནའང་སློབ་དཔོན་གྱི་དངོས་སུ་བསྟན་ཚོད་ཀྱི་དགོངས་པ་ནི་ལྷ་དབང་བློའི་འཆད་ཚུལ་ལྟར་མངོན་ནོ་ཞེས་བདག་གི་རྗེ་ཐམས་ཅད་མཁྱེན་པ་གསུང་ངོ་། །དེའང་དབུ་མ་ཐལ་རང་གཉི་གས་བདེན་པར་གྲུབ་པའི་དངོས་པོ་ཐ་སྙད་དུའང་མི་འདོད་ཀྱང༌། རང་རྒྱུད་པ་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱི་གྲུབ་པར་འདོད་ཅིང༌། ཐལ་འགྱུར་བས་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུའང་ཁས་མི་ལེན་ལ། རང་རྒྱུད་པས་དངོས་པོ་རྣམས་བློས་བཞག་པ་ལ་བལྟོས་པའི་དབང་གིས་གྲུབ་པ་མ་ཡིན་པར་ཡུལ་གྱི་རང་གི་སྡོད་ལུགས་ཁོ་ནས་གྲུབ་ན་བདེན་པར་གྲུབ་པར་འགྱུར་བ་དང༌། དངོས་པོ་རང་གི་ངོ་བོས་ཀྱང་གྲུབ་པ་དང་བློ་ལ་བལྟོས་པའི་དབང་གིས་བཞག་པ་གཉི་ག་ཡིན་པ་མི་འགལ་བར་བཞེད་དོ། །དེའི་ཕྱིར་ཞི་འཚོ་ཡབ་སྲས་ཀྱིས་སྡེ་བདུན་གྱི་མཛད་པ་པོ་རང་གི་རྩ་བའི་བཞེད་པ་དབུ་མར་གནས་པ་དང༌། རྣམ་འགྲེལ་ངེས་ཀྱི་གཞན་སེལ་དང་རྟགས་ལ་སོགས་པ་གཏན་ལ་འབེབས་པའི་རིགས་པ་ཕལ་ཆེ་བ་དབུ་མ་པ་དང་ཐུན་མོང་གི་རིགས་པར་བཞེས་པ་ཡིན་ལ། རྒྱན་དང་ཉི་མ་སྦས་པ་སོགས་ཀྱང་དབུ་མ་པས་རང་མཚན་


JLD016_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་པ་མི་འགལ་བའི་དབང་དུ་བྱས་ནས་རྣམ་འགྲེལ་གྱི་རང་ལུགས་ཀྱི་ལྟ་བ་དབུ་མར་འགྲེལ་བ་ཡིན་ནོ། །ཐལ་འགྱུར་བ་ཐ་སྙད་དུའང་ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་པར་མིང་དང་རྟོག་པས་བཏགས་པ་ཙམ་ཡིན་པས་རང་མཚན་ཐ་སྙད་དུའང་མ་གྲུབ་པར་བཞེད་དོ། །དེས་ན་ལྷ་དབང་བློའི་འགྲེལ་པའི་ལུགས་ལ། གལ་ཏེ་ཐམས་ཅད་ནུས་མོད་ན། ཞེས་པའི་ཕྱོགས་སྔ་མ་འདི་སྤྱིར་དབུ་མ་པ་གཉི་ག་དང༌། ཁྱད་པར་རང་མཚན་དོན་བྱེད་ནུས་པ་མེད་པར་འདོད་པོའི་ཐལ་འགྱུར་བ་ཕྱོགས་སྔ་སྨྲ་བ་པོར་བྱས་ནས་དེ་ལ་ལན་འདེབས་པར་བྱེད་དོ། །དེའི་ཕྱིར་འགྲེལ་པ་དེ་ཉིད་དུ་ཕྱོགས་སྔ་མའི་གཞུང་འདིའི་སྦྱོར་བ་འཆད་པ་ན་སྦྱོར་བ་ནི་གང་གི་གང་ལ་ཡོད་པ་མ་ཡིན་པ་དེ་ནི་དེའི་མཚན་ཉིད་དུ་མི་འགྱུར་ཏེ། དཔེར་ན་རྟ་ལ་རྭ་ཅན་ཉིད་ལྟ་བུའོ། །རང་གི་མཚན་ཉིད་དུ་འདོད་པ་ལའང་དོན་བྱེད་ནུས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ་ཞེས་བཤད་དོ། །དེ་ལྟ་ན་གལ་ཏེ་བློ་ལ་མ་བལྟོས་པར་རང་གི་ངོ་བོས་དོན་བྱེད་པའི་སྒོ་ནས་དོན་དམ་བདེན་པར་འཇོག་པ་མི་འཐད་དེ། །དངོས་པོ་ཐམས་ཅད་ལ་སྒྲོ་བཏགས་པ་མ་ཡིན་པར་རང་གི་ངོ་བོས་དོན་བྱེད་པའི་ནུས་པ་མེད་པའི་ཕྱིར་དོན་དམ་བདེན་པའི་མཚན་ཉིད་མི་སྲིད་པའོ་ཞེ་ན། ཞེས་པའི་དོན་ཏོ། །དེའི་ལན་ནི་རྟགས་མ་གྲུབ་སྟེ། ས་བོན་སོགས་ནི་མྱུ་གུ་སོགས་ལ་བསྐྱེད་པའི་ནུས་པ་དང་ལྡན་པར་མངོན་སུམ་གྱིས་


JLD016_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ཕྱིར། ཞེས་པ་སྟེ། མངོན་སུམ་གྱིས་དངོས་སུ་མཐོང་བའི་དོན་རྟོག་བཏགས་སུ་ཇི་ལྟར་འགྱུར་སྙམ་པའོ། །གལ་ཏེ་མངོན་སུམ་གྱིས་འབྲས་བུ་བསྐྱེད་པར་མཐོང་བའི་དོན་དེ་ཀུན་རྫོབ་ཡིན་པས་དེ་ཙམ་གྱི་སྒོ་ནས་དོན་དམ་པའི་མཚན་ཉིད་འཇོག་ན་ཁྱབ་ཆེས་སོ་ཞེ་ན། ཇི་ལྟར་དེ་ལྟར་འགྱུར་ཞེས་པས་ལན་སྟོན་པ་ནི་སྒྲོ་བཏགས་པ་ཙམ་ཞིག་ཡིན་ན་ཅི་ལྟར་མངོན་སུམ་མ་འཁྲུལ་བའི་གཟུང་ཡུལ་དེ་ལྟར་འགྱུར་ཏེ། མིང་ཇི་ལྟར་འདོགས་ལ་རང་གི་དོན་དམ་པར་གྲུབ་པའི་དོན་ཁས་བླངས་པར་སོང་ངོ་ཞེས་བྱ་བའི་དོན་ཏོ། །དོན་བྱེད་ནུས་པ་ལ་དོན་དམ་པར་གྲུབ་པ་དམ་མ་གྲུབ་པའི་དབྱེ་བ་གཉིས་འདོད་པ་དག་གིས་ནི་གཞུང་འདི་དག་རྒྱང་རིང་དུ་སྤངས་སོ། །ཀུན་རྫོབ་པའི་དངོས་པོ་ཀུན་ལའང་མངོན་སུམ་གྱིས་དོན་བྱེད་པར་མཐོང་བ་དེ་ཡོད་པས་དེ་དག་ལ་འགལ་བ་ཅི་ཞིག་ཡོད་ཅེ་ན། དེ་གཉིས་ཀྱི་གཞི་མཐུན་ལ་འདི་པའི་ལུགས་ཀྱིས་གནོད་པ་ཅན་གྱི་ཚད་མ་བསྟན་རྒྱུ་མ་བྱུང་ན། ས་བོན་སོགས་ནི་མྱུ་གུ་སོགས་ལ། ཞེས་སོགས་སྨྲས་པ་ཐམས་ཅད་ཚིག་ཙམ་དུ་འགྱུར་བས། འདི་པ་རང་གི་ལུགས་ཀྱི་གནོད་པ་ཅན་གྱི་ཚད་མ་སྟོན་པ་འདི་ཡིན་ཏེ། གཟུགས་ཀྱིས་རང་འཛིན་མིག་ཤེས་པ་བསྐྱེད་པ་བཞིན་དུ་རྟོག་པ་ལ་གཟུགས་སྣང་བས་ཀྱང་རང་འཛིན་པ་བསྐྱེད་ནུས་པར་ཐལ། དེ་གཉིས་ཀ་སྒྲོ་བཏགས་པ་ཙམ་ལས་རང་གི་ངོ་བོས་ཅུང་ཟད་ཀྱང་མ་གྲུབ་པར་མཚུངས་པའི་ཕྱིར། འདོད་པར་ནུས་པ་མུན་ཏེ། སྤྱིའི་མཚན་ཉིད་དུ་གྱུར་པ་རྟོག་པ་ལ་གཟུགས་སུ་


JLD016_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དེ་དང༌། དེ་འཛིན་གྱི་བློ་རྟོག་པ་ལ་རྗེས་སུ་འགྲོ་ལྡོག་གི་རྒྱུ་འབྲས་ཀྱི་འབྲེལ་བ་ཚད་མས་མ་མཐོང་བའི་ཕྱིར། དེས་ན་མིག་སོགས་དབང་པོ་དང་གཟུགས་སོགས་ཡུལ་ལྔ་དང་བློ་དབང་ཤེས་ལྔ་བཞིན་དུ་དོན་སྤྱི་དང་རྟོག་པའང་རྒྱུ་འབྲས་ཀྱི་རྗེས་སུ་འགྲོ་ལྡོག་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར་སྤྱི་མཚན་གྱིས་རང་འཛིན་ཤེས་པ་བསྐྱེད་པ་ཙམ་གྱི་དོན་བྱེད་པར་ནུས་པའང་མ་ཡིན་ནོ། །དེའང་མདོ་སྡེ་པ་ལ་སོགས་པའི་ལུགས་ལ་ཀུན་རྫོབ་པ་སློས་བཏགས་པ་ཙམ་གྱིས་དོན་བྱེད་ནུས་ན་ཐམས་ཅད་ཀྱིས་དོན་བྱེད་ནུས་དགོས་པར་ཧ་ཅང་ཐལ་བ་འཕེན་ལ། དབུ་མ་པས་བློས་བཞག་པ་ལ་མ་བལྟོས་པར་རང་གི་ངོ་བོས་དོན་བྱེད་ན་ཐམས་ཅད་ཀྱིས་དོན་བྱེད་པར་ཧ་ཅང་ཐལ་བ་འཕེན་པ་ཡིན་ཞིང༌། དབུ་མ་ཐལ་རང་གཉིས་ཀས་ཚད་མ་མངོན་རྗེས་གཉིས་སུ་གྲངས་ངེས་པར་འདོད་ཀྱང༌། གཞལ་བྱ་རང་སྤྱི་གཉིས་སུ་ངེས་པར་རང་རྒྱུད་པ་མ་གཏོགས་ཐལ་འགྱུར་བ་ཁས་མི་ལེན་ནོ། །མིག་དང་གཟུགས་སོགས་ཞེས་པ་ལ་ལྷ་དབང་བློས་མིག་སོགས་གཟུགས་སོགས་ཞེས་སྦྱར་ནས་འཆད་པ་ལྟར་རོ། །དེ་ལྟར་བཤད་པ་དེས་ནི་བྱེ་བྲག་པ་དང་རིག་པ་ཅན་པ་སོགས་པ་གང་དག་བུམ་པའོ་སྙམ་དུ་རྟོག་པ་སོགས་ཡན་ལག་ཅན་དོན་གཞན་ལས་དང་འདེགས་འཇོག་སོགས་ལ་རྟོག་པ་བྱ་བ་དོན་གཞན་ལས་དང་སྤྱི་བློ་སྤྱི་དོན་གཞན་ལས་དང༌། བརྒྱ་སྟོང་སོགས་ལ་རྟོག་པའི་བློ་གྲངས་


JLD016_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡོན་ཏན་རྫས་གཞན་ལས་སྐྱེ་བ་ལའང་གནོད་བྱེད་བཤད་པ་ཡིན་ཏེ། དེ་དག་བརྡ་དང་ཀུན་སློང་གི་རྩོལ་བ་སོགས་ནང་གི་ཡན་ལག་ལྟེ་རྒྱུ་ཙམ་གྱིས་རྗེས་སུ་འཇུག་གི །ཡན་ལག་ཅན་རྫས་གཞན་སོགས་དེ་དག་ལ་རྗེས་སུ་འགྲོ་ལྡོག་བྱེད་པར་མ་མཐོང་བའི་ཕྱིར་རོ། །སྐྲ་ཤད་སོགས་ནི་ཞེས་སོགས་ཀྱི་འབྲེལ་ནི་དོན་བྱེད་མི་ནུས་པ་ལ་སྤྱི་མཚན་གྱིས་ཁྱབ་པར་སྨྲས་པ་ལ། སྐྲ་ཤས་ཀྱང་དེར་ཐལ་ཞེས་འཕེན་པའི་རྩོད་ལན་མ་ཡིན་ཏེ། ཡུལ་གཞིར་བྱས་མ་ཡིན་དེ་འདྲའི་ཁྱབ་པ་ཁས་བླངས་པ་མེད་པས་གཞི་མེད་ལ། ཡུལ་གཞིར་བྱས་ལ་དེ་ལྟར་ཁྱབ་པར་སྨས་ཀྱང༌། སྐྲ་ཤད་ལ་སོགས་དོན་མིན་ཏེ། ཞེས་པས་ཡུལ་མ་ཡིན་པར་སྒྲུབ་པ་ཉིད་ཀྱིས་དོགས་པ་དེའང་བཅད་ཟིན་པའི་ཕྱིར་འདིར་དེ་ལྟར་སླར་ཡང་སྤང་མི་དགོས་སོ། །དེས་ན་ལྷ་དབང་བློའི་འགྲེལ་པར་ཡང༌། གལ་ཏེ་དོན་ལ་བལྟོས་པ་མེད་པ་རྒྱུ་མཚན་གཞན་ཡོད་ན་ཡུལ་གང་ལ་བློ་འབྱུང་བ་དེ་ནི་སྤྱི་ཡིན་པ་དེའི་ཚེ་ཞེས། རྒྱུ་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་དང་ཞེས་སྨྲས་པ་ལ་རྩོད་པ་མཛད་པ་ལྟར་བྱ་དགོས་སོ། །དེས་ན་བརྡ་དང་རྩོལ་བ་ལ་སོགས་པའི་རྒྱུ་མཚན་གཞན་ཡོད་པ་ཙམ་གྱིས་རང་རྟོགས་པའི་བློ་ཡོང་པ་ལ་སྤྱི་མཚན་གྱིས་ཁྱབ་ན་དབང་ཤེས་འཁྲུལ་བ་ལ་སྣང་བའི་སྐྲ་ཤད་སྤྱི་མཚན་དུ་ཐལ་བར་འགྱུར་རོ་ཞེ་ན། ཞེས་པ་རྩོད་པའོ། །ལན་ནི། །དེ་ལ་སྣང་བའི་སྐྲ་ཤད་སོགས་ཆོད་ཅན། སྤྱི་མཚན་མ་ཡིན་ཏེ།


JLD016_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་ལ་བྱང་བས་དོན་དུ་ཞེན་པ་མེད་པའི་ཕྱིར་ཞེས་ཕལ་ཆེ་བས་སྨྲ་བ་ནི་ཤིན་ཏུ་མི་ལེགས་ཏེ་ཕྱོགས་ལྔ་མའི་ཐལ་བ་དེ་ནི་རང་ཅག་གིས་ཁས་བླངས་པའི་ཁྱབ་པ་ལ་མ་ངེས་པ་འཕགས་ཤིང་བསལ་བ་མི་འདོད་པ་འཕགས་པ་ཡིན་གྱི་ཁོས་སྐྲ་ཤད་སྤྱི་མཚན་དུ་ཁས་མ་བླངས་སོ། །དེ་ལ་ཁྱབ་པ་མ་ངེས་པའི་སྐྱོན་ཅིའང་མེད་པའི་ལན་མེད་པར་མི་འདོད་པའི་ཐལ་བ་ལ་འདོད་ལན་མི་འདེབས་པའི་རྒྱུ་མཚན་ཙམ་ཞིག་བཀོད་པས་ཅིར་འགྱུར་ལེགས་པར་སོམས་ཤིག །དོན་ནི་འདི་ཡིན་ཏེ། རྒྱུ་མཚན་གཞན་ནི་ཡོད་པ་ན། བློ་ནི་ཡོད་ཅེས་པ་ལ་དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་སོགས་སྤྱི་མཚན་དུ་ཐལ་བའི་སྐྱོན་ཡོད་པ་མ་ཡིན་ཏེ། བརྡ་དང་རྩོལ་བ་སོགས་ཀྱི་བདག་རྐྱེན་ལས་སྐྱེས་པའི་བརྡའ་བྱང་གི་བློ་དོན་མཐུན་གང་གིས་ཀྱང་དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་དོན་ནམ་ཡུལ་དུ་བྱས་ནས་ཞེན་པ་མེད་པའི་ཕྱིར་ཞེས་པས་ཐལ་བ་དེའི་རྟགས་མ་གྲུབ་པར་བསྟན་པའི་སྒོ་ནས་ཐལ་བ་དེར་འགྱུར་བའི་ཉེས་པ་མེད་པར་བརྗོད་པ་ཡིན་ནོ། །འོ་ན་དངོས་མེད་བུམ་མེད་ལ་སོགས་པའང་སྤྱི་མ་ཡིན་པར་འགྱུར་ཏེ། དོན་དུ་ཞེན་པ་མེད་པའི་ཕྱིར་རོ་ཞེ་ན། བུམ་མེད་ལ་སོགས་ལ་ཉེས་པ་དེར་ཐལ་བར་མི་འགྱུར་ཏེ། ཕྱི་རོལ་སོགས་ཀྱི་དོན་དུ་ཞེན་པ་མེད་ཀྱང་རྣམ་བཅད་དགག་པའི་སྒོ་ནས་ཤེས་བྱར་འཛིན་ཅིང་ཞེན་པ་མཐོང་བའི་ཕྱིར། འོ་ན་དབང་ཤེས་འཁྱུལ་བ་ལ་སྣང་བའི་སྐྲ་ཤད་ཀྱང་། བདེན་


JLD016_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྲ་ཤད་དང་འདྲའོ་སྙམ་དུ་འཛིན་པ་སོགས་ཀྱི་རྟོག་པས་བདེན་པའི་སྐྲ་ཤད་དང་འདྲ་བ་སོགས་སུ་ཤེས་བྱ་ཡིན་པའི་ཕྱིར་ཤེས་བྱར་ཐལ་ལོ་ཞེ་ན། དབང་ཤེས་འཁྲུལ་པ་དེ་དག་གི་སྐྲ་ཤད་དུ་སྣང་བའང་བདེན་པའི་སྐྲ་ཤད་ད་ལྟ་བུ་དང་འདྲ་པའི་དངོས་པོར་མངོན་པར་ཞེན་པའི་རྟོག་པ་ལ་སྐྲ་ཤད་ལྟ་བུར་སྣང་ཆོས་ཅན། སྤྱི་མཚན་ཡིན་པ་བཀག་པ་མེད་དེ། དེ་ལྟར་འཛིན་པའི་རྟོག་པའི་གཟུང་ཡུལ་ཡིན་པའི་ཕྱིར། གལ་ཏེ་དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་དངོས་པོ་མ་ཡིན་ན་ཇི་ལྟར་གསལ་བར་སྣང་ཞེ་ན་རབ་རིབ་ཅན་གྱི་མིག་ཤེས་ལ་སྐྲ་ཤད་དུ་གསལ་བར་སྣང་བ་ཉིད་ཆོས་ཅན། དངོས་པོ་མ་ཡིན་པའི་སྐྱོན་མེད་དེ། རང་སྣང་ཡུལ་དུ་བྱས་ནས་འཛིན་པའི་དབང་པོའི་ཤེས་པའི་ངོ་བོ་སྟེ་རྫས་སུ་གྱུར་པའི་དོན་ཉིད་ཡིན་པའི་ཕྱིར། དེས་ན་སྐྲ་ཤད་སོགས་དང་འདྲའོ་ཞེས་བྱ་བར་འཛིན་པའི་རྟོག་པའི་བློ་དག་ནི་སྤྱིའི་སྤྱོད་ཡུལ་ཅན་ཡིན་ལ་སྐྲ་སྣང་དབང་ཤེས་འཁྲུལ་པ་སྣང་བ་ལྟར་གྱི་གཟུང་དོན་མེད་པ་ཅན་ཡིན་ནོ། །ཞེས་པ་འདི་དག་གིས་རྟོག་པ་ལ་སྐྲ་ཤད་དུ་སྣང་བ་དང༌། དབང་ཤེས་འཁྲུལ་པ་ལ་སྐྲ་ཤད་དུ་སྣང་བ་དང༌། དབང་ཤེས་འཁྲུལ་བ་ལ་སྣང་བའི་སྐྲ་ཤད་རྣམས་ཀྱི་ཁྱད་པར་ལེགས་པར་མ་ཕྱེད་པའི་དོགས་པ་ལ། རིམ་པ་བཞིན་སྤྱི་མཚན་དང་རང་མཚན་དང༌། ཤེས་བྱ་མ་ཡིན་པའི་ཁྱད་པར་ཕྱེ་ནས་དོགས་པ་སྤངས་པ་ཡིན་ནོ། །གསལ་བར་སྣང་བ་ཉིད། ཤེས་པའི་ངོ་བོའི་དོན་ཉིད་ཕྱིར། ཞེས་པ་


JLD016_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྟོག་པ་ལ་སྣང་བ་སྤྱིར་སྨྲས་པ་ལ། གལ་ཏེ་དབང་ཤེས་ལ་སྐྲ་ཤད་གསལ་བར་སྣང་བ་ཤེས་པའི་རྫས་ཡིན་ན། གཟུགས་འཛིན་རྟོག་པ་ལ་གཟུགས་མ་ཡིན་པ་ལས་ལོག་པར་སྣང་བའི་སྤྱི་ནི་རྟོག་པའི་ཤེས་པའི་སྤྱི་ནི་ངོ་བོའི་དོན་གྱིས་རྫས་སུ་ཁས་ལེན་དགོས་ཤིང༌། དེ་ལྟར་ན་སྤྱི་དེ་རང་མཚན་དུ་ཐལ་པར་འགྱུར་རོ། ཞེ་ན་དེ་ལ་ཆ་གཉིས་ཡོད་དེ། གཟུགས་འཛིན་རྟོག་པ་རང་གི་རྫས་ཉིད་བག་ཆགས་ཀྱི་དབང་གིས་གཟུགས་མ་ཡིན་པ་ལས་ལོག་པ་ལྟ་བུའི་རྣམ་པར་སྐྱེས་པའི་གཟུང་རྣམ་དེ་ནི་ཤེས་པའི་རྫས་ཡིན་པས་རང་མཚན་ཡིན་པ་དེ་ལྟར་འདོད་པའི་ཕྱིར་སྤྱི་མཚན་མ་ཡིན་པས་འགལ་བའི་སྐྱོན་ཡོད་པ་མ་ཡིན་ལ། གཟུགས་འཛིན་རྟོག་པ་ལ་གཟུགས་ཀྱི་གསལ་བ་རྣམས་གཟུགས་མ་ཡིན་པ་ལས་ལོག་པར་སྣང་བ་ནི་དོན་ཏེ་རྟོག་པའི་གཟུང་ཡུལ་གྱི་ངོ་བོ་ཉིད་ཀྱི་སྤྱི་ཡིན་པས་རང་མཚན་མ་ཡིན་ནོ། །ཇི་ལྟར་སྤྱི་ཡིན་ཞེ་ན། དེ་ཉིད་རྟོག་པས་བཏགས་པའི་སྤྱི་ཡིན་ཡང་གཟུགས་ཀྱི་གསལ་བ་ཀུན་ལ་རང་གི་ངོ་བོ་མཚུངས་པར་རྗེས་སུ་འགྲོ་བའི་སྤྱི་ཡིན་པའི་ཕྱིར་དང༌། གཟུགས་ཀྱི་གསལ་བ་དེ་རྣམས་གཟུགས་མ་ཡིན་པ་ལས་ལོག་པར་རང་རྒྱུ་ལས་སྐྱེས་པའི་སྒོ་ནས་དབང་ཤེས་ལ་དེ་ལྟར་སྣང་བ་ལ་བརྟེན་ནས། དབང་ཤེས་དེས་བསྐྱེད་པའི་རྟོག་པ་ལའང་གཟུགས་ཀྱི་གསལ་བ་རྣམས་གཟུགས་མ་ཡིན་པ་ལས་ལོག་པར་སྣང་བ་ཡིན་པའི་ཕྱིར་རོ། །ཀུན་ལ་


JLD016_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་མཚུངས་པའི་སྤྱི་ཡིན་པའི་རྒྱུ་མཚན། དེ་ལྡོག་པ་ལ་བརྟེན་ཕྱིར་རོ། ཞེས་སྦྱར་ཀྱང་རུང་ངོ༌། །གཞི་གཅིག་ཉིད་བལྟོས་ས་སོ་སོ་ལ་བལྟོས་ནས་རང་མཚན་དང་སྤྱི་མཚན་གཉི་ག་ཡིན་པར་འཆང་པ་ནི་མུན་སྤྲུལ་དུ་ཤེས་སླ་ལ་གཟུང་རྣམ་གྱི་ཆ་རང་མཚན་ཡིན་ལ། གཟུང་རྣམ་ལ་ཕྱི་རོལ་ཏུ་བཏགས་པའི་ཆ་སྤྱི་ཡིན་ཞེས་གཞུང་འདིའི་དོན་དུ་འཆད་པ་ནི་ནོར་པ་ཆེན་པོ་སྟེ། རྟོག་པ་རང་གི་གཟུང་རྣམ་ཕྱི་རོལ་གྱི་གཟུགས་སུ་སྒྲོ་བཏགས་པ་གཞི་གྲུབ་པར་ཡང་སྒྲུབ་པ་ཤིན་ཏུ་དཀའ་ཞིང༌། གྲུབ་ཏུ་ཆུག་ཀྱང༌། དེ་ལྟ་བུ་གཟུགས་ཀྱི་གསལ་བ་ཀུན་ལ་རྗེས་སུ་འགྲོ་བའི་ཕྱིར་འགལ་བའི་ཕྱིར་ཏེ། གཟུགས་ཡིན་ན། དེ་ཡིན་པར་འགལ་བའི་ཕྱིར་རོ། །འདིར་ལྷའི་འགྲེལ་པར་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྤྱིའི་རང་གི་མཚན་ཉིད་ཡིན་པར་འདོད་པ་དེ་ལྟར་ན་འགལ་བ་མེད་དོ། ཞེས་འབྱུང་བའི་སྤྱིའང་ཞེས་པ་ནི་སྤྱི་འཛིན་པའི་གཟུང་རྣམ་ཡང་ཞེས་བྱ་བའི་དོན་ཡིན་ལ། དེའང་ཇི་ལྟར་སྤྱི་ཡིན་ཞེ་ན་བཤད་པ་དོན་གྱི་ངོ་བོ་ཉིད་ཀྱི་སྤྱི་ཞེས་འབྱུང་བའི་དེའང་ཞེས་པ་ནི་གཟུང་རྣམ་དེའང་ཞེས་པ་མིན་གྱི། འོ་ན་རྟོག་པ་དེ་ལ་སྣང་བ་དེའང་ཇི་ལྟར་སྤྱི་ཡིན་ཞེ་ན། ཞེས་བྱ་བའི་དོན་ཏོ། །འདིར་ཞར་བྱུང་དུ་བརྗོད་པ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྐྲ་ཤད་དུ་སྣང་བ་དབང་ཤེས་དེའི་སྣང་ཡུལ་དང༌། དབང་ཤེས་དེའི་རྫས་སུ་བཤད་པ་ལྟར་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་སྣང་བའི་དབང་ཤེས་ཤེས་ལའང་འདྲའམ་ཞེ་ན་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་


JLD016_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་བརྡའ་བྱང་གི་མིག་ཤེས་ལ་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་སྣང་ཡང་གཟུགས་བརྙན་དུ་མི་སྣང་ཞིང༌། བྱད་བཞིན་དུ་སྣང་ལ་རྟོག་པས་གཟུགས་བརྙན་དུ་འཛིན་གྱི་བྱད་བཞིན་དུ་མི་འཛིན་ཅིང༌། བརྡ་ལ་མ་བྱང་བས་ནི་རྟོག་པས་ཀྱང་བྱད་བཞིན་དུ་འཛིན་ལ། དེ་དག་གི་མིག་ཤེས་ལ་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་སྣང་བའི་སྣང་བ་དེ་མིག་ཤེས་དེའི་སྣང་ཡུལ་དང་ཤེས་པའི་རྫས་ཡིན་གྱི་ཕྱི་རོལ་མ་ཡིན་ནོ། །འོ་ན་སྔོ་འཛིན་མིག་ཤེས་ལ་སྔོན་པོར་སྣང་བའང་ཤེས་པའི་རྫས་ཡིན་ནམ་ཞེ་ན། མི་མཚུངས་ཏེ། སྔོ་འཛིན་མིག་ཤེས་ལ་སྔོན་པོར་སྣང་བ་སྔོན་པོ་ཡིན་ཞིང༌། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་མཐོང་བའི་མིག་ཤེས་ལ་བྱད་བཞིན་དུ་སྣང་བ་བྱད་བཞིན་དུ་མ་གྲུབ་པས་མིག་ཤེས་དེ་གཉིས་ལ་སྣང་ཡུལ་ལ་འཁྲུལ་མ་འཁྲུལ་གྱི་ཁྱད་པར་བྱུང་བ་ཡིན་པའི་ཕྱིར་རོ། །ཚུལ་འདི་ནི་མདོ་སྡེ་པ་དང་དབུ་མ་ཐལ་འགྱུར་བའི་ཕྱི་རོལ་ཁས་ལེན་ཚུལ་གྱི་ཁྱད་པར་ཁོང་དུ་ཆུད་པ་ལ་ཤེས་དགོས་པ་ཡིན་ནོ། །ད་ནི་སྔར་སྤྱི་མཚན་ཡིན་ན་དོན་བྱེད་མི་ནུས་པར་སྨྲས་པ་དེ་རྒྱས་པར་བསྒྲུབ་པའི་རིགས་པ་དག་འཆད་པ་ལ། རིགས་པ་དང་པོ་དངོས་བཤད་པ་དང༌། དེའི་སྐྱོན་སྤོང་དགག་པ་གཉིས་ལས་དངོས་ནི། གཟུགས་འཛིན་རྟོག་པ་ལ་གཟུགས་མ་ཡིན་པ་ལས་ལོག་པར་སྣང་བ་དེ་གཟུགས་ཀྱི་གསལ་བ་ལ་རྗེས་སུ་འགྲོ་བའི་སྤྱི་དངོས་མ་ཡིན་


JLD016_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔར་ལེའུ་དང་པོར་གསལ་བ་དང་རྫས་གཅིག་ཐ་དད་བརྟགས་ནས་བཀག་ཟིན་ལ། དེ་ལྟ་ནའང་སྣང་བ་དེ་ཕྱི་རོལ་གྱི་གཟུགས་ཀྱི་དངོས་པོར་ཡོད་སྙམ་པའི་ལོག་རྟོག་གཞུང་འདིས་འགོག་པར་ལྷ་དབང་བློས་འཆད་དོ། །དེའང་འདི་ལྟར་རྟོག་པ་ལ་གཟུགས་མ་ཡིན་པ་ལས་ལོག་པར་སྣང་བ་དེ་ཆོས་ཅན། གཟུགས་ཀྱི་དངོས་པོ་མ་ཡིན་ཏེ། གཟུགས་ཞེས་བརྗོད་པའི་བདག་རྐྱེན་ཙམ་ལས་སྒྲ་བྱུང་ཤེས་པའི་གཟུང་ཡུལ་དུ་གྱུར་པའི་སྒོ་ནས་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར། ཞེས་རྟགས་བཀོད་ནས་ལྡོག་པ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པའི་སྒོ་ནས་ཁྱབ་པ་སྒྲུབ་པ་ནི། གཟུགས་ལྟ་བ་ལ་མིག་དབང་སོགས་དགོས་པ་མེད་པར་ཐལ། སྒྲའི་བདག་རྐྱེན་ཙམ་ལས་གཟུགས་སྣང་ཡུལ་དུ་བྱས་ནས་མཐོང་ནུས་པའི་ཕྱིར། འདོད་ན་ལོང་བས་ཀྱང་མིག་ལྡན་ལྟར་གཟུགས་མཐོང་བར་ཐལ་བ་ལས། གཟུགས་བལྟ་བའི་དོན་དུ་མིག་དབང་སོགས་འབྲས་བུ་སྟེ་དགོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་སྒྲ་བྱུང་རྟོག་པའི་སྣང་ཡུལ་ཡིན་ན། གཟུགས་ཀྱི་ངོ་བོར་མི་འཐད་དོ། །དངོས་པོ་མ་ཡིན་ཏེ། སྒྲའི་བརྗོད་བྱ་ཡིན་པའི་ཕྱིར་ཞེས་པ་དང༌། དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར་ཞེས་ཟེར་བ་ནི་དངོས་པོ་གཞི་མ་གྲུབ་པར་སྨྲ་དགོས་པའི་གཏམ་ཡིན་ཏེ། དེ་དག་གི་འདོད་པ་དགག་པ་དང༌། སྒྲ་དོན་ལ་སོགས་པའི་རྣམ་གཞག་ཞིབ་རང་དོན་ལེའུར་བཤད་ཟིན་ཏོ། །བུམ་པ་མ་ཡིན་པ་ལས་ལོག་པར་རྟོག་པ་ལ་སྣང་བ་དེ་ཉིད་ཕྱི་རོལ་པ་རྣམས་


JLD016_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དངོས་པོར་འདོད་ཅིང༌། དེ་འགོག་པའི་རིགས་པ་ཕྲ་མོ་མ་ལྕིགས་པས་ཤིན་ཏུ་རྩིང་བའི་གོ་ཚུལ་གྱིས། རིགས་པ་དེ་དག་རང་གིས་རང་མཚན་རྟོག་པ་ལ་དངོས་སུ་སྣང་བ་དང་སྒྲས་དངོས་སུ་བརྗོད་པར་ཁས་བླངས་ནའང་ཇི་ལྟ་བ་བཞིན་མཚུངས་པར་གོ་བ་ན། དེ་དག་རྟོག་པས་གཟུང་དུ་མེད་ཅིང་སྒྲས་བརྗོད་དུ་མེད་པར་སྨྲ་བ་ངའི་མ་མོ་གཤམ་མ་ཞེས་སྨྲ་བ་དང་མཚུངས་པའི་ཚུལ་བརྟེན་དགོས་པར་འགྱུར་ཞིང༌། ཡང་རང་མཚན་རྣམས་རྟོག་པ་ལ་དངོས་སུ་སྣང་བ་དང་སྒྲས་དངོས་སུ་བརྗོད་པར་ཁས་བླངས་པ་ན་རང་མཚན་རྟོག་པའི་སྣང་ཡུལ་དང་གཟུང་ཡུལ་དུ་ཁས་ལེན་པའི་མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པ་ལ་འཇུག་པར་འགྱུར་བ་དག་གིས་ནི་ཆོས་ཀྱི་གྲགས་པའི་རིང་ལུགས་རྒྱང་རིང་དུ་སྤངས་སོ། །རང་མཚན་རྣམས་རང་དངོས་སུ་འཛིན་པའི་རྟོག་པའི་སྣང་ཡུལ་ཡིན་ན་ལོང་བས་ཀྱང་གཟུགས་མཐོང་བར་མི་འདོད་བཞིན་དུ་ཁས་ལེན་དགོས་པས། དབང་སོགས་དོན་མེད་དུ་ཐལ་བའི་གནོད་པ་འདི་དག་ཏུ་འགྱུར་རོ། །མིག་ཤེས་དང་རྟོག་པ་ལ་གཟུགས་གསལ་བར་སྣང་མི་སྣང་གི་ཁྱད་པར་ཡོད་པས་སྐྱོན་མེད་དོ་སྙམ་ན། གཟུགས་རང་མཚན་གཟུང་ཡུལ་དུ་བྱེད་པར་མཚུངས་པ་ལ་ཁྱད་པར་དེ་མི་འཐད་དོ། །གཟུགས་ཀྱིས་རང་འདྲའི་རྣམ་པ་གཏད་ནས་བསྐྱེད་མ་བསྐྱེད་ཀྱི་ཁྱད་པར་ཡང་མི་འཐད་དོ། །གཟུགས་འཛིན་རྟོག་པ་རང་གི་སྣང་ཡུལ་ཆ་གཅིག་ལ་འཁྲུལ་ཞིང་ཆ་གཅིག་ལ་མི་འཁྲུལ་


JLD016_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོང་དགོས་པ་སོགས་གང་ཅིའང་རུང་བའི་ཅལ་ཅོལ་དུ་མ་ཞིག་སྨྲ་དགོས་པ་དང་གཞུང་གི་རྣམ་གཞག་ཆེས་མང་པོ་ཞིག་ཕྱིན་ཅི་ལོག་ཏུ་འཆད་དགོས་པ་འབྱུང་སྟེ་ཞིབ་པར་མ་བརྗོད་དོ། །དངོས་སུ་སྣང་ནས་རིག་པར་བྱ་བའི་ཡུལ་ཡིན་པས་དེའི་སྣང་ཡུལ་ཡིན་དགོས་ནས། གཟུགས་ཆོས་ཅན། གཟུགས་འཛིན་རྟོག་པའི་གཟུང་དོན་ཡིན་པར་ཐལ། དེས་དངོས་སུ་གཟུང་བར་བྱ་བའི་དོན་ཡིན་པའི་ཕྱིར་རོ། །རྟོག་པའི་སྣང་ཡུལ་གྱི་མཚན་ཉིད་ཅི་ཞེ་ན། ཁྱེད་ཅག་ལ་བྱིས་པ་ཆུང་ངུའི་ཚེ་མི་མཁས་པ་ཞིག་གིས་བྱིན་པའི་མཚན་ཉིད་གང་ཡིན་པ་དེ་མཁས་པ་དག་གིས་ཀྱང་འདོད་པ་ལས་འོས་ཅི་ཞིག་ཡོད་སྙམ་དུ་སེམས་ནི་མཆོག་ཏུ་བཞད་གང་དུ་བྱའོ། །དེས་ན་རང་འཛིན་རྟོག་པའི་སྣང་ངོ་དང་ཞེན་ངོ་གཉིས་ཀྱི་ནང་ནས་རང་འཛིན་རྟོག་པའི་སྣང་ངོ་ཙམ་གྱི་ཆོས་ཞེས་བྱ་བ་རྟོག་པའི་སྣང་ཡུལ་གྱི་མཚན་ཉིད་དུ་ཤེས་པར་བྱའོ། །གཉིས་པ་དེའི་སྐྱོན་སྤོང་དགག་པ་ལ། མང་པོས་བཀུར་བའི་སྐྱོན་སྤོང་དགག་པ་དང༌། བྱེ་བྲག་པ་སོགས་ཀྱི་སྐྱོན་སྤོང་དགག་པ་དང༌། དོགས་པའི་མཐའ་དཔྱོད་པའི་དོན་དུ་བཀོད་པའི་སྐྱོན་སྤོང་དགག་པའོ། །དང་པོ་ནི། རང་སྡེ་མང་པོས་བཀུར་པ་ཁ་ཅིག་ན་རེ། གཟུགས་འཛིན་རྟོག་པའི་སྣང་བ་དབང་ཤེས་ལ་གཟུགས་སུ་སྣང་བ་དང་དོན་མི་གཅིག་པ་དེ་ལྟར་འགྱུར་མོད་ཀྱི། འོན་ཀྱང་སྒྲ་དོན་རང་མཚན་མེད་པ་མ་ཡིན་ཏེ། ལྡན་མིན་འདུ་བྱེད་དུ་གྱུར་པའི་མིང་དང་མཚན་མ་རང་འཛིན་རྟོག་པ་ལས་རྫས་ཐ་དད་པ་དེ་ཉིད་སྒྲ་དོན་དུ་བྱས་ནས་བརྗོད་པ་ཡིན་ནོ། ཞེས་ཟེར་


JLD016_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེའང་རྟོག་པ་ལ་སྣང་བའི་སྒྲ་སྤྱི་དང་དོན་སྤྱི་ལ་མིང་དང་མཚན་མའི་ཐ་སྙད་བྱས་པ་ཙམ་མོ། །དེ་འགོག་པ་ནི། འཆད་ཉན་དོན་གསུམ་གང་དང་འབྲེལ་བརྟགས་པ་ནི་གང་གི་རྫས་ཡིན་བརྟགས་པ་ཡིན་ལ། དེའང་སྒྲ་དོན་དེ་རྫས་སུ་གྲུབ་ན་དེ་གཞིར་ཁ་ཚོན་ཆོད་དགོས་པ་ཡིན་གྱི། དེ་ལས་གཟན་དུ་ཐ་དད་བཀག་ན་ཁེགས་པའི་འབྲེལ་པ་ཙམ་གྱི་དབང་དུ་བྱས་པ་མ་ཡིན་ཏེ། དེ་ཡིན་ན་གང་དང་འབྲེལ་ཙམ་རྟོག་པ་ཡིན་ནམ། འཆད་པ་པོའི་བློ་ཁོ་ན་དང་འབྲེལ་ལམ་ཞེས་སོགས་རྟོག་པ་ཡིན། དང་པོ་ལྟར་ན་དོན་ལ་འཇུག་པར་མི་འགྱུར་བའི་ཐལ་བ་འཐད་པ་མ་ཡིན་ཏེ། རང་ཉིད་རྟོག་པའི་སྣང་བ་སྒྲ་དོན་དུ་འདོད་པ་ལ་ཐལ་བ་དེ་ལྟར་བཟློག་ན་ཇི་ལྟར་སྨྲ་བ་སོམས་ཤིག །རྟོག་པའི་སྣང་བ་རྟོག་པ་དང་མ་འབྲེལ་བར་འདོད་དམ་ཅི་ཁོ་ན་ཞེས་བརྗོད་ནས་འདྲི་ན་བརྟག་པའི་མཐའ་བཞི་པོ་དར་ཁ་ཚོན་མ་ཆོད་ན་ཕ་རོལ་ལ་དེ་ལྟར་འདྲི་བ་ཇི་ལྟར་འཐད། ཆོད་ན་རང་ལའང་རྟོག་པའི་སྣང་བ་འཆད་པ་པོའི་བློ་ཁོ་ན་དང་འབྲེལ་པ་བརྗོད་དམ་ཞེས་སོགས་དྲིས་ན་ཇི་ལྟར་སྨྲ་བ་བརྗོད་ཅིག །དེ་བཞིན་དུ་རྒྱུད་དུ་གཏོགས་མ་གཏོགས་ལའང་ཁ་ཚོན་ཆོད་མ་ཆོད་ཚུལ་འདི་ལྟར་བསམ་པར་བྱའོ། །རང་ལུགས་ལ་བུམ་འཛིན་རྟོག་པ་ལ་བུམ་མ་ཡིན་ལས་ལོག་པར་སྣང་བ་རྟོག་པ་དེའི་བདག་ཉིད་ཡིན་ཀྱང་དེ་སྒྲ་དོན་དུ་བྱས་ནས་བརྗོད་པས་དོན་ལ་མི་འཇུག་པའི་སྐྱོན་མེད་ལ། འཆད་ཉན་བྱེད་པའི་བློའི་རྫས་སྒྲ་དོན་དུ་བྱས་


JLD016_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྐྱོན་དེ་འབྱུང་བའི་ཁྱད་པར་ཡོད་ལ། འཆད་པ་པོའི་བློའི་བདག་ཉིད་ཡིན་ན་འཆད་པ་པོ་ཁོ་ནའི་བློའི་བདག་ཉིད་ཡིན་མི་དགོས་པ་ནི་ཤེས་སླའོ། །བརྟག་པ་དང་པོ་གཉིས་ལྟར་འདོད་ན། བུམ་སྒྲ་ལས་དོན་བུམ་པ་ལ་འཇུག་པར་མི་འགྱུར་བར་ཐལ། དེས་བུམ་པ་མ་བརྗོད་པའི་ཕྱིར། རྟགས་མ་གྲུབ་ན། དེའི་སྒྲ་དོན་བློའི་རྫས་ཡིན་པས་ཁྱབ་པ་བུད། ཅེས་པའི་དོན་ཏེ་དེས་ནི་རྟོག་པའི་གཟུང་རྣམ་ཕྱི་རོལ་ཏུ་བཏགས་པའི་ཆ་སྒྲས་བརྗོད་ཀྱི་རང་མཚན་སྒྲས་བརྗོད་པ་མི་སྲིད་དོ་ཞེས་སྨྲ་བ་དག་ལེགས་པར་བཀག་གོ །མིང་སོགས་ལ་ཕྱི་རོལ་ཏུ་འདྲ་བས་འཁྲུལ་ན་རེས་འགའ་དོན་ལ་འཇུག་ཏུ་ཆུག་ཀྱང་རེས་འགའ་མིང་སོགས་ལའང་འཇུག་པར་འགྱུར་བ་དང༌། རྟོག་པའི་སྣང་བ་སྒྲ་དོན་ཡིན་ཀྱང་སྣང་བརྟགས་གཅིག་ཏུ་འཁྲུལ་ནས་འཇུག་པས་དོན་ལ་འཇུག་པར་མི་འགྱུར་བའི་སྐྱོན་མི་མཚུངས་ལ། ཁྱེད་ཕྱིར་རོལ་གྱི་རྣམ་པར་སྣང་བ་མི་འདོད་པས་དེ་ལྟར་མི་རུང་བ་དང༌། རྣམ་པར་སྣང་བ་ཁས་ལེན་ནའང་རྣམ་ཤེས་རྟོག་པ་ལས་རྫས་ཐ་དད་པའི་གཟུང་ཡུལ་ཡོད་པ་ནི་སྒྲུབ་བྱེད་ཚད་མ་ཅན་མ་ཡིན་པར་ཐལ། དེ་ཡིན་ན་རྟོག་པ་རྣམས་རང་གི་གཟུང་དོན་གྱི་སྟོབས་ལས་བསྐྱེད་དགོས་པ་ལས། རྟོག་པ་རྣམས་རང་གི་གཟུང་དོན་ཕན་བྱེད་དུ་ཡོད་པ་ལོག་ན་རང་སྐྱེ་བ་ལྡོག་པའི་འབྲེལ་པ་གྲུབ་པ་མེད་པའི་ཕྱིར་རོ། །ཚིག་དོན་རེ་རེ་ནས་མ་བཤད་པ་དག་ནི་གོ་སླ་ཞིང་ངག་དོན་ལོགས་སུ་བཤད་པ་ལས་རྟོགས་པར་འགྱུར་རོ། །སྒྲུབ་བྱེད་མེད་པ་མ་གྲུབ་སྟེ།


JLD016_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཀུན་གཟུང་དོན་དང་ལྡན་པས་ཁྱབ་པའི་ཕྱིར་ཞེ་ན། དེའི་ལན་ནི་སྔོ་སོགས་མིན་གྱི་བར་ཏེ། འོ་ན་རྨི་ལམ་གྱིཤེས་པ་ལ་སྔོ་སོགས་སུ་སྣང་བ་དེ་གང་ཡིན་ཞེ་ན། རྨི་ལམ་གྱི་ཤེས་པ་ལ་ཨུཏྤ་ལ་སྔོན་པོར་སྣང་བ་དེ་སྣང་མཁན་ཤེས་པ་དེའི་བདག་ཉིད་ཡིན་ཏེ། དེ་ཕྱི་རོལ་དོན་དུ་གྲུབ་ན་གཞི་དེར་དམིགས་རུང་གི་ཨུཏྤལ་སྔོན་པོ་ཡོད་དགོས་ཤིང༌། དེ་ཡོད་ན་རུང་ཡུལ་དེར་གནས་པའི་གཉིད་མ་ལོག་པའི་སྐྱེས་བུ་དབང་པ་མ་ཉམས་པས་ཡིད་གཏད་ན་གཞི་དེར་ཨུཏྤལ་སྔོན་པོ་ཤེས་དགོས་པ་ལས་མི་ཤེས་ཤིང༌། རྨི་ལམ་གྱི་ཤེས་པ་རང་ཉིད་ཁོ་ནའི་གཟུང་ཡུལ་དུ་གྱུར་ནས་སྣང་བའི་ཕྱིར། འདིར་ལྷའི་འགྲེལ་པར་མངོན་སུམ་རང་གིས་ཤེས་པའི་རྒྱུའི་ཕྱིར་རོ། ཞེས་འབྱུང་སྟེ། རྨི་ལམ་གསལ་སྣང་གི་རྟོག་མེད་ལོག་ཤེས་མངོན་སུམ་དུ་བཞེད་པའི་གོ་སྐབས་མེད་མཆི། ”ཡི་གེ་མ་དག་པ་ཡིན་ནམ་བརྟག་པར་བྱའོ། །གཞུང་འདི་ལ་བརྟེན་ནས་དོན་སྤྱི་ཤེས་པར་སྨྲ་བ་ནི། རྟོག་པའི་སྣང་ཡུལ་འཆད་ཉན་བྱེད་པའི་ཤེས་པ་ཡིན་ན་སྒྲ་ལས་དོན་ལ་འཇུག་པར་མི་འགྱུར་བའི་ཐལ་བ་གོང་དུ་འཕངས་མ་ཐག་པ་དྲན་པ་ལ་མ་བཞག་པའི་ཚིག་བྱུང་རྒྱལ་དུ་སྨྲས་པར་ཟད་དོ། །རིགས་པ་དེས་ནི་མིང་སོགས་ཀྱང་ཤེས་པ་ལས་རྫས་ཐ་དད་མིན་པར་བརྗོད་པ་ཡིན་ནོ། །དེའང་རྨི་ལམ་གྱི་གནས་སྐབས་ན་ཤེས་པ་རྟོག་པ་དང་རྟོག་མེད་གཉིས་ཡོད་པའི་རྟོག་པ་ལ་གཟུང་རྣམ་ཤེས་པའི་རྫས་དང་


JLD016_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་ཡུལ་སྒྲ་དོན་དངོས་མེད་ཀྱི་ཆ་གཉིས་ཡོད་པ་སད་པའི་གནས་སྐབས་དང་འདྲ་ལ། རྟོག་མེད་ལ་ཡུལ་གསལ་བར་སྣང་བའང་སད་པའི་ཚེ་དབང་ཤེས་འཁྲུལ་པ་ལ་སྐྲ་ཤད་དུ་གསལ་བར་སྣང་བ་དང་འདྲའོ། །དེ་ལ་རྟོག་པ་རང་ཉིད་ཁ་ཕྱི་རོལ་དུ་ཡུལ་ལ་ཕྱོགས་པའི་ཆ་ནི་རྟོག་པའི་གཟུང་རྣམ་དང༌། ནང་མྱོང་བ་གསལ་རིག་ཙམ་ནི་འཛིན་ཆ་ཡིན་ལ། རྟོག་པ་རང་ཉིད་ཀྱི་གཟུང་ཆ་བག་ཆགས་ཀྱི་དབང་གིས་བུམ་པ་ལྟ་བུར་ཤར་བ་ནི་བུམ་འཛིན་རྟོག་པའི་གཟུང་རྣམ་ཞེས་བྱའོ། །ཐོགས་མེད་ཕྱིར་ན་སྔོ་སོགས་མིན། ཞེས་པའི་ཕྱི་འགྲེལ་དུ་ལྷས་དཔྱད་པ་མཛད་པའི་དོན་འདི་ཡིན་ཏེ་རྨི་ལམ་ན་སྒོ་སོགས་སུ་སྣང་བ་སྔོ་སོགས་མིན་པ་ལྟར། རྨི་ལམ་གྱི་ལུས་ལོགས་སུ་ཆད་པ་ལྟར་སྣང་བའི་ལུས་དེའང་སྣང་བ་ལྟར་དངོས་པོ་ལོགས་སུ་གྲུབ་པའི་ལུས་མ་ཡིན་ཏེ། དེ་ཡིན་ན་མལ་ན་གནས་པའི་ལུས་ལ་དབུགས་འབྱུང་རྔུབ་མེད་པར་ཐལ་བ་དང༌། དེ་ཉིད་ཤི་བའི་ལུས་དང་མཚུངས་པར་ཐལ་པ་དང༌། མལ་གྱི་ལུས་དེ་ལ་མཚོན་བསྣུན་ནས་བསང་པས་སྲོག་གཅོད་ཀྱི་ལས་མ་མི་རྫོགས་པར་ཐལ་བས་སོ། །ཁྱབ་སྟེ། སྐྱེས་བུ་གཅིག་ལ་དུས་གཅིག་ཏུ་རྣམ་པར་ཤེས་པའི་རྒྱུད་ཐ་དད་པ་གཉིས་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །འདི་ལྟར་ཤེས་ན་ཕན་པའི་སྐབས་མང་བར་ཡོད་པས་བཤད་དོ། །ལྷ་དབང་བློས་མིག་ལ་སོགས་པའི་ཞེས་སོགས་ཤེས་པ་ཀུན་གཟུང་དོན་དང་ལྡན་པས་ཁྱབ་པ་འགོག་པའི་རིགས་པའི་རྣམ་གྲངས་གཞན་བསྟན་པ་ལ་འཆད་པ་ལྟར་བྱ་སྟེ། འདིའི་དོན་ཊཱིཀ་བྱེད་ཕལ་ཆེ་བས། མིག་


JLD016_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཟུང་དོན་དང་ལྡན་པར་་རྒྱུ་མཚན་གང་གིས་འདོད་དྲིས་ནས། གཟུང་དོན་དང་ལྡན་ཏེ། གཟུང་དོན་གྱིས་རྣམ་པ་གཏད་པའི་སྒོ་ནས་ཕན་འདོགས་པའི་ནུས་པ་མཐོང་བའི་ཕྱིར་ཞེ་ན། གཞན་མིང་སོགས་ལ་རྟོག་པ་ཆོས་ཅན། གཟུང་དོན་མེད་པ་ཅན་དུ་ཐལ། གཟུང་དོན་གྱིས་ཕན་པའི་ནུས་པ་མ་མཐོང་བའི་ཕྱིར་ཞེས་འཆད་དོ། །འོ་ན་མིག་ཤེས་ཆོས་ཅན། སྣང་ཡུལ་ཅན་དུ་ཐལ། རང་གི་སྣང་ཡུལ་གྱིས་རང་འདྲའི་རྣམ་པ་གཏད་པའི་སྒོ་ནས་ཕན་འདོགས་པའི་ནུས་པ་མཐོང་བའི་ཕྱིར་ཞེས་པ་ལ་ཁྱབ་པ་ཡོད་དམ་མེད། མེད་ན་མ་ངེས་པ་བསྟན་རྒྱུ་ཅི་ཞིག་ཡོད། ཡོད་ན་རྟོག་པ་ཆོས་ཅན། སྣང་ཡུལ་མེད་པ་ཅན་དུ་ཐལ། སྣང་ཡུལ་གྱིས་རང་འདྲའི་རྣམ་པ་གཏད་པའི་སྒོ་ནས་རང་ལ་ཕན་འདོགས་པའི་ནུས་པ་མ་མཐོང་བའི་ཕྱིར་ཞེས་བརྗོད་ན་ཅི་སྨྲ་སོམས་ཤིག །དེས་ན་གཟུགས་སོགས་མིག་ཤེས་སོགས་ཀྱི་གཟུང་དོན་ཡིན་པར་འཇོག་བྱེད་གང་གིས་འཇོག་ཅེས་དྲིས་པ་ལ་ཐལ་བ་འཕངས་པ་ཡིན་གྱི། སྒྲུབ་བྱེད་ཀྱི་རྒྱུ་མཚན་དྲིས་པའི་ཁྱབ་པ་ལ་འཕངས་པ་མ་ཡིན་ནོ། །འཆད་ཉན་དོན་གསུམ་གང་དང་ཡང་འབྲེལ་བ་མེད་ཀྱི་ལྡན་མིན་འདུ་བྱེད་སྒྲ་དོན་ཡིན་ནའང་སྒྲ་ལས་དོན་ལ་འཇུག་པར་མི་འགྱུར་རོ། །གལ་ཏེ་བརྗོད་བྱ་བུམ་སོགས་ཀྱི་དོན་དང་འབྲེལ་ལྡན་པ་སྟེ་དོན་དེའི་རྗེས་སུ་གྱུར་ཡིན་ནོ་ཞེ་ན། འོ་ན་འདས་པའི་དུས་ཀྱི་རྒྱལ་པོ་མང་པོས་བཀུར་བ་དང་མ་འོངས་པའི་དུས་ཀྱི་རྒྱལ་པོ་དུང་ཞེས་ད་ལྟའི་དུས་ན་བརྗོད་པར་བྱ་བ་མ་ཡིན་པར་ཐལ། རྒྱལ་པོ་མང་པོས་བཀུར་བའི་མིང་སོགས་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་དོན་ནི་རྒྱལ་པོ་དེ་


JLD016_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་ཟད་ཅིང་འགགས་ནས་ད་ལྟའི་དུས་ན་མེད། རྒྱལ་པོ་དུང་གི་དེ་དག་ཀྱང་ད་དང་འདྲ་བར་ད་ལྟའི་དུས་ན་མ་སྐྱེས་པས་མེད་པའི་ཕྱིར་རོ། །ཁྱབ་པ་མེད་ན་དེ་དང་དེ་བརྗོད་པའི་སྒྲ་དོན་ཡིན་ན་དེ་དང་དེའི་མིང་སོགས་ལྡན་མིན་འདུ་བྱེད་ཡིན་པས་ཁྱབ་པ་བུད། རྟགས་མ་གྲུབ་ན། དེ་དང་དེའི་མིང་སོགས་ལྡན་མིན་འདུ་བྱེད་ཡིན་ན་དེ་དང་དེའི་རྫས་ཡིན་པས་ཁྱབ་པ་བུད། འདིར་དུས་གསུམ་གྱི་རྣམ་པར་བཞག་པ་མདོར་བསྡུས་པ་ཙམ་ཞིག་བརྗོད་པར་བྱ་སྟེ། དེའང་བྱེ་བྲག་སྨྲ་བ་རྣམས་མྱུ་གུ་ལ་སོགས་པ་རེ་རེའང་དུས་གསུམ་དུ་འཇོག་པས་མྱུ་གུ་མ་འོངས་པ་དང་མྱུ་གུ་འདས་པའི་དུས་སུའང་མྱུ་གུ་ཡོད་པར་འདོད་དེ། དངོས་པོ་ཐམས་ཅད་ལ་ཚུལ་དེ་ལྟར་ཁས་ལེན་ནོ། །དེའི་ནང་གསེས་ཀྱི་འདོད་པ་མི་འདྲ་བའི་ཚུལ་རྣམས་ནི་གཞན་དུ་བཤད་ཟིན་ཏོ། །དབུ་མ་ཐལ་འགྱུར་པའི་ལུགས་ལ་འདས་མ་འོངས་དངོས་པོར་བཞེད་ཀྱང་བྱེ་བྲག་སྨྲ་བའི་འདོད་པ་དང་དངོས་པོར་འདོད་ཚུལ་གཏན་མི་མཚུངས་ཤིང་དབུ་མ་རང་རྒྱུད་པ་དང་མདོ་སེམས་གཉིས་ནི་དངོས་པོ་ཡིན་ན་ད་ལྟར་བ་ཡིན་པས་ཁྱབ་པ་དང༌། འདས་མ་འོངས་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་པར་འདོད་དེ། དེའང་མྱུ་གུ་ལྟ་བུའི་དངོས་པོ་གཅིག་ཞིག་པ་ན་མྱུ་གུའི་ཆ་ཤས་ཀྱི་དངོས་པོ་ཐམས་ཅད་ནི་འགགས་ལ་འགགས་པ་དེས་མྱུ་གུ་མ་ཡིན་པ་བུམ་པ་ལ་སོགས་པའི་དངོས་པོ་གང་ཡང་མ་ཐོབ་ཅིང༌། འདས་མ་འོངས་གཉི་ག་ལའང་དགག་བྱ་རྣམ་པར་བཅད་ཙམ་ཡིན་པའི་རང་གི་ངོ་བོ་ཅུང་ཟད་ཀྱང་གྲུབ་པ་མེད་པས་དེའི་ཕྱིར་འདས་མ་འོངས་ཡིན་ན་


JLD016_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོར་མ་གྲུབ་པས་ཁྱབ་བོ་སྙམ་དུ་བསམ་མོ། །དེ་ལ་ཐལ་འགྱུར་བ་ལྟར་ན་བུམ་པའི་ཞིག་པ་དང་བུམ་པའི་མ་སྐྱེས་པ་སོགས་མ་ཡིན་དགག་ཡིན་པར་བཞེད་ཅིང༌། མདོ་སེམས་རང་རྒྱུད་པ་གསུམ་མེད་དགག་ཏུ་བཞེད་དོ། །དེ་ལ་འདིར་མྱུ་གུ་ལ་མཚོན་ན། རྒྱུ་རྐྱེན་ལས་སྐྱེས་ཟིན་པའི་མྱུ་གུ་རང་གི་དུས་གཉིས་པར་ཞིག་པ་ནི་མྱུ་གུའི་འདས་པའི་དུས་དང༌། སྤྱིར་མྱུ་གུ་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང༌། དགུན་གྱི་དུས་ཀྱི་ཤར་ཕྱོགས་ཀྱི་ཞིང་འདི་ལྟ་བུ་ཡུལ་དུས་འགའ་ཞིག་ཏུ་རྒྱུ་རྐྱེན་མ་ཚང་བའི་དབང་གིས་ཡུལ་དུས་དེར་རེ་ཞིག་མྱུ་གུ་མ་སྐྱེས་པ་ནི་མྱུ་གུའི་མ་འོངས་པའི་དུས་སོ། །མྱུ་གུ་སྐྱེ་ལ་མ་འགག་པ་མྱུ་གུ་རང་གི་གྲུབ་པའི་དུས་ནི་མྱུ་གུའི་ད་ལྟར་བའི་དུས་སོ། །མངོན་པའི་སྡེ་སྣོད་དག་ལས་རི་བོང་རྭ་ལ་སོགས་པ་གཞི་མ་གྲུབ་པ་དང༌། ནམ་མཁའ་ལ་སོགས་པ་དངོས་པོར་མེད་པ་དག་མ་བྱུང་བ་ཙམ་ཡིན་ཀྱང་དེ་དག་གི་མ་སྐྱེས་པའི་ཆ་མ་འོངས་པར་འཇོག་པ་བཅད་པའི་ཕྱིར་དུ་རྒྱུ་ཡོད་ཀྱང་མ་བྱུང་བ་ཞེས་གསུངས་ཏེ། སྤྱིར་ཆོས་དེ་བསྐྱེད་པའི་རྒྱུ་ཡོད་ཀྱང་ཡུལ་དུས་དེར་ཆོས་དེ་བསྐྱེད་པའི་རྒྱུ་མ་ཚང་བ་ཞིག་གི་མ་སྐྱེས་པའི་ཆ་མ་འོངས་པར་འཇོག་པ་ཡིན་གྱི་ཡུལ་དུས་གང་དུའང་ཆོས་དེ་བསྐྱེད་པའི་རྒྱུ་མི་སྲིད་པ་དག་གི་མ་སྐྱེས་པའི་ཆ་མ་འོངས་པར་མི་འཇོག་པའི་དོན་ཏོ། །དེའི་ཕྱིར་མ་བྱུང་བའམ་མ་སླེབ་པ་ཙམ་མ་འོངས་པའི་མཚན་ཉིད་དུ་འཇོག་པ་ནི་རྒྱུ་ཡོད་ཀྱང་ཞེས་གསུངས་པའི་རྣམ་བཅད་མ་གོ་ཞིང༌། ཤིང་རྟ་ཆེན་པོ་དག་


JLD016_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཞུང་ལས་ཆོས་དེའི་འདས་མ་འོངས་ཀྱི་དུས་གཉིས་ཆོས་དེའི་ད་ལྟར་གྱི་དུས་ལ་བལྟོས་ནས་འཇོག་པའི་རྣམ་གཞག་མང་དུ་འབྱུང་བ་དང་འགལ་ལོ། །དེས་ན་འདས་པའི་མཚན་གཞི་ནི་མྱུ་གུ་རང་གི་དུས་གཉིས་པར་ཞིག་པའི་ཆ་ལྟ་བུ་དང༌། མ་འོངས་པའི་མཚན་གཞི་ནི་དགུན་གྱི་དུས་ཀྱི་ཤར་ཕྱོགས་ཀྱི་ཞིང་འདིར་རྒྱུ་རྐྱེན་མ་ཚང་བའི་སྟོབས་ཀྱིས་མྱུ་གུ་མ་སྐྱེས་པའི་ཆ་ལྟ་བུ་དང༌། ད་ལྟར་བ་ནི་མྱུ་གུ་ལྟ་བུའོ། །འདས་པའི་མཚན་ཉིད་ནི། ཁྱོད་དུས་གང་དུ་འཇོག་པ་དངོས་པོ་གང་གི་རང་དུས་ལ་བལྟོས་ནས་བཞག་དགོས་པའི་བལྟོས་སར་གྱུར་པའི་དངོས་པོའི་རང་དུས་དེ་ལས་ཐལ་ཟིན་པ། མ་འོངས་པའི་མཚན་ཉིད་ཁྱོད་དུས་གང་དུ་འཇོག་པ་དངོས་པོ་གང་གི་རང་དུས་ལ་བལྟོས་ནས་བཞག་དགོས་པའི་བལྟོས་སར་གྱུར་པའི་དངོས་པོའི་རང་དུས་དེར་མ་སླེབ་པའི་ཆོས། ད་ལྟར་བའི་མཚན་ཉིད། རང་དུས་ན་སྐྱེས་ལ་མ་འགགས་པའི་ཆོས། ཁ་ཅིག་ན་རེ། བུམ་པའི་ཞིག་པ་ཆོས་ཅན། ཞིག་པ་ཡིན་པར་ཐལ། འདས་པ་ཡིན་པའི་ཕྱིར། འདོད་ན་བུམ་པ་མ་ཞིག་པར་ཐལ། བུམ་པ་ཞིག་པ་ཞིག་པའི་ཕྱིར། མ་ཁྱབ་ན་དགག་པ་གཉིས་ཀྱིས་རྣལ་མ་མི་གོ་བར་འགྱུར་རོ་ཞེས་ཟེར་བ་ནི་ཅི་ཡང་མ་ཡིན་ཏེ། བུམ་པ་མ་ཞིག་པ་ཤིན་ཏུ་འདོད་པའི་ཕྱིར་དང༌། ཆུ་ལུད་དང་བྲལ་བའི་ཤར་ཕྱོགས་ཀྱི་ཞིང་འདི་ལ་མྱུ་གུ་མ་སྐྱེས་པ་སྐྱེས་སམ་མ་སྐྱེས། སྐྱེས་ན་མ་འོངས་པ་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་པར་ཁྱེད་རང་གིས་ཀྱང་ཁས་བླངས་པ་ཉམས་ལ། མ་སྐྱེས་ན། དེ་འདྲའི་ཞིང་ལ་


