Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  expand section
   
   
   
སྤྱོད་འཇུག་ཤེས་རབ་ལེའུའི་ཊཱིཀྐི་བློ་གསལ་བ།
   
   
   
   


 
previousསྤྱོད་འཇུག་ཤེས་རབ་ལེའུའི་ཊཱིཀྐི་བློ་གསལ་བ། next

སྤྱོད་འཇུག་ཤེས་རབ་ལེའུའི་ཊཱིཀྐི་བློ་གསལ་བ།


JLD016_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་འཇུག་ཤེས་རབ་ལེའུའི་ཊཱིཀྐི་བློ་གསལ་བ་ཞེས་པ་བཞུགས་སོ། །


JLD016_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །དེ་ལ་འདིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་དང་པོར་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། དེའི་རྗེས་སུ་འཇུག་སེམས་ལེན་པའི་ཆོ་གས་སྡོམ་པ་བཟུང་སྟེ་སྤྱོད་པ་ལ་སློབ་པ་སྟོན་པ་ལ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དེ་ཁོ་ན་ཉིད་རྟོགས་པའི་ལྷག་མཐོང་ལ་སློབ་ཚུལ་ནི་ལེའུ་དགུ་པས་སྟོན་ཏོ། །འདི་ལ་ལེའུའི་འབྲེལ་ལམ་ཤེས་རབ་བསྐྱེད་པའི་གོ་རིམ་བསྟན་པ་ནི། ཡན་ལག་ཅེས་སོགས་རྐང་པ་བཞིའི་དམ་བཅའ་ནི་སྡུག་བསྔལ་ཞེས་སོགས་ཏེ། ཆོས་བདག་རགས་པ་བཀག་པ་ཙམ་མིན་པའི་ཅོས་ཀྱི་བདག་མེད་རྫོགས་པར་རྟོགས་པའི་ཤེས་རབ་བསྐྱེད་པར་བྱའོ། །གང་གིས་ན་


JLD016_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་སྡུག་བསྔལ་ཞི་བར་འདོད་པས་སོ། །ཁྱབ་པ་ནི། ཇི་སྲིད་ཕུང་པོར་འཛིན་ཡོད་པ། ཞེས་སོགས་ལས་ཤེས་སོ། །ཅི་སྟེ་དགག་བྱ་ཕྲ་མོ་མ་བཀག་ཀྱང་གང་ཟག་གི་བདག་མེད་ཐུན་མོང་བ་རྟོགས་པ་ཙམ་གྱིས་ཐར་པ་ཐོབ་པ་མ་ཡིན་ནམ་ཞེ་ན། ཐུན་མོང་པའི་གང་ཟག་གི་བདག་མེད་དེ་ཙམ་གྱིས་གང་ཟག་གི་བདག་མེད་རྫོགས་ཤིང་དེ་གོམས་པས་ཐེག་དམན་གྱི་མྱང་འདས་འཐོབ་ལ། སངས་རྒྱས་འཐོབ་པ་ལ་ཆོས་ཀྱི་བདག་མེད་སྒོམ་དགོས་པར་དབུ་མ་རང་རྒྱུད་པ་མན་ཆད་བདག་མེད་ཁས་ལེན་པའི་རང་སྡེ་ཀུན་མཐུན་ལ། འདིར་ནི་སློབ་དཔོན་ཟླ་བ་གྲགས་པའི་ལུགས་ལྟར་བཤད་དགོས་ཏེ་གཞན་ལས་ཤེས་དགོས་སོ། །དམ་བཅའི་སྒྲུབ་བྱེད་ནི་ཡན་ལག་ཅེས་སོགས་ཏེ་


JLD016_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཐམས་ཅད་ནི་ལེའུ་བརྒྱད་པ་ནས་བཤད་པའི་ཞི་གནས་ཙམ་ལ་འཆད་པ་དང༌། སྔར་གྱི་སྦྱིན་སོགས་ཕར་ཕྱིན་ལྷག་མ་ཐམས་ཅད་ལ་འཆད་པའི་ལུགས་གཉིས་ལས། ལེའུ་སྔ་ཕྱི་གཉིས་ཙམ་གྱི་འབྲེལ་ལ་སྦྱར་ན་སྔ་མ་ཡང་རུང་མོད་ཀྱང་འདིར་ཕྱི་མ་ལྟར་བཤད་ན་ལེགས་སོ། །སྦྱིན་པ་ལ་སོགས་པའི་ཡན་ལག་ཤེས་རབ་ཀྱི་དོན་དུ་གསུངས་ཞེས་པའི་དོགས་པ་འདི་ལྟར་བཅད་དེ། དེ་ཁོ་ན་ཉིད་ཐོས་བསམ་གྱིས་རྟོགས་པ་ལ་སྦྱིན་པ་སོགས་སྔོན་དུ་འགྲོ་དགོས་པ་མིན་ཏེ། སྤྱིར་སྟོང་ཉིད་རྟོགས་པ་ལ་ཚོགས་བསག་དགོས་ཀྱང་ཚེ་དེར་འདིར་བཤད་པ་འདྲ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྔོན་དུ་འགྲོ་མི་དགོས་ཏེ། སློབ་དཔོན་ཞི་བ་འཚོས་སྟོང་ཉིད་ཐོས་བསམ་གྱིས་གཏན་ལ་འབེབས་ཚུལ་གཉིས་བཤད་པ་བཞིན་ནོ། །སྟོང་ཉིད་ལ་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ལ་དེ་དག་སྔོན་དུ་འགྲོ་དགོས་པའང་མིན་ཏེ། དེ་ལྟ་ན་མི་རྟག་པ་རྟོགས་པ་ལྟ་བུའི་ཉམས་མྱོང་ལའང་དེ་དག་སྔོན་དུ་འགྲོ་དགོས་པར་མཚུངས་སོ། །སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ལྷག་མཐོང་སྐྱེ་བ་ལ་དེ་དག་སྔོན་དུ་འགྲོ་དགོས་པའང་མིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་དག་སྔོན་དུ་མ་སོང་ཡང་ཉན་རང་གིས་དེ་ཁོ་ན་ཉིད་རྟོགས་པའི་ཚུལ་སྔར་བཤད་པ་བཞིན་ནོ། །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཆོས་སྐུའི་ཉེ་བར་ལེན་བྱེད་སྦྱིན་སོགས་ཐབས་རྣམས་ཀྱིས་དེའི་ལྷན་ཅིག་བྱེད་རྐྱེན་བྱེད་པས་ཤེས་རབ་ཀྱི་འབྲས་བུ་དེ་ཐོབ་པ་ལ་སྦྱིན་སོགས་རྣམས་ཀྱིས་ཕན་པས་དེ་དག་ཤེས་རབ་དོན་དུ་གསུངས་སོ་ཞེ་ན། ད་ལྟ་


JLD016_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཤེས་རབ་དེ་དག་གི་དོན་དུ་གསུངས་ཞེས་གོ་ལྡོག་སྟེ་སྨྲས་ནའང་མཚུངས་སོ། །དེས་ན་འདི་དང་དེ་ཁོ་ན་ཉིད་དངོས་སུ་མི་སྟོན་པའི་གསུང་རབ་ཐམས་ཅད་ཀྱང་རྒྱུད་ནས་དེ་ཁོ་ན་ཉིད་ལ་གཞོལ་བར་གསུངས་པའི་དོན་ནི། སྒྲིབ་གཉིས་ཀྱི་ངོས་འཛིན་གང་ལ་བྱེད་ཀྱང་དེའི་དངོས་གཉེན་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་ལ། དེས་སྤང་བྱ་དེ་དག་གི་ས་བོན་སྤོང་བ་ལ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པས་བརྒྱན་ཏེ་ཡུན་རིང་དུ་གོམས་པར་བྱེད་དགོས་པས་སོ། །དེའི་ཕྱིར་མདོ་ལས། སྦྱིན་སོགས་མ་ཚང་བ་མེད་པ་ལ་བསླབ་པ་སོགས་གསུངས་ཤིང༌། རྣམ་འགྲེལ་ལས། རྣམ་པ་དུ་མར་ཐབས་མང་པོ། ཞེས་སོགས་དང༌། བསེ་རུ་ལ་སོགས་ཁྱད་འདི་ཡིན་ཞེས་སོགས་གསུངས་སོ། །ཤེས་རབ་བསྐྱེད་དགོས་པར་བསྟན་པའི་བསྐྱེད་ཐབས་ལ་ཤེས་བྱ་བདེན་གཉིས་ཀྱི་ལུས་ངོས་བཟུང་བ། དེ་རྟོགས་པའི་ལམ་དབུ་མ་ལ་དགོས་ནུས་མེད་པར་ཐལ་བ་སྤང་བ། བདག་མེད་གཉིས་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་བདེན་གཉིས་ཀྱི་དབྱེ་བ་དང༌། མཚན་ཉིད་དང་དེ་གཏན་ལ་འབེབས་པའི་གང་ཟག་ངོས་བཟུང་བའོ། །དང་པོ་ནི། ཀུན་རྫོབ་ཅེས་སོགས་རྐང་པ་གཉིས་ཏེ། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ནི་དོན་དམ་དང་ཀུན་རྫོབ་ཀྱི་དོན་ལྡོག་རྟོགས་པའི་ཤེས་རབ་ཡིན་པས་ཀུན་རྫོབ་དང་ནི་ཞེས་སོགས་གསུངས་ཏེ། དེ་ཡང་སེམས་ཙམ་པ་མན་ཆད་ལ་བདེན་གཉིས་ཀྱི་རྣམ་


JLD016_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ཡོད་ཀྱང་ཐམས་ཅད་དེ་གཉིས་ཀྱི་བར་ལ་དྲངས་སྟོན་པ་མེད་ལ། དབུ་མ་པ་ཐམས་ཅད་ཡེ་ཤེས་སྙིང་པོས་བདེན་གཉིས་རྣམ་དབྱེ་ཤེས་པ་དག་ཅེས་སོགས་གསུངས་པ་ལྟར་ཐམས་ཅད་བདེན་གཉིས་ཀྱི་ལམ་ནས་དྲངས་ཏེ་འཆད་པ་ནི། གང་དག་བདེན་པ་འདི་གཉིས་ཀྱི། ཞེས་སོགས་གསུངས་པ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པའོ། །འདིར་བདེན་གཉིས་གང་ལས་དབྱེ་བའི་གཞི་དང༌། དབྱེ་བ་དང༌། དབྱེ་དོན་གཅིག་ཐ་དད་བསམ་པ་དང༌། གྲངས་ངེས་བསྟན་པ་རྣམས་སྐབས་སུ་བབ་ལ། དེ་ལ་བདེན་པ་ཞེས་པ་དབྱེ་གཞིར་མི་རུང་ཞིང་འདིར་ཚིག་ཟིན་ལ་མེད་པས་བསླབ་བཏུས་སུ་ཡབ་སྲས་མཇལ་བའི་མདོ་དྲངས་པ་ལས་ཤེས་པར་བྱ་སྟེ། དེ་ལས་བདེན་པ་གཉིས་དེ་བས་ཐུགས་སུ་ཆུད་དེ་ཤེས་པར་བྱ་བའང་དེ་ཙམ་དུ་ཟད་དོ་ཞེས་གསུངས་པས་ཤེས་པར་བྱ་བའོ། །དེ་ལ་དབྱེ་ན་བདེན་པ་གཉིས་སུ་ཡབ་སྲས་མཇལ་བའི་མདོ་ལས་གསུངས་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་འདོད་པ་དེར་བཞེད་དོ། །དེ་གང་ཞེ་ན། ཀུན་རྫོབ་འདི་ནི་དང་དོན་དམ་འདི་ནིའོ། །དང་ཞེས་པ་ཚད་མ་ཀུན་ལས་བཏུས་ལས། མངོན་སུམ་དང་ནི་རྗེས་དཔག །ཅེས་པའི་དང་དང་འདྲ་བར་སྟོབས་མཚུངས་པར་སྟོན་པ་སྟེ། གཞིའི་བདེན་གཉིས་གཅིག་གིས་གཅིག་ལ་མི་གནོད་པར་མ་ཟད་ཕན་ཚུན་གྲོགས་སུ་འགྲོ་བ་དང༌། ལམ་དུས་སུ་ཐབས་ཤེས་གཉིས་དང༌། འབྲས་དུས་སུ་སྐུ་གཉིས་ཟུང་འབྲེལ་དུ་འགྲོ་དགོས་པའོ། །དབྱེ་དོན་བསམ་པ་ནི། སྔ་


JLD016_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་བྱས་མི་རྟག་ལྟ་བུ་དང༌། ངོ་བོ་དང་ལྡོག་པ་གཉིས་ཀ་ཐ་དད་ཀ་བུམ་ལྟ་བུ་སྟེ། ངོ་བོ་གཅིག་དང་ངོ་བོ་ཐ་དད་དངོས་པོ་ཁོ་ནར་འདོད་ཅིང༌། བདེན་དང་གཞི་གྲུབ་མ་གྲུབ་ལྟ་བུ་དངོས་པོ་མིན་ལ་གཅིག་ཏུ་ཁས་བླང་དུ་མི་རུང་བ་རྣམས་གཅིག་པ་བཀག་པའི་ཐ་དད་དུ་འདོད་དོ། །དེ་ནི་མི་འཐད་པར་རྟོགས་སླ་ལ། མདོ་དགོངས་འགྲེལ་ལས་བདེན་གཉིས་གཅིག་པ་ལ་སྐྱོན་བཞི་དང་ཐ་དད་ལ་སྐྱོན་བཞི་འཕངས་པའི་གཅིག་ཐ་དད་ནི་ལྡོག་པ་གཅིག་དང་རྫས་ཐ་དད་ཡིན་ཞིང་དེ་ལ་དབུ་སེམས་གཉིས་ཀས་དགག་པར་བྱེད་ལ། སློབ་དཔོན་ཀ་མ་ལ་ཤཱི་ལས་ནི་དེའི་གཅིག་དང་ཐ་དད་བདེན་པའི་གཅིག་དང་ཐ་དད་ལ་བྱས་ནས་དགག་པ་མཛད་དོ། །གྲངས་ངེས་ནི་བཅོམ་ལྡན་འདས་ཉིད་ཀྱིས་བདེན་པ་གསུམ་པ་ནི་ནམ་ཡང་མ་མཆིས་སོ། ཞེས་གསུངས་པས་ངེས་པར་དགོས་ཏེ། གཞུང་ཕྱི་མའི་སྐབས་སུ་མཚན་ཉིད་བཤད་པ་ལས་ཤེས་སོ། །མཚན་ཉིད་ནི་དོན་དམ་ཞེས་སོགས་རྐང་པ་གཉིས་ཏེ། དོན་དམ་ནི་མཚོན་བྱའོ། །མཚན་ཉིད་ནི་བློའི་ཞེས་པ་སྟེ། འདི་ལ་བློ་ཞེས་པ་བློ་ཙམ་དང༌། ཐ་སྙད་པ་དང༌། དོན་དམ་པའི་བློ་གསུམ་གང་ལ་བྱེད་སྙམ་ན། སྔ་མ་གཉིས་ལ་བྱེད་ཅིང་དེ་ཡང་བློ་ཙམ་ལ་བྱས་ན་སྤྱོད་ཡུལ་མིན་ལ། ཁྱད་པར་སྦྱར་དགོས་པས་དེའི་ཚུལ་ནི། ཡབ་སྲས་མཇལ་བའི་མདོ་ལས། སྒྲ་བློའི་ཡུལ་མིན་པར་གསུངས་པ་དང་འདྲ་བས་དེའི་དོན་ནི། བློ་ཇི་འདྲ་ཞིག་ཡིན་ཡང་


JLD016_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དོན་དམ་མངོན་སུམ་དུ་འཇལ་བའི་ཚེ་གཉིས་ཆོས་སོགས་གཉིས་སྣང་དང་བཅས་བཞིན་དུ་དེ་མངོན་སུམ་དུ་ཡུལ་དུ་བྱ་མི་ནུས་ཏེ། གཉིས་སྣང་གི་སྤྲོས་པ་ནུབ་པའི་སྒོ་ནས་དེ་མངོན་སུམ་དུ་འཇལ་དགོས་པའི་ཕྱིར་རོ། །དེས་ན་དོན་དམ་རྟོགས་པའི་ཚད་མའི་ཡུལ་དུ་གྱུར་པ་ནི་དོན་དམ་པའི་མཚན་ཉིད་དོ། །ཐ་སྙད་པའི་བློ་ཁྱད་པར་བ་ལ་བྱས་ན་སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་དང༌། སློབ་པའི་ཇི་ལྟ་བ་རྟོགས་པའི་བློ་མ་རྟོགས་ཇི་སྙེད་པ་འཇལ་བ་ཐམས་ཅད་མ་རིག་པས་བསླད་པས་དེས་དོན་དམ་ཇི་ལྟ་བ་བཞིན་ཡུལ་དུ་བྱེད་མི་ནུས་ཏེ། མིག་བསླད་མ་བསླད་ཀྱིས་སྐྲ་ཤད་དང་སྐྲ་ཤད་མེད་པ་བཞིན་ཏེ། དབུ་མ་འཇུག་པ་ལས་གསུངས་པ་བཞིན་དབྱེ་བ་དང་སྒྲ་བཤད་པ་སོགས་རྒྱས་པར་ཤེས་པར་བྱའོ། །ཀུན་རྫོབ་ཡིན་པར་བརྗོད་པ་ནི་མཚོན་བྱའོ། །བློ་ནི་མཚན་ཉིད་དེ་སྔ་མའི་སྟོབས་ཀྱིས་ཐ་སྙད་པའི་བློའི་ཡུལ་ལོ། །དེ་ལྟར་ན་དངོས་འགལ་གཅིག་བཅད་ན་ཅིག་ཤོས་གཅོད་པས་གྲངས་ངེས་སྒྲུབ་པ་སླའོ། །མཚན་ཉིད་ངེས་པའི་ཚད་མ་ནི་བདེན་པ་མཐའ་དག་ཚད་མས་ཁེགས་པ་ན་དོན་དམ་བདེན་པའི་མཚན་ཉིད་ངེས་ལ། དེའི་རྗེས་སུ་ཡུལ་རྣམས་སྒྱུ་མ་བཞིན་དུ་རྟོགས་པ་ན་ཀུན་རྫོབ་བདེན་པའི་མཚན་ཉིད་ངེས་སོ། །དེ་གཏན་ལ་འབེབས་པའི་གང་ཟག་ནི་དེ་ལ་ཞེས་སོགས་རྐང་པ་རྣམས་ཏེ། བདེན་གཉིས་གཏན་ལ་འབེབས་འདོད་པའི་དབང་དུ་བྱས་ན་ས་འཇུག་པ་དེ་ལ་འཇིག་རྟེན་ཏེ་གང་


JLD016_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་རྣམ་པ་གཉིས་མཐོང་སྟེ། མི་དམིགས་པའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་དབུ་མ་པ་དང༌། ཕལ་པ་དངོས་པོར་སྨྲ་བའོ། །དེ་ལ་འཇིག་རྟེན་ཕལ་པ་དེའི་དངོས་པོར་ཡོད་པར་སྨྲ་བའི་གྲུབ་མཐའ་ལ་རྣལ་འབྱོར་འཇིག་རྟེན་པའི་རིགས་པས་གནོད་ཅིང༌། རིགས་པས་མི་གནོད་ཀྱང་བློའི་ཡོན་ཏན་ཁྱད་ཞུགས་པའི་སྒོ་ནས་སོ་གནོད་པ་སྟེ་ཟིལ་གྱིས་གནོན་ནོ། །རྣལ་འབྱོར་པ་དེ་དག་ཀྱང་ལམ་དང་ས་གོང་འོག་གི་སྤང་བྱ་སྤངས་པ་དང་ཡོན་ཏན་ཁྱད་ཞུགས་པའི་སྒོ་ནས་གོང་མ་གོང་མས་ཟིལ་གྱིས་གནོན་ཞིང་གནོད་དོ། །ཕལ་པའི་གྲུབ་མཐའ་ལ་རྣལ་འབྱོར་བའི་རིགས་པས་གནོད་པ་ཅིས་ཤེས་སྙམ་ན། གཉིས་ཀ་ཞེས་སོགས་རྐང་པ་གཅིག་སྟེ། དེ་ནི་རྣལ་འབྱོར་པའི་གྲུབ་མཐའ་བདེན་པ་མེད་པ་རིགས་པས་སྒྲུབ་ཐུབ་ན་དེས་ཆོག་ལ། དེ་ནི་དངོས་སྨྲ་བ་ལ་སྒྲུབ་ནུས་ཏེ། གཉིས་ཀ་ལ་གྲུབ་པའི་འདོད་པའི་དཔེ་རྨི་ལམ་དང་སྒྱུ་མ་སོགས་རྫུན་པའི་དཔེ་བསྟན་རྒྱུ་ཡོད་ལ། དངོས་སྨྲ་བས་བདེན་པ་སྒྲུབ་མི་དགོས་ཏེ། དཔེ་བསྟན་རྒྱུ་མེད་པས་སོ། །གཉིས་པ་ལམ་དབུ་མ་ལ་དགོས་ནུས་མེད་པའི་རྩོད་པ་སྤང་བ་ནི་འབྲས་བུའི་ཞེས་སོགས་རྐང་པ་ལྔ་སྟེ། གཉིས་ཀ་ཡང་ནི་འདོད་པའི་དཔེས། ཞེས་པར་ཆོས་ཐམས་ཅད་རང་བཞིན་མེད་པར་སྒྲུབ་ནུས་ཞེས་དབུ་མ་པས་སྨྲས་པ་ལ་དངོས་པོར་སྨྲ་བ་རྣམས་ཀྱིས་རང་བཞིན་མེད་པ་མེད་པའི་དོན་དུ་བཟུང་ནས་དེ་ལྟ་ན་འབྲས་བུ་སངས་


JLD016_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སོགས་ཀྱི་དོན་དུ་སྦྱིན་སོགས་ལ་སློབ་པ་དོན་མེད་པར་འགྱུར་ཏེ། ཐམས་ཅད་ལ་རང་བཞིན་མེད་པར་སྟོན་པའི་ཕྱིར་ཞེས་རྩོད་དོ། །དེའི་ལན་སྟོན་པ་འབྲས་བུའི་ཞེས་སོགས་ཏེ། རྒྱུ་འབྲས་བདེན་པ་མེད་ཀྱང་སངས་རྒྱས་སོགས་འབྲས་བུའམ་དགོས་པ་ཐོབ་པའི་དོན་དུ་སྦྱིན་སོགས་ལ་མ་དཔྱད་པ་སྟེ། རིགས་པས་དཔྱད་དེ་བདེན་པར་གྲུབ་ནས་འཇུག་པ་མིན་གྱི་མ་དཔྱད་པ་རྫུན་པ་སྒྱུ་མ་ལྟ་བུར་རྟོགས་པའི་ཤེས་རབ་ཀྱིས་ཟིན་ནས་འཇུག་པའི་ཕྱིར་དང༌། རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་ན་ཆེས་མཆོག་ཏུ་གྱུར་པ་ཡིན་ཏེ། སྟོང་ཉིད་རྟོགས་པའི་མིག་དང་བྲལ་ན་མ་རིག་པའི་སྒྲིབ་གཡོགས་ཀྱིས་བློ་གྲོས་ཀྱི་མིག་བཀབ་པས་སྦྱིན་སོགས་ལ་ཞུགས་ཀྱང་དེས་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་ལ། དེ་དང་ལྡན་ན་འཐོབ་པའི་ཕྱིར་ཏེ། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས་ཞེས་སོགས་གསུངས་སོ། །འོ་ན་ཁྱེད་ཀྱིས་རང་བཞིན་མེད་པར་སྨྲས་ཀྱང་བློས་རློམ་པ་ཙམ་མིན་པར་དངོས་པོ་ལ་འབྲས་བུ་བསྐྱེད་པའི་མེ་ལ་སོགས་པ་ཁས་ལེན་ན། དེ་ཉིད་ལ་བདེན་པ་ཟེར་བས་དབུ་མ་པ་དང་དངོས་སྨྲ་གཉིས་རྩོད་དོན་མེད་དོ་ཞེ་ན། འཇིག་རྟེན་ཞེས་སོགས་ཏེ། དབུ་མ་པ་དང་དངོས་སྨྲ་བའི་འཇིག་རྟེན་གཉིས་ཀས་མེ་ལ་སོགས་པའི་དངོས་པོ་དོན་བྱེད་ནུས་པ་བསྙོན་མི་ནུས་པར་མཐོང་ཞིང་ཁས་ལེན་པ་ཡིན་ཡང་དངོས་སྨྲ་བས་དེ་ཡང་དག་ཉིད་དུ་སྟེ་


JLD016_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་རྟོག་པར་བྱེད་ཀྱི། རང་བཞིན་མེད་པ་སྒྱུ་མ་ལྟ་བུར་སྨྲ་བ་མིན་ལ། དབུ་མ་པ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་སྨྲ་བས་རྣལ་འབྱོར་པ་དང་འཇིག་རྟེན་དངོས་སྨྲ་བ་རྩོད་དོ། །འང་ཞེས་པ་སྔ་མ་ཙམ་དུ་མ་ཟད་ཅེས་པའོ། །བདེན་པ་མེད་པ་ལ་མངོན་སུམ་དང་འགལ་བ་སྤང་བ་ནི། གཟུགས་སོགས་ཞེས་སོགས་ཏེ། བདེན་པ་མེད་ན་གཟུགས་སོགས་ཡུལ་ལྔ་མངོན་སུམ་གྱིས་མཐོང་བ་དང་འགལ་ཞེ་ན། གཟུགས་སོགས་ཡུལ་ལྔ་ལ་མིག་སོགས་མངོན་སུམ་ཚད་མར་སོང་བ་ཉིད་ཀྱང་ནི་གྲགས་པ་ཙམ་གྱི་གཟུགས་སོགས་ལ་ཡིན་གྱི། དེ་དག་གི་བདེན་པ་ལ་ཚད་མར་སོང་བ་མིན་ཏེ། གལ་ཏེ་ཡིན་ན་ཚུར་མཐོང་གི་དབང་པོ་ལྔས་གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་མཐོང་བས་འཕགས་ལམ་བསྐྱེད་མི་དགོས་པར་འགྱུར་ཏེ། ཏིང་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། ཞེས་སོགས་གསུངས་པ་ལྟར་རོ། །གྲགས་མ་གྲགས་དང་དཔྱད་མ་དཔྱད་སོགས་ཀྱི་ངོས་འཛིན་ནི་གཞན་ལས་ཤེས་པར་བྱའོ། །དེ་ནི་དཔེར་ན་བུད་མེད་ཀྱི་ལུས་ལ་སོགས་པ་མི་གཙང་བ་ལ་གཙང་བ་སོགས་སུ་གྲགས་པ་བཞིན་དུ་གཟུགས་སོགས་ཀྱང་རྫུན་ནོ། །མི་རྟག་སོགས་སྟོན་པའི་ལུང་དང་འགལ་བ་སྤང་བ་ལ་ལུང་དེའི་དོན་བཤད་པ་དང༌། ལུང་གཞན་དང་འགལ་བ་སྤང་བའོ། །དང་པོ་ནི། འཇིག་རྟེན་ཞེས་སོགས་ཏེ། བདེན་པ་མེད་ན་མདོ་ལས་མི་རྟག་པ་སོགས་བདེན་གྲུབ་


JLD016_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསུངས་པ་དང་འགལ་ལོ་ཞེ་ན། འཇིག་རྟེན་ཏེ་དངོས་པོ་ལ་མངོན་པར་ཞེན་པ་དག་ཡང་དག་པའི་དོན་ལ་རིམ་གྱིས་ཞུགས་པའི་དོན་དུ་མགོན་པོས་དངོས་པོ་རང་མཚན་ཡོད་པར་བསྟན་གྱི་དེ་ཁོ་ན་ཉིད་དུ་དེ་དག་སྐད་ཅིག་མ་ཉིད་དུ་གྲུབ་པ་མིན་ནོ། །དེ་ཁོ་ན་ཉིད་དུ་དེ་དག་སྐད་ཅིག་མ་ཡིན་པར་ཀུན་རྫོབ་ཏུ་སྐད་ཅིག་མར་འཇོག་ན། ཀུན་རྫོབ་ཏུ་འཇིག་རྟེན་ན་སྔ་དྲོའི་དངོས་པོ་ལ་ཕྱི་དྲོའི་དངོས་པོར་གྲགས་པ་དང་འགལ་ཞེ་ན། ཀུན་རྫོབ་ཐམས་ཅད་འཇིག་རྟེན་རང་དགའ་བ་ལ་འཇོག་མི་དགོས་ཀྱི་འདི་ནི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་རྣལ་འབྱོར་པའི་ཀུན་རྫོབ་ཡིན་པས་ཉེས་པ་མེད་དོ། །འོ་ན་མི་རྟག་སོགས་བཅུ་དྲུག་མཐོང་བ་ལ་དེ་ཁོ་ན་ཉིད་མཐོང་བར་བཤད་པ་དང་འགལ་ཞེ་ན། དེ་ནི་འཇིག་རྟེན་ཏེ་གཙང་བ་སོགས་ལ་ལྟོས་པའི་དེ་ཉིད་མཐོང་བ་ཡིན་གྱི། དངོས་པོའི་དེ་ཁོ་ན་ཉིད་མཐོང་བ་མིན་ནོ། །དེ་དག་ལས་གཞན་དུ་འཇིག་རྟེན་གྱི་གྲགས་པ་ཙམ་གྱིས་གནོད་ན་བུད་མེད་མི་གཙང་པར་རྟོགས་པ་ལ། དེ་ཆགས་ཅན་ལ་གཙང་བར་གྲགས་པས་གནོད་པར་འགྱུར་རོ། །བདེན་པ་མེད་ན་རྒྱལ་བ་མཆོད་པ་སོགས་ལ་བསོད་ནམས་འབྱུང་བར་བཤད་པ་དང་འགལ་ཞེ་ན། སྒྱུ་འདྲའི་ཞེས་སོགས་ཏེ། རྒྱལ་བ་བདེན་པ་མཆོད་པས་བསོད་ནམས་བདེན་པ་འབྱུང་བར་འདོད་པ་དང་མཚུངས་པས། སྒྱུ་འདྲའི་རྒྱལ་བ་མཆོད་པ་ལས་སྒྱུ་འདྲའི་བསོད་ནམས་ཇི་ལྟར་དངོས་པོ་ལ་ཡོད་པ་


JLD016_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་དུ་འབྱུང་ལ། ཁོ་བོ་ཅག་ལ་དེས་ཆོག་པའི་ཕྱིར་རོ། །གལ་ཏེ་སེམས་ཅན་སྒྱུ་མ་དང་འདྲ་ན་སྒྱུ་མ་ཞིག་པ་སླར་མི་སྐྱེ་བ་ལྟར། སེམས་ཅན་ཤི་བ་སྐྱེ་མི་རིགས་པ་ལས་ཤི་ནས་སྐྱེ་བར་བཤད་པ་མི་རིགས་སོ་ཞེ་ན། སྒྱུ་མ་དང་སེམས་ཅན་རྣམ་པ་ཐམས་ཅད་དུ་འདྲ་བར་ཁས་མ་བླངས་ཀྱི། བདེན་པར་གྲུབ་མ་གྲུབ་འདྲ་བར་ཁས་བླངས་ལ། དེ་ཙམ་ལ་སྐྱོན་དེ་འཇུག་ན་ཁྱོད་རང་གིས་ཀྱང་རྨི་ལམ་སྒྱུ་མ་རྫུན་པར་ཁས་བླངས་པས་སྤྲུལ་གཞི་དེ་རྟར་སྣང་ན་བོང་བུར་ཇི་ལྟར་མི་སྣང་ཞེས་སྨྲ་ན་མཚུངས་སོ། །དེས་ན་རྫུན་པ་ལའང་ཇི་སྲིད་རྐྱེན་རྣམས་ཚོགས་ན་རང་གི་འབྲས་བུ་རྫུན་པ་འབྱུང་ལ། དེ་བཞིན་དུ་མ་རིག་འདུ་བྱེད་སོགས་ཚོགས་ན་སེམས་ཅན་ཡང་སྐྱེའོ། །ཅི་སྟེ་སེམས་ཅན་ཐོག་མ་མེད་ཕ་ཡོད་པས་རྒྱུན་རིང་ལ། རྨི་ལམ་སོགས་རྒྱུན་ཐུང་བས་བདེན་མི་བདེན་མི་མཚུངས་སོ་ཞེ་ན། འོ་ནི་རྨི་ལམ་དུ་བསྐལ་པ་དྲན་པ་སོགས་དང་ཞག་གཅིག་དྲན་པ་སོགས་ཡོད་པས་དེ་ལའང་བདེན་མི་བདེན་ཡོད་དགོས་པས་དེས་ན་རྒྱུན་རིང་བ་ཙམ་གྱིས་ཇི་ལྟར་ན་སེམས་ཅན་བདེན་པར་ཡོད་པ་ཡིན་ཏེ་མིན་ནོ། །བདེན་པ་མེད་ན་སྒྱུ་མ་དང་འདྲ་བར་སེམས་ཅན་བསད་པ་སོགས་ལ་སྡིག་འབྱུང་མི་རིགས་པས་སྡིག་འབྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། སྒྱུ་མའི་ཞེས་སོགས་ཏེ། སྒྱུ་མའི་མི་ལ་མིར་འདུ་ཤེས་ཏེ་བསད་འདོད་ཀྱིས་མཚོན་བསྣུན་པ་སོགས་ལ་སྦྱོར་བའི་སྡིག་


JLD016_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཡང་དངོས་གཞིའི་སྡིག་མེད་དེ། སེམས་མེད་པའི་ཕྱིར་དང༌། མི་ལ་སོགས་པའི་རྟེན་ལ་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ལས་བསོད་ནམས་དང་སྡིག་པ་འབྱུང་སྟེ། སེམས་དང་ལྡན་པའི་ཕྱིར་རོ། །འོ་ན་དེ་དག་སེམས་ཡོད་མེད་དུ་སྐྱེ་བ་ཇི་ལྟར་ཡིན་སྙམ་ན། སྒྱུ་མ་སྤྲུལ་པའི་སྔགས་སོགས་ལ་སེམས་ལྡན་དུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་སྒྱུ་མ་ལ་སེམས་མེད་ལ། མ་རིག་འདུ་བྱེད་སོགས་ལ་སེམས་བསྐྱེད་པའི་ནུས་པ་ཡོད་པའི་ཕྱིར་རོ། །སྒྱུ་མའང་རྫུན་པ་ཡིན་ཡང་སྣ་ཚོགས་པའི་རྐྱེན་ལས་བྱུང་བའི་འབྲས་བུ་སྒྱ་མའང་སྣ་ཚོགས་སུ་འབྱུང་གི །རྒྱུ་རེ་རེ་ལས་མ་ཡིན་ཏེ། རྐྱེན་གཅིག་གིས་འབྲས་བུ་ཀུན་བསྐྱེད་ནུས་པ་གང་ན་ཡང་མེད་པས་སོ། །འཁོར་འདས་མི་འཐད་པ་སྤང་བའི་རྩོད་པ་ནི་གལ་ཏེ་ཞེས་སོགས་ཏེ། དབུ་མ་པས་དོན་དེ་མ་པར་ཆོས་ཐམས་ཅད་སྤྲོས་པ་ཐམས་ཅད་དང་བྲལ་བས་དོན་དམ་པར་སྐྱེ་བ་དང་རྒ་བ་སོགས་དང་བྲལ་བའི་རང་བཞིན་རྣམ་དག་གམ། རང་བཞིན་གྱི་མྱ་ངན་ལས་འདས་པ་ཡིན་ཡང༌། ཀུན་རྫོབ་ཏུ་འཁོར་བ་ཁས་བླངས་པ་ལ་མདོ་སྡེ་པ་སོགས་ཀྱི་དོན་དམ་པའི་མྱང་འདས་ཡིན་ཞིང༌། དོན་དམ་པའི་མྱ་འདས་ཡིན་ཡང་ཀུན་རྫོབ་ཏུ་འཁོར་བ་མི་འགལ་བ་བཞིན་དུ་མྱང་འདས་ཡིན་ཡང་ཀུན་རྫོབ་ཏུ་འཁོར་བར་འགྱུར་ཞེས་རྩོད་པ་རྐང་པ་དང་པོ་གཉིས་ཏེ། ཀུན་རྫོབ་འཁོར་བ་དེ་ལྟ་ན་ཞེས་བྱའོ། །དབུ་མ་པའི་འདོད་པ་ལ་སྐྱོན་སྟོན་


JLD016_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

པ་སངས་རྒྱས་ཞེས་སོགས་རྐང་པ་གཉིས་ཏེ། དོན་དམ་པའི་མྱང་འདས་ཐོབ་ཀྱང་སླར་འཁོར་ན་སངས་རྒྱས་སླར་འཁོར་བར་འགྱུར་ལ། དེ་ལྟ་ན་སྐྱེ་ཤི་རྒྱུན་ཆད་པའི་དོན་དུ་སེམས་དཔའ་རྣམས་བྱང་ཆུབ་སྤྱོད་པ་ལ་སློབ་པ་དོན་མེད་པར་ཐལ་ཏེ། སངས་རྒྱས་ཐོབ་ཀྱང་ཡང་འཁོར་བར་སྐྱེ་བའི་ཕྱིར་ཞེ་ན། དེའི་ལན་ནི་རྐྱེན་ཞེས་སོགས་རྐང་པ་བཞི་སྟེ། རྩོད་པ་དེ་ལ་རང་བཞིན་གྱིས་མྱང་ངན་ལས་འདས་མ་འདས་གཉིས་ཀྱི་ཁྱད་པར་ཕྱེ་ནས་ལན་འདེབས་དགོས་ཀྱི། སངས་རྒྱས་མི་འཁོར་བ་དང་སེམས་ཅན་ཀུན་རྫོབ་ཏུ་འཁོར་བ་ཕྱིར་རྒོལ་ཡང་འདོད་པས་དེ་ཙམ་གྱིས་ལན་མི་ཐེབས་སོ། །དེས་ན་དོན་དམ་པའི་མྱང་འདས་ནི་གཉེན་པོས་སྤང་བྱ་སྤངས་པ་མིན་གྱི། ལམ་ལ་གོམས་མ་གོམས་ཀྱི་ཆོས་ཐམས་ཅད་ལ་རིགས་པས་དཔྱད་ན་སྐྱེ་འགག་མ་གྲུབ་པ་ཡིན་ལ། མྱ་ངན་ལས་འདས་པ་ནི་གཉེན་པོ་གོམས་པས་སྐྱེ་ཤི་རྒྱུན་ཆད་པ་ཡིན་པས་སོ་ཞེས་པ་ལན་མདོར་བསྡུས་པའོ། །རྐྱེན་རྣམས་རྒྱུན་ནི་མ་ཆད་ན་སྒྱུ་མའང་ལྡོག་པར་མི་འགྱུར་བར་འབྱུང་ལ། དེ་རྒྱུན་ཆད་ན་ཀུན་རྫོབ་ཏུའང་མི་འབྱུང་ངོ༌། །ཡང་ཞེས་པ་དོན་དམ་པར་མ་ཟད་ཅེས་པའོ། །སེམས་ཙམ་པ་དགག་པ་ལ་འདོད་པ་བརྗོད་པ་ནི་གལ་ཏེ་ཞེས་སོགས་རྐང་པ་གཉིས་ཏེ། ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ་ཡིན་ན་སྒྱུ་མ་འཛིན་པའི་ཤེས་པ་འཁྲུལ་


JLD016_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

པའང་བདེན་པར་མེད་ལ། དེ་ལྟ་ན་དེ་ཡོད་པ་མིན་པས་སྒྱུ་མའང་ཤེས་པ་གང་གིས་དམིགས་པར་མི་འགྱུར་བར་ཐལ། འདོད་ན་སྒྱུ་མའང་མེད་པར་ཐལ་ལོ་ཞེ་ན། དེ་དགག་པ་ནི་གང་ཚེ་ཞེས་སོགས་རྐང་པ་གཉིས་ཏེ། གང་གི་ཚེ་ཁྱོད་ལའང་གཟུགས་སྒྲ་སོགས་ཅི་ཞིག་དམིགས་པ་སྟེ་དེ་འཛིན་བྱེད་མ་དམིགས་པར་ཐལ། གཟུགས་སྒྲ་སོགས་དོན་སྣང་སྒྱུ་མ་ཉིད་མེད་པར་འདོད་པ་དེའི་ཚེའོ། །དེའི་ལན་དགག་པ་ལ་འདོད་པ་བརྗོད་པ་གལ་ཏེ་ཞེས་སོགས་རྐང་པ་གཉིས་ཏེ། གལ་ཏེ་གཟུགས་སྒྲ་སོགས་ཕྱི་རོལ་གྱི་དོན་དེ་ཉིད་དུ་མེད་ཀྱང་དེ་ལས་གཞན་དུ་ཡོད་ལ། དེ་ཡང་གཟུགས་སོགས་ཀྱི་རྣམ་པ་དེ་ནི་མིག་གི་རྣམ་ཤེས་སོགས་རང་གི་ཡུལ་ཅན་སེམས་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེ་ན། དེའི་ལན་ནི། དེ་ཚེ་ཞེས་སོགས་རྐང་པ་རྣམས་ཏེ། ཡུལ་ཅན་སེམས་ཉིད་སྒྱུ་མ་སྟེ་དོན་དུ་སྣང་བའི་གཟུགས་སོགས་ཀྱི་རང་བཞིན་ཡིན་ན། དེའི་ཚེ་ཡུལ་གང་ཟག་གི་ཤེས་པ་གང་ཟག་གིས་མཐོང་བ་མི་རིགས་པར་ཐལ། དེ་ལ་ལུང་དང་རིགས་པའི་སྒྲུབ་བྱེད་གཉིས་ལས་དང་པོ་ལུང་གི་སྒྲུབ་བྱེད་ནི་འཇིག་རྟེན་ཞེས་སོགས་ཏེ། གཙུག་ན་རིན་པོ་ཆེའི་མདོ་ལས་གསུངས་པ་འདིར་ཕྱོགས་ཙམ་སྨོས་ལ། བསླབ་བཏུས་དང་ཚིག་གསལ་དུ་རྒྱས་པར་དྲངས་ཏེ། དེ་ཡང་མདོ་དེ་ལས་དམིགས་པ་དང་བཅས་པ་ལས་སེམས་སྐྱེ་ཡི། དམིགས་པ་མེད་པར་མི་སྐྱེ་བར་གསུངས་པའི་དམིགས་པ་དམིགས་རྐྱེན་ཡིན་ཏེ། དེའི་ནུས་


JLD016_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱི་དོན་ཁས་བླང་དགོས་པའོ། །དམིགས་པ་དང་ཡུལ་ཅན་གཉིས་ཐ་དད་དམ་གཅིག །ཐ་དད་ན་ཡུལ་ཅན་ཤེས་པ་དེ་གཉིས་སུ་འགྱུར་ཞེས་པ་ནི། ལྡོག་པ་ཐ་དད་དང་རྫས་ཐ་དད་ཙམ་ལ་སྐྱོན་དེ་འཕེན་མི་ནུས་པས་བདེན་པའི་ཐ་དད་དོ། །དེ་ལྟ་ན་ཡུལ་ཅན་དེ་གཉིས་སུ་ཐལ་བ་ནི་ཡུལ་གཟུགས་སོགས་ཀྱིས་ཡུལ་ཅན་ཤེས་པ་ལ་རྣམ་པ་གཏང་པའི་ཚེ་གཟུགས་སོགས་ཀྱི་སྟེང་ན་ཡུལ་ཅན་ཤེས་པ་དེའི་རྫས་ཀྱི་ཆ་གཟུང་རྣམ་གཅིག་ཀྱང་ཡོད་པས་དེ་དག་བདེན་པའི་ཐ་དད་དུ་འགྱུར་ལ། དེ་ལྟ་ན་ཡུལ་ཅན་དེ་གཉིས་སུ་འགྱུར་པའོ། །གཅིག་ན་འདིར་བཤད་པའི་སེམས་ཀྱིས་སེམས་མི་མཐོང་སྟེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་ཏེ། སོར་མོའི་རྩེ་རང་གིས་རང་ལ་མི་རེག་པ་དང༌། རལ་གྲི་རང་གིས་དང་མི་གཅོད་པ་དེ་བཞིན་དུ་ཡིད་ཀྱང་རང་གིས་རང་རིག་གོ །དེ་ནི་མ་ངེས་ཏེ། དཔེར་ན། མར་མེས་རང་གི་དངོས་པོ་དང་གཞན་གཉིས་ཀ་གསལ་བར་བྱེད་པ་བཞིན་ཞེ་ན། དེའི་ལན་ནི་མར་མེ་སོགས་རྐང་པ་གཉིས་ཏེ། མར་མེ་རང་གིས་རང་གསལ་བར་བྱ་མིན་ཏེ། དེ་ལ་མུན་པས་བསྒྲིབས་པ་མེད་པའི་ཕྱིར་དང༌། རྩ་ཤེ་ལས་གསུངས་པ་ལྟར་མུན་པས་རང་སྒྲིབ་པར་ཐལ་བ་སོགས་ཀྱང་རྒྱས་པར་ཤེས་པར་བྱའོ། །རང་རིག་སྒྲུབ་པའི་འདོད་པ་བརྗོད་པ་ནི་ཤེལ་ལ་སོགས་རྐང་པ་བཞི་སྟེ། ཤེལ་དཀར་པོ་གཞིའི་དབང་གིས་སྔོན་པོར་སྐྱེས་པ་ནི་


JLD016_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ལ་བལྟོས་ནས་ཡིན་གྱི། རང་གི་ངོ་བོ་ཉིད་ཀྱིས་མ་ཡིན་ལ། བཻ་ཌཱུརྻ་སོགས་སྔོན་པོར་སྐྱེས་པ་ནི་གཞན་ལ་བལྟོས་པའི་དབང་གིས་མ་ཡིན་གྱི། རང་གི་ངོ་བོ་ཉིད་ཀྱིས་སྔོན་པོ་ཡིན་པ་བཞིན་དུ་གཟུགས་སོགས་འགའ་ཞིག་རིག་པ་ནི་རང་གིས་མ་ཡིན་གྱི། ཤེས་པ་གཞན་ལ་བལྟོས་ལ། ཡུལ་ཅན་ཤེས་པ་ནི་གཞན་ལ་མིབལྟོས་པར་རང་གིས་རིག་གོ་ཞེ་ན། དཔེ་དགག་པ་སྔོ་ཉིད་ཅེས་སོགས་རྐང་པ་གཉིས་ཏེ། བཻ་ཌཱུརྻ་སྔོན་པོར་རྒྱུ་གཞན་ལས་མ་སྐྱེས་པའི་དཔེ་དེ་མི་འཐད་པར་ཐལ། སྔོན་པོ་ཉིད་དུ་རྒྱུ་གཞན་ལས་སྐྱེས་པ་མིན་པ་ལ་སྔོན་པོར་ངོ་བོ་ཉིད་ཀྱིས་བདག་གི་བདག་ཉིད་བྱས་པ་མེད་པའི་ཕྱིར་རོ། །ཡང་མར་མེ་རང་གིས་རང་གསལ་བར་མི་བྱེད་ཀྱང་མར་མེ་གསལ་བྱེད་དོ། ཞེས་པས་ཤེས་ཏེ་དེ་སྐད་བརྗོད་པར་བྱེད་ན། ཤེས་པ་རང་གིས་རང་མི་གསལ་ན་བློ་གསལ་བ་ཡིན་ཞེས་བློ་རྫས་གཞན་གང་གིས་ཤེས་ནས་དེ་སྐད་བརྗོད་དེ། དེས་ན་རང་གཞན་འགས་ཀྱང་ཤེས་པ་མ་མཐོང་བ་མིན་ན་ཤེས་པ་མེད་པར་འགྱུར། དེ་མེད་ན་ཁྱད་གཞི་མེད་པས་ཁྱད་ཆོས་གསལ་མི་གསལ་དཔྱོད་པ་དོན་མེད་པར་འགྱུར་ཏེ། མོ་གཤམ་བུ་མེད་པས་དེའི་འགྱིང་བག་བརྗོད་པ་དོན་མེད་པ་བཞིན་ནོ། །ཅི་སྟེ་ཤེས་པ་རྫས་གཞན་གྱིས་མ་གྲུབ་པ་ཕྱི་རྒོལ་གྱིས་ཁས་བླངས་ཤིང་རང་ཉིད་ཀྱིས་མ་གྲུབ་པ་དབུ་མ་པས་བསྒྲུབས་ནས་སྐྱོན་དེ་འཇུག་ན་སྐྱོན་དེ་ལྡོག་ནས་དབུ་མ་ལ་ཡང་འཇུག་སྟེ། གཅིག་རང་ཉིད་ཀྱིས་ཁས་