JLD016_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། མྱུ་གུ་སྐྱེས་པར་ཐལ། མྱུ་གུ་མ་སྐྱེས་པ་མ་སྐྱེས་པའི་ཕྱིར། འཁོར་གསུམ་ཁས་སོ། །མ་ཁྱབ་ན་དགག་པ་གཉིས་ཀྱིས་རྣལ་མ་མི་གོ་བར་ཐལ། དེའི་ཕྱིར་སླར་ཡང་འཁོར་གསུམ་ཁེགས་སོ། །དེ་ལྟར་སྨྲ་བ་ནི་དགག་པ་གཉིས་ཀྱིས་རྣལ་གོ་བའི་དོན་གཏན་མ་རྟོགས་པ་སྟེ། བུམ་པ་ཞིག་པ་དེ་བུམ་པ་དང་བུམ་པ་མ་ཞིག་པ་གང་དང་ཡང་དངོས་འགལ་མ་ཡིན་པའི་ཕྱིར་ཏེ། གཉིས་མ་ཡིན་གྱི་ཕུང་གསུམ་དུ་མ་ཡོད་པའི་ཕྱིར་རོ། །དེས་ན་དགག་པ་གཉིས་ཀྱིས་རྣལ་མ་གོ་པ་ནི་རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་འགལ་བ་ཁོ་ན་ལ་བརྩི་བ་ཡིན་ནོ། །གཞན་ཡང་མྱུ་གུ་ཞིག་པ་ནི་མྱུ་གུའི་འདས་པའི་དུས་དང༌། མྱུ་གུ་མ་སྐྱེས་པ་ནི་མྱུ་གུའི་མ་འོངས་པའི་དུས་དང༌། མྱུ་གུ་སྐྱེས་ལ་མ་འགགས་པའི་དུས་ནི་མྱུ་གུའི་ད་ལྟར་བའི་དུས་ཡིན་པས། མྱུ་གུ་ད་ལྟར་བ་ཡིན་མིན་ནི་མྱུ་གུའི་རང་དུས་ལ་བརྩི་དགོས་པ་ཡིན་གྱི། དུས་ཀྱི་དགག་སྒྲུབ་བྱེད་པ་པོའི་གང་ཟག་དེའི་ངག་བརྗོད་བཞིན་པའི་དུས་ན་མེད་པས་མྱུ་གུ་ད་ལྟར་བ་མ་ཡིན་པར་འཇོག་པ་མ་ཡིན་ཏེ། གང་ཟག་དེའི་ངག་བརྗོད་པའི་དུས་ན་མེད་པས་མྱུ་གུའི་རང་དུས་ན་མེད་པར་མི་འགྱུར་བའི་ཕྱིར་རོ །རྒྱུ་མཚན་འདི་ཉིད་ཀྱིས་ན་འདས་པའི་རྒྱལ་པོ་མང་པོས་བཀུར་བ་ད་ལྟར་བའི་དངོས་པོ་ཡིན་པར་སྨྲས་པ་ནི་རྒྱལ་པོ་མང་པོས་བཀུར་བའི་རང་དུས་ན་ད་ལྟར་བའི་དངོས་པོ་ཡིན་པའི་དོན་དང༌། སང་ཉིན་དངོས་པོ་ད་ལྟར་བ་ཡིན་པའང་སང་ཉིན་རང་དུས་


JLD016_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ན་དངོས་པོ་ད་ལྟར་བ་ཡིན་པའི་དོན་ཡིན་ནོ། །དེས་ན་འབྱུང་འགྱུར་གྱི་ལོ་ཏོག་རང་དུས་ན་ད་ལྟར་བ་དང་སྐྱེས་ལ་མ་འགགས་པ་ཡིན་ཅིང་སྐྱེས་ཟིན་པའང་ཡིན་ལ། ལོ་ཏོག་རང་གྲུབ་དུས་ན་ལོ་ཏོག་དེ་འབྱུང་བར་བྱ་བའི་ཕྱིར་སོ་ནམ་ལ་འབད་དགོས་པའང་མ་ཡིན་ནོ། །དེས་ན་འབྱུང་འགྱུར་གྱི་ལོ་ཏོག་ཆོས་ཅན། ཁྱོད་ཀྱི་དངོས་རྒྱུ་སོགས་ད་གཟོད་འབྱུང་དགོས་པ་མ་ཡིན་པར་ཐལ། ཁྱོད་ད་ལྟར་སྐྱེས་ཟིན་པའི་ཕྱིར་འདོད་ན་ཁྱོད་འབྱུང་བའི་ཕྱིར་དུ་སོ་ནམ་ལ་འབད་པ་དོན་མེད་པར་ཐལ་ཞེས་སོགས་མང་དུ་སྨྲ་བ་ནི་ཁས་ལེན་ངོ་མ་ཤེས་པའི་ཐལ་འགྱུར་གྱིས་རང་ཉིད་ཕྱུགས་སུ་གོ་བར་བྱེད་པ་སྟེ། ལོ་ཕྱི་མའི་ལོ་ཏོག་ཁོ་རང་གི་གྲུབ་དུས་ན་སྐྱེས་ཟིན་པ་ཡིན་ན་ད་ལོ་སྐྱེས་ཟིན་པ་ཡིན་ཨེ་དགོས་ཤེས་རིག་ཅུང་ཟད་དང་ལྡན་པ་དག་གིས་རྟོགས་ཤིག །སང་རེས་ཀྱི་ལོ་ཏོག་དངོས་པོ་མིན་པར་སྨྲ་བ་ཁྱོད་ལྟར་ན་ལོ་ཏོག་དེ་ཆོས་ཅན། རྟག་པར་ཐལ། དངོས་པོར་མ་གྲུབ་པའི་ཆོས་ཡིན་པའི་ཕྱིར། ཞེས་བརྗོད་ན་ཅི་སྨྲ འདོད་ན་ཁྱོད་འབྱུང་བའི་ཕྱིར་སོ་ནམ་ལ་འབད་པ་དོན་ཡོད་པ་བུད། རྒྱུ་འབྲས་དངོས་པོ་དང་མི་རྟག་པར་སྨྲ་བ་ནི་སྨོན་ལམ་ལོག་པར་བཏབ་པའི་འབྱུང་པོ་ལྟར་བརྫུས་ནས་བསླབ་པའི་ཆོས་སྐད་མ་ཡིན་གྱི་ཤཱཀྱའི་དགེ་སྦྱོང་ལྟར་བཅོས་ནས། རྟག་པའི་རྒྱུ་འབྲས་ཁས་ལེན་པ་བདུད་རིགས་དངོས་ཡིན་པར་ཤེས་པར་བྱོས་ཤིག །དེ་བཞིན་དུ་བསྐལ་བ་དུ་མའི་སྔ་རོལ་གྱི་རྒྱལ་པོ་མང་པོས་བཀུར་བའི་སྲོག་དབང་ཆོས་ཅན། ད་ལྟར་བ་ཡིན་


JLD016_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། རང་དུས་ན་སྐྱེས་ལམ་འགགས་པའི་ཆོས་ཡིན་པའི་ཕྱིར། ཞེས་སྒྲུབ་བྱེད་བརྗོད་ན་ཅི་ཞིག་སྨྲ། རྟགས་མ་གྲུབ་ན་རང་དུས་ན་ཤི་བར་ཐལ། རང་དུས་ན་སྲོག་དབང་འགགས་པའི་ཕྱིར། ཁྱབ་པ་ཁྱེད་རང་གིས་ལན་བརྒྱར་ཁས་བླངས་སོ། །འདོད་ན་མ་ཤི་པའི་དུས་ན་ཤི་བར་ཐལ་ལོ། །རྩ་བར་ཁྱབ་པ་མེད་ན། ཆོས་དེ་ད་ལྟར་བར་འཇོག་པ་རང་དུས་ལ་བལྟོས་ནས་འཇོག་པ་མ་ཡིན་པར་ད་ལྟར་བའི་དངོས་པོ་རང་དུས་ལ་གཞན་པའི་དུས་ནའང་མ་འགགས་པ་ཡོད་པར་འགྱུར་རོ། །དེ་འདོད་ན་རྟག་དངོས་ཡོད་པར་འགྱུར་རོ། །ལོ་སྔ་མ་དངོས་པོ་མིན་ན་ད་ལོ་རྒྱུ་མེད་དུ་ཐལ་བ་དང་ལོ་ཕྱི་མ་དངོས་པོ་མིན་ན་ད་ལོའི་འབྲས་བུ་མ་ཡིན་པར་ཐལ་ལོ། །རང་གྲུབ་དུས་ལས་དུས་གཉིས་པར་ཞིག་ན་ཞིག་པ་ཡིན་པས་ཁྱབ་པར་ཐལ། རྒྱལ་པོ་མང་པོས་བཀུར་བ་ཞིག་པ་ཡིན་པས་དངོས་པོར་མ་གྲུབ་པའི་ཕྱིར། འདོད་ན་དེ་རིང་ཆོས་ཅན། ཞིག་པ་ཡིན་པར་ཐལ། རང་གྲུབ་དུས་ལས་དུས་གཉིས་པར་ཞིག་པ་ཡིན་པའི་ཕྱིར། འདོད་ན་དངོས་པོ་མ་ཡིན་པར་ཐལ། ཞིག་པ་ཡིན་པའི་ཕྱིར་འཁོར་གསུམ་ཁས་སོ། །རྟགས་མ་གྲུབ་ན། ཤེས་བྱ་ཆོས་ཅན། དེར་ཐལ། སང་ཉིན་གྱི་དུས་ན་དེ་རིང་ཞིག་པ་ཡིན་པའི་ཕྱིར། རྟག་དངོས་ཡོད་པར་ཡང་འགྱུར་རོ། །འདས་པ་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་པར་འདོད་བཞིན་དུ་འདས་པའི་མཚན་ཉིད་སྐྱེས་ལ་འགགས་པ་ཞེས་ཟེར་བ་ནི་དངོས་པོ་མ་


JLD016_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ཁྱབ་པ་དང་སྐྱེས་པ་ཡིན་པས་ཁྱབ་པར་སྨྲ་བའི་མུ་ཅོར་རོ། །གཞན་ཡང་དུས་གསུམ་བལྟོས་འཇོག་གི་མཚོན་སྦྱོར་འགོད་ཚུལ་མང་པོ་ནི་འཁྲུལ་པ་རགས་པར་ཤེས་སླ་ལ། དེ་རིང་གི་དུས་ན་ཁ་སང་ཞིག་པ་འདས་པའི་མཚན་གཞི་ཡིན་ཀྱང༌། དེ་རིང་གི་དུས་ན་ཞིག་པའི་ཁ་སང་འདས་པའི་མཚན་གཞི་མ་ཡིན་ནོ། །དེ་བཞིན་དུ་མ་སྐྱེས་པ་ཡིན་པའི་མྱུ་གུ་གཞི་མ་གྲུབ། ད་ལྟ་མ་སྐྱེས་པའི་མྱུ་གུའི་སྐྱེད་བྱེད་ཀྱི་རྒྱུ་ཡོད་མྱུ་གུ་ད་ལྟ་མ་སྐྱེས་པ་སྐྱེད་བྱེད་ཀྱི་རྒྱུ་མེད་ཅེས་སོགས་སུ་ཤེས་པར་བྱའོ། །དེ་ལྟར་ཤེས་ན་ཕྱོགས་སྔ་མའི་ནམ་མ་ལངས་པའི་སྔ་རོལ་ནས་དགག་པ་ལྟར་སྣང་གི་ཉི་མ་ཤར་བ་དག་གི་སྨྲ་བ་ཐམས་ཅད་བྱིས་པ་བླ་བརྡོལ་སྨྲ་བ་དང་མཚུངས་པར་བདེ་བླག་ཏུ་ཤེས་པར་འགྱུར་རོ། །གཉིས་པ་བྱེ་བྲག་པ་སོགས་ཀྱི་སྐྱོན་སྤོང་དགག་པ་ནི། རྒོལ་བ་དེ་དག་ན་རེ། གལ་ཏེ་རྗོད་བྱེད་སྒྲ་ཡིས་སྤྱི་དངོས་པོ་བ་ཡན་གར་བ་ནི་སྒྲ་དོན་དུ་བྱས་ནས་བརྗོད་པའི་ཕྱིར་སྒྲ་དོན་དངོས་པོ་བ་ཡོད་ཀྱང་དབང་སོགས་དོན་མེད་དུ་ཐལ་བར་མི་འདོད་དོ་ཞེ་ན། དེའི་སྒོ་ནས་དབང་སོགས་དོན་མེད་དུ་ཐལ་བའི་སྐྱོན་མེད་པ་དེ་མ་ཡིནཏེ། དེ་འདྲའི་སྤྱི་ནི་ཡན་གར་བ་བརྗོད་པ་མེད་པའི་ཕྱིར་རོ། །བརྗོད་ནའང་སྐྱོན་ཡོད་དེ་འདི་ལྟར་སྤྱི་དེ་གསལ་བ་རྣམས་ལ་མཚུངས་པར་རྗེས་སུ་འགྲོ་བ་མ་ཡིན་པ་དང༌། གསལ་བས་གསལ་བར་བྱེད་པ་ལ་བལྟོས་པའང་མ་ཡིན་པར་ཐལ། གསལ་བ་ལ་བལྟོས་མེད་ཡན་གར་བ་ཡིན་པའི་ཕྱིར། འདོད་ན་རྩ་བའི་གྲུབ་མཐའ་


JLD016_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དངོས་སུ་ཁས་བླངས་པ་དང་འགལ་ལོ། །གསལ་བ་ལ་བལྟོས་མེད་དུ་སྤྱི་འཛིན་ཤེས་པའི་གཟུང་དོན་དུ་འགྱུར་བའི་རྟག་པ་ཡིན་ན་དུས་རྟག་ཏུ་དམིགས་པར་ཐལ་བ་འཕེན་པ་ངེས་ན་ཞེས་སོགས་ཏེ། དེ་ནི་དེ་ལ་གང་གིས་སྤྲུལ་ཞེས་པའི་བར་ཤེས་སླའོ། །གསུམ་པ་དོགས་པའི་མཐའ་དཔྱོད་པའི་སྐྱོན་སྤོང་དགག་པ་ནི། གལ་ཏེ་དོན་རང་མཚན་དེ་ཉིད་ལྐོག་ཏུ་གྱུར་པའི་སྒོ་ནས་མི་གསལ་བའི་ཚུལ་གྱིས་གཟུང་དོན་དུ་བྱེད་པ་ནི། རྗོད་བྱེད་སྒྲའི་བདག་རྐྱེན་ལ་བརྟེན་པ་ཡིན་ལ། དོན་རང་མཚན་དེ་མངོན་སུམ་དུ་ཤེས་པའི་དོན་ཉིད་དུ་དབང་སོགས་ལ་བལྟོས་པའི་ཕྱིར་ན་གཉིས་ཀས་དོན་རང་མཚན་གཅིག་པོ་དེ་གཟུང་དོན་དུ་བྱེད་པར་འདྲ་ཡང་མིག་ལ་སོགས་པའི་དབང་པོའི་ཚོགས་དོན་མེད་དུ་ཐལ་བར་མི་འགྱུར་རོ་ཞེ་ན་དེའི་ལན་དུ་ཡུལ་གཅིག་ལ་དམིགས་པས་གསལ་མི་གསལ་སོ་སོར་སྣུང་བ་མི་འཐད་པར་འཕེན་པ་ལ་འཆད་པ་མི་འཐད་དེ། སྐྱེས་བུ་གཅིག་གིས་མི་རྟག་པ་སོགས་དོན་གཅིག་སྔར་མི་གསལ་བར་སྣང་བ་གོམས་སྟོབས་ཀྱིས་ཕྱིས་མངོན་སུམ་དུ་གསལ་བར་སྣང་བ་མཐོང་བའི་ཕྱིར་རོ། །དོན་རང་མཚན་གཅིག་པོ་དེ་གཟུང་དོན་དུ་བྱེད་པར་འདྲ་བའི་རྟགས་ཀྱིས་གསལ་མི་གསལ་གྱི་ཁྱད་པར་མེད་པར་ཐལ་བ་འཕེན་པ་ལ་འཆད་པ་མི་འཐད་དེ། ཉེ་རིང་ལ་སོགས་ཁྱད་པར་གྱིས་ཞེས་སོགས་དང་


JLD016_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བར་འགྱུར་བའི་ཕྱིར་རོ། །དེས་ན་སྒྲའི་བདག་རྐྱེན་ལས་གཟུགས་འཛིན་གི་བློ་རྟོག་པ་ལ་གཟུགས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་མི་གསལ་བར་སྣང་བ་དང༌། སོགས་པས་བདག་རྐྱེན་དབང་པོ་ལ་བརྟེན་ནས་བློ་དབང་ཤེས་ལ་གཟུགས་མངོན་དུ་གྱུར་པའི་སྒོ་ནས་གསལ་བར་སྣང་བའི་ཁྱད་པར་ཐ་དད་པ་གང་ལས་ཡིན་ཏེ། དེ་འདྲའི་ཁྱད་པར་མི་འཐད་པར་ཐལ། བློ་དེ་གཉི་ག་གཟུགས་རང་མཚན་གྱི་དངོས་པོ་གཅིག་པོ་དེ་སྣང་ཡུལ་དུ་བྱས་ནས་འཇིག་པར་ཁྱད་པར་མེད་པའི་ཕྱིར་ཞེས་པ་སྟེ། ལྷ་དབང་བློས་དེ་ལྟར་ན་དོན་གཅིག་མངོན་སུམ་དང་མངོན་སུམ་མ་ཡིན་པའི་ཁྱད་པར་རམ། སོ་སོར་སྣང་བའི་ཁྱད་པར་འདོད་པ་ཉིད་མ་ཡིན་ནོ། ཞེས་སོགས་བཤད་པ་ལྟར་བློ་དེ་གཉིས་ལ་ཡུལ་དེ་མངོན་གྱུར་དང་ལྐོག་གྱུར་གྱི་ཁྱད་པར་མི་འཐད་པར་ཐལ་བ་འཕེན་པ་ཡིན་ལ། འདིས་བློ་དེ་ལ་ལྐོག་གྱུར་ཡིན་ན་བློ་དེའི་སྣང་ཡུལ་དུ་འགལ་བར་བསྟན་པས་རང་མཚན་རྟོག་པའི་སྣང་ཡུལ་དུ་སྨྲ་བའི་མུ་སྟེགས་ཀྱི་ལུགས་ཁས་ལེན་པ་དག་གསལ་བར་བཀག་གོ །སྤྱི་མཚན་དངོས་མེད་དུ་བསྒྲུབ་པའི་རིགས་པས་གཉིས་པ་བཤད་པ་ལ། ཐོག་མར་གཞུང་གི་བསྡུ་བ་བརྗོད་པར་བྱ་སྟེ། རིགས་ལྡན་ཞེས་སོགས་ཀྱིས་གྲངས་ཅན་སྤྱི་གསལ་རྫས་གཅིག་ཏུ་འདོད་པ་དང་བྱེ་བྲག་པ་རྫས་གཞན་དུ་འདོད་པ་བཀག་ནས་སྤྱི་གསལ་རྫས་གཅིག་དང་ཐ་དད་གང་དུའང་མ་གྲུབ་པས་རང་བཞིན་མེད་པར་བསྒྲུབ་པའི་རྟགས་དགོད་པ། དེའི་ཕྱིར་རང་


JLD016_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པར་གྲུབ། ཅེས་པའོ། །དེ་ལ་རྩོད་པ་སྤོང་བ་མེད་པ་ཞེས་པ་གཉིས་སོ། །དངོས་པོར་མེད་ཀྱང་སྤྱིར་བཞག་ཅིང་སྒྲས་བསྟན་པའི་དགོས་པ་ནི། དེ་ཕྱིར་ངོ་བོ་ཞེས་སོགས་སོ། །སྤྱི་བཏགས་པ་ཙམ་ཡིན་པས་སྤྱི་བློ་འཁྲུལ་པར་བསྟན་པ་ནི། དེ་ལ་ངོ་བོར་སྣང་བའམ་ཞེས་སོགས་སོ། །རང་ལུགས་ཀྱི་གཞན་སེལ་བའི་སྤྱི་ལ་གཉིས་ལས། མེད་དགག་གི་གཞན་སལ་བའི་སྤྱི་དངོས་མེད་དུ་བསྒྲུབ་པ་ནི་དོན་རྣམས་ཀྱི་ནི་ཞེས་སོགས་སོ། །བློའི་གཞན་སེལ་གྱི་སྤྱི་དངོས་མེད་དུ་བསྒྲུབ་པ་ལ། སྤྱི་བློ་རྟོག་པ་འཁྲུལ་པར་སྟོན་པ་ནི། ངོ་བོ་མེད་ཅན་ཞེས་སོགས་དང༌། དེའི་སྣང་ཡུལ་གྱི་སྤྱི་རྫུན་པར་བསྒྲུབ་པ། དེ་ཡང་བསླད་ཕྱིར་དང༌། ཞེས་སོགས་སོ། །རང་གི་གསལ་བ་དང་རྫས་གཅིག་ཐ་དད་གང་དུའང་མ་གྲུབ་པས་རྫས་སུ་གྲུབ་པའི་ངོ་བོ་མེད་པར་སྨྲས་པ་ལ་རྩོད་པ་སྤོང་བ། གལ་ཏེ་བརྗོད་བྱ། ཞེས་སོགས་དང༌། ཕྱི་རོལ་པས་སྤྱི་འཛིན་རྟོག་པའི་གཟུང་ཡུལ་གྱི་སྤྱི་དངོས་པོ་བ་ཁྱད་ཆོས་སུ་ཡོད་པའི་རྒྱུ་མཚན་གྱིས་སྒྲ་རྟོག་འཇུག་པར་འདོད་པ་འགོག་པ་ནི། འདས་པ་དང་ནི་ཞེས་པ་ནས། མཉན་པ་སྐྱེ་བོས་བྱས་པ་ཡིན། ཞེས་བྱ་བའི་བར་རོ། །ད་ནི་ཚིག་གི་དོན་བཤད་དགོས་པ་དག་བཤད་པར་བྱའོ། །དེའང་གྲངས་ཅན་གྱི་སྤྱི་གཙོ་བོ་སྔོན་པོ་ལ་རྗེས་སུ་སོང་བའི་རང་བཞིན་གང་ཡིན་པའི་ཆ་དེས་སེར་པོ་སོགས་ལའང་རྗེས་སུ་སོང་བར་འདོད་པའི་ཚུལ་ལེའུ་དང་པོར་བརྗོད་ཟིན་པ་ལྟར་ཡིན་ལ། དེ་འགོག་པ་ནི། རིགས་དང་


JLD016_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་གསལ་བ་སྔོན་པོའི་རང་བཞིན་གང་ཡིན་པའི་ཆ་དེ་ཉིད་སེར་པོའི་རང་བཞིན་དུ་སོང་བའི་ཆ་ཡིན་པའི་ཚུལ་གྱིས་དེ་གཉི་ག་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་རིགས་ན་ཡིན་པར་ཐལ། གང་གི་ཕྱིར་ན་གསལ་བ་སྔོན་པོའི་ངོ་བོ་དེ་གཞན་སེར་པོའི་ངོ་བོ་དང་ཐ་དད་པ་མེད་པའི་ཕྱིར།བྱེ་བྲག་པ་ན་རེ། གལ་ཏེ་སྤྱི་གསལ་རྫས་གཅིག་ན་སྐྱོན་དེར་འགྱུར་ཡང༌། ཁོ་བོ་ཅག་གི་ལུགས་ལ་རྫས་ཐ་དད་དུ་གྲུབ་པ་ཡིན་པས་སྐྱོན་མེད་དོ་ཞེ་ན་འོ་ན་སྤྱི་དེ་གསལ་བ་ལ་བལྟོས་པའམ་གསལ་བ་སྤྱི་ལ་བལྟོས་པ་གང་ཡིན་དང་པོ་ལྟར་ན། སྤྱི་ཆོས་ཅན། གསལ་བའི་འབྲས་བུ་ཉིད་དུ་བརྗོད་རིགས་པར་ཐལ། གསལ་བ་དང་རྫས་ཐ་དད་གསལ་བ་ལ་བལྟོས་པའི་འབྲེལ་པ་གྲུབ་པའི་ཕྱིར། འདོད་ན་སྤྱི་རྟག་པར་འགལ་ལོ། །གཉིས་པ་ལྟར་ན་གསལ་བ་ཆོས་ཅན། སྤྱིའི་འབྲས་བུ་ཉིད་དུ་བརྗོད་རིགས་པར་ཐལ། སྤྱི་དང་རྫས་ཐ་དད་སྤྱི་ལ་བལྟོས་པའི་འབྲེལ་པ་གྲུབ་པའི་ཕྱིར། འདོད་ན་སྤྱི་རྟག་པར་འགལ་ལ། །སྤྱི་གསལ་རྒྱུ་འབྲས་མ་ཡིན་ན། སྤྱི་གསལ་བ་དང་འབྲེལ་མེད་དུ་ཐལ། བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གང་ཡང་མ་གྲུབ་པོའི་ཕྱིར། འདོད་ན་གསལ་བ་འདིའི་སྤྱི་འདིའོ་ཞེས་ཐ་སྙད་དོན་མཐུན་བྱར་མི་རུང་བར་ཐལ་ལོ། །དེའི་ཕྱིར་བུམ་པའི་གསལ་བ་རྣམས་ལ་བུམ་པའོ་སྙམ་པའི་སྤྱི་བློ་དོན་མཐུན་འཇུག་ཏུ་མི་རུང་བར་འགྱུར་ཏེ། འབིགས་བྱེད་དང་གངས་ཅན་བཞིན་ནོ། །སྤྱི་གསལ་རྒྱུ་འབྲས་མ་ཡིན་པའི་རྫས་གཞན་ཡིན་ཀྱང་འབྲེལ་པ་གྲུབ་པ་ཅི་འགལ་


JLD016_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དེའང་སྤྱི་རྟག་དངོས་དང་འབྲེལ་ན་འབྲེལ་པ་དེ་དོན་དམ་པར་གྲུབ་ཀྱང་དགོས་ལ་བྱེ་བྲག་པས་འབྲེལ་པ་དེ་དོན་དམ་པར་གྲུབ་པར་ཁས་ཀྱང་ལེན་ན། དེས་ན་རྒྱུ་འབྲས་ཀྱི་འབྲེལ་པའང་རྟོག་པས་བཏགས་པ་ཙམ་མིན་ན་རྒྱུ་འབྲས་མ་ཡིན་པའི་རྫས་གཞན་ལ་འབྲེལ་པ་དངོས་པོར་གྲུབ་པ་ག་ལ་ཡོད་ཅེས་སྟོན་པ་ནི་རང་གི་རྒྱུ་ལས་ཞེས་སོགས་ཏེ། ཐོག་མར་རྒྱུ་འབྲས་ཀྱི་འབྲེལ་པ་དོན་དམ་པར་གྲུབ་པ་ལ་གནོད་པ་བསྟན་པ་ནི། མྱུ་གུ་ས་བོན་ལས་གྲུབ་ཟིན་པའི་ཕྱིར་ས་བོན་ལ་རག་ལས་པ་མེད་པར་ཐལ་བ་སོར་གཞག་བྱེད་པ་ནི། རྒྱུ་ལས་གྲུབ་ནི་འབྲས་བུ་མ་ཡིན་པས་ཁྱབ་པར་སྨྲ་བ་ཧ་ཅང་ཐལ་བའོ། །དེས་ན་ལྷས། དེ་ལ་གྲུབ་པའི་འོག་ཏུ་ས་བོན་ལ་སོགས་པའང་ཅུང་ཟད་ཀྱང་མི་བསྐྱེད་པ་དེ་བས་ན། ཞེས་གསུངས་པ་ལྟར། མྱུ་གུ་ཆོས་ཅན། རང་ཉིད་གྲུབ་ཟིན་པའི་དུས་ན་ས་བོན་ལ་རག་ལས་པ་མེད་པར་ཐལ། རང་གི་རྒྱུ་ལས་རང་གི་ངོ་བོ་རྫོགས་པར་གྲུབ་ཟིན་པའི་ཕྱིར། འདོད་ན་མྱུ་གུ་འདི་ས་བོན་འདིའི་འབྲས་བུའོ་ཞེས་རྟོག་པ་ཡིས་ནི་འབྲེལ་པར་བྱེད་འི་སྒོ་ནས་བཏགས་པར་ཐལ། མྱུ་གུ་དེ་རང་ཉིད་གྲུབ་ཟིན་པའི་འོག་ཏུ་ས་བོན་ལ་རག་ལས་པ་མེད་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་ནི་ས་མྱུག་གི་འབྲེལ་པ་དོན་དམ་པར་གྲུབ་ན་འབྲེལ་པ་འཛིན་པའི་རྟོག་པ་མ་འཁྲུལ་པར་འགྱུར་ཞིང༌། དེ་ལྟ་ན་ས་མྱུག་གི་འབྲེལ་པ་འཛིན་པའི་རྟོག་པ་ལ་ས་མྱུག་རྭ་གཡས་གཡོན་བཞིན་དུ་དུས་


JLD016_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་དུ་སྣང་བ་ལྟར་གྲུབ་དགོས་པས། ས་མྱུག་དུས་མཉམ་དུ་འགྱུར་བའོ། །གཞན་ཡང་མེ་དུའི་འབྲེལ་བ་དོན་དམ་པར་གྲུབ་ན་འབྲེལ་པ་དེ་མེ་དུའི་རྫས་སུ་འགྱུར་དགོས་པས་དུ་བའི་དུས་ནའང་དུ་བ་མེ་ལ་འབྲེལ་ཞིང༌། མེའི་དུས་ནའང་དུ་བ་མེ་ལ་འབྲེལ་དགོས་ལ། དེ་ལྟར་ན་མེའི་དུས་ན་དུ་བ་ཡོད་ཅིང་དུ་བའི་དུས་ན་མེ་ཡོད་དགོས་པས་མེ་དུ་དུས་མཉམ་དུ་འགྱུར་དགོས་སོ། །དུ་བ་ཡིན་ན་མེ་སྔོན་དུ་སོང་བའི་ཁྱབ་པ་དང༌། མེ་སྔོན་དུ་མ་སོང་ན་དུ་བ་མི་འབྱུང༌། མེ་ཡོད་སྟོབས་ཀྱིས་དེའི་རྗེས་སུ་དུ་བ་འབྱུང་བའི་འབྲེལ་པའི་དོན་ལྡོག་ཀྱང་མངོན་སུམ་གྱིས་གཟུང་ཡུལ་དུ་བྱེད་པ་མིན་གྱི། དང་པོར་མེ་མངོན་སུམ་ཚད་མས་དམིགས་དེའི་རྗེས་སུ་དུ་བ་མངོན་སུམ་ཚད་མས་དམིགས་པ་ལ་སོགས་པ་རྣམས་རྒྱུ་མཚན་དུ་བྱས་ནས་རྟོག་པས་མེ་དུའི་འབྲེལ་པའི་དོན་ལྡོག་དང་ཐ་སྙད་རྣམས་འདོགས་པ་ཡིན་ནོ། །དེས་ན་འབྲེལ་བརྟག་ལས། དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཏུ་ན་མེད། ཅེས་དགག་བྱ་ལ་ཁྱད་པར་སྦྱར་ནས་བཤད་པས་འབྲེལ་པ་དོན་དམ་དུ་གྲུབ་པ་འགོག་པ་ཡིན་གྱི། རྟོག་བཏགས་ཡིན་ན་མེད་དགོས་ཞེས་ཀུན་རྫོབ་བདེན་པ་རྣམ་པར་བཤིག་པར་མི་བྱའོ། །དེས་ན་རྒྱུ་འབྲས་ཀྱི་འབྲེལ་པའང་དོན་དམ་པར་མ་གྲུབ་ན། རྒྱུ་དང་འབྲས་བུ་མིན་པའི་སྤྱི་གསལ་རྫས་གཞན་ལ་ཇི་ལྟར་ཡང་འབྲེལ་པ་དོན་དམ་པར་གྲུབ་པ་ཅི་ཞིག་ཡོད། དེས་ན་སྤྱི་གསལ་རྫས་གཞན་


JLD016_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་ན་དེ་གཉིས་འབྲེལ་པ་མེད་དོ་ཞེས་བཀག་པས་གྲུབ་པའི་དོན་བསྡུ་བའོ། །དེ་ལྟར་སྤྱི་གསལ་རྫས་གཅིག་ཐ་དད་གང་དུའང་མ་གྲུབ་པ་དེའི་ཕྱིར་རྟོག་པའི་གཟུང་ཡུལ་གྱི་སྤྱི་དེ་ནི་རྫས་སུ་གྲུབ་པའི་རང་བཞན་མེད་པར་གྲུབ་བོ། །རི་བོང་རྭ་སྤྱིར་ཐལ་བའི་རྩོད་པ་ནི་སྤྱི་རྫས་སུ་མེད་ན་གསལ་བ་རྣམས་ལ་སྤྱི་སྒྲ་དང་སྤྱི་བློ་འཇུག་པའི་རྒྱུའི་སྤྱི་གཏན་མེད་དུ་འགྲོ་དགོས་ཤིང༌། དེ་ལྟ་ནའང་སྤྱིར་འཇོག་ན་རི་བོང་རྭ་ཡང་སྤྱིར་འགྱུར་བའི་ད་ལྟ་སྤྱི་གསལ་རྫས་གཅིག་ཐལ་བ་འཕེན་པ་ཡིན་གྱི། ཆོས་དེ་དངོས་མེད་ཡིན་ན་ཆོས་དེ་ཡིན་པས་ཁྱབ་དགོས་སྙམ་པའི་དོགས་པ་ཕྱོགས་སྔ་སྨྲ་བ་པོ་ལའང་སྐྱེ་བའི་སྐབས་མེད་དོ། །ལན་ནི། བུམ་པའི་སྤྱི་འཛིན་རྟོག་པའི་གཟུང་ཡུལ་གྱི་སྤྱི་དངོས་པོར་མེད་ཀྱང་མེད་པ་རི་བོང་རྭ་ཡང་བུམ་གསལ་གྱི་རིགས་སུ་ཐལ་བར་མི་འགྱུར་ཏེ། རི་རྭ་སོགས་ཀྱི་སྤྱི་འཆར་བ་ན་བུམ་གསལ་དང་ཕན་ཚུན་ཆོས་ཆོས་ཅན་ལྟ་བུར་སྣང་བ་ལ་བལྟོས་པ་མེད་པའི་ཕྱིར། དེ་ལ་ངོ་བོར་སྣང་བའམ་ཞེས་སོགས་ཀྱི་འགྲེལ་པར་ལྷས། རིགས་ཀྱི་ངོ་བོར་སྣང་བའི་སྒོ་ནས་ཕྱི་རོལ་གྱི་དོན་ལ་གཅིག་ཏུ་ཞེན་པ་གང་དེ་འཁྲུལ་པ་ཡིན་ནོ། ཞེས་བཤད་པ་ལྟར་སྤྱི་བློ་སྣང་ཡུལ་ལ་འཁྲུལ་ཚུལ་ཤེས་པར་བྱ་སྟེ། དཔེར་ན་རྒན་པོ་བརྡའ་ལ་བྱང་བས་རང་གི་བཞིན་ལ་དྲི་མས་བགོས་མ་བགོས་རྟོག་པའི་ཕྱིར་དུ་མེ་ལོང་ལ་བལྟ་བ་ན། མེ་ལོང་གི་ནང་གི་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་


JLD016_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཞིང༌། སྣང་བ་དེ་ལ་བརྟེན་ནས་བྱད་བཞིན་ལ་རྟོག་པར་བྱེད་ཀྱི། གཟུགས་བརྙན་དེ་ཉིད་བྱད་བཞིན་ནོ་སྙམ་དུ་ཞེན་པར་མི་བྱེད་དོ། །དེ་བཞིན་དུ་བུམ་འཛིན་རྟོག་པ་ལ་རིགས་ཀྱི་རང་གི་ངོ་བོར་གྱུར་བ་བུམ་པའི་སྣང་བ་དེ་ཉིད་ཤར་བ་ན། སྣང་བ་དེ་ནི་བུམ་པའི་གཟུགས་བརྙན་ཡིན་ཞིང༌། དེ་སྣང་བའི་སྒོ་ནས་བུམ་པའོ་སྙམ་དུ་ཞེན་པར་བྱེད་ཀྱི་སྣང་བ་དེ་ཉིད་བུམ་པའོ་སྙམ་དུ་ཞེན་པའི་ཞེན་ཚུལ་མེད་པར་ནི་རང་ཉིད་ལ་ཁ་ནང་དུ་ཕྱོགས་ནས་བལྟས་པས་གསལ་བར་འགྱུར་རོ། །དེ་ལྟ་མ་ཡིན་པར་སྣང་བ་དེ་ཉིད་བུམ་པར་ཞེན་ན། བུམ་འཛིན་རྟོག་པ་ཆོས་ཅན། ཞེན་སྟངས་ཕྱིན་ཅི་ལོག་གི་བློར་ཐལ། རང་གི་སྣང་བ་བུམ་པ་མ་ཡིན་པ་ལ་བུམ་པར་ཞེན་པའི་བློ་ཡིན་པའི་ཕྱིར། འདོད་ན་ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་སུ་ཐལ་ལོ། །མེད་དགག་གཞན་སེལ་བའི་སྤྱི་དངོས་མེད་དུ་བསྒྲུབ་པ་ནི། བུམ་པའི་དོན་རྣམས་ཀྱིས་ནི་མེད་དགག་གི་གཞན་སེལ་བའི་སྤྱི་གང་ཡིན་པ་གཞན་བུམ་མ་ཡིན་ལས་ལྡོག་པ་སྟེ་རྣམ་པར་བཅད་པའི་མཚན་ཉིད་ཅན་བུམ་སྒྲ་འདི་དག་གིས་ཤུགས་ལ་གང་བརྗོད་པ་དེ་ལ་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་དེ། དགག་བྱ་བཅད་ཙམ་གྱི་ཆར་ཟད་པའི་ཕྱིར་རོ། །བློའི་གཞན་སེལ་བའི་སྤྱིའི་ཡུལ་ཅན་འཁྲུལ་པར་བསྟན་པ་ནི། དོན་ལ་འཁྲུལ་པའམ་ཞེས་པའི་འམ་སྒྲ་ནི་འགྲེལ་པ་ཕལ་ཆེར་ལ་མེད་ཅིང༌། དོན་བསྟན་རྒྱུ་ལྷག་པོ་ཅི་ཡང་མེད་ལ། རྨའི་འགྱུར་ལ། ངོ་བོ་མེད་ཅན་སྤྱི་བློ་ལ། །སྤྱི་ཉིད་དུ་ཡང་མཐོང་ཕྱིར་རོ། །དོན་དུ་འཁྲུལ་པ་སྤྱི་ཡིན་པར། །


JLD016_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པར་གྱུར་ན་དེ་ཡང་ནི། །ངོ་བོ་ཅན་མིན་བསླད་ཕྱིར་དང༌། །དོན་དངོས་དེ་ཉིད་མེད་ཕྱིར་རོ། ཞེས་འབྱུང་ཞིང་ལྷའི་འགྲེལ་པས་ཀྱང་དེ་ལྟར་བཤད་དོ། །དེ་ལྟར་ན་བུམ་པའི་སྤྱི་བློ་ལ་བུམ་པ་མ་ཡིན་པ་ལས་ལོག་པའི་དངོས་པོར་སྣང་བ་དེ་དངོས་པོའི་ངོ་བོ་མེད་པ་ཅན་ཡིན་ཀྱང་དེ་ལ་དོན་དུ་འཁྲུལ་ནས་འཇུག་པའི་སྣང་བ་དེ་ཉིད་སྤྱི་ཡིན་པར་ཁོ་བོ་ཅག་འདོད་པ་ཡིན་ལ། དེའང་དངོས་པོར་རིགས་པ་མ་ཡིན་ཏེ། འཁྲུལ་པའི་སྣང་བ་ཉིད་ཀྱིས་བརྫུན་པ་ཡིན་པའི་ཕྱིར་རོ། །བློ་དེ་འཁྲུལ་པ་ཡིན་ཏེ། དོན་བུམ་གསལ་རྫས་ཐ་དད་པ་དུ་མ་དག་ལ་སྤྱི་སྟེ་རིགས་གཅིག་པ་ཉིད་དུ་ནི་རང་བཞིན་འདྲེས་པ་ལྟ་བུར་མཐོང་བའི་ཕྱིར་རོ། ཞེས་པ་ལྷ་དབང་བློའི་འགྲེལ་པའི་དོན་ནོ། །བློ་དེའི་གཟུང་ཡུལ་རྫུན་པར་སྒྲུབ་པ་ནི། སྤྱི་བློའི་སྣང་བ་དེའང་ཆོས་ཅན། བདེན་པའི་ངོ་བོ་ཅན་མ་ཡིན་ཏེ། བག་ཆགས་ཀྱིས་བསླད་པའི་སྣང་བ་ཙམ་ཡིན་པའི་ཕྱིར་དང༌། དེ་ཁོ་ན་ཉིད་དུ་ན་སྣང་བ་ལྟར་གྱི་དོན་དངོས་སུ་མེད་པའི་ཕྱིར། དེས་ན་བདེན་པའི་ངོ་བོ་མེད་པའི་རང་གི་གསལ་བ་དང་རྫས་གཅིག་ཐ་དད་གང་རུང་དུ་བརྗོད་པར་བྱ་བར་ཁས་ལེན་པ་མ་ཡིན་ནོ། ཞེས་བྱེ་བྲག་པ་སྤྱི་གསལ་རྫས་གཞན་དུ་འདོད་པ་ལྟ་ཡང་ཁས་མི་ལེན་ལ། གྲངས་ཅན་པ་ལྟར་རྫས་གཅིག་ཏུའང་ཁས་མི་ལེན་ཞེས་རང་གི་འདོད་པ་བརྗོད་པ་ཙམ་ཡིན་གྱི་རྫས་གཅིག་དང་ཐ་དད་གང་དུའང་བརྗོད་བྱ་མ་ཡིན་ཏེ། བདེན་པའི་ངོ་བོ་མེད་པའི་ཕྱིར་ཞེས་པའི་རྟགས་བཀོད་པར་བྱས་ན་མི་ལེགས་ཏེ། བདེན་པའི་


JLD016_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མེད་དེ། གསལ་བ་དང་རྫས་གཅིག་དང་ཐ་དད་གང་དུའང་མ་གྲུབ་པའི་ཕྱིར། ཞེས་བཀོད་མ་ཐག་པའང་འདིར་དེ་ལྟར་བཀོད་ནས་གཉིས་ཀ་རྟགས་ཡང་དག་ཏུ་ལས་ལེན་དུ་རུང་ན། དབུ་མ་པའི་སྐབས་སུའང་བདེན་མེད་ཀྱི་རྟགས་ཀྱིས་བདེན་པའི་གཅིག་དུ་བྲལ་སྒྲུབ་པའི་རྟགས་ཡང་དག་ཀྱང་ཁས་ལེན་དགོས་པར་འགྱུར་རོ། །དེ་ལ་རྩོད་པ་སྤོང་བ་ནི། གལ་ཏེ་བུམ་སྤྱི་དེ་བུམ་གསལ་དང་རྫས་གཅིག་ཐ་དད་གང་དུའང་མེད་དུ་ཆུག་ཀྱང༌། སྣམ་བུའི་སྤྱི་ལྟ་བུ་འགའ་ཞིག་ལས་རྫས་ཐ་དད་དུ་བརྗོད་པར་བྱ་བའི་ཕྱིར་དངོས་པོར་འདོད་དོ་ཞེ་ན། རང་གི་གསལ་བ་དངོས་པོ་རྣམས་ལས་རྫས་གཅིག་ཐ་དད་གང་ཡང་མིན་ན་དངོས་པོར་མི་འཐད་པར་ཐལ། དངོས་པོ་རྣམས་ནི་ཇི་ལྟར་ཡང་སྟེ་དངོས་པོ་གང་ལ་བལྟོས་ནས་ཀྱང་རྫས་དེ་ཉིད་དང་གཞན་དུ་བརྗོད་བྱ་མ་ཡིན་པ་ཉིད་མ་ཡིན་པས་ཁྱབ་པའི་ཕྱིར། བུམ་པའི་སྤྱི་དང་སྣམ་བུའི་སྤྱི་རྫས་གཞན་དུ་བརྗོད་པར་བྱ་བ་མིན་ཀྱང་རྟོག་པ་ལ་རྫས་ཐ་དད་པ་ལྟ་བུར་སྣང་བའི་རྒྱུ་མཚན་ཡོད་དོ། །རྟོག་པ་ལ་སྣང་བ་དེ་ལྟར་འཆར་བའི་ཉེར་ལེན་གྱི་རྒྱུ་བག་ཆགས་འཇོག་བྱེད་མཐར་གང་ལ་ཐུག་པའི་བུམ་སྣམ་གཉིས་ཐ་དད་པའི་རྒྱུ་མཚན་གྱིས་རྟོག་པ་ལ་སྤྱི་དེ་གཉིས་རྫས་ཐ་དད་པ་ལྟ་བུར་སྣང་ནས་རྫས་ཐ་དད་དུ་ཉེ་བར་བཏགས་པ་ཙམ་ཡིན་པའི་ཕྱིར། ཕྱི་རོལ་པ་དེ་དག་ན་རེ། སྤྱི་སྒྲ་དང་སྤྱི་བློ་འཇུག་པ་ནི་ཆོས་དེ་ལ་སྤྱི་དངོས་པོ་བ་ཁྱད་ཆོས་སུ་ཡོད་པའི་རྒྱུ་མཚན་གྱིས་ཡིན་པས། སྤྱི་བློའི་གཟུང་ཡུལ་གྱི་སྤྱི་དངོས་པོ་བ་མེད་པ་མི་


JLD016_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་དོ་ཞེ་ན། ད་ལྟ་འདས་པ་དང་མ་འོངས་པའི་དོན་དེ་དག་ལ་སྒྲ་བློ་འཇུག་པའང་དོན་དེ་དག་གི་སྤྱི་དངོས་པོ་བ་དེ་ལྟ་དོན་དེ་དག་ལ་ཁྱད་ཆོས་སུ་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ་བ་འཕེན་པ་འདས་པ་དང་ནི་ཞེས་སོགས་སོ། །དེ་ལ་གལ་ཏེ་ཉེར་བཏགས་ལས་དེ་འདོད། ཅེས་པའི་སྐྱོན་སྤོང་སྨྲས་པ་ལ། ད་ལྟ་མེད་པར་མཚུངས་པའི་བུམ་སྣམ་ལ་བུམ་སྒྲ་བཏགས་མིང་དུ་འཇུག་མི་འཇུག་གི་ཁྱད་པར་མི་འཐད་པའི་སྐྱོན་སྟོན་པ་གང་ཞིག་སོགས་སོ། །གལ་ཏེ་བརྗོད་བྱ་དངོས་པོར་ཡོད་པའི་མིང་དགོས་མིང་དང༌། བརྗོད་བྱ་དངོས་པོར་མེད་པའི་མིག་བཏགས་མིང་གི་རྒྱུ་མཚན་ཡིན་ནོ་ཞེ་ན། མིང་གཉིས་ཀྱི་ཁྱད་པར་དེའི་སྒོ་ནས་འཇོག་པ་ལ་སྐྱོན་དང་གང་གིས་འཇོག་པ་དཔེ་དང་བཅས་པ་སྟོན་པ་བློ་ནི་ཞེས་སོགས་ཤློ་ཀ་གསུམ་མོ། །གཙོ་བོ་ལ་སོགས་པའི་ཞེས་སོགས་ཀྱི་དངོས་བཏགས་ཀྱི་ཁྱད་པར་ནི་གྲགས་ཅན་རང་ལ་གྲགས་པ་བརྗོད་པ་ཙམ་ཡིན་ཏེ། དེའང་ཁས་བླངས་ནང་འགལ་བསྟན་པའི་ཆེད་དུའོ། །སྤྱི་མཚན་དགོས་མེད་དུ་བསྒྲུབ་པའི་རིགས་པ་གསུམ་པ་ནི། ཞིག་པ་འདས་པའི་བུམ་པ་ལ་རྟོག་པ་དང་སྣང་ཚུལ་མཚུངས་པའི་རྟགས་ཀྱིས་ད་ལྟའི་བུམ་པ་ལ་རྟོག་པའི་བློའི་སྣང་བའང་དངོས་པོར་མེད་པར་བསྒྲུབ་པ། ཞིག་ལ་སྒྲ་ལས་ཞེས་སོགས་སོ། །དེའང་མི་གསལ་བའི་སྣང་ཚུལ་མཚུངས་པ་ཡིན་གྱི་དུས་སྔ་ཕྱི་དང་འབྲེལ་བའི་སྣང་ཚུལ་མི་མཚུངས་སོ། །རྣམ་བ་ལ་སོགས་ཞེས་པ་གཉིས་མི་མཐུན་དཔེའོ། །སྤྱི་དངོས་པོ་བ་ཡན་གར་བ་གཟུང་དོན་དུ་བྱེད་


JLD016_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྣང་ཚུལ་མཚུངས་པའི་སྐྱོན་སྤོང་སྔར་བཀག་ཟིན་པས་ལན་མ་ཡིན་པར་སྟོན་པ། སྤྱི་ཙམ་ཞེས་སོགས་བཞིའོ། །བྱེ་བྲག་པས་གསལ་བ་སྔར་མཐོང་ནས་སྤྱི་འཛིན་དེའི་རྗེས་སུ་སྐྱེ་བ་ཡིན་ཀྱང༌། གསལ་བ་ལ་སྒྲ་བློ་འཇུག་པ་སྤྱི་མཐོང་བ་ལ་རག་ལས་པར་འདོད་དོ། །གྲངས་ཅན་པ་ན་རེ་གཟུང་ཡུལ་གྱི་སྤྱི་དངོས་པོར་མེད་པས་དངོས་པོར་མཚུངས་པ་མ་ཡིན་གྱི་གསལ་བ་ཐམས་ཅད་སྤྱི་གཙོ་བོའི་རང་བཞིན་དུ་ཆ་ཐ་དད་མེད་པར་འདྲེས་པས་སྣང་ཚུལ་མཚུངས་པ་ཡིན་ནོ་ཞེས་པའི་ལན་དུ་ཕན་ཚུན་ཞེས་སོགས་སྦྱར་ནས་རིགས་པའི་རྣམ་གྲངས་ཟུར་པར་མི་བྱེད་པ་རྒྱན་གྱི་ལུགས་ཡིན་ལ། ལྷའི་ལུགས་ཀྱིས་སྤྱི་མཚན་དངོས་མེད་དུ་བསྒྲུབ་པའི་རིགས་པ་བཞི་པ་འཆད་པ་ནི། རྡུལ་མུན་སྙིང་སྟོབས་གསུམ་ཕན་ཚུན་ཐ་དད་པ་དང༌། སེམས་པ་ཅན་ཡིན་མིན་ཐ་དད་པར་གྲངས་ཅན་རང་ཡང་འདོད་པས། དེ་འདྲའི་ཕན་ཚུན་ཐ་དད་པའི་ཁྱད་པར་ཅན་རྣམས་ནི་ངོ་བོ་ཆ་ཐ་དད་མེད་པའི་ཁྱད་མེད་དུ་ཇི་ལྟར་འགྱུར་ཏེ་འགྱུར་བ་མི་འཐད་དོ། །དེ་དག་ལ་རང་བཞིན་ཆ་མེད་གཅིག་དང་རྣམ་འགྱུར་ཐ་དད་པའི་ངོ་བོ་ཉིད་གཉིས་གཉིས་ཡོད་དོ་ཞེ་ན། དེ་ལྟར་ནའང་དེ་དག་དངོས་པོ་ཆ་མེད་གཅིག་གི་རང་བཞིན་དུ་ཇི་ལྟར་འགྱུར་ཏེ་འགྱུར་བ་འགལ་ལོ། །བྱེ་བྲག་པ་ན་རེ་གལ་ཏེ་གསལ་བ་དེ་དག་ལ་མཚུངས་པར་རྗེས་སུ་འགྲོ་བའི་སྤྱི་དངོས་པོ་བ་དེ་གསལ་བ་དེ་དག་ལས་རྫས་གཞན་ཉིད་ཡིན་པས་སྐྱོན་མེད་དོ་ཞེ་ན། གསལ་བ་བ་དེ་དག་གི་སྤྱིའོ་ཞེས་པ་འབྲེལ་མེད་དུ་འགྱུར་ཏེ། ཕན་ཚུན་བལྟོས་མེད་རྫས་གཞན་ཡིན་པའི་ཕྱིར།


JLD016_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་གཞན་སེལ་བའི་སྤྱི་ལ་ནི་ཕྱོགས་དེ་གཉིས་ལ་བརྗོད་པའི་སྐྱོན་དེ་དག་གང་གིས་ཀྱང་སུན་དབྱུང་དུ་མེད་དེ། གསལ་བ་དང་རྫས་གཅིག་ཐ་དད་གང་ཡང་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གསལ་བ་ལ་མཚུགས་པར་རྗེས་སུ་འགྲོ་བ་ཉིད་ཀྱི་གཞན་སེལ་བའི་སྤྱི་འདི་ལ་དངོས་པོར་གྲུབ་པ་ཅུང་ཟད་ཀྱང་མེད་པའི་མཚན་ཉིད་དེ་རང་བཞིན་ཡིན་ནོ། །རྣམ་པར་བཅད་པ་དངོས་མེད་ཡིན་ཀྱང་དངོས་པོའི་གསལ་བ་དུ་མའི་བདག་ཉིད་དུ་རྗེས་སུ་འགྲོ་བ་མི་འགལ་བའི་དཔེར། མཐེ་བོང་མ་ཡིན་པ་དེ་སོར་མོ་ལྷག་མ་ལ་རྗེས་སུ་འགྲོ་བ་ལྷའི་འགྲེལ་པར་བཀོད་དོ། །རྒྱན་ལྟར་ན་དེ་དག་གི་ཞེས་འབྲེལ་མེད་འགྱུར། ཞེས་སྨྲས་པ་ལ། རྫས་ཐ་དད་ཀྱང་གསལ་བ་དེའི་འབྲས་བུ་ཡིན་པ་སྐྱོན་མེད་དོ་ཞེས་པའི་ལན་སྟོན་པ་ལ། དེ་འབྲས་ཤེ་ན་ཞེས་སོགས་སྦྱོར་རོ། །ལྷ་ལྟར་ན་སྤྱི་མཚན་དངོས་མེད་དུ་བསྒྲུབ་པའི་རིགས་པ་ལྔ་པ་ནི། སྤྱི་བློའི་གཟུང་ཡུལ་དུ་གྱུར་པའི་སྤྱི་དེ་འབྲས་བུ་ཡིན་ན་རྟག་པ་གཅིག་པུར་འགལ་བ་དང༌། འབྲས་བུ་ཡིན་པའི་རྟག་རྫས་ཡིན་ན་གསལ་བ་དང་འབྲེལ་མེད་དུའགྱུར་ཞིང༌། འབྲས་བུ་མིན་པས་དངོས་མེད་དུ་འགྱུར་རོ་ཞེས་སྟོན་པ། དེ་འབྲས་ཤེ་ན་དུ་མ་དང༌། ཞེས་སོགས་སོ། །སྤྱི་མཚན་དངོས་མེད་དུ་བསྒྲུབ་པའི་རིགས་པ་དྲུག་པ་ནི། སྤྱི་བློ་བརྡའ་དྲན་ལས་སྐྱེ་བའི་རྟགས་ཀྱིས་དེའི་སྣང་ཡུལ་དངོས་མེད་དུ་བསྒྲུབ་པ། དངོས་པོའི་སྟོབས་ཀྱིས་ཞེས་སོགས་དང༌། བརྡའ་མི་ཤེས་པ་ལའང་བ་


JLD016_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ལང་ཁྲ་བོ་དང༌། ཁུ་ཡུ་རིགས་གཅིག་ཏུ་སྣང་བ་སྤྱི་རྟག་དངོས་མཚུངས་པར་ཡོད་པའི་དབང་གིས་མ་ཡིན་གྱི། ནོག་སོགས་དང་མི་ལྡན་པ་ལས་ལོག་པའི་དོན་གཅིག་དེ་གཉིས་ལ་ཐུན་མོང་དུ་ཉེ་བར་སྣང་བའི་དབང་གིས་ཡིན་པ་དཔེ་དང་བཅས་ཏེ་སྟོན་པ་ནི། དངོས་གཉིས་ཞེས་སོགས་དྲུག་གོ་གཞན་སེལ་བའི་སྤྱི་གསལ་བ་རྣམས་ལ་ཐུན་མོང་དུ་རྗེས་སུ་འགྲོ་བར་བསྒྲུབ་པ་ནི་གང་གིས་ཞེས་པ་གཉིས་སོ། །རྒྱན་ལྟར་ན་ཇི་ལྟར་རིགས་མེད་ཅེས་སོགས་སྨྲས་པ་ལ། མིག་སོགས་དེ་དག་ལའང་རིགས་རྟག་དངོས་རྗེས་སུ་འགྲོ་བས་དཔེ་མ་གྲུབ་པོ་ཞེས་པའི་ལན་དུ། དེ་དག་ལ་རིགས་རྟག་དངོས་རྗེས་སུ་འགྲོ་བ་ལ་དམིགས་པའི་རྟགས་ཀྱིས་འགོག་པ། རྣམ་པ་འགས་ཀྱང་ཞེས་སོགས་སུ་འཆད་ལ། ལྷ་ལྟར་ན་སྤྱི་མཚན་དངོས་མེད་བསྒྲུབ་པའི་རིགས་པ་བདུན་པ་ནི། རྟོག་པ་ལ་བུམ་མ་ཡིན་ལས་ལོག་པར་སྣང་བ་དངོས་པོར་མི་རུང་སྟེ། དེ་ཡིན་ན་གསལ་བ་ལ་བལྟོས་མེད་ཀྱི་ཡན་གར་བ་སྣང་དགོས་པ་ལ། རྣམ་པ་འགས་ཀྱང་རྣམ་ཤེས་ལ་དེ་ལྟ་བུའི་དངོས་པོར་སྣང་བ་མེད་པའི་ཕྱིར་རོ། །དེ་སྒྲ་དང༌། ངོ་བོ་ལས་གཞན་ཞེས་སོགས་ནི་བུམ་གསལ་རྟོག་པས་འཛིན་པའི་ཚེ་ནའང་བུམ་པ་དེའི་མིང་གི་སྒྲ་སྤྱི་དང་ལྟོ་ལྡིར་བ་སོགས་ངོ་བོའི་དོན་སྤྱི་ལས་གཟན་པ་སྟེ་མ་གཏོགས་པའི་བུམ་སྤྱི་རྟག་དགོས་སྣང་བ་མེད་པའི་དོན་ཏོ། །དེའི་ཕྱིར་དེ་ནི་ཞེས་སོགས་བཞི་སྤྱི་མཚན་དགོས་མེད་དུ་བསྒྲུབ་པའི་རིགས་པ་བརྒྱད་པ་སྟོན་པ་ལྷ་དབང་བློའི་འགྲེལ་པའི་དོན་དུ་སྔ་མ་ཕལ་ཆེ་བས་འཆད་ལ། འགྲེལ་པ་དེར་གོང་གི་རིགས་


JLD016_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་པ་ནས་བདུན་པའི་བར་ལ་མགོར་གཞན་ཡང་ཞེས་རིགས་པ་རྣམ་གྲངས་པར་སྟོན་པའི་མཚམས་སྦྱོར་གྱི་ཚིག་ཡོད་ཀྱང་འདི་ལ་མེད་མོད་ཀྱི། རིགས་པ་བརྒྱད་པ་སྟོན་པ་འགྲེལ་པ་དེའི་དོན་དུ་སྦྱོར་ནའང་རུང་བ་ཙམ་སྣང་ངོ༌། །དེ་ལྟ་ནའང་ཤློ་ཀ་འདི་སྤྱི་མཚན་དངོས་མེད་དུ་བསྒྲུབ་པའི་རིགས་པའི་དོན་བསྡུ་བ་ལ་སྦྱར་ན་ལེགས་ལ། ཇི་སྐད་བཤད་པ་ལས་བཟློག་པའི་དོན་ནི། བརྗོད་བྱ་ཉིད་ཕྱིར་ཞེས་པའི་དོན་ཇི་སྐད་བཤད་པ་དང༌། རྫས་གཅིག་ཐ་དད་གང་དུའང་བརྗོད་དུ་མེད་པ་སོགས་དངོས་མེད་དུ་བསྒྲུབ་པའི་རིགས་པ་ཇི་སྐད་བཤད་པ་དེ་དག་ལས་བཟློག་པར་གྲུབ་པ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་དུ་འདོད་ཅེས་པའི་དོན་ཏོ། །དེས་ན་སྤྱི་མཚན་ཡིན་ན་དོན་བྱེད་མི་ནུས་པའི་ཁྱབ་པ་དང་དོན་བྱེད་ནུས་ན་རང་མཚན་ཡིན་པས་ཁྱབ་པར་རིགས་པའི་རྣམ་གྲངས་དུ་མས་བསྒྲུབས་པ་འདི་དག་གིས་དོན་བྱེད་ནུས་མི་ནུས་གཉིས་སུ་ངེས་པ་ལ་སོགས་པའི་རྟགས་ཀྱིས་གཞལ་བྱ་རང་སྤྱི་གཉིས་སུ་ངེས་པར་བསྒྲུབ་པའི་ཁྱབ་འབྲེལ་རྒྱས་པར་བསྒྲུབ་པ་ཡིན་ནོ། །སྤྱི་མཚན་དངོས་པོ་མིན་ཀྱང་དངོས་པོ་སོགས་ལ་བརྟེན་པའི་སྒོ་ནས་དབྱེ་བ་རུང་བར་སྟོན་པ་དངོས་དང་དངོས་མེད་ཅེས་སོགས་རྐང་པ་དགུ་སྟེ། འདི་ལྟར་བསྟན་པའི་དགོས་པ་ནི། དབྱེ་བའི་གྲངས་བྱང་རུང་བ་ཙམ་ཞིག་ཤེས་པའི་ཕྱིར་དུ་མ་ཡིན་གྱི། རྟེན་གྱི་སྒོ་ནས་དབྱེ་བ་བྱེད་ཚུལ་བསྟན་པས། སྣང་ཡུལ་གྱི་སྤྱི་དངོས་པོར་མེད་ཀྱང་


JLD016_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་གང་ལ་བརྒྱུད་ནས་བརྟེན་པའི་ཞེན་ཡུལ་རང་མཚན་ལ་སྒྲོ་འདོགས་གཅོད་ནུས་པ་དང༌། རང་མཚན་དེ་ཉིད་རྟོགས་པར་ནུས་པ་ཤེས་པའི་ཆེད་དུ་རྟེན་གྱི་སྒོ་ནས་དབྱེ་བ་བྱེད་ཚུལ་དོགས་གཅོད་དང་བཅས་པ་གསུངས་པ་ཡིན་ནོ། །དེ་ལྟར་གཞལ་བྱ་གཉིས་སུ་ངེས་པར་བཤད་པ་དེའང་རང་མཚན་བཞིན་དུ་སྤྱི་མཚན་ཡང་རང་དབང་པའི་གཞལ་བྱར་ཡོད་ནས་བཤད་པ་མ་ཡིན་གྱི། ཚད་མས་རྟོགས་ཚུལ་གྱི་དབྱེ་བས་དེ་ལྟར་ཕྱེ་བ་ཡིན་ནོ་ཞེས་སྟོན་པ། རང་གི་མཚན་ཉིད་གཅིག་གཞལ་བྱ། ཞེས་སོགས་ཏེ། གཞུང་འདིས་སྤྱི་མཚན་གཞལ་བྱ་མ་ཡིན་པར་བསྟན་པར་འདོད་པ་དག་ནི་ཆོས་འཁྲུལ་བ་སྟེ། སྤྱི་མཚན་གཞལ་བྱ་མ་ཡིན་པར་མངོན་སུམ་ཚད་མས་མི་འགྲུབ། ལུགས་དེ་ལ་རྗེས་དཔག་ཚད་མ་གཞི་མ་གྲུབ་དགོས་པའི་ཕྱིར་ཏེ། རྟགས་གང་བཀོད་ཀྱང་རྟགས་ཆོས་ཀྱི་འབྲེལ་པ་དང༌། ཁྱབ་པའི་ལྡོག་པ་དང༌། རྟགས་དང་བསྒྲུབ་བྱའི་ཆོས་ཀྱི་ལྡོག་པ་སོགས་གང་ཡང་སྤྱི་མཚན་ཡིན་པས་གཞལ་བྱ་མ་ཡིན་པར་འདོད་དགོས་པའི་ཕྱིར་རྟགས་ཡང་དག་མེད་པར་སྨྲ་དགོས་པའི་ཕྱིར་རོ། །འདི་ལྟར་ཡོད་པ་དང་མེད་པ་ནི་ཚད་མས་དམིགས་པ་དང་མ་དམིགས་པས་འཇོག་དགོས་པས་ཚད་མའི་གཞལ་བྱ་མ་ཡིན་ཀྱང་ཡོད་པ་ནི་སུས་ཀྱང་སྨྲ་བར་མི་ནུས་པའི་ཕྱིར་རོ། །དེ་བས་ན་ལུགས་དེ་ནི་ཚད་མ་མངོན་སུམ་གཅིག་པུ་དང་གཞལ་བྱ་རང་མཚན་གཅིག་པུ་ཡིན་པ་རྒྱང་པན་གྱི་རིང་ལུགས་གྲྭ་མ་ཉམས་པར་འོངས་པ་ཡིན་ནོ། །དེས་ན་ཐ་མལ་པ་དག་ལས་མངོན་པར་འཕགས་པའི་སྐྱེས་བུ་རྟོག་པ་དང་ལྡན་


JLD016_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། །འཇིག་རྟེན་ཕྱི་མ་ཕན་ཆད་དུ་བླང་བར་བྱ་བ་ཕན་པ་བསྐྱེད་པ་ནི་གང་ཞིག་ཡིན་ལ་དོར་བར་བྱ་བ་གནོད་པ་བསྐྱེད་པ་ནི་གང་ཞིག་ཡིན། འདོར་ལེན་བྱ་བ་དེ་དག་གི་རྒྱུ་ནི་གང་གི་ཡིན་སྙམ་དུ་དཔྱོད་པའི་དབང་དུ་བྱས་ནས། དེ་འདྲ་བའི་དཔྱོད་པ་འཇུག་པའི་གཞི་གཙོ་བོར་གྱུར་པའི་གཞལ་བྱ་རང་གི་མཚན་ཉིད་གཅིག་པུ་ཞེས་བྱ་སྟེ། དེ་འདྲ་བའི་ཕན་གནོད་བྱེད་པའི་ནུས་པ་ཡོད་མེད་ཉིད་དུ་དཔྱད་པའི་རྟོགས་ལྡན་རྣམས་ཀྱིས་བླང་བྱ་དང་དོར་བྱའི་ཕན་གནོད་ཀྱི་དོན་བྱ་བའི་ནུས་པ་རང་མཚན་དེ་ཁོ་ན་ལ་གྲུབ་པའི་ཕྱིར་རོ། །སྤྱི་ལའང་དཔྱོད་པ་འཇུག་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ཁོ་ན་གཞལ་བྱ་ཡིན་ཞེ་ན། དེ་ལ་དཔྱོད་པ་ལ་འཇུག་པའང་རང་མཚན་ཁོ་ནའི་རྟེན་ཅན་ཡིན་ཏེ། སྤྱི་འཛིན་རྟོག་པའི་གཟུང་ཡུལ་གྱི་སྤྱི་དངོས་པོར་ཕྱི་རོལ་པ་དག་སྟོན་པར་བྱེད་ལ། དེ་འདྲའི་སྤྱིས་འགའ་ཞིག་ལ་དོན་བྱེད་པར་རུང་དམ་མི་རུང་ཞེས་དངོས་པོའི་རྗེས་སུ་འབྲངས་ནས་དཔྱོད་པ་ཡིན་གྱི། གཏན་མེད་དུ་ངེས་ཟིན་ནས་འབྲས་བུ་དོན་གཉེར་དེ་ལ་དཔྱོད་པ་ཅུང་ཟད་ཀྱང་མི་དམིགས་སོ། །གཞལ་བྱ་དངོས་མེད་དགོས་སུ་འཇལ་བའི་ཚད་མ་རྣམས་ཀྱང་སྔར་བཤད་པའི་དོན་དུ་གཉེར་བྱ་གཙོ་བོ་དེ་ལ་རྣམ་པར་དཔྱོད་པའི་ཡན་ལག་ཏུ་རྟོགས་ལྡན་ལ་ཉེ་བར་མཁོ་བ་ཡིན་གྱི། དེ་ལྟ་མིན་ན་འཁྲིག་པ་དོན་གཉེར་གྱི་བུད་མེད་ཀྱི་འདོད་དོན་དེ་བསྒྲུབ་པའི་ཕྱིར་དུ་མ་ནིང་ཁྱད་པར་གྱི་གཞིར་བཟུང་ནས་གཟུགས་བཟང་མི་བཟང་དཔྱོད་པ་དག་མཚུངས་སོ། །དེས་ན་