JLD016_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཅིག་ཤོས་དངོས་སྨྲ་བས་བསྒྲུབས་པས་སོ་ཞེ་ན། དབུ་མ་བ་ལ་སྐྱོན་དེ་མི་འཇུག་སྟེ། དངོས་སྨྲ་བས་གསལ་བ་ཡིན་ན་རང་གཞན་གང་རུང་གཅིག་གིས་གསལ་བས་ཁྱབ་པར་ཁས་བླངས་པས་སྐྱོན་དེ་འཇུག་གི །དབུ་མ་པས་མར་མེ་ལྟ་བུ་གསལ་བ་ཡིན་ཡང་དེ་རང་དང་གཞན་གྱིས་གསལ་བར་ཁས་མི་ལེན་པས་སྐྱོན་མེད་དོ། །དྲན་པའི་རྟགས་ཀྱིས་རང་རིག་གྲུབ་པ་དགག་པ་ལ་འདོད་པ་བརྗོད་པ་ནི་གལ་ཏེ་ཞེས་སོགས་རྐང་པ་གཉིས་ཏེ། མྱོང་བ་ཡོད་དེ། དྲན་པ་ཡོད་པའི་ཕྱིར་ཞེས་བསྒྲུབས་ནས་མྱོང་བ་ལ་གཞན་མྱོང་བཀག་ནས་རང་མྱོང་བསྒྲུབས་ཏེ་རང་རིག་སྒྲུབ་པ་ཡིན་ཏེ། དེ་དག་གི་ངོས་འཛིན་དང་སྒྲུབ་ཚུལ་རྒྱས་པར་ཚད་མ་ལས་ཤེས་པར་བྱའོ། །དེས་ན་རང་རིག་མེད་ན་དྲན་པ་ཡོད་པར་ཇི་ལྟར་འགྱུར་ཏེ། དྲན་པ་མྱོང་བ་ལས་སྐྱེ་བའི་ཕྱིར་རོ་ཞེ་ན། དེའི་ལན་ནི་གཞན་སོགས་རྐང་པ་གཉིས་ཏེ། གཞན་མྱོང་བ་ལས་དྲན་འགྱུར་ཞེས་སྦྱར་ཏེ། རང་རིག་མེད་ཀྱང་མྱོང་བ་ལས་དྲན་པ་སྐྱེ་བ་ལ་རྒྱུ་མཚན་ཡོད་དེ། ཡུལ་ཅན་ཤེས་པ་ལས་དོན་གཞན་ཡུལ་སྔོན་པོ་སོགས་མྱོང་བ་ལས་དེ་དྲན་པ་སྐྱེ་ལ། དེའི་ཚེ་དེ་ཁོ་ན་དྲན་པ་མིན་གྱི་ཡུལ་ཅན་དྲན་པའང་སྐྱེ་བས་སོ། །དེ་ལྟ་ན་གཞན་དྲན་པས་གཞན་དྲན་པ་ཧ་ཅང་ཐལ་ལོ་ཞེ་ན། འབྲེལ་པ་ལས་དྲན་པར་འགྱུར་ཞེས་སྦྱར་ཏེ། དེ་ལྟར་ཐལ་བའི་སྐྱོན་མེད་དེ། དེ་ལྟར་དྲན་པའི་ཚེ་ཡུལ་ཡུལ་ཅན་ཁྱད་


JLD016_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཁྱད་ཆོས་ཀྱི་འབྲེལ་པ་ཡོད་པ་ལས་ཡུལ་ཅན་དྲན་པ་སྐྱེ་བའི་ཕྱིར་རོ། །ཡང་ན་འབྲེལ་པ་ལས་ཞེས་པའི་དོན་མྱོང་བ་དང་དྲན་པ་གཉིས་ཀ་ངའམ། བདག་གི་ཡུལ་ཅན་ཆ་ཤས་ཡིན་པས་ངས་མྱོང་བ་ལས་ངས་དྲན་ཞེས་སོགས་འཇུག་པ་ལས་དྲན་པ་འདི་གཞན་ང་ལ་ཡོད་མིན་པ་ཞེས་སོགས་ལྟར་ཤེས་པར་བྱའོ། །དཔེར་ན། དགུན་གྱི་དུས་བྱི་བས་སོ་བཏབ་པའི་རེག་བྱ་ཉམས་སུ་མྱོང་ཡང་དེ་དུས་དེའི་དུག་ཞུགས་པ་མ་ཚོར་ལ། འབྲུག་གི་སྒྲ་ཐོས་དུས་བྱི་བའི་དུག་ལངས་ཏེ་ཤིན་ཏུ་སྡུག་བསྔལ་བའི་ཚེ་སྔར་སོ་བཏབ་དུས་དུག་ཞུགས་པ་ཡིན་པ་འདུག་སྙམ་དུ་དུག་ཞུགས་པ་དྲན་པ་བཞིན་ཞེས་པ་སྟེ། དུག་དང་ཡུལ་ཅན་ཤེས་པ་དང་སོ་བཏབ་པའི་རེག་བྱ་དང་ཡུལ་དཔེ་དོན་དུ་སྦྱར་རོ། །རང་རིག་སྒྲུབ་བྱེད་གཞན་དགག་པ་ནི། རྐྱེན་ཞེས་སོགས་རྐང་པ་བཞི་སྟེ། ཞིག་ནས་གྲུབ་ནས་རྣམ་གནས་སྦྱངས་པ་སོགས་ཀྱི་རྐྱེན་གཞན་དག་དང་ལྡན་པ་ན་ཡུལ་ཤིན་ཏུ་བསྐལ་བའི་ཕ་རོལ་གྱི་སེམས་མངོན་ཤེས་ཀྱིས་ཤེས་ཤིང་མཐོང་བའི་ཕྱིར་ན། ཉེ་བའི་སེམས་རང་ཉིད་རབ་ཏུ་གསལ་བ་ཡིན་ཏེ། དཔེར་ན། རིང་བའི་ཁབ་མཐོང་ན་ཉེ་བའི་རི་མཐོང་བ་བཞིན་ནོ་ཞེ་ན། མིག་སྨན་གྲུབ་པའི་རྫས་མིག་ལ་བྱུགས་པས་ས་འོག་གི་བུམ་པ་སོགས་ཀྱི་གཏེར་མཐོང་ཡང་རྫས་རང་ཉིད་མི་མཐོང་བ་ཞིག་ཡོད་པས། དེའི་ཚེ་མིག་སྨན་མཐོང་བར་འགྱུར་ཏེ། ས་འོག་གི་བུམ་པ་སོགས་ཀྱི་གཏེར་མཐོང་བའི་ཕྱིར། ཡང་འགྲེལ་པར་བུམ་པ་


JLD016_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

མིག་སྨན་དུ་ཐལ་ཞེས་རང་རིག་འགོག་གོ །དེས་ན་རང་རིག་ལ་ཁྱད་པར་མ་སྦྱར་བར་ཐ་སྙད་དུ་རང་རིག་གྲུབ་པའང་སློབ་དཔོན་འདི་མི་བཞེད་པར་གསལ་ཏེ། རང་རིག་བཞེད་ན་རྣམ་ཤེས་དྲན་པར་ཇི་ལྟར་འགྱུར། ཞེས་པའི་ལན་དུ་གཞན་མྱོང་བ་དང་འབྲེལ་བ་ལས་ཞེས་སོགས་སྨོས་མི་དགོས་ཀྱི། རང་རིག་པའི་རྒྱུ་མཚན་གྱིས་ཡིན་ནོ་ཞེས་སྨོས་པས་ཆོག་པས་སོ། །ཅི་སྟེ་རང་རིག་མེད་ན་དྲན་པ་མེད་པས་ཡུལ་མྱོང་བ་དང་མཐོང་ཐོས་སོགས་མེད་པར་འགྱུར་རོ་ཞེ་ན། ཇི་ལྟར་སོགས་རྐང་པ་བཞི་སྟེ། རྣམ་ཤེས་དྲུག་གི་ཡུལ་མཐོང་ཐོས་སོགས་འདིར་དགག་པ་མིན་ཏེ། དེ་དགག་མི་དགོས་ཏེ། དེ་ཙམ་གྱིས་སྡུག་བསྔལ་བསྐྱེད་པ་མིན་ཏེ། དགྲ་བཅོམ་པ་རྣམས་ལ་ཡང་ཐ་སྙད་དེ་དག་ཡོད་པའི་ཕྱིར་རོ། །དགག་མི་ནུས་ཏེ། འགོག་ན་ལུང་རིགས་ཀྱིས་འགོག་དགོས་ན་དེ་འགོག་ན་ལུང་རིགས་ལ་ཡང་མཚུངས་པའི་ཕྱིར་རོ། །བཀག་ན་སྐྱོན་ཡོད་དེ། ཆད་ལྷག་ཅན་དུ་འགྱུར་བའི་ཕྱིར་རོ། །དེས་ན་འདིར་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཡུལ་དེ་དག་བདེན་པར་རྟོག་པ་བཟློག་བྱ་ཡིན་ནོ། །སེམས་ཞེས་སོགས་རྐང་པ་གཉིས་ལ། གཞན་དག་ན་རེ། ཕྱི་དོན་མེད་པས་སེམས་ལས་སྒྱུ་མ་སྟེ་གཟུགས་སོགས་དོན་གཞན་མིན་ཞིང༌། སྔར་དེ་ཚེ་གང་ཞིག་གང་གིས་མཐོང་ཞེས་པའི་སྐྱོན་འཇུག་པས་དེ་གཉིས་གཞན་མིན་པར་ཡང་མི་བརྟག་གོ་ཞེ་ན། གཟུགས་སོགས་དངོས་པོ་སྟེ་ཕྱི་དོན་ཡིན་ན་ཇི་


JLD016_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་དེ་སེམས་ལས་གཞན་མིན་པ་སྟེ་དོན་གཞན་ཡིན་ཏེ། དེ་གཉིས་མཚན་ཉིད་མི་མཐུན་པའི་ཕྱིར་རོ། །གཞན་མིན་ཞེ་ན། རྣམ་པ་དུ་མ་ཤེས་པ་གཅིག་གི་རང་བཞིན་དུ་བདེན་ན་རྣམ་པ་རྣམས་རྫུན་པར་ཁས་བླངས་པས་ཤེས་པ་དེ་དངོས་པོ་སྟེ་བདེན་པར་མེད་པར་འགྱུར་ཏེ། རྣམ་པ་རྫུན་པ་དེ་དང་གཅིག་ཡིན་པའི་ཕྱིར་རོ། །ཅི་སྟེ་སྔར་དེ་ཚེ་སེམས་ཉིད་སྒྱུ་མ་ན། ཞེས་སོགས་ཀྱི་རིགས་པས་ཇི་ལྟར་སྒྱུ་མ་སྟེ་གཟུགས་སོགས་བདེན་པ་མིན་ཡང་བལྟ་བྱ་སྟེ་སེམས་ཀྱི་དམིགས་པ་ཡིན་ནོ་ཞེ་ན། དེ་བཞིན་དུ་ཡིད་ཀྱི་ཤེས་པ་དྲུག་ལྟ་བྱེད་དང་ཡུལ་དྲུག་བལྟ་བྱ་ཡིན་པའང་བདེན་པར་མ་གྲུབ་ཀྱང་མཚུངས་སོ། །དེའི་ཕྱིར་སྔར་གལ་ཏེ་འཁྲུལ་པ་ཡོད་མིན་ན། ཞེས་པའི་སྐྱོན་མེད་དོ། །གལ་ཏེ་ཞེས་སོགས་རྐང་པ་གཉིས་ལ་གཞན་དག་ན་རེ། འཁོར་བ་སོགས་རྫུན་པ་རྣམས་དངོས་པོ་སྟེ་བདེན་གྲུབ་རེའི་རྟེན་ཅན་ནམ་གཞི་ཅན་ཡིན་ཏེ། འཁྲུལ་པ་ཐམས་ཅད་ལ་གཞི་བདེན་པ་རེ་ཡོད་པས་སོ། །དཔེར་ན། སྡོང་དུམ་ལ་མིར་འཁྲུལ་བ་ལ་ཡང་སྡོང་དུམ་བདེན་པར་གྲུབ་པ་བཞིན་ནོ། །འཁོར་བ་དེ་ནི་གཞི་བདེན་པ་ལ་བརྟེན་པ་ལ་གཞན་དུ་མི་རྟེན་ན་ནམ་མཁའ་དང་འདྲ་བར་དངོས་པོ་མེད་པར་འགྱུར་རོ། ཞེས་པ་སྟེ་རྩོད་པ་འདི་བསླབ་བཏུས་སུ་གསུངས་པའི་དོན་ཡིན་གྱི་གཞན་དུ་བཤད་པ་འདིའི་དོན་མིན་ནོ། །དེའི་ལན་ནི་དངོས་པོ་མེད་སོགས་རྐང་པ་རྣམས་ཏེ། དངོས་མེད་དེ་འཁྲུལ་པའང་རྫུན་པ་རྣམས་གཞི་དངོས་མེད་བདེན་པ་ལ་བརྟེན་


JLD016_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས་ན་འཆིང་བ་སོགས་ཀྱི་བྱེད་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ། མི་འགྱུར་བར་ཐལ། བརྟེན་པའི་གཞི་དངོས་པོ་བདེན་གྲུབ་མེད་པའི་ཕྱིར། རྟགས་འདི་བསླབ་བཏུས་སུ་གསུངས་སོ། །ཁྱོད་ཀྱི་ལུགས་ཀྱིས་སེམས་ནི་གཟུང་འཛིན་གཉིས་སུ་འཁྲུལ་བ་སོགས་ཀྱི་གྲོགས་མེད་པར་རང་རིག་རང་གསལ་གཅིག་པུ་ཉིད་དུ་འགྱུར་བར་ཐལ། ཡུལ་ཡུལ་ཅན་རྒྱངས་ཆད་ཉིད་དུ་སྣང་བ་འདི་སྣང་བ་ལྟར་མ་གྲུབ་པར་ཁས་བླངས་པས་ཕྱི་དོན་མེད་ལ། གཟུགས་སོགས་ཀྱི་སྣང་བ་ཤེས་པ་ཡིན་པའང་སྔར་བཀག་པས་ཤེས་པ་མིན་ལ། དེ་ལྟ་ན་ཤེས་པ་དང་འབྲེལ་མེད་དོན་གཞན་དུ་འགྱུར་བས་གཟུགས་སོགས་ཀྱི་སྣང་བ་བསླད་ཀྱང་ཤེས་པའི་རྫས་ལ་བསླད་པ་མེད་པའི་ཕྱིར་རོ། །འདོད་ན་གང་གི་ཚེ་སེམས་ཅན་ཀུན་གྱི་སེམས་གཟུང་འཛིན་གྱི་དྲི་མ་ཐམས་ཅད་དང་བྲལ་ན། དེ་ཚེ་ཐམས་ཅད་དེ་བཞིན་གཤེགས་པ་སྟེ་འབད་མེད་དུ་གྲོལ་བར་ཐལ། དེ་འདོད་པ་དེ་ལྟ་ཡང་སེམས་ཙམ་དུ་བརྟགས་ཏེ་ལྟ་བ་གཏན་ལ་འབེབས་པ་ལ་ཡོན་ཏན་ཅི་ཞིག་ཡོད་དེ་མེད་པར་ཐལ་ལོ། །ལམ་དབུ་མ་ལ་དགོས་ནུས་མེད་པར་ཐལ་བ་སྤང་བ་ལ། སྟོང་ཉིད་རྟོགས་པའི་ཤེས་པ་ལ་དགོས་ནུས་མེད་པར་ཐལ་བ་སྤང་བ་དང༌། སྟོང་ཉིད་མ་མཐོང་ཡང་བདེན་པ་མཐོང་བ་ཙམ་གྱིས་གྲོལ་བ་དགག་པ་དང༌། ལམ་དེ་དག་གི་བྱེད་པ་བསྡུས་ཏེ་བསྟན་པའོ། །དང་པོ་ལ། རྩོད་པ་དང་ལན་ནོ། །དང་པོ་ནི། སྒྱུ་མ་ཞེས་སོགས་


JLD016_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་བཞི་སྟེ། ཁྱེད་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རང་བཞིན་མེད་པར་གཏན་ལ་ཕབ་སྟེ། དེ་ལྟར་ཤེས་ན་ཡང་དེས་ཉོན་མོངས་སྤོང་བ་སོགས་ཀྱི་དགོས་པ་མེད་ན་ནི་དེ་ལྟར་གཏན་ལ་འབེབས་པ་དལ་བ་ཙམ་དུ་ཟད་ལ། དགོས་པ་ཡོད་པར་འདོད་ནའང་ཇི་ལྟར་དེས་ཉོན་མོངས་ལྡོག་པར་འགྱུར་ཏེ་མི་འགྱུར་པར་ཐལ། སྒྱུ་མའི་བུད་མེད་སྤྲུལ་མཁན་དེས་སྒྱུ་མའི་བུད་མེད་ཕྱི་རོལ་གྱི་བུད་མེད་ཀྱིས་སྟོང་པར་མངོན་སུམ་དུ་རྟོགས་ཀྱང་སྒྱུ་མའི་བུད་མེད་འདི་ལོངས་སྤྱད་རུང་དུ་སོང་ན་སྙམ་དུ་སྒྱུ་མ་བྱེད་པ་དེ་ཉིད་ཀྱང་ཆགས་པ་སྐྱེ་བ་མཐོང་ལ། ཁྱོད་ཀྱིས་སྟོང་ཉིད་ནི་དང་པོ་ཐོས་བསམ་གྱིས་རྟོགས་པ་ཙམ་ལས་མེད་པས་སོ་ཞེ་ན། ལན་ནི་དེ་བྱེད་ཅེས་སོགས་རྐང་པ་རྣམས་ཏེ། སྔ་མ་དག་གིས་སྒྱུ་མའི་བུད་མེད་བུད་མེད་ཀྱིས་སྟོང་པར་རྟོགས་པ་ནི་ཉི་ཚེ་བའི་སྟོང་ཉིད་ཙམ་ཡིན་པས་དེས་ཉོན་མོངས་མི་སྤོང་ལ། ངེད་ཀྱི་ལུགས་ལ་ཁྱབ་པའི་སྟོང་ཉིད་རྟོགས་པས་སྤོང་བ་ཡིན་ནོ་ཞེས་ལན་མཛད་པ་ནི་མི་འཐད་དེ། སྒྱུ་མའི་བུད་མེད་བུད་མེད་ཀྱིས་སྟོང་པར་རྟོགས་པ་ནི་དགག་བྱ་ཕྲ་མོ་ལ་ལྟོས་པའི་ཉི་ཚེ་བའི་སྟོང་ཉིད་རྟོགས་པ་མིན་ཏེ། དགག་བྱའི་ངོས་འཛིན་དང་དེ་ཆོས་གཅིག་གི་སྟེང་དུ་མེད་པར་རྟོགས་ན་གཞན་ལའང་གོ་འོང་བ་སོགས་གཞན་ལས་བཤད་པ་སོགས་ཤེས་པས་སོ། །དེས་ན་སྤྱིར་འཁྲུལ་པ་ལ་རྟོག་མེད་འཁྲུལ་པ་རབ་རིབ་ཀྱིས་སྐྲ་ཤད་འཛག་པར་མཐོང་བ་ལྟ་བུ་ལ། ཡིད་ཀྱིས་སྐྲ་ཤད་མེད་པར་གོ་བས་འཁྲུལ་པ་དེ་མི་ལྡོག་གི །དེ་ལྡོག་པ་ལ་


JLD016_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་རབ་རིབ་སེལ་ཐབས་བྱེད་དགོས་སོ། །རྟོག་པ་འཁྲུལ་པ་ལའང་འཕྲལ གློ་བུར་བའི་རྒྱུ་ལས་བྱུང་བ་ཐག་ཁྲ་ལ་སྦྲུལ་འཛིན་སོགས་ནི་ཐག་པར་རྟོགས་པ་ཙམ་གྱིས་འཁྲུལ་པ་དེ་ལྡོག་གི །དེ་ལྡོག་པ་ལ་གོ་བ་དེ་རིང་དུ་སྒོམ་པ་སོགས་མི་དགོས་སོ། །འགྲོ་བ་ཀུན་གྱི་རྒྱུད་ཀྱི་བདེན་འཛིན་ནི་སངས་རྒྱས་ཀྱིས་ཀྱང་མི་གཟིགས་པའི་ཐོག་མ་མེད་པ་ནས་རྒྱུད་ལ་ཆེས་ཤིན་ཏུ་འདྲིས་ཤིང་དེས་རྒྱུད་ཆོས་པ་བཞིན་དུ་སོང་བས་དེའི་ས་བོན་ལྟ་ཞོག །མངོན་གྱུར་རགས་པའང་བདེན་པ་མེད་པར་རྟོགས་པ་ཙམ་གྱིས་ག་ལ་ལྡོག །དེ་ཙམ་དུ་མ་ཟད་བདེན་མེད་མངོན་སུམ་དུ་རྟོགས་ཀྱང་ཉོན་མོངས་ཀུན་བརྟགས་ས་བོན་དང་བཅས་པ་སྤོང་ཡང་ལྷན་སྐྱེས་མི་སྤོང་བས་སོ། །དེའི་ཕྱིར་ཡུན་རིང་དུ་སྒོམ་པའི་སྒོམ་ལམ་སོགས་ས་ལམ་གྱི་རྣམ་གཞག་ང་དུ་གསུངས་པ་ཡིན་ཞིང༌། སྟོང་ཉིད་རྟོགས་པ་ལའང་མཐར་ཉོན་མོངས་ཟད་པ་འབྱུང་བར་ཁས་བླངས་ཤིང་དེས་ཆོག་གི །དེ་ལ་སྟོང་ཉིད་རྟོགས་མ་ཐག་སྤོང་དགོས་ཞེས་ཁས་མ་བླངས་ཤིང་ལེན་ཡང་ག་ལ་དགོས། ཞེས་པ་ལན་བསྡུས་པའོ། །སྒྱུ་མ་མཁན་སྒྱུ་མའི་བུད་མེད་དེ་བྱེད་པས་ནི་དམིགས་ཡུལ་ཤེས་བྱ་སྟེ་སྒྱུ་མའི་བུད་མེད་ལ་ཉོན་མོངས་བག་ཆགས་ཏེ་བདེན་འཛིན་མ་སྤངས་ཤིང་བདེན་པར་འཛིན་པ་དེས་ན་སྒྱུ་མའི་བུད་མེད་བུད་མེད་ཀྱིས་སྟོང་པ་སྟེ་མཐོང་བ་ན་དེའི་སྟོང་ཉིད་བག་ཆགས་དེ་བདེན་འཛིན་ལ་གནོད་པའི་ནུས་པ་མེད་དེ། དེ་དང་འཛིན་


JLD016_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་འགལ་བ་མེད་པས་སོ། །ཉོན་མོངས་བག་ཆགས་ཞེས་པའི་བག་ཆགས་ནི་ཡང་ཡང་ཞེན་པས་བདེན་འཛིན་ལ་བྱས་པ་དང༌། ཉོནམོངས་པའི་ས་བོན་དང༌། དེ་ལས་ཕྲ་བ་ལ་བྱས་པ་ཡོད་ཀྱང་འདིར་སྔ་མའོ། །སྟོང་ཉིད་བག་ཆགས་གོས་སམ་ཞེས་སོགས་རྐང་པ་བཞི་ལམ་ལ་སྦྱར་རྒྱུ་མིན་གྱི། གཞི་ལ་སྦྱར་ཏེ། དེ་ཡང་ཆོས་ཅན་ཐམས་ཅད་བདེན་མེད་དུ་ཚད་མས་རྟོགས་ན་དངོས་པོ་བདེནའཛིན་སྤོང་ལ། དེ་ནས་བདེན་མེད་ཉིད་ཀྱང་བདེན་མེད་དུ་བདེ་བླག་ཏུ་རྟོགས་པས་བདེན་མེད་བདེན་འཛིན་འགོག་གོ །དེའི་རིགས་པ་སྟོན་པ་གང་ཚེ་ཞེས་སོགས་ཏེ། དངོས་པོ་གང་ཞིག་བདེན་པར་མེད་དོ་ཞེས་བཀག་ནས་བརྟག་བྱའི་དངོས་པོ་བདེན་པ་མི་དམིགས་པའི་ཚེ། ཆོས་ཅན་གང་ཡང་བདེན་པར་མེད་པས་ཆོས་ཅན་དང་བྲལ་བའི་ཆོས་ཀྱང་མེད་པས་བདེན་མེད་ཀྱང་ཆོས་ཅན་ལ་བརྟེན་དགོས་ལ། ཆོས་ཅན་བདེན་མེད་ལ་བདེན་མེད་བདེན་གྲུབ་བརྟེན་པ་འགལ་བས་དངོས་མེད་དེ་བདེན་མེད་ཆོས་ཅན། བློའི་མདུན་དུ་སྟེ་རིགས་པས་དཔྱད་བཟོད་ཀྱི་བདེན་པར་ཇི་ལྟར་གནས་ཏེ་མི་གནས་པར་ཐལ། རྟེན་ཆོས་ཅན་བདེན་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་དངོས་པོ་དངོས་མེད་བདེན་པར་མེད་ལ། དེ་གཉིས་ལས་གཞན་ཡང་མེད་པས་ཆོས་ཐམས་ཅད་བདེན་པར་དམིགས་པ་མེད་ཅིང༌། དེ་རྟོགས་པའི་བློའི་ངོར་སྤྲོས་པ་ཐམས་ཅད་རབ་ཏུ་ཞི་བ་ཡིན་ནོ། །དེ་དག་གིས་འབྲས་བུའི་དུས་སུའང་སྤྲོས་པ་ཞི་བ་སོགས་ལ་སྦྱར་བའང་


JLD016_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །དེ་ལྟར་སྟོང་ཉིད་བག་ཆགས་གོམས་པས་ནི་ཞེས་སོགས་ལྟར་ལྟ་བ་གཏན་ལ་ཕབ་སྟེ། གང་ཚེ་དངོས་དང་དངོས་མེད་དག །ཅེས་སོགས་ལྟར་བསྒོམས་པས་འབྲས་བུའི་དུས་སུ་བདེན་འཛིན་སོགས་རྟོག་པ་ཐམས་ཅད་ཞི་ན་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་མི་འཐད་དོ་སྙམ་པའི་ལན་དཔེ་དོན་དང་བཅས་ཏེ་སྟོན་པ། ཡིད་བཞིན་ཞེས་སོགས་ཏེ། རྟོག་པ་མེད་ཀྱང་མི་ལ་ནོར་བུ་དང་ལྷ་ལ་དཔག་བསམ་ཤིང་ལ་གསོལ་བ་བཏབ་པས་རེ་བ་སྟེ་འདོད་པ་སྐོང་བ་བཞིན་དུ་གདུལ་བྱས་སངས་རྒྱས་དང་ཕྲད་པ་སོགས་ཀྱི་བསོད་ནམས་སངས་རྒྱས་ཀྱི་རྟོག་པ་མེད་བཞིན་དུ་དོན་བྱེད་པར་གྱུར་ཅིག་པའི་སྨོན་ལམ་གྱི་དབང་གིས་ཡིན་ན་དེ་འདས་པས་འབྲས་བུ་མི་འབྱུང་ཞེས་པའམ། སྨོན་ལམ་དུས་སུ་བཏབ་པས་དེ་ལྟ་ན་སངས་རྒྱས་ཀྱི་མཛད་པར་མི་འགྱུར་རོ་ཞེ་ན། དེ་དག་གི་ལན་ནི་དཔེར་ན་ཞེས་སོགས་ཏེ། དཔེར་ན། བྲམ་ཟེས་ནམ་མཁའ་ལྡིང་གི་མཆོད་སྡོང་བསྒྲུབས་པ་བྲམ་ཟེ་འདས་ནས་རིང་དུ་ལོན་ཡང་བྲམ་ཟེའི་སྨོན་ལམ་གྱི་དབང་གིས་རྒྱལ་བའི་སྐུ་གདུལ་བྱ་ལ་སྣང་ཞིང་མཐོང་ངོ༌། །སྨོན་ལམ་གྱི་མཐུས་མཆོད་སྡོང་དེས་དུས་ཕྱིས་དུག་ཞི་བར་བྱེད་པ་བཞིན་དུ་བྱང་ཆུབ་སེམས་དཔས་ལམ་དུས་སུ་བྱང་ཆུབ་ཀྱི་སྤྱོད་པ་ལ་རྗེས་སུ་མཐུན་པར་བསླབས་པས་ས་བཅུ་རྒྱུན་མཐར་རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང་དེ་དང་འདྲའོ། །སངས་རྒྱས་ཀྱི་མཛད་པར་ཡང་འགྱུར་ཏེ། སྨོན་ལམ་དུས་སུ་བཏབ་ཀྱང་


JLD016_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུས་སུ་བྱས་སོ། །སངས་རྒྱས་ལ་སེམས་ཏེ་རྟོག་པ་མེད་ན་མཆོད་པ་ལེན་པའི་རྟོག་པ་མེད་པས་དེ་ལ་མཆོད་པ་བྱས་པས་ཇི་ལྟར་འབྲས་བུ་འབྱུང་ཞེ་ན། དེའི་ལན་ནི་གང་ཕྱིར་ཞེ་སོགས་ཏེ། ཕུལ་བའི་བསོད་ནམས་འཐོབ་པ་ལ་ཡུལ་དེ་ལ་ལེན་པའི་སེམས་དང་རྟོག་པ་ངས་པར་མི་དགོས་པར་ཐལ། གང་གི་ཕྱིར་ན། སངས་རྒྱས་བཞུགས་དུས་ཀྱི་སྐུར་ངེས་དང་མྱ་ངན་ལས་འདས་རྗེས་ཀྱི་སྐུ་གདུང་ལ་མཆོད་པ་གཉིས་བསོད་ནམས་མཚུངས་པར་བྱམས་པ་སེང་གེ་སྒྲའི་མདོ་ལས་གསུངས་པའི་ཕྱིར་རོ། །ཁྱབ་སྟེ་སྐུ་གདུང་དེ་དག་ལ་སེམས་མེད་པས་སོ། །ཡང་སངས་རྒྱས་མཆོད་པ་སོགས་ཀུན་རྫོབ་པའམ་དེ་ཉིད་དུ་སྟེ་བདེན་པ་ཡིན་ཡང་རུང་སྟེ་དེ་ལས་འབྲས་བུ་འབྱུང་བར་ལུང་ལས་གསུངས་ཤིང༌། རྫུན་པ་ལས་རྒྱུ་འབྲས་མི་རུང་ན་མཚུངས་པའི་དཔེ་ནི། དཔེར་ན་ཞེས་སོགས་རྐང་པ་གཉིས་སོ། །སྟོང་ཉིད་མ་མཐོང་ཡང་བདེན་པ་མཐོང་བས་གྲོལ་བར་འདོད་པ་དགག་པ་ལ་འདོད་པ་བརྗོད་པ་དང་ལན་ནོ། །དང་པོ་ནི་བདེན་པ་སོགས་རྐང་པ་གཉིས་ཏེ། སྟོང་ཉིད་མཐོང་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་པར་ཐལ། སྟོང་ཉིད་མ་མཐོང་ཡང་བདེན་པ་མཐོང་ལ། དེ་གོམས་པར་བྱས་པས་ཉོན་མོངས་ཟད་ནས་འཁོར་བ་ལས་གྲོལ་བར་འགྱུར་བའི་ཕྱིར་རོ། །བདེན་པ་ཞེས་པ་ཙམ་ལས་མ་བྱུང་ཡང་དེ་དག་གི་འདོད་པས་སྡུག་བདེན་གྱི་སྟོང་བདག་མེད་གཉིས་གྲོལ་ལམ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་སུ་བདེན་པ་སོ་སོའི་


JLD016_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་མིན་གྱི་འདྲེས་པ་སྟེ་ཐམས་ཅད་ལ་ཁྱབ་པ་བདག་མེད་པའི་རྣམ་པ་བསྒོམས་པས་ཉོན་མོངས་ལྡོག་པར་གསུངས་པ་བཞིན་ནོ། །འོ་ན་རྣམ་པ་ལྷག་མ་བཅུ་བཞིའི་དགོས་པ་གང་སྙམ་ན། གྲོལ་ལམ་དེ་དག་གི་སྦྱོང་བྱེད་ཡིན་ཏེ། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི་ཞེས་སོགས་གསུངས་པ་ལྟར་རོ། །ལན་ལ་ལུང་གིས་དགག་པ་དང༌། རིགས་པས་དགག་པའོ། །དང་པོ་ནི། གང་ཕྱིར་ལུགས་ཞེས་སོགས་ཏེ། སྟོང་ཉིད་མ་མཐོང་ཡང་བདེན་པ་མཐོང་བ་ཙམ གྲོལ་བ་འཐོབ་པ་མི་འཐད་པར་ཐལ། ལུང་ལས་སྟོང་ཉིད་རྟོགས་པའི་ལམ་འདི་ནི་མེད་པར་བྱང་ཆུབ་གསུམ་མེད་པ་སྟེ་མི་འཐོབ་པར་གསུངས་པའི་ཕྱིར་རོ། །ལུང་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་བསྟོད་པ་ལས། ཉན་ཐོས་དང་ནི་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱིས་ངེས་བརྟེན་པའི། །ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ། །གཞན་དག་མེད་ཅེས་བྱ་བར་ངེས། ཞེས་པའི་དོན་ཡང་ཡིན་མོད་ཀྱང་དེ་ཙམ་གྱིས་མི་ཆོག་པས་ཤེར་ཕྱིན་འབུམ་པ་ལས། སྟོང་ཉིད་མེད་ན་སངས་རྒྱས་དང་དེའི་ཉན་ཐོས་ཀྱིས་འབྲས་བུ་མི་འཐོབ་པར་གསུངས་པ་དང༌། སྡུད་པ་ལས་ཀྱང༌། ཤེར་ཕྱིན་འདི་ལ་བརྟེན་ནས་ཆོས་རྒྱལ་སོགས་འཐོབ་དགོས་པ་དང༌། དེ་དང་ཤེར་སྙིང་སོགས་ལས་ཤེར་ཕྱིན་འདི་དུས་གསུམ་གྱི་སངས་རྒྱ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དུ་གསུངས་པ་རྣམས་སོ། །གཞུང་འདིའི་བྱང་ཆུབ་སངས་རྒྱས་


JLD016_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ལ་བྱས་ནས་སློབ་དཔོན་འདིའི་བཞེད་པས་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པར་བཞེད་པ་ཡིན་ཟེར་བ་ནི་ཕྱོགས་སྔ་མ་དང་མ་འབྲེལ་བས་མི་འཐད་དོ། །ཅི་སྟེ་རིགས་པ་ནི་རང་གཞན་གྱི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་དེ་མི་འདོད་ཟེར་གྱི་ཁས་བླང་དགོས་ལ། ལུང་ནི་ཀུན་ལ་སྒྲུབ་བྱེད་དུ་མི་འགྲོ་བའི་ཚད་མར་ཁས་ལེན་པ་ཙམ་ལ་འགྲོ་བས། འདིར་ཡང་ཉན་ཐོས་སྡེ་པ་ཐེག་ཆེན་བཀར་མི་འདོད་པས་དེ་ལ་ལུང་སྔར་བཤད་པ་དེ་དག་སྒྲུབ་བྱེད་དུ་དྲངས་ན་སློབ་དཔོན་འདི་རིགས་པ་མཁྱེན་པར་མི་འགྱུར་རམ་ཞེ་ན། དེ་ནི་མ་ཡིན་ཏེ། དེས་ལུང་དེ་དག་ཁས་མི་ལེན་པར་མཁྱེན་ཡང་དེད་ཐེག་ཆེན་བཀར་མི་འདོད་དོ་ཞེས་འོག་ནས་ཐེག་ཆེན་བཀར་སྒྲུབ་པའི་རིགས་པ་སྟོན་བཞེད་ཅིང་དེའི་སྐབས་འཕྱེད་པའི་ཕྱིར་དུ་འདི་མཛད་པས་སོ། །གལ་ཏེ་ཐེག་ཆེན་གྱི་མདོ་ངེད་བཀར་མི་འདོད་པས་མ་གྲུབ་པོ་ཞེ་ན། ཁྱོད་ཀྱི་ལུང་དེ་ཐེག་དམན་གྱི་སྡེ་སྣོད་རྣམས་ནི་བཀའ་ཡིན་པར་ཇི་ལྟར་འགྲུབ། གང་གི་ཕྱིར་ངེད དང་ཁྱེད་གཉིས་ཀ་ལ་འདི་བཀར་གྲུབ་ཅིང་ཁས་ལེན་པས་ཐེག་དམན་གྱི་སྡེ་སྣོད་རྣམས་བཀའ་ཡིན་ནོ་ཞེ་ན། སྐྱེས་མ་ཐག་པ་སོགས་དང་པོ་ཐ་མལ་པའི་སྐབས་སུ་ཁྱོད་ལ་ལུང་འདི་བཀར་མ་གྲུབ་པ་ལ། ཕྱིས་ལུང་དེ་དག་རྐྱེན་ནམ་རྒྱུ་མཚན་གང་གིས་བཀའ་དེར་ཡིད་ཆས་པའི་རྒྱུ་མཚན་དེ་ནི་ཐེག་ཆེན་ལའང་མཚུངས་ཏེ། འདུལ་བ་ལ་སྣང༌། མདོ་སྡེ་ལ་འཇུག །མངོན་པའི་ཆོས་ཉིད་ལ་འཇུག་པའི་ཆེན་པོ་བསྟན་པ་དང་ནག་པོ་བསྟན་པ་ནི་ཐེག་ཆེན་


JLD016_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ཡོད་པའི་ཕྱིར རོ། །གལ་ཏེ་གང་ཟག་གཉིས་ཙམ་མཐུན་པས་མི་ཆོག་གི །སྡེ་པ་གཞན་གཉིས་ཐེག་དམན་དཀར་འདོད་པས་དེ་བཀར་བདེན་ན་ནི་རིག་བྱེད་སོགས་ལ་སྡེ་པ་གཉིས་ཀྱིས་མི་བསླུ་བར་འདོད་པ་ཡོད་པས་དེ་དག་ཀྱང་བདེན་པར་འགྱུར་རོ། །ངེད་འདོད་པའི་ཐེག་དམན་ནི་ཁྱེད་ཀྱིས་ཀྱང་འདོད་པས་རྩོད་པ་མེད་ལ། ཐེག་ཆེན་ནི་ངེད་མི་འདོད་པས་རྩོད་པ་དང་བཅས་པས་སྐྱོན་ཅན་ནོ་ཞེ་ན། ཐེག་དམན་གྱི་ལུང་ཡང་དོར་བྱར་འགྱུར་ཏེ། དེ་ལ་མུ་སྟེགས་རྣམས་དང་རྩོད་པ་དང་བཅས་པའི་ཕྱིར་དང༌། ཐེག་དམན་གྱི་ལུང་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱིས་ཚད་མར་ཁས་ལེན་པའང་ཡོད་ཀྱང་ནང་ཚན་གྱི་ལུང་གཞན་བར་སྲིད་ཡོད་པར་སྟོན་པ་སོགས་སྡེ་པ་ལ་ལས་བཀར་འདོད་ཀྱང་ལ་ལས་དེ་མི་འདོད་པས། སྡེ་པ་ནང་དུ་རང་གཞན་རྩོད་པ་དང་བཅས་པའི་ཕྱིར་དོར་བྱར་འགྱུར་རོ། །གཉིས་པ་རིགས་པས་དགག་པ་ནི། བསྟན་རྩ་ཞེས་སོགས་ཏེ། དགྲ་བཅོམ་པ་རྣམས་ཀྱིས་སངས་རྒྱས་ལས་མངོན་སུམ་དུ་ཐོས་ནས་དེའི་རྗེས་སུ་སྟོང་ཉིད་སྟོན་པའི་གསུང་རབ་ལ་བསྡུ་བ་མཛད་པས་བསྟན་པའི་རྩ་བ་དགེ་སློང་དགྲ་བཅོམ་པ་ལ་སྐུར་པ་བཏབ་པར་འགྱུར་ཞིང༌། ཡང་མིང་གི་དགེ་སློང་སོགས་ཀྱི་ནང་ནས་བསྟན་པའི་རྩ་བ་དགེ་སློང་མཆོག་དོན་དམ་པའི་དགེ་སློང་ནི་དགྲ་བཅོམ་པ་ཡིན་ལ། དེ་འཐོབ་པ་ལ་ཉོན་མོངས་སྤོང་དགོས། དེ་ལ་སྟོང་ཉིད་རྟོགས་དགོས་པ་ལས། ཁྱོད་ཀྱིས་སྟོང་


JLD016_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཀག་པས་དགེ་སློང་དགྲ་བཅོམ་པ་ཉིད་ཀྱང་འཐོབ་པ་དཀའ་བར་གནས་པ་སྟེ་མི་ཐོབ་པར་ཐལ་ལོ། །ཀྱང་ཞེས་པས་སངས་རྒྱས་མི་ཐོབ་པར་མ་ཟད་ཅེས་པའོ། །དེའི་རྒྱུ་མཚན་སེམས་ནི་དམིགས་པ་དང་བཅས་པ་སྟེ་བདེན་འཛིན་དང་བཅས་པ་རྣམས་ཀྱིས་བདེན་འཛིན་ཡོད་པ་དེ་སྲིད་དུ་མྱང་འདས་དཀའ་བར་གནས་པ་སྟེ་མི་ཐོབ་པའི་ཕྱིར་རོ། །ཉོན་མོངས་སྤངས་པས་ཞེས་སོགས་ལ། ཉོན་མོངས་མཚན་ཉིད་པ་ལ་བྱེད་པ་དང༌། མ་རིག་པ་བཞིན་དུ་སྲེད་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་སུ་འབྱེད་པའི་སྔ་མའི་བཤད་པ་རྣམས་མི་འཐད་པར་རྟོགས་སླ་ལ། ཕྱི་མའང་དེ་ལྟ་ན་ང་རྒྱལ་དང་ཞེ་སྡང་དང་ཐེ་ཚོམ་སོགས་ལའང་གཉིས་སུ་འབྱེད་རུང་བར་ཧ་ཅང་ཐལ་བས་མི་འཐད་དོ། །དེས་ན་རང་ལུགས་ནི་ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལམ་གྱིས་ཕྱི་རོལ་པས་ཀྱང་ཅི་ཡང་མན་ཆད་ཉོན་མོངས་མངོན་གྱུར་རེ་ཞིག་སྤོང་ནུས་ན་སྔར་བཤད་པའི་བདེན་པའི་རྣམ་པ་བཅུ་དྲུག་གམ་གཉིས་རྟོགས་པའི་ཚད་མ་ནི་ཡོད་ཅིང༌། དེ་ལྟ་ན་དེ་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བ་སོགས་ཀྱི་རྟགས་ལས་གོམས་བྱའི་དོན་ལ་གསལ་སྣང་སྐྱེས་པའི་རྣལ་འབྱོར་མངོན་སུམ་ནི་ཡོད་ལ། དེ་གོམས་སུ་མི་རུང་བར་ཁས་བླངས་དུའང་མི་རུང་བས། དེ་གོམས་པ་ལས་ཉོན་མོངས་མངོན་གྱུར་སྤོང་ནུས་པ་ལྟ་ཅི་སྨོས། དེ་ལྟ་ནའང་དེས་ཉོནམོངས་ཐམས་ཅད་སྤངས་པའི་གྲོལ་བ་ཐོབ་པ་དགག་པ་ནི་ཉོན་མོངས་སྤགས་པས་ཞེས་སོགས་ཏེ། བདག་རང་


JLD016_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བ་མེད་པར་རྟོགས་པའི་སྒོ་ནས་ཉོན་མོངས་མངོན་གྱུར་སྤངས་པས་གྲོལ་བ་འཐོབ་ན་ཉོན་མོངས་མངོན་གྱུར་སྤངས་པ་དེའི་དེ་མ་ཐག་ཏུ་གྲོལ་བ་དེར་འགྱུར་ཏེ། དེས་ཉོན་མོངས་ཟད་པར་སྤངས་པར་ཁས་བླངས་པའོ། །དེ་ལ་འདོད་མི་ནུས་ཏེ། དེ་ལ་ཉོན་མོངས་མངོན་འགྱུར་མེད་ཀྱང་ཟག་པ་དང་བཅས་པའི་ལས་ཀྱིས་ཡང་སྲིད་ཕྱི་མ་འཕེན་པའི་ནུས་པ་ལུང་རིགས་ལས་མཐོང་བའི་ཕྱིར་རོ། །སྐྱོན་མེད་དེ། ལས་ཡོད་ཀྱང་བརླན་དང་འདྲ་བའི་ཉེར་ལེན་སྲེད་པ་མེད་པས་ཡང་སྲིད་དུ་མི་སྐྱེ་ལ། དེས་ན་གྲོལ་པར་ངེས་པ་ཉིད་ཅེ་ན། རྟག་གཅིག་རང་དབང་བའི་བདག་མེད་རྟོགས་པས་ཉོན་མོངས་མངོན་གྱུར་སྤངས་པའི་སྲེད་པ་འདི་རང་དབང་ཅན་གྱི་བདག་འཛིན་ཉོན་མོངས་ཅན་མེད་པས་དེས་དྲངས་པའི་སྲེད་པ་ཉོན་མོངས་ཅན་མིན་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ཀུན་ཏུ་རྨོངས་པ་ཡོད་པ་བཞིན་དུ་དེས་དྲངས་པའི་སྲེད་པ་ཉོན་མོངས་ཅན་ཅི་སྟེ་མེད་དེ་ཡོད་དོ། །དེའི་རྒྱུ་མཚན་དེ་དག་ལ་ཚོར་བ་ཡོད་ལ། དམིགས་པ་དང་བཅས་པའི་ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེ་བས་སོ། །དེ་ཡང་དམིགས་པ་དང་བཅས་པ་སྟེ་བདེན་འཛིན་རྒྱུད་ལ་ཡོད་ན་གཞི་ལམ་འབྲས་བུའི་ཆོས་འགའ་ཞིག་ལ་བདེན་པར་གནས་ཤིང་ཞེན་པར་འགྱུར་ལ། དེ་ལྟ་ན་ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་ལ་ཆགས་སྡང་རྨོངས་པ་སྐྱེ་སྟེ། དམིགས་བཅས་སེམས་དང་ལྡན་རྣམས་ལ། ཞེས་སོགས་དང༌།


JLD016_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཚེ་བར་མར་འདུག་པ་ཡང༌། ཞེས་རིགས་པ་དྲུག་ཅུ་པ་རྩ་འགྲེལ་བཞིན་དུ་རྒྱས་པར་ཤེས་པར་བྱའོ། །སྟོང་ཉིད་རྟོགས་པ་དང་བྲལ་ན་བཤགས་བསྟོད་ལས། བསམ་གཏན་ནགས་མས་ཡང་དང་ཡང་དུ་ནི། ཞེས་སོགས་གསུངས་པ་ལྟར་ཉོན་མོངས་མངོན་གྱུར་རེ་ཞིག་འགགས་པ་ཡང༌། སླར་སྐྱེ་བར་འགྱུར་ཏེ། དཔེར་ན། འདུ་ཤེས་པ་མེད་པའི་སྙོམས་འཇུག་གི་དུས་ན་ཉོན་མོངས་མངོན་གྱུར་མེད་ཀྱང་སླར་ཡང་སྐྱེ་བ་བཞིན་ནོ། །འདིར་འགྲེལ་ཆེན་དུ་རྡོ་རྗེ་གཅོད་པ་དྲངས་པ་ནི་ལེགས་ཏེ། དེ་ཡང་མདོ་དེ་ལས། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་རྒྱུན་དུ་ཞུགས་པ་བདག་ནི་རྒྱུན་དུ་ཞུགས་པའོ་སྙམ་དུ་སེམས་སམ། རབ་འབྱོར་གྱིས་གསོལ་བ། དེ་ནི་མ་ལགས་ཏེ། དེ་ཅིའི་ཕྱིར་ཞེ་ན།།དེ་ལྟ་ན་དེ་དམིགས་པ་དང་བཅས་པའི་དུག་གིས་ཟིན་པར་འགྱུར་རོ། ཞེས་སོགས་གསུངས་ཏེ། དེ་ཡང་བདག་རྒྱུན་ཞུགས་སོ་སྙམ་པ་ཙམ་མིན་གྱི། དེར་བདེན་པར་རྟོག་པའོ། །དེ་ལྟར་སྔར་བཤད་པ་དེས་ན་སྟོང་ཉིད་བསྒོམ་པར་བྱའོ། །ཡང་ཉོན་མོངས་སྤངས་པས་གྲོལ་ན་དེའི་ཞེས་སོགས་ལ་དོགས་པ་བཅད་ན། གཞན་སྔ་མ་དང་འདྲ་བ་ལ་དེ་མ་ཐག་ཅེས་པ་ཉོན་མོངས་མངོན་གྱུར་སྤངས་པ་དེ་ཙམ་གྱིས་ཞེས་པའོ། །ཡང་མ་རིག་པ་བཞིན་དུ་སྲེད་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་སུ་འབྱེད་ན་སྐྱོན་སྔར་བཤད་པ་དང་སྲེད་པ་འདི་རྟེན་འབྲེལ་བཅུ་གཉིས་ཀྱི་སྲེད་པ་དེར་འོག་ནས་བཤད་པས་དེ་ལ་ཉོན་མོངས་ཅན་གྱིས་ཁྱབ་


JLD016_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །གཞན་ཡང་སྲེད་པ་འདི་ཉོན་མོངས་ཅན་མ་ཡིན་ན་ཉོན་སྒྲིབ་ནི་མིན་ཞིང་ཤེས་སྒྲིབ་ཏུ་འཇོག་དགོས་པས་སྲེད་པ་ཟད་པས་འཁོར་བ་ལས་གྲོལ་ཞེས་པའི་ལན་དུ་འཁོར་བ་ལས་མ་གྲོལ་བར་ཐལ། ཤེས་སྒྲིབ་མ་ཟད་པའི་ཕྱིར། ཞེས་པ་འབྲེལ་མེད་དུ་འགྱུར་རོ། །འོ་ན་ཁྱེད་ཀྱི་ལུགས་ལའང་སྔར་བཤད་པའི་ཉོན་མོངས་མངོན་གྱུར་སྤངས་པ་དེའི་རྒྱུད་ལ་ཉོན་མོངས་མངོན་གྱུར་ཡོད་དམ་མེད། ཡོད་ན་ཉོན་མོངས་མེད་ཀྱང་ཞེས་མངོན་གྱུར་མེད་པར་ཁས་བླངས་པས་གནོད་ལ། མེད་ན་ཀུན་རྨོངས་བཞིན་དུ་ཞེས་མངོན་གྱུར་ཡོད་པར་འདོད་པ་དང་འགལ་ལོ་ཞེ་ན། ཉོན་མོངས་མངོན་གྱུར་མེད་པར་བཤད་པ་ནི་གང་ཟག་དེས་སྔར་བཤད་པ་ལྟར་རང་དབང་བའི་བདག་ཏུ་འཛིན་པའི་མ་རིག་པ་དང༌། དེས་དྲངས་པའི་ལྟ་བ་ང་རྒྱལ་ཞེ་སྡང་ཐེ་ཚོམ་སོགས་ཉོན་མོངས་དྲུག་དང་དེ་ལ་ལྟོས་པའི་ཉེ་ཉོན་ཐེག་དམན་གྱི་གསུང་རབ་ལས་བཤད་པ་དེ་དག་གི་མངོན་གྱུར་སྤངས་པ་ཡིན་ལ། ཀུན་རྨོངས་བཞིན་དུ་ཞེས་མངོན་གྱུར་ཡོད་པར་འདོད་པ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་བདག་འཛིན་དང༌། དེས་དྲངས་པའི་ཉོན་མོངས་དང་ཉེ་ཉོན་མངོན་གྱུར་པ་ཐེག་ཆེན་གྱི་མདོ་སྡེ་ལས་གསུངས་པ་རྣམས་ཡིན་པས་འགལ་བ་མེད་དོ། །དེས་ན་སྟོང་ཉིད་བསྒོམ་པར་བྱ་ཞེས་པའི་མཇུག་ཏུ་ངག་གང་མདོ་སྡེ་ལ་འཇུག་ཚིག་ཅེས་སོགས་ཤློ་ཀ་གསུམ་འདུག་པ་ཐེག་ཆེན་བཀར་སྒྲུབ་