JLD016_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་འདིར་འདི་ལྟར་གསུངས་པ་དང༌། སློབ་དཔོན་ཆོས་མཆོག་གིས་ཚད་མ་གཉི་ག་དངོས་པོའི་ཡུལ་ཅན་དུ་གསུངས་པ་དག་གི་དོན་ནི་དེ་ལྟར་ཤེས་པར་བྱའི། རྗེས་དཔག་ཚད་མ་ཡིན་ན་རང་མཚན་དངོས་སུ་འཇལ་བས་ཁྱབ་པར་ཁས་བླང་དུ་མི་རུང་སྟེ། དེ་ལྟར་ན་བསྒྲུབ་བྱ་མེད་དགག་དངོས་སུ་རྟོགས་པའི་རྗེས་དཔག་ཚད་མ་བཞག་ཏུ་མེད་པར་འགྱུར་བའི་ཕྱིར་ཏེ། དགག་གཞི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་རྣམ་པར་བཅད་པ་དེ་གཞལ་བའི་སྟོབས་ཀྱིས་དངོས་ཤུགས་གང་རུང་ལ་བློ་ཡུལ་དུ་འཕངས་པའི་རང་མཚན་འཇལ་ན་མ་ཡིན་དགག་འཇལ་བར་ཟད་ཀྱི་མེད་དགག་འཇལ་བའི་དོན་མེད་ལ། རྟགས་དེ་ལ་བརྟེན་པའི་རྗེས་དཔག་ཚད་མ་རྟགས་དེའི་ཤེས་འདོད་ཆོས་ཅན་ལ་མངོན་རྗེས་ཀྱི་ཚད་མ་གང་དུའང་མི་འཐད་པས་དགག་གཞི་རང་མཚན་ལ་ཚད་མར་སོང་བའང་དེ་ལ་མི་འཐད་པའི་ཕྱིར་དང༌། དགག་བྱ་ལ་ཚད་མར་སྨྲ་བ་ལྟར་ན་ཕུང་པོ་གང་ཟག་གི་བདག་གིས་སྟོང་པར་རྟོགས་པའི་རྗེས་དཔག་ཚད་མ་ཕོང་པོའི་སྟེང་གི་གང་ཟག་གི་བདག་ལ་ཚད་མར་འགྱུར་དགོས་པས་ཧ་ཅང་ཐལ་བའི་ཕྱིར་རོ། །འདིར་འགོག་བདེན་རང་མཚན་དུ་སྨྲ་བ་ནི་ཤིན་ཏུ་འཁྲུལ་བར་འོག་ཏུ་བཤད་པར་བྱའོ། །རྒྱན་ལྟར་ན་གཞུང་སྔ་མ་འདིས་དོན་དམ་པར་གཞལ་བྱ་རང་མཚན་གཅིག་པུར་བསྟན་ནས། དོན་དམ་པའི་གཞལ་བྱ་རང་མཚན་གཅིག་པུ་དེ་ཉིད་རང་གི་ངོ་བོས་སྣང་ནས་མངོན་སུམ་དུ་རྟོགས་པ་དང་གཞན་ལྐོག་ཏུ་གྱུར་པའི་ངོ་བོས་རྟོགས་པའི་


JLD016_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བས་གཞལ་བྱ་མངོན་ལྐོག་གཉིས་སུ་འདོད་ཅེས་འཆད་ཅིང༌། ཚད་མ་མདོ་དང་འགལ་བའི་དོགས་སྤོང་དུ་མི་འཆད་ལ། ལྷ་ལྟར་ན། གཞལ་བྱ་གཅིག་ཁོ་ན་ཡིན་ན་སློབ་དཔོན་ཕྱོགས་གླང་གིས་རང་གི་མཚན་ཉིད་གཉིས་གཞལ་བྱ། གཞན་ནི་ཡོད་པ་མ་ཡིན་ནོ། ཞེས་གསུངས་པ་ཇི་ལྟར་ཞེ་ན། དེ་ལྟར་གསུངས་པ་དེ་ནི་རང་མཚན་གྱི་ཐུན་མོང་མ་ཡིན་པའི་རང་གི་ངོ་བོ་གཞན་དང་མ་འདྲེས་པར་མངོན་སུམ་གྱི་སྣང་ཡུལ་དུ་བྱས་ནས་རྟོགས་པར་བྱེད་ལ། རྗེས་དཔག་གིས་གཞན་སྤྱིའི་ངོ་བོར་གྱུར་པའི་རང་གི་སྣང་བ་རང་མཚན་མིན་པ་ལ་རང་མཚན་དུ་སྣང་བའི་སྒོ་ནས་རང་མཚན་ལ་ཞེན་ནས་རྟོགས་པར་བྱེད་པའི་ཕྱིར་གཞལ་བྱ་གཉིས་སུ་སློབ་དཔོན་བཞེད་པ་ཡིན་པས་རྟོགས་ལྡན་གྱི་དགོས་པ་བསྒྲུབ་ནུས་ཀྱི་གཞལ་བྱ་རང་མཚན་གཅིག་པུར་བཤད་པ་དང་འགལ་བའི་སྐྱོན་མེད་དོ། །ཁ་ཅིག་ན་རེ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། ཞེས་པའི་གཞལ་བྱ་གཉིས་ཞེས་པ་དང༌། རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད། ཅེས་པའི་སྐབས་ཀྱི་གཞལ་བྱ་གཉིས་ཞེས་པ་དོན་གཅིག་པར་འདོད་པ་ལ། དེ་ནི་རང་མཚན་ངོ་བོ་ཡིས། ཞེས་པ་འདིས་རང་མཚན་ཁོ་ན་ལ་རྟོགས་ཚུལ་གྱི་སྒོ་ནས་གཞལ་བྱ་གཉིས་བསྟན་པ་མ་ཡིན་པར་ཐལ། རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད། ཅེས་པའི་གཞལ་བྱ་ལ་སྤྱི་མཚན་ཡང་ཡོད་པའི་ཕྱིར་རོ། ཞེས་པའི་སྐྱོན་འབྱུང་བར་སྨྲ་ཞིང༌། རང་ལུགས་ལ་གཞུང་གོང་མའི་གཞལ་བྱ་


JLD016_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཞེས་པ་རང་སྤྱི་དང༌། འདིའི་གཞལ་བྱ་གཉིས་ཞེས་པ་མངོན་ལྐོག་ཏུ་བྱེད་ཅིང༌། ཡང་གཞལ་བྱ་དངོས་མེད་ཁོ་ན་འཇལ་བའི་རྗེས་དཔག་ཚད་མའང་འདོད་པ་ནི་མི་འཐད་དེ། དེ་ནི་རང་གཞན་ངོ་བོ་ཡིས། ཞེས་པ་འདིས་རང་མཚན་ཁོ་ན་ལ་རྟོགས་ཚུལ་གྱི་སྒོ་ནས་གཞལ་བྱ་མངོན་ལྐོག་གཉིས་སུ་བསྟན་པ་ནི་མི་འཐད་པར་ཐལ། རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད་ཅེས་པའི་གཞལ་བྱ་ལྐོག་གྱུར་ལ་དངོས་མེད་ཀྱང་ཡོད་པའི་ཕྱིར། འཁོར་གསུམ་ག་ཁས་སོ། །གཞན་ཡང་ཁྱོད་ཀྱི་ཐལ་བ་དེ་ནི་འགལ་ཁྱབ་ཡིན་པར་གཞུང་ཇི་ལྟར་འཆད་ཚུལ་སྔར་བརྗོད་པ་དག་ལ་བརྟེན་ནས་ཤེས་པར་འགྱུར་རོ། །དེ་ལྟར་ཚད་མ་གཉིས་ལ་རྟོགས་ཚུལ་གྱི་ཁྱད་པར་དེ་ལྟར་ཡོད་པས་འཁྲུལ་མ་འཁྲུལ་གྱི་ཁྱད་པར་ཡང་ཡོད་དོ་ཞེས་སྟོན་པ་ནི། ཚད་མ་གཉིས་པ་རྗེས་དཔག་ཚད་མ་ནི་འཁྲུལ་པ་ཡིན་པར་བཞེད་དེ། ཡུལ་ཇི་ལྟར་གནས་པ་བཞིན་སྣང་བའི་སྒོ་ནས་མངོན་པར་ཞེན་པ་མིན་པ་དེ་མ་ཡིན་ལ་དེར་སྣང་གི་ཤེས་པ་ཡིན་པའི་ཕྱིར་རོ། །དེ་ལ་རྩོད་པ་སྤོང་བ་ལ། རྩོད་པ་ནི། གལ་ཏེ་རྗེས་དཔག་དེ་དག་ཚད་མ་མ་ཡིན་པར་ཐལ། ཡུལ་ཇི་ལྟར་གནས་པ་ལས་གཞན་གྱི་ངོ་བོར་སྣང་བའི་སྒོ་ནས་རྟོགས་པའི་འཁྲུལ་པ་ཡིན་པའི་ཕྱིར། སྨིག་རྒྱུ་ཆུར་སྣང་བའི་བློ་བཞིན་ནོ་ཞེ་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་ཆོས་ཅན། འཁྲུལ་པ་ཡིན་ཀྱང་ཚད་མ་ཉིད་ཡིན་པ་མི་འགལ་ཏེ། འཁྲུལ་པ་ཡིན་ཡང་བསམ་པ་སྟེ་ཡོངས་སུ་བཅད་པའི་དོན་རང་གི་གཞལ་བྱ་ལ་ནི་གསར་དུ་བསླུ་བ་མེད་


JLD016_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་པ་ཡིན་པའི་ཕྱིར་རོ། །ལྷ་དབང་བློའི་འགྲེལ་པར། རྣམ་པར་རྟོག་པའི་རྗེས་སུ་དཔག་པ་ཕྱི་རོལ་ཉིད་དུ་སྣང་བའི་ཆ་རང་གི་མཚན་ཉིད་མ་ཡིན་པ་ལ་རང་གི་མཚན་ཉིད་དུ་ཞེན་པས། ཞེས་འབྱུང་བའི་དོན་ནི་བུམ་འཛིན་རྟོག་པས་བུམ་པའི་དོན་སྤྱི་བུམ་པ་རང་མཚན་མ་ཡིན་པ་ལ་བུམ་པ་རང་མཚན་དུ་སྣང་བའི་སྒོ་ནས་སྣང་བཏགས་གཅིག་ཏུ་འཁྲུལ་ནས་བུམ་པ་རང་མཚན་ལ་ཞེན་པར་དགོངས་པ་ཡིན་གྱི། དེས་བུམ་པའི་དོན་སྤྱི་བུམ་པར་ཞེན་པར་སྟོན་པ་མ་ཡིན་ཏེ། བྱད་བཞིན་གྱི་གཟུགས་བརྙན་ལ་ལྟ་བ་དང་དཔེ་དོན་དུ་སྦྱོར་ཚུལ་གོང་དུ་བརྗོད་པ་ལྟར་གསུངས་པའི་ཕྱིར་དང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལ་སྒྲ་མི་རྟག་སྙམ་པ་དང་རང་གི་སྣང་བ་འདི་ཕྱི་རོལ་གྱི་སྒྲ་མི་རྟག་པ་ཡིན་ནོ་སྙམ་པའི་ཞེན་སྟངས་རིགས་མི་མཐུན་གཉིས་དུས་མཉམ་དུ་ཡོད་པར་ཐལ་བའི་ཕྱིར་དང༌། རྗེས་དཔག་དེ་རང་གི་ཞེན་ཡུལ་ཕྱོགས་གཅིག་ལ་ཚད་མ་དང་ཕྱོགས་གཅིག་ལ་ལོག་ཤེས་སུ་ཐལ་བའི་ཕྱིར་རོ། །རྗེས་དཔག་ཚད་མ་རང་གི་ཞེན་ཡུལ་ལ་མ་འཁྲུལ་པར་ཚད་མ་གང་གིས་འགྲུབ་ཅེ་ན། རང་གིས་ཡོངས་སུ་བཅད་པ་ལྟར་གྱི་དོན་ལ་བསླུ་བ་མེད་པར་རང་སྟོབས་ཀྱིས་ངེས་པར་བྱེད་ནུས་པས་ཞེན་ཡུལ་ལ་མ་འཁྲུལ་བར་ཡང་རང་སྟོབས་ཀྱིས་ངེས་པར་བྱེད་ནུས་ཀྱི་ཚད་མ་གཞན་ལ་མི་བལྟོས་སོ། །སྣང་ཡུལ་ལ་འཁྲུལ་བར་རྗེས་དཔག་རང་གིས་མི་འགྲུབ་ལ་རང་ཉིད་མྱོང་བའི་རང་རིག་གིས་ཤུགས་ལ་འགྲུབ་པའང་མ་ཡིན་ཏེ། དེ་ཡིན་ན་རྟོག་པའི་སྣང་


JLD016_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་སོ་སོར་ཕྱེ་ནས་དོན་སྤྱི་རང་འཛིན་རྟོག་པ་ལ་སྣང་བ་ལྟར་གྲུབ་པའི་འགོག་པའི་རིགས་པ་དུ་མ་གསུངས་པ་ཐམས་ཅད་དོན་མེད་པར་ཐལ་བའི་ཕྱིར་རོ། །འདིར་ཁ་ཅིག་ན་རེ། གཉིས་པ་འཁྲུལ་པ་ཡིན་པར་བཞེད། ཅེས་སོགས་འདི་དག་ནི་རྗེས་དཔག་ཚད་མ་སྣང་ཡུལ་ལ་འཁྲུལ་པ་ལ་དགོངས་པ་ཡིན་གྱི། སྤྱིར་རྗེས་དཔག་མ་འཁྲུལ་པའི་ཤེས་པ་ཡིན་ཏེ། ཡུལ་གྱི་གཙོ་བོ་ལ་མ་འཁྲུལ་པའི་ཤེས་པ་ཡིན་པའི་ཕྱིར། རྗེས་དཔག་སྣང་ཡུལ་ལ་འཁྲུལ་བས་འཁྲུལ་ཤེས་ཡིན་དགོས་ན། རྗེས་དཔག་ཚད་མ་རྣམས་ཆོས་ཅན། ལོག་ཤེས་དང་ཚད་མིན་གྱི་བློར་ཐལ། སྣང་ཡུལ་ལ་ལོག་ཤེས་དང་ཚད་མིན་གྱི་བློ་ཡིན་པའི་ཕྱིར། རྗེས་དཔག་ཆོས་ཅན། འཁྲུལ་ཤེས་སུ་ཐལ། དེ་མ་ཡིན་ལ་དེར་འཛིན་གྱི་བློ་ཡིན་པའི་ཕྱིར་ལ་ཁྱབ་པ་མེད་དེ། རྗེས་དཔག་ཆོས་ཅན། ལོག་ཤེས་སུ་ཐལ། རང་ལ་སྣང་བའི་དོན་སྤྱི་རང་མཚན་ཡིན་པ་ཕྱིན་ཅི་ལོག་ཡིན་ཞིང་དེ་ཤེས་པའི་ཕྱིར། དེས་ན་རྟོག་པ་གཞིར་བྱས་ལ་ཞེན་ཡུལ་ལ་མ་འཁྲུལ་པའི་ཤེས་པ་དང་ཚད་མ་དང་ཡང་དག་ཤེས་པ་ཡིན་ན་སྤྱིར་ཡང་དེ་དག་ཡིན་དགོས་ལ། ཞེན་ཡུལ་ལ་འཁྲུལ་ཤེས་དང་ལོག་ཤེས་དང་ཚད་མིན་གྱི་བློ་ཡིན་ན་སྤྱིར་ཡང་དེ་དག་ཡིན་དགོས་ཏེ། རྟོག་པའི་ཡུལ་གྱི་གཙོ་བོ་ཡིན་ན་ཞེན་ཡུལ་ཡིན་དགོས་པའི་ཕྱིར། རྟོག་མེད་ཤེས་པའི་སྣང་ཡུལ་ལ་བལྟོས་ནས་དེ་ལྟར་སྦྱར་བར་བྱ་སྟེ། དེའི་ཡུལ་གྱི་གཙོ་བོ་ཡིན་ན་སྣང་ཡུལ་ཡིན་དགོས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་རྗེས་དཔག་ཚད་མ་ཆོས་ཅན། འཁྲུལ་རྒྱུས་


JLD016_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་བསླད་པའི་ཤེས་པ་ཡིན་པར་ཐལ། ཡུལ་གྱི་གཙོ་བོ་ལ་འཁྲུལ་རྒྱུས་གཏན་མ་བསླད་པའི་ཤེས་པ་ཡིན་པའི་ཕྱིར། འདོད་ན་སྣང་ཡུལ་ལ་འཁྲུལ་བ་བུད། མ་གྲུབ་ན་ཡུལ་གྱི་གཙོ་བོ་ལ་མ་འཁྲུལ་པའི་ཤེས་པ་ཡིན་པ་བུད། མ་ཁྱབ་ན་སྔ་མ་ལ་ཁྱབ་པ་ཡོད་པ་བུད། ཐལ་ཆོས་ཕུང་མཚམས་ལ་ཁྱབ་པ་མེད་ན་སྣང་ཡུལ་ལ་འཁྲུལ་བ་རྒྱུ་མེད་དུ་ཐལ་ལོ། །རྗེས་དཔག་ཚད་མ་ཆོས་ཅན། སྣང་ཚུལ་ཕྱིན་ཅི་ལོག་གི་བློ་མ་ཡིན་པར་ཐལ། ཡུལ་གྱི་གཙོ་བོ་ལ་སྣང་ཚུལ་ཅི་ལོག་གི་བློ་མ་ཡིན་པའི་ཕྱིར། འཁོར་གསུམ་ག་ཁས་བླངས་ཚུལ་སྔ་མ་ལྟར་རོ། །དེ་ནི་སྣང་ཡུལ་ལ་མ་འཁྲུལ་པར་ཐལ། ཞེན་ཡུལ་ལ་མ་འཁྲུལ་པའི་ཕྱིར་དུ་སོང་ངོ་ཞེ་ན། མ་ཡིན་ཏེ། རྗེས་དཔག་གི་ཡུལ་སྣང་ཚུལ་ནི་སྣང་ཡུལ་ཞེན་ཡུལ་གཉི་གའི་ཐུན་མོང་གི་ཆོས་ཡིན་པའི་ཕྱིར་ཏེ། གཞན་དུ་ན་ཞེན་ཡུལ་རྟོག་པ་ལ་མི་སྣང་བར་འགྱུར་རོ། །རྗེས་དཔག་འཁྲུལ་པའམ་མ་འཁྲུལ་བར་འདོད་པས་ནི་མདོ་སེམས་གང་གི་སྐབས་སུའག་དེ་ལྟར་འདོད་དགོས་ལ། སེམས་ཙམ་པའི་ལུགས་ལ། སྔོ་འཛིན་དབང་ཤེས་ཆོས་ཅན། སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པར་ཐལ། སྣང་ཡུལ་གྱི་གཙོ་བོ་ལ་མ་འཁྲུལ་པའི་ཤེས་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཡུལ་གྱི་གཙོ་བོ་ལ་མ་འཁྲུལ་པའི་ཤེས་པ་ཡིན་ན་ཡུལ་ལ་མ་འཁྲུལ་པའི་ཤེས་པ་ཡིན་པས་ཁྱབ་པ་བུད། རྟགས་མ་གྲུབ་པ་མ་ཡིན་ཏེ། དབང་ཤེས་དེ་ཉིད་སྔོན་པོ་ལ་མ་འཁྲུལ་བའི་ཕྱིར།


JLD016_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཐལ། དེ་ལ་ཚད་མ་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་མེད་ན་རྗེས་དཔག་ཚད་མ་ཞེན་ཡུལ་ལ་མ་འཁྲུལ་པས་ཁྱབ་པ་བུད། སྔོན་པ་ཆོས་ཅན། གཞན་དབག་ཡིན་པར་ཐལ། རྒྱུ་རྐྱེན་གཞན་ལ་རག་ལས་པའི་དབང་གིས་སྐྱེ་བའི་ཕྱིར་ཞེས་པ་དང༌། སྔོན་པོ་ཆོས་ཅན། ཡོངས་གྲུབ་ཡིན་པར་ཐལ། རང་གི་དངོས་པོ་ཡོངས་སུ་གྲུབ་པའི་ཕྱིར་ཞེས་པ་གཉིས་ཁྱབ་པ་མཚུངས་པར་ཐལ། རྗེས་དཔག་ཆོས་ཅན། འཁྲུལ་ཤེས་ཡིན་པར་ཐལ། དེ་མ་ཡིན་ལ་དེར་འཛིན་གྱི་ཤེས་པ་ཡིན་པའི་ཕྱིར་ཞེས་པ་དང༌། དེ་ཆོས་ཅན། ལོག་ཤེས་ཡིན་པར་ཐལ། རང་ལ་སྣང་བའི་དོན་སྤྱི་རང་མཚན་ཡིན་པ་ཕྱིན་ཅི་ལོག་ཡིན་དེ་ཤེས་པའི་ཕྱིར་ཞེས་པ་གཉིས་ཁྱབ་པ་མཚུངས་པའི་ཕྱིར་རོ། །དེས་ན་འདི་འདྲ་བ་ནི་དོན་མཚུངས་པ་ལྟ་ཞོག་ཚིག་ཀྱང་མཚུངས་པ་རང་དུ་མི་སྣང་ངོ༌། །གཞི་གྲུབ་ན་རྟོག་པའི་སྣང་ཡུལ་ཡིན་པས་ཁྱབ་པར་ཁས་ལེན་བཞིན་དུ་ཚུལ་འདི་ལྟར་སྨྲ་བ་དེ་བས་ཀྱང་མི་འཐད་དེ། རྟོག་པའི་ཡུལ་གྱི་གཙོ་བོ་ཞེན་ཡུལ་ཡིན་གྱི་སྣང་ཡུལ་མ་ཡིན་པའི་ཁྱད་པར་མི་འཐད་པར་ཐལ། རྟོག་པའི་ཞེན་ཡུལ་ཡིན་ན་རྟོག་པའི་སྣང་ཡུལ་ཡིན་པས་ཁྱབ་པའི་ཕྱིར་རོ། །ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། ཞེས་སོགས་དང༌། དེ་ཡི་ངོ་བོས་སྟོང་དེ་དག །དེ་ཡི་ངོ་བོར་ཞེན་པའི་ཕྱིར། ཞེས་སོགས་ཀྱིས་དེ་མ་ཡིན་ལ་དེར་འཛིན་གྱི་ཤེས་པ་འཁྲུལ་ཤེས་ཀྱི་འཇོག་བྱེད་དུ་བཤད་པ་ཡིན་པས་གཞུང་ལ་ཚིག་འདྲ་འཕེན་པས་ངལ་དུབ་ཀྱིས་རང་གི་དེ་ཉིད་ཤིན་ཏུ་གསལ་བར་མ་བྱེད་ཅིག །


JLD016_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པ་ཤེས་པ་ལོག་ཤེས་ཀྱི་མཚན་ཉིད་དུ་སྨྲ་བ་མ་ཡིན་གྱི། འཛིན་སྟངས་ཕྱིན་ཅི་ལོག་གི་རྟོག་པ་ཡིན་པས་རྟོག་པ་ལོག་ཤེས་སུ་འཇོག་པས་འཁྲུལ་ཤེས་དང་ལོག་ཤེས་འཇོག་མཚམས་རིགས་ཤིན་ཏུ་མི་འདྲའོ། །གལ་ཏེ་གཞན་གྱིས་ངོ་བོས་ནི། ཞེས་སོགས་ཀྱི་འགྲེལ་པར་ལྷ་དབང་བློས་ཕྱོགས་སྔ་སྨྲ་བ་པོའི་ཐལ་བ་གཉིས་དང་ལྡོག་དོན་འཕངས་པའི་སྦྱོར་བ་གཉིས་བཀོད་པ་ན། གང་འཁྲུལ་པ་ཡིན་པ་དེ་ནི་ཚད་མ་མ་ཡིན་ཏེ། དཔེར་ན་མིག་སེར་གྱི་ནད་ཀྱིས་སེར་པོར་མཐོང་བ་ལྟ་བུའོ། །རྗེས་སུ་དཔག་པའང་འཁྲུལ་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། ཞེས་པའི་ཐལ་སྦྱོར་དང༌། བཟློག་པའི་སྦྱོར་བ་དག་ནི། ཡང་ཚད་མ་ཡིན་པ་དེ་ནི་འཁྲུལ་པར་མི་འགྱུར་ཏེ། དཔེར་ན་མངོན་སུམ་ལྟ་བུའོ། །རྗེས་སུ་དཔག་པ་ཡང་ཚད་མ་ཡིན་ནོ། ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། ཞེས་བཤད་པའི་ཕྱོགས་སྔ་འདི་རང་ལུགས་སུ་ཁས་ལེན་པ་དང༌། རྟོགས་ན་འཁྲུལ་པ་ཚད་མ་མིན། ཞེས་པའི་ཕྱོགས་སྔ་སོར་བཞག་རང་ལུགས་སུ་བྱེད་པ་ཤེས་ལྡན་སུ་ཞིག་ཁས་ལེན། གཞན་ཡང་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་མ་འཁྲུལ་བ་སྨོས་པ་ཉིད་ཀྱིས་རྗེས་དཔག་བསལ་བ་དང༌། དེ་ལྟ་ནའང་ལོག་རྟོག་བསལ་བའི་ཆེད་དུ་རྟོག་བྲལ་སྨོས་པ་དང༌། རྗེས་དཔག་འཁྲུལ་ཤེས་ཡིན་པའི་རྒྱུ་མཚན་དུ་དེ་མ་ཡིན་ལ་དེར་འཛིན་གྱི་ཤེས་པ་ཡིན་པ་བཀོད་པ་ནི་སློབ་དཔོན་ཆོས་མཆོག་གིས་གསལ་བར་གསུངས་ཏེ། འཐད་ལྡན་ལས།


JLD016_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་རྗེས་སུ་དཔག་པའང་དེ་མ་ཡིན་པ་ལ་དེར་འཛིན་པའི་ཕྱིར་འཁྲུལ་པ་ཡིན་པ་དེའི་ཕྱིར་མ་འཁྲུལ་བ་སྨོས་པས་རྗེས་སུ་དཔག་པ་བསལ་མོད་ཀྱི། རྟོག་པ་དང་བྲལ་བ་ཉིད་ནི་ལོག་པར་རྟོག་པ་བསལ་བའི་ཕྱིར་རོ། ཞེས་གསལ་བར་བཤད་པ་ལྟར་ཏེ། ཁྱེད་ལ་ནི་འདི་ཐམས་ཅད་མི་རུང་བར་འགྱུར་རོ། །སློབ་དཔོན་ཆ་པ་ན་རེ། རྟོག་པ་ལ་སྣང་ཡུལ་ལ་འཁྲུལ་བས་མ་ཁྱབ་སྟེ། ཤེས་བྱ་འཛིན་པའི་རྟོག་པ་སྣང་ཡུལ་ལ་མ་འཁྲུལ་བའི་ཕྱིར་ཏེ། རང་གི་སྣང་ཡུལ་གྱི་དོན་སྤྱི་ཤེས་བྱར་སྣང་བ་ལྟར་ཤེས་བྱ་ཡིན་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། དེ་ཡི་ངོ་བོ་ཕྱི་རོལ་དང༌། གཅིག་ལྟ་ཞེས་གསུངས་པ་ལྟར། བློ་དེ་ལ་རང་གི་སྣང་བ་ཤེས་བྱ་དང་གཅིག་ལྟ་བུར་སྣང་ཞིང་གཅིག་མ་ཡིན་པས་དེ་མ་ཡིན་ལ་དེར་སྣང་གིས་ཁྱབ་པའི་ཕྱིར་རོ། །སྒྲ་སྤྱི་དོན་སྤྱི་གང་རུང་ཡིན་པར་ཐལ། རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། ཞེས་པའི་ཁྱབ་པ་གཞུང་གི་དོན་ཐོབ་ཡིན་པས་སྤྱི་མཚན་ལ་རྟོག་པའི་སྣང་ཡུལ་གྱིས་མ་ཁྱབ་ཅིང༌། གཞི་གྲུབ་ན་རྟོག་པའི་ཞེན་ཡུལ་ཡིན་པས་ཁྱབ་པ་ཡིན་ནོ། །ད་ནི་གཞུང་གི་དཀྱུས་ཀྱི་དོན་བཤད་པར་བྱ་སྟེ། དེའང་ལྷ་དབང་བློའི་འགྲེལ་པར་ཕྱོགས་སྔ་མ་འགོད་པ་ན་ཐལ་བས་འཕངས་པའི་ཟློག་དོན་གྱི་སྦྱོར་བ་གཉིས་བཀོད་པའི་སྦྱོར་བ་དང་པོ་གོང་དུ་བརྗོད་མ་ཐག་པ་དེ་ལ་ནོར་བུའི་འོད་ལ་ནོར་བུར་འཛིན་པ་ཉིད་ཀྱིས་མ་ངེས་པར་སྟོན་པ། རྣམ་གཞན་གྱིས་ཀྱང་རྟོགས་པ་མཐོང༌། ཞེས་པ་དང༌། སྦྱོར་བ་གཉིས་པ། གང་ཞིག་གང་གིས་རྟོགས་པ་ཡིན་པ་དེ་ནི་དེའི་ངོ་བོ་


JLD016_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་འགྱུར་ཏེ། དཔེར་ན་མིག་གིས་གཟུགས་རྟོགས་པ་ལྟ་བུའོ། །རྗེས་སུ་དཔག་པའང་རང་གི་མཚན་ཉིད་རྟོགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་པར་སེམས་སོ། ཞེས་བཀོད་པ་དེ་ལ་མ་གྲུབ་པའི་ལན་འདེབས་པ། ཕྱོགས་འདི་ལ་ནི་ལན་བཏབ་ཟིན། ཞེས་པ་དང༌། ཡང་ཚད་མ་ཡིན་པ་དེ་ནི་འཁྲུལ་བར་མི་འགྱུར་ཏེ། ཞེས་སོགས་ཀྱི་ཁྱབ་པ་ལ་ནོར་བུའི་འོད་ལ་ནོར་བུ་འཛིན་བས་མ་ངེས་པ་རྒྱས་པར་འཆད་པ། ནོར་བུ་སྒྲོན་མེའི་འོད་དག་ལ། ཞེས་སོགས་སུ་བྱས་སོ། །འཁྲུལ་པ་མ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར། ཞེས་པའི་ཁྱབ་པ་ལ་བློ་དེས་མ་ངེས་པར་བཤད་པ་འདིས་བློ་དེ་ཚད་མ་ཡིན་པ་འགྲེལ་པ་དེའི་ལུགས་སུ་གསལ་ལ། ཤཱཀྱ་བློས་རྗེས་དཔག་ཚད་མར་བཤད་དོ། །དེས་ན་འཐད་ལྡན་དུ་འདི་རྗེས་དཔག་ཡིན་པ་ལ་དགག་པ་དམིགས་ཕུག་ནས་མཛད་པ་ནི་འགྲེལ་པ་འདིའི་ལུགས་བཀག་པར་གསལ་ལོ་ཞེས་རྗེ་ཐམས་ཅད་མཁྱེན་པ་གསུང་ངོ༌། །དེ་ལ་ཆོས་མཆོག་གིས་དགག་པ་རྒྱས་པར་མཛད་པའི་འགྲེལ་པའི་དོན་བསྡུས་ཏེ་བརྗོད་ན་འདི་ལྟར། ནོར་བུའི་འོད་ལ་ནོར་བུར་ཤེས་པ་སློབ་དཔོན་གྱིས་རྗེས་དཔག་ཏུ་དགོངས་ནས་དཔེར་བཀོད་པར་འདོད་པ་མི་འཐད་པ་དང༌། ནོར་བུ་དང་ནོར་བུའི་འོད་གང་རུང་གི་རྟགས་ལ་བརྟེན་པའི་རྗེས་དཔག་ཏུ་མི་འཐད་པ་དང༌། ཚད་མ་ཙམ་དུ་མི་འཐད་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། ནོར་བུའི་འོད་ལ་ནོར་བུར་ཤེས་པ་རྗེས་དཔག་ཏུ་དགོངས་ནས་སློབ་དཔོན་གྱིས་དཔེར་བཀོད་པ་


JLD016_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་ཟེར་བ་མི་རིགས་ཏེ། གཞུང་འདི་དག་གིས་དགག་དགོས་ཀྱི་རྒོལ་བ་ནི་རྗེས་དཔག་གཟུང་ཡུལ་ལ་འཁྲུལ་བས་སླུ་བའི་ཕྱིར་ཚད་མ་མ་ཡིན་ནོ་ཞེས་རྗེས་དཔག་ཙམ་ཚད་མ་ཡིན་པ་ལ་སྐུར་པ་འདེབས་པ་ཡིན་པས་དེ་ལ་རྗེས་དཔག་བྱེ་བྲག་པ་ཞིག་དཔེར་བཀོད་པ་ཤིན་ཏུ་མི་རིགས་པའི་ཕྱིར་རོ། །མིག་གི་དབང་པོ་ནི་རང་གི་ངོ་བོ་མ་མཐོང་བཞིན་དུ་དོན་གསལ་བར་བྱེད་པ་ཡིན་ལ་སྒྲོན་མེ་ནི་རང་གི་ངོ་བོ་བློ་ཡུལ་དུ་གསལ་བའི་སྒོ་ནས་དོན་གསལ་བར་བྱེད་པ་ཡིན་ཞིང༌། གཏན་ཚིགས་རྣམས་ནི་བསྒྲུབ་བྱའི་ཆོས་དང་རྗེས་སུ་འགྲོ་ལྡོག་ངེས་པའི་སྒྲོ་ནས་ལྐོག་གྱུར་གོ་བར་བྱེད་པ་ཡིན་ན། འདི་ལ་འབྲེལ་བ་ངེས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གོ་སྐབས་འདི་ན་ནོར་བུ་ཡོད་དེ། ནོར་བུའི་ཡོད་པའི་ཕྱིར་ཞེས་པའི་རྟགས་ལ་བརྟེན་པའོ་ཞེ་ན། གཞི་འདི་ན་ནོར་བུ་ཡོད་དོ་སྙམ་དུ་ལྐོག་ཏུ་གྱུར་པའི་ཚུལ་གྱི་མ་ཞེན་གྱིས། མངོན་སུམ་གྱིས་མཐོང་བའི་ནོར་བུའི་འོད་ལ་ནོར་བུའོ་སྙམ་དུ་ཞེན་པས་ཞེན་ཡུལ་ལ་ཤིན་ཏུ་འཁྲུལ་པའི་ཕྱིར་རོ། །གཉིས་པ་ནི། གཞི་འདི་ན་ནོར་བུ་ཡོད་དེ་མཐོང་བ་འདི་ནོར་བུའམ་ནོར་བུའི་འོད་གང་རུང་ཞིག་ཡིན་པའི་ཕྱིར་ཞེས་པའི་རྟགས་ལ་བརྟེན་པའོ་ཞེ་ན། དེ་ནི་ཐེ་ཚོམ་ཟ་བའི་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། འདི་ནི་གདོན་མི་ཟ་བར་ལྷ་སྦྱིན་ནམ་མཆོད་སྦྱིན་གང་རུང་ཞིག་ཡིན་ནོ་སྙམ་དུ་ཞེན་པ་ན་ལྷ་སྦྱིན་ལའང་ཐེ་ཚོམ་ཟ་ལ་མཆོད་སྦྱིན་ལའང་ཐེ་ཚོམ་ཟ་བ་བཞན་དུ། མངོན་སུམ་ལ་སྣང་བའི་དོན་དེ་ནོར་བུར་ཡང་ཐེ་ཚོམ་ཟ་ལ་ནོར་བུའོ་འོད་


JLD016_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་ཐེ་ཚོམ་ཟ་བའི་ཕྱིར་རོ། །གསུམ་པ་ནི། འདི་རྗེས་དཔག་མ་ཡིན་ཏེ། དེ་ལྟ་ན་ནོར་བུའི་འོད་རྟགས་སུ་འགྱུར་དགོས་ན། ནོར་བུའི་འོད་ལ་ནོར་བུའི་འོད་དུ་མ་རྟོགས་པར་ནོར་བུར་ཞེན་པའི་ཕྱིར་དང༌། མངོན་སུམ་ཚད་མའང་མ་ཡན་ཏེ། ནོར་བུའི་འོད་ཙམ་ཞིག་མངོན་སུམ་གྱིས་བཟུང་ཡང་ནོར་བུ་དངོས་ཤུགས་གང་ལའང་མ་རྟོས་པའི་ཕྱིར་དང་འོད་སྒོ་གསེབ་ཏུ་མཐོང་ལ་ནོར་བུར་པའི་ཕུགས་ལྟ་བུར་ཐོབ་པའི་ཕྱིར་དང༌། མངོན་སུམ་གྱིས་རང་གི་གཟུང་ཡུལ་དེའི་ཡུལ་དང་དུས་སྤངས་ཏེ་གནས་པ་ལ་ཚད་མར་མི་རུང་བའི་ཕྱིར་རོ། །བསམ་པ་ལ་ནི་སླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། ཅེས་གསུངས་པ་ལྟར། བསམ་དོན་ནམ་དཔྱད་པའི་དོན་ལ་ཚད་མ་ཡིན་ལ། འདིར་ནི་གང་བསམས་པ་དེར་མ་ཐོབ་ལ་གང་ཐོབ་ས་དེར་ཡོད་པར་མ་བསམས་པའི་ཕྱིར་ཏེ། སྒོ་གསེབ་ཏུ་འོད་མཐོང་བ་ན་དེར་ནོར་བུ་འདུག་གོ་སྙམ་དུ་བསམས་ཀྱང་ར་བའི་ཕུགས་སུ་ཐོབ་པའི་ཕྱིར་རོ། །ནོར་བུ་དང་དེའི་འོད་གོ་ས་ཐ་མི་དད་དུ་གནས་པ་མངོན་སུམ་གྱིས་མཐོང་བའི་ཚེ་འདི་ན་ནོར་བུ་འདུག་གོ་སྙམ་པའི་ངེས་པ་ནི་མངོན་སུམ་ཚད་མའི་སྟོབས་ཀྱིས་དྲངས་པ་ཡིན་ཀྱང་དེ་སྐབས་འདིའི་དཔེར་མ་བཟུང་བའི་ཕྱིར་རོ། །བཞི་པ་ལ་གཉིས། རྒྱུན་དང་སྐད་ཅིག་གིས་མ་ངེས་པ་སྤང་བ་དང༌། རགས་པ་དང་ཕྲ་བས་མ་ངེས་པ་སྤང་བའོ། །དང་པོ་ནི། འོ་ན་སྔོན་པོ་འཛིན་པའི་མངོན་སུམ་ཡང་ཚད་མ་མ་ཡིན་པར་འགྱུར་ཏེ། སྔོན་པོ་རྟོགས་ཀྱི་སྐད་ཅིག་མ་མ་རྟོགས་


JLD016_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཐོབ་པའི་ཚེ་སྐད་ཅིག་མ་ཐོབ་སྟེ། དེ་ལྟ་མ་ཡིན་ན། རྟག་པ་ཐོབ་པ་ཉིད་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ་སྔོན་པོ་སྐད་ཅིག་མ་ཡིན་ཀྱང་སྔོན་པོ་ཐོབ་པས་སྐད་ཅིག་མ་ཐོབ་པར་འཇོག་མི་ནུས་ཤིང༌། འཇིག་རྟེན་ནའང་སྐད་ཅིག་མ་ཐོབ་པར་ཐ་སྙད་མི་བྱེད་པའི་ཕྱིར་དང༌། འཇོག་ནུས་སུ་ཆུག་ཀྱང་སྐད་ཅིག་མ་ཐོབ་པས་སྔོན་པོ་ལས་རྫས་གཞན་ཐོབ་པར་འགྱུར་བ་མ་ཡིན་ཏེ། སྔོན་པོ་སྐད་ཅིག་མ་ལས་རྫས་གཞན་མ་ཡིན་པའི་ཕྱིར་རོ། །ར་བའི་ཕུགས་སུ་ཐོབ་པའི་ནོར་བུ་ནི་སྒོ་གསེབ་ཏུ་མཐོང་བའི་ནོར་བུའི་འོད་ལས་ཡུལ་སྤངས་པའི་རྫས་ཐ་དད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཡང་རྟོགས་པའི་སྔོན་པོ་ནི་རགས་པ་ཡིན་ལ་ཐོབ་པ་ནི་ཕྲ་མོ་ཐོབ་ཅིང་རགས་པ་དང་ཕྲ་བའང་འགལ་བས་སྔོན་པོ་འཛིན་པ་ཚད་མ་མ་ཡིན་པར་འགྱུར་རོ། ཞེ་ན། སྔོན་པོ་རྟོགས་ཀྱི་རྡུལ་ཕྲ་རབ་མ་རྟོགས་ཀྱང་མཐོང་བའི་སྔོན་པོ་རྡུལ་ཕྲ་རབ་དུ་མའི་རང་བཞིན་ཡིན་ལ། ཐོབ་པའི་ཚེའང་རྡུལ་ཕྲ་རབ་དུ་མའི་རང་བཞིན་དུ་གྱུར་པའི་སྔོན་པོ་ཐོབ་པས་གང་བཅད་པ་དེ་མ་ཐོབ་པར་ཐལ་བའི་སྐྱོན་མེད་དོ། །རྒྱན་མཁན་པོས། དེ་ཕྱིར་ནོར་བུའི་འོད་ལས་ནི། །ནོར་བུ་ཤེས་པའི་ཤེས་པ་ནི། །དེ་ཉིད་དུ་ན་མངོན་སུམ་མམ། །ཡང་ན་རྗེས་དཔག་ཉིད་ཅེས་ངེས། ཞེས་བཤད་ལ། དེའང་མི་འཐད་དེ། ནོར་བུའི་འོད་ནོར་བུར་འཛིན་པ་དང༌། སྒོ་གསེབ་ཀྱི་ནོར་བུའི་འོད་མཐོང་བ་ལས་གཞི་དོན་ནོར་བུ་ཡོད་པར་འཛིན་པའི་བློ་ནི་ལོག་ཤེས་ཡིན་ལ། ནོར་བུའི་འོད་མཐོང་བའི་མིག་ཤེས་ཀྱང་རང་འབྲས་ལོག་ཤེས་དངོས་


JLD016_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདྲེན་བྱེད་ཡིན་པས་ཚད་མར་འགལ་བའི་ཕྱིར་དང༌། ལོག་པའི་ཤེས་པར་ཁྱད་མེད་ཀྱང༌། ཞེས་གསུངས་པ་ལས་དངོས་སུ་རྒལ་བའི་ཕྱིར་རོ། །དེས་ན་ཚིག་གི་དོན་འདི་ཡིན་ཏེ། སྒྲོ་བཏགས་པ་ཙམ་གཟུང་ཡུལ་དུ་བྱེད་ན་དོན་རང་མཚན་མི་འཛིན་པས། དེ་ལས་དོན་རང་མཚན་ཐོབ་པར་ནུས་པ་འགལ་ལོ་ཞེ་ན། དོན་རང་མཚན་གཟུང་ཡུལ་དུ་བྱེད་པའི་མ་འཁྲུལ་བའི་ཤེས་པ་ལས་རྣམ་པ་གཞན་གྱིས་ཀྱང་ཁོ་ལ་བརྟེན་ནས་དོན་རང་མཚན་འཐོབ་པར་མཐོང་བས། འཁྲུལ་ཤེས་ཡིན་ན་དེ་ལ་བརྟེན་ནས་རང་མཚན་འཐོང་ནུས་པ་མི་སྲིད་པའི་ཁྱབ་པ་མ་ངེས་སོ། །དེ་ལས་རང་མཚན་འཐོབ་པར་ནུས་ན་འཁྲུལ་པར་ཇི་ལྟར་འགྱུར་ཞེ་ན། ཕྱོགས་འདི་ལ་ནི། ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། ཞེས་པར་ལན་བཏབ་ཟིན་ཏོ། །རྣམ་གཞན་གྱིས་ཀྱང་རྟོགས་པ་ཚུལ་ཇི་ལྟར་མཐོང་ཞེ་ན། དེ་ཉིད་རྒྱས་པར་འཆད་པ་ནི་ནོར་བུའི་འོད་དང་སྒྲོན་མེའི་འོད་དག་ལ་ནོར་བུར་འཛིན་པའི་བློ་ཡིས་སྐྱེས་བུ་ནོར་བུ་འཐོབ་ཕྱིར་དུ་མངོན་པར་རྒྱུག་པ་ན། བློ་དེ་གཉིས་ལོག་པའི་ཤེས་པར་ཁྱད་པར་མེད་ཀྱང༌། ནོར་བུའི་འོད་ལ་ནོར་བུར་འཛིན་པ་ལ་བརྟེན་ནས་བརྒྱུད་ནས་ནོར་བུ་རང་མཚན་འཐོབ་པའི་དོན་བྱེད་ལ། སྒྲོན་འོད་ལ་ནོར་བུར་འཛིན་པས་བརྒྱུད་ནས་ཀྱང་དེ་ལྟ་བུའི་དོན་བྱེད་མི་ནུས་པས་ཇི་ལྟར་བློ་དེ་གཉིས་བརྒྱུད་ནས་ནོར་བུ་འཐོབ་པའི་དོན་བྱེད་པ་ལ་ནུས་པ་ཡོད་མེད་ཀྱི་ཁྱད་པར་ཡོད་པ་དེ་ལྟར།


JLD016_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དང་ནི་དེ་ལྟར་སྣང་གི་རྟོག་པ་ལོག་ཤེས་ལྟ་བུ་དག །སྒྲོ་མ་བཏགས་པར་ཇི་ལྟར་གནས་པ་བཞིན་སྣང་བའི་གཟུང་དོན་མེད་པར་མཚུངས་ནའང་དེ་གཉིས་ཀྱི་ནང་ནས་རྗེས་དཔག་དེ་ཁོ་ན་ཚད་མ་ཉིད་དུ་རྣམ་པར་བཞག་རིགས་ཏེ། དེ་སྣང་ཡུལ་ལ་འཁྲུལ་ཀྱང༌། རང་གི་ཞེན་ཡུལ་སྒྲ་མི་རྟག་པ་རང་མཚན་དེ་རང་གིས་ཇི་ལྟར་གཞལ་བ་ལྟར་དོན་བྱེད་པ་དང་རྗེས་སུ་འབྲེལ་བའི་སྒོ་ནས་དེ་ལ་གསར་དུ་མི་སླུ་བའི་ཤེས་པ་ཡིན་པའི་ཕྱིར་རོ། །དཔེ་གཉིས་ལ་ཚད་མ་ཡིན་མིན་གྱི་ཁྱད་པར་ཡོད་པ་ལྟར་དོན་གཉིས་ལང་ཡོད་ཅེས་དཔེ་དོན་དུ་སྦྱོར་བ་མ་ཡིན་གྱི། ལོག་ཤེས་ཡིན་ཀྱང་དོན་རང་མཚན་བརྒྱུད་ནས་འཐོབ་པར་བྱེད་ནུས་མི་ནུས་ཀྱི་ཁྱད་པར་ཡོད་པ་ཙམ་དེ་ཉིད་ཕྱོགས་ཙམ་མཚོན་པའི་དཔེར་བཀོད་ཡིན་ནོ། །དེ་ལྟར་གཞལ་བྱ་རང་སྤྱི་གཉིས་སུ་ངེས་པས་ཚད་མ་མངོན་རྗེས་གཉིས་སུ་ངེས་པར་བསྒྲུབ་པ་དང༌། རང་སྤྱིའི་མཚན་ཉིད་རྒྱས་པར་བཤད་ནས། ད་ནི་རང་སྤྱིའི་མཚན་ཉིད་གཟུང་ཡུལ་དུ་བྱས་ནས་གཞལ་བྱ་གང་འཇལ་བའི་གཞལ་བྱ་ནི་མངོན་ལྐོག་གཉིས་སུ་གྲངས་ངེས་པས་དེའི་ཕྱིར་ཡང་ཚད་མ་གཉིས་སུ་གྲངས་ངེས་སོ་ཞེས་བྱ་བ་ཚད་མ་གཉིས་ཀྱི་མཚན་ཉིད་དང་བཅས་པ་འཆད་པ་ན་ཤེས་པ་གང་ལ་དོན་རང་མཚན་གྱི་གཟུང་ཡུལ་ཉེ་བའི་ནུས་པའམ་སྟོབས་ལས། དེ་འདྲའི་གཟུང་ཡུལ་ཡོད་ན་འཛིན་བྱེད་དུ་ཡོད་པའི་རྗེས་འགྲོ་དང་མེད་ན་མེད་པའི་ལྡོག་པ་ཅན་གྱི་བློ་ནི་ཡུལ་དེ་རང་ལ་མངོན་དུ་གྱུར་པའི་ཚུལ་གྱིས་ཡུལ་དེ་ལ་


JLD016_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་རང་དབང་ཅན་དུ་འཇུག་པ་སྟེ་དངོས་སྟོབས་ཀྱིས་འཛིན་བྱེད་དུ་འཇུག་པ་ཞེས་བྱའོ་ཞེས་བྱ་བ་འདིས། དོན་རང་མཚན་གཟུང་ཡུལ་དུ་བྱས་ནས་རག་གི་གཞལ་བྱ་མངོན་གྱུར་ལ་གསར་དུ་མི་སླུ་བའི་ཤེས་པ་མངོན་སུམ་ཚད་མ་དང༌། དོན་གྱི་ནུས་པ་ལས་རྗེས་འགྲོ་ལྡོག་པ་ཅན་གྱི་བློས་རང་དབང་དུ་སྒྲོ་འདོགས་གཅོད་པའི་གཞལ་བྱ་མངོན་གྱུར་ཡིན་པར་བཤད་པ་ཡིན་ནོ། །གང་ལ་དོན་གྱི་ནུས་པ་ལས་འཛིན་བྱེད་དུ་འཇུག་པ་དེ་ལས་གཞན་པའི་གཞལ་བྱའི་དངོས་པོའམ་རང་མཚན་ད་ལྟར་དབང་པོ་ལས་འདས་ཤིང་མངོན་སུམ་དུ་མ་མཐོང་བའི་བདག་ཉིད་ཀྱི་ངོ་བོ་དེ་འཛིན་པ་རང་དབང་ཅན་གྱི་ཚུལ་དུ་ཚད་མས་རྟོགས་ནུས་པ་མ་ཡིན་གྱི། དེ་རྟོགས་པའི་རྟེན་ནི་དོན་གཞན་རྟགས་ལ་བལྟོས་དགོས་པ་ཡིན་ནོ། །རྟགས་ཇི་ལྟ་བུ་ལ་ཞེ་ན། གལ་ཏེ་རྟགས་དེ་ཆོས་ཅན་ལ་བརྟེན་པ་དང༌། བསྒྲུབ་བྱའི་ཆོས་དང་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་པ་ཅན་གྱི་ཚུལ་གསུམ་ཡིན་ན་དེའི་ཚེ་རྟགས་དེ་བསྒྲུབ་བྱ་གོ་བྱེད་ཉིད་ཡིན་ལ། ནི་ཞེས་པའི་དགར་ཚིག་གིས་ཚུལ་གསུམ་མ་ཡིན་ན་གོ་བྱེད་མ་ཡིན་པར་འཕངས་སོ། །རྟགས་དེས་བསྒྲུབ་བྱ་གོ་བར་བྱེད་ཚུལ་ཇི་ལྟ་བུ་ཞེ་ན། དུ་བས་ལ་ལ་མེ་གོ་བར་བྱེད་པ་དེའི་ཚེ་གོ་བྱེད་དུ་བའི་རྟགས་ལས་ཆོས་ཅན་དང་མཐུན་དཔེ་གཉི་ག་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་མེ་སྤྱི་ཙམ་གྱི་ངོ་བོ་ཡོད་པ་ཉིད་དུ་རྟོགས་ཀྱི། མེའི་ཐུན་མོང་མ་ཡིན་པའི་ཁྱད་པར་གསལ་བ་དང་འབར་བ་དང་ཙནྡན་ལས་འབྱུང་བ་


JLD016_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གོ་བར་བྱེད་པ་མིན་ནོ། །དེས་ན་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་རྟགས་ལ་བརྟེན་པའི་ཚད་མས་སྤྱིའི་ངོ་བོ་ཙམ་ལས་གཞན་རང་མཚན་གྱི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ཁྱད་པར་རྣམས་ཀྱིས་ཁྱད་པར་དུ་བྱས་ནས་ནི་རྟོགས་པ་མི་འགྱུར་རོ། །དེ་ལྟར་ན་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་པ་ཅན་གྱི་ཕྱོགས་ཆོས་ལས་ནི་གཞི་ཆོས་ཅན་ལ་བསྒྲུབ་བྱའི་ཆོས་གསར་དུ་རྟོགས་པའི་བློ་སྐྱེ་བ་གང་ཡིན་པ་དེས་ན་རྗེས་དཔག་ཅེས་བྱ་ལ། གཞལ་བྱ་ལྐོག་གྱུར་གྱི་སྒྲུབ་བྱེད་དང་འཇལ་བྱེད་ཀྱི་ཚད་མ་ནི་གཅིག་པུ་དེ་ཉིད་དུ་ངེས་པ་ཡིན་ནོ། །དེ་ལས་གཞན་དངོས་ཞེས་པ་ནས་རྟོགས་མི་འགྱུར་གྱི་བར་གྱིས་མཚན་ཉིད་ཀྱི་དོན་རྒྱས་པར་བཤད་ནས། གཞུང་འདིས་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་སླུ་བའི་ཤེས་པ་རྗེས་དཔག་ཚད་མའི་མཚན་ཉིད་དུ་བརྗོད་པ་ཡིན་ནོ། །འདི་ལྟར་བཤད་པ་ན་སྔར་ལེའུ་གཉིས་པར་གཞལ་བྱ་ལ་གསར་དུ་མི་སླུ་བ་ཚད་མའི་མཚན་ཉིད་དུ་བཤད་པ་དེ་གཞལ་བྱ་གང་ལ་ཚུལ་ཇི་ལྟར་གཞལ་བའི་སྒོ་ནས་མི་སླུ་བའི་ཚུལ་གཉིས་པོ་འདིར་ངེས་པའི་སྒོ་ནས་ཚད་མ་སྤྱིའི་མཚན་ཉིད་གང་ལ་འཇུག་པའི་མཚན་གཞི་དང༌། དེ་ལ་འཇུག་པའི་ཚད་མ་སྤྱི་དང་བྱེ་བྲག་གི་མཚན་ཉིད་མཐའ་ཆོད་ནས་ཚད་མའི་མཚན་ཉིད་རྣམ་པར་དག་པ་རྟོགས་པར་འགྱུར་བའི་ཡན་ལག་ཡིན་པས། དེའི་ཕྱིར་ལྷས། གལ་ཏེ་ཚད་མའི་མཚན་ཉིད་སྟོན་པར་བྱེད་པ་ལ་གྲངས་ལ་སོགས་པ་སྟོན་པ་དོན་མེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ།


JLD016_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་མཚན་ཉིད་རྣམ་པར་དག་པའི་དོན་ཅན་ཉིད་ཡིན་ཕྱིར་རོ། ཞེས་དང༌། ཆོས་མཆོག་གིས། ཡང་དག་པའི་ཤེས་པའི་མཚན་ཉིད་ཁོ་ན་བྱེ་བྲག་ཏུ་བསྟན་པར་བྱ་བ་མ་ཡིན་ནམ། དེའི་གྲངས་ཀྱིས་ཅི་ཞིག་བྱ་ཞེ་ན། བདེན་ཏེ། མཚན་ཉིད་དེ་ནི་གསལ་བ་ཐ་དད་པའི་མཐར་ཐུག་པས་བསལ་བའི་དབྱེ་བ་མ་བསྟན་ན་མཚན་ཉིད་ཁྱད་པར་དུ་བསྟན་པར་མི་ནུས་ཏེ། དེའི་ཕྱིར་མཚན་ཉིད་བསྟན་པའི་ཡན་ལག་ཡིན་པས་གྲངས་ཀྱི་སྒོ་ནས་རྣམ་པའི་རབ་ཏུ་དབྱེ་བ་བརྗོད་དོ། ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྒྱས་པར་བཤད་པས་གྲུབ་པའི་དོན་བསྡུས་ནས་གཞལ་བྱ་གཉིས་སུ་ངེས་པས་ཚད་མ་གཉིས་སུ་ངེས་པར་སྒྲུབ་པ་དང༌། དེ་ལྟར་བསྒྲུབས་པས་ལོག་རྟོག་གང་བསལ་བ་བཅས་པ་བཤད་པ་ནི། མངོན་སུམ་ལྐོག་ཏུ་གྱུར་པ་ལས། ཞེས་སོགས་དྲུག་སྟེ་ཚིག་དོན་གོ་སློའོ། །དེ་ལ་གཞན་བྱ་མངོན་གྱུར་གྱི་མཚན་ཉིད། གཞལ་བྱ་གང་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་ནུས་པ། ལྐོག་གྱུར་གྱི་མཚན་ཉིད་གཞལ་བྱ་གང་རྟགས་སྟོབས་ཀྱིས་སྒྲོ་འདོགས་གཅོད་དགོས་པ། དོན་གང་གང་ཟག་གང་ལ་མངོན་གྱུར་དུ་སོང་བ་དེ་ལ་ལྐོག་གྱུར་དུ་མ་སོང༌། ལྐོག་གྱུར་དུ་སོང་བ་དེ་ལ་མངོན་གྱུར་དུ་མ་སོང་བས་རྟོགས་པ་པོའི་ད་ལྟར་གྱི་གནས་སྐབས་ལ་བལྟོས་ནས་གཞལ་བྱ་གཉིས་པོ་དེ་རྣམ་པར་འཇོག་པས་འགལ་བ་ཁོ་ན་ཡིན་གྱི། གང་ཟག་སོ་སོ་དང་གང་ཟག་གཅིག་གིའང་གནས་སྐབས་སོ་སོ་ལ་བལྟོས་ནས།


JLD016_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གཅིག་ལ་མངོན་དུ་གྱུར་པ་དེ་ལས་གཞལ་ལ་ལྐོག་ཏུ་གྱུར་པ་དང༌། གང་ཟག་གཅིག་གིའང་གནས་སྐབས་སྔ་མ་ལ་ལྐོག་ཏུ་གྱུར་པ་གནས་སྐབས་ཕྱི་མར་མངོན་དུ་གྱུར་པ་ཡོད་པས་མངོན་ལྐོག་གི་མཚན་ཉིད་འཆོལ་བར་ཐལ་བར་འགྱུར་རོ། །དེས་ན་མངོན་གྱུར་དུ་ཐལ། ལྷ་སྦྱིན་ལ་མངོན་གྱུར་ཡིན་པའི་ཕྱིར་ཞེས་པ་དང༌། ལྐོག་གྱུར་ཡིན་པར་ཐལ། མཆོད་སྦྱིན་ལ་ལྐོག་ཏུ་གྱུར་པའི་ཕྱིར། ཞེས་པ་གཉི་ག་ལ་ཁྱབ་པ་མེད་ལ། དོན་འདི་ནི་ལྷའི་འགྲེལ་པ་ན་གསལ་བར་ཡོད་དོ། །བུམ་པས་དག་པའི་ས་ཕྱོགས་ཀྱི་སྟེང་གི་བུམ་མེད་ལྟ་བུ་ས་ཕྱོགས་དེ་མངོན་སུམ་དུ་རྟོགས་པའི་དབང་མངོན་གྱི་ཤུགས་ཀྱི་གཞལ་བྱ་དང༌། དེ་ལ་ཚད་མ་དེས་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པ་དང༌། བུམ་མེད་དེ་གཞལ་བྱ་མངོན་གྱུར་དང༌། དབང་ཤེས་དེ་བུམ་མེད་དེ་ལ་མངོན་སུམ་ཚད་མ་ཡིན་ལ། སྒྲ་མི་རྟག་པ་རང་མཚན་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཚད་མའི་དངོས་ཀྱི་གཞལ་བྱ་ལྐོག་གྱུར་ཡིན་པས། མངོན་གྱུར་ལ་རང་མཚན་གྱིས་ཁྱབ་པ་དང་ལྐོག་གྱུར་ལ་སྤྱི་མཚན་གྱིས་ཁྱབ་པ་མི་བཟུང་ངོ༌། །འདིར་ལྷའི་འགྲེལ་པར་མཐའ་དཔྱད་པ་རྒྱས་པར་གསུངས་པ་དག་གི་དོན་གོ་བདེ་བར་བརྗོད་ན་འདི་ལྟར། དོན་གང་ལ་མངོན་སུམ་ཡིན་པའི་དོན་དེ་ཉིད་རང་མཚན་དངོས་སུ་འཇལ་བའི་ཤེས་པ་ལ་ཐུན་མོང་མ་ཡིན་པའི་ངོ་བོ་སྣང་བར་ཁས་ལེན་པའི་ཕྱིར་དེ་ལས་གཞན་པ་ནི་ལྐོག་ཏུ་གྱུར་པ་ཡིན་ནོ། །རྣམ་པར་རྟོག་པའི་ཤེས་པས་ཀྱང་རང་མཚན་སྣང་ཡུལ་དུ་བྱེད་ན་རྟོག་པ་ལ་


JLD016_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

རང་མཚན་དེ་དག་མངོན་གྱུར་དུ་འགྱུར་བས་མངོན་ལྐོག་མི་འགལ་བར་འགྱུར་རོ། །རང་མཚན་རྟོག་པས་གཟུང་ཡུལ་དུ་བྱས་ཀྱང་བདག་རྐྱེན་དབང་པོ་གཟུགས་ཅན་པའི་སྒོ་ནས་རྟོགས་པ་མེད་པས་མངོན་གྱུར་དུ་མི་འགྱུར་རོ་ཞེ་ན། ལྐོག་གྱུར་མ་ཡིན་པའི་དོན་དབང་ཤེས་ཀྱིས་འཛིན་པའི་ཚེ་རང་མཚན་གཟུང་དོན་དུ་བྱས་ནས་འཛིན་པ་ལས་ལྷག་པ་མེད་པའི་ཕྱིར་རྒྱུ་མཚན་གང་གིས་ནང་དབང་པོ་གཟུགས་ཅན་པའི་སྒོ་ནས་མི་རྟོགས་པས་མངོན་གྱུར་མ་ཡིན་པར་འགྱུར། དེ་ལྟ་ན་བདེ་སོགས་ཀྱང་མངོན་གྱུར་མ་ཡིན་པར་ཐལ། དབང་པོ་གཟུགས་ཅན་པའི་སྒོ་ནས་རྟོགས་པ་མེད་པའི་ཕྱིར་ཏེ། རང་གི་ངོ་བོ་འཛིན་རྣམ་གྱིས་མངོན་སུམ་དུ་རྟོགས་པའི་ཕྱིར། གཞན་ཡང་རྟོག་པས་ཀྱང་རང་མཚན་གཟུང་ཡུལ་དུ་བྱེད་ན་གཟུགས་བལྟ་བ་ལ་མིག་དབང་དོན་མེད་དུ་ཐལ་བའི་སྐྱོན་བསྟན་ནས། དབང་པོ་དོན་མེད་པ་ཡིན་ནོ་ཞེས་བྱ་བ་སྐྱོན་འདི་གཞན་ཡིན་ནོ་ཞེས་གསུངས་པ་ནི་སྔར། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། ཞེས་སོགས་ལས་གཞན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་མཚན་གཟུང་ཡུལ་དུ་བྱས་ནས་འཛིན་པར་འདྲ་ན་གསལ་མི་གསལ་གྱི་ཁྱད་པར་ཡང་མི་འཐད་པས་གཟུགས་གསལ་བར་སྣང་བས་དབང་པོ་འབྲས་བུ་དང་བཅས་པ་ཡིན་ནོ་ཞེས་པའང་མི་རིགས་པར་འགྱུར་རོ། །དེས་ན་རྣམ་པར་རྟོག་པ་ཐམས་ཅད་དོན་ཉམས་སུ་མྱོང་བས་བཞག་པའི་བག་ཆགས་ལས་སྐྱེས་པའི་འཁྲུལ་པ་


JLD016_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། ཞེས་ལྷ་དབང་བློས། དེ་ལས་གཞན་དངོས་དབང་པོ་འདས། ཞེས་པའི་འགྲེལ་པར་མཐའ་དཔྱད་ནས་གསུངས་པ་འདི་དག་གིས་རང་མཚན་རྟོག་པའི་སྣང་ཡུལ་ཡིན་པ་དམིགས་ཕུག་ནས་རྒྱས་པར་བཀག་པ་ཡིན་ནོ། །ད་ནི་དེ་ལྟར་གྲངས་ངེས་པའི་ཚུལ་བཤད་པ་ལ་རྩོད་པ་སྤང་བ་བརྗོད་པར་བྱ་སྟེ་དེ་ལ་གཉིས་ལས། གྲངས་ཉུང་བར་སྨྲ་བདག་གི་རྩོད་པ་སྤང་བ་ནི། རྒྱང་པན་ན་རེ། དངོས་པོར་མེད་པ་ལ་གཞལ་བྱ་མ་ཡིན་པས་ཁྱབ་སྟེ། འཇིག་རྟེན་ཕ་རོལ་གྱི་དངོས་པོ་བཞིན། དེའི་ཕྱིར་གཞལ་བྱ་དང་མཚན་གཅིག་པུ་དང་ཚད་མ་མངོན་སུམ་གཅིག་པུ་ཉིད་དུ་ཟད་དོ་ཞེ་ན། ཕན་གནོད་བསྐྱེད་པའི་དོན་བྱེད་པའི་གཞལ་བྱ་གང་ཡིན་སྙམ་དུ་རྟོག་པའི་རྟོག་ལྡན་གྱི་དགོས་པ་བསྒྲུབ་ནུས་ཀྱི་གཞལ་བྱ་རང་མཚན་གཅིག་པུ་ཡིན་པ་ཁོ་བོའང་འདོད་མོད་ཀྱི། དེ་ལྟ་ནའང་དངོས་མེད་གཞལ་བྱ་མ་ཡིན་པའི་རྟགས་དེ་ཁྱོད་རང་གིས་ངེས་སམ་མ་ངེས། མ་ངེས་ན་དེས་བསྒྲུབ་བྱ་དེ་བསྒྲུབ་ཕྱིར་བཀོད་པ་དོན་མེད་ལ། དེས་ན་དངོས་མེད་ལ་གཞལ་བྱ་མ་ཡིན་པས་ཁྱབ་པ་ལ་དེ་ཉིད་ཀྱིས་མ་ངེས་པ་དང༌། དེ་ངེས་པའི་ཚད་མ་མངོན་སུམ་ལས་གཞན་དུ་འདོད་དགོས་པ་དང༌། དབང་མངོན་གྱིས་དེ་དངོས་སུ་ངེས་པར་བྱེད་མི་ནུས་པ་རྣམས་རིམ་པ་བཞིན། རྐང་པ་གཉིས་དང་གཅིག་དང་ལྔས་བསྟན་ཏོ། །གལ་ཏེ་འཇིག་རྟེན་ཕ་རོལ་དང་སྤྱི་ལ་སོགས་པ་མེད་པའི་རྣམ་པ་ཤར་ནས་དབང་མངོན་གྱིས་རྟོགས་པར་མི་འདོད་ཀྱི་དེ་དག་དམིགས་པའི་མངོན་སུམ་ཉིད་