JLD016_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པ་འདུག་པས། བསྟན་རྩ་དགེ་སློང་ཞེས་སོགས་ཀྱི་འགོར་འབྱུང་རྒྱུ་ལ། འདིར་བཅུག་པ་ནི་སྐབས་མི་ཤེས་པས་བྱས་ཀྱི་སློབ་དཔོན་གྱི་གཞུང་མིན་ནོ་ཞེས་འགྲེལ་ཆེན་དུ་བཤད་དོ། །ལམ་དེ་དག་གི་བྱེད་པ་བསྡུས་ཏེ་བསྟན་པ་ནི་རྨོངས་པས་ཞེས་སོགས་ཏེ། འཁོར་བ་ལས་གྲོལ་བ་ཙམ་ལ་སྟོང་ཉིད་རྟོགས་དགོས་པ་གཞུང་སྔ་མ་དེ་དག་གིས་བཤད་ནས་མི་གནས་པའི་མྱང་འདས་ཐོབ་པ་ལ་ལམ་དེ་དགོས་པར་སྟོན་ཏེ། དེ་ལ་སེམས་ཅན་རང་དགའ་བ་འཁོར་བ་ལ་ཆགས་པའི་མཐར་ལྷུང་བ་དང༌། ཉན་ཐོས་འཁོར་བ་ལ་འཇིགས་ནས་རང་ཉིད་ཞི་བ་ཙམ་དོན་དུ་གཉེར་བས་ཞི་བའི་མཐར་ལྷུང་བའི་མཐའ་གཉིས་ལས་གྲོལ་ནས་བདག་གཉིས་སུ་རྨོངས་པས་སྡུག་བསྔལ་མྱོང་བ་ཅན་གྱི་དོན་དུ་སེམས་དཔའ་རྣམས་སྙིང་རྗེའི་དབང་གིས་འཁོར་བར་གནས་པ་ལ། སྟོང་ཉིད་རྟོགས་པ་དང་བྲལ་ན་སྙིང་རྗེ་ཙམ་གྱིས་འཁོར་བར་གནས་ཀྱང་ཡུན་རིང་པོར་སྡུག་བསྔལ་དུ་མ་མྱོང་བ་ན་དེས་སུན་ནས་རང་བདེ་ཙམ་དོན་དུ་གཉེར་བར་འགྱུར་ལ། །ཅི་སྟེ་ཤེས་རབ་དེ་དང་ལྡན་ན་འཁོར་བ་དང་དེའི་སྡུག་བསྔལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་རྟོགས་པས་འཁོར་བའི་སྡུག་བསྔལ་གྱིས་མི་གནོད་པར་མ་ཟད། དེར་དགའ་བཞིན་དུ་གནས་པ་འགྲུབ་པར་འགྱུར་བ་འདི་ནི་སྟོང་ཉིད་རྟོགས་པའི་འབྲས་བུ་ཡིན་ནོ། །རྒྱུ་མཚན་དེ་ལྟར་སྟོང་པ་ཉིད་ཀྱི་ཕྱོགས་ལ་སུན་འབྱིན་བྱེད་པ་ནི་འཐད་པ་མ་ཡིན་ལ། དེས་ན་སྟོང་ཉིད་དགོས་སམ་མི་དགོས་སྒོམ་མམ་མི་སྒོམ་སྙམ་དུ་ཐེ་ཚོམ་


JLD016_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ་བར་སྟོང་ཉིད་བསྒོམ་པར་བྱའོ། །ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བདེན་འཛིན་གྱི་བག་ཆགས་ཀྱི་མུན་པའི་གཉེན་པོ་སྟོང་ཉིད་རྟོགས་པ་སྟེ་ལྷག་མ་གོ་སླའོ། །བདེན་འཛིན་སོགས་ཀྱི་དངོས་པོ་གང་སྡུག་བསྔལ་བསྐྱེད་པ་དེ་ལ་འཇིགས་ཤིང་སྐྲག་པར་རིགས་ཀྱི། སྟོང་ཉིད་རྟོགས་པ་སྡུག་བསྔལ་ཞི་བྱེད་ཡིན་པས་དེ་ལ་འཇིགས་པ་ཇི་ལྟར་སྐྱེ་སྟེ་སྐྱེ་མི་རིགས་སོ། །གལ་ཏེ་བདག་བདེན་གྲུབ་འགའ་ཡོད་ན་འཇིགས་ཡུལ་ཅི་ཡང་རུང་པ་ལས་འཇིགས་པ་སྐྱེ་བར་འགྱུར་ན། དེ་མེད་པས་འཇིགས་པར་འགྱུར་བས་སུ་ཞིག་རང་བཞིན་གྱིས་གྲུབ་པ་ཡིན་ཏེ་མ་ཡིན་ནོ། །བདག་མེད་གཉིས་རྒྱས་པར་བཤད་པ་ལ། གང་ཟག་གི་བདག་མེད་རྒྱས་པར་བཤད་པ་དང༌། ཆོས་ཀྱི་བདག་མེད་རྒྱས་པར་བཤད་པའོ། །དང་པོ་ལ་བདག་དགག་པ་དང༌། བདག་གི་བ་དགག་པའོ། །དང་པོ་ནི། སོ་དང་ཞེས་སོགས་ཤློ་ཀ་གསུམ་སྟེ། འདིར་སོ་སེན་སོགས་བདག་ཡིན་པ་འགོག་པ་འདི་འཁོར་བ་ལས་གྲོལ་བའི་དོན་དུ་ཡིན་ན་སེམས་ཅན་ཐམས་ཅད་ལ་དེ་དག་ང་ཡི་བར་འཛིན་པ་མེད་པས་མི་རིགས་སོ་སྙམ་ན། འདི་ནི་མདོ་ལས་ཆུའི་ཁམས་བདག་མ་ཡིན་ཞེས་གསུངས་པ་དང་དོན་གཅིག་ལ། དེའི་དོན་ནི། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་ཞེས་སོགས་གསུངས་པ་ལྟར་ཕུང་ཀྲོལ་ཀུན་གྱི་རྩ་བ་ནི་སེམས་ཅན་སྲིན་བུ་ཡན་ཆད་ལ་འབྱུང་བའི་གང་ཟག་


JLD016_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

གམ་ངར་འཛིན་པའི་བདག་འཛིན་ཡིན་ཞིང༌། འདིའི་དམིགས་པ་ནི་ངའོ། །རྣམ་པའང་འཛིན་སྟངས་ནི་ཡང་དག་པ་འམ་རང་གི་མཚན་ཉིད་ཀྱིས་གྲུབ་པའོ། །དེ་འགོག་པ་ལ་དེའི་ཡུལ་བདག་དགག་དགོས་པས་དེ་འགོག་པ་ལ། བདག་དེ་རང་གི་མཚན་ཉིད་ཀྱིས་གྲུབ་ན་དེ་ས་ལ་སོགས་པའི་གཟུགས་ཡིན་ནམ་སེམས་ཡིན་ནམ། དེ་གཉིས་ལས་དོན་གཞན་ཡིན་ཞེས་དཔྱད་ནས་འགོག་ལ། དེ་ལྟར་དཔྱད་པའི་ཚེ་རང་སྡེ་དངོས་སྨྲ་བ་རྣམས་གང་ཟག་གི་མཚན་གཞིར་ཕུང་པོ་འཛིན་ལ། ཕྱི་རོལ་བ་རྣམས་གང་ཟག་རྗེ་བོ་དང་ཕུང་པོ་ཁོལ་པོ་ལྟ་བུར་འཛིན་པ་ལ་བསམས་ནས་ཕུང་པོ་ལས་དོན་གཞན་པའི་བདག་ཁས་ལེན་པ་ཡིན་ནོ། །དེ་དག་ཀྱང་བསླབ་བཏུས་དང་བསྒྲིགས་ཏེ་བཤད་ན་ངེས་སླ་བས་དེ་ལས་བཟོད་བྱ་ཐོས་པ་བཙལ་བར་བྱ། ཞེས་གསུངས་པ་ལ་བཟོད་པ་ནི་སྟོང་ཉིད་ཐོས་པའི་དོན་དུ་དཀའ་སྤྱད་ལ་བཟོད་པའོ། །ཐོས་པ་ནི་སྟོང་ཉིད་ཀྱི་གཏམ་མོ། །དེ་ཡང་ཐོས་པ་ཙམ་གྱིས་མི་ཆོག་གི་རྩེ་གཅིག་ཏུ་སྒོམ་དགོས་ལ། དེ་ཡང་ལུས་འདུ་འཛི་ལས་སྲིང་བ་དང་སེམས་རྣམ་རྟོག་ལས་སྲིང་བའི་སྲིང་བ་གཉིས་ཀྱིས་འགྲུབ་ཀྱི་འདུ་འཛི་དང་བཅས་པས་མི་འགྲུབ་པས་དེ་ནས་ནགས་སུ་གནས་པར་བྱ་ཞེས་སོ། །མཉམ་པར་གཞག་བྱ་ཞེས་པ་ནི་ཞི་གནས་སོ། །དེ་ལ་བརྟེན་ནས་གང་ཤས་ཆེ་བའི་ཉོན་མོངས་མངོན་གྱུར་མགོ་སྨོད་པ་མི་སྡུག་པ་ལ་སོགས་སྒོམས་པར་བྱ་ཞེས་སོགས་གསུངས་


JLD016_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་ལྟར་སེམས་འོས་སུ་གྱུར་པ་ན་སྟོང་ཉིད་སྒོམ་པར་གསུངས་ལ། སྟོང་ཉིད་ལའང་བདག་མེད་གཉིས་འདིར་བཤད་པ་ལྟར་སོ་སོར་མ་ཕྱེ་བར་མདོ་དྲངས་ཏེ་དྲན་པ་ཉེར་གཞག་བཞིའི་སྒོ་ནས་ཆོས་ཀྱི་བདག་མེད་བཤད་ཅིང༌། དེའི་མཇུག་ཏུ་དེ་ལྟར་གང་ཟག་གི་བདག་མེད་ཤིན་ཏུ་གྲུབ་པ་ཡིན་ནོ། ཞེས་མདོ་དེ་ཉིད་ཀྱིས་བདག་མེད་གཉིས་ཀ་བསྟན་པར་བཞེད་དོ། །དེ་འདྲ་བའི་གང་ཟག་གི་བདག་མེད་ནི་མདོ་སྡེ་པ་སོགས་དང་ཐུན་མོང་བའི་གང་ཟག་གི་བདག་མེད་མིན་ཞིང༌། སློབ་དཔོན་ཟླ་གྲགས་བཞེད་པ་དང་འདྲ་བར་ཆོས་རང་བཞིན་མེད་པ་ཆོས་ཀྱི་བདག་མེད་ཡིན་པ་བཞིན་དུ་གང་ཟག་རང་བཞིན་མེད་པ་གང་ཟག་གི་བདག་མེད་ཡིན་ཏེ། དེས་ཉོན་མོངས་མཐའ་དག་ཟད་པར་སྤོང་བར་དེའི་འཕྲོ་ལས་བཤད་ཅིང༌། མདོ་དྲངས་པ་ལས་ཤིང་སྡོང་གི་དཔེས་འཇིག་ལྟ་རྩ་བ་ནས་སྤོང་བར་བཤད་ལ། གང་ཟག་གི་བདག་རགས་པ་བཀག་པས་ཉོན་མོངས་ཕྱོགས་གཅིག་གི་མགོན་གྱུར་ཙམ་ལས་སྤོང་མི་ནུས་ཞེས་སྔར་བཤད་པས། ཤིང་རྟ་ཆེན་པོ་འདི་དག་ལ་དེ་འདྲའི་འགལ་བ་མི་འགྲུབ་པའི་ཕྱིར་དང༌། འཁོར་བའི་རྩ་བ་མཐར་ཐུག་པ་ངའོ་སྙམ་དུ་རང་བཞིན་གྱིས་གྲུབ་པར་འཛིན་པའི་འཇིག་ལྟ་ཡིན་པས། དེ་སྤོང་བའི་དོན་དུ་རྟག་གཅིག་རང་དབང་པའི་བདག་འགོག་པ་འབྲེལ་མེད་པའི་ཕྱིར་ཏེ། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞེས་སོགས་དཔེ་དང་བཅས་པ་འཇུག་པ་ལས་གསུངས་པ་


JLD016_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

བཞིནཤེས་པར་བྱའོ། །གང་འགག་པའི་བདག་གི་ཚད་ནི་བསླབ་བཏུས་སུ་མི་གསལ་ཡང་འདིར་འོག་ནས་བཙལ ན་བདག་ཀྱང་ཡང་དག་མིན། ཞེས་གསུངས་བདག་གམ་ང་ཡང་དག་པར་གྲུབ་པའོ། །དེའི་དོན་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ཡོད་མེད་རྣམ་པར་དཔྱད་པས་བཙལ་ན་ཞེས་གསུངས་པས་སོ། །བདག་དེ་འགོག་པ་ལ་རིན་ཆེན་ཕྲེང་བར། བདག་དེ་ས་ལ་སོགས་པའི་ཁམས་དྲུག་རེ་རེ་བ་མིན་པ་དང༌། ཀུན་མིན་པ་ཞེས་དྲུག་པོ་ཚོགས་པ་མིན་པ་དང༌། དེ་གཉིས་ལས་གཞན་ནི་བདག་མེད་པར་གསུངས་པ་དང་འདིར་སོ་དང་ཞེས་སོགས་དོན་གཅིག་པས། སོ་དང་ཞེས་སོགས་རྐང་པ་དགུས་ས་དང་ཆུའི་ཁམས་བདག་མིན་པ་དང༌། དྲོད་དང་ཞེས་པས་མེའི་ཁམས་དང༌། རླུང་གི་ཁམས་དང༌། བུ་ག་ནི་ཁ་ལ་སོགས་པའི་བུ་ག་སྟེ་ནམ་མཁའི་ཁམས་བདག་མིན་པ་དང༌། རྣམ་ཤེས་དྲུག་ཀྱང་མིན་པ་དང༌། རྣམ་ཀུན་ཏུ་ཞེས་པས་ཁམས་དྲུག་པོ་ཚོགས་པ་བདག་མིན་པའོ། །རིན་ཆེན་ཕྲེང་བར་སིའི་ཁམས་སོགས་ལའང་ཆ་དང་ཆར་ཕྱེ་ནས་སྔ་མའི་རིགས་པས་རང་བཞིན་འགོག་པ་ཆོས་ཀྱི་བདག་མེད་དུ་གསུངས་སོ། །ཁམས་དྲུག་པོ་རེ་རེ་དང་ཚོགས་པ་གཉིས་ཀ་ལས་གཞན་ན་བདག་ཡོད་པ འགོག་པ་གཞུང་ལྷག་མ་སྟེ། དེ་ཡང་འཇུག་པ་ལས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཅེས་སོགས་གསུངས་པ་ལྟར་ཕྱི་རོལ་པ་ཐམས་ཅད་བདག་ཡོད་པར་ཁས་ལེན་པར་མཐུན་


JLD016_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེའི་དབྱེ་བ་སོགས་ལ་མི་མཐུན་བས་མུ་སྟེགས་པ་རྣམས་ལུགས་ཐ་དད་དུ་འགྱུར་རོ། །དེ་ལྟར་འདོད་པའི་གསལ་བའི་དབྱེ་བ་མཐའ་ཡས་ཀྱང༌། གྲངས་ཅན་བདག་ཤེས་པའམ་མྱོང་བར་འདོད་པ་དང༌། བྱེ་བྲག་པ་བདག་བེམས་པོར་འདོད་པ་གཉིས་བཀག་ན་བེམས་རིག་གཉིས་སུ་ཁ་ཚོན་ཆོད་པས་གཞན་དག་བེམས་རིག་གང་དུ་འདོད་ཀྱང་དེ་གཉིས་ལ་བཀོད་པའི་སྐྱོན་ཉིད་ཁ་སྤོས་པས་ཆོག་པས་འདིར་དེ་གཉིས་ཀྱི་འདོད་པ་ཙམ་བཀོད་ནས་དགག་པ་མཛད་དོ། །འདི་ལ་གྲངས་ཅན་འགོག་པ་དང༌། བྱེ་བྲག་པ་འགོག་པའོ། །དང་པོ་ལ་འདོད་པ་བརྗེད་པ་དང༌། དེ་དགག་པའོ། །དང་པོ་ནི། གལ་ཏེ་སོགས་རྐང་པ་གཅིག་སྟེ། གྲངས་ཅན་གྱི་ལུགས་ནི་ཆོས་ཐམས་ཅད་ཤེས་བྱ་ཉི་ཤུ་རྩ་ལྔར་གྲངས་ངེས་པ་ལ། གཙོ་བོ་སོགས་ཉེར་བཞི་པོ་ཐམས་ཅད་བེམས་པོ་ཡིན་ཞིང༌། དེ་ཡང་གཙོ་བོས་རྣམ་འགྱུར་རྣམས་འབྱེད་ཤེས་ཀྱང་ལོངས་སྤྱོད་མི་ཤེས་ལ། ཤེས་རིག་གི་སྐྱེས་བུ་ཉིད་ཤེས པ་ཡིན་ཞིང་ཡུལ་ལོངས་སྤྱོད་དེ། དེ་ནི་ཤེལ་གྱི་མེ་ལོང་ངོས་གཉིས་པ་ལྟར་ཕྱོགས་གཅིག་ནས་གཟུགས་སོགས་ཡུལ་གྱི་རྣམ་པ་འཆར་ཞིང༌། ཕྱོགས་གཞན་ནང་ངོས་ནས་བདག་ཤེས་རིག་གི་སྐྱེས་བུ་རང་ཉིད་ཀྱི་མྱོང་བའི་རྣམ་པ་འཆར་ལ། རྣམ་པ་དེ་གཉིས་མེ་ལྕགས་ལྟར་འདྲེས་པའི་ཚེ་ཤེས་རིག་སྐྱེས་བུས་སྒྲ་ཐོས་པ་སོགས་ཡིན་པར་འདོད་དོ། །ཡུལ་སྒྲ་དང་ཡུལ་ཅན་ཤེས་པ་


JLD016_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པར་འདོད་མི་འདོད་ལ་སྤྱིར་མུ་བཞི་འོང་བས་དེ་འགོག་པའང་དེ་དང་འདྲ་ཡང༌། འདིར་གྲངས་ཅན་ཡུལ་ཅན་ཤེས་རིག་གི་སྐྱེས་བུ་དང་ཡུལ་སྒྲ་གཉིས་ཀ་རྟག་པར་འདོད་དོ། །དེ་ལ་ཡུལ་རྟག་ན་ཐམས་ཅད་དུ་ཐོས་པར་ཐལ་པའི་སྐྱོན་ཡང་གཞན་ནས་བཤད་ཀྱང་འདིར་ཡུལ་ཅན་གྱི་ངོས་ནས་སྐྱོན་སྟོན་ཏོ། །དེ་དགག་པ་ནི། ཐམས་ཅད་ཅེས་སོགས་ཏེ། དུས་ཐམས་ཅད་ཀྱི་ཚེ་སྒྲ་འཛིན་ཅིང་ཐོས་པར་འགྱུར་བར་ཐལ། སྒྲ་འཛིན་པའི་ཡུལ་ཅན་ཤེས་རིག་གི་སྐྱེས་བུ་རྟག་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡུལ་ཅན་ཡོད་ཀྱང་སྒྲ་སྔ་མ་བརྗོད་ནས་ཕྱི་མ་མ་སྐྱེས་པའི་བར་དུ་སྒྲ་མི་ཐོས་པ་དེ་ཤེས་བྱ་སྒྲ་མེད་པས་མི་ཐོས་པ་ཡིན་ན། འོ་ན་དེའི་ཚེ་ཡུལ་ཅན་གང་གིས་སྒྲ་ཤེས་པ་ཞེས་དེ་སྐད་བརྗོད་པར་བྱེད་མི་རིགས་པར་ཐལ། ཤེས་བྱ་སྒྲ་མེད་ན་ཅི་རིག་ན་སྟེ་ཤེས་པ་དེ་ལ་རིག་རྒྱུ་མེད་པའི་ཕྱིར་རོ། །གལ་ཏེ་ཤེས་བྱ་དེ་མེད་ཀྱང་ཤེས་པར་འཇོག་པ་ཡིན་ན། ཤིང་ཡང་ཤེས་པར་ཐལ་བར་འགྱུར་ཏེ་མཚུངས་པའི་ཕྱིར་རོ། །དེས་ན་ཤེས་བྱ་ཡུལ་ཉེ་བར་གནས་པ་མེད་པར་དེ་ཤེས་པ་མེད་ཅེས་ངེས་ཏེ། བདག་འཛིན་ལྟ་བུ་ལའང་རྣམ་པའི་ཡུལ་མེད་ཀྱང་དམིགས་ཡུལ་ཡོད་པས་སོ། །སྒྲ་ཐོས་པའི་སྐྱེས་བུ་རྟག་པ་དེ་ཉིད་ཀྱིས་གཟུགས་ཤེས་ཤེ་ན། གཟུགས་ཤེས་པ་དེའི་ཚེ་སྒྲ་ཐོས་པའང་ཅི་སྟེ་མིན་ནས་ཐོས་པར་ཐལ་ལོ། །གལ་ཏེ་གཟུགས་ཤེས་ཀྱང་སྒྲ་མི་ཐོས་པ་དེ་ཡུལ་ཅན་དེ་ལ་སྒྲ་མེད་པའི་ཉེ་བའི་ཕྱིར་ཡིན་ཞེ་ན། དེའི་ཚེ་ཡུལ་སྒྲ་མེད་པ་དེས་ན་དེའི་ཡུལ་ཅན་ལ་ཤེས་པའང་


JLD016_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །གཞན་ཡང་སྒྲ་འཛིན་པའི་རང་བཞིན་གང་ཡིན་པ་དེ་གཟུགས་འཛིན་པར་ཇི་ལྟར་འགྱུར་ཏེ། དེ་གཉིས་རྣམ་པ་འགལ་བའི་ཕྱིར་རོ། །དཔེར་ན། སྐྱེས་བུ་གཅིག་བལྟོས་ས་ཐ་དད་ལ་བལྟོས་ནས་ཕ་དང་བུར་འགྱུར་བ་བཞིན་གཟུགས་སྒྲ་སོགས་རྣམ་འགྱུར་དང་རང་བཞིན་ལ་བལྟོས་ནས་ཡུལ་དང་ཡུལ་ཅན་དུ་འཇོག་གོ་ཞེ་ན། སྐྱེས་བུ་གཅིག་ཕ་དང་བུ་ཡིན་པ་བློས་བཏགས་པ་ཡིན་ཡང་ཡང་དག་ཏུ་མེད་ལ། ཁྱོད་ཀྱི་དོན་དེ་ཡང་དག་ཏུ་གྲུབ་དགོས་པས་མི་མཚུངས་པ་ནི། འདི་ལྟར་ཞེས་སོགས་རྐང་པ་གཉིས་སོ། །ཤེས་རིག་གི་སྐྱེས་བུ་དེ་ནི་སྒྲ་འཛིན་པའི་རང་བཞིན་དུ་མཐོང་དགོས་པ་ལས་མ་མཐོང་བའི་ཕྱིར་ན། དེ་འཛིན་བྱེད་མིན་ནོ། །གར་མཁན་གཅིག་ཉིད་ཆས་གོས་མི་འདྲ་བས་སོ་སོར་འགྱུར་བ་ལྟར་སྐྱེས་བུ་དེ་ཉིད་ཀྱིས་སྔར་མཐོང་བ་ལས་ཚུལ་བཞན་སྒྲ་སོགས་ཀྱི་དེ་ཉིད་མཐོང་ན། དེ་རྟག་པ་མིན་པར་ཐལ་ལོ། །གལ་ཏེ་ཕྱིས་ཀྱི་ཆས་གོས་དཀར་པོ་སོགས་ཀྱི་ཚུལ་གཞན་སྔར་གྱི་ཆས་གོས་སོགས་ཀྱི་ཚུལ་དེ་ཉིད་དོ་ཞེ་ན། དེ་ནི་མི་རིགས་ཏེ། ཕྱིས་ཀྱི་གཅིག་པུ་དེ་ནི་སྔོན་མེད་པ་གཅིག་ཡིན་པའི་ཕྱིར་རོ། །གལ་ཏེ་སྔོན་པོ་སོགས་ཚུལ་གཞན་དེ་དེར་མི་བདེན་ན། དེའི་རང་གི་རང་བཞིན་བདེན་པ་གང་ཡིན་སྨྲོས་ཤིག་སྟེ་སྨྲ་རྒྱུ་མེད་དོ། །ཤེས་རིག་གི་སྐྱེས་བུ་དེ་ཉིད་དེ་དག་གི་རང་བཞིན་བདེན་པ་ཡིན་ཞེ་ན། སྐྱེས་བུ་ཀུན་གཅིག་ཏུ་འགྱུར་ཏེ། བདག་ཆ་མེད་རྟག་པར་ཁས་བླངས་པས་སོ། །


JLD016_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པ་བདག་དང་སེམས་མེད་གཙོ་བོ་སོགས་ཀྱང་གཅིག་ཏུ་འགྱུར་ཏེ། ཡོད་ཙམ་དུ་མཚུངས་པས་སོ། །གང་གི་ཚེ་བྱེ་བྲག་གམ་གསལ་བ་ཕྱིན་ཅི་ལོག་ཡིན་པ་དེའི་ཚེ དེ་དག་ལ་གཙོ་བོ་སོགས་ཀྱི་སྤྱི་འདྲ་བས་ཁྱབ་པའི་རྐྱེན་གང་ཡིན་ཏེ་མེད་དོ། །བྱེ་བྲག་པ་བདག་བེམས་པོ་ཡིན་ལ། དེས་ཡུལ་ཤེས་པ་ནི་དེ་དང་སེམས་པ་གཉིས་ལ་འདུ་བའི་འབྲེལ་པ་ཡོད་པས་ཡིན་ནོ། ཞེས་པ་འགོག་པ་ནི་སེམས་མེད་ཅེས་སོགས་ཏེ། སེམས་མེད་བེམས་པོ་ཡང་བདག་མིན་ཏེ། སེམས་མེད་ཉིད་སེམས་ལས་དོན་གཞན་དུ་ཡོད་པའི་ཕྱིར། བུམ་པ་སོགས་པ་བཞིན་ནོ། །ཡང་ཞེས་པ་སེམས་བདག་མིན་པར་མ་ཟད་ཅེས་པའོ། །འོན་ཏེ་བདག་དེ་སེམས་དང་ལྡན་པ་སྟེ་དེ་དང་འདུ་འབྲེལ་གྲུབ་པའི་ཕྱིར་ཡུལ་ཤེས་ན། བདག་དེས་ཡུལ་སྔར་མི་ཤེས་པ་དེ་འཇིག་པར་ཐལ། ཕྱིས་ཡུལ་ཤེས་པ་རྐྱེན་གཞན་གྱི་སྟོབས་ལས་ཡིན་པའི་ཕྱིར། སེམས་པས་བདག་དེ་ལ་བྱ་བ་ཅི་ཞིག་བྱས་པས་ཡུལ་འཛིན་པ་མིན་པར་ཐལ། དེ་ལ་འགྱུར་བ་མེད་པའི་ཕྱིར། དེ་ལྟར་བདག་དེ་ཤེས་པ་མེད་པར་ཁྱོད་ཀྱིས་ཁས་བླངས་ལ། ཤེས་པ་ཡིན་པའང་བཀག་པས་བྱ་བྱེད་དང་བྲལ་བའི་ཕྱིར་ནམ་མཁའ་བདག་ཏུ་བྱས་ཤིང་ཁས་བླངས་པར་འགྱུར་རོ། །བདག་རྟག་པ་མེད་ན་ལས་འབྲས་མི་འཐད་པའི་རྩོད་པ་སྤང་བ་ལ། རྩོད་པ་དང༌། ལན་ནོ། །དང་པོ་ནི། གལ་ཏེ་སོགས་རྐང་པ་བཞི་སྟེ། བདག་རྟག་པ་མེད་ན་ལས་བྱེད་པ་པོས་འབྲས་བུ་མྱོང་བའི་ལས་འབྲས་ཀྱི་


JLD016_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པ་རིགས་པ་མ་ཡིན་ཏེ། ལས་བྱེད་པ་པོ་ལས་བྱས་ནས་ཞིག་པས་དེའི་ལས་དེ་སུའི་ལས་སུ་འགྱུར་ཞིང་འབྲས་བུ་མྱོང་ཞེ་ན། ལན་ནི། བྱ་བ་ཞེས་སོགས་ཏེ། བྱ་བའི་གཞི་ལས་བྱེད་པ་པོ་དང༌། འབྲས་བུའི་མེད་གཞི་འབྲས་བུ་མྱོང་བ་པོ་གཉིས་ཐ་དད་པར་ཡུ་བུ་གཉིས་ཀ་ལ་གྲུབ་སྟེ། ལས་གསོག་དུས་ན་ཕྱིས་ཀྱི་འབྲས་བུ་མྱོང་བར་ཁྱོད་ཀྱང་མི་འདོད་པས་སོ། །དེ་དུས་ཀྱི་བདག་གཉིས་ཀྱང་གཅིག་དུས་ན་གཅིག་བྱེད་པ་པོར་མེད་པར་ཡང་གཉིས་ཀ་ལས་གྲུབ་པས། སྔ་མའི་བདག་ཕྱི་དུས་ན་མེད་པ་ལས་འབྲས་མི་འཐད་པར་འདིར་བརྩད་པ་དོན་མེད་མ་ཡིན་ནམ་སྟེ་ཡིན་ཏེ། ཁྱོད་ལའང་སྐྱོན་དེ་འཇུག་པའི་ཕྱིར་ཏེ། རྒྱུ་ལྡན་དེ་རྒྱ་གསོག་དུས་ན་འབྲས་བུ་དང་བཅས་ཞེས་མཐོང་བ་མི་སྲིད་པའི་ཕྱིར་རོ། །འོ་ན་ཁྱོད་རང་གི་ལུགས་གང་ཞེ་ན། རྒྱུན་དང་ཚོགས་པ་ལ་བརྟེན་ནས་ལས་བྱེད་པ་པོ་དང་འབྲས་བུ་ལོངས་སྤྱོད་པ་པོ་ཞེས་བྱ་བར་བསྟན་པ་སྟེ་མི་དགོས་སོ། །ཚོགས་རྒྱུན་གང་ཟག་གི་གདགས་གཞི་ཡིན་གྱི། མཚན་གཞི་མིན་པ་ནི་གཞན་ལས་ཤེས་པར་བྱའོ། །སེམས་འདས་པ་བདག་མིན་ཏེ། དེ་ནི་འདས་ནས་སེམས་ཀྱི་དངོས་པོར་མེད་པའི་ཕྱིར། སེམས་མ་འོངས་པ་བདག་མིན་ཏེ། སེམས་ཀྱི་དངོས་པོར་ད་དུང་མ་རེད་པས་དངོས་པོར་མེད་པའི་ཕྱིར་དང་བདག་ཀྱང་མྱོང་དྲན་སོགས་ཀྱི་གཞིར་ཁས་ལེན་པའི་ཕྱིར་རོ། །འོན ཏེ་སེམས་སྐྱེས་ལ་མ་འགགས་པའི་ད་ལྟར་བ་བདག་ཡིན་ནོ་ཞེ་ན།


JLD016_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ད་ལྟར་བ་ལའང་སེམས་སྔ་ཕྱི་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཐ་དད་ཡིན་པས་འབྲེལ་མེད་དོན་གཞན་ཡིན་ཞིང་སྐད་ཅིག་སྔ་མ་དེ་ཕྱི་མའི་དུས་ན་ཞིག་པ་བཞིན་དུ་དེ་དང་གཅིག་པའི་བདག་ཀྱང་ཞིག་པས་ཕྱི་མའི་དུས་ན་བདག་མེད་དོ། །དེ་ལྟར་གང་ཟག་གི་བདག་མེད་གཏན་ལ་ཕབ་པའི་དོན་བསྡུ་བ་ནི། དཔེར་ན་ཞེས་སོགས་ཏེ། སྔར་བཤད་དོ། །གང་ཟག་གི་བདག་མེད་རྟོགས་ན་ང་ཡི་བ་རང་བཞིན་གྱིས་གྲུབ་པ་དགག་སླ་བས་རྩ་ཤེ་སོགས་སུ་དེ་བསྡུས་པ་ཙམ་ལས་མ་གསུངས་པ་བཞིན་དུ་འདིར་དེ་མ་གསུངས་པའང་བདག་ཁེགས་ན་འདི་དགག་སླ་བ་ལ་དགོངས་སོ། །གལ་ཏེ་སེམས་ཅན་བདེན་པར་མེད་ན་སེམས་ཅན་མེད་པས་སུ་ལ་སྙིང་རྗེ་བྱ་ཞེ་ན། སྙིང་རྗེ་སྒོམ་པ་དང་ལམ་ལ་སློབ་པ་སོགས་ཀྱི་འབྲས་བུའི་དོན་དུ་ཁས་བླངས་པའི་རྨོངས་པས་བཏགས་པའི་སེམས་ཅན་གང་ཡིན་པ་དེ་ཡོད་པས་སྐྱོན་མེད་དོ། །འདིའི་རྨོངས་པ་གང་ཟག་དང་ཆོས་སུ་རྨོངས་པའི་མ་རིག་པ་ཡིན་ན་དེས་བརྟགས་པ་ཐ་སྙད་དུའང་མ་གྲུབ་པས་དེ་ཁས་ལེན་པ་མི་རིགས་པས་གང་ཡིན་སྙམ་ན། དེ་ནི་མ་བཏགས་གྲགས་པར་གཏི་མུག་ལས་ཡིན་ནོ་ཞེས་དབུ་མ་འཇུག་པ་ལས་གསུངས་པ་ལྟར་ངའོ་སྙམ་པའི་བློའོ། །དེ་ལ་མ་རིག་པ་ཞེས་པ་ནི་བདག་མེད་ལ་བློ་ཁ་མ་ཕྱོགས་པའི་བློ་ཁྱད་པར་བ་ཡིན་པས་སོ། །དེས་བཏགས་པའི་གང་ཟག་ནི་ང་ཙམ་མོ། །སེམས་ཅན་བདེན་པར་མེད་ན་འབྲས་བུ་སངས་རྒྱས་ཀྱང་


JLD016_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལྡན་ཞིག་ཡིན་ཞེས་དང༌། འབྲས་བུ་མྱོང་བ་སུའི་ཡིན་ཞེ་ན། དེ་དག་བདེན་པ་མེད་པ་བདེན་ཏེ། ལྷག་མ་སྔ་མས་ཤེས་སོ། །འོ་ན་སྔར་རྨོངས་པ་ཡུལ་དང་བཅས་པ་བཀག་པ་ཅི་ཡིན་སྙམ་ན། སྡུག་བསྔལ་གྱི་རྒྱུར་གྱུར་པའི་ང་རྒྱལ་ཏེ་མ་རིག་པ་བདག་གཉིས་སུ་རྨོངས་པས་སྡུག་བསྔལ་འཕེལ བར་འགྱུར་བས་དེ་འགོག་པ་ཡིན་ཏེ། འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་རྟོག་པ་བཟློག་བྱ་ཡིན། ཞེས་གསུངས་པ་ལྟར་རོ། །དེ་འདྲ་བའི་རྨོངས་པ་བཟློག་པ་ལས་ཀྱང་བདེན་འཛིན་བཟློག་པ་མེད་པ་སྟེ་བཟློག་མི་ནུས་ལ། ལན་ཅིག་བཟློག་ནུས་ཀྱང་འཁོར་བའི་ཕུན་ཚོགས་ལྟར་ཡང་ལྡོག་གོ་ཞེ་ན། དེ་བཟློག་ནུས་པའི་རྒྱུ་མཚན་ནི། བདག་འཛིན་དམན་ལ། བདག་མེད་སྒོམ་པ་དེ་ལས་མཆོག་ཡིནཏེ། དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་ཡིན་ལ། དེ་ལྟ་ན་དེ་དག་གང་ལ་ཚད་མ་ཡོད། དེ་ནི་གཞན་ལ་གནོད་བྱེད་འགྱུར་ཞེས་གསུངས་པ་ལྟར་སྔར་བདག་མེད་ཚད་མས་བསྒྲུབས་པས་བདག་མེད་རྟོགས་པ་རྒྱབ་རྟེན་ཚད་མ་དང་བཅས་པའི་ཕྱིར་རོ། །གཉིས་པ་ཆོས་ཀྱི་བདག་མེད་རྒྱས་པར་བཤད་པ་ལ། དྲན་པ་ཉེར་གཞག་བཞིའི་སྒོ་ནས་ཆོས་ཀྱི་བདག་མེད་བཤད་པ་ནི། སྤྱིར་ཐེག་དམན་གྱི་མདོ་སྡེ་ལས་གསུངས་པའི་དྲན་པ་ཉེར་གཞག་བཞིས་ནི་གང་ཟག་གི་བདག་མེད་ཡོངས་སུ་རྫོགས་པའང་མི་སྟོན་ན་ཆོས་ཀྱི་བདག་མེད་ལྟ་ཅི་སྨོས།


JLD016_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་གྱི་མདོ་ལས་གསུངས་པའི་དྲན་པ་ཉེར་གཞག་བཞི་ལ་གང་ཟག་གི་བདག་མེད་སྟོན་པ་དང༌། ཆོས་ཀྱི་བདག་མེད་སྟོན་པ་གཉིས་ཡོད་པའི་འདིར་ནི་ཕྱི་མའི་དབང་དུ་མཛད་ནས་གསུངས་ཏེ། དེ་ལ་དང་པོ་ལུས་དྲན་པ་ཉེར་གཞག་ནི་ལུས་ནི་ཞེས་སོགས་སོ། །ལུས་དྲན་པ་ཉེར་གཞག་གི་སྐབས་སུ་བསླབ་བཏུས་སུ་ཆོས་ཡང་དག་པར་སྡུད་པའི་མདོ་དྲངས་པ་ལས། ཡན་ལག་ཚོགས་པ་ཙམ་ལུས་ཡིན་ན། ཇི་ལྟར་ལུས་སུ་དམིགས་པར་འགྱུར་ཞེས་པའི་དོན་ནི། ཙམ་ཞེས་པས་ལུས་ཀྱི་ཡན་ལག་རེ་རེ་བ་དག་དེ་དག་ལས་དོན་གཞན་པའི་ཡན་ལག་ཅན་ལུས་ཡིན་པ་གཅོད་དོ། །དེ་ཡང་མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་འདོགས་ཞེས་སོགས་གསུངས་པའི་དོན་ཡན་ལག་རེ་རེ་བ་དང་ཚོགས་པ་ཤིང་རྟ་མིན་ཏེ། དེ་དག་ནི་ཤིང་རྟ་དང་གདགས་གཞི་དང་བཏགས་ཆོས་དང༌། ཆ་དང་ཆ་ཅན་ཡིན་ལ། གཞི་གཅིག་ལ་བལྟོས་པའི་ཆ་དང་ཆ་ཅན་གདགས་གཞི་བཏགས་ཆོས་གཅིག་ཡིན་ན་གཅིག་ཡིན་པར་འགལ་བའི་ཕྱིར་དང༌། དེ་དག་ལས་དོན་གཞན་པའི་ཤིང་རྟ་མེད་པས་ཡན་ལག་ཚོགས་པ་ལ་ཤིང་རྟར་བཏགས་ནས་འཇོག་པ་བཞིན་དུ་གང་ཟག་དང་བུམ་པ་ཆོས་གཞན་ལའང་འདྲ་བར་འཇུག་པ་ལས་གསུངས་པ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །དེ་ལྟར་བྱས་ན་ཏིང་འཛིན་རྒྱལ་པོ་ལས། ཁྱོད་ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། ཞེས་དང་པོ་གང་ཟག་རང་བཞིན་


JLD016_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་གཏན་ལ་ཕབ་སྟེ་བདག་མེད་པར་ངེས་པ་ན་ཆོས་གཞན་ལའང་རིགས་པ་དེ་སྦྱར་ནས་བདག་མེད་པར་ངེས་པར་བྱ་བ་དང༌། སྡུད་པ་ལས་བདག་ཅི་འདྲར་སེམས་ཅན་ཀུན་དང༌། དེ་ཅི་འདྲ་བར་ཆོས་གཞན་ཀུན་ཀྱང་འདྲ་བར་རྟོགས་པར་བྱ་བར་གསུངས་པ་རྣམས་ལེགས་པར་བཤད་པར་འགྱུར་ཏེ། ཕུང་པོ་གང་ཟག་གི་མཚན་གཞིར་བཟུང་ན་དགག་བྱ་མ་ལུས་པ་མི་ཁེགས་ཤིང༌། གང་ཟག་གི་བདག་མེད་རགས་པ་ཙམ་ལ་བྱས་ནས་ཆོས་ཀྱི་བདག་མེད་ཟུར་ནས་འཚོལ་བ་རྣམས་ལ་དེ་དག་མི་འགྲིག་པའི་ཕྱིར་རོ། །དེ་ནས་བརྟེན་ནས་བྱུང་བས་རང་བཞིན་འགོག་པ་བཞིན་དུ་བརྟེན་བཏགས་པའི་རང་བཞིན་འགོག་པ་སྟེ། ལུས་ནི་རང་བཞིན་གྱིས་མ་གྲུབ་སྟེ། ཡན་ལག་ཚོགས་པ་ཙམ་ལ་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར། ཞེས་པའི་དོན་ཏོ། །དེ་བཞིན་དུ་རིན་ཆེན་ཕྲེང་བ་སོགས་ནས་ཁམས་དྲུག་འདུས་པ་ལ་སྐྱེས་བུར་གསུངས་པ་ཡང་འདུས་པ་དེ་ལ་བཏགས་པ་ཡིན་པ་དགོངས་པར་ཤེས་པར་བྱའོ། །འདིར་ལུས་ནི་རྐང་པ་མིན་ཞེས་སོགས་གསུངས་པ་སྔར་གང་ཟག་གི་བདག་མེད་ལ་བཤད་པ་བཞིན་དུ་ལུས་བདེན་པར་མ་གྲུབ་སྟེ། ཡན་ལག་རྣམས་དང་གཅིག་ཏུ་ཡང་མ་གྲུབ་ལ། དེ་དག་ལས་དོན་གཞན་དུ་ཡང་མ་གྲུབ་པའི་ཕྱིར་ཞེས་པ་སྟེ། རྟགས་སྔ་མ་རྐང་པ་དང་པོ་དགུས་སྟོན་ཏོ། །རྟགས་ཕྱི་མ་སྒྲུབ་པ་གལ་ཏེ་ཞེས་སོགས་ཏེ། རགས་པ་ཡན་ལག་ཅན་


JLD016_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལུས་དོན་གཞན་ཡོད་དོ་ཞེ་ན། ཡན་ལག་རྣམས་ལས་དོན་གཞན་པའི་རགས་པ་ཡན་ལག་ཅན་གྱི་ལུས་འདི་ལག་པ་སོགས་ཀྱི་ཆ་ལ་གནས་པར་འགྱུར་མོད། ཆ་ལག་པ་ལྟ་བུ་དེ་རང་ཉིད་ནི་ཆ་གང་ལ་གནས། ཡན་ལག་ཐམས་ཅད་ལ་ཕྱོགས་རེ་ཡིས་ཏེ་ལག་པའང་ཆ་གཅིག །བྱིན་པའང་ཆ་གཅིག་སོགས་ཀྱིས་གནས་སམ། འོན་ཏེ་ཆ་རེ་ལའང་ཆ་ཅན་དེ་མ་ཚང་བ་མེད་པར་ཐམས་ཅད་ཀྱིས་གནས། ཅི་སྟེ་སྔ་མ་ལྟར་ཕྱོགས་རེ་རེས་གནས་པར་གྱུར་ན། ཆ་ཅན་དེས་ལག་པ་སོགས་ལ་བྱ་བ་པའི་ཆ་རྣམས་ལག་པ་སོགས་ཀྱི་ཆ་ལ་གནས་པར་གྱུར་མོད། ཆ་ལག་པ་ལྟ་བུ་དེ་རང་ཉིད་ཀྱི་ཆ་གང་ལ་གནས་པ་སྟེ་ཐུག་མེད་དུ་འགྱུར་ཏེ། ལག་པ་ལྟ་བུ་དེ་ཡང་རང་གི་ཆ་སོར་མོ་སོགས་ལ་གནས་ལ། སོར་མོ་སོགས་ཀྱང་རང་གི་ཆ་ལ་གནས་པའི་ཕྱིར་རོ། །གལ་ཏེ་ཕྱི་མ་ལྟར་བདག་ཉིད་ཀུན་གྱི་ལག་པ་སོགས་ལ་གནས་ན། ལག་པ་སོགས་ཡན་ལག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལུས་དམིགས་པར་འགྱུར་ཏེ། ཡན་ལག་ཅན་དང་ཡན་ལག་དེ་དག་གོ་ས་གནོན་ནུས་ཀྱི་རྫས་གཞན་ཡིན་ལ། ཡན་ལག་ཅན་དེ་ལག་པ་སོགས་ལ་མ་ཚང་བ་མེད་པར་ཡང་གནས་ན། ལག་པ་སོགས་ཆ་རྣམས་རྫས་དུ་མར་དམིགས་པ་བཞིན་དུ་ཡན་ལག་ཅན་ལའང་འདྲ་བའི་ཕྱིར་རོ། །སངས་རྒྱས་འདོད་པའི་སྐྱེས་བུ་ཕྱི་དང༌། མུ་སྟེགས་པ་འདོད་པའི་ནང་གི་བྱེད་པའི་སྐྱེས་བུ་གཉིས་གང་ལའང་ལུས་རང་བཞིན་གྱིས་གྲུབ་པ་མེད་ལ། དེ་མེད་ན་ཇི་ལྟར་ལག་པ་སོགས་ལ་ལུས་རང་བཞིན་གྱིས་གྲུབ་པ་ཡོད་དེ་མེད་དོ། །དེ་མེད་ན་


JLD016_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དེ་ནི་ཇི་ལྟར་རང་བཞིན་གྱིས་ཡོད་པ་ཡིན་ཏེ་མིན་ནོ། །དེས་ན་ལུས་རང་བཞིན་གྱིས་གྲུབ་པ་མེད་ཀྱང་ལག་པ་སོགས་ལ་དམིགས་ཏེ་བདེན་པར་རྨོངས་པས་ནི་ལུས་བདེན་པར་འཛིན་པའི་བློར་འགྱུར་ཞིང་འབྱུང་ངོ༌། །དཔེར་ན། མི་འདྲ་བ་སོགས་ཀྱི་དབྱིབས་སུ་བཀོད་པའི་ཁྱད་པར་གྱིས་མཐོ་ཡོར་ལ་མིའི་བློ་སྐྱེ་བ་བཞིན་ནོ། །ཇི་སྲིད་མཐོ་ཡོར་དང་ས་སྲོས་པ་སོགས་ཀྱི་རྐྱེན་ཚོགས་པ་དེ་སྲིད་དུ་མཐོ་ཡོར་ལ་མིའི་བློ་སྐྱེ་བ་ལྟར་སྣང་བ་དེ་བཞིན་དུ། ཇི་སྲིད་ལག་པ་སོགས་ཀྱི་རྐྱེན་དེ་ཡོད་པ་དེ་སྲིད་དུ་དེ་ལ་ལུས་སུ་སྣང་བའི་བློ་སྐྱེའོ། །དེ་ལྟར་ཆར་ཕྱེ་ནས་དཔྱད་པ་ན་ལུས་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་ཀྱང་བདེན་འཛིན་གྱི་རྨོངས་པའི་དབང་གིས་ལུས་སོ་སྙམ་དུ་བདེན་པར་འཛིན་པ་སྐྱེ་བ་དཔེ་དང་བཅས་པ་དེ་བཞིན་དུ། ལྷུ་དང་སོར་མོའི་ཚོགས་ལ་བཏགས་པ་ཡིན་པའི་ཕྱིར། ལག་པའང་བདེན་པར་གྲུབ་པ་གང་ཞིག་ཡིན་པར་འགྱུར་ཏེ་མེད་དོ། །སོར་མོ་དེ་ཡང་ཚིགས་ཀྱི་ཚོགས་ཡིན་པའི་ཕྱིར་དང༌། དེ་ལྟར་རྡུལ་ཕྲ་བའང་ཕྱོགས་ཀྱི་དབྱེ་བས་ཆར་ཕྱེ་བ་དེས་ན་རྡུལ་ཕྲ་བའང་རང་བཞིན་གྱིས་གྲུབ་པ་མེད་དེ། རང་བཞིན་གྱིས་གྲུབ་པའི་ཆ་ཤས་དང་བྲལ་བའི་ཕྱིར། ནམ་མཁའ་བཞིན་ནོ། །དེ་ལྟར་རྡུལ་ལ་སོགས་པ་རང་གི་ཆ་རེ་རེ་བ་དང་ཚོགས་པ་གང་ཡང་མིན་ཞིང་རང་གི་ཆ་ཚོགས་པ་ལ་བཏགས་པ་ཙམ་གྱི་རང་བཞིན་མེད་པ་ཡིན་པས་མཚན་མར་འཛིན་པའི་དམིགས་གཏད་རྡུལ་ཙམ་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུའི་སྟོང་ཉིད་དང༌། ཆ་ཆ་