JLD016_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པ་ལས་སྤྱི་དང་འཇིག་རྟེན་ཕ་རོལ་ལ་སོགས་མེད་པར་ངེས་པ་ཡིན་ནོ་ཞེ་ན། དེ་དག་དམིགས་པའི་མངོན་སུམ་ལོག་པ་ནི་དེ་དག་དམིགས་པའི་མངོན་སུམ་གྱི་དངོས་པོ་མེད་ཙམ་གྱི་དངོས་མེད་ཡིན་པས་ཁྱོད་ལྟར་ན་ཚད་མས་མ་གྲུབ་པར་འགྱུར་ལ། དེ་ཚད་མས་མ་གྲུབ་པ་དང་དེས་སྤྱི་དང་འཇིག་རྟེན་ཕ་རོལ་སོགས་མེད་པར་ངེས་པ་དང་རང་ཚིག་འགལ་བའམ། ཡང་དེ་དག་དམིགས་པའི་མངོན་སུམ་ལོག་པའི་ཕྱིར། དགག་གཞི་དེར་དགག་བྱ་དེ་དག་མེད་པར་ངེས་པ་ལ་འདོད་དོ་ཞེ་ན། དེ་ལྟར་ན་ཁྱོད་ལ་རྟགས་དེ་ཉིད་ལྡོག་པ་དང་རྗེས་འགྲོ་ཅན་གྱི་རྟགས་ཡིན་པར་འདོད་དགོས་པས་རྟགས་དེ་ལས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་འདོར་དགོས་པར་འགྱུར་རོ། །མི་དམིགས་པའི་རྟགས་འདོད་དགོས་པར་མ་ཟད་ཁྱོད་ལ་འབྲས་རྟགས་དང་དེ་ལ་བརྟེན་པའི་རྗེས་དཔག་ཀྱང་འདོད་དགོས་པར་བསྟན་པ་ནི། གཞན་སེལ་ཞེས་སོགས་ལྔའོ། །རྟགས་ལྟར་སྣང་འགའ་ཞིག་འཁྲུལ་པར་མཐོང་བས་རྟགས་ཐམས་ཅད་ཡིད་བརྟན་དུ་མེད་པ་མ་ཡིན་གྱི། ཕྱོགས་ཆོས་དང་རྟགས་ཆས་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་པའི་རྟགས་དག་བསྒྲུབ་བྱ་བསྒྲུབ་པ་ལ་སླུ་བ་མི་སྲིད་པར་འབྲས་རང་མ་དམིགས་པ་གསུམ་དུ་ཕྱེ་བའི་སྒོ་ནས་འཆད་པ། གལ་ཏེ་ནས། ཇི་ལྟར་ཡོད་ཀྱི་བར་རོ། །གཞན་ཡང་སྤྱིའི་བློ་ནི་ཚད་མ་མིན་པས་ཁྱབ་ན། སྔོན་ཉམས་སུ་མྱོང་བའི་སྐྱེད་མོས་ཚལ་དང་ཀུན་དགའ་ར་བ་ལ་སོགས་པ་ད་ལྟར་རང་ལ་ལྐོག་ཏུ་གྱུར་པ་དེ་དག་ཀྱང་མེད་པ་ཐོབ་


JLD016_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཏེ། དེ་ལྟར་དབང་པོའི་མངོན་སུམ་གྱིས་མ་དམིགས་པའི་ཕྱིར། དཔེར་ན་འཇིག་རྟེན་ཕ་རོལ་གྱི་དངོས་པོ་བཞིན། གལ་ཏེ་དེ་དག་ཀྱང་དབང་པོ་རྣམས་ཀྱིས་དུས་གཞན་དུ་ནི་རྟོགས་ལ། དུས་ནམ་ཡང་མ་མཐོང་ན་མེད་པ་ཡིན་ནོ་ཞེ་ན། དེའང་མ་ཡིན་ཏེ། རང་གི་དབང་པོ་གཟུགས་ཅན་རྣམས་དང་ས་བོན་གྱིས་མྱུ་གུ་བསྐྱེད་པའི་ནུས་པ་སོགས་ལ་ཚུར་མཐོང་གི་དབང་པོའི་བློ་ནི་དངོས་སུ་འཇལ་བྱེད་དུ་འཇུག་པ་མི་སྲིད་པའི་ཕྱིར། དེ་དག་ཀྱང་མེད་པར་ཐལ་བར་འགྱུར་རོ། །དེ་དག་མེད་པ་རྟོགས་པ་ཡིན་ན་ནི་བློ་དབང་ཤེས་དང་མྱུ་གུ་སོགས་སྐྱེ་བ་རྒྱུ་མེད་དུ་འགྱུར་རོ། །དེས་ན་དབང་པོའི་མངོན་སུམ་ཚད་མར་ཁས་ལེན་པས་ནི་དབང་པོ་གཟུགས་ཅན་ཡང་ཡོད་པར་འདོད་དགོས་ལ། དེ་དག་ཡོད་པར་མངོན་སུམ་ཚད་མས་མི་འགྲུབ་ཅིང༌། དེ་དག་སྤྱི་གཟུང་ཡུལ་དུ་བྱས་ནས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མས་གྲུབ་དགོས་པས། དབང་སོགས་དེ་ལ་རྗེས་དཔག་ཉིད་ཚད་མར་འདོད་དགོས་ཏེ། ཚད་མ་གང་ཞིག་གི་རྣམ་རྟོག་མེད་པ་ཉིད་ཀྱིས་ན་རང་གི་གཞལ་བྱ་རང་གི་མཚན་ཉིད་ལ་མངོན་སུམ་དུ་འཇལ་བར་ནུས་ཤིང༌། རྣམ་རྟོག་མེད་པར་གྱུར་བའི་ཤེས་པས་རང་གི་གཞལ་བྱའི་དོན་སྤྱི་གཟུང་ཡུལ་དུ་འཛིན་པ་མིན་པ་དེའི་ཕྱིར་རོ། །གྲངས་མང་བར་འདོད་པའི་རྩོད་པ་སྤང་བ་ལ། རྩོད་པ་དང༌། ལན་གཉིས་ལས། དང་པོ་ནི། ཚད་མ་མདོར། གལ་ཏེ་མི་རྟག་པ་ལ་སོགས་པའི་རྣམ་པས་ཁ་དོག་ལ་སོགས་པ་འཛིན་པ་དང་ལན་གཅིག་མ་ཡིན་པར་འཛིན་པ་དེ་ཇི་ལྟར་ཞེ་ན། ཞེས་


JLD016_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པ་བཀོད་པ་དེའི་དོན་བཀྲལ་ནས་གཞན་གྱི་འདོད་པ་བརྗོད་པ་ནི། གཞལ་བྱ་རང་སྤྱི་གཉིས་སུ་ངས་ན་ཁ་དོག་ནི་མི་རྟག་པ་ཉིད་དུ་རྟོགས་པར་མི་འགྱུར་ཏེ། དེ་ནི་མི་རྟག་པ་སྤྱི་མཚན་དང་ཁ་དོག་རང་མཚན་འདྲེས་པའི་གཞལ་བྱ་གསུམ་པ་ཡིན་པའི་ཕྱིར། དེ་རྟོགས་པའི་བློ་ནི་ཚད་མ་མངོན་རྗེས་གཉིས་ལས་གཞན་དུ་འགྱུར་ཏེ། མངོན་སུམ་དུ་མ་རྟོགས་ཤིང༌། རྟགས་ལ་བརྟེན་པ་མེད་པར་ནི་འཇལ་བྱེད་དུ་ཡོད་པའི་ཕྱིར་རོ། །སྔར་ཁང་ནང་དུ་ཙནྡན་གྱི་མེ་མཐོང་ཞིང༌། ཕྱིས་ཕྱི་རོལ་ནས་ཁང་ནང་དེ་ནས་དུ་བ་འབྱུང་བར་མཐོང་བ་ན་ཁང་ནང་འདི་ན་ཙནྡན་གྱི་མེ་ཡོད་དོ་སྙམ་དུ་དྲན་པ་ནི་ཁྱད་པར་མཐོང་བའི་ཚད་མ་ཞེས་བྱ་ལ། དེ་ནི་མངོན་རྗེས་ལས་ཚད་མ་གཞན་ཡིན་ནོ། །གང་གི་ཕྱིར་ན་བློ་དེ་ལ་ཙནྡན་གྱི་མེ་དེ་ལྐོག་ཏུ་གྱུར་པས་མངོན་སུམ་ཚད་མ་མ་ཡིན་ཞིང༌། ཁྱེད་ཀྱི་འདོད་པ་དང་སྦྱར་ན་རྟགས་དུ་བ་ཙམ་དང་ནི་བསྒྲུབ་བྱའི་ཆོས་མེ་ཁྱད་པར་ཙནྡན་གྱི་མེའི་འབྲེལ་པ་ཚད་མས་རྟོགས་པ་མེད་པའི་ཕྱིར་ཏེ། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡི་ངོ་བོ་ཉིད་དུ་རྟོགས། ཞེས་སྨྲས་པའི་ཕྱིར་རོ། །དེ་བས་ན་གཞལ་བྱ་གཉིས་ལས་མང་བའི་ཕྱིར་ཚད་མ་རྣམ་གཉིས་ལས་མང་བ་ཉིད་ཡིན་པས། ཚད་མ་གསུམ་གྱི་གྲངས་ཀྱང་སེལ་བར་མི་འགྱུར་ཏེ། གཞལ་བྱ་གཉིས་ལས་གཞན་རང་སྤྱི་འདྲེས་པའི་གསུམ་པ་ནི་ཡོད་པའི་ཕྱིར་རོ། །ཚད་མ་གཅིག་པུ་ཡིན་པའི་གྲངས་ཀྱང་སེལ་བར་མི་འགྱུར་ཏེ། གཞལ་བྱ་གཅིག་ལའང་ཚད་མ་དུ་མ་ཉིད་འཇུག་པའི་ཕྱིར་ཏེ།


JLD016_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཁྱད་པར་མཐོང་བའི་ཚད་མ་དང་མངོན་སུམ་གཉིས་ཀ་རང་མཚན་གཅིག་ལ་འཇུག་པར་བཞིན་ནོ། །དེས་ན་ཚད་མའི་ཡུལ་སོ་སོར་ངེས་པ་མེད་པའི་ཕྱིར་སྤྱི་ལའང་མངོན་སུམ་འཇལ་བྱེད་དུ་འཇུག་པ་སེལ་བར་མི་འགྱུར་རོ་ཞེས་ཟེར་རོ། །འདིར་ཕྱི་རོལ་པས་ཀྱང་སྤྱི་དང་སྤྱི་མཚན་གྱི་ཁྱད་པར་མ་ཕྱེད་པས་སྤྱི་གང་ཡིན་སྤྱི་མཚན་དུ་འདོད་པར་གོ་སྟེ། ཁ་དོག་ནི་མི་རྟག་ཉིད་དུ་རྟོགས་མི་འགྱུར། ཞེས་སྨྲས་པ་ཡིན་པས། མུ་སྟེགས་རྣམས་གང་ལ་འཁྲུལ་བའི་གནས་དེར་བོད་ཀྱི་རྟོག་གེ་པ་དག་ཀྱང་འཁྲུལ་པ་ཤས་ཆེ་བར་སྣང་ངོ་ཞེས་བདག་གི་རྗེ་ཐམས་ཅད་མཁྱེན་པ་གསུང་ངོ༌། །གཉིས་པ་དེའི་ལན་ནི། ཚད་མ་མདོར། དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ནོ། །ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། ཞེས་ཞ་མ་སེང་རྒྱལ་གྱིས་རྩ་བ་ལོགས་སུ་བསྒྱུར་བ་ལས་འབྱུང་ལ། རང་འགྲེལ་མར་ཐུང་དད་པ་ཤེས་རབ་ཀྱིས་བསྒྱུར་བ་ལ་རྐང་པ་དང་པོ་གཉིས་ཀྱི་འགྲེལ་པར། དེ་ལྟར་འཛིན་པ་ནི་ཡོད་མོད་ཀྱི་འོན་ཀྱང༌། དེ་ལ་རབ་སྦྱོར་ཕྱིར། ཚད་མ་གཞན་ནི་ཡོད་མ་ཡིན། རང་དང་སྤྱིའི་མཚན་ཉིད་དག་ལས་ཐ་སྙད་དུ་བྱ་བ་མ་ཡིན་པའི་ཁ་དོག་འདི་དག་ལས་ཁ་དོག་ལ་སོགས་པ་བཟུང་ནས། སྤྱིའི་མཚན་ཉིད་ནི་ཁ་དོག་ལ་སོགས་པ་མི་རྟག་གོ་ཞེས་མི་རྟག་པ་ཉིད་ལ་སོགས་པར་ཡིད་ཀྱིས་རབ་ཏུ་སྦྱོར་བར་བྱེད་དོ། །དེའི་ཕྱིར་ཚད་མ་གཞན་མ་ཡིན་ནོ། ཞེས་འབྱུང་བའི་དོན་ནི། ཁ་དོག་མི་རྟག་པའི་རང་གི་མཚན་ཉིད་དང་སྤྱིའི་


JLD016_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དག་ལས་ཏེ། གཉིས་པོ་དེའི་ནང་ནས་ཐ་སྙད་དུ་བྱ་བ་སྟེ་སྒྲ་དོན་མ་ཡིན་པའི་ཁ་དོག་རང་མཚན་དང༌། ལ་སོགས་པ་མི་རྟག་པ་རང་མཚན་མངོན་སུམ་གྱི་གཟུང་ཡུལ་དུ་བྱས་ནས། ཕྱིས་རྟོག་པ་རང་ལ་སྣང་བ་སྤྱིའི་མཚན་ཉིད་ནི་ཁ་དོག་རང་མཚན་དུ་འཁྲུལ་པའི་སྒོ་ནས་ཁྱད་གཞི་ལྟ་བུར་ཞེན་ཅིང༌། ལ་སོགས་པ་རང་ལ་སྣང་བའི་སྤྱིའི་མཚན་ཉིད་ལ་མི་རྟག་པ་རང་མཚན་དུ་འཁྲུལ་བའི་སྒོ་ནས་ཁྱད་ཆོས་ལྟ་བུར་ཞེན་ཏེ། ཁ་དོག་ནི་བྱས་པའི་ཕྱིར་མི་རྟག་གོ་ཞེས་མི་རྟག་པ་ཉིད་དང་ཁ་དོག་ལ་སོགས་པར་ཡིད་ཀྱིས་རབ་ཏུ་སྦྱོར་བར་བྱེད་དོ། །དེའི་ཕྱིར་ཁ་དོག་རང་མཚན་དང་མི་རྟག་པ་སྤྱི་མཚན་སྦྱོར་བའི་ཚད་མ་གཞན་མ་ཡིན་ནོ་ཞེས་བྱ་བ་འགྲེལ་བཤད་ཀྱི་དོན་གསལ་བར་བཤད་པའོ། །རྐང་པ་ཕྱི་མ་གཉིས་ཀྱི་རང་འགྲེལ་ལས། ཡང་ཡང་ཤེས་པའང་མ་ཡིན་ཏེ། གང་ལན་ཅིག་མ་ཡིན་པར་དོན་དེ་ཉིད་སོ་སོར་ངེས་པ་ཡིན་མོད། དེ་ལྟ་ནའང་ཚད་མ་གཞན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐུག་པ་མེད་པར་འགྱུར། གལ་ཏེ་ཤེས་པ་ཐམས་ཅད་ཚད་མ་ཉིད་དུ་འདོད་པ་དེ་ལྟ་ན་ནི། ཚད་མ་ཐུག་པ་མེད་པ་ཉིད་དུ་འགྱུར་ཏེ། དྲན་སོགས་བཞིན། དྲན་པ་ནི་དྲན་པ་ཉིད་དོ། །དཔེར་ན་དྲན་པ་དང༌། འདོད་པ་དང་ཞེ་སྡང་ལ་སོགས་པ་སྔར་རྟོགས་པའི་དོན་ལ་ཚད་མ་གཞན་མ་ཡིན་པ་བཞིན་ནོ། ཞེས་གསུངས་པ་ལ། འགྲེལ་བཤད་ཀྱི་འགྱུར་ལྟར་ན། ཡང་ཡང་ངོ་ཤེས་པ་ཡང་མིན། ཞེས་པ་དང༌། རང་འགྲེལ་ལའང༌། གང་ལན་ཅིག་མ་ཡིན་པར་ངོ་ཤེས་པའང་ཚད་མ་མ་


JLD016_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། ཞེས་པ་ཡོད་པར་མངོན་ལ། དེའི་དོན་འཆད་པ་ན་འགྲེལ་བཤད་ཀྱིས་ཡང་སྒྲའི་ནུས་པ་འདོན་ཚུལ་བཤད་པ་ནི་ཤིན་ཏུ་ལེགས་སོ། །དེ་ལྟར་ན་འདིར་འགྱུར་ཏེ། ལན་ཅིག་མ་ཡིན་པར་ཤེས་པ་ནི་སླར་ཡང་ཤེས་པའི་དོན་ཡིན་ལ། དེས་དངོས་སུ་བསྟན་པ་ནི་གོང་དུ་བཤད་པ་ལྟར་གྱི་ཁྱད་པར་མཐོང་བའི་ཚད་མ་ཞེས་ཕ་རོལ་པོས་སྨྲས་པ་དེ་ཡིན་ལ། ཡང་ཡང་ཤེས་པ་ཡང་མ་ཡིན་ཞེས་པའི་ཡང་སྒྲས་བསྟན་པ་ནི། མངོན་སུམ་གྱིས་ཁ་དོག་གི་རྒྱུན་འགག་ཁ་མ་ཐ་མའི་མི་རྟག་པ་གཞལ་བའི་སྟོབས་ཀྱིས་དྲངས་པའི་མི་རྟག་པ་ངེས་པའི་བློ་ལྟ་བུའོ། །དེས་ན་རྩ་འགྲེལ་སྔ་མས། བྱས་པའི་རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པ་རྗེས་དཔག་ཏུ་བསྟན་ནས། རྩ་འགྲེལ་ཕྱི་མ་འདིའི་ཡང་སྒྲས། ཚད་མ་སྔ་མས་ཁ་དོག་གི་མི་རྟག་པ་གཞལ་བའི་རྗེས་སུ་ཁ་དོག་མི་རྟག་པ་དྲན་པ་ཚད་མ་མ་ཡིན་པར་བསྟན་པ་ཡིན་ལ། དེའི་ཕྱིར་འགྲེལ་བཤད་ལས། ཡང་ཡང་ངོ་ཤེས་པ་ཡང་མ་ཡིན་ནོ་ཞེས་པ་སྟེ། ངོ་ཤེས་པ་འབྲས་བུར་བྱ་བ་ནི། གང་ཁྱད་པར་མཐོང་བའི་ཤེས་པ་དེ་ཚད་མ་མ་ཡིན་ནོ་ཞེས་པའི་དོན་ཏོ། ཞེས་དང༌། ཡང་གི་སྒྲས་མངོན་སུམ་གྱིས་བཟུང་བ་ཁོ་ན་ལ་སླར་ཡང་ཁ་དོག་ལ་སོགས་པ་མི་རྟག་གོ་ཞེས་གང་འཛིན་པ་དེའང་ཚད་མ་མ་ཡིན་ནོ་ཞེས་སྟོན་ནོ་ཞེས་བཤད་དོ། །དེ་ལྟར་འཆད་པ་ནི་རྣམ་འགྲེལ་མཛད་པའི་དགོངས་པ་དམ་པར་སྣང་ངོ༌། །དེ་ལ་འདིར་མདོའི་དོན་དེ་ལྟར་ནུས་པ་སྟན་པའི་སྒོ་ནས་མཐའ་དཔྱད་དེ་རྒྱས་པར་འགྲེལ་པ་ན། མདོ་ཚིག་སྔ་མ་རྩ་འགྲེལ་དང་ཕྱི་མའི་ཡང་སྒྲའི་དོན་སྡེ་ཚན་གཅིག་ཏུ་མཛད་


JLD016_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ནས། གཞལ་བྱ་ངེས་ན་ཁ་དོག་ནི། །མི་རྟག་ཉིད་དུ་རྟོགས་མི་འགྱུར། ཞེས་པའི་ལན་དུ་མཛད་ནས། སྐྱོན་འདིར་ཞེས་པ་ནས། སྒྲ་ལའང་ལྡོག་པའི་རྟེན་ཡིན་ནོ། ཞེས་པའི་བར་གྱིས་འཆད་དེ། དེའང་ཅི་ཁ་དོག་མི་རྟག་པར་རྟོགས་པ་ཚད་མ་གསུམ་པར་སྨྲ་བ་དེ། བྱས་སོགས་ཀྱི་རྟགས་ལས་དེ་ལྟར་རྟོགས་པ་ལ་འདོད་དམ། འོན་ཏེ་མངོན་སུམ་ཚད་མས་ཁ་དོག་གི་མི་རྟག་པ་གཞལ་བའི་སྟོབས་ཀྱིས་དྲངས་པའི་རྟོག་པས་ཁ་དོག་མི་རྟག་པར་དྲན་པ་ལྟ་བུ་ལ་འདོད། དང་པོ་ལྟར་ན་རྗེས་དཔག་ཚད་མ་ཡིན་པས་དེ་ལས་གཞན་པའི་ཚད་མ་གསུམ་པར་མི་འཐད་དོ་ཞེས་པ། འཛིན་པ་ནི་ཚུལ་འདིར་འདོད། ཅེས་པའི་བར་དང༌། གཉིས་པ་ལྟར་ན་དཔྱད་ཤེས་ཡིན་པས་ཚད་མ་མ་ཡིན་པའི་ལན་འདེབས་པ། གཞན་དུ་བཟུང་བ་འཛིན་པའི་ཕྱིར། ཞེས་སོགས་སོ། །མདོའི་རྩ་འགྲེལ་ཕྱི་མས་དངོས་སུ་བསྟན་པའི་དོན་ཁྱད་པར་མཐོང་བའི་ཚད་མ་གསུམ་པ་འགོག་པ། སྐད་ཅིག་སོ་སོར་ཐ་དད་ཕྱིར། ཞེས་སོགས་སོ། །དེ་ལ་རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པ་ཚད་མ་གསུམ་པ་ཡིན་ལ་འགོག་པ་ལ་དངོས་དང༌། འཕྲོས་དོན་གྱི་མཐའ་དཔྱད་པ་གཉིས་ལས་དངོས་ནི། བྱས་པའི་རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པ་རང་སྤྱི་འདྲེས་པ་འཇལ་བའི་ཚད་མ་གསུམ་པ་ཡིན་པས་གྲངས་ངེས་ཉམས་པའི་སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། ཁ་དོག་གི་དོན་སྤྱི་ལ་མི་རྟག་པའི་དོན་སྤྱི་ཁྱད་ཆོས་ལྟ་བུར་སྦྱོར་བས་གཟུང་ཡུལ་དུ་བྱེད་པའི་རྗེས་དཔག་


JLD016_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སྤྱི་མཚན་ལ་འཇུག་ཅིང་ཐོབ་པར་འགྱུར་གྱི། རང་མཚན་ལ་འཇུག་པ་དང་འཐོབ་པར་མི་འགྱུར་རོ་ཞེ་ན། བྱས་པའི་རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མའི་གཟུང་ཡུལ་སྤྱི་མཚན་ཡིན་ཀྱང༌། གང་ལ་དངོས་ཀྱི་ཚད་མར་སོང་བའི་གཞལ་བྱ་དངོས་མེད་ཀྱི་ངོ་བོར་གྱུར་པའི་སྤྱི་མཚན་མ་ཡིན་ཏེ། རྗེས་དཔག་དེའི་འཛིན་སྟངས་ཀྱིས་ཁ་དོག་དེ་ཉིད་མི་རྟག་པར་བཟུང་ཞིག་ཡོངས་སུ་དཔྱད་པ་དེ་ལྟར་དངོས་པོ་ལའང་ཁ་དོག་མི་རྟག་པར་གྲུབ་པའི་སྒོ་ནས་ཁ་དོག་མི་རྟག་པ་རང་མཚན་བསྒྲུབ་པའམ་འཇལ་བའི་ཚད་མ་ཡིན་པའི་ཕྱིར་རོ། །སྤྱི་མཚན་བཟུང་བས་རང་མཚན་འགྲུབ་པ་མི་འཐད་དེ། གཞན་སྤྱི་མཚན་ལ་གཞན་རང་མཚན་གྲུབ་པ་མིན་པའི་ཕྱིར་ཞེ་ན། དེའི་ལན་འདེབས་པ་ལ། ཁ་དོག་མི་རྟག་པའི་དོན་སྤྱི་གཟུང་ཡུལ་དུ་བྱས་པའི་སྒོ་ནས་ཁ་དོག་མི་རྟག་པ་རང་མཚན་མི་རྟོགས་པའི་སྐྱོན་ཡོད་པ་མ་ཡིན་ཏེ། དེའི་སྒོ་ནས་དེ་ངེས་པར་རྟོགས་དགོས་པའི་ཕྱིར། ཞེས་བཀོད་ན། དེའི་སྒོ་ནས་དེ་རྟོགས་པ་ཡིན་ཏེ། དེའི་སྒོ་ནས་དེ་རྟོས་ཡིན་པའི་ཕྱིར། ཞེས་པར་འགྱུར་བས་མི་ལེགས་སོ། །དེས་ནི་འདི་ལྟར། རྗེས་དཔག་དེ་རང་གི་གཟུང་ཡུལ་སྤྱི་མཚན་ཡིན་ཀྱང་དེ་ལས་ཁ་དོག་མི་རྟག་པ་རང་མཚན་མི་འཐོབ་པའི་སྐྱོན་ཡོད་པ་མིན་ཏེ། རང་ལ་སྣང་བ་དེ་ཉིད་ཁ་དོག་མི་རྟག་པ་རང་མཚན་དུ་འཁྲུལ་ཏེ་རང་མཚན་དེ་ལ་ཞེན་ནས་འཇུག་ཅིང༌། །སྣང་བ་དེ་ཉིད་ཁ་དོག་མི་རྟག་པ་རང་མཚན་དང་བརྒྱུད་ནས་འབྲེལ་པ་གྲུབ་པའི་དབང་གིས་མི་སླུ་བའི་ཕྱིར་རོ། །


JLD016_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་རྗེས་དཔག་རང་གི་གཞལ་བྱ་ལ་བརྒྱུད་ནས་འབྲེལ་བའི་དབང་གིས་མི་སླུ་བའི་ཚུལ་ཇི་ལྟ་བུ་ཞེ་ན། དོན་དེ་ཉིད། དངོས་གང་ཞེས་སོགས་ཀྱིས་རྒྱས་པར་འཆད་པ་ཡིན་ཏེ། འདི་ནི་ལྷ་རྒྱན་གཉི་གའི་འགྲེལ་པ་ནའང་ཤིན་ཏུ་གསལ་ལོ། །འདི་ལ་སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་འབྲེལ་བའི་དབང་གིས་མི་སླུ་བའི་ཚུལ་དང༌། དགག་རྟགས་ལ་བརྟེན་པ་འབྲེལ་པའི་དབང་གིས་མི་སླུ་བའི་ཚུལ་གཉིས་ཀྱིས་འཆད་པ་ལ། །དང་པོ་ལ་གཉིས། རྟགས་འཛིན་སེམས་ཀྱི་མཐའ་དཔྱད་པ་དང༌། གཞུང་གི་ཚིག་དོན་བཤད་པའོ། །དང་པོ་ལ། སློབ་དཔོན་ཆོས་མཆོག་གི་བཞེད་པ་མི་འཐད་པར་སྨྲ་བ་དག་གི་ལུགས་དགག་པ་དང༌། ཆོས་མཆོག་གི་ལུགས་དེ་ཉིད་འཐད་པའི་ཕྱོགས་སུ་རྣམ་པར་བཞག་པའོ། དང་པོ་ནི། སློབ་དཔོན་རྒྱན་མཁན་པོས། རྟགས་ཆོས་ཀྱི་འབྲེལ་པ་འཛིན་པ་རྟགས་འཛིན་སེམས་སུ་འདོད་པ་དང༌། དེ་ལའང་གཉིས་ལས། གཅིག་ནི་དཔེའི་སྟེང་དུ་རྟགས་ཆོས་ཀྱི་འབྲེལ་པ་འཛིན་པ་དང༌། གཞན་ནི་ཆོས་ཅན་གྱི་སྟེང་དུ་རྟགས་ཆོས་ཀྱི་འབྲེལ་པ་འཛིན་པ་ཡིན་ལ། སྔ་མ་ནི་རྟགས་འཛིན་ཁོ་ན་ཡིན་ཞིང༌། ཕྱི་མ་ནི་རྟགས་ཅན་གྱི་བློ་ཡིན་ནོ། ཞེས་འདོད་པ་སློབ་དཔོན་ཆོས་མཆོག་གི་འདོད་པ་ཡིན་པའི་ལུགས་སུ་བྱས་ནས། དེ་ལ་དགག་པ་བརྗོད་པ། གལ་ཏེ་རྟགས་ནི་འབྲེལ་ཉིད་དུ། འཛིན་པ་རྟགས་ཀྱི་བློ་ཡིན་ཞིང༌། བསྒྲུབ་བྱའི་ཆོས་ཀྱི་འབྲེལ་པ་ནི། རྗེས་སུ་དཔག་པ་ལས་ཡིན་ནོ། དེ་ལྟ་ཡིན་ན་ཐུག་མེད་འགྱུར། དེ་


JLD016_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་རྗེས་སུ་དཔག་པ་ནི། གཞན་ཞིག་ཁ་ནས་འབྲེལ་ཤེས་ཤིང༌། དེར་ཡང་དེ་ལས་གཞན་གྱིས་ཡིན། ཞེས་སོགས་ཀྱིས། རྟགས་ཆོས་ཀྱི་འབྲེལ་པ་རྗེས་དཔག་གིས་ཤེས་ན། དེ་ལའང་རྗེས་དཔག་གཞན་ཞིག་གིས་ཤེས་དགོས་པ་ལ་སོགས་པ་ཐག་པ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་རྟགས་འཛིན་གྱིས་དཔེའི་སྟེང་དུ་འབྲེལ་པ་བཟུང་ཡང་ཆོས་ཅན་གྱི་སྟེང་དུ་མ་ཡིན་ལ། རྗེས་དཔག་གིས་ཆོས་ཅན་གྱི་སྟེང་དུ་འབྲེལ་པ་བཟུང་བས་ལྷག་པོ་ཡོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དཔེའི་སྟེང་དུ་འབྲེལ་པ་བཟུང་བས་ཆོག་མོད། ཆོས་ཅན་གྱི་སྟེང་དུ་བཟུང་བས་ཅི་ཞིག་བྱ། ཆོས་ལ་ནི་དེ་ལྟར་མ་ཡིན་ཏེ། བསྒྱུབས་བྱའི་ཆོས་ཆོས་ཅན་དང་འབྲེལ་པ་ཉིད་བསྒྲུབས་བྱའི་གཙོ་བོ་ཡིན་པའི་ཕྱིར་རོ། རྟགས་ཆོས་ཀྱི་འབྲེལ་པ་ནི་སྒྲུབ་བྱེད་ཡིན་གྱི་བསྒྲུབ་བྱ་མ་ཡིན་པས། དེ་ནི་ཆོས་ཅན་ལ་རྗེས་དཔག་གིས་གཞལ་བར་བྱ་བ་མ་ཡིན་ནོ། ཞེས་ཟེར་ཞིང་ཡང་འདི་ལྟར། འོན་ཏེ་རྟགས་ནི་མངོན་སུམ་གྱི། རྟགས་ཉིད་དུ་ནི་རྟོགས་བྱེད་ན། དེ་ལྟ་ཡིན་ན་དེར་སྣང་བས། སྟོང་པ་ཉིད་དུ་ཇི་ལྟར་འགྱུར། ཞེས་སོགས་ཀྱིས། གལ་ཏེ་དུ་བ་ལ་སོགས་པའི་རྟགས་ཀྱི་ངོ་བོ་ནི་མངོན་སུམ་གྱིས་གཟུང་ལ། དེ་བསྒྲུབ་བྱ་དང་འབྲེལ་བར་ནི་མངོན་སུམ་གྱི་རྗེས་འབྲེང་བའི་དྲན་པས་བཟུང་ངོ་ཞེ་ན། མངོན་སུམ་རྟགས་འཛིན་ཡིན་ན་རྟགས་འཛིན་གྱི་བློ་དངོས་པོར་སྣང་བས་སྟོང་པར་རང་གིས་རྣམ་པར་བཞག་པ་དང་འགལ་ལ། འོན་ཏེ་དྲན་པ་རྟགས་འཛིན་ཡིན་ན་དེ་ཚད་མ་མ་ཡིན་པའི་ཕྱིར་མི་སླུ་པར་


JLD016_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བཞག་པ་དང་འགལ་ལོ། ཞེས་ཟེར་ལ་རྒྱན་མཁན་པོ་རང་ཉིད་ཀྱི་འདོད་པ་ནི། རང་བཞིན་རྟགས་ཀྱི་རྟགས་འཛིན་ནི་རྟགས་ཅན་རྗེས་དཔག་ཉིད་ཡིན་ལ། འབྲས་བུའི་རྟགས་ཀྱི་རྟགས་འཛིན་དང་རྟགས་ཅན་གྱི་བློ་ངོ་བོ་ཐ་དད་ཅིང༌། དེའང་ཤིན་ཏུ་གོམས་པ་དང་ལྡན་པ་ལ་ནི་དུ་བའི་ངོ་བོ་འཛིན་པའི་མངོན་སུམ་ལྟ་བུ་ཉིད་རྟགས་འཛིན་ཡིན་ལ། གོམས་པ་དང་མི་ལྡན་པ་ལ་ནི། ཚང་མང་གི་དུ་བ་དང་སྣང་བ་ཁྱད་པར་མེད་པའི་རྟགས་ལས་དུ་པར་ངེས་པའི་རྗེས་དཔག་ཉིད་རྟགས་འཛིན་ཡིན་ཞིང༌། དེའི་ཕྱིར་རྟགས་ཀྱི་ངོ་བོ་ཙམ་འཛིན་པ་རྟགས་འཛིན་ཡིན་གྱི། འབྲེལ་པ་འཛིན་པ་རྟགས་འཛིན་མ་ཡིན་ནོ་ཞེས་འཆད་དོ། །སློབ་དཔོན་ཆོས་མཆོག་གི་བཞེད་པ་ནི། བྱས་མི་རྟག་གི་འབྲེལ་པ་སྒྲ་གཞིར་བྱས་པའི་སྟེང་དུ་འཛིན་པ་རྟགས་འཛིན་གྱི་སེམས་སུ་བཞེད་པ་མིན་པའི་ཚུལ་འཆད་པ་ལྟར་ཡིན་པས་ཕྱོགས་སྔ་མའི་འདོད་པ་མ་ལོངས་ལ། རྟགས་ཆོས་ཀྱི་འབྲེལ་པ་འཛིན་པ་ཁོ་ན་རྟགས་འཛིན་སེམས་སུ་བཞེད་པའང་མ་ཡིན་ནོ། །རང་བཞིན་རྟགས་ཀྱི་རྟགས་ཅན་གྱི་བློ་ཉིད་མ་ཡིན་པའི་དེའི་རྟགས་འཛིན་གྱི་སེམས་མེད་ན། འདིར་ཁ་དོག་མི་རྟག་པར་བསྒྲུབ་པའི་རྟགས་འཛིན་གྱི་སེམས་དང་རྟགས་ཅན་གྱི་བློ་རྒྱུ་འབྲས་ཡིན་པར་དངོས་སུ་བཤད་པ་དང་ཆེས་འགལ་ཞིང༌། འབྲས་རྟགས་ཀྱི་རྟགས་ཀྱི་ངོ་བོ་འཛིན་པའི་མངོན་སུམ་ཡོད་ན། དེར་སྣང་བ་ཡིས་ནི། སྟོང་ཡང་ཞེས་པ་ཁྱོད་རང་གིས་ཀྱང་རྟགས་འཛིན་དང་


JLD016_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཅན་གཉི་ག་ལ་བཤད་པ་དང་འགལ་ལོ། །ཡང་སློབ་དཔོན་ཆོས་མཆོག་གི་བཞེད་པ་འགོག་པ་ན་ལོ་ཙཱ་བ་ན་རེ། རྟགས་ཅན་གྱི་བློ་མི་སླུ་པར་བསྒྲུབ་པའི་སྐབས་སུ་རྟགས་འཛིན་གྱི་སེམས་མི་སླུ་པར་བསྒྲུབ་པ་སྐབས་སུ་མ་བབ་ཅིང་འབྲེལ་མེད་དེ། བསྒྲུབ་བྱ་ལ་མི་སླུ་པ་ཡིན་ན་རྟགས་ཅན་གྱི་བློ་ཉིད་ཡིན་གྱི་དེའི་རྒྱུར་མི་འཐད་ལ། རྟགས་ལ་མི་སླུ་བ་ཡིན་ན་རྟགས་ཅན་མི་སླུ་པར་བསྒྲུབ་པའི་སྐབས་སུ་དེ་ལ་མི་སླུ་པར་བསྒྲུབ་པ་འབྲེལ་མེད་པའི་ཕྱིར་རོ། ཞེས་ཟེར་བ་ཤིན་ཏུ་མི་འཐད་དེ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་འཇལ་བའི་ཚད་མ་ཚུལ་གསུམ་ལ་མི་སླུ་པར་མ་གྲུབ་ན་སྒྲ་མི་རྟག་པར་འཇལ་བའི་རྟགས་ཅན་རྗེས་དཔག་མི་སླུ་པར་འགྲུབ་མི་སྲིད་ལ། དེ་འདྲའི་རྟགས་ཅན་རྗེས་དཔག་མི་སླུ་པར་བསྒྲུབ་པའི་ཕྱིར་དུ་རྟགས་འཛིན་སེམས་མི་སླུ་པར་བསྒྲུབ་པ་འབྲེལ་མེད་ན། སྒྲ་མི་རྟག་པར་བསྒྲུབ་པའི་ཕྱིར་དུ། དེ་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚུལ་གསུམ་བསྒྲུབ་པ་འབྲེལ་མེད་དུ་ཐལ་ལོ། །རྟགས་འཛིན་རྗེས་དཔག་ཡོད་ན། རྟགས་ཅན་ལས་ལོགས་སུ་བསྟན་པ་དོན་མེད་པར་ཐལ། རྟགས་ཅན་རྗེས་དཔག་གི་ནང་དུ་འདུས་པའི་ཕྱིར་ཞེས་པ་དང༌། རྟགས་འཛིན་མངོན་སུམ་ཡོད་ན་དེར་སྣང་བ་ཡིས་སྟོང་པར་དེ་མ་ཐག་ཏུ་འཆད་པར་འགྱུར་བ་དང་འགལ་ལོ་ཞེས་ཟེར་བ་དག་ཀྱང་ཆེས་མི་འཐད་དེ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ལྟོས་མེད་དང་གནོད་པ་ཅན་གྱི་


JLD016_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ལ་བརྟེན་པའི་རྗེས་དཔག་རྟགས་འཛིན་སེམས་སུ་སྨྲས་པ་ལ། དེ་དག་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལས་ལོགས་སུ་བསྟན་པ་མི་འཐད་པར་ཐལ་པ་འཕངས་པར་སོང་བའི་ཕྱིར་དང༌། རྟགས་འཛིན་མགོན་སུམ་ཡོད་ཀྱང་དེ་ལ་དོགས་པ་དཔྱད་མི་དགོས་ཤིང༌། འཁྲུལ་པ་ཡིན་ན་མི་སླུ་བར་འགལ་སྙམ་པའི་དོགས་པ་རྗེས་དཔག་ལ་ཞུགས་པ་དེ་འདིར་དམིགས་ཕུག་ནས་དཔྱོད་པ་སྐབས་སུ་བབ་པས་དཔྱད་པ་ཡིན་གྱི། རྟགས་འཛིན་སེམས་གང་ཡིན་ཐམས་ཅད་ལ་སྤྱིར་དཔྱད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཆོས་མཆོག་གི་བཞེད་པ་ཉིད་འཐད་པའི་ཕྱོགས་སུ་རྣམ་པར་བཞག་པ་ནི། དེ་ལྟར་ལུགས་གཞན་ནི་སྙིང་པོ་མེད་པར་གྱུར་པས་ཆོས་མཆོག་གི་བཞེད་པ་ཉིད་གནོད་པ་དང་བྲལ་བར་གནས་སོ། །དེ་ལ་འཐད་ལྡན་དུ། རྟགས་མི་འཁྲུལ་པར་འཛིན་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་ཆོས་ཅན་ལ་མི་བལྟོས་པར་ཁྱབ་པ་སྤྱིར་འཛིན་པ་ཡིན་ལ། གཞན་ནི་ཕྱོགས་ཀྱི་ཆོས་བཟུང་བ་ན་བཟུང་ཟིན་པ་ཉིད་ཀྱི་མི་འཁྲུལ་བ་གང་ཡིན་པ་དྲན་པ་སྟེ། བཟུང་ཟིན་པའི་མི་འཁྲུལ་བ་མ་དྲན་ན་ནི། བསྒྲུབ་བྱ་རྟོགས་པ་མེད་པའི་ཕྱིར་རོ། ཞེས་པའི་ཚིག་དོན་བཤད་ན་འདི་ལྟར། རྟགས་བསྒྲུབ་བྱའི་ཆོས་ལ་མི་འཁྲུལ་བའི་ཁྱབ་པ་འཛིན་པ་རྟགས་འཛིན་དུ་སྔར་སྨྲས་པ་དེ་ལ། དེ་འདྲའི་ཁྱབ་པ་འཛིན་པའང་རྣམ་པ་གཉིས་ཏེ། གཅིག་ནི་ཆོས་ཅན་ལ་རྟགས་ཚད་མས་ངེས་


JLD016_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བལྟོས་པ་མེད་པར། རྟགས་བསྒྲུབ་བྱའི་ཆོས་ལ་མི་འཁྲུལ་བའི་ཁྱབ་པ་སྤྱིར་འཛིན་པའི་ཚད་མ་ཡིན་ལ། དེ་ལས་གཞན་ནི་གཞི་ཆོས་ཅན་ལ་རྟགས་ཚད་མས་ངེས་པའི་ཚུལ་གྱིས་ཕྱོགས་ཆོས་བཟུང་བ་ན། དེའི་རྗེས་སུ་སྔར་བཟུང་ཟིན་པ་ཉིད་ཀྱི་རྟགས་བསྒྲུབ་བྱའི་ཆོས་ལ་མི་འཁྲུལ་པའི་ཁྱབ་པ་དེ་སླར་ཡང་དྲན་པ་སྟེ། ཚུལ་གསུམ་ཚད་མས་བཟུང་ཟིན་པའི་མི་འཁྲུལ་བ་སླར་ཡང་མ་དྲན་ན་ནི་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བ་མེད་པའི་ཕྱིར་རོ། ཞེས་བྱ་བའི་དོན་ཏེ། འདིས་ནི་ཚུལ་གསུམ་ཚད་མས་ངེས་ཟིན་པའི་རྗེས་སུ་སྒྲ་ནི་བྱས་པ་ཡིན་ལ། བྱས་པ་གང་ཡིན་པ་ནི་མི་རྟག་པས་ཁྱབ་བོ་སྙམ་དུ་དྲན་པ་ལ་བརྟེན་ནས་དེའི་ཕྱིར་སྒྲ་མི་རྟག་གོ་སྙམ་དུ་རྟོགས་པའི་རྗེས་དཔག་ཚད་མ་སྐྱེ་བར་བཤད་པ་ཡིན་གྱི། ཁྱབ་པ་སྤྱིར་འཛིན་པ་དང་ཁྱབ་པ་ཆོས་ཅན་གྱི་སྟེང་དུ་འཛིན་པ་གཉིས་ཡོད་པར་བཤད་པ་མ་ཡིན་ཞིང༌། ཁྱབ་པ་འཛིན་པའི་ཚད་མ་དང་ཁྱབ་པ་དྲན་པའི་དཔྱད་ཤེས་གཉིས་རྟགས་འཛིན་སེམས་སུ་འཆད་པའི་ཚིག་ཟུར་གྱི་ཕྱོགས་ཆོས་འཛིན་པའི་ཚད་མ་དང་དཔྱད་ཤེས་ཀྱང་རྟགས་འཛིན་སེམས་སུ་བསྟན་པ་ཡིན་ནོ། །དེ་ལྟར་ན་རྟགས་ཡང་དག་གི་ཚུལ་གསུམ་འཇལ་བའི་ཚད་མ་དང༌། ཚད་མ་དེ་དག་གིས་དྲངས་པའི་ཚུལ་གསུམ་དྲན་པའི་དཔྱད་ཤེས་རྣམས་ཀྱང་སྦྱོར་བ་དེ་སྐོར་གྱི་རྟགས་འཛིན་སེམས་སུ་་བྱ་དགོས་སོ། །འོ་ན་མདོ་ལས། རྟགས་ཀྱི་ཤེས་པ་ནི་རྗེས་སུ་དཔག་པའི་དངོས་ཀྱི་རྒྱུ་མ་ཡིན་ཏེ། དྲན་པས་བར་དུ་ཆོད་


JLD016_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། ཞེས་པ་ཇི་ལྟར་དྲང་ཞེ་ན། དེ་ནི་རྟགས་འཛིན་སེམས་ཙམ་དང་རྟགས་ཅན་རྗེས་དཔག་གི་བར་དུ་དྲན་པས་ཆོད་པར་སྟོན་པ་མ་ཡིན་གྱི། ཚུལ་གསུམ་འཇལ་བའི་ཚད་མ་དང་བསྒྲུབ་བྱ་འཇལ་བའི་ཚད་མའི་བར་དུ་ཚུལ་གསུམ་དྲན་པའི་ཤེས་པས་ཆོད་པར་སྟོན་པ་ཡིན་ནོ། །དེའི་ཕྱིར་འཐད་ལྡན་ལས། དེ་ལས་ནི་རྗེས་སུ་དཔག་པའི་ཤེས་པ་སྐྱེ་བ་མ་ཡིན་གྱི། འོན་ཀྱང་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་པ་ཉིད་དྲན་པ་ཉིད་ལས་ཡིན་ཏེ། དེའི་དྲན་པ་ཉིད་ནི་རྟགས་ཡིན་ནོ་ཞེས་བྱ་བའི་རྣམ་པར་འགྲེལ་པ་འདིས། དྲན་པས་བར་དུ་ཆོད་པའི་རྟགས་རྗེས་སུ་དཔག་པ་བསྐྱེད་པ་ལ་ཉེ་བར་སྦྱོར་བ་ཡིན་ནོ། ཞེས་བརྗོད་པ་ཡིན་ནོ། ཞེས་གསུངས་སོ། །འོ་ན་རྟགས་འཛིན་སེམས་མངོན་སུམ་ལྟར་སྣང་གི་ནང་ཚན་དུ་བཤད་པ་མི་འཐད་པར་ཐལ། རྟགས་འཛིན་སེམས་མངོན་སུམ་ཡང་ཡོད་པའི་ཕྱིར་ཞེ་ན། ཁྱབ་པ་ཅུང་ཟད་ཀྱང་མེད་ལ། རྟགས་འཛིན་སེམས་གང་ཡིན་ཐམས་ཅད་མངོན་སུམ་ལྟར་སྣང་དུ་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་གང་ལས་ཀྱང་ཟུར་ཙམ་ཡང་མ་བཤད་ཀྱི། རྟགས་འཛིན་རྟོག་པ་མངོན་སུམ་ལྟར་སྣང་དུ་གསུངས་པ་ཙམ་ཡིན་ནོ། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། ཞེས་པའི་རྟགས་འཛིན་རྟོག་པ་ལ་རྗེས་དཔག་གི་རྒྱུ་ཡིན་པས་རྗེས་དཔག་ཏུ་བཏགས་ཤིང༌། རྗེས་དཔག་དངོས་ལ་རྗེས་དཔག་ལས་བྱུང་བའི་སྒྲས་བཏགས་པ་མ་ཡིན་པར་ཐལ། རྟགས་ཅན་


JLD016_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དཔག་དངོས་ཡོད་པའི་ཕྱིར་ཟེར་ན། ཐེག་ཆེན་གྱི་མངོན་རྟོགས་ཙམ་ལ་ཤེར་ཕྱིན་གྱི་སྒྲས་བཏགས་པ་མི་འཐད་པར་ཐལ། ཐེག་ཆེན་གྱི་མངོན་རྟོགས་ཤེར་ཕྱིན་མཚན་ཉིད་པའང་ཡོད་པའི་ཕྱིར་ཞེས་སོགས་ཤིན་ཏུ་མང་བས་ཁྱབ་པ་ཅུང་ཟད་ཀྱང་མེད་དོ། །དེས་ན་རྟགས་འཛིན་རྟོག་པ་ཙམ་ལ་རྗེས་དཔག་གི་མིང་གིས་བཏགས་པ་དང༌། དེའི་ནང་ཚན་ལ་རྗེས་དཔག་ཡིན་པ་དང་དཔྱད་ཤེས་ཡིན་པ་གཉི་ག་ཡོད་པ་ཡིན་ནོ། །དེས་ན་བྱས་པ་དང་དུ་བ་ལྟ་བུ་རྟགས་ཀྱི་གཞི་ལྡོག་གི་ངོ་བོ་ཙམ་འཛིན་པ་རྟགས་འཛིན་སེམས་སུ་མི་རུང་བ་འཐད་ལྡན་ལས་ཀྱང༌། དུ་བའང་བྱས་པ་རང་གི་ངོ་བོས་བཟུང་བ་ནི་རྟགས་མ་ཡིན་གྱི། འོན་ཀྱང་བསྒྲུབ་བྱ་མེད་ན་མི་འབྱུང་བར་བཟུང་བ་ཡིན་ནོ། ཞེས་གསུངས་པ་ཡིན་ནོ། །དེའང་བསྒྲུབ་བྱ་མེད་ན་མི་འབྱུང་བར་ཞེས་པ་ནི་བསྒྲུབ་བྱའི་ཆོས་མེད་ན་མི་འབྱུང་བ་ཞེས་བྱ་བའི་དོན་ཏེ། རྣམ་ངེས་ལས། རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་སོ། ཞེས་གསུངས་པ་ལྟར། སྐབས་ཐོབ་ཀྱིས་གོ་བ་ལ་དགོངས་ནས་ཆོས་ཅན་ལ་རྗེས་སུ་དཔག་བྱ་དང་ཆོས་ལ་བསྒྲུབ་བྱ་ཞེས་པ་ཙམ་གསུངས་པ་མང་བས། བསྒྲུབ་བྱ་ཞེས་པའི་ཚིག་གང་བྱུང་བསྒྲུབ་བྱ་དངོས་ལ་མི་བཟུང་ངོ༌། །གཞན་ཡང་འདི་ལྟར་བསམ་པར་བྱ་སྟེ། ཅི་སྒྲ་རྟག་པར་བསྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། བྱས་པ་སྒྲ་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་ཚད་མ་དེ་དེ་སྒྲུབ་ཀྱི་རྟགས་འཛིན་སེམས་ཡིན་ནམ་མ་


JLD016_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། མ་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ཅན་རྗེས་དཔག་གི་རྒྱུ་མི་བྱེད་པའི་ཕྱིར་ཏེ། རྟགས་འཛིནསེམས་ནི་རྟགས་ཅན་གྱི་རྗེས་དཔག་གི་རྒྱུར་བཤད་པའི་ཕྱིར་རོ་ཞེ་ན། འོ་ན་དེ་སྒྲུབ་ལ་ཕྱོགས་ཆོས་ཚད་མས་ངེས་པ་མེད་པར་ཐལ། ཕྱོགས་ཆོས་ཚད་མས་ངེས་པ་རྗེས་དཔག་གི་རྒྱུར་བཤད་པའི་ཕྱིར་རོ། །རྟགས་ཡང་དག་གི་ཕྱོགས་ཆོས་ཚད་མས་ངེས་པ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་གི་རྒྱུར་བཤད་པ་ཡིན་གྱི། ཕྱོགས་ཆོས་ངེས་པའི་ཚད་མ་ཡིན་ན་དེའི་རྒྱུ་ཡིན་པས་ཁྱབ་པར་མ་བཤད་དོ་ཞེ་ན། རྟགས་ཡང་དག་གི་རྟགས་འཛིན་སེམས་རྟགས་ཅན་རྗེས་དཔག་གི་རྒྱུར་བཤད་པ་ཡིན་གྱི། རྟགས་འཛིན་སེམས་ཡིན་ན་རྗེས་དཔག་གི་རྒྱུ་ཡིན་པས་ཁྱབ་པར་གང་དུ་བཤད། གཞན་ཡང་རྟགས་འཛིན་སེམས་ཡིན་ན་རྟགས་ཡང་དག་གི་རྟགས་འཛིན་སེམས་ཡིན་པས་ཁྱབ་པའི་སྒྲུབ་བྱེད་ཅིའང་བསྟན་དུ་མེད་དོ། །དེས་ན་བྱས་པས་སྒྲ་རྟག་པར་བསྒྲུབ་པ་ལ་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་ཡོད་ཀྱང་ཁྱབ་པ་འཇལ་བའི་རྟགས་འཛིན་སེམས་གྲོགས་སུ་མེད་པས་རྟགས་ཅན་རྗེས་དཔག་བསྐྱེད་མ་ནུས་ལ། མིག་གི་གཟུང་བྱས་སྒྲ་མི་རྟག་པར་བསྒྲུབ་པའི་ཁྱབ་པ་འཇལ་བའི་རྟགས་འཛིན་སེམས་ཡོད་ཀྱང་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་གྲོགས་སུ་མེད་པས་རྟགས་ཅན་རྗེས་དཔག་བསྐྱེད་པར་མི་ནུས་པ་ཡིན་པས། རྟགས་ཅན་རྗེས་དཔག་བསྐྱེད་པ་ལ་དེ་སྒྲུབ་ཀྱི་ཚུལ་གསུམ་འཇལ་བའི་


JLD016_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་འཛིན་ཚད་མ་གསུམ་དང༌། དེས་དྲངས་པའི་དཔྱད་ཤེས་གསུམ་གྲངས་ཚང་བ་རྒྱུ་ཚོགས་སུ་དགོས་པ་ཡིན་ནོ། །དེས་ན་ཆོས་མཆོག་གི་ལུགས་འདི་རང་ལུགས་ལ་ཁས་ལེན་པ་ནའང༌། རང་འབྲས་རྗེས་དཔག་གི་རྒྱུར་གྱུར་པའི་ཚུལ་གསུམ་གང་རུང་འཛིན་པའི་ཚད་མ་དང་ཚུལ་གསུམ་གང་རུང་འཛིན་པའི་དཔྱད་ཤེས་གང་རུང་ཡིན་པ། ཞེས་པ་རྟགས་འཛིན་སེམས་ཀྱི་མཚན་ཉིད་དུ་འདོད་པ་ནི་མ་ཁྱབ་པའི་སྐྱོན་དང་བཅས་པའོ། །དེའི་ཕྱིར་རྟགས་ཡང་དག་གི་རྟགས་འཛིན་སེམས་ཀྱི་མཚན་ཉིད་ལ་དེ་ལྟར་འཇོག་པ་ལ་ནི་སྐྱོན་མེད་པར་ཤེས་པར་བྱའོ། །དེ་ལ་འདིར་རྟགས་ཅན་རྗེས་དཔག་དངོས་པོ་ལ་བརྒྱུད་ནས་འབྲེལ་བས་མི་སླུ་བར་བསྒྲུབ་པ་ནི་སྤྱིར་དངོས་པོ་རང་མཚན་ལ་བརྒྱུད་ནས་འབྲེལ་བ་ཙམ་དུ་བསྒྲུབ་པ་མ་ཡིན་ཏེ། དེ་ཙམ་གྱིས་མི་སླུ་བར་མི་འགྲུབ་པའི་ཕྱིར་ཏེ། སྒྲ་རྟག་འཛིན་རྟོག་པའང་སྒྲ་རང་མཚན་ལ་བརྒྱུད་ནས་འབྲེལ་བའི་ཕྱིར་རོ། །དེ་ལྟར་ནའང་སྒྲ་རྟག་འཛིན་རྟོག་པའི་འཛིན་སྟངས་ལ་སྒྲ་རྟག་པའོ་སྙམ་དུ་འཛིན་གྱི། འདི་སྒྲའོ་སྙམ་དུ་མི་འཛིན་པས། འཛིན་སྟངས་ཀྱིས་ཇི་ལྟར་ཞེན་པ་ལྟར་གྱི་དངོས་པོ་རང་མཚན་ལ་བརྒྱུད་ནས་ཀྱང་འབྲེལ་བ་མ་གྲུབ་པས། ཞེན་པ་ལྟར་གྱི་དོན་ལ་སླུབ་བ་ཡིན་ལ། འདིར་ཁ་དོག་མི་རྟག་པར་རྟོགས་པ་དང་མགལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་ལྟ་བུ་རྣམས་ནི་ཇི་ལྟར་ཞེན་པ་ལྟར་གྱི་དངོས་པོ་རང་མཚན་ལ་བརྒྱུད་ནས་འབྲེལ་བས་མི་སླུ་བར་བསྒྲུབ་པ་ཡིན་ཏེ། བསྒྲུབ་བྱ་ལ་བརྒྱུད་ནས་འབྲེལ་བའི་དོན་ཏོ། །དེའང་བསྒྲུབ་


JLD016_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དངོས་པོ་བ་བསྒྲུབ་པའི་རྟགས་ལ་བརྟེན་པའི་རྗེས་དཔག་སྣང་ཡུལ་ལ་འཁྲུལ་ཡང་ཞེན་ཡུལ་ལ་མི་སླུ་བ་ཡིན་པ་ཇི་ལྟར་འཐད་སྙམ་པའི་དོགས་པ་དཔྱད་དཀའ་ཞིང༌། གོང་གི་ཁ་དོག་མ་རྟག་པར་རྟོགས་པའི་རྗེས་དཔག་ལ་དཔྱད་པའི་ལན་གྱི་སྐབས་སུ་བབ་པས་འདིར་བསྒྲུབ་བྱ་དངོས་པོ་བ་བསྒྲུབ་པའི་རྟགས་ལ་གཙོ་བོར་མཚོན་ནས། བརྒྱུད་པ་ཡིས་ནི་དངོས་པོ་ལ་འབྲེལ་ཞེས་གསུངས་པ་ཡིན་གྱི། ནམ་མཁའ་དངོས་མེད་དུ་འཇལ་པའི་རྗེས་དཔག་ལྟ་བུའང་བསྒྲུབ་དངོས་པོ་བ་ལ་བརྒྱུད་ནས་འབྲེལ་བར་སྟོན་པ་མ་ཡིན་ལ། ཁ་དོག་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུ་ཁ་དོག་མི་རྟག་པ་ལ་བརྒྱུད་ནས་འབྲེལ་བ་ལྟར། ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་སོགས་ཀྱང་ཇི་ལྟར་ཞེན་པ་ལྟར་ཡུལ་སྟེང་ན་གྲུབ་པའི་བསྒྲུབ་བྱ་ལ་བརྒྱུད་ནས་འབྲེལ་བའི་དོན་ཡིན་ནོ། །བསྒྲུབ་བྱ་ལ་བརྒྱུད་ནས་ཇི་ལྟར་འབྲེལ་བའི་ཚུལ་ནི། ཇི་ལྟར་ཞེན་པ་ལྟར་བསྒྲུབ་བྱ་ཡུལ་སྟེང་ན་གྲུབ་པ་མེད་ན་དེ་བསྒྲུབ་པའི་རྟགས་ཀྱི་ཚུལ་གསུམ་འཇལ་བའི་ཚད་མ་མི་འབྱུང༌། དེ་མེད་ན་ཚུལ་གསུམ་དྲན་པའི་དཔྱད་ཤེས་མི་འབྱུང༌། དེ་མེད་ན་རྟགས་ཅན་རྗེས་དཔག་མི་འབྱུང་པའི་ཚུལ་གྱིས་འབྲལ་བ་ཡིན་ལ། དངོས་གང་ཇི་ལྟ་བུར་གྱུར་པ། །དེ་འདྲ་དེ་ནི་རྟགས་སེམས་ཀྱི། །རྒྱུ་ཡིན་ཞེས་པའི་དོན་ནི། མེའི་དངོས་པོ་གང་ལས་དུ་བ་ཇི་ལྟ་བུར་སྐྱེ་བ་དང༌། མི་རྟག་པའི་དངོས་པོ་ལ་གང་བྱས་པ་རང་གྲུབ་ཙམ་ནས་དེའི་རྫས་སུ་ཇི་ལྟ་བུར་


JLD016_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དང༌། གཞི་འགར་དུ་བའི་དངོས་པོ་དང་སྒྲ་ལ་བྱས་པའི་དངོས་པོ་གང་གནས་པ་གཟུང་དོན་དུ་བྱས་ནས་ཉམས་སུ་མྱོང་བའི་སྟོབས་ཀྱིས་བཞག་པའི་བག་ཆགས། སྔ་རྒོལ་གྱིས་རྟགས་ཀྱི་ཚུལ་སྒྲུབ་བྱེད་བསྟན་པ་དང་ལ་མགོར་དུ་བ་འཕྱུར་བ་མཐོང་བ་ལ་སོགས་པའི་རྐྱེན་གྱིས་སད་པར་བྱས་པ་ལས། རིམ་པ་བཞིན་ཁྱབ་པ་དང་ཕྱོགས་ཆོས་ཀྱི་ཚུལ་འཛིན་པའི་རྟགས་འཛིན་སེམས་སྐྱེ་བ་ཡིན་ཏེ། འཐད་ལྡན་ལས། དངོས་པོ་ཉམས་སུ་མྱོང་བའི་བག་ཆགས་ཀྱིས་བསྐྱེད་པའི་གཟུང་བའི་རྣམ་པ་ཅན་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་དངོས་པོ་དང་འབྲེལ་པ་ཡིན་ཀྱང༌། དངོས་པོ་དང་འབྲེལ་བའི་རྟགས་མཐོང་བ་མེད་ན་མི་འབྱུང་བ་ཉིད་ཐུན་མོང་མ་ཡིན་པའི་དངོས་པོ་དང་འབྲེལ་བ་འདི་ནི་རྗེས་སུ་དཔག་པའི་ཚད་མའི་རྒྱུ་མཚན་དུ་བཤད་པ་ཡིན་ནོ། ཞེས་གསུངས་ཏེ། ཡིན་ཀྱང་ཞེས་པ་ཡར་བཅད་ཀྱི་དོན་ནི། དངོས་པོ་མཐོང་བའི་བག་ཆགས་ཀྱིས་བསྐྱེད་པའི་དངོས་པོ་ལ་འབྲེལ་ཚུལ་ཙམ་ཞིག་ཚད་མིན་གྱི་རྟོག་པ་རྣམས་ལའང་ཡོད་ཀྱང་ཞེས་བྱ་བའོ། །ཚིག་ལྷག་མའི་དོན་ནི། བཤད་མ་ཐག་པ་ལྟ་བུའི་བག་ཆགས་ཀྱིས་བསྐྱེད་པའི་འབྲེལ་ཚུལ་ཁྱད་པར་བའི་སྒོ་ནས་དངོས་པོ་ལ་འབྲེལ་བའི་རྟགས་འཛིན་སེམས་འདི་ནི་རྗེས་དཔག་གི་རྒྱུ་མཚན་དུ་བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་དངོས་པོ་བསྒྲུབ་པའི་རྟགས་ཀྱི་དབང་དུ་བྱས་ནས་གཙོ་བོར་གསུངས་པ་ཡིན་གྱི། རྟགས་ཡང་དག་ཐམས་ཅད་ལ་སྦྱོར་བ་མ་ཡིན་ནོ། །དངོས་པོ་


JLD016_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་རྟགས་ལའང་ཚུལ་གསུམ་རྟགས་འཛིན་སེམས་ཀྱི་རྒྱུར་ཁས་བླང་དུ་མི་རུང་སྟེ། བྱས་པ་རྟག་པ་ལ་མེད་པར་ངེས་པའི་ཚུལ་རྒྱུར་འགྱུར་ཚུལ་ཇི་ལྟར་འདོད། ངེས་པའི་བློ་ལ་བྱེད་ན་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་ཡིན་པར་འགལ་ལ། རྒོལ་བ་གཉིས་ཀྱི་ཚད་མས་ངེས་པས་ཁྱད་པར་དུ་བྱས་པའི་བྱས་པ་རྟག་པ་ལ་མེད་པ་ཉིད་ལ་འདོད་ན། བྱས་པ་རྟག་པ་ལ་མེད་པ་དང་རྟག་པ་བྱས་པས་སྟོང་པ་གཉི་ག་མེད་དགག་ཡིན་པའི་ཕྱིར་རྒྱུར་མི་འཐད་དེ། རྟག་པ་ལ་མེད་པར་ངེས་པའི་བྱས་པ་ལ་འདོད་ན། དེ་དང་རྟགས་འཛིན་སེམས་རྫས་གཅིག་ཡིན་པའི་ཕྱིར་རྒྱུ་འབྲས་སུ་མི་འཐད་དོ། །ཚུལ་གསུམ་རྟགས་འཛིན་སེམས་ཀྱི་རྒྱུར་ཚད་ལྡན་སུས་ཀྱང་བཤད་པའང་མེད་ལ། ཚུལ་གསུམ་གྱི་རང་ལྡོག་དངོས་པོར་མ་གྲུབ་པ་ནི་ཤེས་སླའོ། །དེས་ན་རྟགས་འཛིན་སེམས་རྟགས་ཀྱི་ཚུལ་ལ་འབྲེལ་པ་དང་སྐྱེས་པའི་ཁྱད་པར་ཕྱེད་པར་བྱའོ། །སློབ་དཔོན་ལྷ་ཤཱཀ་གཉིས་ཀྱང་ཆོས་མཆོག་དང་བཞེད་པ་མི་འདྲ་བ་མེད་ལ། འོ་ན་ཤཱཀྱ་བློས་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་ཚད་མའི་རྒྱུ་ཡིན་པས་ཚད་མར་བཏགས་ནས་བཞག་ཅེས་བཤད་པ་ཇི་ལྟར་ཞེ་ན། མངོན་སུམ་ལས་དུས་ཕྱིས་བྱུང་བ་ཞེས་སྨོས་པས། ཕྱོགས་ཆོས་འཇལ་བའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་དཔྱད་ཤེས་ལ་དགོངས་སོ། །འདི་དག་ལ་ཕྱིས་ཀྱི་རྟོག་གེ་པ་དག་མུན་རྡོ་འཕེན་པའི་


JLD016_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གཉིས་གསུམ་རེའི་ཐ་སྙད་མ་ཆད་ཙམ་ལས་མི་སྣང་ཞིང༌། རྒྱ་གར་གྱི་འགྲེལ་བྱེད་མཁས་པ་དག་ཀྱང་དགག་སྒྲུབ་རྒྱས་པར་མཛད་པའི་དཀའ་བའི་གནས་གལ་ཅན་དུ་སྣང་བས་ཅུང་ཟད་སྤྲོས་ཏེ་བཤད་དོ། །གཉིས་པ་ཚིག་གི་དོན་ལ་འབྲེལ་བའི་དབང་གིས་མི་སླུ་བའི་ཚུལ་འཆད་པ་ནི། མཐའ་དཔྱད་པའི་སྐབས་སུ་ཇི་སྐད་བཤད་པའི་ཚུལ་གྱིས། དངོས་གང་ཇི་ལྟ་བུར་གྱུར་པ། །དེ་འདྲ་དེ་ནི་རྟགས་སེམས་ཀྱི། །རྒྱུ་ཡིན་ལ། རྟགས་འཛིན་དེ་ལས་རྟགས་འཛིན་དེས་བསྐྱེད་པའི་རྟགས་ཅན་གྱི་བློ་བསྒྲུབ་བྱ་དེ་ལྟ་བུའི་དངོས་པོ་ཞེན་ཡུལ་དུ་བྱས་པ་ལ་དམིགས་ནས་སྐྱེའོ། །ཚུལ་དེ་ལྟར་རྟགས་འཛིན་སེམས་དང་རྟགས་ཅན་གྱི་བློ་བརྒྱུད་པ་ཡིས་ནི་བསྒྲུབ་བྱའི་དངོས་པོ་ལ་འབྲེལ་བའི་ཕྱིར་ན། ཁ་དོག་མི་རྟག་པར་རྟོགས་པ་སོགས་ཀྱི་རྗེས་དཔག་དེ་དག་ལ་སྣང་བ་ཇི་ལྟར་བ་དེར་གྲུབ་པ་ཡིས་ནི་སྟོང་ཡང་ཞེན་ཡུལ་ལ་སླུ་བྱེད་ཉིད་ནི་མ་ཡིན་ནོ། །དེ་ལྟ་ནའང་དེ་མ་ཡིན་ལ་དེར་འཛིན་ཡིན་པས་འཁྲུལ་པར་བསྟན་པ་ནི། དེ་ཡི་ངོ་བོས་ཞེས་སོགས་སོ། །དེ་ཕྱིར་ཞེས་སོགས་དེ་དག་གི་དོན་བསྡུ་བར་ཡང་རུང་ཙམ་ཡིན་མོད་ཀྱི་འོན་ཀྱང༌། དངོས་གང་ཞེས་སོགས་ཕྱེད་དང་གསུམ་གྱི་དོན་རྒྱས་པར་འཆད་པ་ལ་སྦྱར་ན་ལེགས་སོ། །དེའང་དངོས་པོ་ལ་འབྲེལ་ཚུལ་ཁྱད་པར་པའི་སྒོ་ནས་རྟགས་གོ་བྱེད་ཡིན་པ་དེའི་ཕྱིར་བསྒྲུབ་བྱ་དངོས་པོ་བརྟོགས་པར་བྱ་བ་གཞིར་བྱས་པ་ལ་ཁྱབ་བྱེད་མི་རྟག་པ་བྱས་པ་དེ་ཡི་ངོ་བོའི་རྫས་སུ་གནས་པའམ། ཁྱབ་བྱེད་མེ་དུ་བ་དེའི་


JLD016_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་གནས་པ་དག་ཁྱབ་པར་བྱ་བ་སྦྱོར་བ་དེ་གཉིས་ཀྱི་རྟགས་འཛིན་སེམས་ཀྱི་རྒྱུ་མཚན་ཡིན་ལ། རྟགས་འཛིན་དེའང་བསྒྲུབ་བྱ་དངོས་པོ་བ་དེ་རྟོགས་པའི་བློའི་རྒྱུ་ཡིན་ནོ། །དེས་ན་དངོས་པོ་རྟོགས་བྱ་ལ་ཞེས་པ་འདིས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་གཞི་ལྡོག་དང་དངོས་ཀྱི་བསྒྲུབ་བྱ་རྟགས་འཛིན་སེམས་དང་རྟགས་ཅན་རྗེས་དཔག་གི་རྒྱུར་འགྱུར་ཚུལ་ཇི་སྐད་བཤད་པ་འདི་བསྒྲུབ་བྱ་དངོས་པོ་བསྒྲུབ་པའི་རྟགས་ཀྱི་དབང་དུ་བྱས་པར་བསྟན་པ་ཡིན་ནོ། །གཉིས་པ་དགག་རྟགས་ལ་བརྟེན་པ་འབྲེལ་བའི་དབང་གིས་མི་སླུ་བའི་ཚུལ་བཤད་པ་ལ། དངོས་དང༌། འཕྲོས་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། འོ་ན་བསྒྲུབ་བྱ་མེད་དགག་བསྒྲུབ་པའི་དགག་རྟགས་ལ་བརྟེན་པ་ལ་ཇི་སྐད་བརྗོད་པའི་བསྒྲུབ་བྱ་བརྒྱུད་པའི་རྒྱུར་འགྱུར་ཚུལ་སོགས་མི་རུང་བས། དེ་ལ་བརྟེན་པའི་རྗེས་དཔག་མི་སླུབ་པའི་ཚུལ་ཇི་ལྟ་བུ་ཞེ་ན། །དེ་དག་ལ་མེད་ན་མི་འབྱུང་བའི་འབྲེལ་བའི་དབང་གིས་མི་སླུ་བའི་ཚུལ་འདི་ལྟར། གཞི་འགར་དགག་བྱ་དགག་པ་དངོས་སུ་བསྒྲུབ་པ་ཉིད་ནི་ཐམས་ཅད་དུ་གཞི་དེར་དགག་བྱའིཆོས་ཚད་མས་སྣང་རུང་མ་དམིགས་པ་ལས་འགྲུབ་པ་ཡིན་ཏེ། ཆོས་དེ་ཡོད་པའི་འཇོག་བྱེད་ཆོས་དེ་ཚད་མས་གྲུབ་པ་སྟེ་དམིགས་པར་སྨྲ་བ་རྣམས་ཀྱི། ཆོས་དེ་ཚད་མས་དམིགས་པ་ཆོས་དེ་ཡོད་པའི་དོན་གྱི་ལྡོག་པ་ཡིན་པ་ཉིད་ལས་ཆོས་དེ་ཚད་མས་མ་དམིགས་པ་ཆོས་དེ་མེད་པའི་དོན་ལྡོག་


JLD016_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འདོད་རིགས་པ་ཡིན་པའི་ཕྱིར་རོ། །གཞུང་འདི་ལ་དོན་གྱི་ལྡོག་པ་ཞེས་པ་དང་དོན་གྱི་ཟློག་པ་ཞེས་པའི་དོན་ཚུལ་གཉིས་ལས། སྔ་མ་ལྟར་ན་དེ་ལྟར་བཤད་དགོས་ལ། ཕྱི་མ་ལྟར་ན། ཆོས་དེ་ཡོད་པར་འཇོག་པའི་དོན་གྱི་ཟློག་ཕྱོགས་གང་ཡིན་པ་ཉིད་ལས་ཆོས་དེ་མེད་པར་འཇོག་དགོས་པ་ཡིན་པའི་ཕྱིར་རོ། ཞེས་བཤད་དགོས་སོ། །དོན་གྱིས་ཞེས་པའི་སའི་མཐའ་རྟེན་དང་བཅས་པ་ལ་འབྲུ་གནོན་པ་དག་ནི་གཞུང་བག་མེད་པར་ཀློག་པའོ། །གཉིས་པ་འཕྲོས་དོན་ལ་གསུམ་ལས། དང་པོ་རྩོད་པ་སྤངས་ནས་དགག་པ་བསྒྲུབ་པ་མ་དམིགས་པའི་མཐར་ཐུག་པར་བསྒྲུབ་པ་ནི། དགག་པ་ཉིད་ནི་ཐམས་ཅད་དུ། མི་དམིགས་པ་ལས་འགྲུབ་དགོས་ན་གྲང་རེག་འགོག་པ་ལ་མེ་དམིགས་པ་སོགས་རྟགས་སུ་འགོད་པ་འགལ་ལོ་ཞེ་ན། དགག་ལ་ཞེས་སོགས་བཞིས་ལན་དངོས་དང༌། གཞིན་དུ་ཞེས་སོགས་ཀྱིས་ལན་དེ་ཉིད་བསྒྲུབ་པ་ཡིན་ལ། དེ་ནི་ཚད་མ་མེད་ཉིད་ཡིན། ཞེས་པར་བཤད་པར་བྱ་ཞིང༌། དེ་ཕྱིར་སོགས་ཀྱི་དོན་ནི། རྒྱན་ལ་སོགས་པ་ལྟར་ན་འགལ་ཟླ་དམིགས་པ་རང་ཉིད་སྒྲས་ཟིན་པར་རྟགས་སུ་བརྗོད་ནའང༌། དེས་ཀྱང་དགག་བྱ་དམིགས་རུང་མ་དམིགས་པ་དེ་ཉིད་དགག་བྱ་དེ་མེད་པའི་སྒྲུབ་བྱེད་དུ་འཕངས་པ་ཡིན་ནོ། ཞེས་པའི་དོན་དུ་འཆད་ལ། ལྷའི་འགྲེལ་པ་ལྟར་ན། དེ་ཕྱིར་རང་སྒྲས་ཀྱང་བརྗོད་པ། ཞེས་བྱས་ནས། གང་གི་ཕྱིར་མི་དམིགས་པ་མ་གཏོགས་པ་དགག་པའི་


JLD016_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་གཞན་ཡོད་པ་མ་ཡིན་པ་དེའི་ཕྱིར་སྣང་རུང་མ་དམིགས་པ་རང་གྲས་ཀྱང་རྟགས་སུ་བརྗོད་པ་དང༌། སྒྲུབ་པའི་སྒོ་ནས་འགལ་ཟླ་དམིགས་པའི་སྒྲས་ཀྱང་དགག་བྱ་མ་དམིགས་པ་འཕངས་པའི་ཚུལ་གྱིས་རང་ཕྱོགས་ཀྱི་ཆོས་སུ་གྲུབ་པའི་གཞིར་དགག་བྱ་དེ་ཉིད་མེད་པའི་སྒྲུབ་བྱེད་ཡིན་ནོ། ཞེས་འཆད་དོ། །འགལ་ཟླ་དམིགས་པས་དགག་བྱ་མ་དམིགས་པ་མེད་པའི་སྒྲུབ་བྱེད་དུ་འཕངས་པའི་ཚུལ་ནི། རང་བཞིན་འགལ་དམིགས་ལ་མཚོན་ན། མེས་ཁྱབ་པར་ནོན་པ་དེ་དགག་བྱའི་ཆོས་གྲང་རེག་དང་གྲང་རེག་གི་ཡུལ་ཅན་གྱི་ཚད་མ་ཁེགས་པའི་ངོ་བོར་གནས་པ་ཙམ་གྱི་དོན་མ་ཡིན་ལ། མེས་ཁྱབ་པར་ནོན་པ་དངོས་སུ་རྟོས་པའི་བློ་དེས་གྲང་རེག་དམིགས་བྱེད་ཀྱི་ཚད་མ་མེད་པར་ཤུགས་ལ་རྟོགས་པའི་དོན་ཡང་མ་ཡིན་གྱི། མེ་སྟོབས་ཆེན་དམིགས་པས་གྲང་རེག་མེད་པར་བསྒྲུབ་ནུས་པ་ནི་དེ་གཉིས་ལྷན་ཅིག་མི་གནས་འགལ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ། ལྷན་ཅིག་མི་གནས་པའི་ཚུལ་ནི། གྲང་རེག་རྒྱུན་ལྡན་དུ་འབྱུང་བཞིན་པ་ལ་གཞི་དེར་མེ་སྟོབས་ཆེན་ཉེ་བའི་མཐུས་གྲང་རེག་ཕྱི་མ་གཞི་དེར་མ་དམིགས་པ་ཉིད་ཡིན་པས། མེ་དམིགས་པས་གྲང་རེག་མ་དམིགས་པ་རྟགས་སུ་དོན་གྱིས་འཕངས་ཚུལ་ནི་དེ་ཡིན་ཏེ། འདི་ཉིད་ནི། གཞན་དུ་དགོས་དངོས་གཅིག་ཅེས་པ་ནས། དེ་ཉིད་ཚད་མ་ཉིད་མ་ཡིན་ཞེས་པའི་བར་གྱིས་བཤད་པ་ཡིན་ནོ། །ཡུལ་དེ་དམིགས་པའི་ཚད་མ་བཀག་པས་ཡུལ་དེ་མེད་པར་


JLD016_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་འདི་ནི་དངོས་སུ་རང་བཞིན་མ་དམིགས་པའི་རྟགས་ཡིན་ལ། དགག་རྟགས་གཞན་ཐམས་ཅད་ཀྱིས་ཀྱང་དེ་ཉིད་འཕེན་པས་ཁྱབ་པས། དགག་རྟགས་ཐམས་ཅད་རང་བཞིན་མ་དམིགས་པའི་རྟགས་ཀྱི་ནང་དུ་འདུ་བར་བཤད་པ་ཡིན་ནོ། །གང་ལ་དེ་ནི་ཞེས་པ་གཉིས་ཀྱིས། རང་ལུགས་ཀྱི་དགག་རྟགས་ཡང་དག་བཤད་པའི་ཞར་ལ། གཞན་ལུགས་ཀྱི་དགག་རྟགས་ལྟར་སྣང་འགོག་པའི་གཞི་བཏིང་བའོ། །གོང་དུ་མི་དམིགས་པ་འཕེན་པར་བཤད་པ་དེ་འགལ་འབྲས་དམིགས་པ་ལའང་འདྲ་བར་སྟོན་པ་དེས་ན་ཞེས་པ་གཉིས་སོ། །དེ་ནི་འབྲེལ་ཟླ་མ་དམིགས་པ་དང་འགལ་ཟླ་དམིགས་པའི་རྟགས་ཀུན་ལ་སྦྱོར་བ་འགོད་ཚུལ་གྱི་དབྱེ་བ་ཐ་དད་པ་ཉིད་ཙམ་ཡིན་གྱི། ཐམས་ཅད་ཀྱང་དགག་བྱའི་ཆོས་ལ་དམིགས་པ་འཕེན་པའི་སྒོ་ནས། དགག་ཆོས་དམིགས་པའི་ཚད་མ་བཀག་པས་དགག་ཆོས་འགོག་པར་བྱེད་པའི་དོན་ལ་རིགས་ཐ་དད་མེད་དོ་ཞེས་སྔར་བཤད་རྣམས་ཀྱིས་གྲུབ་པའི་དོན་བསྡུ་བའོ། །གང་ལ་དེ་ནི་ཚད་མིན་དེས། །དགག་པ་རྣམ་ཀུན་བརྗོད་བྱ་མིན། ཞེས་གོང་དུ་གཞན་ལུགས་དགག་པའི་གཞི་བཏིང་བ་ཙམ་མཛད་པ་དེ་ཉིད་རྒྱས་པར་འཆད་པ་ནི། སྣང་རུང་མ་དམིགས་པ་དགག་བྱ་བཀག་པ་དངོས་སུ་བསྒྲུབ་པའི་སྒྲུབ་བྱེད་ཚད་མ་མ་ཡིན་པར་སྨྲ་བའི་དགག་རྟགས་ལྟར་སྣང་འགོད་ཚུལ་ཇི་ལྟ་བུ་ཞེ་ན། འགལ་དང་ཞེས་པ་ནས། དཔེར་ན་བརྗོད་པར་འདོད་པའི་སྐྱེས་བུ་ལ་ལ་ཞིག་ཀུན་མཁྱེན་མ་ཡིན་ཏེ། ངག་སྨྲ་བ་ཉིད་ཀྱི་


JLD016_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ་ཞེས་དང༌། སྨྲ་ལ་སོགས་ཞེས་པའི་སོགས་ཁོངས་ནས། སྐྱེས་བུ་ཉིད་དང༌། དབང་པོ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། ཞེས་བྱ་བ་འཛིན་པ་དང༌། སྐྱེས་བུ་འདི་ཆོས་ཅན། འཇིག་རྟེན་ཕ་རོལ་ཡོད་པ་མ་ཡིན་ཏེ། སྐྱེས་བུ་ཉིད་ཡིན་པའི་ཕྱིར། དགྲ་བཅོམ་པར་འདོད་པའི་སྐྱེས་བུ་བཞིན་ནོ། ཞེས་པ་དང༌། འཇིག་རྟེན་གཞན་སོགས་ཞེས་པའི་སོགས་ཁོངས་ནས། སྔ་ན་མེད་པ་དང༌། ལྷ་ཉིད་དང༌། མཐོ་རིས་ལ་སོགས་པ་དགག་པ་དེ་ལྟ་བུ་བཟུང་བར་ལྷའི་འགྲེལ་པར་བཤད་དོ། །དེ་ལ་མཐོ་རིས་ལྷའི་འཇིག་རྟེན་སོགས་མེད་པར་བསྒྲུབ་པ་ལ་སྐྱེས་བུ་ཡིན་པ་དང་ངག་སྨྲ་བ་སོགས་འགོད་པར་བཤད་དུ་མི་རུང་བས། དེ་དག་འགོག་པའི་རྟགས་སྐབས་འདིར་སོགས་ཁོངས་ནས་འདོན་ན་འདི་ལྟ་བུའོ་ཞེས་འཆད་དགོས་པར་སྣང་ཡང་འགྲེལ་པ་དང་འགྲེལ་བཤད་གཉིས་ཀས་མ་བཤད་དོ། །དེ་འདྲའི་རྟགས་ལྟར་སྣང་ཡིན་པའི་རྒྱུ་མཚན་ཇི་ལྟ་བུ་ཞེ་ན། ཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་མེད་པས་ཁྱབ་པ་མ་ངེས་པའི་རྟགས་ཡིན་ཏེ། ཐ་མལ་པའི་དབང་པོའི་ཡུལ་ལས་འདས་པའི་དོན་ཀུན་མཁྱེན་སོགས་རྣམས་དང་ངག་སྨྲ་བ་སོགས་གཞི་མཐུན་ཡོད་པ་ལ་གནོད་པ་ཅན་གྱི་ཚད་མ་མེད་པས་རྟགས་དགག་བྱའི་ཆོས་དང་འགལ་བ་ཚད་མས་གྲུབ་པ་མེད་པའི་ཕྱིར་རོ། །དེ་བསྒྲུབ་པ་ནི་སྐྱེས་བུ་གཅིག་ཉིད་ཤེས་བྱ་ཀུན་རིག་པ་ཡིན་པ་དང་ངག་སྨྲ་བ་ཡིན་པ་གནོད་བྱ་གནོད་བྱེད་ཀྱི་ངོ་བོ་གང་


JLD016_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ་མ་ཡིན་པར་ཐལ། གལ་ཏེ་ཤེས་བྱ་ཀུན་ཤེས་པ་ན་སྨྲ་བ་གཏན་མེད་དུ་འགྲོ་དགོས་ན་ད་ལྟའང་གང་ཤེས་པའི་དོན་དེ་སྨྲ་མི་ནུས་དགོས་པ་ལས། ངག་སྨྲ་པ་པོའང་ཡིན་སྨྲས་པའི་དོན་རིག་པའང་ཡིན་པའི་གཞི་མཐུན་མངོན་སུམ་གྱིས་གྲུབ་པས་ནའོ། །དེ་འདྲ་མི་དམིགས་ཕྱིར་ཞེ་ན། ཞེས་སོགས་ཀྱི་དོན་ལ། ལྷ་དབང་བློ་ལྟར་ན། ངག་སྨྲ་བ་དང་ཤེས་བྱ་ཀུན་མཁྱེན་པ་ལ་འགལ་བར་བསྒྲུབ་པའི་ཚད་མ་མེད་དུ་ཆུག་མོད། འོན་ཀྱང་དེ་འདྲའི་ཐམས་ཅད་མཁྱེན་པ་མེད་དེ། མི་དམིགས་པའི་ཕྱིར་ཞེ་ན། དགག་བྱ་འགོག་པའི་རྟགས་ལ་དང་པོ་ནས་དགག་བྱ་མི་དམིགས་པ་དེ་ཉིད་སྒྲུབ་བྱེད་ཡིན་པར་བརྗོད་པས་ཆོག་མོད། ངག་སྨྲ་བ་སོགས་རང་ཉིད་ཤིན་ཏུ་བླུན་པར་སྟོན་པའི་རྟགས་དེ་དག་བཀོད་པས་ཅི་ཞིག་བྱ་ཞེས་འཆད་ལ། རྒྱན་རྗེས་འབྲང་དང་བཅས་པའང་དོན་དེ་དང་འདྲ་བར་སྣང་ངོ༌། །མི་དམིགས་པ་རྟགས་སུ་བཀོད་པ་དེ་འགོག་པ་ལ། མི་དམིགས་པ་ནི་དེ་ལྟ་བུ། ཞེས་སོགས་ཤླཽ་ཀ་གསུངས་པ་འདིའི་དོན་ལ། བཤེས་གཉེན་དམ་པའི་མགོན་དང་བྲལ་བ། བསོད་ནམས་དང་རྣམ་དཔྱོད་ཀྱི་ནོར་གྱིས་མཆོག་ཏུ་དབུལ་བར་གྱུར་པ་ཁ་ཅིག་ན་རེ། ཐམས་ཅད་མཁྱེན་པ་ནི་དངོས་སྟོབས་ཀྱི་ཚད་མས་འགྲུབ་པ་མི་སྲིད་པས་ཤིན་ཏུ་ལྐོག་གྱུར་ཡིན་ལ། དེའི་ཕྱིར་ཡོད་མེད་གང་དུའང་ངེས་པ་མ་ཡིན་ནོ་ཞེས་ཟེར་བ་དང༌། བསྐལ་དོན་ཡིན་པས་ཡོད་མེད་གང་དུའང་ངེས་པ་མ་ཡིན་ནོ་ཞེས། རང་གི་སྟོན་པ་མདུན་གྱི་འདྲེ་ཤ་ཟ་དང་འདྲ་བར་ཡོད་མེད་ཐེ་ཚོམ་ཟ་བ་ཙམ་ཞིག་


JLD016_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྨྲའོ། །ཤིན་ཏུ་ལྐོག་གྱུར་ཡིན་པས་ཡོད་མེད་ཐེ་ཚོམ་ཟ་བ་ཙམ་དུ་ཟད་ན་ནི། ལས་དགེ་སྡིག་ལས་རྣམ་སྨིན་བདེ་སྡུག་འབྱུང་བའང་ཡོད་མེད་ཐེ་ཚོམ་ཟ་བ་ཙམ་དུ་ཟད་པར་འདོད་དགོས་པས། རང་རྒྱུད་ཀྱི་དགེ་རྩ་ཐམས་ཅད་གཅོད་པའི་ལོག་པར་ལྟ་བ་ལ་རང་གནས་ནས་དག་ཀྱང་ལྟ་བ་དེ་ལ་དགོད་པའི་སླད་དུ་ཚོགས་ཆེ་བར་གནས་པ་ཁྱོད་ཀྱི་འགྲོ་བ་ནི་ཅིར་འགྱུར། སྐྱེ་བ་ནི་ཅིར་འགྱུར་མྱོང་བར་བྱ་བ་ནི་ཅིར་འགྱུར་ཞེས་དམ་པ་དག་གིས་མཆོག་ཏུ་བརྩེ་བར་བྱ་བའི་ཡུལ་ལོ། །ཀུན་མཁྱེན་བསྐལ་དོན་ཡིན་པས་ཡོད་མེད་གང་དུ་ཡང་ངེས་མི་ནུས་ན། སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ཡིན་མིན་ཐེ་ཚོམ་ཟ་བ་དང༌། དེས་གསུངས་པའི་གསུང་རབ་ཀྱི་ཚོགས་འདི་དག་ཐམས་ཅད་སངས་རྒྱས་ཀྱི་བཀའ་ཡིན་མིན་ཐེ་ཚོམ་ཟ་བ་དང༌། དེའི་བསྟན་པ་ཐ་སྙད་ཡོངས་སུ་གྲགས་པ་འདིའང་སངས་རྒྱས་ཀྱི་བསྟན་པ་ཡིན་མིན་ཐེ་ཚོམ་ཟ་བ་དང༌། ད་ལྟ་སྦྱིན་པ་གཏོང་ཚུལ་ཁྲིམས་བསྲུང་ཐོས་བསམ་སྒོམ་གསུམ་བྱེད་པ་ཐམས་ཅད་ཆོས་ཡིན་མིན་ཐེ་ཚོམ་ཟ་བ་ལ་ཐུག་པར་འགྱུར་བས། དེ་ལས་མ་རུངས་པ་ཅི་ཞིག་ཡོད། སྐྱབས་གནས་ཡོད་མེད་ཐེ་ཚོམ་ཟ་བ་ལ་སྐྱབས་འགྲོ་ཙམ་ཡང་རྒྱུད་ལ་ཡང་མི་སྲིད་ན་ཐེག་པ་གོང་འོག་གང་གིའང་སྡོམ་པ་དང་ལྡན་པའི་གོ་སྐབས་ཡོད་པར་ཇི་ལྟར་འགྱུར། སངས་རྒྱས་ཡོད་པ་ཙམ་དུ་ཡང༌། །གྲུབ་པ་མིན་ཞེས་དམ་བཅས་ནས། །ཁྱེད་ཅག་འཛིན་པའི་བསྟན་པ་དེ། །


JLD016_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་སྡེའི་བསྟན་ལས་གཞན་ཅི་ཞིག །སངས་རྒྱས་པ་སྐལ་དོན་དུ་འདོད་པ་དེས་ཐར་པ་བསྐལ་དོན་དུ་མི་འདོད་པ་གནས་མེད་པས་ཐར་པ་དང་ཐམས་ཅད་མཁྱེན་པ་གང་ཡང་ཡོད་མེད་ཐེ་ཚོམ་ཟ་བར་སྨྲ་དགོས་པར་འགྱུར་བ་ཡིན་ནོ། །སངས་རྒྱས་ཤིན་ཏུ་ལྐོག་གྱུར་ཡིན་པ་དང༌། དངོས་སྟོབས་ཀྱི་ཚད་མས་མི་འགྲུབ་པར་སྨྲས་པས་ནི། ཚད་མ་གྲུབ་པའི་ལེའུ་དང་པོའི་བརྗོད་བྱ་དང་དགོས་པ་གང་ཡིན་པའི་ཕྱོགས་མཐོང་འོལ་སྤྱི་ཙམ་ཡང་མ་བྱུང་བཞིན་དུ། ཆོས་ཀྱི་གྲགས་པའི་གཞུང་ལུགས་ལ་ལྟ་བ་ངན་པའི་ཐན་སྐྱེལ་བ་སྟེ། རང་ཉིད་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་སོགས་པའི་དངོས་པོ་སྟོབས་ཤུགས་ཀྱི་རིགས་པའི་ལམ་ལ་ལུག་ལྟར་ལྐུགས་པར་གྱུར་པས། རིགས་པ་དེ་གཞི་མ་གྲུབ་བོ་ཞེས་སྐལ་ངན་རྣམས་ཀྱི་ཐར་བའི་སྲོག་རྩ་གཅོད་པར་བྱེད་པའི་ཅ་ཅོ་སྒྲོག་པར་བྱེད་དམ་ཅི། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་སླུ་ཕྱིར། །གཞན་ལའང་རྗེས་སུ་དཔག་པ་ཡིན། ཞེས་བདེན་བཞིའི་བླང་དོར་ཇི་སྐད་བཤད་པ་ལྟར་དངོས་སྟོབས་ཀྱི་ཚད་མས་གྲུབ་པ་དཔེར་བྱས་ནས་ལས་འབྲས་ཀྱི་འབྲེལ་པ་སོགས་ཤིན་ཏུ་ལྐོག་གྱུར་སྟོན་པའི་དོན་ལའང་མི་སླུ་བར་བསྒྲུབ་པར་བཤད་པ་འདི་ལྟ་བུ་ལ་སོགས་པ་དག་ཆོས་ཀྱི་གྲགས་པའི་འཁྲུལ་པ་ཆེན་པར་འགྱུར་ཏེ། བདེན་བཞིའི་བླང་དོར་གྱི་རྣམ་གཞག་བཤད་པ་ལྟར་དངོས་སྟོབས་ཀྱིས་གྲུབ་ན་འགོག་བདེན་ཐོབ་བྱ་དང་ལམ་བདེན་


JLD016_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཐབས་སུ་བླང་བྱ་ཡིན་པར་དངོས་སྟོབས་ཀྱིས་གྲུབ་དགོས་ལ། ཉོན་སྒྲིབ་སྤངས་པའི་འགོག་བདེན་དངོས་སྟོབས་ཀྱིས་འགྲུབ་ཅིང་ཤེས་སྒྲིབ་སྤངས་པའི་འགོག་བདེན་དངོས་སྟོབས་ཀྱིས་མི་འགྲུབ་པར་འདོད་ན་ནོག་སོགས་སྤངས་པའི་བ་ལང་དེ་ལས་གཞན་སུ་ཞིག་བཙལ་བར་བྱ། ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་སྟོབས་ཀྱི་ཚད་མས་མ་གྲུབ་ན་བདེན་བཞི་དངོས་སྟོབས་ཀྱི་ཚད་མས་མ་གྲུབ་པར་མི་འདོད་བཞིན་དུའང་ཁས་ལེན་དགོས་ལ། སྒྲིབ་གཉིས་སེམས་རྒྱུད་ལ་འབྲལ་རུང་ཡིན་པ་དངོས་སྟོབས་རིགས་པས་མི་འགྲུབ་པར་ཐལ། སྒྲིབ་གཉིས་གཉེན་པོས་སྤངས་པ་དངོས་སྟོབས་རིགས་པས་མི་འགྲུབ་པའི་ཕྱིར། འདོད་ན། དྲི་མ་སེམས་ཀྱི་རང་བཞིན་ཡིན་པ་དངོས་སྟོབས་རིགས་པས་དགག་མི་ནུས་པར་ཐལ་ལོ། །དེ་འདོད་ན། སེམས་ཀྱི་དེ་ཁོ་ན་ཉིད་དངོས་སྟོབས་ཀྱི་རིགས་པས་རྟོགས་མི་ནུས་པར་ཐལ་ལོ། །དེ་ལྟར་ན་བདེན་གཉིས་ཤིན་ལྐོག་ཏུ་ཁས་ལེན་དགོས་པར་འགྱུར་བས། ཁྱོད་ལ་དངོས་སྟོབས་ཀྱིས་གྲུབ་པའི་ཆོས་གཅིག་ཀྱང་བཞག་ཏུ་མེད་པར་འགྱུར་ལ། དེ་ལྟ་ན་ཤིན་ལྐོག་ཏུ་ཁས་བླངས་པ་དེ་དག་ཡིད་ཆེས་པའི་རྟགས་ཀྱིས་ཀྱང་བསྒྲུབ་ཏུ་མེད་པར་འགྱུར་ཏེ། རྟགས་དེའི་ཚུལ་གསུམ་བསྒྲུབ་པ་ལ་ལུང་རྟགས་སུ་འགོད་ན་དེའི་ཚུལ་གསུམ་བསྒྲུབ་པ་ལའང་ལུང་འགོད་པ་སོགས་ལུང་འབའ་ཞིག་ཐུག་མེད་དུ་བརྒྱུད་དགོས་པར་འགྱུར་ལ། ཚུལ་གསུམ་


JLD016_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སྟོབས་ཀྱིས་བསྒྲུབ་ན་བདེན་བཞི་བདེན་གཉིས་ཐམས་ཅད་དངོས་སྟོབས་ཀྱིས་མི་འགྲུབ་པ་ཉམས་སོ། །དེ་བས་ན་ཚད་མས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་འགྱུར་ལ། གལ་ཏེ་བདེན་གཉིས་དངོས་སྟོབས་ཀྱི་ཚད་མས་གྲུབ་ན་སེམས་ཀྱི་དེ་ཁོ་ན་ཉིད་རང་བཞིན་རྣམ་དག་དངོས་སྟོབས་ཀྱིས་གྲུབ་དགོས་ཤིང༌། དེ་ལྟ་ན་དྲི་མ་སེམས་རྒྱུད་ལ་གཉེན་པོའི་སྟོབས་ཀྱིས་འབྲལ་རུང་དུ་གྲུབ་པས། དྲི་མ་སེམས་ལ་གཉེན་པོའི་སྟོབས་ཀྱིས་བྲལ་པའང་ཡོད་པར་དངོས་སྟོབས་ཀྱིས་འགྲུབ་པའི་ཕྱིར་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་སྟོབས་ཀྱིས་གྲུབ་པ་ཡིན་ནོ། །དེ་བཞིན་དུ་ཁྱོད་ལྟར་ན་རྣལ་འབྱོར་མངོན་སུམ་ཡོད་པར་བསྒྲུབ་པའི་རྟགས་ཀྱི་རྣམ་གཞག་རིགས་པའི་དབང་ཕྱུག་གིས་གསུངས་པ་འདི་ཐམས་ཅད་རྟགས་ལྟར་སྣང་འབའ་ཞིག་ཏུ་འདོད་དགོས་པར་འགྱུར་ལ། སངས་རྒྱས་ཚད་མས་མ་གྲུབ་པ་ལ་གནོད་པ་བསྟན་ནས་ཚད་མས་གྲུབ་པའི་སྒྲུབ་བྱེད་དགོང་དགོས་པའི་ཕྱིར་རྒོལ་དུ་ཁྱོད་ཉིད་འོངས་པ་འདིས་ནི་ཁྱེད་ཅག་སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པའི་མུ་སྟེགས་ཉིད་དུ་ཆེས་གསལ་བར་བྱས་ཏེ། སངས་རྒྱས་ལ་སྟོན་པར་དམ་འཆའ་བའི་རང་སྡེ་ལ་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ཡིན་ན་གཞུང་འདི་ལ་ཇི་ལྟར་བཤད་པར་བྱ་ཞེ་ན། རྒྱང་པན་གྱིས་ཀུན་མཁྱེན་མེད་པར་བསྒྲུབ་པ་ལ་མ་དམིགས་པ་རྟགས་སུ་སྨྲས་པ་ནི། རྒྱང་པན་དབང་པོའི་མངོན་སུམ་མ་ཡིན་པའི་ཚད་མ་གང་ཡང་ཁས་མི་ལེན་པས། དབང་


JLD016_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་གྱིས་མ་དམིགས་པ་རྟགས་སུ་བཀོད་པ་ཡིན་ལ། དེ་ལ་ལན་འདེབས་པ་ནི། ཡོད་ན་ཁྱོད་ཀྱི་དབང་མངོན་ལ་སྣང་རུང་ཡིན་པའི་དོན་ལ་ཁྱོད་ཀྱི་དབང་མངོན་གྱིས་མ་དམིགས་པ་དེ་ཉིད་སྒྲུབ་བྱེད་ཡིན་པར་བརྗོད་རིགས་ཀྱི། ཡོད་ཀྱང་ཁྱོད་ཀྱི་དབང་མངོན་ལ་སྣང་མི་རུང་གི་དོན་ལ་ཁྱོད་ཀྱི་དབང་མངོན་གྱིས་མ་དམིགས་པ་ནི་དེ་ལྟ་བུ་དོན་དེ་མེད་པར་ངེས་བྱེད་མིན་པར། མ་མཐོང་ཕྱིར་ན་མེད་པ་མིན་ཞེས་པའི་སྐབས་སུ་རབ་ཏུ་བརྗོད་ཟིན་ཏོ། །ཡོད་ཀྱང་ཚད་མ་དེ་ལ་སྣང་དུ་མི་རུང་བ་ལ་ཚད་མ་དེས་མ་དམིགས་པས་མེད་པར་མི་འགྲུབ་པ་དེའི་ཕྱིར་རྒྱང་པན་གྱི་དབང་པོའི་མངོན་སུམ་ལ་ཤིན་ཏུ་ལྐོག་ཏུ་གྱུར་པ་སྟེ་རྒྱང་པན་གྱི་དབང་མངོན་གྱི་ཡུལ་དུ་རང་བཞིན་གྱིས་བསྐལ་པ་ཀུན་མཁྱེན་དང་འཇིག་རྟེན་ཕ་རོལ་སོགས་ལ། རྒྱང་པན་གྱི་དབང་མངོན་གྱི་སྟོབས་ཀྱིས་ཡོད་མེད་གང་དུའང་ངེས་པའི་ནུས་པ་ཡོད་པ་མ་ཡིན་ནོ། ཞེས་པ་སྟེ། ཀུན་མཁྱེན་སོགས་རྒྱང་པན་གྱི་དབང་ཤེས་ལ་བསྐལ་བའི་དོན་ཡིན་པས་དབང་ཤེས་དེ་ལ་ཤིན་ཏུ་ལྐོག་ཏུ་གྱུར་པ་ཞེས་གསུངས་པ་ཡིན་གྱི། ཀུན་མཁྱན་སོགས་སྤྱིར་ཤིན་ཏུ་ལྐོག་གྱུར་དུ་སྟོན་པ་མ་ཡིན་ལ། དབང་ཤེས་དེ་ལ་ཤིན་ཏུ་ལྐོག་གྱུར་ཡིན་ཀྱང་དབང་ཤེས་དེ་ལ་བལྟོས་ནས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ཡིན་མི་དགོས་ཏེ། མདུན་གྱི་གཞིར་ཤ་ཟ་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པར་ཚད་མས་ངེས་ཀྱང༌། མདུན་གྱི་གཞིར་ཤ་ཟ་གཞལ་བྱ་ཡིན་མིན་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཀུན་མཁྱེན་སོགས་རྒྱང་པན་གྱི་དབང་ཤེས་ལ་


JLD016_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ལྐོག་ཏུ་གྱུར་ཀྱང༌། གང་ཟག་རྒྱང་པན་ལ་བལྟོས་ནས་ཤིན་ལྐོག་མ་ཡི་ཏེ། རྒྱང་པན་གྱི་ངོར་ཀུན་མཁྱེན་ཡོད་པར་དགོས་སྟོབས་ཀྱི་རྟགས་ཡང་དག་གིས་བསྒྲུབ་ནུས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྒྱང་པན་གྱི་ངོར་ཀུན་མཁྱེན་གཏན་བསྒྲུབ་མི་ནུས་པ་དང༌། རྣལ་འབྱོར་མངོན་སུམ་དངོས་སྟོབས་ཀྱིས་བསྒྲུབ་དགོས་ཀྱི་ཕྱིར་རྒོལ་མི་སྲིད་པ་དང༌། གྲངས་ཅན་གྱི་ངོར་ཡང་སྒྲ་མི་རྟག་པ་དངོས་སྟོབས་ཀྱིས་བསྒྲུབ་མི་ནུས་པར་འགྱུར་རོ། །འདིར་ཤིན་ཏུ་ལྐོག་གྱུར་ལ་ཞེས་པ་དབང་ཤེས་ཀྱི་ངོ་ལ་བལྟོས་པའི་དབང་དུ་བྱས་པར་ལྷ་དབང་བློས་ཀྱང༌། ཐམས་ཅད་མཁྱེན་པ་ལ་སོགས་པའང་དབང་པོ་ལས་འདས་པ་ཡིན་པ། དེ་ཕྱིར་ཤིན་ཏུ་ལྐོག་གྱུར་ལ། ཞེས་གསལ་བར་བཤད་དོ། །དེའང་ངག་སྨྲ་བས་ཀུན་མཁྱེན་མེད་པར་བསྒྲུབ་པ་ནི། དུས་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་ཡིན་ན་རྣམ་པར་རྟོག་པ་རྣམ་པ་ཐམས་ཅད་དུ་རྒྱུ་བ་མེད་དགོས་ལ། དེ་ལྟ་ན་ངག་ཀུན་སློང་གི་རྟོག་པའང་མེད་དགོས་ཤིང༌། དེ་མེད་ན་ངག་སྨྲ་བར་འགལ་སྙམ་པ་དང༌། མ་དམིགས་པས་མེད་པར་བསྒྲུབ་པ་ནི། དབང་ཤེས་ཀྱིས་མ་དམིགས་ན་ཚད་མས་གཏན་མ་དམིགས་དགོས་ཏེ། དེ་མ་ཡིན་པའི་ཚད་མ་མེད་པའི་ཕྱིར་རོ། །དེས་ན་དེས་མ་དམིགས་ན་མེད་དགོས་སྙམ་པའོ། །དེ་ལ་རྒྱན་མཁན་པོས། དོན་ཀུན་གསལ་བ་ཉིད་དུ་ནི། །ཤེས་ཀྱང་བརྗོད་འདོད་འཇུག་འགྱུར་ཏེ། །གོམས་ཕྱིར་དེ་ལ་བརྗོད་པ་ནི། །གང་ལ་མེད་པར་འགྱུར་བ་ཡིན། ཞེས་


JLD016_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ལ་ངག་ཀུན་སློང་གི་བརྗོད་འདོད་ཡོད་པར་ཁས་བླངས་ནས་ལན་འདེབས་པ་ནིཐེག་པ་ཆེན་པོའི་ཚུལ་ལ་ལེགས་པ་མ་ཡིན་ཏེ། རྗེ་བཙུན་བྱམས་པ་ལ་སོགས་པས། ཆོས་ཀྱི་སྐུ་ལས་མ་གཡོས་ཤིང་ཀུན་སློང་གི་འབད་རྩོལ་ཅུང་ཟད་ཀྱང་མེད་པར། བསྐལ་པ་གྲངས་མེད་པའི་ཚོགས་གཉིས་དང་སྨོན་ལམ་གྱི་མཐུས་སྐུ་དང་གསུང་གི་སྣང་བ་གདུལ་བྱའི་སྐལ་བ་དང་མཐུན་པར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བའི་ཚུལ་གསུངས་པ་ཐམས་ཅད་དང་འགལ་བའི་ཕྱིར་རོ། །གསུམ་པ་དགག་རྟགས་ཀྱི་སྦྱོར་བའི་དབྱེ་བ་བསྟན་པ་ནི། ཀུན་ལ་སྦྱོར་བ་ཐ་དད་ཉིད། ཡིན་གྱི། ཞེས་སྨྲས་པ་དེ་ལ། དགག་རྟགས་ཀྱི་དབྱེ་བ་ཀུན་སྦྱོར་བ་འགོད་ཚུལ་གྱིས་ཕྱེ་བ་ཡིན་ན། སྦྱོར་བ་འགོད་ཚུལ་གྱི་དབྱེ་བས་འབྱེད་ཚུལ་ཇི་ལྟ་བུ་ཞེ་ན། འདིའི་ལན་ལ་གཉིས། འགལ་ཟླ་དམིགས་པའི་སྦྱོར་བའི་དབྱེ་བ་དང༌། འབྲེལ་ཟླ་མ་དམིགས་པའི་སྦྱོར་བའི་དབྱེ་བ་བྱེད་ཚུལ་ལོ། །དང་པོ་ལ་གཉིས། ཚིག་གི་དོན་བཤད་པ་དང༌། འགལ་བའི་རྣམ་གཞག་གི་མཐའ་དཔྱད་པའོ། །དང་པོ་ནི། གཞི་འགར་དགག་བྱའི་ཆོས་འགོག་པ་ལ་དགག་བྱའི་ཆོས་དེ་དང་འགལ་བའི་ཆོས་རྟགས་སུ་བཀོད་པ་དེའང་སྦྱོར་བའི་རིགས་གཉིས་ཏེ། རྟགས་དང་དགག་བྱའིཆོས་ནི་རྫས་ཐ་དད་པའི་དགག་ཆོས་ཕྱོགས་ཆོས་གྲུབ་པའི་གཞིར་འགོག་པ་ལ་དགག་བྱའི་ཆོས་ཀྱི་འགལ་ཟླ་དམིགས་པ་རྟགས་སུ་བཀོད་པ་ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་དང༌། དེ་གཉིས་རྫས་ཐ་དད་


JLD016_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལའང་དེ་ལྟར་སྦྱོར་བ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའོ། །དང་པོའི་དཔེ་ནི། རང་ཕྱོགས་ཀྱི་ཆོས་སུ་གྲུབ་པའི་གཞིར་ཁ་བ་སྟོབས་ཆེན་མེད་པར་བསྒྲུབ་པ་ལ་མེ་སྟོབས་ཆེན་དམིགས་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པའི་དཔེ་འདི་ནི་གྲངས་ཅན་གྱིས་མྱུ་གུ་རྒྱུ་དུས་ན་ཡོད་པ་སྐྱེ་བར་འདོད་པ་འགོག་པའི་རྟགས་ཡིན་ཞིང༌། དེའི་སྦྱོར་བ་འགོད་ཚུལ་ལ། ཁ་ཅིག་མངོན་པར་མི་གསལ་བར་འདོད་པའི་མྱུ་གུ་ཆོས་ཅན། སྐྱེ་བ་མ་ཡིན་ཏེ། ཡོད་པའི་ཕྱིར། མངོན་པར་གསལ་བའི་བུམ་པ་བཞིན། ཞེས་འགོད་པ་མི་འཐད་ན། སྤྱིར་ཡོད་པའི་མྱུ་གུ་སྐྱེའམ་མེད་པའི་མྱུ་གུ་སྐྱེས་ཞེས་བརྟགས་ན་ཡོད་པའི་མྱུ་གུ་སྐྱེ་བར་རང་ལུགས་ལ་འདོད་དགོས་པའི་ཕྱིར་རོ། །ཁ་ཅིག་ན་རེ་སྐྱེ་ལ་ཡོད་གནོད་བཞིན་ཞེས་པ་འགྱུར་མ་ལེགས་པས་ཡོད་ལ་སྐྱེ་གནོད་བཞིན་ཞེས་བསྒྱུར་ནས་བཤད་པར་བྱའོ་ཞེས་ཟེར་ཡང༌། འགྲེལ་པ་དག་གིས་ཀྱང༌། སྐྱེ་ལ་ཡོད་གནོད་ཅེས་པ་དང༌། །སྐྱེ་ལ་ཡོད་ཉིད་འགལ་བ་བཞིན་ཞེས་པ་ལ་བཤད་པ་བྱས་པས་རྩ་བའི་འགྱུར་གྱིས་ཡོད་པ་དང་སྐྱེ་བའི་གོ་རིམ་འཕྱུགས་པ་མ་ཡིན་ནོ། །ཡང་མྱུ་གུ་ཆོས་ཅན། སླར་ཡང་དུས་གཉིས་པར་སྐྱེ་བ་མ་ཡིན་ཏེ། ཁྱོད་རང་གི་ཆ་ཐམས་ཅད་རྒྱུའི་བདག་ཉིད་དུ་ཡོད་པའི་ཕྱིར། ཞེས་པ་ཙམ་བཀོད་ནའང་མི་ལེགས་ཏེ། སྦྱོར་བ་འདི་ཐལ་འགྱུར་ཡིན་ན་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་སྦྱོར་བའི་དཔེར་འགལ་ལ། རྟགས་ཡང་དག་གི་སྦྱོར་བར་བྱེད་ན་ཕྱོགས་ཆོས་


JLD016_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མ་གྲུབ་ཅིང༌། རྟགས་ཡང་དག་གི་ཕྱོགས་ཆོས་ཁས་ལེན་ལ་གཏོང་བ་རིགས་པའི་ཚུལ་ལས་འདས་པའི་ཕྱིར་རོ། །དེས་ན་འདིས་གྲངས་ཅན་རྒྱུ་དུས་ན་རྫོགས་པར་ཡོད་པའི་མྱུ་གུ་སླར་ཡང་སྐྱེ་བར་འདོད་པ་ལ། མྱུ་གུ་ཆོས་ཅན། རང་རྒྱུ་ལས་སྐྱེ་དགོས་པ་མ་ཡིན་པར་ཐལ། རྒྱུ་དུས་ན་རང་གི་ངོ་བོ་རྫོགས་པར་གྲུབ་ཟིན་པ་ཡོད་པའི་ཕྱིར་ཞེས་གནོད་བྱེད་དུ་བཀོད་པའི་ཐལ་བ་འཕངས་པ། མྱུ་གུ་ཆོས་ཅན། རང་གི་རྒྱུའི་བདག་ཉིད་དུ་རང་གི་ངོ་བོ་རྫོགས་པར་གྲུབ་ཟིན་ནས་ཡོད་པ་མ་ཡིན་ཏེ། རང་རྒྱུ་ལས་སྐྱེ་དགོས་པའི་ཕྱིར་ཞེས་བཀོད་པ་སྟེ། གཞུང་འདིས་དངོས་སུ་ཐལ་བ་བསྟན་པས་འཕངས་པ་ཉིད་ཀྱི་སྦྱོར་བ་དཔེར་བཀོད་པ་ཡིན་ལ། དངོས་པོ་ཡིན་ན་རང་རྒྱུ་ལས་སྐྱེ་དགོས་པས་ཁྱབ་པ་དང༌། སླར་ཡང་རང་རྒྱུ་ལས་སྐྱེ་བ་མ་ཡིན་པས་ཁྱབ་པ་ཡིན་ཏེ། སླར་ཡང་ནི་སྐྱེས་ཟིན་བལྡབས་ནས་སྐྱེ་བའི་དོན་ཏོ། །གཉིས་པ་འགལ་བའི་རྣམ་གཞག་མཐའ་དཔྱད་པ་ལ་བཞི། མཚན་ཉིད། དབྱེ་བ། དེས་བྱེད་ཀྱི་ཚད་མ། འགལ་བའི་རྣམ་དབྱེ་བ་ལ་མཁས་པའི་དགོས་པའོ། །དང་པོ་ལ་གཉིས། མི་འཐད་པའི་ཕྱོགས་དགག་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག་ན་རེ། འགལ་ན་གང་རུང་གཅིག་གིས་གཅིག་འགོག་དགོས་པ་ཡིན་ཏེ། རྣམ་ངེས་ལས་དེའི་ཕྱིར་བསྒྲུབ་པར་བྱ་བ་ལ་གནོད་པ་བྱེད་པ་ཁ་ན་འགལ་བ་ཡིན་ནོ། ཞེས་གསུངས་པ་དང༌། བདག་འཛིན་རྒྱུ་གཅིག་ཅན་ཉིད་དང༌། ཞེས་


JLD016_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་འདོད་ཆགས་དང་ཁོང་ཁྲོ་འཛིན་སྟངས་མི་མཐུན་ཀྱང་མི་འགལ་བར་གསུངས་པའི་ཕྱིར། དེ་ལྟ་མ་ཡིན་པར་ཆོས་གཞན་ཕན་ཚུན་དབེན་པ་ཙམ་གྱིས་འགལ་བ་ཡིན་ན་རྒྱུ་འབྲས་རྣམས་ཀྱང་འགལ་བར་འགྱུར་ཞིང༌། དེ་ལྟ་ན་འགལ་ན་འགོག་དགོས་པ་དང་འབྲེལ་ན་སྒྲུབ་པའི་རྣམ་གཞག་འཇིག་པར་འགྱུར་རོ། །དེ་བས་ན་སྔོ་སེར་སོགས་རྣམས་ནི་ཕན་ཚུན་སྤངས་པ་ཡིན་གྱི་ཕན་ཚུན་སྤངས་པའི་འགལ་བ་མ་ཡིན་ནོ་ཞེས་ཟེར་ཞིང༌། རྟག་མི་རྟག་ལ་སོགས་པ་འགལ་བ་མཚན་ཉིད་པར་སྨྲའོ། །དེ་ནི་མི་འཐད་དེ། རྣམ་ངེས་ཀྱི་གཞུང་དེ་ནི་རྟགས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་བྱེད་པ་ཁོ་ན་འགལ་རྟགས་སུ་སྟོན་པ་ཡིན་གྱི། འགལ་བའི་དོན་སྟོན་པ་མ་ཡིན་པས་འབྲེལ་མེད་ལ། རྣམ་འགྲེལ་དེས་ཀྱང་འདོད་ཆགས་དང་ཁོང་ཁྲོ་འཛིན་སྟངས་ཐ་དད་ཀྱང་རྒྱུ་བདག་འཛིན་ལ་མི་གནོད་པས་ས་བོན་དྲུངས་འབྱིན་པའི་སྤང་གཉེན་མ་ཡིན་པར་སྟོན་པ་ཙམ་ཡིན་པའི་ཕྱིར་དེ་བས་ཀྱང་འབྲེལ་མེད་དོ། །རྟག་མི་རྟག་གནོད་བྱ་གནོད་བྱེད་དུ་ཐལ། འགལ་བའི་ཕྱིར། རྟགས་ཁྱབ་ཁས་བླངས་སོ། །འདོད་ན་དེ་མ་ཡིན་པར་ཐལ། རྟག་པས་ཀྱང་མི་རྟག་པ་ལ་མི་གནོད། མི་རྟག་པས་ཀྱང་རྟག་པ་ལ་མི་གནོད་པའི་ཕྱིར། རྟགས་སྔ་མ་དེར་ཐལ། ནམ་མཁའ་ལྟ་བུའི་གཞི་འགའ་ཞིག་གི་སྟེང་དུ་མི་རྟག་པ་འགོག་ནུས་པས་མི་རྟག་པ་ལ་གནོད་པར་མི་འགྲུབ། དེ་མིན་པའི་དེས་དེ་ལ་གནོད་ཚུལ་གང་ཡང་བཞག་ཏུ་མེད་པའི་ཕྱིར། དེའི་རྟགས་སྔ་མ་མ་གྲུབ་ན། མི་རྟག་


JLD016_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་རྟག་པ་ལ་གནོད་པར་ཐལ། གཞི་སྔོན་པོའི་སྟེང་དུ་མི་རྟག་པས་རྟག་པ་འགོག་ནུས་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན་མི་རྟག་པ་ཆོས་ཅན། ཁྱོད་རྟག་པའི་གནོད་བྱའང་ཡིན་གནོད་བྱེད་ཀྱང་ཡིན་པར་ཐལ། རྟག་པས་ཀྱང་ཁྱོད་ལ་གནོད་ཅིང༌། ཁྱོད་ཀྱིས་ཀྱང་རྟག་པ་ལ་གནོད་པའི་ཕྱིར་རོ། །དེས་ན་གཞི་ལ་མ་བལྟོས་པར་རྟག་མི་རྟག་ཀྱང་གནད་བྱ་གནོད་བྱེད་མ་ཡིན་ལ། གཞི་ལ་བལྟོས་ནས་སྒྲ་ལ་མི་རྟག་པས་རྟག་པ་ཡིན་པ་འགོག་ནུས་ལ། ནམ་མཁའ་ལ་རྟག་པ་ཡིན་པས་མི་རྟག་པ་ཡིན་པ་འགོག་ནུས་པ་བཞིན་དུ། ཨིནྡྲ་ནཱི་ལའི་སྟེང་དུ་སྔོན་པོ་ཡིན་པས་སེར་པོ་ཡིན་པ་འགོག་ནུས་ལ། གསེར་ལ་སེར་པོ་ཡིན་པས་སྔོན་པོ་ཡིན་པ་འགོག་ནུས་པའི་ཕྱིར་སྔོ་སེར་འགལ་བར་འདོད་དགོས་སོ། །གཞན་ཡང་བྱས་པ་རྟག་པ་དང་མི་འགལ་ན་བྱས་པ་སྒྲ་རྟག་པར་བསྒྲུབ་པའི་འགལ་རྟགས་མ་ཡིན་པར་ཐལ་ཞིང༌། སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་དག་མི་འགལ་བའི་ཕྱིར་རོ། །འགལ་ན་བྱས་པས་རྟག་པ་འགོག་ནུས་པར་ཐལ་ལོ། །འདོད་ན། འགོག་ནུས་པའི་རྒྱུ་མཚན་ཅི་ཞིག །སྒྲ་ལ་མི་རྟག་པ་བསྒྲུབ་ནུས་པའི་ཕྱིར་སྒྲ་ལ་རྟག་པ་འགོག་པ་ཡིན་ནོ་ཞེ་ན། སྔོ་སེར་ལའང་ཇི་ལྟ་བར་མཚུངས་པའི་ཕྱིར་སྔོ་སེར་མི་འགལ་བར་སྨྲ་བ་ནི་གྱི་ནའོ། །འགལ་ན་འགོག་པ་དང་འབྲེལ་ན་སྒྲུབ་པའི་རྣམ་གཞག་ཅེས་པ་ཡང་རྟགས་ཀྱིས་འགལ་


JLD016_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་དགག་ཆོས་འགོག་པའི་རྣམ་གཞག་དང་འབྲེལ་ཟླ་སྒྲུབ་ཆོས་བསྒྲུབ་པའི་རྣམ་གཞག་ལ་འདོད་པ་ཡིན་ན་ནི་དེ་འདྲ་བ་གཞི་ཆོས་ཅན་ལ་མ་བལྟོས་པའི་དགག་སྒྲུབ་མི་རུང་ལ། གཞི་བལྟོས་ནས་དགག་སྒྲུབ་བྱེད་པ་ན། མེ་དུ་གཉི་ག་ཡིན་པའི་གཞི་མཐུན་མི་སྲིད་པས་རང་ཕྱོགས་ཆོས་སུ་གྲུབ་པའི་ཆོས་ཅན་གྱི་སྟེང་དུ། དུ་བ་ཡིན་པའི་རྟགས་ཀྱིས་མེ་ཡིན་པ་འགོག་ནུས་ལ། མེ་དུ་རྒྱུ་འབྲས་ཀྱི་འབྲེལ་པ་གྲུབ་པའི་སྟོབས་ཀྱིས། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་དུ་བ་ཡོད་པའི་རྟགས་ཀྱིས་མེ་ཡོད་པ་བསྒྲུབ་ནུས་པ་ཡིན་ཞིང༌། དེ་འདྲ་བའི་ཡིན་པས་ཡིན་པ་འགོག་པ་དང་ཡོད་པས་ཡོད་པ་སྒྲུབ་ཚུལ་གཉིས་ཀ་ཁས་ལེན་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་པས། སྒྲུབ་ཚུལ་ཡིན་སྒྲུབ་དང་ཡོད་སྒྲུབ་ཀྱི་རྣམ་དབྱེ་ཙམ་མ་ཕྱེད་པའི་གཏམ་གྱི་སྦྱོར་བ་མི་བྱའོ། །གཉིས་པ་རང་ལུགས་བཞག་པ་ནི། ཐ་དད་གཞི་མཐུན་མི་སྲིད་པ་ཞེས་བྱ་སྟེ། རྟགས་མི་མཐུན་ཕྱོགས་དང་འགལ་བའི་དོན། རྟགས་དང་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་གཞི་ལྡོག་ཏུ་གང་སོང་བའི་དོན་དེ་ལ་གཞི་མཐུན་མི་སྲིད་པ་ལ་བྱ་དགོས་པའི་ཕྱིར་ཏེ། ཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པའི་སྒོ་ནས་བྱས་པས་སྒྲ་མི་རྟག་པར་བསྒྲུབ་པའི་ལྡོག་ཁྱབ་ངེས་པར་བྱེད་པ་ན། རྟག་པ་དང་བྱས་པའི་གཞི་མཐུན་མི་སྲིད་པར་གནོད་པ་ཅན་གྱི་ཚད་མའི་སྟོབས་ཀྱིས་ངེས་པའི་སྒོ་ནས་བྱས་པ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པར་ངེས་པར་བྱེད་པའི་ཕྱིར་རོ། །དེས་ན་རྟགས་དེ་སྒྲུབ་ཀྱི་


JLD016_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་ཕྱོགས་ལ་ཞུགས་པའི་དོན་ཡང་རྟགས་དང་དགག་བྱའི་ཆོས་སུ་གང་སོང་དེ་གཉིས་ལ་གཞི་མཐུན་ཡོད་པ་ཉིད་ཡིན་པས། བདེན་པའི་གཅིག་དུ་བྲལ་གྱིས་རྟགས་ཀྱིས་བདེན་མེད་བསྒྲུབ་པ་ན། བདེན་གྲུབ་བདེན་པའི་གཅིག་དང་དུ་མ་གང་རུང་ཡིན་པ་མི་སྲིད་པས་རྟགས་མི་མཐུན་ཕྱོགས་ལ་ཞུགས་པར་འགྱུར་སྙམ་པ་དང༌། བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཡིན་པར་བསྒྲུབ་པ་ལ་དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་བའི་རྟགས་ཡིན་པ་བཀོད་པའི་ཚེ། སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་རྟགས་ཡིན་པ་དེ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པས་མི་མཐུན་ཕྱོགས་ལ་ཞུགས་པར་འགྱུར་སྙམ་ནས། གཅིག་དུ་བྲལ་གྱི་རྟགས་ཀྱི་ལྡོག་ཁྱབ་བསྒྲུབ་ཚུལ་གྱིས་སྡུག་བསྔལ་བར་གྱུར་པ་ནི་རྟགས་མི་མཐུན་ཕྱོགས་ལ་ཞུགས་པའི་ཚད་འཛིན་བློ་ཡུལ་དུ་འཆར་བའི་ནུས་པ་མ་བྱུང་བས་ནོངས་སོ། །གཉིས་པ་དབྱེ་བ་ལ་གཉིས། དབྱེ་བའི་གྲངས་དང༌། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། ཁ་ཅིག་ནི་རེ། ཚད་མས་གནོད་འགལ་ནི་འགལ་བ་གཞན་གཉིས་ལ་མི་གཏོགས་པས་འགལ་བ་གསུམ་དུ་དབྱེ་བ་བྱའོ་ཞེས་ཟེར་རོ། །ཚོན་ཅན་དུ་འགྱུར་བ་ཕྱིས་ཀྱི་ཚོན་གྱིས་ཁ་བསྒྱུར་བ་ལ་བལྟོས་པ་དེ། གོས་དཀར་རང་གྲུབ་ཙམ་ནས་ཚོན་ཅན་དུ་མ་ངེས་པར་བསྒྲུབ་པའི་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་མ་ཡིན་པར་ཐལ། རྟགས་དེ་དང་རང་གྲུབ་ཙམ་ནས་ཚོན་ཅན་དུ་


JLD016_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ཕན་ཚུན་སྤངས་འགལ་མ་ཡིན་པའི་ཕྱིར། དེས་ན་རིགས་ཐིགས་ལས། འགལ་བ་ནི་རྣམ་པ་གཉིས་ཏེ། ཞེས་པའི་འགྲེལ་པར་ཆོས་མཆོག་གིས། འགལ་བ་ནི་གཉིས་ཁོ་ན་སྟེ་གཞན་མེད་པ་དེ་བས་ན། ཞེས་གསུངས་པ་སོགས་གཉིས་པོར་ངེས་པར་བཤད་པ་ཤིན་ཏུ་མང་བ་ལྟར་ལྷན་ཅིག་མི་གནས་འགལ་དང་ཕན་ཚུན་སྤངས་པའི་འགལ་བ་གཉིས་སུ་གྲངས་ངེས་སོ། །གཉིས་པ་སོ་སོའི་དོན་ལ་གཉིས། ལྷན་ཅིག་མི་གནས་འགལ་བཤད་པ་དང༌། ཕན་ཚུན་སྤངས་འགལ་བཤད་པའོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། སློབ་དཔོན་ཆ་པ་ན་རེ། ཚ་རེག་གིས་གྲང་རེག་ལ་གནོད་པ་ལྟ་བུ་ངོ་བོས་གནོད་པ་དང༌། སྦྱོར་ལམ་ཆོས་མཆོག་གིས་སྡུག་བསྔལ་ཆོས་བཟོད་ཀྱི་སྤང་བྱའི་ས་བོན་ལ་གནོད་པ་ལྟ་བུ་དངོས་རྒྱུས་གནོད་པ་དང༌། སྣང་བའི་བརྒྱུད་རྒྱུས་མུན་པ་ལ་གནོད་པ་ལྟ་བུ་བརྒྱུད་རྒྱུས་གནོད་པ་སྟེ་ཚུལ་གསུམ་ཡོད་ཅིང༌། འདས་ལམ་གྱི་ས་བོན་སྤོང་བ་དང་སྣང་མུན་གྱི་གནོད་ཚུལ་མི་མཐུན་པའི་རྒྱུ་མཚན་ནི། ཆོས་བཟོད་བར་ཆད་མེད་ལམ་གྱི་དུས་ན་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་འགགས་ནས་མེད་ན་དེ་སྤངས་པའི་འགོག་བདེན་འཐོབ་དགོས་པས་འགོག་ལམ་ཐོག་མར་ཐོབ་པ་དུས་མཉམ་དུ་འགྱུར་བའི་ཕྱིར་དེའི་དུས་ན་ས་བོན་དེ་ཡོད་དགོས་ལ། དེ་ལ་དངོས་སུ་གནོད་པའི་དོན་ནི་རིགས་འདྲ་ཕྱི་མ་བསྐྱེད་པའི་ནུས་མེད་དུ་དངོས་སུ་བསྐྱེད་པ་ལ་བྱ་དགོས་ཤིང༌། དེ་ཆོས་བཟོད་ཀྱིས་བྱེད་ན་རྒྱུ་འབྲས་དུས་མཉམ་དུ་འགྱུར་བས། ཆོས་མཆོག་གིས་དེ་ལྟར་བྱེད་དགོས་པ་ཡིན་


JLD016_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་སྙམ་དུ་བསམ་མོ། །སྣང་བ་སྐྱེས་པ་དང་མུན་པ་འགགས་པ་དུས་མཉམ་པས། སྣང་བའི་དངོས་རྒྱུའི་དུས་ན་མུན་པ་ཡོད་ལ། དེས་ན་སྣང་བའི་དངོས་རྒྱུས་མུན་པ་རང་གི་རིགས་འདྲ་ཕྱི་མ་བསྐྱེད་པའི་ནུས་མེད་དུ་བསྐྱེད་ན་རྒྱུ་འབྲས་དུས་མཉམ་དུ་འགྱུར་བའི་ཕྱིར། སྣང་བའི་བརྒྱུད་རྒྱུས་དེ་ལྟར་བསྐྱེད་པ་ཡིན་པས། སྣང་བའི་བརྒྱུད་རྒྱུས་མུན་པ་ལ་གནོད་པ་ཡིན་ལ། གནོད་བྱ་ལྡོག་པའི་དུས་དེ་དག་ཀྱང་ཤིན་ཏུ་མྱུར་བའི་དབང་དུ་བྱས་ཀྱི། དུས་ཡུན་རིང་ན་སྒོམ་སྤང་གི་སྤང་གཉེན་ཁ་ཅིག་ལྟ་བུ་བསྐལ་བའི་བར་དུའང་འགྲོགས་སོ། ཞེས་ཟེར་རོ། །འདི་དག་ནི་མི་འཐད་དེ། མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཀྱི་ངོ་སྐལ་གྱི་སྤང་བྱའི་ས་བོན་དེ་དང་སྡུག་བསྔལ་ཆོས་བཟོད་དངོས་ཀྱི་སྤང་གཉེན་མ་ཡིན་པར། དེ་དང་སྦྱོར་ལམ་ཆོས་མཆོག་དངོས་ཀྱི་སྤང་གཉེན་དུ་ཐལ། ས་བོན་དེ་ལ་རང་གི་གཉེན་པོས་དགོས་སུ་གནོད་པ་བྱེད་པའི་རིགས་འདྲ་ཕྱི་མ་བསྐྱེད་པའི་ནུས་མེད་དུ་བསྐྱེད་པ་ཉིད་ཡིན་ཞིང༌། དེ་ལྟར་བསྐྱད་པ་སྡུག་བསྔལ་ཆོས་བཟོད་ཀྱིས་མི་བྱེད་པར་ཆོས་མཆོག་གིས་བྱེད་པའི་ཕྱིར་རོ། །རྟགས་ཐམས་ཅད་ཁས་བླངས་སོ། །དེ་འདོད་ན་སྦྱོར་ལམ་ཆོས་མཆོག་མཐོང་སྤང་ས་བོན་སྤོང་བའི་བར་ཆད་མེད་ལམ་དང་སྡུག་བསྔལ་ལ་ཆོས་བཟོད་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་ལ་བལྟོས་པའི་རྣམ་གྲོལ་ལམ་དུ་ཐལ། འདོད་པ་དེའི་ཕྱིར། འདོད་ན་འཕགས་རྒྱུད་ཀྱི་འགོག་ལམ་ཐོག་མ་དུས་