JLD016_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཙམ་བཀག་ན་དེ་འགོག་བྱེད་ཀྱི་རིགས་པ་ཉིད་ཀྱང་མི་འགྲུབ་ཅིང་རྒྱུ་འབྲས་ལ་སྐུར་འདེབས་སུ་འགྱུར་བས། སྔར་བཤད་པ་ལྟར་སྒྱུ་མ་བཞིན་དུ་མི་སླུ་བའི་ལས་འབྲས་ལ་ངེས་པ་བསྐྱེད་པ་གཉིས་ཚོགས་དགོས་སོ། །དེ་ལྟར་རང་བཞིན་མེད་པའི་རྨི་ལམ་ལྟ་བུའི་གཟུགས་ལ་དབུ་མ་པ་སྟོང་ཉིད་རྟོགས་པའི་རྣམ་དཔྱོད་དང་ལྡན་པ་སུ་ཞིག་ཆགས་ཏེ་ཆགས་པར་མི་རིགས་ཞེས་པའོ། །གང་གི་ཚེ་གོང་དུ་བཤད་པ་དེ་ལྟར་ལུས་བདེན་པ་མེད་པ་དེའི་ཚེ་སྐྱེས་པ་བུད་མེད་སོགས་ཀྱང་རང་བཞིན་གྱིས་གྲུབ་པ་གང་ཡིན་ཏེ་མེད་དོ། །དེ་ལྟར་ལུས་རང་བཞིན་མེད་པ་ནམ་མཁའ་ལྟ་བུར་སྒོམ་པ་ནི་ལུས་དྲན་པ་ཉེར་བར་བཞག་པའོ། །ཚོར་བ་དྲན་པ་ཉེར་གཞག་སྟོན་པ་ལ་མི་རྟག་སོགས་བཅུ་དྲུག་མཐོང་བའི་ལམ་ཡོད་པ་བཞིན་དུ། ལུས་མི་གཙང་བ་ཚོར་བ་སྡུག་བསྔལ་བ་སོགས་ཀྱི་སྒོ་ནས་དྲན་པ་ཉེར་གཞག་བཞི་དང༌། དེ་ལ་བལྟོས་པའི་བྱང་ཕྱོགས་སོ་བདུན་སོགས་སྒོམ་པའང་གདུལ་བྱ་འགའ་ཞིག་བདག་མེད་ལ་དྲང་བའི་ཕྱིར་དུ་གདུལ་བྱའི་སྒོ་ནས་གསུངས་ཀྱང༌། ཚོར་བའི་རང་གི་མཚན་ཉིད་སྡུག་བསྔལ་བ་དང་སྤྱིའི་མཚན་ཉིད་གང་ཟག་གི་བདག་རགས་པ་བཀག་པ་ཙམ་གྱི་དྲན་པ་ཉེར་གཞག་བསྒོམས་པས་ཚོར་བ་བདེན་འཛིན་གྱི་དམིགས་གཏད་བཤིག་མི་ནུས་པས། ཚོར་བ་ལས་སྲེད་པ་སྐྱེ་བ་དགག་མི་ནུས་པས་སོ། །དེས་ན་སྔར་ཚོར་བའི་རྐྱེན་གྱིས་བསྲེད་པ་ཡིན་ཞེས་གསུངས་པ་ལྟར་ཚོར་བ་ལས་སྲེད་པ་འབྱུང་ལ། དེའི་ཚུལ་ཡང་སྤྱིར་ཟག་པ་མེད་པའི་ཚོར་བ་བདེ་


JLD016_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་སངས་རྒྱས་ལ་ཡང་ཡོད་ཀྱང་དེ་ལ་སྡུག་བསྔལ་ག་ལ་འབྱུང༌། ཡིད་མི་བདེའི་སྡུག་བསྔལ་མི་འོང་ཡན་ཆད་ལ་མེད་ལ། ལུས་ཀྱི་ཚོར་བ་སྡུག་བསྔལ་ནི་དགྲ་བཅོམ་འོག་མ་ལ་ཡང་ཡོད་ཀྱང་དེ་དག་ལ་སྲེད་པ་སོགས་མི་འབྱུང་ངོ༌། །དེ་དག་ལས་གཞན་ལའང་འབྱུང་ཚུལ་ནི། ནང་གི་ཏིང་ངེ་འཛིན་དང་ཕྱིའི་ཡུལ་གྱི་རྐྱེན་ལས་ལུས་ཤེས་འཁོར་དུ་ཚོར་བ་བདེ་བ་སྐྱེས་པ་ན་དེ་ལས་ཡིད་ཀྱི་ཤེས་པ་བདེ་བའི་ངོ་བོར་སྐྱེ་བ་དང༌། རྐྱེན་དེ་དག་མེད་ཀྱང་ཡིད་ལ་བདེ་བ་སྐྱེ་བ་ཡོད་ལ། དེ་ལྟ་ན་བདེ་བ་དང་དེ་ལ་སྲེད་པ་ངང་གིས་འབྱུང་ངོ༌། །དེ་བཞིན་དུ་སྡུག་བསྔལ་མྱོང་བ་ན་དེ་ལ་ཁོང་ཁྲོ་བའི་ཞེ་སྡང་སོགས་སྐྱེ་བ་ནི་བདེ་སྡུག་གི་ཚོར་བ་བདེན་པར་བཟུང་བའི་དབང་གིས་ཡིན་ནོ། །ཚོར་བ་བདེན་འཛིན་གྱི་དམིགས་གཏད་བཤིག་སྟེ་ནམ་མཁའ་ལྟར་རྟོགས་པ་ལ་ཚོར་བ་ལས་སྲེད་པ་སོགས་མི་སྐྱེ་བས། བསླབ་བཏུས་སུ་བློ་གྲོས་མི་ཟད་པའི་མདོ་དྲངས་པ་ལྟར་ཚོར་བ་རང་བཞིན་མེད་པ་ལྟར་ཚོར་བ་རང་བཞིན་མེད་པར་རྟོགས་པའི་ཚོར་བ་དྲན་པ་ཉེར་གཞག་སྟོན་པ་ནི་སྡུག་བསྔལ་ཞེས་སོ། །སྡུག་བསྔལ་དེ་ཉིད་དུ་སྟེ་བདེན་པར་ཡོད་ན། དེ་ལན་ཅིག་སྐྱེས་ན་རྒྱུན་མི་འཆད་པར་སྐྱེ་བས་ཅི་སྟེ་རབ་ཏུ་དགའ་བ་ལ་མི་གནོད་དེ་གནོད་པས་བདེ་བ་སྐྱེར་མི་སྟེར་བར་འགྱུར་རོ། །རྒྱུན་མི་འཆད་པའི་རྒྱུ་མཚན་ནི། རང་བཞིན་ལྡོག་པར་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། ཞེས་རང་བཞིན་གྱིས་གྲུབ་པ་ན་དེ་ངོ་བོ་དང་གནས་སྐབས་གང་ལ་ལྟོས་ཀྱང་ལྡོག་པ་མེད་


JLD016_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བདེ་བ་བདེན་གྲུབ་འགོག་པ་ནི། རིགས་པ་སྔ་མ་འདོན་པ་བསྒྱུར་ཡང་ཆོག་མོད་ཀྱང་ཟུར་པ མཛད་པ་ནི་བདེན་ཞེས་སོགས་ཏེ། བདེ་བ་བདེན་པར་གྲུབ་པོ་ཞེ་ན། བུ་ཤི་བ་སོགས་ཀྱི་མྱ་ངན་གྱིས་གདུངས་ཏེ་བཟའ་བཏུང་ཞིམ་པོ་བསྟེན་ཡང་བདེ་བ་མི་སྐྱེ་བ་དེ་ལ་བཟའ་བཏུང་དེ་དག་བསྟེན་པས་ཅི་སྟེ་དགའ་བར་མི་བྱེད་དེ་བྱེད་པར་ཐལ། སྔར་བཟའ་བཏུང་ཞིམ་པ་སོགས་ཀྱི་རྐྱེན་ལས་བདེ་བ་སྐྱེ་བ་གང་ཞིག །དེའི་རྒྱུ་འབྲས་ཀྱི་འབྲེལ་པ་དེ་བདེན་གྲུབ་མིན་པའི་ཕྱིར་རོ། འདིར་དགག་བྱ་ཕྲ་མོ་ལ་གཏུགས་ནས་དགག་པ་མཛད་ལ། བཞི་བརྒྱ་པར་དེ་ལ་མ་གཏུགས་པར་དགག་པ་མཛད་དེ། འཕེལ་བཞིན་པ་ཡི་བདེ་བ་ལ། །ཇི་ལྟར་བཟློག་པ་མཐོང་གྱུར་པ། ཞེས་སོགས་གསུངས་པ་ལྟར་ཚ་བས་ཉེན་པ་གྲིབ་མ་སོགས་ཀྱིས་བསིལ་བ་བསྟེན་པ་ན་རེ་ཞིག་པར་དུ་བདེ་སྣང་སྐྱེ་ལ། དེ་ཡུན་རིང་དུ་བསྟེན་ན་ཡང་གྲང་པའི་སྡུག་བསྔལ་སྐྱེ་བ་ནི། སྔ་མའི་ཚ་བའི་སྡུག་བསྔལ་དེ་ཆུང་དུ་སོང་བའི་གནས་སྐབས་སུ་བདེ་སྣང་སྐྱེ་ལ། སྡུག་བསྔལ་དེ་ཟད་པ་ན་གྲང་བའི་སྡུག་བསྔལ་སྐྱེ་བས། བདེ་བར་འདོད་པ་དེའི་གཞིར་སྡུག་བསྔལ་ཡོད་པས་སྡུག་བསྔལ་ཕྱིར་བཅོས་པའི་བདེ་བ་ཙམ་ཡིན་གྱི་བདེ་བ་རང་བཞིན་པ་མེད་ལ། སྡུག་བསྔལ་ནི་དེའི་རྒྱུ་ཧ་ཅང་བརྟེན་ན་བདེ་བ་སྐྱེ་བ་མེད་པས་སྡུག་བསྔལ་རང་མཚན་པ་ཡོད་པའི་ཚུལ་རྒྱས་པར་དགའ་བོ་མངལ་འཇུག་གི་མདོའི་དོན་བཞི་བརྒྱ་པ་རྩ་འགྲེལ་ལས་གསུངས་སོ། །གལ་ཏེ་མྱ་ངན་གྱིས་གདུངས་དུས་ཞིམ་པ་སོགས་ལས་བདེ་


JLD016_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐྱེས་ཀྱང་སྡུག་བསྔལ་སྟོབས་དང་ལྡན་པས་ཟིལ་གྱིས་མནན་པའི་ཕྱིར་བདེ་བ་དེ་མྱོང་བ་མ་ཡིན་ནོ་ཞེ་ན། གང་ཞིག་བདེ་བ་སྐྱེས་པ་དེ་ནི་ཚོར་བ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། ཉམས་སུ་མྱོང་བའི་བདག་ཉིད་མ་ཡིན་པའི་ཕྱིར། གལ་ཏེ་དེའི་ཚེ་སྡུག་བསྔལ་ཕྲ་མོ་ཉིད་དུ་གནས་ཤིང་ཡོད་དོ། །སྡུག་བསྔལ་ཕྲ་མོ་ཡོད་ན་བདེ་བ་དེ་འདྲས་ཅི་གསལ་ནས་བདེ་བ་མྱོང་བར་འཇོག་མི་ཐུབ་སྙམ་ནས་བདེ་བ་འདིས་སྡུག་བསྔལ་རགས་པ་བསལ་བ་མིན་ནམ་སྟེ་ཡིན་པར་འདོད་ལ། སྡུག་བསྔལ་ཕྲ་མོ་དེ་ནི་བདེ་བ་ཆེན་པོ་དེ་ལས་གཞན་དགའ་བ་ཕྲ་མོ་ཙམ་ཡིན་ནོ་ཞེ་ན། བདེ་བ་ཕྲ་མོ་ཉིད་དེ་ཡང་བདེ་བ་དེའི་མཚན་ཉིད་ལས་མ་འདས་པས་དེ་ཡིན་ན་བདེ་བ་ཡིན་དགོས་སོ། །བདེ་ན་མྱ་ངན་གདུངས་སོགས་ལ། ཞེས་སོགས་ལ་སྐྱོན་སྤོང་བར་འདོད་ནས། གལ་ཏེ་བཟའ་བཏུང་ཞིམ་པོ་སོགས་ལས་བདེ་བ་སྐྱེས་པའི་སྡུག་བསྔལ་དང་འགལ་བ་བདེ་བའི་རྐྱེན་སྐྱེས་པས་ན་དེའི་ཚེ་སྡུག་བསྔལ་སྐྱེས་པ་མིན་ནོ་ཞེ་ན། བདེ་སྡུག་གི་ཚོར་བར་རྟོག་པས་ཞེན་ཅིང་བཏགས་པ་ཉིད་ཡིན་ཞེས་བྱ་བར་འགྲུབ་པ་མིན་ནམ་སྟེ་ཡིན་པར་ཐལ། བཟའ་བཏུང་གཅིག་ཉིད་ཀྱིས་རྟོག་པའི་དབང་གིས་བདེ་སྡུག་གཉིས་ཀའི་རྒྱུ་བྱེད་པའི་ཕྱིར་རོ། །ཚོར་བ་བདེན་པར་མ་གྲུབ་པ་དེ་ཉིད་ཀྱི་ཕྱིར་ན་ཚོར་བ་བདེན་འཛིན་འདིའི་གཉེན་པོར་ཚོར་བ་སྟོང་ཉིད་དུ་རྣམ་པར་དཔྱོད་པ་འདི་སྒོམ་སྟེ། རྣམ་པར་བརྟགས་ཤིང་དཔྱད་པའི་


JLD016_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལས་བྱུང་བའི་སྟོང་ཉིད་རྟོགས་པ་དང་དེ་ལ་མཉམ་པར་འཇོག་པའི་བསམ་གཏན་ཏེ་ཞི་གནས་སྒོམ་པ་ནི་རྣལ་འབྱོར་པའི་རྟོག་པ་འཕེལ་ཞིང་རྒྱས་པར་བྱེད་པས་ཟས་ཞེས་བྱ་སྟེ། ཟས་ཀྱིས་ལུས་རྒྱས་པ་དང་ནད་མེད་པ་སོགས་སུ་བྱེད་པ་བཞིན་ནོ། །འདིར་བསླབ་བཏུས་སུ་མདོ་དྲངས་པ་ལས། བྱང་ཆུབ་སེམས་དཔས་ཚོར་བ་དྲན་པ་ཉེར་གཞག་སོགས་སྒོམ་པའི་ཚེ་དོན་དམ་པ་དང༌། ཀུན་རྫོབ་པའི་ཉམས་ལེན་གཉིས་བྱེད་པར་གསུངས་པའི་ཀུན་རྫོབ་པའི་ཉམས་ལེན་ནི། རང་ཉིད་ཀྱི་རྒྱུད་ལ་ཚོར་བ་བདེ་བ་སྐྱེས་པ་ན་སེམས་ཅན་གཞན་རྣམས་ལ་སྙིང་རྗེ་སྐྱེ་སྟེ། དེ་ཡང་རང་ཉིད་ལ་ཚོར་བ་བདེ་བ་སྐྱེས་ཀྱང་དེ་བདེན་འཛིན་གྱི་དམིགས་གཏད་ཐམས་ཅད་སྟོང་ཉིད་ཀྱི་རྟོགས་པས་བཤིག་པས་དེ་ལ་སྲེད་པ་མི་སྐྱེ་ལ། སེམ་སཅན་གཞན་ལ་ལྟ་བ་དེ་མེད་པས་དེ་ལས་སྲེད་པ་སྐྱེ་བ་མཐོང་བའི་ཕྱིར་དང༌། སྲེད་པའི་བདེ་བ་ཙམ་ནི་རིནཆེན་ཕྲེང་བ་ལས། གཡོན་པ་ཕྲུགས་ན་བདེ་བ་སྟེ། ཞེས་སོགས་གསུངས་པ་ལྟར་བདེ་བ་ལྟར་སྣང་ཡིན་ལ། བདེ་བའི་མཆོག་ནི་སྲེད་པ་ཟད་པ་ཡིན་ཏེ། བདེ་བ་ཀུན་གྱི་ནང་ན་སྲེད་ཟང་པའི། ཞེས་སོགས་གསུངས་པ་ལྟར་རོ། །དེ་བཞིན་དུ་ཚོར་བ་སྡུག་བསྔལ་མྱོང་ནའང་སྙིང་རྗེ་སྐྱེ་བ་སོགས་ལ་སྦྱར་རོ། །ཚོར་བའི་རྒྱུ་རིག་པ་བདེན་གྲུབ་བཀག་པའི་སྒོ་ནས་ཚོར་བ་བདེན་གྲུབ་འགོག་པ་ལ། རེག་པ་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་པའམ་ཕྲད་པ་ཡིན་པས་དེ་འགོག་པ་ལ། ཤེས་པ་དང་


JLD016_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད་པ་འོག་ཏུ་འགོག་པས་འདིར་དབང་པོ་དང་དོན་ཕྲད་པ་འགོག་ལ། དེ་ལའང་རྡུལ་དང་རགས་པ་གཉིས་ཡོད་པའི་ཕྱི་མ་ཕྲད་པ་འོག་ཏུ་འབྱུང་བས་འདིར་རྡུལ་ཕྲད་པ་འགོག་པ་ནི། གལ་ཏེ་ཞེས་སོགས་ཏེ། གལ་ཏེ་དབང་པོའི་རྡུལ་དང་དོན་གྱི་རྡུལ་ཕྲད་ན་དེ་གཉིས་ལ་བར་ཡོད་དམ་མེད། དང་པོ་ལྟར་ན། དེ་དག་གང་དུ་ཕྲད་པར་འགྱུར་ཏེ་མི་ཕྲད་པར་ཐལ། བར་དང་བཅས་པའི་ཕྱིར་རོ། །བར་མེད་ན་ཡང་ཕྲད་པ་མི་འཐད་པར་ཐལ། གཅིག་ཉིད་ཡིན་པའི་ཕྱིར་ཏེ། གོས་གནོན་ནུས་པ་ལ་བར་མེད་ན་གཅིག་ཡིན་དགོས་པས་སོ། །དེའི་རྒྱུ་མཚན་ནི། རྡུལ་ཕྲན་རྡུལ་ཕྲན་ལ་འཇུག་པ་སྟེ་ཐིམ་པ་མེད་དེ། རྡུལ་ཕྲན་དེ་དག་ནི་སྐབས་ཏེ་བར་སྟོངས་མེད་པའི་ཕྱིར་དང༌། བོང་ཚོད་མཉམ་པའི་ཕྱིར་རོ། །གཅིག་ལ་གཅིག་ཞུགས་ཤིང་ཐིམ་ན་གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར་རོ། །མ་ཞུགས་པ་སྟེ་མ་ཐིམ་པ་ལ་འདྲེས་པ་མེད་ལ། དེ་མེད་ན་ཕྲད་པ་མེད་དོ། །ཆ་ཐ་དད་མེད་ན་ཕྲད་ཅེས་པ་ཇི་ལྟར་འཐད་པར་འགྱུར་ཏེ་མི་འཐད་དོ། །གལ་ཏེ་ཕྲད་པ་དང་ཆ་མེད་པ་ཡོད་པར་མཐོང་ན་བསྟན་པར་གྱིས་ཏེ་བསྟན་རྒྱུ་མེད་དོ། །རྣམ་ཤེས་དང་ཕྲད་པ་དགག་པ་ནི། རྣམ་ཤེས་ཞེས་སོགས་ཏེ། དེ་དང་ཕྲད་པ་མི་འཐད་དེ། དེ་ལ་ལུས་མེད་པས་སོ། །རགས་པ་ལ་ཕྲད་པ་དགག་པ་ནི། ཚོར་བ་ཞེས་སོགས་ཏེ། རགས་པ་བདེན་དངོས་མེད་པར་སྔར་དེ་ཡང་ཚིགས་ཀྱི་ཚོགས་ཡིན་ཕྱིར།


JLD016_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་སུ་རྣམ་པར་དཔྱད་པ་བཤད་པ་བཞིན་ཤེས་པར་བྱའོ། །དེ་ལྟར་རྒྱུ་རེག་པ་བདེན་གྲུབ་མེད་ན། ཚོར་བ་བདེན་པ་གང་ལས་འབྱུང་སྟེ། རྫུན་པ་ལས་བདེན་པ་སྐྱེ་བ་མི་སྲིད་པའི་ཕྱིར་ཏེ། གང་གི་ས་བོན་རྫུན་པ་དེའི། ཞེས་སོགས་ལྟར་རོ། །ཚོར་བ་བདེན་པ་མེད་ན་དེའིདོན་དུ་ངལ་བའམ་འབད་པ་འདི་ཅིའི་དོན་དུ་ཡིན་ཏེ་དོན་མེད་པས་སོ། །ཚོར་བ་བདེན་པ་མེད་ན་ཡུལ་གང་ལས་གང་ལ་གནོད་པའི་སྡུག་བསྔལ་བདེན་གྲུབ་འབྱུང་བར་མི་འགྱུར་རོ། །ཚོར་བ་འགགས་པས་སྲེད་པ་ལྡོག་ཚུལ་སྟོན་པ་ནི། གང་ཚེ་ཞེས་སོགས་ཏེ། གང་གི་ཚེ་སྔར་གང་ཟག་གི་བདག་འགོག་པའི་རིགས་པས་ཚོར་བ་ཉམས་སུ་མྱོང་བ་པོ་གང་ཟག་རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད་ཅིང༌། མྱོང་བྱ་ཚོར་བའང་བདེན་གྲུབ་ཡོད་པ་མིན་ན་དེའི་ཚེ་ཚོར་བྱ་ཚོར་བྱེད་རང་བཞིན་མེད་པའི་གནས་སྐབས་འདི་མཐོང་ནས་སྲེད་པ་ཅིའི་ཕྱིར་ལྡོག་པ་མི་འགྱུར་ཏེ་ལྡོག་གོ །རྒྱུ་མཐོང་ཐོས་སོགས་བདེན་པས་ཚོར་བ་བདེན་པ་དགག་པ་ནི། མཐོང་བ་ཞེས་སོགས་ཏེ། མཐོང་ཐོས་སོགས་རྨི་ལམ་སྒྱུ་མ་དང་འདྲ་བའི་བདག་ཉིད་ཀྱིས་ཚོར་བ་སྐྱེད་པས་དེ་ལ་རྒྱུ་མཚན་གྲུབ་མི་དགོས་སོ། །མྱོང་བྱེད་ཀྱི་སེམས་བདེན་གྲུབ་ཡོད་པས་ཚོར་བ་བདེན་གྲུབ་ཡོད་པ་འགོག་པ་ལ་མྱོང་བྱ་དང་ལྷན་ཅིག་པའི་སེམས་མྱོང་བྱེད་བདེན་གྲུབ་འགོག་པ་ནི་སེམས་དང་ཞེས་སོགས་རྐང་པ་གཉིས་ཏེ། ཚོར་བ་དང་ལྷན་ཅིག་པའི་སེམས་དེས་ཚོར་བ་མྱོང་བ་མཐོང་བ་


JLD016_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ་མ་ཡིན་པར་ཐལ། མྱོང་བྱ་མྱོང་བྱེད་རྒྱུ་འབྲས་ཡིན་པར་ཁས་བླངས་ཤིང༌། དེ་གཉིས་རྫས་གཞན་དུས་མཉམ་ཡིན་ན་རྒྱུ་འབྲས་སུ་མི་རུང་བས་སོ། །ཤེས་པ་སྔ་མས་མྱོང་བ་དགག་པ་ནི་སྔར་དང་ཞེས་པ་སྟེ། ཤེས་པ་སྔ་མས་ཚོར་བ་མྱོང་བ་མ་ཡིན་པར་ཐལ། ཚོར་བ་དེ་དུས་མེད་པའི་ཕྱིར་རོ། །ཕྱི་མས་མྱོང་བ་དགག་པ། ཕྱི་མར་ཞེས་སོགས་ཏེ། ཕྱིས་སྐྱེས་པའི་ཤེས་པས་ཀྱང་ཚོར་བ་དྲན་པ་ཙམ་དུ་ཟད་ཀྱི། མྱོང་བ་མ་ཡིན་པར་ཐལ་ལོ། །དོན་བསྡུ་བ་ནི། རང་གི་ཞེས་སོགས་ཏེ། རང་གིས་རང་ལ་མྱོང་བ་སྔར་དང་རིག་བཀག་པས་གྲུབ་ལ། མྱོང་བྱེད་དོན་གཞན་གྱིས་མྱོང་བ་མ་ཡིན་པར་ཁས་བླངས་ལ། ཚོར་བ་པོའི་གང་ཟག་བདེན་གྲུབ་འགའ་ཡང་མེད་པ་དེས་ན་ཚོར་བ་དེ་ཁོ་ན་ཉིད་དུ་ཡོད་པ་མིན་ནོ། །དེ་ལྟར་ཆོས་ཐམས་ཅད་བདག་མེད་པའི་ཚོགས་ཡིན་པ་འདི་ལ་ཡུལ་འདིས་ཅི་སྟེ་གནོད་པར་བྱ་བ་སྡུག་བསྔལ་བདེན་གྲུབ་ཀྱང་ཡོད་པ་མ་ཡིན་ནོ། །སེམས་དྲན་པ་ཉེར་གཞག་ནི། ཡིད་ནི་ཞེས་སོགས་ཏེ། ཡིད་ནི་ཤེས་པ་ཙམ་མོ། །དེ་ཡུལ་འཛིན་པ་ལ་དབང་བར་བྱེད་པས་དབང་པོ་སྟེ་མིག་དབང་སོགས་དྲུག་ལ་མི་གནས་ཤིང་གཟུགས་སོགས་ཡུལ་དྲུག་ལའང་གནས་པ་མིན་ཞིང་དེ་གཉིས་ཀྱི་བར་ཏེ་དེ་གཉིས་ཚོགས་པ་ལའང་གནས་པ་མིན་ནོ། །འདིར་དེ་དག་ལ་མི་གནས་པའི་དམ་བཅའ་ཙམ་ལས་མ་གསུངས་ཀྱང་སྒྲུབ་བྱེད་ནི། འཇུག་པ་ལས་རང་གི་མཚན་ཉིད་