JLD016_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་དུ་ཐོབ་པར་ཐལ། སྡུག་བསྔལ་ལ་ཆོས་བཟོད་ཀྱི་ཚེ་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་ལ་བལྟོས་པའི་རྣམ་གྲོལ་ལམ་ཐོབ་པའི་ཕྱིར། འཁོར་གསུམ་མོ། །འཇིག་རྟེན་པའི་སྒོམ་བྱུང་གིས་སྤང་བྱའི་ས་བོན་སྤོང་བའི་དངོས་གཉེན་བྱེད་ནུས་པ་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལུགས་མཐའ་དག་དང་འགལ་ལ། འཕགས་པའི་སྒོམ་ལམ་བར་ཆད་མེད་ལམ་རྣམས་ཀྱིས་ཀྱང་རང་རང་གི་སྤང་བྱའི་ས་བོན་ལ་དངོས་སུ་གནོད་པ་མི་བྱེད་པར་ཐལ་ཏེ། རིགས་པ་མཚུགས་པའི་ཕྱིར་རོ། །དེ་འདོད་ན་རྣམ་གྲོལ་ལམ་རྣམས་རང་རང་གི་སྤང་བྱའི་ས་བོན་ལ་དངོས་སུ་གནོད་པ་བྱེད་པའི་གཉེན་པོར་དེ་བས་ཀྱང་མི་འཐད་པས་རང་གི་སྤང་བྱའི་ས་བོན་ལ་དངོས་སུ་གནོད་པ་བྱེད་པའི་འཕགས་ལམ་གཏན་མི་སྲིད་པར་འགྱུར་རོ། །མདོར་ན་ཐེག་པ་གསུམ་གྱི་ས་ལམ་གྱི་རྣམ་གཞག་ཐམས་ཅད་འཆོལ་བར་འགྱུར་བའི་ཉེས་པ་ཤིན་ཏུ་ཆེན་པོ་དང་མང་པོ་དག་ཏུ་འགྱུར་ལ། སྦྱོར་ལམ་ཆོས་མཆོག་ཆོས་ཅན། སྡུག་བསྔལ་ལ་ཆོས་བཟོད་ཀྱི་སྤང་བྱའི་ས་བོན་དེ་ལ་དངོས་སུ་གནོད་བྱེད་མ་ཡིན་པར་ཐལ། དེ་ལ་དངོས་སུ་ཕན་བྱེད་ཡིན་པའི་ཕྱིར། རྟགས་གསལ་གཉིས། དངོས་སུ་ཁས་བླངས་སོ། །མ་ཁྱབ་ན་ཆོས་དེ་དགོས་སུ་འགོག་བྱེད་ཡིན་པ་དང༌། ཆོས་དེ་དངོས་སུ་སྒྲུབ་བྱེད་ཡིན་པར་ཡང་མི་འགལ་བ་སོགས་གང་ཅིའང་རུང་བ་དུ་མ་ཁས་བླང་དགོས་པར་འགྱུར་རོ། །འདས་ལམ་གྱི་སྤང་བྱའི་ས་བོན་སྤོང་བ་དང་སྣང་མུན་གྱི་གནོད་བྱ་ལྡོག་དུས་རིགས་མི་མཚུངས་པར་འདོད་པ་ནི། མདོ་དཀོན་མཆོག་


JLD016_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པ་ལས། དཔེར་ན་ཁྱིམ་དུ་མི་འགལ་ལ་ལ་ཡིས། །ཡུན་རིང་ལོན་ནས་མར་མེ་བུང་བྱས་ནས། །དེ་ལ་མུན་པ་བདག་གནས་རིག་ལོན་གྱིས། །དེ་ནས་མི་འགྲོ་སྙམ་དུ་སེམས་པ་མེད། །མར་མེ་བྱུང་ན་མུན་པ་མུན་ནག་ལ། །མེད་པར་མི་འགྱུར་བ་ཡི་ནུས་པ་མེད། །མར་མེ་བསྟེན་ནས་མུན་པ་མེད་པར་འགྱུར། །གཉིས་ཀ་སྟོང་ལ་རློམ་སེམས་ཅི་ཡང་མེད། །ཅེས་སྣང་བས་མུན་པ་སེལ་བ་དཔེར་བཀོད་ནས། །དེ་བཞིན་ཟག་མེད་འཕགས་པའི་ཡེ་ཤེས་བསྟེན། །མི་ཤེས་ཉོན་མོངས་བསགས་པ་མེད་པར་འགྱུར། །ཡེ་ཤེས་དང་ནི་ཉོན་མོངས་རྟག་པར་ཡང༌། །དེ་དག་ལན་འགའ་ཙམ་ཡང་འགྲོགས་པ་མེད། ཅེས་སོགས་ཀྱིས་ཟག་མེད་ཡེ་ཤེས་ཀྱིས་སྤང་བྱ་ལ་གནོད་པའང་དེ་དག་འདྲའོ་ཞེས་དཔེ་དོན་དུ་སྦྱར་ནས་གསུངས་པ་ཚིག་གསལ་དུ་དྲངས་པ་དང༌། མངོན་པ་ཀུན་ལས་བཏུས་ལས། གཉེན་པོའི་རྣམ་པ་དེ་སྐྱེ་བ་དང་གནས་ངན་ལེན་གྱི་རྣམ་པ་དེ་འགག་པ་ནི་མཉམ་པས་མཉམ་པ་སྟེ། དཔེར་ན་སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ། ཞེས་གསུངས་པ་སོགས་མདོ་དང་ཚད་ལྡན་གྱི་གཞུང་དུ་མ་ཞིག་ལས་དེ་གཉིས་དཔེ་དོན་དུ་སྦྱར་ནས་གསུངས་པ་ཐམས་ཅད་ལས་རྒལ་བའི་ནོར་བ་སྟེ། གཉེན་པོས་སྤང་བྱའི་ས་བོན་སྤོང་ཚུལ་དང་སྣང་བས་མུན་པ་སེལ་ཚུལ་གཉིས་ཀ་མ་རྟོགས་པའི་རྣམ་འགྱུར་དུ་གསལ་མོད་ཀྱི། རང་ལུགས་བཤད་པ་ཉིད་ཀྱིས་ཤེས་པར་


JLD016_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གཉིས་པ་རང་ལུགས་བཞག་པ་ལ་གསུམ། མཚན་ཉིད། དབྱེ་བ། གནོད་བྱ་ལྡོག་པའི་དུས་སོ། །དང་པོ་ནི། སློབ་དཔོན་ཆ་པ་ན་རེ། ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། དངོས་པོའི་གནོད་བྱ་གནོད་བྱེད་དུ་གནས་པ་ཡིན་ན། ཚ་གཤེར་མེ་ཆུའི་ཐུན་མོང་གི་མཚན་ཉིད་དུ་སྨྲས་ན་ཉེས་པ་ཅི་ཡོད། ཚ་བ་ཆུ་ལ་མ་ཁྱབ། གཤེར་བ་མེ་ལ་མ་ཁྱབ། ཚོགས་པ་མི་སྲིད་པས་སོ་སོར་བརྗོད་ན་མཚོན་བྱ་སོ་སོར་མཚོན་པས་ཐུན་མོང་གི་མཚན་ཉིད་དུ་མི་རུང་ན། གནོད་བྱེད་གྲང་རེག་སྟོབས་ཆུང་ལ་མ་ཁྱབ། གནོད་བྱ་ཚ་རེག་སྟོབས་ཆེན་ལ་མ་ཁྱབ། གཉི་ག་ཚོགས་པ་མི་སྲིད་པ་སོགས་མཚུངས་སོ། །དེས་ན་ལྷན་ཅིག་མི་གནས་འགལ་གནོད་བྱེད་ཁོ་ནའི་ཆོས་སུ་སྨྲ་བ་ནི་མི་འཐད་དེ། དེ་ལ་ན་འགལ་བའང་ཆོས་གཅིག་ལ་གནས་པར་མཚུངས་ལ། དེ་ལྟ་ན་ཐ་དད་ཀྱི་མཚན་གཞིར་ཆོས་གཅིག་འཛིན་དགོས་པ་ལ་ཐུག་པར་འགྱུར་ཞིང༌། གྲང་རེག་སྟོབས་ཆུང་དེ་ཚ་རེག་སྟོབས་ཆུང་དང་འགལ་བ་གང་ཡང་མ་ཡིན་པར་ཐལ་བར་འགྱུར་རོ། །དེས་ན་རང་གི་ལུགས་ནི། རྒྱུན་གཅད་བྱ་གཅོད་བྱེད་ཀྱི་སྒོ་ནས་མི་མཐུན་པར་གནས་པ་ཞེས་བྱའོ། །གཉིས་པ་དབྱེ་བ་ནི། ལྡོག་པ་བསྡུས་པའི་རྣམ་འགྲེལ་ལས། ནུས་པ་ཉམས་པར་བྱེད་པའི་འགལ་བ། རང་བཞིན་གྱིས་སྐབས་མི་འབྱེད་པའི་འགལ་བ། ཕན་ཚུན་གནོད་པ་བྱེད་པའི་འགལ་བ་གསུམ་དུ་ཕྱེ་ནས། དང་པོ་མུན་པ་ལ་སྣང་བ་ལྟ་བུ་དང༌། གཉིས་པ་སྣང་བ་ལ་མུན་པ་ལྟ་བུ་དང༌། གསུམ་པ་ཆ་གྲང་ལྟ་བུ་ལ་བཤད་དོ། །བེམ་པོ་ལས་


JLD016_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དང༌། ཤེས་པ་ལས་གྱུར་པའི་འགལ་བ་གཉིས་སུ་དབྱེ་བའང་རུང་ལ། བརྒྱུད་འགལ་གྱི་ལྷན་ཅིག་མི་གནས་འགལ་ཡོད་མེད་འོག་ཏུ་དཔྱད་པར་བྱའོ། །གསུམ་པ་གནོད་བྱ་ལྡོག་པའི་དུས་ལ། ཚ་གྲང་སྣང་མུན་བློའི་སྤང་གཉེན་གྱི་གནོད་བྱ་ལྡོག་དུས་མཚུངས་མི་མཚུངས་དཔྱད་པ་དང༌། གསུམ་པོའི་གནོད་བྱ་ལྡོག་དུས་སོ་སོར་བཤད་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཚ་གྲང་དང་སྣང་མུན་དང་འདས་ལམ་གྱི་སྤང་གཉེན་གསུམ་ག་རྒྱུན་གྱི་འགལ་བར་ཁྱད་པར་མེད་ལ། དེས་ན་ཚ་གྲང་དང་སྣང་མུན་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་ལ་གྲང་རེག་སྐད་ཅིག་གཉིས་པའི་དགོས་ཀྱི་ཉེར་ལེན་དང་དུས་མཉམ་པའི་ཚ་རེག་གིས་ལྷན་ཅིག་བྱེད་རྐྱེན་བྱས་ནས་གྲང་རེག་སྐད་ཅིག་གཉིས་པ་རིགས་འདྲ་ཕྱི་མ་བསྐྱེད་པའི་ནུས་མེད་དུ་སྐྱེས། སྐད་ཅིག་གསུམ་པ་ལ་ཚ་རེག་སྟོབས་ཆེན་སྐད་ཅིག་གསུམ་པ་སྐྱེས་པ་དང་གྲང་རེག་རྒྱུན་ཆད་པ་དུས་མཉམ་ཞིང༌། སྣང་མུན་ལའང་ཚུལ་དེ་དང་འདྲ་བས་ཚ་གྲང་དང་སྣང་མུན་སྐད་ཅིག་དང་པོ་ལ་ཕྲད་མ་ཕྲད་ཀྱི་ཁྱད་པར་མེད་ལ། ཕྲད་པའི་དོན་ཡུལ་འདབ་ཉེ་བར་གནས་པ་ཙམ་ཡིན་གྱི། གཟུགས་ཅན་གྱི་རྡུལ་གཅིག་གི་གོ་སར་གཅིག་ལྷན་ཅིག་གནས་པ་གང་ལའང་མི་སྲིད་པས་ཉེ་བར་གནས་པ་ལས་གཞན་པའི་ཕྲད་པའི་དོན་གཟུགས་ཅན་གང་ལའང་བཞག་ཏུ་མེད་དོ། ཞེས་ཟེར་རོ། །དེ་ལ་མེ་དང་ཁ་བ་ལྟ་བུ་གཟུགས་ཅན་གྱི་དངོས་པོ་ཡིན་པས་རྡུལ་


JLD016_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་གོ་སར་ཅིག་ཤོས་ལྷན་ཅིག་གནས་མི་སྲིད་པ་བདེན་མོད། དགུན་དུས་ཀྱི་གྲང་བའི་རེག་པ་དང༌། མེ་སྟོབས་ཆེན་འབར་བའི་གནས་ལས་འདོམ་གང་ཙམ་གྱི་ཕྱི་རོལ་ཏུའང་ཁྱབ་པའི་ཚ་བའི་རེག་པ་གཉིས་ནི་རེག་བྱའི་སྐྱེ་མཆེད་ཙམ་ཡིན་གྱི་གཟུགས་ཅན་གྱི་དངོས་པོ་མ་ཡིན་པས། དེ་གཉིས་ཀྱི་གཟུགས་རྡུལ་གཅིག་གི་གོ་སར་ཅིག་ཤོས་འབྱུང་མི་འབྱུང་གི་དཔྱད་པ་བྱ་བའི་གཞི་ག་ལ་ཡོད། དེའང་ཚ་གྲང་དང་སྣང་མུན་གྱིས་གཞི་གང་དུ་ཚུལ་ཇི་ལྟར་ཁྱབ་ནས་གནོད་བྱ་འགོག་ཚུལ་གཏན་མ་འདྲ་སྟེ། མེ་སྟོབས་ཆེན་གྱིས་གྲང་རེག་འགོག་པ་ན་གང་གི་རྒྱུན་གཅོད་པར་བྱ་བའི་གྲང་རེག་གིས་སྔར་ཁྱབ་པའི་གཞིར་མེ་དམར་འབར་བས་ཁྱབ་པའི་སྒོ་ནས་གྲང་རེག་རྒྱུན་གཅོད་དགོས་པ་མ་ཡིན་ཏེ། དེ་ཡིན་ན་མེ་སྟོབས་ཆེན་གྱིས་གྲང་འབྲས་སྤུ་ལོང་བྱེད་རྒྱུན་གཅོད་པ་ལ། གྲང་བའི་མཐུས་པ་སྤུ་ལོང་ལོང་པོར་གྱུར་པའི་སྐྱེས་བུ་དེའི་ལུས་ལ་མེ་འབར་དགོས་པར་ཐལ་བའི་ཕྱིར་དང༌། ཁང་མིག་གཅིག་གི་དབུས་སུ་གནས་པའི་མེའི་ཕུང་པོས་ཁང་མིག་དེའི་ནང་གི་ཐ་གྲུ་ཀུན་གྱི་གྲང་རེག་རྒྱུན་གཅོད་ནུས་པ་མི་སྲིད་པར་ཐལ་བའི་ཕྱིར་རོ། །དེ་ལྟ་ནའང་མེ་སྟོབས་ཆེན་དངོས་ཉེ་བར་གནས་པའི་སྟོབས་ཀྱིས། མེ་དངོས་ཀྱི་དྲོ་བའི་རེག་བྱའི་ནུས་པས་མེ་དངོས་ཀྱིས་མ་ནོན་པའི་ཉེ་འཁོར་གྱི་གཞི་དག་ཏུ་ཁྱབ་པར་འོངས་ཏེ། དྲོ་བའི་ནུས་པ་དེས་གར་ཁྱབ་ཀྱི་གཞི་ལ་གྲང་རེག་རྒྱུན་གཅོད་པའི་ཚུལ་གྱིས་འགོག་པ་


JLD016_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེ་ལ་ནི་དང་པོར་དྲོ་བའི་རེག་བྱ་དང་གྲང་བའི་རེག་བྱ་ཕྲད་དགོས་པ་ཡིན་ཞིང༌། དེའང་གཞི་གཅིག་གི་སྟེང་དུ་དུས་གཅིག་ལ་ཕྲད་པ་ཡིན་གྱི་ཡུལ་འདབ་ཉེ་བ་ཙམ་མ་ཡིན་ཏེ། རང་གི་ལག་པ་མཆོག་ཏུ་གྲང་བས་ཁྱབ་པས་ཤིན་ཏུ་ཚ་བའི་མེའི་ཕུང་པོའི་ཉེ་བར་གདུངས་པ་ན་ལག་པ་ལ་གྲང་བའི་རེག་པ་ད་དུང་ཅུང་ཟད་དང་བཅས་བཞིན་དུ་ཡང་ཚ་བའི་དྲོད་ཀྱི་རེག་བྱའང་ཡོད་པའི་ཚ་གྲང་གི་རེག་བྱ་གཉི་ག་གཞི་རང་གི་ལག་པ་གཅིག་ཉིད་ལ་ལུས་ཤེས་ཀྱིས་དངོས་སུ་དམིགས་པ་རང་གི་མྱོང་བས་གྲུབ་པའི་ཕྱིར་རོ། །དེས་ན་རེག་བྱ་དེ་གཉིས་གཞི་གཅིག་གི་སྟེང་དུ་ཕྲད་པ་མི་སྲིད་དོཞེས་མངོན་སུམ་ལམ་བསྙོན་ཞིག །མར་མེའི་སྣང་བ་དག་དེའི་བསལ་བྱའི་མུན་པ་ནི་ལན་ཅིག་ཀྱང་ཕྲད་པ་སྲིད་པ་མིན་ཏེ་འདི་ལྟར། མར་མེའི་འོད་ཀྱིས་མུན་པ་སེལ་བ་ནི། མར་མེའི་འོད་དངོས་ཀྱིས་ཁྱབ་པར་ནོན་པའི་གཞི་དེ་ཉིད་ལ་མུན་པ་རྒྱུན་བཅད་པའི་ཚུལ་གྱིས་སེལ་བ་ཡིན་གྱི། རང་དང་འདབ་ཉེ་བར་གནས་པའི་མུན་པ་ཙམ་ལ་གནོད་པ་བྱེད་པ་མ་ཡིན་ཏེ། མར་མེའི་ཀོང་བུའི་གྲིབ་མ་མུན་པའི་ཆ་དེ་དང་མར་མེའི་འོད་སྣང་བའི་ཆ་དེ་གཉིས་གཟུགས་ཅན་གྱི་དངོས་པོ་གཞན་གང་གིས་ཀྱང་བར་མ་ཆོད་པར་འདབ་འབྱར་དུ་གནས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །གཟུགས་ཅན་གྱི་དངོས་པོ་ཕྲད་པ་ལས་གཟུགས་ཅན་གཞན་གྱིས་བར་མ་ཆད་པར་གནས་དགོས་པ་ཡིན་གྱི། གཟུགས་ཅན་གཅིག་གི་གོ་ས་གཅིག་གིས་མནན་


JLD016_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་དགོས་པ་མ་ཡིན་ལ། ཡུལ་ཉེ་བར་གནས་པ་ཙམ་གྱིས་ཕྲད་པར་འགྱུར་ན། རང་གི་མིག་འབྲས་དང་རྫི་མ་ཕུད་པ་ཐལ་བ་ལ་ལན་ཅི་ཡོད་སོམས་ཤིག །མར་མེའི་འོད་དངོས་ཀྱིས་ཁྱབ་པའི་གཞི་དེ་ལ་མར་མེའི་འོད་དང་མུན་པ་སྐད་ཅིག་ཀྱང་ཕྲད་པ་མི་སྲིད་དེ། གཞི་དེར་མར་མེའི་འོད་སྐྱེས་པ་དང་མུན་པ་འགགས་པ་དུས་མཉམ་པས་ཁྱབ་པའི་ཕྱིར་རོ། །ངེས་ན་ཚ་གྲང་ལྟ་བུ་ནི་རྒྱུན་འགྲོགས་སུ་མི་རུང་བའི་ཚུལ་གྱིས་གནོད་བྱ་གནོད་བྱེད་དུ་གནས་པའི་རྒྱུན་ལྷན་ཅིག་མི་གནས་འགལ་ཡིན་ལ། སྣང་མུན་ནི་སེལ་བྱེད་ཀྱི་སྣང་བ་སྐྱེས་པ་དང་བསལ་བྱའི་མུན་པ་འགགས་པ་དུས་མཉམ་པས་ཁྱབ་པས། དུས་སྐད་ཅིག་མ་གཅིག་ཀྱང་ལྷན་ཅིག་གནས་མི་སྲིད་པའི་ཕྱིར། དུས་ཀྱི་སྒོ་ནས་ལྷན་ཅིག་མི་གནས་པའི་འགལ་བ་ཡིན་གྱི། རྒྱུན་ལྷན་ཅིག་མི་གནས་པ་ཙམ་གྱི་སྒོ་ནས་བཞག་པའི་འགལ་བ་མ་ཡིན་ནོ། །སྣང་མུན་ལྟར་འདས་ལམ་གྱི་སྤོང་གཉེན་བར་ཆད་མེད་ལམ་དང་དེའི་དངོས་ཀྱི་སྤང་བྱའི་ས་བོན་ཡང་དུས་ཀྱི་སྒོ་ནས་ལྷན་ཅིག་མི་གནས་འགལ་ཡིན་གྱི་རྒྱུན་གྱི་སྒོ་ནས་མ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོ་ལས། ལྷན་ཅིག་མི་གནས་པའི་ཚུལ་ཡང་ཚ་གྲང་ལྟར་རྒྱུན་གྲོགས་སུ་མི་རུང་བའི་སྒོ་ནས་མ་ཡིན་གྱི། སྣང་མུན་ལྟར་དུས་ཀྱི་སྒོ་ནས་ལྷན་ཅིག་མི་གནས་པ་ཡིན་པའི་ཕྱིར་གཉེན་པོ་ཟག་མེད་བར་ཆད་མེད་ལམ་དག་དེའི་སྤང་བྱ་གཉིས་རྒྱུད་གཅིག་ལ་དུས་གཅིག་ཏུ་མི་འཇུག་གོ །


JLD016_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ཡིན་པས་བདག་གི་རྗེ་ཐམས་ཅད་མཁྱེན་པ་བཞེད་པའི་ཚུལ་ནི་དེ་ལྟར་ཡིན་ཞིང༌། འདི་ཉིད་ལུང་དང་རིགས་པ་དམ་པས་ལེགས་པར་གྲུབ་པའི་དོན་ཟིན་ནོ། །གཉིས་པ་ལ། རྒྱུན་གྱི་སྒོ་ནས་འགལ་བའི་གནོད་བྱ་ལྡོག་དུས་དང༌། དུས་ཀྱི་སྒོ་ནས་འགལ་བའི་གནོད་བྱ་ལྡོག་དུས་སོ། །དང་པོ་ནི། གཞི་གང་ན་གྲང་བའི་རེག་པས་ཁྱབ་པའི་གཞི་དེ་དང་ཡུལ་ཉེ་བར་མེ་སྟོབས་ཆེན་འོངས་པ་ན། མེ་དེ་དང་གྲང་རེག་དེ་དངོས་སུ་མ་ཕྲད་ཅིང་གཞི་གཅིག་ན་ལྷན་ཅིག་གནས་པ་མ་ཡིན་ཀྱང༌། མེ་དེ་ཡུལ་ཉེ་བར་གནས་པས། གྲང་རེག་དེ་ཉིད་ཀྱིས་རང་གི་རིགས་འདྲ་ཕྱི་མ་རང་དང་ནུས་མཚུངས་ཀྱི་སྟོབས་ལྡན་བསྐྱེད་པའི་གེགས་དང༌། རིགས་འདྲ་ཕྱི་མ་སྟོབས་ཆུང་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་བྱས་ཤིང༌། མེ་རང་གི་དྲོ་བའི་རེག་བྱ་སྟོབས་ཆེན་ཕྱི་མའི་དངོས་ཀྱི་ཉེར་ལེན་བྱས་པ་ལས། རང་གི་རིགས་འདྲ་བསྐྱེད་པའི་ནུས་པ་མེད་པའི་གྲང་རེག་ནུས་ཆུང་དེ་དང་དྲོ་བའི་རེག་བྱ་སྟོབས་ལྡན་ཕྱི་མ་དེ་གཉིས་དུས་མཉམ་དུ་སྐྱེས་ནས་གཞི་གཅིག་གི་སྟེང་དུ་ཕྲད་པ་ན། དེའི་སྐད་ཅིག་གཉིས་པ་ལ་གྲང་རེག་སྐྱེ་བ་མེད་པར་རྒྱུན་ཆད་པར་འགྱུར་རོ། །དེས་ན་གྲང་རེག་ནུས་ཆུང་སྐད་ཅིག་མ་གཅིག་པོ་དེ་དང་ཚ་བའི་རེག་བྱ་སྟོབས་ཆེན་སྐད་ཅིག་མ་གཅིག་དུས་སྐད་ཅིག་མ་གཅིག་གི་ཡུན་ཚད་ལ་ཕྲད་ནས་ལྷན་ཅིག་གནས་ཀྱང་སྐད་ཅིག་གཉིས་སུ་མཐུག་ནས་ཚ་གྲང་འགྲོགས་པ་མེད་པས་རྒྱུན་ལྷན་ཅིག་མི་གནས་


JLD016_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །ཡུལ་ཐག་ཉེ་བར་བྱུང་བའི་མེའི་ཚོགས་པ་དེའང་གྲང་རེག་སྐད་ཅིག་ཐ་མ་དེ་རིགས་འདྲ་ཕྱི་མ་བསྐྱེད་པའི་ནུས་པས་སྟོང་བས་ཁྱད་པར་དུ་བྱས་པའི་གྲང་རེག་གི་དངོས་པོར་སྐྱེ་བའི་ལྷན་ཅིག་བྱེད་རྐྱེན་ཡིན་གྱི། གྲང་རེག་ཕྱི་མ་དེས་རིགས་འདྲ་ཕྱི་མ་བསྐྱེད་པའི་ནུས་པ་མེད་པ་ཚོགས་པ་དེས་བསྐྱེད་པར་སྨྲ་བ་ནི་མི་འཐད་དེ། དེས་རིགས་འདྲ་བསྐྱེད་པའི་ནུས་པ་མེད་པ་མེད་དགག་ཡིན་པས་དགོས་མེད་ཡིན་པའི་ཕྱིར་རོ། །ཚ་གྲང་གི་རེག་པ་དང་སྣང་མུན་སོགས་གང་ལའང་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་ལ་ནུས་ཆུང་དུ་བྱས་ཞེས་པ་ནི་འཐད་ལྡན་སོགས་ཚད་ལྡན་གྱི་གཞུང་གང་ནས་ཀྱང་ཟུར་ཙམ་ཡང་བཤད་པ་མེད་ཀྱི། བོད་སྔ་མ་ཁ་ཅིག་གིས་བྱས་པའི་ཐ་སྙད་བརྒྱུད་པ་རྣ་ཁུང་དུ་འདྲིས་པའི་བརྡའ་ཚད་ཙམ་མོ། །དེའང་གྲང་རེག་ཐ་མ་ནུས་ཆུང་གི་དགོས་རྒྱུར་གྱུར་པའི་གྲང་རེག་དང༌། དེ་དང་དུས་མཉམ་པ་ཡུལ་ཐག་ཉེ་བར་གནས་པའི་ཆ་རེག་གཉིས་གནོད་བྱ་གནོད་བྱེད་ཀྱི་ལྷན་ཅིག་མི་གནས་འགལ་མ་ཡིན་ཏེ། དེས་དེའི་རྒྱུན་གཅད་མ་ནུས་པར་གྲང་རེག་དེ་ལས་ད་དུང་རིགས་རྒྱུན་གཉིས་པ་སྐྱེས་པའི་ཕྱིར་རོ། །དེ་འདྲའི་ཚ་རེག་དང་གྲང་རེག་ནུས་ཆུང་དེའི་གནོད་བྱ་གནོད་བྱེད་མ་ཡིན་ཏེ། ཕན་བྱ་ཕན་བྱེད་ཀྱི་རྒྱུ་འབྲས་ཡིན་པའི་ཕྱིར་རོ། །དེས་ན་གྲང་རེག་དང་ཚ་རེག་སྟོབས་ཆེན་གནོད་བྱ་གནོད་བྱེད་དང༌། གནོད་ཚུལ་ཚ་རེག་ཡུལ་ཐག་ཉེ་བར་འོངས་པའི་སྟོབས་ཀྱིས་གྲང་རེག་སྐད་ཅིག་ཕྱི་མ་ནུས་ཆུང་དུ་བསྐྱེད་ནས། དེའི་སྐད་ཅིག་ཕྱི་མ་ལ་གྲང་རེག་


JLD016_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆད་པ་ཉིད་ཚ་རེག་སྟོབས་ཆེན་དང་གྲང་རེག་གནོད་བྱེད་དང་གནོད་བྱའི་སྒོ་ནས་རྒྱུན་ལྷན་ཅིག་མི་གནས་པར་འགལ་བའི་དོན་ནོ། །གྲང་རེག་ནུས་ཆུང་འགག་ཁ་མ་དང་ལྷན་ཅིག་ཕྲད་པའི་ཚེ་རེག་སྟོབས་ཆེན་ཀྱང་གྲང་རེག་ནུས་ཆུང་དེ་དང་ལྷན་ཅིག་མི་གནས་འགལ་ཡིན་ཏེ། ནུས་ཆུང་དེས་རིགས་འདྲ་ཕྱི་མ་བསྐྱེད་པ་ལ་གེགས་བྱེད་སྟོབས་ལྡན་དུ་གནས་པའི་སྒོ་ནས་དེའི་རྒྱུན་གཅོད་བྱེད་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་གཅིག་གི་ཡུན་ཚད་ལྷན་ཅིག་མི་གནས་པས་ལྷན་ཅིག་མི་གནས་འགལ་དུ་མི་འགྱུར་ན་ཚ་རེག་སྟོབས་ཆེན་དང་གྲང་རེག་ཙམ་ཀྱང་ལྷན་ཅིག་མི་གནས་འགལ་དུ་མི་འཐད་པར་ཐལ་ལོ། །འདི་དག་གི་སྐད་ཅིག་གཉིས་པ་གསུམ་པ་ལ་སོགས་པའི་སྐད་ཅིག་གི་ཚད་ནི་དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྐད་ཅིག་མ་མ་ཡིན་གྱི། དངོས་པོ་གང་གི་རང་གི་གྲུབ་དུས་ཀྱི་སྐད་ཅིག་ཚུར་མཐོང་མངོན་སུམ་གྱིས་ངེས་ནུས་པ་ཙམ་ཡར་བཅད་ཀྱི་སྐད་ཅིག་མའོ། །གཉིས་པ་དུས་ཀྱི་སྒོ་ནས་འགལ་བའི་གནོད་བྱ་ལྡོག་དུས་ལ་གཉིས། བེམ་པོའི་གནོད་བྱ་ལྡོག་དུས་དང༌། ནང་བློའི་སྤང་གཉེན་གྱི་གནོད་བྱ་ལྡོག་དུས་སོ། །དང་པོ་ནི། སྣང་མུན་ལ་མཚོན་ནས་བཤད་པར་བྱ་སྟེ། མུན་པས་ཁྱབ་པའི་ཁང་མིག་གི་སྒོའི་ཕྱོགས་ནས་མར་མེའི་སྣང་བ་འཇུག་པར་རྩོམ་པའི་སྔ་རོལ་གྱི་གཞི་དེའི་མུན་པའི་ཚོགས་ནི་རིགས་འདྲ་ཕྱི་མ་བསྐྱེད་པའི་གེགས་བྱེད་ཉེ་བར་མི་གནས་ཤིང་རྒྱུ་ཚོགས་ཚང་བའི་སྒོ་ནས་དེ་བསྐྱེད་པའི་ནུས་


JLD016_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དུ་གནས་པ་ཡིན་ལ། མར་མེའི་སྣང་བ་སྒོ་ནས་འཇུག་པ་ལ་ཕྱོགས་ཤིང་སྒོ་དྲུང་དུ་ཉེ་བར་འོངས་པ་ནི་དེ་དང་དུས་མཉམ་པའི་ནང་གི་མུན་པས་རང་གི་སྐད་ཅིག་ཕྱི་མའི་མུན་པ་དེ་ནུས་ལྡན་དུ་བསྐྱེད་པའི་གེགས་དང༌། རིགས་འདྲ་བསྐྱེད་མི་ནུས་པའི་ནུས་ཆུང་དུ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་ཞིང་དེ་འདྲ་བའི་མུན་པ་ནུས་ཆུང་སྐྱེས་པ་དེ་གཞི་དེར་ཁྱབ་པའི་མུན་པ་སྐད་ཅིག་ཐ་མ་སྟེ། དེ་འགག་པ་ལ་མངོན་དུ་ཕྱོགས་པ་དང༌། དེས་ད་ལྟ་ཁྱབ་པའི་གཞི་དེར་མར་མེའི་སྣང་བ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དུས་མཉམ་ལ། གཞི་དེར་མུན་པ་ཐ་མ་དེ་འགག་པ་དང༌། སྣང་བ་དང་པོར་སྐྱེས་པ་དུས་མཉམ་མོ། །དེ་བས་ན་འཐད་ལྡན་ལས། སྐད་ཅིག་དང་པོ་ལ་ནི་རེ་ཞིག་རྒྱུ་ཚོགས་པ་མ་ཚང་བ་མེད་པ་ཡིན་ནོ། །སྐད་ཅིག་གཉིས་པ་ལ་ནི་སྔར་གྱི་ཚོགས་པ་དང་ལྷན་ཅིག་བྱེད་པ་སྣང་བ་དེ་ལས་མུན་པ་གཞན་བསྐྱེད་པར་ནུས་པ་དང་བྲལ་བའི་ཚོགས་པ་སྐྱེད་པར་བྱེད་དེ། དེས་ན་སྐད་ཅིག་མ་གསུམ་པ་ལ་མུན་པ་ལྡོག་པ་ཡིན་ནོ། །དེའི་ཕྱིར་སྐད་ཅིག་གསུམ་པ་ལ་མུན་པ་མ་སྐྱེས་པ་དང་ཡུལ་དེར་སྣང་བ་སྐྱེས་པ་ཡིན་ནོ། །དེ་ལྟར་རིམ་གྱིས་སྣང་བའི་ཆ་ཐག་རིང་པོར་གནས་པ་དག་གིས་ཚོགས་པ་དེ་ལ་གནོད་པར་བྱས་པས་སྐད་ཅིག་གསུམ་པ་ལ་མུན་པ་ལོག་པ་ན་ཡུལ་དེར་གནོན་པར་འགྱུར་བ་ཡིན་ནོ། ཞེས་གསུངས་ཏེ། ཡུལ་དེར་གནོན་པ་ནི་སྔར་མུན་པས་གོས་མནན་པའི་ཡུལ་དེར་སྣང་བས་གནོན་པའི་དོན་ཏོ། །འོན་ཀྱང་ཆོས་མཆོག་གིས་མུན་ཁང་དུ་སྒྲོན་མེ་


JLD016_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

སྒོན་རིམ་གྱིས་འཇུག་པ་ལ་གནོད་བྱ་ལྡོག་ཚུལ་དང་རྒྱུ་འབྲས་དེ་ལྟར་གསུངས་པ་ནི་ཕྱོགས་གཅིག་ལ་མཚོན་པ་ཙམ་ཡིན་གྱི། མར་མེའི་སྣང་བས་མུན་པ་སེལ་ཚུལ་ཐམས་ཅད་དེ་དང་ཇི་ལྟ་བ་བཞིན་དུ་འདྲ་བ་མ་ཡིན་ཏེ། མུན་ཁང་གི་ནང་གི་དབུས་སུ་མར་མེ་སྤོར་བའི་རྒྱུ་ཚོགས་པར་བྱས་ཏེ་བུད་པ་ན་མར་མེ་ཐོག་མར་འབར་བ་སྐད་ཅིག་དང་པོ་དེ་སྐྱེས་པ་དང་མུན་པ་འགག་པ་དུས་མཉམ་པ་ནི་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་མུན་པ་སྐད་ཅིག་ཐ་མ་ནུས་ཆུང་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་དུ་བཤད་པའི་མར་མེའི་སྣང་བ་སྒོ་དྲུང་ན་ཉེ་བར་འོངས་པ་དེ་དང་ཁང་ནང་གི་མུན་པ་ཐ་མ་ནི་རྒྱུ་འབྲས་ཡིན་གྱི་ལྷན་ཅིག་མི་གནས་པའི་འགལ་བ་མ་ཡིན་ལ། སྣང་བ་དང་མུན་པ་ལྷན་ཅིག་མི་གནས་འགལ་དང༌། མུན་པ་ཐ་མ་འགགས་པ་དང་དུས་མཉམ་དུ་གཞི་དེར་སྐྱེས་པའི་སྣང་བ་ཉིད་མུན་པ་དང་ལྷན་ཅིག་མི་གནས་འགལ་ཡིན་ཞིང༌། ཇི་ལྟར་འགལ་བའི་ཚུལ་གཞི་དེར་སྣང་བ་སྐྱེས་པ་དང་མུན་པ་འགག་པ་དུས་མཉམ་པའི་ཚུལ་གྱིས་ཡིན་ཏེ། འཐད་ལྡན་ལས། སྔ་མ་དང་ཕྱི་མའི་སྐད་ཅིག་མ་རྒྱུ་དང་འབྲས་བུའི་དངོས་པོར་གྱུར་པ་གང་ཡིན་པ་དེ་དག་ཉིད་ནི་འགལ་བ་མ་ཡིན་གྱི། འོན་ཀྱང་རྒྱུ་དང་འབྲས་བུའི་སྔོན་དུ་འགྲོ་བ་ཅན་སྐད་ཅིག་ཕྱི་མའི་སྐད་ཅིག་གཞན་དང་མཚམས་སྦྱོར་མི་ནུས་པ་ཞེས་བྱ་བ་སྣང་བས་བྱས་པ་གང་ཡིན་པ་དེ་ཉིད་འགལ་བ་ཡིན་ཏེ། དེ་ཉིད་ཀྱིས་མུན་པ་དེ་རྒྱུན་འཆད་པ་ཡིན་ནོ། ཞེས་གསུངས་


JLD016_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཡང་དེ་ལྟར་ཤེས་པར་བྱའོ། །ཁ་ཅིག་སློབ་དཔོན་ཆོས་མཆོག་ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་ལྡོག་པའི་དུས་ལ་ངེས་པ་མེད་པར་བཞེད་དོ་ཞེས་སྨྲ་ཞིང༌། ཁ་ཅིག་ཆོས་མཆོག་གིས་དེ་ལྟར་བཤད་པ་མི་སྣང་ངོ་ཞེས་སྨྲ་མོད་ཀྱང༌། ངེས་པ་མེད་པར་བཤད་དོ་ཞེས་ཟེར་བ་དག་གི་བསམ་ཚོད་ནི། འཐད་ལྡན་ལས། དེས་ན་གང་ཟག་གང་གི་ལྡོག་པར་བྱེད་པ་ཡིན་པ་དེ་ནི་དེ་ལྟར་མྱུར་ན་སྐད་ཅིག་གསུམ་པ་ལ་དེ་ཟློག་པར་བྱེད་དོ། ཞེས་བཤད་པའི་དེ་ལྟར་མྱུར་ན་ཞེས་པའི་ཚིག་གིས་སྐད་ཅིག་གསུམ་པ་ལ་གནོད་བྱ་ལྡོག་པ་མྱུར་དུས་ཀྱི་དབང་དུ་བྱས་པར་བསྟན་པས། བུལ་ན་སྐད་ཅིག་གསུམ་པ་ལའང་མི་ལྡོག་པ་ཡོད་པར་བསྟན་པའི་ཕྱིར་ངེས་པ་མེད་པར་བསྟན་པ་ཡིན་ནོ་སྙམ་དུ་བསམས་པའོ། །དེའི་ཕྱིར་ཆོས་མཆོག་གི་དགོངས་པས་གནོད་བྱ་སྐད་ཅིག་གསུམ་པ་ལ་ལྡོག་པའི་དུས་ངེས་པ་ཅན་རྣམ་པ་ཐམས་ཅད་དུ་ཡིན་པར་འདོད་པ་དག་གིས་ནི་མྱུར་ན་ཞེས་པའི་ཚིག་གི་དོན་ཇི་ལྟར་ཡིན་པ་བསམ་པར་བྱ་དགོས་སོ། །བརྗོད་པར་བྱ་བ་མང་ཡང་ཧ་ཅང་ཡི་གེ་མང་བས་འཇིགས་ཏེ་མ་བྲིས་སོ། །གཉིས་པ་ནང་བློའི་སྤང་གཉེན་གྱི་གནོད་བྱ་ལྡོག་པའི་དུས་ལ་གཉིས་ལས། འདས་ལམ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱའི་ས་བོན་ལྡོག་པའི་དུས་ནི། སྦྱོར་ལམ་ཆོས་མཆོག་ཐ་མའི་དུས་ན་སྡུག་བསྔལ་ལ་ཆོས་བཟོད་ཀྱི་ངོ་སྐལ་གྱི་སྤང་བྱའི་ས་བོན་ཡོད་ཀྱང༌། མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་ས་བོན་དེ་


JLD016_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ་ལ། སྡུག་བསྔལ་ལ་ཆོས་བཟོད་སྐྱེས་པ་དང་ས་བོན་དེ་འགགས་པ་དུས་མཉམ་མོ། །དེས་ན་སྡུག་བསྔལ་ལ་ཆོས་བཟོད་ཀྱི་དུས་ན་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་ཅུང་ཟད་ཀྱང་མེད་ཅིང༌། དེའང་དེའི་ཚེ་རྒྱུ་རྐྱེན་མ་ཚང་བའི་དབང་གིས་མ་སྐྱེས་པའི་བརྟགས་མིན་གྱི་འགོག་པ་ཐོབ་པ་ཡིན་གྱི། སོ་སོར་བརྟགས་འགོག་ཐོབ་པ་མ་ཡིན་ཏེ། འགོག་བདེན་ཐོབ་པ་ལམ་བདེན་སྔོན་དུ་འགྲོ་བ་ལ་བལྟོས་པའི་ཕྱིར་རོ། །དེའང་གཉེན་པོ་བར་ཆད་མེད་ལམ་གྱི་དུས་ན་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་མེད་པ་ཡིན་ཀྱང་སྤངས་པ་མ་ཡིན་གྱི་སྤོང་བའི་བྱ་བ་བྱེད་བཞིན་པ་ཡིན་ལ། སྤངས་པའི་དོན་ནི་རེ་ཞིག་མ་སྐྱེས་པ་ཙམ་མ་ཡིན་པར། རྒྱུད་དེ་ལ་སླར་གཏན་ནས་འབྱུང་མི་རུང་དུ་བྱས་པ་སྟེ། སྡུག་བསྔལ་ལ་ཆོས་བཟོད་ལྟ་བུའི་བར་ཆད་མེད་ལམ་དེས་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དེ་སྤངས་པ་དང་རྣམ་གྲོལ་ལམ་ཐོབ་པ་དུས་མཉམ་མོ། །དེ་བཞིན་དུ་རྒྱུན་མཐའི་ཡེ་ཤེས་ལ་མཉམ་པར་བཞག་བཞིན་པའི་རྒྱུད་ལ་སྒྲིབ་པའི་ས་བོན་ཕྲ་མོ་ཙམ་ཡང་མེད་ཀྱང་སྤངས་པ་མ་ཡིན་གྱི། སྤོང་བཞིན་པ་ཡིན་ལ། སྒྲིབ་པའི་ས་བོན་ཕྲ་མོ་དེ་སྤངས་པ་དང་རྣམ་མཁྱེན་སྐད་ཅིག་དང་པོ་སྐྱེས་པ་དུས་མཉམ་པ་ཡིན་ནོ། །འོ་ན་རྒྱུན་མཐའ་པ་དེ་ཆོས་ཅན། སངས་རྒྱས་ཡིན་པར་ཐལ། སྒྲིབ་པའི་ས་བོན་རྒྱུད་ལ་གཏན་མེད་པའི་སྐྱེས་བུ་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། རྒྱུན་མཐའ་པ་དེ་ཆོས་ཅན། རང་རྒྱུད་ལ་སྒྲིབ་པའི་ས་


JLD016_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

བོན་མེད་ཀྱང་སངས་རྒྱས་ཡིན་མི་དགོས་པར་ཐལ། དེ་མེད་ཀྱང་སྒྲིབ་པའི་ས་བོན་ཐ་མ་སྤོང་བའི་བྱ་བ་དང་བཅས་པ་ཡིན་པའི་ཕྱིར། ཉན་ཐོས་སློབ་པ་འགོག་པ་ལ་སྙོམས་པར་ཞུགས་བཞིན་པ་ཆོས་ཅན། དགྲ་བཅོམ་ཡིན་པར་ཐལ། ཉོན་མོངས་པ་རྒྱུད་ལ་གཏན་མེད་པའི་སྐྱེས་བུ་ཡིན་པའི་ཕྱིར། ཁྱབ་གསལ་ཁས་བླགས་སོ། །དེར་ཐལ། རྣམ་ཤེས་ཚོགས་དྲུག་འཁོར་དང་བཅས་པ་གཏན་མེད་པའི་སྐྱེས་བུ་ཡིན་པའི་ཕྱིར། ཉོན་མོངས་མེད་ཀྱང་དེའི་ཚེ་ཉོན་མོངས་ཀྱི་ས་བོན་རྒྱུད་ལ་ཡོད་པས་དགྲ་བཅོམ་དུ་མི་འགྱུར་རོ་ཞེ་ན། རྒྱུན་མཐའ་པ་ལའང་དེའི་ཚེ་སྒྲིབ་པའི་ས་བོན་མེད་ཀྱང་སྒྲིབ་པའི་ས་བོན་སྤངས་པའི་འགོག་པ་མ་ཐོབ་པས་སངས་རྒྱས་སུ་མི་འགྱུར་རོ། །སྒྲིབ་པའི་ས་བོན་དེའི་རྒྱུད་ལ་མེད་ན་སྐྱེས་བུ་དེས་སྒྲིབ་པའི་ས་བོན་སྤངས་པའི་འགོག་བདེན་མ་ཐོབ་པར་འགལ་ལོ་ཞེ་ན། སྦྱོར་ལམ་བཟོད་པ་ལ་གནས་པའི་ཚུར་མཐོང་གིས་ངན་སོང་གི་འགྲོ་བ་ལ་བལྟོས་པའི་སོ་སོར་བརྟགས་འགོག་ཐོབ་པར་ཐལ། གང་ཟག་དེའི་རྒྱུད་ལ་སྤང་བྱ་དེ་རྒྱུན་ཆད་ན་གང་ཟག་དེས་སྤང་བྱ་དེ་སྤངས་པའི་འགོག་བདེན་འཐོབ་དགོས་པའི་ཕྱིར། མ་གྲུབ་ན་སྨྲས་མ་ཐག་པ་ཉམས་ས། །དེས་ན་རྒྱུན་མཐའི་ཡེ་ཤེས་ལ་མཉམ་པར་བཞག་བཞིན་པའི་རྒྱུད་ལ་དེའི་ངོ་སྐལ་གྱི་སྒྲིབ་པའི་ས་བོན་ཡོད་ན། འདས་ལམ་བར་ཆད་མེད་ལམ་སྐྱེ་བ་དང་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་འགག་པ་གཉིས་དུས་མཉམ་པ་སྣང་མུན་དང་འདྲ་བར་གསུངས་པའི་མདོ་བསྟན་པ་བཅོས་གོང་དུ་སྨོས་པ་དེ་ལྟ་


JLD016_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་སོགས་པ་དུ་མ་ཞིག་དང་འགལ་བ། གཉེན་པོས་སྤང་བྱ་ལ་གནོད་པ་བྱེད་པའི་ཚུལ་ལ་ལོག་པར་ཞུགས་པའི་འཁྲུལ་པ་ཆེན་པོར་ཤེས་པར་བྱའོ། །གནས་འདི་ལ་བརྗོད་པར་བྱ་བ་ཤིན་ཏུ་མང་ཡང་འདིར་མངས་པར་འགྱུར་བས་མ་བྲིས་སོ། །སྦྱོར་ལམ་ཆོས་མཆོག་ལ་གནས་པ་བདག་མེད་ལ་མཉམ་པར་བཞག་བཞིན་པའི་རྒྱུད་ཀྱི་མཐོང་སྤང་གི་ས་བོན་དུས་དེའི་ཚེའང༌། བདག་མེད་རྟོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེའི་སྟེང་ན་ཡོད་པར་ཁས་བླངས་པ་ལ་འགལ་བ་མེད་པས། ཆོས་མཆོག་སྐད་ཅིག་ཐ་མའི་དངོས་རྒྱུ་དེས་ཆོས་མཆོག་སྐད་ཅིག་ཐ་མ་དང་དུས་མཉམ་གྱི་མཐོང་སྤང་ས་བོན་དེ་རིགས་འདྲ་ཕྱི་མ་བསྐྱེད་པར་མི་ནུས་པའི་ནུས་ཆུང་དུ་བསྐྱེད་པར་ཁས་བླངས་པ་ལའང་འགལ་བ་མེད་དོ། །དེ་ལྟ་ནའང་ཟག་པ་མེད་པའི་ཡེ་ཤེས་མཉམ་གཞག་ཐུན་གཅིག་ལ་ཟག་མེད་ཡེ་ཤེས་སྐད་ཅིག་དུ་མ་རྒྱུན་ལྡན་དུ་སྐྱེས་པའི་སྐད་ཅིག་ཐ་མ་རྒྱུན་མཐའི་ཡེ་ཤེས་སུ་སོང་བ་ན། རྒྱུན་མཐའི་ཡེ་ཤེས་ཀྱི་དངོས་ཀྱི་ཉེར་ལེན་དུ་སོང་བའི་ཟག་མེད་ཡེ་ཤེས་དེའི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་ཟག་མེད་ཡེ་ཤེས་ཀྱིས། རྒྱུན་མཐའི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་ཟག་མེད་ཡེ་ཤེས་དང་དུས་མཉམ་པའི་སྒྲིབ་པའི་ས་བོན་ནུས་ཆུང་དུ་སྐྱེད་པའི་རྒྱུ་ཇི་ལྟར་བྱེད་ཅེས་སོགས་དང༌། འདས་ལམ་འོག་མ་ལ་མཉམ་པར་བཞག་བཞིན་པའི་རྒྱུད་ལ་འདས་ལམ་གོང་མའི་ངོ་སྐལ་གྱི་སྤང་བྱའི་ས་བོན་ཡོད་མེད་དང༌། ཡོད་ན་བག་ཆགས་སྒོ་


JLD016_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གང་གི་སྟེང་ན་ཡོད་པ་སོགས་ལ་མདོ་སེམས་དབུ་མ་པ་རྣམས་ཀྱི་ལུགས་མི་འདྲ་བའི་ཁྱད་པར་ཇི་ལྟར་ཡོད་དང༌། དེའི་སྒོ་ནས་ཀྱང་གནོད་བྱ་ལྡོག་ཚུལ་ལ་ལུགས་སོ་སོ་ལ་ཁྱད་པར་ཡོད་མེད་སོགས་ཞིབ་ཏུ་ཤེས་དགོས་པ་ཤིན་ཏུ་མང་ཡང་ལོགས་སུ་ཤེས་པར་བྱའོ། །སྒོམ་སྤང་གི་སྤང་གཉེན་ལྟ་བུའི་ལྷན་ཅིག་མི་གནས་འགལ་ཁ་ཅིག་བསྐལ་བའི་བར་དུའང་འགྲོགས་པ་ཡོད་དོ། ཞེས་ཟེར་བའི་སློབ་དཔོན་ཆ་པའི་ལུགས་དེ་ལ་ནི། ཡུན་རིང་འགྲོགས་པའི་ལྷན་ཅིག་ཏུ། །མི་གནས་པ་དེ་ངོ་མཚར་ཆེ། ཞེས་བརྗོད་པར་རིགས་པ་ཡིན་གྱི། སློབ་དཔོན་ཆོས་མཆོག་གིས་ནི་ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་གནོད་བྱེད་གཉིས་ཡུན་ཤིན་ཏུ་རིང་པོ་ལྷན་ཅིག་འགྲོགས་པའི་ཚིག་ཟུར་ཙམ་ཡང་གང་དུའང་ཁས་བླངས་པ་མེད་དོ། །གཉིས་པ་ངེས་ཤེས་ཀྱིས་སྒྲོ་འདོགས་ལ་གནོད་པའི་གནོད་བྱ་ལྡོག་དུས་ནི། འདིའང་སྣང་མུན་དང་མཚུངས་པ་ཡིན་ལ། དེའང་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང༌། གང་ཟག་དེའི་རྒྱུད་ལ་རེ་ཞིག་སྒྲ་རྟག་འཛིན་ཀུན་བཏགས་མངོན་གྱུར་སྐྱེར་མི་རུང་དུ་འགྱུར་བ་ལ་མངོན་དུ་ཕྱོགས་པ་དུས་མཉམ་ཞིང༌། རྗེས་དཔག་དེ་སྐྱེས་པ་དང༌། དེའི་འདུ་བྱེད་ཀྱི་ནུས་པ་མ་ཉམས་པར་དུ་རྒྱུད་དེ་ལ་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཀུན་བཏགས་མངོན་གྱུར་སྐྱེར་མི་རུང་དུ་བྱས་པ་དུས་མཉམ་མོ། །རྗེས་དཔག་དེའི་དངོས་རྒྱུ་དང་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ནུས་ཆུང་དུས་མཉམ་པ་མི་སྲིད་དེ། དེ་སྒྲུབ་ཀྱི་


JLD016_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གསུམ་དྲན་པའི་ཤེས་པ་ཉིད་རྗེས་དཔག་དེའི་དངོས་རྒྱུ་ཡིན་ཞིང༌། རྒྱུད་གཅིག་ལ་རྟོག་པ་རྫས་ཐ་དད་པ་གཉིས་དུས་ཅིག་ཅར་མི་སྲིད་པའི་ཕྱིར་རོ། །ལྷན་ཅིག་མི་གནས་འགལ་འདི་དག་ཐམས་ཅད་ཀྱང་དངོས་པོ་ལས་གྱུར་པའི་འགལ་བར་ཆོས་མཆོག་གིས་བཤད་ལ། དེའང་ཁ་ཅིག་ཡུལ་རུང་བར་རིམ་གྱིས་འོངས་པའི་མར་མེའི་སྐད་ཅིག་དང་པོ་དང་མུན་པ་ལྟ་བུ་བརྒྱུད་པའི་འགལ་བ་དང༌། དངོས་སུ་གནོད་བྱེད་ཀྱི་མར་མེ་དང་མུན་པ་ལྟ་བུ་དངོས་སུ་འགལ་པའོ། ཞེས་འཆད་ལ། ཁ་ཅིག་ཚ་རེག་སྐད་ཅིག་དང་པོ་དང་གྲང་རེག་སྐད་ཅིག་གསུམ་པ་བརྒྱུད་པའི་ལྷན་ཅིག་མི་གནས་འགལ་དང༌། ཡང་ཁ་ཅིག་གྲང་རེག་ནུས་ཆུང་གི་དངོས་རྒྱུར་གྱུར་པའི་གྲང་རེག་གི་སྔ་ལོགས་ཀྱི་ཚ་རེག་དང་གྲང་རེག་ནུས་ཆུང་བརྒྱུད་པའི་འགལ་བར་སྨྲ་བའི་ཕྱི་མ་གཉིས་མི་འཐད་པར་གོང་དུ་བཤད་པས་ཤེས་ལ། སྔ་མ་ལྟར་ནའང༌། སྡུག་བསྔལ་ལ་ཆོས་བཟོད་ཀྱི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་མཐོང་སྤང་གི་ས་བོན་གྱི་དངོས་ཀྱི་གནོད་བྱེད་ཀྱི་བརྒྱུད་རྒྱུ་ཡིན་པས་ས་བོན་དེ་དང་བརྒྱུད་པའི་ལྷན་ཅིག་མི་གནས་འགལ་དུ་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟ་ན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཐེག་ཆེན་མཐོང་ལམ་གྱི་ངོ་སྐལ་གྱི་སྤང་བྱ་མཐོང་སྤང་ས་བོན་དང་བརྒྱུད་པའི་ལྷན་ཅིག་མི་གནས་འགལ་དུ་ཐལ་ལོ། །འདོད་ན། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གསོག་པའི་དབང་དུ་བྱས་ན་ཚོགས་སྦྱོར་གཉིས་ལ་གྲངས་


JLD016_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཅིག་བཞག་དགོས་ཤིང༌། དེའི་ཚེ་ཐེག་ཆེན་དྲོད་ཐོག་མར་ཐོབ་ནས་རྩེ་མོར་འཕོ་བའི་བར་ལའང་བསྐལ་པ་དུ་མ་ཡོད་དགོས་ལ། དེའི་རིང་ལ་གང་ཟག་དེའི་རྒྱུད་ལ་མཐོང་སྤང་ས་བོན་རྒྱུན་མ་ཆད་པར་མཉམ་རྗེས་ཐམས་ཅད་དུ་གནས་པས། བསྐལ་པར་འགྲོགས་པའི་ལྷན་ཅིག་མི་གནས་འགལ་ངོ་མཚར་ཆའོ། །དེ་བས་ན་ལྷན་ཅིག་མི་གནས་འགལ་ཡིན་ན་དངོས་ཀྱི་གནོད་བྱ་གནོད་བྱེད་ཡིན་པས་ཁྱབ་པར་ཁས་བླང་དགོས་པར་རྟོགས་སོ། །དེ་ལྟ་ནའང་དངོས་ཀྱི་ལྷན་ཅིག་མི་གནས་འགལ་དང་བརྒྱུད་པའི་ལྷན་ཅིག་མི་གནས་འགལ་གྱི་དབྱེ་བ་རུང་བ་ནི་མ་ཡིན་ཏེ། འདི་ལྟར་མེ་སྟོབས་ཆེན་དང་གྲང་རེག་དངོས་ཀྱི་ལྷན་ཅིག་མི་གནས་འགལ་ཡིན་ཏེ། དེ་གཉིས་ཕན་ཚུན་དངོས་ཀྱི་འགལ་ཟླ་གཙོ་བོར་གྱུར་པའི་དངོས་ཀྱི་གནོད་བྱ་གནོད་བྱེད་ཡིན་པའི་ཕྱིར་རོ། །དུ་བ་སྟོབས་ཆེན་དང་གྲང་རེག་བརྒྱུད་པའི་ལྷན་ཅིག་མི་གནས་འགལ་ཡིན་ཏེ། དུ་བ་སྟོབས་ཆེན་དྲག་ཕྱུར་བ་རང་ཉིད་གྲང་རེག་གི་དངོས་ཀྱི་འགལ་ཟླ་གཙོ་བོ་མ་ཡིན་ཀྱང་གྲང་རེག་གི་དངོས་ཀྱི་འགལ་ཟླ་གཙོ་བོར་གྱུར་པའི་མེ་སྟོབས་ཆེན་གཞི་དེར་དངོས་སུ་བསྒྲུབ་ནུས་སུ་སོང་བའི་སྟོབས་ཀྱིས་གཞི་དེར་གྲང་རེག་དངོས་སུ་འགོག་བྱེད་ཡིན་པའི་ཕྱིར་རོ། །དེས་ན་གཞི་དེར་གྲང་རེག་དངོས་སུ་འགོག་བྱེད་ཡིན་པ་ལ་གྲང་རེག་དང་དངོས་ཀྱི་ལྷན་ཅིག་མི་གནས་འགལ་ཡིན་པས་མ་ཁྱབ་སྟེ། གལ་ཏེ་ཁྱབ་ན་བྱས་པ་ཆོས་ཅན། རྟག་པ་དང་དངོས་སུ་ཕན་ཚུན་སྤངས་པའི་འགལ་བར་ཐལ། སྒྲ་ལ་རྟག་པ་དངོས་སུ་


JLD016_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་བྱེད་ཡིན་པའི་ཕྱིར་རོ། །མ་གྲུབ་ན། མི་རྟག་པ་དངོས་སུ་བསྒྲུབ་མི་ནུས་པར་ཐལ་ལོ། །དུ་བ་དང་གྲང་རེག་ནི་བཤད་མ་ཐག་པའི་འགལ་ཚུལ་དེ་ལྟར་ཡིན་པར་ཚད་མ་གཞན་གྱིས་གནོད་པའི་ལྷན་ཅིག་མི་གནས་འགལ་དུ་བྱ་དགོས་སོ། །དེས་ན་ཚད་མ་གཞན་གྱིས་གནོད་འགལ་ཡིན་ན་ཕན་ཚུན་སྤངས་འགལ་ཡིན་པས་ཁྱབ་པར་འདོད་པ་མི་འཐད་དོ། །གཉིས་པ་ཕན་ཚུན་སྤངས་འགལ་བཤད་པ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་མི་མཐུན་པར་གནས་པ་ཕན་ཚུན་སྤངས་འགལ་གྱི་མཚན་ཉིད་དུ་མི་འཐད་དེ། སྔོན་པོ་ཡིན་པ་རྣམ་པར་བཅད་ན་སེར་པོ་ཡིན་པར་ཡོངས་སུ་གཅོད་དགོས་པར་ཐལ། དེ་གཉིས་ཕན་ཚུན་སྤངས་འགལ་ཡིན་པའི་ཕྱིར། འདོད་ན། དཀར་པོ་སོགས་གཞི་མ་གྲུབ་པར་འགྱུར་རོ། །ཕན་ཚུན་སྤངས་ཏེ་མི་མཐུན་པར་གནས་པ་མཚན་ཉིད་དུ་འདོད་མི་འཐད་དེ། ལྷན་ཅིག་མི་གནས་འགལ་ཡིན་ན་ཕན་ཚུན་སྤངས་འགལ་ཡིན་པས་ཁྱབ་པར་ཐལ་བའི་ཕྱིར་རོ། །དེའང་འདོད་དོ་སྙམ་ན། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡིན་ན་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡིན་པས་ཁྱབ་པར་ཐལ་ལོ། །གཞནཡང་ཕན་ཚུན་སྤངས་པའི་འགལ་བ་ཞེས་པའི་ཚིག་ཟུར་གྱི་འགལ་བ་ཞེས་པ་དེའི་དོན་ལྡོག་སྟོན་པ་མི་མཐུན་པར་གནས་པ་


JLD016_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དེ་ཡིན་ཀྱང་དེ་ནི་འགལ་བ་ཙམ་གྱི་ཐུན་མོང་གི་ཆོས་ཡིན་ལ། སྐབས་འདིའི་ཐུན་མོང་མ་ཡིན་པ་ཕན་ཚུན་སྤངས་ཞེས་པའི་དོན་གྱི་ལྡོག་པ་གང་ཡང་མཚན་ཉིད་ཀྱིས་བསྟན་རྒྱུ་མ་བྱུང་བས། ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད་དུ། ལྷན་ཅིག་མི་གནས་པའི་སྒོ་ནས་མི་མཐུན་པར་གནས་པ་ཞེས་བཞག་པ་དང་འདྲ་བར་མཚན་ཉིད་སྐྱོན་ཅན་ཁོ་ན་ཡིན་ནོ། །ཡང་སློབ་དཔོན་ཆོས་མཆོག་གིས། འགལ་བ་གཉིས་པའང་ཕན་ཚུན་སྤངས་པ་ནི་ལྡོག་པའོ། །ལྡོག་པ་དེས་གནས་པའི་མཚན་ཉིད་དེ་ངོ་བོ་ཉིད་གང་ཡིན་པ་དེ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཁ་ན་ལས་འགལ་བ་ཡིན་ནོ། །འདི་ནི་མཚན་ཉིད་པའི་འགལ་བ་མཚན་ཉིད་ཀྱི་རང་བཞིན་ལ་རྣམ་པར་གནས་པ་ཡིན་ནོ། ཞེས་པའི་དོན་དུ་བསམས་ནས། འདི་ནི་མཚན་ཉིད་ཕན་ཚུན་སྤངས་པའི་སྒོ་ནས་འགལ་བ་ཡིན་ལ། དེའི་དོན་ཡང་གཅིག་གི་མཚན་ཉིད་ཞུགས་པ་དེར་ཅིག་ཤོས་ཀྱི་མཚན་ཉིད་མ་ཞུགས་པའི་སྒོ་ནས་འགལ་བའོ་ཞེས་འཆད་པ་མི་འཐད་དེ། དོན་བྱེད་ནུས་པ་དང་དོན་བྱེད་ནུས་སྟོང་ཡང་ཕན་ཚུན་སྤངས་འགལ་མ་ཡིན་པར་ཐལ། གཅིག་གི་མཚན་ཉིད་ཞུགས་པར་ཅིག་ཤོས་ཀྱི་མཚན་ཉིད་མ་ཞུགས་པའི་སྒོ་ནས་འགལ་བ་མ་ཡིན་པའི་ཕྱིར་ཏེ། དེ་དག་གི་མཚན་ཉིད་གཞི་མ་གྲུབ་པའི་ཕྱིར་རོ། །འགྲེལ་པས་ནི་མཚན་ཉིད་དོན་ལྡོག་ལ་བཞེད་པ་མ་ཡིན་གྱི། མཚན་ཉིད་དེ་ངོ་བོ་ཉིད་གང་ཡིན་པ་ཞེས་དངོས་སུ་སྨོས་པ་ལས་གསལ་ལོ། །དེས་ན་གཅིག་གི་དོན་ཞུགས་པར་ཅིག་ཤོས་


JLD016_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་ཞུགས་པ་སྤངས་པས་ཁྱབ་པའི་དོན་ཏེ། དེ་ལ་གཅིག་གི་དོན་ཞུགས་པར་ཅིག་ཤོས་ཀྱི་དོན་མ་ཞུགས་པ་ཙམ་གྱི་སྒོ་ནས་མི་མཐུན་པར་གནས་པ་མཚན་ཉིད་དུ་བཞག་པ་ན། དེ་ནི་ཐ་དད་གཞི་མཐུན་མི་སྲིད་པ་ཙམ་གྱི་སྒོ་ནས་མི་མཐུན་པར་གནས་པ་མཚན་ཉིད་དུ་བཞག་པར་སོང་ལ། དེ་ལྟ་ན་ཚ་གྲང་ཆོས་ཅན། འགལ་བ་གཉིས་གང་ཡང་མ་ཡིན་པར་ཐལ། ཐ་དད་གཞི་མཐུན་མི་སྲིད་པ་ཙམ་གྱི་སྒོ་ནས་ལྷན་ཅིག་མི་གནས་འགལ་ཡང་མ་ཡིན། ཐ་དད་གཞི་མཐུན་མི་སྲིད་པ་ཙམ་གྱི་སྒོ་ནས་ཕན་ཚུན་སྤངས་པའི་འགལ་བའང་མ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་འཕེན་པ་ནི། ཚིག་ལ་འཁྲིས་པའི་སྐྱོན་ལྟར་སྣང་ཙམ་ཡིན་པས། མཁས་པ་གཞུང་ལུགས་རིགས་པས་འབྱེད་པའི་མདུན་སར་དབྱུང་བར་བྱ་བའི་གཏམ་ག་ལ་ཡིན། དེ་ལྟ་ནའང་ཁོ་བོ་ཅག་ནི་ཙམ་སྒྲ་སྔོན་དུ་མི་བརྗོད་པས། དེ་འདྲའི་སྐྱོན་གྱི་གཞི་མེད་དོ། །འོ་ན་ཇི་ལྟར་བརྗོད་ཅེ་ན། གཅིག་གི་དོན་ལྡན་ཡིན་ན་ཅིག་ཤོས་ཀྱི་དོན་སྤངས་པའི་ཚུལ་གྱིས་འགལ་བ་ཙམ་དུ་གནས་པ་ཞེས་བྱའོ། །ཙམ་ནི་རྒྱུན་གཅད་བྱ་གཅོད་བྱེད་ཀྱི་ཚུལ་གྱིས་འགལ་བ་ཡིན་པ་གཅོད་པའོ། །གཉིས་པར་དབྱེ་བ་ལ་གཉིས། ཕན་ཚུན་སྤངས་པའི་དངོས་འགལ་དང༌། ཕན་ཚུན་སྤངས་པའི་བརྒྱུད་འགལ་ལོ། །དང་པོའི་མཚན་ཉིད། ཕན་ཚུན་རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་མི་མཐུན་པར་གནས་པ། དཔེར་ན་རྟག་མི་རྟ་ལྟ་བུ་སྟེ། དེའི་དོན་ཡང་ཆོས་གང་རྟག་པ་ཡིན་


JLD016_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

པ་བློ་ངོར་ཡོངས་སུ་བཅད་ན་ཆོས་དེ་མི་རྟག་པ་ཡིན་པ་བློ་ངོ་དེར་རྣམ་པར་གཅོད་ཅིང༌། ཆོས་གང་མི་རྟག་པ་ཡིན་པར་བློ་ངོར་ཡོངས་སུ་བཅད་ན་དེའི་སྟོབས་ཀྱིས་དེས་དེ་བློ་ངོ་དེར་རྟག་པ་ཡིན་པ་རྣམ་པར་གཅོད་པའི་ཚུལ་གྱིས་ཕན་ཚུན་གཅིག་ཅིག་ཤོས་ཀྱི་བཅད་ལྡོག་ཏུ་གནས་པའོ། །ཁ་ཅིག་རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་འགལ་བ་ཕན་ཚུན་སྤངས་པའི་དངོས་འགལ་གྱི་དོན་ཡིན་གྱི། ཡོངས་གཅོད་རྣམ་བཅད་ཀྱི་སྒོ་ནས་འགལ་བ་ལ་ཕན་ཚུན་སྤངས་པའི་དངོས་འགལ་གྱིས་མ་ཁྱབ་སྟེ། མྱུ་གུའི་ཁ་དོག་སྔོན་པོར་ངེས་པ་ན་སྔོན་པོ་མིན་པའི་སེར་པོ་ཡིན་པ་ཁེགས་ཀྱང་སྔོན་པོ་དང་སྔོན་པོ་མ་ཡིན་པའི་སེར་པོ་ཕན་ཚུན་སྤངས་པའི་དངོས་འགལ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་ཡོངས་གཅོད་ཀྱི་དོན་འགལ་ཟླ་ཕན་ཚུན་གཉི་ག་ལ་མ་སྦྱར་བར་ཡ་གྱལ་གཅིག་ལ་སྦྱར་ནས་ཕན་ཚུན་གྱི་དོན་པོར་བས་ནོངས་ལ། དེ་ལྟར་ན་ཁྱོད་རང་རྣམ་བཅད་ཡོངས་གཅོད་ཀྱིས་མི་མཐུན་པར་གནས་པ་ཕན་ཚུན་སྤངས་པའི་དངོས་འགལ་དུ་ཁས་ལེན་པ་ལའང་འདི་ལྟར། མྱུ་གུའི་རྫས་སུ་གྱུར་པའི་སྔོན་པོ་མ་ཡིན་པ་དང་སྔོན་པོ་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པར་ཐལ། མྱུ་གུའི་ཁ་དོག་དེ་མྱུ་གུའི་རྫས་སུ་གྱུར་པའི་སྔོན་པོ་མ་ཡིན་པ་རྣམ་པར་བཅད་པས་དེ་སྔོན་པོ་ཡིན་པར་ཡོངས་སུ་གཅོད་ནུས་པའི་ཕྱིར། ཁྱབ་པ་སྒྲིགས་མཚམས་དང་བཅས་པ་ཁས་བླགས་སོ། །མ་གྲུབ་ན་དེར་ཐལ། མྱུ་གུའི་ཁ་དོག་དེ་མྱུ་གུའི་རྫས་སུ་གྱུར་པའི་སྔོན་


JLD016_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མ་ཡིན་པ་རྣམ་པར་བཅད་པའི་སྟོབས་ཀྱིས་མྱུ་གུའི་རྫས་སུ་གྱུར་པའི་སྔོན་པོར་ཡོངས་སུ་གཅོད་ནུས་པའི་ཕྱིར་རོ། །ཁོ་བོ་ཅག་ཕན་ཚུནགྱི་དོན་མ་བོར་བར་འགལ་ཟླ་གཉི་ག་ལ་སྦྱོར་བའི་ཚུལ་བཤད་མ་ཐག་པ་ལྟར་ཁས་ལེན་པ་ལ་ནི་ཕན་ཚུན་རྣམ་བཅད་ཡོངས་གཅོད་ཀྱི་འགལ་བ་དང༌། ཕན་ཚུན་ཡོངས་གཅོད་རྣམ་བཅད་ཀྱི་འགལ་བ་ལ་ཕན་ཚུན་སྤངས་པའི་དགོས་འགལ་ཡིན་མིན་གྱི་ཁྱད་པར་ཅིའང་མེད་ཅིང༌། བྱས་པ་མ་བྱས་པ་བཅད་ལྡོག་ཏུ་གནས་ཀྱང་མ་བྱས་པ་རྣམ་པར་བཅད་ཙམ་གྱི་མེད་དགག་ཡིན་མི་དགོས་ལ། མ་བྱས་པ་བཅད་པ་དང་གཅིག་ཡིན་མི་དགོས་ཤིང༌། བྱས་པ་ཆོས་ཅན། མ་བྱས་པའི་བཅད་ལྡོག་ཡིན་པར་ཐལ། བྱས་ལྡོག་ཡིན་པའི་ཕྱིར་ལ་ཁྱབ་པ་ཡོད་དོ། །དེའི་ཕྱིར་དབུ་མ་སྣང་བ་ལས། གང་ཞིག་གི་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། ཞེས་གསུངས་པའང་ལེགས་པར་གནས་པར་འགྱུར་རོ། །གཉིས་པ་ཕན་ཚུན་སྤངས་པའི་བརྒྱུད་འགལ་གྱི་མཚན་ཉིད་ནི། ཕན་ཚུན་གཅིག་གཅིག་གི་བཅད་ལྡོག་མ་ཡིན་ཀྱང༌། གཞི་མཐུན་ཡོད་པ་ལ་ཚད་མས་གནོད་པར་ངེས་པ་ལ་བལྟོས་ནས་ཕན་ཚུན་སྤངས་པའི་འགལ་བར་ངེས་དགོས་པ། འདི་དང་ཕན་ཚུན་སྤངས་པའི་ཚད་མ་གཞན་གྱི་གནོད་འགལ་དོན་གཅིག་ལ། དཔེར་ན་བྱས་པ་དང་རྟག་པའམ། འཇིག་ངེས་དང་བལྟོས་བཅས་བཞིན་ཏེ། ཚད་མ་གཞན་གྱིས་གནོད་ཕྱིར་ཡང༌། །


JLD016_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་གྱུར་དང་ནི་བལྟོས་བཅས་བཞིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་འགལ་བ་ངེས་བྱེད་ཀྱི་ཚད་མ་ལ། འགལ་བ་ཙམ་དུ་ངེས་པ་ནི་དེ་གཉིས་ཐ་དད་གཞི་མཐུན་མི་སྲིད་པར་ངེས་པར་བྱེད་པའི་ཚད་མས་འགལ་བའི་དོན་དེས་དགོས་པ་ལ། ཐ་དད་ནི་རྟོག་པ་ལ་དོན་སྤྱི་སོ་སོར་ཤར་བའི་རང་རིག་མངོན་སུམ་གྱིས་ཤུགས་ལ་འགྲུབ་ཅིང༌། གཞི་མཐུན་མི་སྲིད་པ་ནི། བྱས་པ་དང་རྟག་པ་ལྟ་བུ་རྗེས་དཔག་གིས་ངེས་པར་བྱེད་དགོས་པ་དང༌། ཀ་བུམ་ལྟ་བུ་མངོན་སུམ་གྱི་སྟོབས་ཀྱིས་དེས་ནུས་པ་ཅི་རིགས་པར་ཡོད་དོ། །ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་གནོད་བྱེད་དུ་ངེས་པ་ནི། སྣང་མུན་ལྟ་བུ་ལ། གཞི་དེར་མུན་པ་རྒྱུན་ཆད་པ་དང་སྣང་བ་སྐྱེས་པ་དུས་མཉམ་པའི་གཞི་དམིགས་པའི་མངོན་སུམ་དང་ཚ་གྲང་ལྟ་བུ་ནི། གཞི་དེར་ཚ་རེག་སྟོབས་ཆེན་ཉེ་བའི་སྟོབས་ཀྱིས་ནུས་ཆུང་དུ་སྐྱེས་པའི་གྲང་རེག་དང་བཅས་པའི་གཞི་དམིགས་པ་དང༌། དེའི་སྐད་ཅིག་ཕྱི་མ་ལ་གྲང་རེག་རྒྱུན་ཆད་པའི་གཞི་དམིགས་པའི་མངོན་སུམ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་འགྲུབ་ལ། བློའི་ལྷན་ཅིག་མི་གནས་འགལ་རྣམས་ནི། གཉེན་པོའི་ཤེས་པ་དེ་རྒྱུད་ལ་སྐྱེས་པའི་སྟོབས་ཀྱིས་སྤང་བྱ་དེ་དང་དེ་རྒྱུན་ཆད་པའི་ཤེས་པ་དམིགས་པའི་མྱོང་སྟོབས་ཀྱིས་འགྲུབ་ཡིན་ཏེ། དེ་ལའང་ནང་གསེས་ཀྱི་ཁྱད་པར་མང་དུ་ཡོད་མོད། ཞིབ་པར་མ་བརྗོད་དོ། །བཞི་པ་འགལ་བ་རྟོགས་པའི་དགོས་པ་ནི། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་འབྲས་བུ་དང་བཅས་པ་དང༌། གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་


JLD016_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་གཞི་ལམ་འབྲས་བུའི་རྣམ་པར་བཞག་པ་ཕལ་ཆེ་བ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ནས་བླང་དོར་གྱི་གནས་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པའི་ངེས་བརྙེད་པ་ནི་རྗེས་དཔག་གི་སྟོབས་ཀྱིས་ཡིན་གྱི། ཚུར་མཐོང་མངོན་སུམ་ཚད་མས་མི་ནུས་སོ། །རྗེས་དཔག་ཚད་མས་དེ་དག་གི་སྒྲོ་འདོགས་བཅད་ནས་ངེས་པ་ནི་རྟགས་ཡང་དག་གི་ཚུལ་གསུམ་ཚད་མས་ངེས་པའི་སྟོབས་ཀྱིས་ཡིན་ལ། ཚུལ་གསུམ་གྱི་ནང་ནས་ཀྱང་ཚད་མས་ངེས་དཀའ་བ་ནི་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་ཡོད་པ་ལ་ཚད་མས་གནོད་པ་བསྟན་ནས་རྟགས་མི་མཐུན་ཕྱོགས་དང་འགལ་བར་ངེས་པ་ཉིད་ཡིན་ཞིང༌། འགལ་བའི་སྤྱི་དང་བྱེ་བྲག་སོ་སོའི་མཚན་ཉིད་དང༌། འགལ་བར་ཚད་མས་ངེས་པར་བྱེད་ཚུལ་སོགས་ལེགས་པར་གཏན་ལ་མ་ཕེབས་ན་རྟགས་ཀྱི་ལྡོག་ཁྱབ་ངེས་པར་བྱེད་ཚུལ་ལ་ཤིན་ཏུ་རྨོངས་པར་འགྱུར་བས། རྟགས་ལ་བརྟེན་ནས་མངོན་མཐོ་ངེས་ལེགས་ཀྱི་ལམ་ཡན་ལག་དང་བཅས་པ་ལ་སྒྲོ་འདོགས་གཅོད་པར་ནུས་པའི་གོ་སྐབས་མེད་ཅིང༌། ཕྱིན་ཅི་ལོག་གི་སྒྲོ་འདོགས་གང་ཡང་ཚད་མའི་སྟོབས་ཀྱིས་གཅོད་པར་ནུས་པའི་གོ་སྐབས་མེད་པས། གནས་འདི་ལ་བློ་ཁ་མ་ཕྱོགས་པར་རིགས་པའི་རྣམ་གཞག་ལ་འཇུག་པ་ནི་བསམ་པ་བཟང་བ་ཙམ་དུ་ཟད་དོ། །གཉིས་པ་འབྲེལ་ཟླ་མ་དམིགས་པའི་སྦྱོར་བའི་དབྱེ་བ་བྱེད་ཚུལ་ལ། གཞུང་འདི་དག་ནི། །ཀུན་ལ་སྦྱོར་བ་ཐ་དད་ཉིད། ཅེས་སྨྲས་པའི་སྦྱོར་བའི་དབྱེ་བ་ཐ་དད་


JLD016_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཚུལ་འཆད་པའང་ཡིན་མོད་ཀྱི། དབྱེ་བ་བྱེད་ཚུལ་བཤད་པའི་དགོས་པའང༌། རྟགས་འགོད་ཚུལ་གྱི་དབྱེ་བ་མི་འདྲ་བ་དེ་དང་དེའི་རྟགས་ལ་བརྟེན་པའི་རྗེས་དཔག་ཐམས་ཅད་འབྲེལ་བའི་དབང་གི་བསྒྲུབ་བྱ་ལ་མི་སླུ་བའི་ཚུལ་རྟོགས་པའི་དོན་དུ་ཡིན་ནོ། །དེ་ལ་འགལ་ཟླ་དམིགས་པའི་སྦྱོར་བ་འགོད་ཚུལ་རིགས་གཉིས་སུ་ཕྱེ་བ་དེ་དག་ལ་བརྟེན་པ་མི་སླུ་བ་ནི་རྟགས་དང་དགག་བྱའི་ཆོས་ལྷན་ཅིག་མི་གནས་འགལ་དང་ཕན་ཚུན་སྤངས་འགལ་དུ་ངེས་བྱེད་ཀྱི་ཚད་མས་རྟགས་དེ་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་དགག་བྱ་བཀག་པ་དེ་བསྒྲུབ་པ་ལ་མི་འཁྲུལ་པའི་འབྲེལ་པ་ངེས་པའི་སྒོ་ནས་རྟགས་དེ་ལ་བརྟེན་པའི་རྗེས་དཔག་བསྒྲུབ་བྱ་དེ་དང་སླུ་བར་འགྲུབ་པ་ཡིན་ལ། དོན་འདི་རྟོགས་པའི་ཆེད་དུ་ཤློ་ཀ་སྔ་མ་བཤད་མ་ཐག་པ་ཉིད་གསུངས་ཤིང༌། འབྲས་རང་གི་རྟགས་རང་གི་འབྲེལ་ཡུལ་དུ་གྱུར་པའི་བསྒྲུབ་བྱའི་ཆོས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ཚད་མས་ངེས་པའི་དབང་གིས་རང་ཉིད་གང་ལ་ཕྱོགས་ཆོས་སུ་གྲུབ་པའི་ཆོས་ཅན་ལ་བསྒྲུབ་བྱའི་ཆོས་དེ་བསྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་འབྲེལ་བ་དང་ཕྱོགས་ཆོས་འཛིན་པ་ལས་སྐྱེས་པའི་སྒོ་ནས་རྗེས་དཔག་བསྒྲུབ་བྱ་ལ་མི་སླུ་བར་གོང་དུ། དངོས་གང་ཇི་ལྟ་བུར་གྱུར་པ། ཞེས་སོགས་ཀྱིས་བཤད་པ་དེ་བཞིན་དུ། འབྲས་རང་གི་རྟགས་ཆོས་ཀྱི་འབྲེལ་བའི་དོན་ལྡོག་བསྒྲུབ་བྱའི་ཆོས་དེ་བཀག་ན་རྟགས་དེ་ཁེགས་པ་ངེས་པའི་ཚད་མ་དེ་དང་དེས་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པའི་རྟགས་ཆོས་ཀྱི་འབྲེལ་པའང་ངེས་པའི་སྒོ་


JLD016_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་འདྲའི་འབྲེལ་པ་ངེས་པ་དང་ཕྱོགས་ཆོས་ངེས་པ་ལས་སྐྱེས་པའི་རྟགས་དེ་དག་དེའི་རྟགས་ཅན་རྗེས་དཔག་རྣམས་ཀྱང་བསྒྲུབ་བྱ་ལ་མི་སླུ་བར་ཤེས་པར་བྱ་བའི་ཕྱིར་དུ། ཇི་ལྟར་དངོས་ཉིད་ཅེས་སོགས་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ན་ཚིག་དོན་ནི་འདི་ལྟར་ཇི་ལྟར་མེ་དང་ཤིང་ལ་སོགས་པའི་དངོས་པོ་ཉིད་བསྒྲུབ་པ་ལ་དུ་བ་དང་ཤ་པ་ལ་སོགས་པའི་དངོས་པོ་རྣམས་ཀྱི་སྒྲུབ་བྱེད་ནི་རྟགས་ཆོས་དེ་དག་གི་རྒྱུ་འབྲས་དང་ཁྱབ་བྱ་ཁྱབ་བྱེད་ཀྱི་འབྲེལ་པ་ཚད་མས་ངེས་པའི་དབང་གིས་ཁྱབ་པ་མི་འཁྲུལ་པར་འདོད་པ་དེ་བཞིན་དུ། ཚན་མ་དེ་དག་གིས་རྒྱུ་དང་ཁྱབ་བྱེད་ཀྱི་དངོས་པོ་རང་ཉིད་ལོག་ན་འབྲས་བུ་དང་ཁྱབ་བྱའི་དངོས་པོ་རྣམས་ལྡོག་པ་ངེས་པར་བྱེད་པ་ཡིན་པས། ཚད་མ་དེ་འདྲ་བ་ཉིད་ཀྱིས་འབྲེལ་ཟླ་མ་དམིགས་པའི་རྟགས་རྣམས་ཀྱི་ཁྱབ་པ་མི་འཁྲུལ་བ་ཉིད་དུ་ཇི་ལྟར་རིགས་པར་ངེས་པ་ཡིན་ནོ། །དེ་ལྟར་བཤད་པས་ལོག་རྟོག་གཞན་ཡང་ཁེགས་པ་ཞར་བྱུང་གི་ཚུལ་དུ་བཤད་པ་ནི། འབྲེལ་པ་ཚད་མས་ངེས་པའི་དབང་གིས་ཁྱབ་པ་མི་འཁྲུལ་བར་ངེས་དགོས་པར་བསྟན་པ་དེས་ནི་འབྲེལ་པ་ངེས་པ་ལ་མ་བལྟོས་པར་རྟོགས་པས་རང་དགར་སྦྱར་བའི་ཆོས། སྒྲ་མི་རྟག་པར་བསྒྲུབ་པ་ལ་དེ་སྒྲུབ་ཀྱི་ཕྱོགས་བཏགས་པ་བ་ཆོས་ཅན་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་ཡིན་པའི ཕྱིར་ཞེས་བཀོད་པ་སོགས་ཀྱི་ཁྱད་པ་མི་འཁྲུལ་པ་བསལ་བ་ཡིན་ཏེ། རྟགས་དེ་


JLD016_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་རྟག་པ་ལོག་པས་ལྡོག་པའི་ངེས་པ་མེད་པར་སྒྲ་རྟག་པར་བསྒྲུབ་པ་སོགས་ཅིའང་རུང་བ་ལའང་སྲིད་པའི་ཕྱིར་རོ། །གང་རུང་ཉིད་སོགས་ཞེས་པའི་སོགས་ཁོངས་ནས་གང་འདོན་པ་ནི། ལྷ་དབང་བློས། སོགས་པ་སྨོས་པ་ནི། ཁོ་བོས་ཁས་བླངས་པ་དང་ལུང་གིས་བསྒྲུབ་པ་བཟུང་ངོ༌། ཞེས་བཤད་པའི་སྔ་མ་ནི། དོན་དེ་ཡིན་ཏེ། ཡིན་པར་ཁོ་བོས་ཁས་བླངས་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ལ། གཉིས་པ་ནི། ཡིད་ཆེས་པའི་རྟགས་མེད་པར་སྟོན་པ་མ་ཡིན་གྱི། དོན་དེ་ཡིན་ཏེ། ཡིད་པར་ལུང་ལས་བཤད་པའི་ཕྱིར། ཞེས་པ་ལྟ་བུ་ཁྱབ་པ་འཁྲུལ་པའི་རྟགས་སུ་སྟོན་པ་ཡིན་ནོ། །དངོས་ཉིད་རང་ལྡོག་ན། དངོས་རྣམས་ལྡོག་པ་བྱེད་པ་ཡིན། ཞེས་སྨྲས་པ་དེ་ལའང༌། ཁྱབ་པར་བྱེད་པའི་ཆོས་མེ་དང་ཤིང་ལ་སོགས་པ་ལོག་པ་ཁྱབ་བྱ་དུ་བ་དང་ཤ་པ་སོགས་ལྡོག་པའི་གོ་བྱེད་དུ་འདོད་པ་ནི། གལ་ཏེ་རྒྱུ་དང་ཁྱབ་བྱེད་ལོག་པ་རང་གི་ལྡོག་པ་ནི། ཆོས་ཅན་གྱི རྣམ་པ་འགའི་གཞིར་ཚད་མས་ཡོངས་སུ་བཅད་ན་གོ་བྱེད་དུ་འདོད་པ་ཡིན་གྱི། ཕྱོགས་ཆོས་ཚད་མས་ཡོངས་སུ་མ་གཅད་པར་ཁྱབ་འབྲེལ་ཚད་མས་ངེས་པ་ཙམ་གྱིས་མ་ཡིན་ནོ། །ལྷའི་འགྲེལ་པར་རྣམ་འགས་ཞེས་འབྱུང་ཞིང༌། འགྲེལ་པ་དེའི་འཆད་ཚུལ་ནི། དངོས་ཉིད་རང་ལྡོག་ན། དངོས་རྣམས་ལྡོག་པར་བྱེད་པ་ཡིན། ཞེས་པས། དངོས་པོ་རང་ཉིད་ལོག་པས་དངོས་པོ་ལྡོག་པ་སྒྲུབ་པར་བྱེད་ཅེས་སྤྱིར་བཤད་ནས་དངོས་པོ་ཇི་ལྟ་བུ་ལོག་པས་ཇི་ལྟ་བུ་ལོག་པ་གསལ་བར་མ་སྨྲས་པ་དེ་ལའང་དངོས་པོ་གང་ཡང་རུང་བ་ལོག་པས་གོ་བར་བྱེད་


JLD016_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་གྱི་ཁྱབ་པར་བྱེད་པའི་ཆོས་ལོག་པ་ཁྱབ་བྱ་ལྡོག་པའི་གོ་བྱེད་དུ་འདོད་པ་ཡིན་ལ། དེའང་དངོས་པོ་ལ་ལོག་པ་ཙམ་གྱིས་མི་ཆོག་གི །གལ་ཏེ་སྐབས་ཀྱི་རྒོལ་བས་ཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་མཐོང་བའི་སྒོ་ནས་རྒྱུ་འབྲས་དང་ཁྱབ་བྱ་ཁྱབ་བྱེད་རང་གི་ལྡོག་པའི་འབྲེལ་པ་ནི་ཚད་མའི་རྣམ་པ་འགས་ཡོངས་སུ་བཅད་པ་ན་གོ་བྱེད་དུ་འདོད་པ་ཡིན་ནོ་ཞེས་བྱ་བར་འཆད་དོ། །ཁྱབ་པར་བྱེད་པའི་ཆོས་ཞེས་པའི་འབྲེལ་པར་ལྷས། འདིས་ཀྱང་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་འདྲེན་མར་བསྟན་པ་རྟོགས་པར་བྱའོ། ཞེས་འབྱུང་ཞིང༌། དེའི་འགྲེལ་བཤད་དུ་ཤཱཀྱ་བློས། འདིས་ཀྱང་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་འདྲན་མར་བསྟན་པ་ཞེས་བྱ་བ་ནི། རྒྱུའང་འབྲས་བུ་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཁྱབ་པར་བྱེད པའི་སྒྲས་བསྟན་པ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། ཞེས་བཤད་པ་ལྟར། གཞུང་ཚིག་དེ་ཁྱབ་བྱེད་མ་དམིགས་པ་ཁོ་ནའི་དབང་དུ་བྱས་པ་མ་ཡིན་གྱི། ཁྱབ་པར་བྱེད་ཅེས་པས་མེ་དང་ཤིང་སོགས་བསྡུས་ནས་བསྟན་ཅིང༌། ཁྱབ་བྱ་ཞེས་པས་དུ་བ་དང་ཤ་པ་སོགས་བསྡུས་ནས་བསྟན་པའི་དོན་ཏོ། །འོ་ན་བུམ་པ་མ་དམིགས་པས་བུམ་པ་མེད་པར་བསྒྲུབ་པ་ལྟ་བུའི་འབྲེལ་པ་ངེས་ཚུལ་ཡང་དེ་དག་དང་འདྲའམ་ཞེ་ན། རྫ་བུམ་གྱི་རྒྱུ་འཇིམ་གོང་ལ་བུམ་པ་མེད་པར་བསྒྲུབ་པ་ལ་ནི། བུམ་པ་དེ་ཉིད་ཀྱི་དམིགས་བྱེད་ཀྱི་ཚད་མ་མེད་པ་རྟགས་སུ་བརྗོད་པ་གང་ཡིན་པ་དེ་ནི་གྲངས་ཅན་གྲུབ་མཐས་ཡིད་བསླད་


JLD016_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་མ་དམིགས་པ་ལ་མེད་པའི་ཐ་སྙད་མ་ཐོགས་པའི་ངོར་བུམ་པ་མ་དམིགས་པ་ལ་མེད་པའི་ཐ་སྙད་འབའ་ཞིག་བསྒྲུབ་པའི་དོན་དུ་བཀོད་པ་ཡིན་ལ། དེ་ལྟར་བསྒྲུབ་དགོས་པའི་རྒོལ་བ་དེ་ནི་ཤིན་ཏུ་རྨོངས་པ་ཡིན་ཏེ། བུམ་པ་མ་དམིགས་པ་ལ་མེད་པའི་ཐ་སྙད་གནག་རྫི་དང་བུད་མེད་ཀྱི་བར་ལ་གྲགས་པ་ལའང་རྨོངས་པའི་ཕྱིར་རོ། །དེས་ན་དེའི་ཁྱབ་པ་མི་འཁྲུལ་པ་ནི་བུམ་པ་མེད་པ་དང་བུམ་པ་མ་དམིགས་པའི་རྣམ་པར་བཞག་འཇོག་གི་འབྲེལ་པ ངེས་པར་བྱས་པ་ལས་འགྲུབ་བོ། །མི་དམིགས་པ་ཚིག་གིས་ཟིན་པར་དངོས་སུ་རྟགས་སུ་བཀོད་པ་ནི་གསུམ་པོ་འདི་ཙམ་ཞིག་རང་ཕྱོགས་ཆོས་སུ་གྱུར་པའི་གཞིར་དགག་བྱའི་ཆོས་མེད་པའི་དོན་ནམ་ཐ་སྙད་ལ་ངེས་པ་བསྐྱེད་པའི་འབྲས་བུ་ཅན་ཡིན་གྱི། དེ་དག་ལས་གཞན་གྱིས་མ་ཡིན་ནོ། །མ་དམིགས་པ་དེ་དག་གིས་མེད་པ་ངེས་པ་བྱེད་པའང་གང་གི་ཚེ་ཡིན་ཞེ་ན། མི་དམིགས་པ་དེ་དག་གིས་རང་གི་དགག་བྱའི་ཆོས་མེད་པར་ངེས་པར་བྱེད་པ་དེའང༌། དགག་བྱའི་ཆོས་ཀྱི་རྒྱུའམ་རང་བཞིན་གཞི་དེར་ཡོད་ན་སྐབས་ཀྱི་ཕྱི་རྒོལ་ལ་དེའི་ཚེ། སྣང་དུ་རུང་བ་ལས་དེའི་ཚེ་དེ་དག་སྣང་བ་མེད་པ་ཉིད་ཀྱི་ཚེ་ན་དེ་སྒྲུབ་ཀྱི་གོ་བྱེད་དུ་འགྱུར་རོ་ཞེས་བྱ་བ་འདིས། རྒྱུ་མ་དམིགས་པ་དང་རང་བཞིན་ཞེས་པས་དངོས་སུ་རང་བཞིན་མ་དམིགས་པ་དང་དོན་གྱི་ཁྱབ་བྱེད་མ་དམིགས་པའང་བསྟན་པའི་སྒོ་ནས་མཇུག་བསྡུ་བར་བྱས་པ་ནི་ལྷའི་འགྲེལ་པའི་ལུགས་ཡིན་ལ། དེ་ལྟར་ན་ཇི་ལྟར་དགོས་ཉིད་མར་བཅད་འབྲེལ་ཟླ་མ་དམིགས་པ་བསྟན་


JLD016_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་གི་མཇུག་བསྡུ་བའོ། །ཉི་མ་སྦས་པས་འདིའི་མཚམས་སྦྱར་དུ། འོ་ན་མི་སྣང་བ་མ་དམིགས་པ་བཞི་པའང་ཡོད་པ་མ་ཡིན་ནམ། དེ་ཇི་ལྟར་འདིར་མི་བརྗོད་སྙམ་དུ་སེམས་ན། ཞེས་འབྱུང་བ་ལྟར་ན། ཙམ་སྒྲས་མི་སྣང་བ་མ་དམིགས་པ་བཅད་ནས། དེར་ཡོད་ན་སྣང་རུང་དུ་འདོད་པའི་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པས་རང་གི་དགག་བྱའི་ཆོས་མེད་ངེས་གོ་བར་བྱེད་ཀྱི། མི་སྣང་བ་མ་དམིགས་པས་མེད་ངེས་བསྒྲུབ་མི་ནུས་པས་མ་བཤད་ཅེས་པས། དོགས་པ་དེའི་ལན་འདེབས་པར་བྱེད་ཀྱི་མཇུག་བསྡུར་མི་བྱེད་དོ། རྗེས་སུ་དཔག་པས་སོགས་གཉིས་ཀྱི་འགྲལ་པར་ལྷས། དེ་ལྟར་ཞར་ལ་འོངས་པ་རྫོགས་པར་བྱས་རྗེས་སུ་དཔག་པས་ཞེས་བྱ་བ་ལ་སོགས་པས་རྣལ་མ་དང་སྦྱོར་བར་བྱེད་དོ། །སྐབས་ཀྱང་གང་ཡིན་ཞེ་ན། ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། ཞེས་བྱ་བ་ལ་སོགས་པའོ། །ཞར་ལ་འོངས་པ་ཡང་གང་ཞེ་ན། དངོས་མེད་ངོ་བོ་མིན་དེ་ཉིད། ཅེས་བྱ་བ་ལ་སོགས་པའོ། ཞེས་དངོས་མེད་ངོ་བོ་མིན་དེ་ཉིད་ནས་འདི་བར་ཞར་བྱུང་དུ་བྱས་ནས། རྐང་པ་འདི་གཉིས་སྐབས་དོན་ལ་སྦྱར་བར་བཤད་པ་ཉིད་ལེགས་སོ། །དེ་ལྟར་ན། རྟགས་ལ་བརྟེན་པའི་རྗེས་སུ་དཔག་པས་ཁ་དོག་མི་རྟག་པ་སོགས་འཛིན་པ་ལ་ནི་སྔར་ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ་ཞེས་བཤད་པ་ལ་རྩོད་པ་རྒྱས་པར་སྤངས་པའི་སྒོ་ནས་ལེགས་པར་གྲུབ་པའི་ཚུལ་ཇི་སྐད་བཤད་པ་འདིར་འདོད་དོ། ཞེས་པས་ཇི་སྐད་བཤད་པ་རྣམས་ཀྱིས་རྩ་བའི་སྐབས་དོན་གྱི་ལན་


JLD016_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་གནོད་མེད་དུ་གྲུབ་པའི་དོན་བསྡུ་བའོ། །ཉི་མ་སྦས་པའི་འགྲེལ་པར་རྗེས་སུ་དཔག་པས་མི་རྟག་སོགས། །འཛིན་ལ་གོ་རིམ་འདི་བཞེད་ཅིང༌། ཞེས་འབྱུང་ལ། ལྷའི་འབྲེལ་པར་ཡང་གོ་རིམ་གྱི་བཤད་པ་བྱས་སོ། །དེ་ལྟར་ན་རྟོག་པས་ཁ་དོག་གི་དོན་སྤྱི་ལ་མི་རྟག་པའི་དོན་སྤྱི་སྦྱར་བ་གཟུང་ཡུལ་དུ་བྱས་ནས། ཁ་དོག་མི་རྟག་པ་རང་མཚན་ལ་མི་སླུ་བའི་གོ་རིམ་འདིར་འདོད། ཅེས་འཆད་པར་མངོན་ནོ། །དེ་ལྟར་རྟགས་ལ་བརྟེན་ནས་ཁ་དོག་མི་རྟག་པར་རྟོགས་པ་ལ་འདོད་ན་རྗེས་དཔག་ཚད་མ་ཡིན་པས་ཚད་མ་གསུམ་པར་མི་འཐད་པའི་ལན་བསྟན་ཟིན་ནས། འོན་ཏེ་ཁ་དོག་གི་རྒྱུན་འགག་ཁ་མ་འཛིན་པའི་མངོན་སུམ་གྱི་རྗེས་སུ་ཁ་དོག་མི་རྟག་པར་རྟོགས་པའི་ངེས་ཤེས་ལ་འདོད་ན། དཔྱད་ཤེས་ཡིན་པས་ཚད་མ་མ་ཡིན་ནོ་ཞེས་སྟོན་པ་ནི། གཞན་དུ་ཞེས་སོགས་ཀྱིས་རང་ལུགས་ཀྱི་ལན་དངོས་རྩོད་སྤོང་དང་བཅས་པ་སྟོན་ལ། ཡང་ན་འདིར་ནི་ཞེས་སོགས་རང་སྡེ་གཞན་གྱི་ལུགས་ལའང་ཁ་དོག་མི་རྟག་པ་རྟོགས་པ་ཚད མ་གསུམ་པ་མ་ཡིན་པའི་ཚུལ་འཆད་པའམ། བཤད་ཚུལ་གཞན་ཡང་ཡོད་མོད་སྐབས་དེ་བཤད་པར་བྱའོ། །གང་གི་མཐའ་གཉིས་ཞེས་སོགས་ནི་དེ་དག་ལས་འཕྲོས་པའི་དོན་ཡིན་ཏེ། འཕྲོས་ཚུལ་ཀྱང་སྐབས་དེར་འཆད་དོ། །དེའང་འདི་ལྟར། རྟགས་ལ་བརྟེན་ནས་ཁ་དོག་མི་རྟག་པར་རྟོགས་པ་ལས་གཞན་དུ་ཁ་དོག་གི་རྒྱུན་འགག་ཁ་མ་མཐོང་བའི་མངོན་སུམ་ཚད མའི་རྗེས་སུ་སྐྱེས་པའི་ཁ་དོག་མི་རྟག་པ་རྟོགས་པའི་ངེས་ཤེས་ནི་ཚད་མ་ཉིད་དུ་འདོད་པར་རིགས་པ་མ་ཡིན་


JLD016_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། རང་འདྲེན་པའི་ཚད་མ་སྔ་མས་བཟུང་ཟིན་པ་དྲན་ནས་འཛིན་པའི་དཔྱད་ཤེས་ཡིན་པའི་ཕྱིར། དེར་ཐལ། རྒྱུན་འགག་ཁ་མའི་ཁ་དོག་གི་དངོས་པོ་ལས་དེའི་མི་རྟག་པ་རྫས་གཞན་དུ་མེད་པར་དེ་ཉིད་དང་གྲུབ་པ་དེ་དབྱེར་མེད་པའི་དེའི་རྫས་ཡིན་པས། མངོན་སུམ་གྱིས་ཁ་དོག་གི་དངོས་པོ་དེ་ཉིད་བཟུང་བ་ན་དེའི་མི་རྟག་པ་ཡང་བཟུང་དགོས་ལ། ཁ་དོག་ཐ་མ་དེའང་རྗེས་ཀྱི་ངེས་ཤེས་ཀྱི་སྔར་ཁ་དོག་ཐ་མ་མཐོང་བའི་དབང་པོའི་མངོན་སུམ་ལས་གྲུབ་ཅིང༌། ཁ་དོག་དེ་རིགས་འདྲ་ཕྱི་མ་མཚམས་སྦྱོར་མི་སྲིད་པའི་ཁ་དོག་ཡིན་པའི་ཕྱིར་རོ། །ཁ་དོག་མི་རྟག་པར་རྟོགས་པའི་ངེས་ཤེས་མངོན་སུམ་གྱི་སྟོབས་ཀྱིས་དྲངས་པ་དེ་ཉིད་སྐྱེས་པའི་དུས་ནི་ཁ་དོག་སྐད་ཅིག་ཐ་མའི་ཕྱི་ལོགས་སུ་ཁ་དོག་རྒྱུན་ཆད་པའི་དུས་ཡིན་ལ། རིགས་འདྲ་བར་མ་ཆད་པར་མཚམས་སྦྱོར་བའི་སྐབས་སུ་ཚུར་མཐོང་གི་མངོན་སུམ་གྱིས་དེའི་མི་རྟག་པ་ལ་ངེས་པ་འདྲེན་མི་སྲིད་དོ། །རྒྱུན་འགག་ཁའི་ཁ་དོག་ཐ་མ་འཇལ་བའི་མངོན་སུམ་ཚད་མས་དེའི་མི་རྟག་པ་ལ་ངེས་པ་དྲངས་པ་དེའི་ཚེ། གང་ཟག་དེའི་རྒྱུད་ལ་ཁ་དོག་དེ་རྟག་པར་འཁྲུལ་པའི་རྟག་འཛིན་ཀུན་བརྟགས་དང་ལྷན་སྐྱེས་གཉི་ག་མེད་དེ། དངོས་པོ་རྟག་པར་འཁྲུལ་པ་ལ་འདྲ་བ་གཞན་འབྱུང་དག་ཡོད་པ་བར་མ་ཆད་གཉི་ག་ཚོགས་དགོས་པའི་ཕྱིར་རོ། །གལ་ཏེ་ཁ་དོག་གི་མི་རྟག་པ་ཞེས་དྲུག་པའི་སྒྲས་ཆོས་ཆོས་ཅན་དུ་བརྗོད་པར་བྱ་བའི་ཕྱིར་རྫས་གཞན་དུ་འདོད་དགོས་སོ་ཞེ་ན། དེ་ལྟར་འདོད་དགོས་པའི་


JLD016_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་མེད་དེ། ཁ་དོག་དག་མི་རྟག་པ་རྫས་དུ་མ་སྟེ་ཐ་དད་པའི་དངོས་པོ་དེ་དྲུག་པའི་སྒྲས་ཆོས་ཆོས་ཅན་དུ་བརྗོད་པར་བྱ་བ་མིན་གྱི་རྟོག་པས་བསྐྱེད་ཅིང་བཏགས་པའི་དེ་གཉིས་ཀྱི་ཐ་དད་པའི་ཆོས་ཙམ་ལ་བརྟེན་ནས་དེ་གཉིས་ཆོས་ཆོས་ཅན་ལྟ་བུར་དྲུག་པའི་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་ཁ་དོག་མི་རྟག་པར་བསྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་པ་དོན་མེད་དོ་ཞེ་ན། ཁ་དོག་རྟག་པར་འཁྲུལ་བའི་རྒྱུ་མེད་པའི་ཁ་དོག་ཐ་མ་ལྟ་བུ་མཐོང་བ་དེའི་ཚེ། རྗེས་ཀྱི་རྟོག་པ་ལ་སྤྱི་ཡི་རྟེན་ལྟ་བུར་སྣང་བའི་ཁ་དོག་ཐ་མ་དེ་ནི་མངོན་སུམ་གྱིས་གྲུབ་པ་ན། རྗེས་ཀྱི་རྟོག་པ་དེ་ལ་རྗེས་སུ་འགྲོ་བའི་སྤྱི་ལྟ་བུར་སྣང་བའི་མི་རྟག་པ་དེ་ཉིད་ནི་མངོན་སུམ་གྱིས་གྲུབ་ཅིང་རྟོགས་པ་ཡིན་པས་དེའི་ངོར་རྗེས་དཔག་འཇུག་མི་དགོས་ཀྱང༌། རིགས་འདྲ་ཕྱི་མ་མཚམས་སྦྱོར་བ་ལ་སོགས་པའི་སྐབས་འགའ་ཞིག་ཏུ་ཁ་དོག་མི་རྟག་པ་དེ་མངོན་སུམ་གྱི་སྟོབས་ཀྱིས་མ་གྲུབ་ཅིང་རྟོགས་པར་མ་ནུས་ན། དེའི་ཚེ་མི་རྟག་པ་དེ་ལྟར་དུ་ཁ་དོག་དེ་རབ་ཏུ་གྲུབ་ཅིང་རྟོགས་པར་བྱ་བའི་ཕྱིར་དུ་ཁ་དོག་མི་རྟག་པར་རྟགས་ལ་བརྟེན་ནས་རྗེས་སུ་དཔོག་པ་ཡིན་པས་སྐྱོན་མེད་དོ། །འོ་ན་ཁ་དོག་གི་མི་རྟག་པ་མངོན་སུམ་གྱིས་བཟུང་ན་མ་རྟོགས་པ་འགལ་ལོ་ཞེ་ན། ཁ་དོག་སྐད་ཅིག་སྔ་ཕྱི་བར་མ་ཆད་དུ་སྐྱེ་བའི་སྐབས་ལ་ལར་ཚུར་མཐོང་མངོན་སུམ་གྱིས་ཁ་དོག་གི་མི་རྟག་པ་མཐོང་ཡང་མཐོང་བ་ལྟར་ཡོངས་སུ་མི་ཤེས་ཤིང་མི་ངེས་པའི་རྒྱུ་མཚན་ཡོད་དེ། གང་ཟག་དེའི་ཤེས་རྒྱུད་སྔ་ཕྱི་གཅིག་ཏུ་འཁྲུལ་པའི་འཁྲུལ་རྒྱུས་ཟིན་པའི་དབང་གིས་


JLD016_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

མ་ངེས་པའི་ཕྱིར་རོ། །དཔེར་ན་སྒོ་ང་གཉིས་ཀྱི་ཐ་དད་མི་ངེས་པར་གཅིག་ཏུ་འཁྲུལ་བ་བཞིན། དེ་དེ་འདྲའི་འཁྲུལ་རྒྱུས་ཟིན་པར་ཐལ། ནང་གི་འཁྲུལ་རྒྱུ་གང་ཟག་དེའི་བློ་ཞན་པ་དང་ཕྱིའི་འཁྲུལ་རྒྱུ་ཡོད་པ་བར་མ་ཆད་དང་འདྲ་བ་གཞན་འབྱུང་རྣམས་ནི་དེའི་ཚེ་ཡོད་པའི་ཕྱིར་རོ། །ཕྱིའི་འཁྲུལ་རྒྱུ་དེ་གཉིས་ཡོད་པས་འཁྲུལ་པའི་རྒྱུ་མཚན་ནི། ཁ་དོག་གི་སྐད་ཅིག་སྔ་ཕྱི་རྣམས་ཐ་དད་པ་སྟེ་མ་འདྲེས་པར་མངོན་སུམ་ལ་སྣང་ཡང་རིགས་འདྲ་བར་མ་ཆད་དུ་མཚམས་སྦྱར་བའི་དབང་གིས་རྟོག་པས་སྔ་ཕྱི་དེ་དག་ཆ་ཐ་དད་པར་མཐོང་བ་མེད་པར་གཅིག་ཏུ་ཞེན་པར་བྱེད་པའི་ཕྱིར་རོ། །སྐ་དཅིག་སྔ་ཕྱི་མ་འདྲེས་པར་མངོན་སུམ་ལ་སྣང་ཡང་སྐད་ཅིག་སྔ་ཕྱི་ཐ་དད་ཀྱི་ལྡོག་པ་མངོན་སུམ་ལ་སྣང་བ་མ་ཡིན་ཏེ། དེ་རྟོག་བཏགས་ཀྱི་སྤྱི་མཚན་ཡིན་པའི་ཕྱིར་རོ། །གང་ཟག་དེའི་ཤེས་རྒྱུད་འཁྲུལ་རྒྱུ་དེ་དག་གིས་ཟིན་ཀྱང་གང་ཟག་དེའི་མིག་ཤེས་འཁྲུལ་རྒྱུ་དེ་དག་གིས་བསླད་མི་དགོས་པ་མངོན་སུམ་འཁྲུལ་པར་ཐལ་བའི་སྐྱོན་མེད་ལ། ཤེས་རྒྱུད་ནི་ཡིད་ཤེས་ཀྱི་དབང་དུ་བྱས་པའོ། འདྲ་བ་གཞན་འབྱུང་དངོས་པོ་རྟག་པར་འཁྲུལ་པའི་རྒྱུར་དགོས་པའི་རྒྱུ་མཚན་ནི་འདི་ལྟར། རང་གི་རིགས་འདྲ་ཕྱིས་འབྱུང་བ་དང་ནི་འབྲེལ་པ་མེད་པའི་མར་མེ་རྒྱུན་འགག་ཁ་སྐད་ཅིག་ཐ་མ་ལ་སོགས་ཀྱི་འཇིག་པ་ནི་མར་མེ་ཐ་མ་མངོན་སུམ་གྱིས་མཐོང་བ་ཙམ་གྱིས་རྟགས་ལ་བལྟོས་པ་མེད་པར་བྱིས་པའི་སྐྱེ་བོའི་བར་གྱིས་ཡོངས་སུ་གཅོད་ནུས་པ་ཉིད་ཡིན་པའི་ཕྱིར། ཆོས་ཀྱི་སྡོམས་བཞིའི་ནང་ནས་འདུ་


JLD016_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སྐད་ཅིག་མར་བསྒྲུབ་པའི་རིགས་པ་གཞུང་གཞན་གང་ལས་ཀྱང་རྒྱས་པར་གཞུང་འདིར་མགོ་མཇུག་ཀུན་ཏུ་གཏན་ལ་ཕབ་པའི་དགོས་པ་ནི། ཟག་བཅས་ཐམས་ཅད་སྡུག་བསྔལ་དུ་རྟོགས་པ་ལ་འདི་རྟོགས་པ་སྔོན་དུ་འགྲོ་དགོས་ཤིང༌། དེ་སྔོན་དུ་སོང་བ་ལ་བརྟེན་ནས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་དུ་རྟོགས་པ་ན། དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་ཕུང་པོ་བདག་མེད་དུ་རྟོགས་པ་དང་མྱ་ངན་ལས་འདས་པ་ཞི་བར་རྟོགས་པ་ཕུལ་དུ་བྱུང་བས། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལ་ཚད་མའི་ལམ་ནས་དྲངས་པའི་ངེས་པ་རྣམ་པར་དག་ལ་འདྲེན་པའི་གཅེས་པའི་སྒོ་ཡིན་པའི་ཕྱིར་རོ། །དེ་མ་གྲུབ་ན་དེ་ལྟར་དེ། །རབ་ཏུ་གྲུབ་ཕྱིར་རྗེས་དཔོག་ཡིན། ཞེས་མངོན་སུམ་གྱིས་བཟུང་ཡང་མ་ངེས་པར་རྟགས་ཀྱིས་བསྒྲུབ་དགོས་པ་ཇི་ལྟ་བུ་ཞེ་ན། དེའི་དཔེ་སྟོན་པ་ནི། ས་བོན་གྱིས་མྱུ་གུ་བསྐྱེད་པའི་ནུས་པ་དང་ས་བོན་གྱི་དངོས་པོའི་རང་བཞིན་དུ་སྐྱེས་པར་གྱུར་བས་ས་བོན་མཐོང་བའི་མངོན་སུམ་གྱིས་བཟུང་བ་ཡིན་ཀྱང༌། ས་བོན་གྱི་སྐད་ཅིག་ཕྱི་མ་དེ་མ་ཐག་ཏུ་མྱུ་གུ་མེད་པས། ས་བོན་དེ་ལས་འབྲས་བུ་མྱུ་གུ་འབྱུང་བས་ས་བོན་མཐོང་བ་དང་བར་མ་ཆད་དུ་མཐོང་བ་མེད་པའི་ཕྱིར། དེ་འདྲ་བའི་འཁྲུལ་རྒྱུས་བྱས་པའི་རྨོངས་པས་ཟིལ་གྱིས་ནོན་པར་གྱུར་པའི་དབང་གིས། ས་བོན་གྱི་མྱུ་གུ་སྐྱེད་པའི་ནུས་པ་ལ་ངེས་པ་འདྲེན་ནུས་ཀྱི་ཚུལ་གྱིས་གསལ་པོར་མཐོང་བ་མེད་པའི་ཕྱིར་རོ། རྨོངས་པ་དེ་ཉིད་བཟློག་པའི་ཆེད་དུ་ནི། ས་བོན་མྱུ་གུ་བསྐྱེད་པའི་ནུས་ལྡན་དུ་བསྒྲུབ་པའི་རྗེས་


JLD016_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པ་བརྗོད་པ་ཡིན་ནོ། །ལྷས་དེ་ལྟ་མ་ཡིན་ན་གཟུང་བ་ལྟར་ངེས་པ་ལ་གེགས་བྱེད་པ་མེད་པའི་བློ་གྲོས་ཆེན་པོས་མཐོང་ཉིད་ལས་རྣམ་པ་ཐམས་ཅད་ངེས་པར་བྱེད་པས་རྗེས་དཔག་པས་ཅི་ཞིག་བྱ་ཞེས་འཆད་དོ། །འོ་ན་ཀྱང་འདི་ལྟར། དེའང་དབང་པོ་ལས་སྔར་གྲུབ། ཅེས་དང༌། འཇིག་པ་མ་ཐོང་བས་ཡོངས་གཅོད་ཉིད། ཅེས་མངོན་སུམ་གྱི་སྟོབས་ཀྱིས་མི་རྟག་པ་ངེས་པར་བཤད་པ་ནི་རགས་པའི་མི་རྟག་པ་ཡིན་པས། ཕྲ་བའི་མི་རྟག་པ་མངོན་སུམ་གྱིས་བཟུང་བའི་སྟོབས་ཀྱིས་ངེས་པར་ནུས་པ་ཡོད་དམ་སྙམ་ན། ཚུར་མཐོང་ལ་དེ་འདྲ་མེད་ཀྱི་བདེན་པའི་རྣམ་པ་མངོན་སུམ་དུ་རྟོགས་པའི་བློ་གྲོས་ཆེན་པོས་བདེན་པའི་དངོས་པོ་མངོན་སུམ་དུ་མཐོང་བ་ཉིད་ལས་དེའི་ཕྲ་བའི་སྐད་ཅིག་མའི་རྣམ་པ་ཐམས་ཅད་མ་འདྲེས་པར་ཡོངས་སུ་བཅད་པའི་སྟོབས་ཀྱིས་ངེས་པ་འདྲེན་པར་བྱེད་པ་ཡིན་ཏེ། རྣལ་འབྱོར་མངོན་སུམ་ལ་སྣང་ལ་མ་ངེས་པ་མི་སྲིད་པའི་ཕྱིར་རོ། །ཡང་ན་ནུས་པ་དངོས་པོའི་རང་བཞིན་དུ་གྱུར་པ་དེ་ཉིད་རྗེས་དཔག་ལ་མ་བལྟོས་པར་མངོན་སུམ་གྱིས་མཐོང་བ་ལྟར་ངེས་ནུས་པ་ཡོད་དམ་ཞེ་ན། བློ་གྲོས་ཆེན་པོས་ཞེས་སྦྱར་རོ། །རྟགས་ལ་བརྟེན་ནས་ཁ་དོག་མི་རྟག་པར་རྟོགས་པའི་རྗེས་དཔག་རྒྱུད་ལ་སྐྱེས་པའི་བྱེད་པ་མཉམས་པའི་གང་ཟག་འགའ་ཞིག་གིས། ཁ་དོག་འདྲ་བ་གཞན་འབྱུང་ཡོད་པ་བར་མ་ཆད་དུ་གནས་པ་མངོན་སུམ་གྱིས་མཐོང་བའི་ཚེ་ཁ་དོག་འདི་མི་རྟག་པའོ་སྙམ་པའི་ངེས་པ་སྐྱེ་


JLD016_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མངོན་སུམ་དེས་ཁ་དོག་གི་མི་རྟག་པ་རྟོགས་པའི་སྟོབས་ཀྱིས་དྲངས་པ་མ་ཡིན་གྱི། ཁ་དོག་མངོན་སུམ་གྱིས་མཐོང་བ་དེས་སྔར་ཁ་དོག་མི་རྟག་པར་རྟོགས་པ་དྲན་པའི་རྐྱེན་བྱས་ནས་དྲན་པ་ཡིན་པས། མི་རྟག་པར་ངེས་བསྔར་གྱི་རྗེས་དཔག་གི་བྱེད་པ་མཉམས་པའི་ལག་རྗེས་ཡིན་ནོ། །དེའང་དེའི་ཚེ་ཕྱིའི་འཁྲུལ་རྒྱུ་གཉིས་ཡོད་ཀྱང་ནང་གི་འཁྲུལ་རྒྱུ་རྗེས་དཔག་གི་བྱེད་པ་མཉམས་པའི་སྟོབས་ཀྱིས་མ་ཚང བས་དེའི་ཚེའང་མི་རྟག་པར་ངེས་པའི་བློ་སྐྱེ་བ་ཡིན་ལ། ཡིད་དཔྱོད་གོམས་པ་ལས་ཀྱང་དེ་ལྟར་འཛིན་པའི་བློ་སྐྱེ་བ་ཡོད་མོད་ཀྱི། དེ་ནི་ངེས་པ་ལྟར་སྣང་བ་ཡིན་གྱི་ངེས་ཤེས་དངོས་མ་ཡིན་ནོ། །ཐམས་ཅད་ལས་ནི་ཞེས་སོགས་ཤློ་ཀ་གཉིས་པོ་འདི་ལ་ལྷས་ཤློ་ཀ་དང་པོའི་འགོད། དེའི་ཕྱིར་ཞེས་པ་ལས་མཚམས་སྦྱར་གཞན་མེད་ལ། ཤློ་ཀ་ཕྱི་མའང་འདྲ་བ་གཞན་འབྱུང་སོགས་ཀྱི་འཁྲུལ་རྒྱུ་མེད་ཅིང་གོམས་པ་གསལ་བ་སོགས་ཀྱི་མཐུན་རྐྱེན་ཡོད་པའི་ཚེ་མངོན་སུམ་གྱིས་ཀྱང་རང་གིས་མཐོང་བ་དང་མཐུན་པར་ངེས་པའི་བློ་བསྐྱེད་པ་ལ་བཤད་པས། དེ་ལྟར་ན་འདི་གཉིས་སྔར་བཤད་རྣམས་ཀྱི་དོན་བསྡུར་བྱ་དགོས་སོ། །འོན་ཀྱང་རྒྱན་རྗེས་འབྲང་དང་བཅས་པས་གཉིས་ཀ་རྟོག་པ་ལ་སྦྱར་ནས་འཆད་པ་རྣམས་ཀྱི་གུང་བསྒྲིགས་ནས། དེ་དག་དང་རྗེས་སུ་མཐུན་པའི་ཚུལ་གྱིས་འདི་ལྟར་བཤད་ན་ལེགས་སོ། །སྔར་དངོས་ལས་མི་རྟག་གཞན་དུ་མེད་པར་སྨྲས་པ་དང༌། རྟོག་པས་བསྐྱེད་ཆོས་བརྗོད་བྱ་ཡིན་པར་སྨྲ་པ་ལ། ཁ་དོག་ལ་སོགས་


JLD016_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དེའི་བྱས་མི་རྟག་སོགས་ཐམས་ཅད་དངོས་པོ་ལ་ཐ་དང་ཅུང་ཟད་ཀྱང་མེད་པ་ཇི་ལྟར་གནས་པ་ལྟར་མངོན་སུམ་གྱིས་བཟུང་བ་ལ། མངོན་སུམ་དེའི་རྗེས་སུ་འབྲང་བ་དེ་དང་ཡུལ་གཅིག་ལ་དམིགས་པའི་རྟོག་པ་ལ་དེ་དག་ཐ་དད་དུ་སྣང་བ་དག་སྒྲ་ཐ་དད་སྦྱོར་བའི་རྒྱུ་མཚན་ཅི་ཞིག་ཡོད། དེ་གཉིས་འགལ་ལོ་ཞེ་ན། སྒྲ་མ་ཡིན་དང་མ་བྱས་རྟག་པ་སོགས་རིགས་མཐུན་མི་མཐུན་གྱི་ལོག་པ་ཐམས་ཅད་ལས་ནི་ལྡོག་པ་ཡི། ལྡོག་པའི་ཆོས་སོ་སོར་རྟོག་པ་ལ་སྣང་བ་རྒྱུ་མཚན་དུ་བྱས་པ་ཅན་གྱི་སྒོ་ནས། དངོས་པོ་ལ་རྫས་ཀྱི་ཆ་ཐ་དད་མེད་པའི་སྒྲ་དང་དེའི་བྱས་མི་རྟག་སོགས་ཀྱི་དོན་དེ་ལ་ནི། སྐྲ་དག་དེའི་བྱས་མི་རྟགས་སོགས་ངེས་པའི་བློ་དང༌། བློ་དེས་ཇི་ལྟར་བརྡའ་བརྟགས་པའི་སྒྲ་ནི། བུམ་སྣམ་སོགས་རྫས་ཐ་དད་ལ་བརྟེན་པ་ཅན་གྱི་སྒྲ་བློ་བཞིན་དུ་དུ་མ་འཇུག་པར་འགྱུར་རོ། །འདིས་ནི་སྒྲ་རང་མཚན་ལྟ་བུ་གཅིག་ཉིད་རང་རྒྱུ་ལས་བྱས་མི་རྟག་གི་རྫས་སུ་གྲུབ་བདེ་དབྱེར་མེད་པར་སྐྱེས་པའི་རྒྱུ་མཚན་གྱིས་སྒྲ་མ་ཡིན་དང་མ་བྱས་རྟག་པ་སོགས་ལས་ལོག་པར་དངོས་པོ་ལ་གནས་པ་ཡིན་ལ། དེ་ལྟར་གནས་པའི་དངོས་པོ་ཇི་ལྟར་གནས་པ་ལྟར་མངོན་སུམ་གྱིས་བཟུང་བས་བག་ཆགས་བཞག་པས་བསྐྱེད་པའི་སྒོ་ནས། མངོན་སུམ་དེའི་རྗེས་སུ་འབྲང་བའི་རྟོག་པ་ལ་སྒྲ་མ་ཡིན་དང་མ་བྱས་རྟག་པ་སོགས་ལས་ལོག་པར་སྣང་ཞིང༌། དེ་ལྟར་རྟོག་པ་ལ་ལོག་ས་ལོགས་སོ་སོ་ལས་ལོག་པའི་ལྡོག་པ་སོ་སོར་སྣང་བའི་སྣང་བ་སྒྲ་


JLD016_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་བྱས་ནས་སྒྲ་ཐ་དད་འཇུག་པར་བསྟན་ནས་ཕྱོགས་སྔ་མ་དེ་ལ་ལན་བཤད་པ་ཡིན་ནོ། །གལ་ཏེ་མངོན་སུམ་གྱིས་སྒྲ་རང་མཚན་ལྟ་བུ་གཅིག་མཐོང་བ་ན་དེའི་རྫས་ཀྱི་ཆ་ཐམས་ཅད་མཐོང་བ་བཞིན་དུ། རྟོག་པས་ཀྱང་སྒྲའི་ལྡོག་པ་ལྟ་བུ་གཅིག་ངེས་པ་ན་དེའི་ལྡོག་པའི་ཆོས་ཐམས་ཅད་ངས་སམ་ཞེ་ན། རྟོག་པ་རྣམས་བག་ཆགས་ཀྱིས་བསླད་པའི་འཁྲུལ་རྒྱུ་མེད་ན་གཟུགས་སྒྲ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་དེ་ཡིས་ནི་རང་གི་ངོ་བོ་ཉིད་ཀྱིས་རང་ཇི་ལྟར་གནས་པ་དང་རྗེས་སུ་མཐུན་པར་སྣང་ཡུལ་དུ་བྱེད་པའི་རང་འཛིན་རྟོག་བློ་བསྐྱེད་དགོས་ཤིང༌། དེ་ལྟ་ན་སྣང་ཡུལ་ལ་མ་འཁྲུལ་པའི་སྒྲུབ་འཇུག་ཏུ་འགྱུར་བས། སྒྲ་ལྟ་བུ་གཅིག་ངེས་པ་ན་དེའི་ལྡོག་པའི་ཆོས་ཐམས་ཅད་ངེས་དགོས་ཀྱང༌། རྟོག་པ་ཐམས་ཅད་བག་ཆགས་ཀྱིས་བསླད་པའི་སྒོ་ནས་སྣང་བཏགས་གཅིག་ཏུ་འཁྲུལ་པར་སྐྱེ་བའི་ཕྱིར། དངོས་པོ་གཅིག་ངེས་པ་ན་དེའི་ལྡོག་ཆོས་ཐམས་ཅད་ངེས་མི་དགོས་སོ་ཞེས་བཤད་ན། འདི་ལྟར་རྟགས་མེད་བྱིས་པར་གྱི། ཞེས་སོགས་དང་དོན་ཟློས་པར་མི་འགྱུར་ཞིང་ལེགས་པར་འགྱུར་རོ། །ཡང་ན་ཞེས་སོགས་ཀྱི་མཚམས་སྦྱར་དུ་ལྷས། རང་གི་སྡེ་པ་ཁ་ཅིག་ཞིག་ནས་མེད་པ་མི་རྟག་པ་ཉིད་དུ་འདོད་པ་ཇི་ལྟར་གྲུབ་པ་དེ་བསྟན་པའི་ཕྱིར། ཞེས་དང༌། ཉི་མ་སྦས་པས། བྱེ་བྲག་ཏུ་སྨྲ་བས་སྨྲས་པ། ཡང་ན་འདི་ནི་མི་དམིགས་པའི་རྟགས་ལས་འཇིག་པ་གྲུབ་ན་ནི། ཞེས་བྱ་བ་ཡིན་ཏེ། ཞེས་བཤད་པ་དག་གི་ལུགས་ཀྱིས། ཤློ་ཀ་འདི་རང་སྡེ་གཞན་ཞིག་འཇིག་དོན་གཅིག་ཏུ་འདོད་པའི་ལུགས་རྗོད་པར་


JLD016_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །འོན་ཀྱང་གོང་འོག་གཞན་གང་དུའང་བྱེ་བྲག་སྨྲ་བའི་ལུགས་ལ་འདི་ལྟར་རོ་ཞེས་པའི་འདོད་པ་མི་འདྲ་བ་བརྗོད་པ་དང༌། མུ་སྟེགས་ལ་རང་ལུགས་ཀྱི་ལན་འདེབས་ལུགས་འདི་ལྟར་བྱེད་ཅིང༌། བྱེ་བྲག་སྨྲ་བ་འདི་ལྟར་བྱེད་དོ་ཞེས་བརྗོད་པ་ལན་ཅིག་ཀྱང་མ་བྱུང་བ་ལ་འདི་ཁོ་ནའི་སྐབས་སུ་འདི་ལྟར་བཤད་པ་ལ་དགོས་པ་ཅི་ཞིག་གཟིགས་ཞེས་བསམ་པར་བྱ་དགོས་པར་མངོན་ནོ། །དེའང་སྔར་ཁ་དོག་མི་རྟག་པར་རྟོགས་པ་རྟགས་ལ་བརྟེན་ན་རྗེས་དཔག་དང་མངོན་སུམ་གྱིས་དྲངས་ན་དཔྱད་ཤེས་ཡིན་པས་ཚད་མ་གསུམ་པ་མ་ཡིན་པར་སྨྲས་པ་ལ། ཁ་ན་རེ་ཁ་དོག་རྒྱུན་འགག་ཁ་མ་དུས་གཉིས་པར་ཞིག་ནས་མེད་པར་གྱུར་པ་ཉིད་ཁ་དོག་དེའི་མི་རྟག་པ་ཡིན་གྱི། ཁ་དོག་གི་མི་རྟག་པ་ཁ་དོག་གི་རྫས་མ་ཡིན་པས་མངོན་སུམ་ཚད་མས་མ་གྲུབ་ཅིང༌། བྱས་སོགས་ཀྱི་རྟགས་ལས་རྟོགས་པའང་མ་ཡིན་པས། དེ་རྟོགས་པའི་ཚད་མ་གསུམ་པའོ་ཞེ་ན། དེ་ལྟར་ན་རང་སྡེ་ཞིག་འཇིག་དོན་གཅིག་ཏུ་འདོད་པ་དག་དང་འདྲ་བར་ཁས་བླངས་པར་སོང་ལ། དེ་ལྟ་ནའང་ཚད་མ་གསུམ་པ་འདོད་མི་དགོས་ཏེ། མི་རྟག་པ་ཁ་དོག་གི་རྫས་ཡིན་པ་ལས་ཡང་ན། ཁ་དོག་ཞིག་ནས་མེད་པ་ཁ་དོག་གི་མི་རྟག་པ་ཡིན་པའི་ལུགས་འདིར་ནི་མ་དམིགས་པའི་རྟགས་ལས་ཁ་དོག་གི་འཇིག་པ་གྲུབ་པ་ཡིན་དགོས་པའི་ཕྱིར་ཏེ། ལུགས་དེ་ལ་སྔར་བྱུང་དངོས་པོ་ཕྱིས་མེད་པར་གྱུར་པ་དངོས་པོ་དེ་མི་རྟག་ཅེས་པའི་དོན་དུ་ནི་བརྗོད་པ་ཡིན་ལ།


JLD016_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་ཐ་མ་དེ་ལྟ་བུ་སྔར་མངོན་སུམ་གྱིས་དམིགས་པ་དུས་གཉིས་པར་མ་དམིགས་པས་དེ་དུས་གཉིས་པར་མེད་པ་གྲུབ་པ་ཡིན་པའི་ཕྱིར་རོ། །ཞིག་འཇིག་དོན་གཅིག་པ་རང་ལུགས་ལ་མི་འདོད་པར་མ་ཟད། ཁ་དོག་རྒྱུན་འགག་ཁ་མ་དུས་གཉིས་པར་ཞིག་པའང་རྗེས་དཔག་གིས་འགྲུབ་པར་རང་ལུགས་ལ་ཁས་བླང་དུ་མི་རུང་སྟེ། དེའི་འཇིག་པ་མངོན་སུམ་གྱིས་གྲུབ་ཚུལ་གོང་དུ་བརྗོད་པ་དག་དང་ཤིན་ཏུ་འགལ་བར་འགྱུར་བའི་ཕྱིར་རོ། །ཁ་དོག་གི་མི་རྟག་པ་ཁ་དོག་གི་རྫས་ཡིན་པའི་རང་ལུགས་ལ་ཁ་དོག་གི་མི་རྟག་པ་ཚད་མ་གང་གིས་གྲུབ་པ་དང༌། ཞིག་འཇིག་དོན་གཅིག་ཏུ་ཁས་བླངས་ཀྱང་ཚད་མ་གསུམ་པ་ཡོད་མི་དགོས་པའི་ཚུལ་བཤད་པའི་ཞར་ལ། རིགས་པ་ཅན་པའི་མི་རྟག་པའི་འདོད་ཚུལ་འགོག་པ་ནི། རིགས་པ་ཅན་པ་གང་གི་ལུགས་ལ། མི་རྟག་པ་ཁ་དོག་ལས་རྫས་གཞན་དུ་མེད་པ་དང༌། ཁ་དོག་ཞིག་པའི་དངོས་མེད་གང་ལའང་ཁ་དོག་གི་མི་རྟག་པ་ཞེས་པའི་དྲུག་སྒྲ་སྦྱོར་བ་མི་འཐད་དེ། བརྡའ་སྤྲོད་པའི་གཞུང་ལས་ཐ་དད་པ་ལ་ནི་དྲུག་པའོ་ཞེས་པས། ལྷ་སྦྱིན་དང་རིལ་པ་ལྟ་བུ་རྫས་ཐ་དད་པ་ཁོ་ན་ལ་དྲུག་སྒྲ་སྦྱོར་བས་སོ། །དེས་ན་ཁ་དོག་གི་མི་རྟག་པ་ཁ་དོག་ལས་རྫས་གཞན་དུ་གྱུར་པ་ཡིན་ལ། དེའང་ནམ་མཁའ་སོགས་ཀྱང་མི་རྟག་པར་ཐལ་བར་འགྱུར་བས་ཡོད་པ་ཙམ་མི་རྟག་པ་མིན་ཀྱང༌། མཐའ་གཉིས་ཀྱིས་ཆད་པའི་དབུས་ན་ཡོད་པ་ཞེས་པར་ཡོད་པ་ཁྱད་པར་བ་དང༌། ཡོད་པ་དེ་ལ་འཕྲོད་འདུའི་འབྲེལ་པ་གྲུབ་པ་དེ་ཉིད་བརྗོད་པའི་ངང་ཚུལ་ཅན་གྱི་


JLD016_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ནི་མི་རྟག་པ་བརྗོད་པ་ཉིད་ཀྱི་སྒྲ་ཡིན་པར་སྨྲའོ། །ལྷའི་འགྲེལ་པར། ཆོད་ཡོད་དང༌། ཞེས་འམ་སྒྲ་མེད་པ་ལེགས་སོ། །དེའི་ལུགས་ལ་མཐའ་དེ་དག་གང་ལ་བརྗོད་ཅེས་དྲིས་པས། གལ་ཏེ་སྔ་ན་མེད་པ་དང་ཕྱིས་མེད་པ་གཉིས་ཡིན་ནོ་ཞེ་ན། མཐའ་གཉིས་པོ་དེ་ཉིད་དེའི་མི་རྟག་པ་ཅིས་མ་ཡིནཞེས་དྲིས་པས། སྔར་མེད་ཕྱིས་མེད་དེ་གཉིས་དངོས་མེད་ཡིན་པས་དངོས་པོའི་མི་རྟག་པ་ཞེས་པའི་དྲུག་པ་དང༌། ལ་སོགས་པས་དངོས་པོ་ལ་མི་རྟག་པ་གནས་ཞེས་པའི་གནས་གཞིའི་བདུན་པ་སོགས་སྦྱོར་བ་མི་རུང་བའི་ཕྱིར་ཞེ་ན། འོ་ན་མཐའ་གཉིས་པོ་དེ་ལ་དངོས་པོའི་སྔ་ན་མེད་པ་དང་དངོས་པོའི་ཕྱིས་མེད་པའི་དྲུག་སྒྲ་དེ་ཇི་ལྟར་རུང་སྟེ་མི་རུང་བར་ཐལ། དེ་གཉིས་དངོས་པོར་མེད་པའི་ཕྱིར། ཡོད་པ་ཉིད་དང་འཕྲོད་འདུའི་འབྲེལ་པ་ཆོས་ཅན། མཐའ་གཉིས་པོ་དེ་ཡིས་ཁྱད་པར་དུ་བྱས་པར་འགྱུར་བ་མིན་པར་ཐལ། རྟག་པའི་ཕྱིར། རྟགས་གསལ་ཁས་སོ། །གལ་ཏེ་རྒྱུ་འབྲས་གཉིས་པོ་མཐའ་ཡིན་ནོ་ཞེ་ན། ཁྱད་པར་དུ་བྱེད་ཆོས་རྒྱུ་འབྲས་ཀྱང་མེད་པ་ཉིད་དུ་འགྱུར་ཏེ། སྔར་མེད་དང་དངོས་པོའི་འབྲེལ་པ་མེད་པའི་ཕྱིར་རོ། །རྟགས་ཁས་བླངས་ཏེ། རིགས་པ་ཅན་པ་དེ་ཡིས་ནི་དངོས་པོ་སྔར་གསར་སྐྱེ་འདོད་པ་མིན་པས་སོ། །དེས་ན་རིགས་པ་ཅན་པ་དེ་ལ་རྒྱུ་འབྲས་གཉིས་པོ་དེ་ཡིས་ཁྱད་པར་དུ་བྱས་པ་ཅན་མི་རྟག་པར་བརྗོད་པ་དེའང་མི་འགྲུབ་པར་ཐལ། ཁྱད་པར་བྱེད་ཆོས་དེ་གཉིས་མི་འགྲུབ་པའི་ཕྱིར། སྔར་མེད་གསར་


JLD016_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེའི་འབྲས་བུ་ཁས་མི་ལེན་གྱི། མྱུ་གུ་སྔར་ནས་གྲུབ་ཟིན་པར་ཡོད་པ་དེ་ཉིད་རང་རྒྱུ་ས་བོན་དང་འཕྲོད་འདུའི་འབྲེལ་པ་བྱེད་པ་པོ་ཡིན་པའི་ཕྱིར་ན་རྒྱུ་ཞེས་གྲག་གོ །ལྷའི་འགྲེལ་པར་ཡོད་ཉིད་རང་རྒྱུ་དང་འབྲེལ་པ་བྱེད་པའི་ཕྱིར་ནི་རྒྱུ་ཡིན་ནོ། ཞེས་འབྱུང་བ་ལྟར་རྐང་པ་དང་པོ་ལ་རང་སྒྲ་གཅིག་ལས་མེད་པ་ལེགས་སོ། །འོ་ན་དེ་གཉིས་ཀྱི་འཕྲོད་འདུའི་འབྲེལ་པ་འདི་རང་བྱེད་པ་པོའི་འབྲས་བུ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། སྔར་ནས་ཡོད་པའི་མྱུ་གུ་ཉིད་ས་བོན་དེ་དང་འབྲེལ་པའི་འཕྲོད་འདུའི་འབྲེལ་པ་དེའང་རྟག་པ་ཡིན་པའི་ཕྱིར་ནའོ། །ས་བོན་དང་མྱུ་གུ་ལ་འཕྲོད་འདུའི་འབྲེལ་པ་གང་ཟག་གི་སྔར་མེད་པ་དེ་བྱེད་པ་པོས་བྱེད་ན་ཁྱོད་རང་གི་ཁས་བླངས་དང་འགལ་ཏེ་འདི་ལྟར། ས་མྱུག་གི་དངོས་པོ་འཕྲོད་འདུའི་འབྲེལ་པ་སྔར་མེད་པ་བྱེད་པ་པོ་ལ་བརྟེན་ནས་ཕྱིས་ལྡན་པ་ཁྱོད་ཀྱི་ལུགས་ལ་རུང་བ་མིན་ཏེ། ཁྱོད་འབྲེལ་པ་གསར་བྱུང་ཁས་ལེན་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཁྱོད་ཀྱི་ལུགས་ལ་དངོས་པོ་རིལ་འདི་རྟག་པར་འགྱུར་བས། བདག་ལྟ་བུའི་དངོས་པོ་འགའ་ཞིག་རྟག་ལ་མཐའ་གཉིས་ཀྱིས་ཆོད་པའི་ཡོད་པས་ཁྱད་པར་དུ་བྱས་པའི་དངོས་པོ་མི་རྟག་པ་ཡིན་པའི་རྣམ་དབྱེ་མེད་པར་འགྱུར་རོ། །ལྡན་ཞེས་པ་དང་རིལ་འདི་ཞེས་པའི་ཚིག་གི་ནུས་པ་ཐོན་པ་དགོས་སོ། །དེས་ན་རིགས་པ་ཅན་གྱིས་མི་རྟག་པ་རྫས་གཞན་དང་ལྡན་པས་སྒྲའི་མི་རྟག་པ་ཞེས་སོགས་ཀྱི་སྒྲ་བློ་འཇུག་པར་འདོད་པ་ཁེགས་ཤིང་སྒྲ་དང་དེའི་མི་རྟག་པ་སོགས་རྫས་ཐ་དད་དུ་མེད་པར་གྲུབ་པ་


JLD016_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར། རང་ལ་སྣང་བ་དོན་དུ་མེད་ཀྱང་དོན་དུ་སྒྲོ་འདོགས་པ་སྟེ་བཏགས་པའི་སྒོ་ནས་སྣང་བཏགས་གཅིག་ཏུ་སྣང་བའི་སྒོ་ནས་བརྗོད་བྱ་སྒྲ་དང་མི་རྟག་པ་ཐ་དད་པ་ལྟ་བུར་སྣང་བ་ཅན་གྱི་བློ་སྐྱེ་བ་ནི་དེ་གཉིས་ལོག་ས་ཐ་དད་པར་གནས་པའི་ལྡོག་པ་ཐ་དད་ལ་བརྟེན་པ་ཅན་ཡིན་ལ། དེར་མ་ཟད་དངོས་པོ་ལ་ཐ་དད་མེད་པའི་དོན་དུ་མངོན་པར་འདོད་པ་ཅན་གྱི་སྒྲ་བྱས་མི་རྟག་པ་སོགས་ལ་སྒྲ་ཐ་དད་སྦྱོར་བ་ལའང་དེ་དག་ལོག་ས་སོ་སོ་ལས་ལོག་པའི་ལྡོག་པ་ཐ་དད་པའི་རྟེན་ཅན་ཡིན་ནོ། ཞེས་པ་སྟེ། ལྷ་དབང་བློ་ལྟར་ན། དྲུག་སྦྱར་བ་ཆོས་ཆོས་ཅན་རྫས་ཐ་དད་པའི་རྒྱུ་མཚན་ལ་བལྟོས་མི་དགོས་པ་དེའི་ཕྱིར་དངོས་པོ་དང་སྔ་ན་མེད་པ་སོགས་རྫས་ཐ་དད་མེད་པའི་དོན་དུ་མངོན་པར་འདོད་པ་ཅན་དག་ལ་དངོས་པོའི་སྔ་ན་མེད་པ་ཞེས་སོགས་ཀྱི་དྲུག་སྒྲ་སྦྱོར་བ་ལའང༌། བརྗོད་བྱ་རྫས་ཐ་དད་བ་དག་ལ་དྲུག་སྒྲ་སྦྱོར་བ་དང་ངང་ཚུལ་མཚུངས་པ་ཅན་གྱི་རྒྱུ་མཚན་ནི་ལྡོག་པ་ཐ་དད་པའི་ཆོས་ཆོས་ཅན་ཉིད་རྟེན་ཏེ་རྒྱུ་མཚན་ཡིན་ནོ་ཞེས་འཆད་ཅིང༌། བརྗོད་བྱ་ཐ་དད་ཚུལ་ཅན་ནི། ཞེས་འདོན་ནོ། །ད་ནི་མདོར་ཡང་ཡང་ངོ་ཤེས་པ་མ་ཡིན་ཞེས་པ་རྩ་འགྲེལ་གྱི་དོན་བཤད་ནས་ཁྱད་པར་མཐོང་བ་ཚད་མ་གསུམ་པ་ཡིན་པར་སྨྲས་པ་དེའི་ལན་འཆད་པ་ལ། སྔར་ཁང་ནང་དུ་མངོན་སུམ་གྱིས་མཐོང་བའི་ཙནྡན་གྱི་མེའི་ཁྱད་པར་རང་མཚན་དེ་ཉིད་ཕྱིས་ཕྱི་རོལ་ནས་ཁང་ནང་དེར་དུ་བ་འཕྱུར་བ་མཐོང་བའི་དུས་ཀྱི་ངོ་ཤེས་ཀྱི་ཚད་མས་བཟུང་བའི་སྒོ་ནས་དེ་


JLD016_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡུལ་གཅིག་ཁོ་ན་ལ་ཐུན་མོང་དུ་འཇུག་པའི་ཚད་མ་མ་ཡིན་པར་ཐལ་མངོན་གསུམ་གྱིས་མཐོང་བའི་དུས་ཀྱི་ཁང་ནང་གི་ཙནྡན་གྱི་མེ་དང༌། ཕྱིས་ཕྱི་རོལ་ནས་དུ་བ་མཐོང་བའི་དུས་ཀྱི་ཁང་ནང་གི་མེ་གཉིས་སྐད་ཅིག་སྔ་ཕྱི་སོ་སོར་ཐ་དད་པའི་ཕྱིར། ཞེས་པ་འདིས། གཅིག་ལའང༌། དུམ་ཉིད་ནི་འཇུག་ཕྱིར་ཏེ། །དཔེར་ན་ཁྱད་པར་མཐོང་བ་བཞིན། ཞེས་སྨྲས་པ་དེ་འགོག་པ་ཡིན་ནོ། །ཁྱད་པར་མཐོང་ལ་རྟགས་དང་ནི། །འབྲེལ་བ་རྟོགས་པ་མེད་པའི་ཕྱིར། །དེ་ནི་ཚད་མ་གཞན་ཡིན་ནོ། ཞེས་སྨྲས་པ་དེ་ཉིད་ལ་ཁྱད་པར་མཐོང་བའི་ཚད་མ་ཞེས་པ་གང་ལ་ཟེར་བརྟགས་ནས་འགོག་པ་ནི། གལ་ཏེ་ཁྱད་པར་མཐོང་བའི་ཚད་མ་ཞེས་པ་དེ་སྔར་ཁང་ནང་དེར་ཙནྡན་གྱི་མེ་མཐོང་ཞིང་ཕྱིས་ཕྱི་རོལ་ནས་དུ་བ་མཐོང་བ་ན། སྔར་ཁང་ནང་ན་ཙནྡན་གྱི་མེ་ཡོད་པ་དང་མཚུངས་པར་ད་ལྟའང་ཁང་ནང་འདི་ན་ཙནྡན་གྱི་མེ་ཡོད་དོ་སྙམ་པ་ལ་འདོད་དམ། དེ་ལྟར་མཐོང་བ་ན་སྔར་གྱི་ཙནྡན་གྱི་མེ་དེ་ཉིད་ད་ལྟའང་ཁང་ནང་འདི་ན་ཡོད་དོ་སྙམ་དུ་འཛིན་པ་ལ་འདོད་དམ། ཕྱི་རོལ་ནས་དུ་བ་མཐོང་བས་རྐྱེན་བྱས་ཏེ། སྔར་ཁང་ནང་འདི་ན་ཙནྡན་གྱི་མེ་ཡོད་དོ་སྙམ་དུ་འཛིན་པ་ལ་འདོད། དང་པོ་ལྟར་ན། བློ་དེ་ཆོས་ཅན། ཙནྡན་གྱི་མེའི་ཁྱད་པར་སྔར་ཁང་ནང་དུ་མངོན་སུམ་གྱིས་མཐོང་བའི་དུས་ཀྱི་ཙནྡན་གྱི་མེ་དེ་ཁོ་ནའི་ཡུལ་ཅན་ཉིད་ཀྱང་མིན་པར་ཐལ། སྔར་ཁང་ནང་དེར་ཙནྡན་གྱི་མེ་མཐོང་བ་དང་མཚུངས་པར། ད་ལྟའང་ཁང་ནང་དེར་ཙནྡན་གྱི་མེ་ཙམ་དེ་ཡོད་པར་འཛིན་པའི་བློ་ཡིན་པའི་ཕྱིར་རོ། །གལ་ཏེ་སྔར་ཁང་ནང་དེར་


JLD016_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་གྱི་མེ་མངོན་སུམ་གྱིས་མཐོང་བ་དེ་ཉིད་ད་ལྟའང་ཁང་ནང་འདིར་སྔར་གྱི་ཙནྡན་གྱི་མེ་དེ་ཡོད་པའི་དཔེར་བྱས་ནས་འཛིན་པ་ཡིན་པའི་ཕྱིར་ན་སྔར་མཐོང་བའི་དུས་ཀྱི་ཙནྡན་གྱི་མེ་དེ་མ་ཡིན་པའི་ཙནྡན་གྱི་མེ་སྤྱི་ཙམ་ཡོད་པར་འཛིན་པ་མིན་ཞེ་ན། དེ་ལྟ་ན་གང་ཟག་དེས་ཕྱིས་ཕྱི་རོལ་ནས་དུ་བ་མཐོང་བའི་སྔ་རོལ་ཏུ་ཁང་ནང་དེར་སྔར་མཐོང་བའི་ཙནྡན་གྱི་མེ་གྲུབ་ཟིན་མ་བརྗེད་པར་ཡོད་པར་ཐལ། དེ་ཉིད་ཁང་ནང་དེར་ད་ལྟའང་སྔར་གྱི་ཙནྡན་གྱི་མེ་ཡོད་པར་གང་ཟག་དེས་ངེས་པར་བྱེད་པའི་ཕྱིར་དཔེ་ཡིན་པའི་ཕྱིར། འདོད་ན། ཁང་ནང་དེར་སྔར་ཡོད་པའི་ཙནྡན་གྱི་མེ་དེ་ལ་གང་ཟག་དེས་ངེས་པའི་ཐབས་སུ་སྔར་གྱི་མངོན་སུམ་ལས་ཚད་མ་གཞན་འཇུག་པས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། འདོད་པ་དེའི་ཕྱིར་རོ། །གལ་ཏེ་སྔར་གྲུབ་ཀྱང་ཕྱིར་བརྗེད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ཉིད་ཕྱིར་ན་དེའི་དཔེར་རིགས་པ་མ་ཡིན་ཏེ། དེའི་ངོར་དེ་བསྒྲུབ་དགོས་པའི་ཕྱིར་རོ། །འདི་དག་ལ་ཊཱིཀ་བྱེད་སྔ་མ་དག་ཁྱད་པར་ཡུལ་ཅན་ཞེས་པའི་ཁྱད་པར་ནི་རང་མཚན་དང༌། སྤྱི་འཛིན་ཞེས་པ་སྤྱི་མཚན་འཛིན་པའི་རྗེས་དཔག་ལ་འཆད་པ་མང་བ་ལྟར་ན་སྔ་མ་རང་མཚན་གཟུང་ཡུལ་དུ་བྱེད་པ་བཀག་པ་དང༌། ཕྱི་མ་སྤྱི་མཚན་གཟུང་ཡུལ་དུ་མི་བྱེད་པའི་དོགས་སྤོང་བཀོད་པར་བྱ་དགོས་ཀྱང་ཧ་ཅང་འགྲིག་པར་མ་མཐོང་ངོ༌། །གལ་ཏེ་བརྟག་པ་གཉིས་པ་ལྟར་ཁས་ལེན་པ་ཡིན་ཏེ། སྔར་མཐོང་བའི་ཙནྡན་གྱི་མེ་ལ་ཕྱིས་དུ་བ་མཐོང་བའི་དུས་ཀྱི་ཙནྡན་གྱི་མེ་དེའི་


JLD016_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོར་ནི་སྔར་མ་གྲུབ་པ་ཁྱད་པར་མཐོང་བའི་ཚད་མས་གྲུབ་ཅིང་འཇལ་བ་ཡིན་པས། ཚད་མ་གཞན་གྱིས་ཅི་ཞིག་བྱ་ཞེས་པའི་སྐྱོན་མེད་དོ། ཞེས་ན། འོ་ན་ཁྱད་པར་མཐོང་བའི་ཚད་མར་ཁྱོད་ཀྱིས་སྨྲས་པའི་བློ་དེ་ཆོས་ཅན། ཁྱོད་ཀྱི་ཞེན་ངོར་གྲུབ་པའི་དོན་དེ་ཚད་མས་གྲུབ་པ་ཅན་ཉིད་མ་ཡིན་པར་ཐལ། སྔར་གྱི་ཁང་ནང་གི་ཙནྡན་གྱི་མེ་ལས་དངོས་པོ་གཞན་ལ་མེ་དེ་ཉིད་དུ་སྒྲོ་འདོགས་པའི་ཕྱིན་ཅི་ལོག་གི་བློ་ཡིན་པའི་ཕྱིར། དངོས་པོ་གཞན་ཡིན་པ་མ་གྲུབ་སྟེ་དེ་གཉིས་གཅིག་ཡིན་ནོ་ཞེ་ན། དེ་ལྟ་ན་སྔར་མངོན་སུམ་དུ་མཐོང་བ་དང་ཕྱིས་ཅིག་ཤོས་ལྐོག་ཏུ་གྱུར་པའི་ཁང་ནང་གི་མེ་སྔ་ཕྱི་གཉིས་གཅིག་གྲུབ་པའི་དུས་ན་གཉིས་ཀ་གྲུབ་པར་ཐལ། དེ་གཉིས་གཅིག་ཡིན་པའི་ཕྱིར། གལ་ཏེ་བརྟག་པ་གསུམ་པ་ལྟར་ཏེ། ཕྱིས་ཕྱི་རོལ་ནས་དུ་བ་མཐོང་བས་རྐྱེན་བྱས་ནས་སྔར་ཁང་ནང་འདི་ན་ཙནྡན་གྱི་མེ་ཡོད་དོ་སྙམ་དུ་འཛིན་པ་ལ་འདོད་དོ་ཞེ་ན། དེ་འདྲའི་བློ་ནི་མཁས་པས་དྲན་པ་དཔྱད་ཤེས་ཡིན་པར་ཤེས་ཏེ། ཕྱི་རོལ་ནས་དུ་བ་མཐོང་བས་གཞན་མངོན་སུམ་ཚད་མས་སྔར་མཐོང་བའི་མེ་དང་ཕྱིས་ཀྱི་བློ་ཡུལ་ཡུལ་ཅན་དུ་མཚམས་ནི་སྦྱོར་བའི་རྐྱེན་བྱས་ནས་སྔར་ཁང་ནང་འདི་ན་ཙནྡན་གྱི་མེ་ཡོད་དོ་སྙམ་དུ་ཞེན་པའི་བློ་ཡིན་པའི་ཕྱིར། ཊཱིཀ་བྱེད་གཞན་དག་ཕྱིས་ཀྱི་མེ་དང་གཞན་སྔར་གྱི་མེ་གཉིས། གཅིག་ཏུ་མཚམས་ནི་སྦྱོར་བ་ཡིས། །ཞེན་པ་མཁས་པས་དྲན་པར་ཤེས། ཞེས་སྨྲ་བ་ནི་ལོག་ཤེས་སུ་སྨྲས་མ་ཐག་དཔྱད་ཤེས་སུ་སྨྲ་བ་ངོ་མཚར་ཆེའོ། །གལ་ཏེ་དེ་དུ་བའི་རྟགས་


JLD016_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བལྟོས་པའི་ཕྱིར་ཚད་མ་སྔ་མས་བཟུང་ཟིན་དྲན་པ་མིན་ནོ་ཞེ་ན། རྟོགས་པ་ལ་བལྟོས་པས་དྲན་པ་མིན་པར་བསྒྲུབ་པ་འཐད་པ་མ་ཡིན་པར་ཐལ། དེ་ལྟར་བསྒྲུབ་པ་ཁྱབ་པ་འཁྲུལ་པའི་ཕྱིར་རོ། །དཔེར་ན་རྗེས་དཔག་རིགས་རྒྱུན་ཕྱི་མ་རྣམས་ལྟ་བུའོ། །དེ་ལྟར་ཚད་མ་དང་གཞལ་བྱའི་གྲངས་ལ་ལོག་པར་རྟོག་པ་བསལ་ནས། ད་ནི་མངོན་སུམ་ཚད་མའི་རང་གི་ངོ་བོ་ལོག་པར་རྟོག་པ་སེལ་བར་འཆད་དོ། །དེའང་ངོ་བོ་ལ་ལོག་རྟོག་སེལ་བའི་ཚུལ་ནི་གཙོ་བོར་མཚན་ཉིད་རྟོག་བྲལ་མ་འཁྲུལ་བ་ལ་ལོག་རྟོག་སེལ་བ་ཡིན་ལ། དེ་ལའང་དབང་པོ་ལ་བརྟེན་ནས་ཡུལ་གཟུགས་སོགས་མངོན་དུ་བྱེད་པའི་རྣམ་པར་འཛིན་པའི་དབང་ཤེས་འདི་རྣམས་ལྟ་བུ་མཚན་གཞི་རྒོལ་བ་ཐམས་ཅད་ཀྱིས་གྲུབ་ཟིན་པ་འདི་དག་ལ་ནི་མཚན་ཉིད་དེ་དག་ལ་མཚན་ཉིད་རྟོག་བྲལ་ཞུགས་པར་བསྒྲུབས་པས་ཆོག་གི་མཚན་གཞི་སྔོན་དུ་བསྒྲུབ་མི་དགོས་ལ། ཡིད་མངོན་དང་རང་རིག་དང་རྣལ་འབྱོར་མངོན་སུམ་རྣམས་ནི་མཚན་གཞི་དེ་དག་སྔར་མ་གྲུབ་པའི་ངོར་སྔོན་དུ་མཚན་གཞི་བསྒྲུབས་ནས། གདོད་དེ་དག་ལ་མཚན་ཉིད་རྟོག་བྲལ་ཞུགས་པར་བསྒྲུབ་པ་ཡིན་ནོ། །དེ་ལ་མངོན་སུམ་ཚད་མའི་མཚན་ཉིད་ལ་ལོག་རྟོག་སེལ་པ་འཆད་པའི་ཐོག་མ་འདིར། སློབ་དཔོན་ཆོས་མཆོག་གིས་འཐད་ལྡན་དུ་སྤྱི་དོན་གྱིས་མཐའ་དཔྱད་པ་རྒྱས་པར་གསུངས་པའི་སྤྱི་དོན་དེ་ཉིད་ལ་དོན་ཚན་རྣམ་པ་བཞིར་ཡོད་དེ། མཚན་གཞི་རྗེས་བརྗོད་དང་མཚན་ཉིད་བསྒྲུབ་པའི་


JLD016_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲའི་ཁྱད་པར་དང༌། མཚན་ཉིད་ཀྱིས་རིགས་མི་མཐུན་དང་ལོག་རྟོག་སེལ་ཚུལ་གྱི་དགོས་པའི་ཁྱད་པར་དང༌། མཚན་ཉིད་འདི་མདོ་སེམས་གཉི་གའི་ཐུན་མོང་བའམ་མདོ་སྡེ་པའི་ཐུན་མོང་མིན་པ་གང་ཡིན་དཔྱད་པ་དང༌། མངོན་སུམ་ལ་མ་འཁྲུལ་བ་དགོས་ན་དབང་ཤེས་རྣམས་ཡུལ་གྱི་རང་བཞིན་ལ་འཁྲུལ་བས་མངོན་སུམ་མ་ཡིན་པར་ཐལ་བའི་དོགས་པ་བཅད་པའོ། །འདི་དག་འཆད་པའི་འགྲེལ་ཚིག་གི་དོན་རྫོགས་པ་དང་ཚིག་གི་འབྲུ་གཉེར་བའི་བཤད་པ་ཤིན་ཏུ་གལ་ཆེ་བར་ཡོད་མོད་ཀྱང༌། དིང་སང་གི་ཉན་པ་པོ་དག་གི་བློ་ལ་བལྟོས་པ་ན། རྫིང་བུ་ཆུང་དུ་དག་ཏུ་ཆུ་བོ་ཆེན་པོ་བཞི་ཕབ་པ་ལྟར་འགྱུར་དུ་དོགས་ཤིང་གླེགས་བམ་ཆེ་བས་འཇིགས་ཏེ་རྒྱས་པར་མ་བྲིས་ཀྱི། དོན་གྱི་འགག་བསྡུས་པ་ཉུང་དུ་ཙམ་ཞིག་བརྗོད་པར་བྱའོ། །དེ་ལ་དང་པོ་ནི། འཐད་ལྡན་དུ། མངོན་སུམ་ཞེས་བྱ་བ་ནི་མཚན་གཞི་རྗེས་སུ་བརྗོད་པ་སྟེ། མངོན་སུམ་གྱིས་བརྗོད་པར་བྱ་བ་མངོན་སུམ་དུ་བྱེད་པའི་ཤེས་པ་རབ་ཏུ་གྲགས་པ་དེ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའོ། ཞེས་སོགས་རྒྱས་པར་གསུངས་པ་དག་གི་དོན། རྣམ་པར་བཞག་འཇོག་ལ་མཚན་མཚོན་དུ་བྱས་པའི་མཚོན་བྱ་རྗེས་བརྗོད་དང་མཚན་ཉིད་བསྒྲུབ་པར་འཆད་པ་ཡིན་པའི་ལུགས་སུ་བྱས་ནས། ལོ་ཙཱ་བ་ཆེན་པོ་དཔོན་སློབ་གྱིས། ཆོས་མཆོག་རང་གི་ལུགས་བཞག་པ་མི་འཐད་པ་དང༌། ཞི་བ་བཟང་པོ་སོགས་ཀྱི་ལུགས་བཀག་པ་མི་འཐད་པ་སོགས་ཀྱི་དགག་བྱ་རྒྱས་པར་མཛད་པ་དང༌། ཆོས་མཆོག་གི་ལུགས་འཐད་པར་འདོད་པའི་སྔ་མ་དག་ཀྱང་རྣམ་པར་བཞག་


JLD016_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་གི་དབང་དུ་བྱས་ནས་ཚུལ་དེ་ཁས་ལེན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཆོས་མཆོག་གི་བཞེད་པ་མ་གོ་བའི་དགག་སྒྲུབ་འབའ་ཞིག་བྱས་པར་ཟད་དོ། །དེའང་སློབ་དཔོན་ཆོས་མཆོག་ནི་མངོན་སུམ་དང་རྟོག་བྲལ་མ་འཁྲུལ་པའི་ཤེས་པ་སྐབས་འདིར་རྣམ་པར་བཞག་འཇོག་ཏུ་བཞེད་ཀྱི། དོན་མངོན་དུ་བྱེད་པའི་རྣམ་པས་འཛིན་པའི་ཤེས་པ་མངོན་སུམ་གྱི་འཇོག་བྱེད་དུ་བཞེད་པ་མིན་ཏེ། དེ་ལ་རྟོག་བྲལ་མ་འཁྲུལ་བས་མ་ཁྱབ་པའི་ཕྱིར་ཏེ། གཞན་དུ་ན་དབང་ཤེས་འཁྲུལ་པ་དག་སྐབས་འདིར་མངོན་སུམ་མ་ཡིན་པར་རྒྱས་པར་ཆོས་མཆོག་རང་ཉིད་ཀྱིས་བསྒྲུབས་པ་དག་ཀྱང་ཡིད་ལམ་བཞག་པར་ཐལ་བའི་ཕྱིར་རོ། །དེས་ན་མངོན་སུམ་གྱི་སྒྲའི་དོན། དོན་མངོན་དུ་བྱེད་བས་ན་མངོན་སུམ་ཞེས་པ་ཙམ་དང༌། དེའི་མཚན་གཞི་གཟུགས་འཛིན་དབང་ཤེས་སོགས་སྤྱོད་པ་པ་ལ་སོགས་པས་ཀྱང་གྲུབ་ཟིན་ཡང༌། དེ་དག་ལ་མཚན་ཉིད་རྟོག་བྲལ་མ་གྲུབ་པར་རྟོག་བཅས་སུ་ལོག་པར་རྟོག་པས། དེའི་ཕྱིར་ཁོ་རང་ལ་གྲུབ་ཟིན་པ་དོན་མངོན་དུ་བྱེད་པའི་ཤེས་པའམ་མཚན་གཞི་གཟུགས་འཛིན་མིག་ཤེས་ལྟ་བུ་དེ་ཉིད་གྲུབ་ཟིན་རྗེས་སུ་བརྗོད་ནས། དེའི་སྟེང་དུ་མཚན་ཉིད་རྟོག་བྲལ་མ་གྲུབ་པ་བསྒྲུབ་པའི་ཕྱིར་དུ་བརྗོད་པ་ལ། མཚོན་བྱའམ་མཚན་གཞི་རྗེས་བརྗོད་ཀྱི་སྒྲ་དང་མཚན་ཉིད་བསྒྲུབ་པའི་སྒྲ་ཞེས་གསུངས་པ་ཡིན་པར། འཐད་ལྡན་ལས་གང་གི་ཕྱིར་མངོན་དུ་བྱེད་པའི་ཤེས་པ་རབ་ཏུ་གྲུབ་པ་ལ། ལོག་པར་རྟོག་པས་མ་ཤེས་པའི་རྟོག་པ་


JLD016_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་ལ་སོགས་པ་ཤེས་པར་བྱེད་པ་ཡིན་ཏེ། དེས་ན་ཤེས་པར་གྱུར་པའི་མངོན་དུ་བྱེད་པ་ཉིད་ནི་མངོན་སུམ་གྱི་སྒྲས་རྗེས་སུ་བརྗོད་པ་ཡིན་ལ། མི་ཤེས་པའི་མཚན་ཉིད་ནི་ཤེས་པར་བསྒྲུབ་པ་ཡིན་ནོ། ཞེས་བསལ་བར་བཤད་པ་ལས་ཤེས་པའི་ཕྱིར་རོ། །འཐད་ལྡན་དུ་སྐབས་འདིར་ཞི་བ་བཟང་པོའི་འདོད་པ་འགོག་པ་ནི། ཞི་བ་བཟང་པོས་རྣམ་ངེས་ཀྱི་གཞུང་མངོན་སུམ་རྟོག་བྲལ་མ་འཁྲུལ་བ། ཞེས་པ་འདིས་མིང་འདིའི་དོན་གང་ཡིན་ཞེས་པ་དང་དོན་འདིའི་མིང་གང་ཡིན་ཞེས་པ་ལ། མངོན་སུམ་གྱི་མིང་དོན་འབྲེལ་པར་བྱེད་པ་ཡིན་ནོ། ཞེས་འདོད་པ་འགོག་པ་སྟེ། དེའང་ཚུལ་དེ་སྐབས་སུ་མ་བབ་སྟེ། སྤྱིར་ཚད་མའི་གྲངས་སོགས་དང༌། ཁྱད་པར་མངོན་སུམ་རྟོག་པ་དང་འཁྲུལ་པ་ཡོད་པར་ལོག་པར་རྟོག་པ་སེལ་བའི་སྐབས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། མིང་དང་མིང་ཅན་འབྲེལ་པར་བྱེད་པ་ལ་ད་དུང་མིང་ཅན་མ་གྲུབ་པའི་ཕྱིར་དང༌། མཚན་ཉིད་ལ་ལོག་རྟོག་བསལ་དགོས་པ་མ་བསལ་བར་མིང་དང་མིང་ཅན་འབྲེལ་བར་བསྟན་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། ཞེས་པ་གནོད་བྱེད་དངོས་གཞི་ཡིན་ལ། དེའི་འཕྲོས་དོན་ལྷག་མ་དག་མངས་པར་འགྱུར་བས་མ་བྲིས་སོ། །དོན་ཚན་གཉིས་པ་མཚན་ཉིད་ཉེ་བར་བཟུང་བའི་དགོས་པ་སྟོན་པ་ནི། འཐད་ལྡན་ལས། འདིར་ཡང་མཚན་ཉིད་གཞན་རྣམ་པར་བཅད་པ་ནི་མ་ཡིན་གྱི། འོན་ཀྱང་ལོག་པར་རྟོག་པ་བསལ་བའི་དོན་ཡིན་ནོ། ཞེས་སོགས་ཀྱིས་རྒྱས་པར་གསུངས་པའི་དོན་བསྡུས་ན་འདི་ཡིན་ཏེ། སྤྱིར་མཚན་ཉིད་ལ་རིགས་


JLD016_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་སེལ་བ་དང་ལོག་རྟོག་སེལ་བ་གཉིས་ལས། འདིར་མཚན་ཉིད་ལ་རྟོག་བྲལ་དང་མ་འཁྲུལ་བ་གཉི་ག་སྨོས་པ་རིགས་མི་མཐུན་བཅད་པའི་དོན་མ་ཡིན་གྱི་ལོག་རྟོག་བསལ་བའི་དོན་དུ་ཡིན་ནོ། །རིགས་མི་མཐུན་གྱི་དབང་དུ་བྱས་ན། གཞི་དེ་ལ་ཚད་མ་སྤྱིའི་མཚན་ཉིད་གསར་དུ་མི་སླུ་བ་ཞུགས་པར་བསྒྲུབས་པས་ཡང་དག་ཤེས་པར་གྲུབ་ཟིན་པ་ཉིད་ཀྱིས་རིགས་མི་མཐུན་ཚད་མིན་བསལ་ཟིན་ལ། ཡང་དག་ཤེས་པ་གཞིར་བྱས་ལ་རྟོག་བྲལ་སྨོས་པའི་བསལ་བྱ་རྗེས་དཔག་ཉིད་ཡིན་ཞིང༌། མ་འཁྲུལ་བ་སྨོས་པའི་བསལ་བྱའང་རྗེས་དཔག་ཉིད་ཡིན་ཏེ། ཡང་དག་ཤེས་པ་གཞིར་བྱས་ལ་རྟོག་པ་ཡིན་པའང་རྗེས་དཔག་ལས་མེད་ལ། འཁྲུལ་པ་ཡིན་པའང་རྗེས་དཔག་ལས་མེད་པའི་ཕྱིར་རོ། །དེས་ན་ཡང་དག་ཤེས་པར་བསྒྲུབས་ཟིན་པ་གཞིར་བྱས་ལ་རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན་དེ་གཉིས་གང་རུང་རེ་རེས་ཆོག་ཀྱང༌། ལོག་རྟོག་སེལ་བའི་ཆེད་དུ་གཉིས་སྨོས་ཏེ། དབང་པོ་མིག་སེར་གྱིས་ཉམས་པར་བྱས་པའི་ཤེས་པ་ལྟ་བུ་འཁྲུལ་པ་ཁ་ཅིག་མངོན་སུམ་དུ་འདོད་པ་དང༌། སྤྱིར་ཡང་དག་ཤེས་པར་གྲུབ་ཟིན་པའི་གཟུགས་འཛིན་མིག་ཤེས་སོགས་ཀྱང་རྟོག་པར་འདོད་པ་དགག་པའི་ཆེད་ཡིན་ནོ། །”དེས་ན་མངོན་སུམ་ཚད་མའི་མཚན་ཉིད་ཀྱི་བསལ་བྱ་ལ་ཚད་མ་དང་ཚད་མ་ཡིན་པ་གཉིས་ལས། ཚད་མིན་ནི་གསར་དུ་མི་སླུ་བར་གྲུབ་པ་ཉིད་ཀྱིས་བསལ་ཟིན་ལ། མངོན་


JLD016_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་མ་ཡིན་པའི་ཚད་མ་རྗེས་དཔག་ཁོ་ནར་ངེས་ཤིང༌། དེ་རྟོག་བྲལ་སྨོས་པས་བསལ་ཟིན་ཀྱང༌། མ་འཁྲུལ་པ་སྨོས་པ་ལོག་རྟོག་གཞན་བསལ་བའི་ཆེད་དུ་ཡིན་ལ། ཡང་མངོན་སམ་མ་ཡིན་པའི་ཚད་མ་རྗེས་དཔག་ཁ་ནར་ངེས་ཤིང༌། དེ་མ་འཁྲུལ་བ་སྨོས་པས་བསལ་ཟིན་ཀྱང༌། རྟོག་བྲལ་སྨོས་པའང་ལོག་རྟོག་གཞན་བསལ་བའི་ཆེད་དུ་ཡིན་པས་གཉི་ག་སྨོས་པ་ནི་ལོག་རྟོག་སེལ་བའི་དགོས་པ་ལ་བལྟོས་པའོ། །དེ་ཕྱིར་ཁ་ཅིག་མིག་སེར་གྱིས་དབང་པོ་ཉམས་པར་བྱས་པའི་ཤེས་པ་རྟོག་པ་ཡིན་པའི་རྒྱུ་མཚན་གྱིས་མངོན་སུམ་མ་ཡིན་པར་འཇོག་པ་དང༌། ཁ་ཅིག་དེའང་དོན་ཙམ་ལ་མི་སླུ་བ་དང་རྟོག་མེད་ཡིན་པས་མངོན་སུམ་དུ་འཇོག་པའི་ལོག་རྟོག་དེ་དག་མ་འཁྲུལ་བ་སྨོས་པས་སྤངས་པ་ཡིན་ནོ། །དོན་ཚན་གསུམ་པ་མཚན་ཉིད་འདི་མདོ་སེམས་གང་གི་དབང་དུ་བྱས་པའི་དོགས་པ་གཅོད་པ་ནི། འཐད་ལྡན་ལས། གཞན་དག་མདོ་སྡེ་པ་བཞིན་དུ་རྣལ་འབྱོར་སྤྱོད་པའི་གཞུང་བསྡུ་བའི་དོན་དུ་མི་སླུ་བར་བྱེད་པ་ལ་མི་འཁྲུལ་བར་ཤེས་པ་དེ་ནི་མི་རིགས་སོ། ཞེས་གསུངས་ཏེ། ཁ་ཅིག་རྟོག་བྲལ་མ་འཁྲུལ་བ་མངོན་སུམ་གྱི་མཚན་ཉིད་དུ་གསུངས་པ་འདི་མདོ་སེམས་གཉི་གའི་ཐུན་མོང་གི་དབང་དུ་མཛད་པ་ཡིན་ལ། དེས་ན་མ་འཁྲུལ་བའི་དོན་སྣང་ཡུལ་ལ་མ་འཁྲུལ་བ་མ་ཡིན་གྱི། མི་སླུ་བ་ཙམ་ལ་མི་འཁྲུལ་བར་ཐ་སྙད་མཛད་པའོ། ཞེས་འདོད་པ་འགོག་པ་ཡིན་ལ། སློབ་དཔོན་དུལ་བའི་ལྷའང་དེ་ལྟར་འདོད་དོ། །དེ་དགག་པ་ལ། མི་འཁྲུལ་བའི་སྒྲའི་དོན་གཟུང་


JLD016_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་མི་འཁྲུལ་བ་ཡིན་པར་བསྒྲུབ་པ་དང༌། མི་སླུ་བ་ལ་འདོད་པ་དགག་པའོ། །དང་པོ་ནི། གང་གི་ཕྱིར་སློབ་དཔོན་གྱིས་མ་འཁྲུལ་བའི་སྒྲའི་དོན་དེ་ལྟ་བུར་གྱུར་པ་ཡིན་པར་ནི་མི་བཞེད་དེ། འཁྲུལ་བའི་མཚན་ཉིད་ནི་ཕྱིན་ཅི་ལོག་ཏུ་སྣང་བ་ཡིན་ནོ་ཞེས་དེ་དང་དེར་གསུངས་པའི་ཕྱིར་རོ། ཞེས་གསུངས་ཏེ། འདིའི་མ་འཁྲུལ་བའི་ལྡོག་ཟླའི་འཁྲུལ་པ་ནི་སྣང་བ་ཕྱིན་ཅི་ལོག་ལ་གསུངས་པས་སྣང་ཡུལ་ལ་འཁྲུལ་བ་ལ་གསུངས་པའི་ཕྱིར་ཞེས་པའོ། །ཡང་འཐད་ལྡན་ལས། དངོས་པོ་མི་སྣང་བའི་ཕྱིར་རྣམ་པར་རྟོག་པ་ནི་མངོན་སུམ་ལྟར་སྣང་བའོ་ཞེས་གསུངས་པ་ནའང་མངོན་སུམ་ནི་དངོས་པོ་སྣང་བ་དོན་བྱེད་པའི་དངོས་པོའི་རང་བཞིན་ལ་མ་འཁྲུལ་བ་ཡིན་པར་བརྗོད་པ་ཡིན་ནོ། །གང་ཡང་རྗེས་སུ་དཔག་པ་ནི་དེ་མ་ཡིན་པ་ལ་དེར་འཛིན་པའི་ཕྱིར་འཁྲུལ་པར་འགྱུར་བ་ན། གལ་ཏེ་མངོན་སུམ་དེ་ལས་བཟློག་པར་མི་བཞེད་ན་རྗེས་སུ་དཔག་པ་འཁྲུལ་བ་ཉིད་དུ་བརྗོད་པས་ཅི་ཞིག་བྱ། བཟློག་པར་བཞེད་དོ་ཞེ་ན། འོ་ན་དེ་ནི་བཟུང་བ་ལ་ཕྱིན་ཅི་ལོག་པས་འཁྲུལ་བ་ཡིན་ལ། དེ་ལས་བཟློག་པས་མངོན་སུམ་མ་འཁྲུལ་བ་ཡིན་པའི་ཕྱིར་མངོན་སུམ་བཟུང་བ་ལ་ཕྱིན་ཅི་ལོག་པས་མ་འཁྲུལ་ལོ་ཞེས་བྱ་བར་གྲུབ་བོ། ཞེས་གསུངས་ཏེ། རྟོག་པ་མངོན་སུམ་མ་ཡིན་ཏེ། དངོས་པོ་རང་མཚན་མི་སྣང་བ་སྟེ་སྣང་ཡུལ་དུ་མི་བྱེད་པའི་ཤེས་པ་ཡིན་པའི་ཕྱིར་ཞེས་གསུངས་པ་ནའང༌། མངོན་སུམ་ཡིན་ན་དངོས་པོ་ཇི་ལྟར་གནས་པ་དང་མཐུན་པར་སྣང་བ།


JLD016_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་ཡུལ་དོན་བྱེད་ནུས་པ་ལ་མ་འཁྲུལ་བ་ཡིན་པར་བརྗོད་པའི་ཕྱིར། གཞན་ཡང་རྗེས་དཔག་དེ་མ་ཡིན་ལ་དེར་འཛིན་པས་འཁྲུལ་བར་ཡང་ཡང་གསུངས་པ་ན། མངོན་སུམ་དེ་ལས་བཟློག་པར་མི་བཞེད་ན་རྗེས་དཔག་འབའ་ཞིག་འཁྲུལ་བ་དེ་ལྟ་བུར་ཡང་ཡང་གསུངས་པ་ལ་དགོས་པ་མེད་ལ། མངོན་སུམ་དེ་ལས་བཟློག་པར་བརྗོད་ན་རྗེས་དཔག་ནི་གཟུང་ཡུལ་ལ་འཁྲུལ་བ་ཡིན་གྱི་ཞེན་ཡུལ་ལ་འཁྲུལ་བ་མ་ཡིན་ལ། རྗེས་དཔག་གི་འཁྲུལ་ཚུལ་དེ་ལས་བཟློག་པའི་སྒོ་ནས་མངོན་སུམ་མ་འཁྲུལ་བ་ཡིན་པའི་ཕྱིར་ན་མངོན་སུམ་གཟུང་ཡུལ་ལ་མ་འཁྲུལ་བ་ཡིན་པར་གྲུབ་བོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་ནི། འཐད་ལྡན་ལས། གཞན་ཡང་མངོན་སུམ་ནི་ཡང་དག་པའི་ཤེས་པའི་དབྱེ་བ་ཉིད་ཡིན་ནོ། །དེ་ལ་ཡང་དག་པའི་ཤེས་པ་རྟོག་པ་དང་བྲལ་ཞིང་མི་འཁྲུལ་བ་ཞེས་བྱ་བའི་ངག་ལ། མ་འཁྲུལ་བའི་སྒྲས་ཡང་དག་པའི་ཤེས་པའི་རྣམ་གྲངས་མི་སླུ་བའོ་དོན་ཉེ་བར་ལེན་པ་ནི་དོན་མེད་པ་ཉིད་དོ། ཞེས་གསུངས་ཏེ། དོན་ནི། རྣམ་ངེས་སུ། ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་ནི་རྗེས་དཔག །ཅེས་བྱ་བའོ། །འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། ཞེས་པའི་སྐབས་སུ་བསླུ་བ་མེད་པས་ཡང་དག་ཤེས་པར་གོང་དུ་བསྒྲུབས་ཟིན་ནས། ཡང་དག་ཤེས་པར་གྲུབ་ཟིན་པ་གཞིར་བྱས་པ་ལ། མངོན་སུམ་གྱི་མཚན་ཉིད་བསྒྲུབ་པའི་ཚེ། མངོན་སུམ་རྟོག་བྲལ་མ་འཁྲུལ་བ་ཞེས་གསུངས་པའི་མ་


JLD016_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་བའི་དོན་མི་སླུབ་བ་ཡིན་ན། ཡང་དག་ཤེས་པར་གྲུབ་ཟིན་པའི་མིག་ཤེས་ལྟ་བུ་མངོན་སུམ་དུ་དེའི་ངོར་མཚོན་པ་ན། ཡང་དག་པའི་ཤེས་པ་གང་རྟོག་པ་དང་བྲལ་ཞིང་ཡང་དག་པའི་ཤེས་པ་ཡིན་པ་ཞེས་བརྗོད་པ་ལ་དོན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནས་སྐབས་འདི་དག་རྣམ་རིག་པ་དང་ཐུན་མོང་དུ་བཤད་དུ་མི་རུང་བར་སྟོན་པ་ནི་འཐད་ལྡན་ལས། གལ་ཏེ་རྣལ་འབྱོར་སྤྱོད་པའི་གཞུང་ཡང་ཐམས་ཅད་དུ་རྗེས་སུ་འཇུག་པར་བྱེད་པ་ཡིན་ན། སློབ་དཔོན་གྱིས་རྗེས་སུ་དཔག་པ་ཉིད་བཟུང་བ་ལ་ཕྱིན་ཅི་ལོག་པ་ཉིད་ཡིན་ནོ་ཞེས་བྱ་བ་དང༌། དོན་གྱི་མཐུ་སྟོབས་ཀྱིས་སྐྱེ་བས་རྟོག་པ་མེད་པ་ཉིད་དུ་གསུངས་པར་ཅིའི་ཕྱིར་རྗེས་སུ་འཇུག་པར་མི་བྱེད། ཅེས་གསུངས་ཏེ། རྗེས་དཔག་འབའ་ཞིག་གཟུང་ཡུལ་ལ་འཁྲུལ་བ་དང་དབང་པོའི་མངོན་སུམ་གཟུང་དོན་གྱི་མཐུ་ལས་སྐྱེས་པས་རྟོག་བྲལ་དུ་བསྒྲུབ་པ་སོགས་རྣམ་རིག་ལ་སྦྱར་དུ་མི་རུང་བའི་དོན་ཏོ། །འོ་ན་རྣམ་རིག་པའི་མངོན་སུམ་གྱི་མཚན་ཉིད་སྐབས་གང་དུའང་མ་བསྟན་པར་འགྱུར་རོ་སྙམ་ན། དེའི་དོགས་པ་གཅོད་པ་འཐད་ལྡན་ལས། དེའི་ཕྱིར་རྣམ་རིག་པ་ཙམ་དུ་སྨྲ་བ་ལ་ནི་སློབ་དཔོན་བག་ཆགས་བརྟན་པ་དང་མི་བརྟན་པ་དག་གིས་རྣམ་པར་འཇོག་པ་མཐོང་ལ། འདིར་ནི་དོན་མེད་ན་མི་འབྱུང་བ་ལས་ཞེས་དེ་ལྟ་བུ་ལ་སོགས་པ་གསུངས་པས་ན་ཕྱི་རོལ་གྱི་དོན་གྱི་ཚུལ་ཉིད་བཞེད་པ་ཡིན་ནོ། །དེའི་ཕྱིར་སྔར་བཤད་པ་ཉིད་མ་འཁྲུལ་བའི་དོན་ཡིན་ནོ་ཞེས་གསུངས་ཏེ། རྟོག་པ་དང་བྲལ་བ་ལ་


JLD016_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་བརྟན་མི་བརྟན་གྱི་ཁྱད་པར་གྱིས་མངོན་སུམ་ཡིན་མིན་གྱི་རྣམ་དབྱེ་གསུངས་པས་རྣམ་རིག་པའི་ལུགས་ཀྱི་མངོན་སུམ་གྱི་མཚན་ཉིད་ཤེས་ལ། རྟོག་བྲལ་མ་འཁྲུལ་བ་ཕྱི་རོལ་ཁས་བླངས་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལྟར་ན་མདོ་སྡེ་པའི་སྐབས་སུ་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་དང༌། རྣམ་རིག་པའི་སྐབས་སུ་བག་ཆགས་བརྟན་བྱུང་གི་རྟོག་བྲལ་གྱི་ཤེས་པ་མངོན་སུམ་གྱི་མཚན་ཉིད་ཡིན་པ་འགྲེལ་པ་འདིས་རྒྱས་པར་བཤད་པ་འདི་ཉིད་ལེགས་པར་ཤེས་པ་གལ་ཆེ་བར་སྣང་སྟེ། བོད་ཀྱི་མཁས་པ་དག་ལའང་མཚན་ཉིད་འདི་མདོ་སེམས་གཉི་གའི་སྐབས་སུ་ཁས་ལེན་དགོས་པར་བཟུང་ནས། ཁ་ཅིག་མ་འཁྲུལ་བའི་དོན་འཇུག་ཡུལ་ལ་མ་འཁྲུལ་བ་ལ་བྱེད་པ་དང༌། ཁ་ཅིག་སེམས་ཙམ་པའི་ལུགས་ལའང་ཚུར་མཐོང་དབང་ཤེས་སྣང་ཡུལ་ལ་མ་འཁྲུལ་བར་སྨྲ་བ་སོགས་གང་ཅིའང་རུང་བའི་འཆད་ཚུལ་མང་བར་མཐོང་བའི་ཕྱིར་རོ། །དོན་ཚན་བཞི་པ་ནི་འཐད་ལྡན་ལས། ཁ་ཅིག་ཟླ་བ་གཉིས་ལ་སོགས་པའི་ཤེས་པའང༌། ཞེས་སོགས་ཀྱིས་ནི། འགྲེལ་བྱེད་ཁ་ཅིག་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་མངོན་སུམ་ཚད་མ་ཡིན་པར་བཟློག་པའི་དོན་དུ་མ་འཁྲུལ་བ་སྨོས་པ་མི་རིགས་ཏེ། དེ་ཆ་འགའ་ཞིག་ལ་མི་སླུ་བའི་ཚད་མ་ཡིན་པའི་ཕྱིར་དང༌། ཕྱོགས་གླང་གིས་ཀྱང་མངོན་སུམ་གྱི་མཚན་ཉིད་དུ་མི་འཁྲུལ་བ་སྨོས་པར་མ་མཛད་པར། རྟོག་པ་དང་བྲལ་མངོན་སུམ་མོ། ཞེས་གསུངས་སོ། །ངེས་ཤེས་ཀྱི་ཡུལ་ཐམས་ཅད་ལ་མི་སླུ་བ་ཚད་མར་


JLD016_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་དོན་དུ་མི་སླུ་བ་སྨོས་ནའང་མི་རིགས་ཏེ། དོན་གྱི་བདག་ཉིད་ཐམས་ཅད་ལ་མི་སླུ་བའི་ཚུར་མཐོང་གི་ཤེས་པ་འགའ་ཡང་མེད་པའི་ཕྱིར་རོ་ཞེས་ཟེར་བའི་འདོད་པ་བཀད་ནས། དེ་ལྟར་ན་བྱིས་པའི་རྟོག་པ་ཡར་བཅད་ཆ་གཅིག་ལའང་མི་སླུ་བ་མ་ཡིན་པའི་ཤེས་པ་ཁྱེད་ལྟར་ན་མེད་དགོས་པས་སློབ་དཔོན་ཕྱོགས་གླང་གིས་མངོན་རྗེས་གཉིས་འབའ་ཞིག་ཚད་མར་གསུངས་པ་མི་འཐད་པར་ཐལ་བས་འགོག་པ་སྟེ་འགྲེལ་པ་ཉིད་ལས་ཤེས་སླའོ། །དབང་ཤེས་རྣམས་ཡུལ་གྱི་རང་བཞིན་ལ་འཁྲུལ་བས་མངོན་སུམ་མ་ཡིན་པར་ཐལ་བའི་དོགས་པ་བཀོད་པ་ནི། འཐད་ལྡན་ལས། གལ་ཏེ་རང་བཞིན་འགལ་བ་འཛིན་པ་འཁྲུལ་བའི་ཕྱིར་ཚད་མ་མ་ཡིན་པར་འགྱུར་ན། སྔོན་པོ་ལ་སོགས་པར་སྣང་བའང་འཁྲུལ་བར་ཐལ་བར་འགྱུར་ཏེ། རྡུལ་ཕྲ་རབ་མ་འདྲེས་པ་རྣམས་ལ་འདྲེས་པ་ཉིད་དུ་འགལ་བར་འཛིན་པའི་ཕྱིར་རོ་ཞེ་ན། ཞེས་གསུངས་ཏེ། དེའི་དོན་ནི། གལ་ཏེ་དངོས་པོའི་གནས་ཚོད་དང༌། འགལ་བར་འཛིན་པ་འཁྲུལ་པས་མངོན་སུམ་ཚད་མར་མི་རུང་ན། སྔོ་འཛིན་དབང་ཤེས་འཁྲུལ་བར་ཐལ། སྔོན་པོའི་རྡུལ་ཕྲ་རབ་རྣམས་མ་འདྲེས་པ་གསིལ་བུར་གནས་པ་ལ་འདྲེས་པར་འཛིན་པའི་ཕྱིར། འདོད་ན་མངོན་སུམ་མ་ཡིན་པར་ཐལ་ལོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ཕྱི་རོལ་ཁས་བླངས་ནས་ལན་འདེབས་ཚུལ་ཇི་ལྟ་བྱ་བ་ནི། འཐད་ལྡན་ལས། སྨྲས་པ། འདིར་རེ་ཞིག་ཕྱི་རོལ་གྱི་དོན་གྱི་ཚུལ་གྱིས་རྣམ་པར་


JLD016_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དོན་འཛིན་པར་བྱེད་པ་དང༌། རྡུལ་ཕྲ་རབ་རྣམས་ཕྱོགས་ཐ་དད་བས་བྱས་པའི་འགལ་བ་དང་མི་ལྡན་པར་ཁས་བླངས་ནས་མཚན་ཉིད་བརྗོད་པར་བྱའོ། ཞེས་གསུངས་ཏེ། དེའི་དོན་ནི། སྔོན་པོ་རགས་པ་ཡིན་ཞིང་ཕྱོགས་ཆ་ཐ་དད་པའི་འགལ་བའི་ཆོས་ལྡན་ཡིན་ཀྱང༌། སྔོ་འཛིན་མིག་ཤེས་ལ་སྔོན་པོ་རགས་པ་དང་ཆ་བཅས་ཀྱི་ལྡོག་པ་སྣང་མི་དགོས་པ་དང༌། སྔོན་པོའི་རྡུལ་ཕྲ་རབ་སོ་སོ་བ་རྣམས་ཕྱོགས་ཀྱི་ཆ་མེད་དུ་གནས་པ་ཁས་བླངས་ནས་དོགས་པ་དེ་སྤང་དགོས་པའི་དོན་ཡིན་ལ། གཞན་ཡང་འཐད་ལྡན་དུ། སྔོར་སྣང་དབང་ཤེས་ཀྱིས་སྡོ་རྡུལ་ཕྲ་རབ་རྣམས་རང་བཞིན་འདྲེས་པར་འཛིན་པའི་དོན་ཅི་ཞིག །དེ་རྣམས་རང་བཞིན་མ་འདྲེས་པར་གནས་པ་མིག་ཤེས་ལ་རང་བཞིན་འདྲེས་པར་སྣང་བ་ལ་བྱེད་དམ། གོ་ས་སོ་སོར་གནས་པ་གོ་ས་གཅིག་ཏུ་འཛིན་པ་ལ་བྱེད་དམ། བར་སྟོངས་དང་བཅས་པར་གནས་པ་བར་སྟོངས་མེད་པར་འཛིན་པ་ལ་བྱེད་དམ། རེག་རྡུལ་ལྟ་བུ་དབང་ཤེས་རིགས་མི་མཐུན་གྱི་གཟུང་ཡུལ་གྱིས་བར་ཆོད་པར་གནས་པ་བར་མ་ཆོད པར་འཛིན་པ་ལ་བྱེད་ཅེས་མཐའ་བཞིར་བརྟགས་ནས་ལན་རྒྱས་པར་མཛད་པ་དེ་དག་གི་དོན་ཤེས་པ་མདོ་སྡེ་པའི་གྲུབ་མཐའ་ལ་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། འོན་ཀྱང༌། དོན་གཞན་དང་ནི་མངོན་འབྲེལ་ཕྱིར། ཞེས་པའི་སྐབས་སུ་ཞིབ་པར་འཆད་པར་འགྱུར་བ་ལས་ཤས་པའི་ཕྱིར་འདིར་མ་བྲིས་སོ། །སློབ་དཔོན་ལྷ་དབང་བློའི་འགྲེལ་པར། མངོན་སུམ་རྟོག་དང་བྲལ་བ་ཅན། ཞེས་བྱ་


JLD016_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པ་སྨོས་ཏེ། དབང་པོ་ལ་བརྟེན་པས་ན་མངོན་སུམ་ཞེས་བྱ་བ་འདིས་ནི་མཚན་ཉིད་ཀྱི་གཞི་བསྟན་ཏོ། །རྟོག་དང་བྲལ་བ་ཅན་ཞེས་བྱ་བ་ནི་མཚན་ཉིད་ཡིན་ཏེ། ཞེས་བཤད་པའི་མཚན་ཉིད་ཀྱི་གཞི་ཞེས་པ་ནི། སློབ་དཔོན་ཆོས་མཆོག་གི་བཞེད་པས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ་ཞེས་པའི་རྣམ་ངེས་ཀྱི་གཞུང་ཚིག་གི་མངོན་སུམ་ཞེས་པ་རྣམ་པར་བཞག་བྱ་བརྗོད་པ་མ་ཡིན་གྱི། མངོན་སུམ་གྱི་སྒྲའི་དོན། དོན་མངོན་དུ་བྱེད་པ་ཞེས་པ་དང༌། གཟུགས་འཛིན་མིག་ཤེས་སོགས་གྲུབ་ཟིན་གྱི་མཚན་གཞི་རྗེས་སུ་བརྗོད་པར་བཞེད་པ་དེ་དང་འདྲ་བའི་མཚན་གཞི་ལ་ལྷ་དབང་བློ་བཞེད་པ་མ་ཡིན་གྱི། རྟོག་བྲལ་མ་འཁྲུལ་བའི་མཚན་ཉིད་གང་ལ་འཇུག་པའི་གཞི། མཚན་ཉིད་དེའི་རྣམ་པར་བཞག་བྱར་གྱུར་པའི་མངོན་སུམ་ཉིད་ལ་བྱས་ནས། མངོན་སུམ་རྟོགས་དང་བྲལ་བར་ནི། ཞེས་པའི་མངོན་སུམ་ཞེས་པ་མཚོན་བྱ་རྗོད་པར་བྱེད་པ་འགྲེལ་པ་དེའི་ལུགས་ཡིན་ལ། མཚོན་བྱ་ལ་མཚན་གཞིའི་སྒྲ་སྦྱར་བ་ནི་དུ་མ་ཞིག་ཏུ་འབྱུང་ངོ༌། །དེའང་ཞི་བ་བཟང་པོའི་འདོད་པ་ཆོས་མཆོག་གིས་ཕྱོགས་སྔར་མཛད་པ་དེ་དང་འདྲ་བར། མཚོན་བྱ་མངོན་སུམ་བརྗོད་ནས་རྟོག་བྲལ་མ་འཁྲུལ་པ་དང་མིང་དང་མིང་ཅན་གྱི་འབྲེལ་པ་ཤེས་པར་བྱེད་པ་ཡིན་པ་འདིའི་ལུགས་སུ་མངོན་ཏེ། དྲངས་མ་ཐག་པ་དེའི་འགྲེལ་བཤད་དུ་ཤཱཀྱ་བློས། མཚན་གཞི་བསྟན་ཏོ། ཞེས་བྱ་བ་ནི་མངོན་སུམ་ནི་མཚོན་པར་བྱ་བའི་གཞི་ཉིད་ཡིན་པའི་


JLD016_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །རྟོག་པ་དང་བྲལ་བ་ཅན་ཞེས་བྱ་བའི་མཚན་ཉིད་ཀྱིས་མངོན་སུམ་མཚོན་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྟོག་པ་དང་བྲལ་པ་ཉིད་བསྟན་ནས་མངོན་སུམ་ཉིད་སྟོན་པར་བྱེད་པ་ཡིན་ཏེ། རྟོག་པ་དང་བྲལ་བའི་ཤེས་པ་ནི་མངོན་སུམ་གྱི་མིང་ཅན་ཡིན་ནོ་ཞེས་མིང་དང་མིང་ཅན་གྱི་འབྲེལ་པ་བྱེད་པའི་ཕྱིར་རོ། ཞེས་བཤད་པས་སོ། །དེ་ལྟར་སྤྱི་དོན་གྱི་མཐའ་དཔྱད་ནས། ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། འདི་ལ་གཉིས། མངོན་སུམ་ཡང་དག་ལ་ལོག་རྟོག་བསལ་བ་དང༌། ཟློག་ཕྱོགས་མངོན་སུམ་ལྟར་སྣང་བཤད་པའོ། །དང་པོ་ལ་བཞི། དབང་པོའི་མངོན་སུམ་དང༌། ཡིད་ཀྱི་མངོན་སུམ་དང༌། རང་རིག་མངོན་སུམ་དང༌། རྣལ་འབྱོར་མངོན་སུམ་ལ་ལོག་རྟོག་བསལ་བའོ། །དང་པོ་ལ། ཐོག་མར་གཞུང་གི་བསྡུ་བ་བརྗོད་པར་བྱ་སྟེ། དེའང་ཚད་མ་མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། ཞེས་གསུངས་པ་རྩ་འགྲེལ་གྱི་དོན་རྟོག་བྲལ་དུ་བསྒྲུབ་པའི་རིགས་པ་རྒྱས་པར་བཤད་པའི་སྒོ་ནས་འཆད་པ། མངོན་སུམ་རྟོག་དང་བྲལ་བར་ནི། ཞེས་པ་ནས། བརྟེན་ནས་མིག་བློ་སྐྱེ་བར་འགྱུར། ཞེས་བྱ་བའི་བར་རོ། །དེའི་ཞར་བྱུང་དབང་པོའི་མངོན་སུམ་གྱི་ཐ་སྙད་ལ་རྩོད་པ་སྤང་བའི་ཕྱིར་དུ་མདོར། ཐུན་མོང་མིན་པའི་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། ཞེས་གསུངས་པ་རྩ་འགྲེལ་གྱི་དོན་འཆད་པ། གལ་ཏེ་མངོན་སུམ་ཤེས་བསྐྱེད་ལ། ཞེས་སོགས་སོ། །


JLD016_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་རྟོག་བྲལ་ལ་ལུང་འགལ་སྤང་བ་མདོར། དེར་དོན་དུ་མས་བསྐྱེད་པའི་ཕྱིར། །རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན། ཞེས་གསུངས་པ་རྩ་འགྲེལ་གྱི་དོན་རྒྱས་པར་འགྲེལ་བ་ནི། བསགས་པ་དག་ནི་ཚོགས་པ་ཡིན། ཞེས་སོགས་སོ། །དེའི་མཇུག་ཏུ་མདོར། དུ་མའི་ངོ་བོའི་ཆོས་ཅན་ནི། །དབང་པོ་ལས་རྟོགས་སྲིད་མ་ཡིན། །རང་རང་རིག་བྱ་ཐ་སྙད་ཀྱིས། །བསྟན་མིན་ངོ་བོ་དབང་པོའི་ཡུལ། ཞེས་སོགས་གསུངས་པ་རྩ་འགྲེལ་གྱི་དོན་རྣམ་པར་འགྲེལ་བ། ཆོས་ཅན་ཐམས་ཅད་ལས་ལྡོག་པ། ཞེས་པ་ནས། བྱེད་པ་ཡིན་ཞེས་བརྗོད་ཟིན་ཏོ། ཞེས་བྱ་བའི་བར་ཏེ། འདི་དག་དབང་ཤེས་རྟོག་བྲལ་ལ་རིགས་པ་དང་འགལ་བ་སྤོང་བར་བཤད་དུ་རུང་ངོ༌། །འདི་ནི་མཁས་གྲུབ་ཆོས་རྗེས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །


previousམངོན་གསུམ་ལེའུའི་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་ཆོས་རྗེས་མཛད་པ། next