JLD016_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གྲུབ་པའི་རྟེན་བརྟེན་པ་ལ་དཔྱད་པ་བདུན་གྱིས་འགོག་པའི་ཚུལ་ལས་ཤེས་པར་བྱའོ། །མུ་སྟེགས་འདོད་པའི་ནང་གི་སྐྱེས་བུ་དང་ལུས་ཀྱི་ཕྱི་ལག་པ་སོགས་ལ་སེམས་པ་མིན་ཞིང༌། དེ་དག་ལས་གཞན་དུ་ཡང་སེམས་རྙེད་པ་མིན་ནོ། །དོན་བསྡུ་བ་ནི། གང་ཞིག་ཅེས་སོགས་ཏེ། གང་ཞིག་ལུས་དང་དེ་ལས་གཞན་དུ་ཡོད་པ མིན་ལ། འདྲེས་པ་ནི་དབང་པོས་ཟིན་ཅིང་ངོ་བོ་སེམས་མིན་པ་སྟེ་སེམས་ཅན་གྱི་གཟུགས་ལུས་ཏེ། དེ་དང་དེ་ལས་ལོགས་སུའང་ངོ་བོས་གྲུབ་པ་འགའ་མེད་པ་དེ་ནི། བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པ་དེའི་ཕྱིར། སེམས་ཅན་ཐམས་ཅད་བདེན་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །ཤེས་བྱ་ལ་བརྟགས་ནས་སྐྱོན་སྟོན་པ་ནི། ཤེས་བྱ་སོགས་ཏེ། ཤེས་པ་ཆོས་ཅན། བདེན་པར་མེད་དེ་ཤེས་བྱ་ཡུལ་གྱི་སྔ་རོལ་དང་དུས་མཉམ་དུ་མ་གྲུབ། ཤེས་བྱའི་ཕྱིས་ཀྱང་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། རྟགས་སྔ་མ་གཉིས་གྲུབ་པ་ནི། ཤེས་བྱ་རྒྱུ་དང་ཤེས་པ་འབྲས་བུར་ཁས་ལེན་པས། མེད་པར་སྔར་ནུས་མེད་ཕྱིར་དང༌། ཞེས་སོགས་ཀྱིས་འགོག་གོ །རྟགས་ཕྱི་མ་ནི། དབུ་མ་སྣང་བ་ལས་གསུངས་པ་ལྟར་སྐད་ཅིག་སྔ་མ་ཞིག་མ་ཞིག་གང་ལ་སྐྱེ་མ་ཞིག་པ་ལའང་ཕྲད་མ་ཕྲད་གཉིས་དང༌། མ་ཕྲད་པ་ལའང་བདག་ཉིད་ཐམས་ཅད་ཀྱིས་མ་ཕྲད་པ་ལས་སྐྱེ་ན་དུས་འདྲེས་པས་བསྐལ་པའང་སྐད་ཅིག་གཅིག་ཏུ་ཐལ་བ་


JLD016_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཕྱོགས་གཅིག་གིས་མ་ཕྲད་པ་ལས་ན་ཆ་བཅས་སུ་འགྱུར་པས་ཆ་ཆ་ཅན་བདེན་གྲུབ་འགོག་པའི་རིགས་པས་འགོག་གོ །ཡང་ན་ཡུལ་དང་ཤེས་པ་གཉིས་བྱ་བྱེད་ཡིན་པ་རང་གི་མཚན་ཉིད་ཀྱིས་གྲུབ་ན་ད་གཉིས་དུས་ཐམས་ཅད་དུ་བྱ་བྱེད་ཡིན་དགོས་པས་ཤེས་པ་སྐྱེས་པའི་དུས་ནའང་བྱ་བྱེད་ཡིན་དགོས་པ་ལ། ཡུལ་འགགས་ནས་ཤེས་པའི་དུས་ན་མེད་ན་ཤེས་པ་དེ་གང་ལས་སྐྱེ་ཞེས་དགག་བྱ་ལ་གཏུགས་ནས་འགོག་གི །ཐ་སྙད་དུ་ཤེས་པ་ཕྱི་མ་མི་འགོག་གོ །ཆོས་དྲན་པ་ཉེར་གཞག་ནི། དེ་ལྟར་སོགས་རྐང་པ་གཉིས་ཏེ། གོང་དུ་ཤེས་བྱ་ལས་སྔར་ཤེས་པ་ཡོད་ན་ཞེས་ཡུལ་ཡུལ་ཅན་གཉིས་ཀྱི་སྔ་ཕྱི་ལ་བརྟགས་ནས་ཤེས་པ་བདེན་གྲུབ་བཀག་པ་དེ་ལྟར་ན་སྔར་མ་བཤད་པའི་སེམས་བྱུང་དང་ལྡན་མིན་འདུ་བྱེད་སོགས་ཆོས་ཐམས་ཅད་ཀྱི་སྐྱེ་བ་དང་འདུས་མ་བྱས་རྣམས་བདེན་པ་རྟོགས་པར་འགྱུར་བ་མ་ཡིན་ཏེ། སྐྱེ་བ་བདེན་པ་མེད་ན་འདུས་བྱས་རབ་ཏུ་མ་གྲུབ་པས། ཞེས་གསུངས་པ་ལྟར་འདུས་མ་བྱས་བདེན་པའང་མེད་པའི་ཕྱིར་རོ། །དེ་ལ་གཞན་གྱི་རྩོད་པ་སྤང་བ་ལ་ཧ་ཅང་ཐལ་བ་སྤང་བ་ལ་དང་པོ་ཐལ་བ་དགོད་པ་ནི་གལཏེ་སོགས་རྐང་པ་བཞི་སྟེ། གལ་ཏེ་སྔར་ཡུལ་ཡུལ་ཅན་སྔ་ཕྱི་ལ་བརྟགས་ནས་བདེན་གྲུབ་བཀག་པ་དེ་ལྟར་ཀུན་རྫོབ་ཏུ་གྲུབ་པར་འདོད་པ་ལའང་སྐྱོན་དེ་མཚུངས་པས་ཀུན་རྫོབ་མེད་པ་ལ་དེ་མེད་ན་བདེན་གཉིས་ག་ལ་


JLD016_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཅེ་ན་ཞེས་པའམ། ཡང་ན་འགལ་ཏེ་བདེན་གྲུབ་བཀག་པ་དེ་ལྟར་ན་རྒྱུས་འབྲས་བུ་བསྐྱེད་པ་ཡོད་དམ་མེད། ཡོད་ན་དེ་ཉིད་ལ་བདེན་པ་ཟེར་བས་བདེན་གྲུབ་འགོག་པ་མིང་ཙམ་དུ་ཟད་ལ། མེད་ན་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་དོ་ཞེས་པའི་ཀུན་རྫོབ་ཀྱང་མེད་ལ། དེ་མེད་པ་དེ་ལ་བདེན་གཉིས་ག་ལ་ཡོད་ཁྱོད་ཀྱི་ཀུན་རྫོབ་དེའང་ཀུན་རྫོབ་ཏུ་ཡོད་པར་བློ་གཞན་གྱིས་རློམ་པ་ཙམ་གྱིས་ཡོད་པར་འཇོག་གི །དངོས་པོ་ལ་མ་གྲུབ་པ་ཐག་ཁྲ་ལ་སྦྲུལ་འཛིན་གྱི་གོར་སྦྲུལ་དུ་འཇོག་པ་ཙམ་དུ་ཟད་པས། སེམས་ཅན་མྱ་ངན་ལས་ག་ལ་འདའ་སྟེ། རྣམ་གྲོལ་མི་འཐོབ་པར་ཐལ་ཏེ། དེ་ལྟ་ན་རྣམ་གྲོལ་གྱི་དོན་དུ་ལྟ་བ་གཏན་ལ་འབེབས་པ་དོན་མེད་པར་ཐལ་ལོ་ཞེ་ན། ལན་ནི། འདི་ནི་ཞེས་སོགས་ཏེ། ཀུན་རྫོབ་འདི་ནི་གཞན་བློ་འཁྲུལ་པའི་སེམས་ཀྱི་རྣམ་རྟོག་གིས་བཏགས་པ་ཙམ་ཡིན་གྱི། ཡོད་པ་མིན་པ་དེ་ནི་དབུ་མ་པ་རང་གི་ལུགས་ཀྱི་ཀུན་རྫོབ་མིན་གྱི། ཡིན་ན་སྐྱོན་དེ་འཇུག་གོ །རང་གི་ལུགས་ནི་ལྟ་བ་རྟོགས་པའི་ཕྱིས་ཀུན་རྫོབ་སྟེ་ངེས་པ་ཡོད་པར་འཇོག་ཐུབ་ན་ཀུན་རྫོབ་དེ་ཡོད་དེ། དེ་མིན་ན་ཀུན་རྫོབ་མེད་པ་ཉིད་དོ། །ཡང་ཡུལ་ཅན་རྟོགས་པ་དང་ཡུལ་རྟོག་པར་བྱ་བ དག་གཉིས་པོ་ཕན་ཚུན་གཅིག་འཇོག་པ་གཅིག་ལ་བལྟོས་པའི་ཕན་ཚུན་བརྟེན་པ་ཡིན་པས་བདེན་པར་མེད་དེ། བྱེད་པ་ལས་ལ་བརྟེན་བྱས་ཤིང༌། ཞེས་སོགས་གསུངས་པ་ལྟར་རོ། །དེས་ན་ཇི་ལྟར་འཇིག་རྟེན་ལ་གྲགས་པ་བཞིན་དུ་མ་


JLD016_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་པར་མིང་ཙམ་ལ་བརྟེན་ནས་རྣམ་པར་བཞག་པ་ཐམས་ཅད་བརྗོད་པ་ཡིན་ནོ། །ཐུག་མེད་དུ་ཐལ་བ་སྤང་བ་ལ་ཐལ་བ་དགོད་པ་ནི། གང་ཚེ་ཞེས་སོགས་རྐང་པ་བཞི་སྟེ། གང་གི་ཚེ་ཆོས་རྣམས་ལ་རྣམ་པར་དཔྱད་པའི་སྒོ་ནས་རྣམ་དཔྱོད་ཀྱིས་རང་བཞིནམེད་པར་དཔྱོད་པར་བྱེད་ན། དེའི་ཚེ་རྣམ་པར་དཔྱོད་མཁན་གྱི་བློ་དེ་དཔྱད་བྱ་དེའི་ཁོངས་སུ་མི་གཏོགས་པས། དེ་ཡང་རྣམ་པར་དཔྱད་དགོས་མི་དགོས་མི་དགོས་ན་དཔྱད་བྱ་གཞན་ལའང་མཚུངས་ལ། དགོས་ན་དཔྱོད་མཁན་དེ་ལའང་གཞན་དཔྱོད་མཁན་དགོས་པས་ཐུག་པ་མེད་པར་འགྱུར་རོ་ཞེ་ན། དཔྱོད་མཁན་བདེན་པར་གྲུབ་ན་དེའི་རྣམ་པའི་འཛིན་སྟངས་དང་མཐུན་པའི་གཞི་བདེན་གྲུབ་གཅིག་ལ་བརྟེན་དགོས་པ་ལ་དཔྱད་པ་རྣམས་རྣམ་པར་དཔྱད་པར་བྱས་པས་རང་བཞིན་མེད་པ་ན་རྣམ་དཔྱོད་ལ་ནི་རྟེན་བདེན་པ་ཡོད་པ་མིན་ལ། དེ་མེད་པའི་ཕྱིར་ན་རང་བཞིན་གྱིས་མི་སྐྱེ་སྟེ། དོན་དེ་གོམས་པ་ལས་མྱང་འདས་འཐོབ་པར་བརྗོད་དོ། །གཞན་གྱིས་བཏགས་པའི་བདེན་གྲུབ་འགོག་པ་ནི་གང་གི་ཞེས་སོགས་ཏེ། དངོས་སྨྲ་བ་གང་གི་ལྟར་ན་དོན་དང་ཤེས་པ་འདི་གཉིས་བདེན་པ་དེ་ཉིད་དུ་ཤིན་ཏུ་དཀའ་བར་གནས་ཏེ། དེ་ལ་སྒྲུབ་བྱེད་མེད་པས་སོ། །གལ་ཏེ་ཤེས་པ་བདེན་པ་ཡོད་པའི་དབང་ལས་དོན་བདེན་པ་གྲུབ་པོ་ཞེ་ན། ཤེས་པ་བདེན་པ་ཡོད་པ་ཉིད་ལ་རྟེན་བདེན་པ་ཅི་ཡོད་དེ་མེད་དོ། །དེས་ན་དེ་གཉིས་ཕན་


JLD016_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་བལྟོས་པའི་དབང་གིས་ཡོད་ན། གཉིས་ཀ་བདེན་པར་མེད་པར་འགྱུར་རོ། །གལ་ཏེ་ཕ་མེད་ན་བུ་མེད་དེ་བུ་གང་ལས་འབྱུང་བའི་རྒྱུ་མེད་པས་སོ། །བུ་མེད་པར་ཡང་ཕ་མེད་དེ། ཕ་དེ་ཉིད་ཀྱང་བུ་ཡིན་པས་སོ། །དེས་ན་དེ་གཉིས་བལྟོས་ནས་འཇོག་དགོས་པ་དེ་བཞིན་དུ་དོན་ཤེས་དེ་གཉིས་ཀྱང་བདེན་པར་མེད་པ་ཉིད་དོ། །ཅི་སྟེ་མྱུ་གུ་ས་བོན་ལས་སྐྱེ་བ་ས་མྱུ་གུའི་རྟགས་ལས་ས་བོན་དེ་ཉིད་ཀྱི་བདེན་ཡོད་རྟོགས་པ་སྟེ་དཔོག་ནུས་པ་དང་དེ་བཞིན་དུ་ཤེས་བྱ་ལས་སྐྱེས་པའི་ཤེས་པ་བདེན་པར་ཡོད་པས་ཤེས་བྱ་བདེན་ཡོད་དཔག་ནུས་པས། ཤེས་པ་བདེན་ཡོད་ཅིས་མི་རྟོགས་ཏེ་རྟོགས་དགོས་སོ་ཞེ་ན། མྱུ་གུ་ལས་གཞན་པའི་ཤེས་པས་ས་བོན་ཡོད་ཅེས་རྟོགས་པར་གྱུར་ན་ཤེས་བྱ་དེ་རྟོགས་པའི་ཤེས་པ་ཡོད་པ་ཉིད་གང་ལས་རྟོགས་ཏེ་དེ་མི་འགྲུབ་སྟེ། རང་གིས་རྟོགས་པ་བཀག་ཟིན་ལ། གཞན་གྱིས་རྟོགས་པར་ཁས་མི་ལེན་པའི་ཕྱིར་རོ། །བདེན་པ་མེད་པའི་སྒྲུབ་བྱེད་སྟོན་པ་ལ་རྒྱུ་མེད་དུ་སྨྲ་བ་འགོག་པ་ནི་རེ་ཞིག་ཅེས་སོགས་ཏེ། རྒྱང་འཕན་ན་རེ། ཇི་ལྟར་པདྨའི་རྩ་བ་བཟང་རིང་རྣོ་བ་དང༌། ཞེས་པ་ནས་སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང༌། ཞེས་ཟེར་རོ། །དེ་ནི་མི་འཐད་དེ། འཇིག་རྟེན་པའི་མངོན་སུམ་གྱིས་ཕྱི་ནང་གི་རྒྱུ་ཕལ་ཆེ་བ་ཐམས་ཅད་ལ་རྗེས་སུ་འགྲོ་ལྡོག་མཐོང་བས་སོ། །པདྨའི་སྡོང་བུའི་ཁ་དོག་དང་འདབ་མའི་གྲངས་སོགས་ནི་དེ་དག་གི་རྒྱུའི་དབྱེ་བས་


JLD016_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ཡིན་ལ། རྒྱུའི་དབྱེ་བ་དེ་གང་གིས་བྱས་ཤེ་ན། དེ་ཡང་རང་གི་སྔར་གྱི་རྒྱུའི་དབྱེ་བ་ཉིད་ལས་སྐྱེའོ། །ཅིའི་ཕྱིར་རྒྱུས་འབྲས་བུ་བསྐྱེད་ནུས་ཤེ་ན། ཐོག་མ་མེད་པའི་སྔར་གྱི་རྒྱུའི་མཐུ་ཉིད་ལས་སྐྱེའོ། །རིགས་པ་ཅན་ན་རེ། དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ནོ་ཞེ་ན། དབང་ཕྱུག་གང་ཡིན་སྨོས་ཤིག །ས་སོགས་འབྱུང་བ་ཆེན་པོ་རྣམས་འཕེལ་འགྲིབ་ལས་འབྲས་བུ་འཕེལ་འགྲེབ་བྱེད་པས་འབྱུང་བ་རྣམས་དབང་ཕྱུག་གོ་ཞེ་ན། དེ་ལྟ་ན་མིང་ཙམ་ལ་ཅི་ཞིག་ངལ་པ སྟེ་མིང་ཙམ་ལ་རྩོད་པར་ཟད་དོ། །འོན་ཀྱང་དབང་ཕྱུག་གི་ངོ་བོར་འདོད་ན། དེ་དགག་པ་ནི། ས་སོགས་ཆོས་ཅན། དེ་ནི་དབང་ཕྱུག་ཉིད་མ་ཡིན་ཏེ། དབང་ཕྱུག་གི་མཚན་ཉིད་རྣམས་དང་མི་ལྡན་པའི་ཕྱིར་ཏེ། དབང་ཕྱུག་གཅིག་ཡིན་ལ། ས་སོགས་དུ་མ་ཡིན་པ་དང༌། དབང་ཕྱུག་རྟག་ལ། ས་སོགས་མི་རྟག་པ་དང༌། དབང་ཕྱུག་འབྲས་བུའི་བྱེད་པའི་དོན་དུ་བློ་སྔོན་དུ་གཏོང་བས་གཡོ་ལ་ས་སོགས་ལ་དེ་མེད་པས་གཡོ་བ་མེད་པ་དང༌། དབང་ཕྱུག་ལྷར་འདོད་ལ། ས་སོགས་ལྷ་མིན་པ་དང༌། དབང་ཕྱུག་རྐང་པ་སོགས་ཀྱིས་བགོམ་བྱ་མིན་ས་སོགས་བགོམ་བྱ་ཡིན་པ་དང༌། དབང་ཕྱུག་གཙང་ལ། ས་སོགས་མི་གཙང་བས་སོ། །ནམ་མཁའ་དབང་ཕྱུག་གོ་ཞེ་ན། ནམ་མཁའ་ཆོས་ཅན། དབང་ཕྱུག་མིན་ཏེ། འབྲས་བུའི་དོན་དུ་གཡོ་བ་མེད་པས་སོ། །བདག་


JLD016_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པའང་དབང་ཕྱུག་མིན་ཏེ། དེ་བེམས་རིག་གཉིས་ཀ་སྔར་བཀག་པའི་ཕྱིར་རོ། །དབང་ཕྱུག་བསམ་གྱིས་མི་ཁྱབ་པའི་བྱེད་པ་པོ་ཡིན་པས་སྐྱོན་དེ་དག་མེད་དོ་ཞེ་ན། དབང་ཕྱུག་བྱེད་པ་པོར་བརྗོད་པས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། བསམ་བྱའི་ཡུལ་མིན་པའི་ཕྱིར་དང༌། དབང་ཕྱུག་དེས་འབྲས་བུ་བསྐྱེད་འདོད་པའང་གང་ཞིག་ཡིན་མི་འཐད་པར་ཐལ། དེའི་འབྲས་བུ་བདག་དང་བདེ་བ་དང་ས་སོགས་དང་དབང་ཕྱུག་རང་གི་རིགས་འདྲ་ཕྱི་མའི་ངོ་བོ་གང་དུ་འདོད་ཀྱང་དེ་དག་རྣམས་རྟག་པ་མིན་ནམ་སྟེ་ཡིན་པས་འབྲས་བུར་མི་རུང་བས་སོ། །དེས་ན་ཤེས་པ་ཤེས་བྱ་ལས་སྐྱེ་བ་དང༌། བདེ་སྡུག་ནི་ཐོག་མ་མེད་པའི་ལས་ལས་སྐྱེས་པ་ཡིན་པས་དབང་ཕྱུག་དེས་འབྲས་བུ་གང་ཞིག་གིས་བསྐྱེད་པ་སྨྲོས་ཤིག །དེ་ཡང་རྒྱུ་ལས་ལ་སོགས་པ་ལ་ཐོག་མ་ཡོད་པ་མིན་ན་འབྲས་བུའི་ཐོག་མའང་ཡོད་པ་མ་ཡིན་ནོ། །དབང་ཕྱུག་གིས་འབྲས་བུ་རྟག་ཏུ་ཅིའི་ཕྱིར་མི་བྱེད་དེ་བྱེད་པར་ཐལ། དེས་འབྲས་བུ་བསྐྱེད་པ་རྒྱུ་གཞན་ལ་ལྟོས་པ་མིན་པའི་ཕྱིར། དེ་རྟག་པ་ཡིན་པས་སོ། །ཅི་སྟེ་འབྲས་བུ་མི་སྐྱེ་བ་སྟེ་ལྷན་ཅིག་བྱེད་རྐྱེན་སོགས་མེད་པས་མི་སྐྱེ་བ་ཡིན་ཞེ་ན། དབང་ཕྱུག་དེས་འབྲས་བུ་འདི་བསྐྱེད་པ་རྐྱེན་གཞན་གང་ལ་ལྟོས་པར་འགྱུར་བ་སྟེ། རྐྱེན་གཞན་ལ་རག་ལས་པ་མིན་པར་ཐལ། རྐྱེན་གཞན་དགོས་ན་དེ་ཡང་དབང་ཕྱུག་གིས་བྱས་པས་ཆོག་པས་དབང་ཕྱུག་ངེས་བྱས་པ་མིན་པའི་རྐྱེན་གཞན་


JLD016_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡོད་པ་མིན་པས་སོ། །གལ་ཏེ་དབང་ཕྱུག་ཡོད་ཀྱང་འབྲས་བུ་མི་བསྐྱེད་པར་རྐྱེན་གཞན་ལ་བལྟོས་ན། རྐྱེན་གཞན་ཚོགས་པ་ཉིད་རྒྱུ་ཡིན་གྱི་དབང་ཕྱུག་མིན་ཏེ། རྐྱེན་ཚོགས་ན་འབྲས་བུ་མི་སྐྱེ་བའི་དབང་མེད་པར་སྐྱེ་ལ། དེ་མེད་སྐྱེ་བ་མེད་ཕྱིར་རོ། །གལ་ཏེ་དབང་ཕྱུག་མི་འདོད་བཞིན་དུ་དམྱལ་བའི་སྡུག་བསྔལ་སོགས་ལས་ཀྱིས་བྱེད་ན་སྡུག་བསྔལ་དེ་གཞན་གྱིས་བྱས་པས་དབང་ཕྱུག་གཞན་དབང་ཅན་དུ་ཐལ་ལོ། །སྡུག་བསྔལ་དེ་དབང་ཕྱུག་གི་འདོད་པས་བྱེད་ནའང་འདོད་པ་ཙམ་ལ་རག་ལས་པར་འགྱུར་ལ། དེ་ལྟ་ནའང་སྡུག་བསྔལ་བྱེད་ན་དབང་ཕྱུག་དེ་དམ་པ་ག་ལ་ཡིན་ཏེ་དམ་པ་མན་ནོ། །གང་དག་རྒྱུན་རྟག་པ་ཐམས་ཅད་ཀྱི་རྩོམ་བྱེད་དུ་སྨྲ་བ་དེ་དག་ཀྱང་ནི་སྔར་མཁའ་བཞིན་དེས་ན་རྡུལ་ཡང་མེད་ཅེས་སོགས་སུ་བཟློག་ཟིན་ཏོ། །གྲངས་ཅན་ནི་གཙོ་བོ་རྟག་པ་འགྲོ་བའི་རྒྱུར་འདོད་ལ། དེ་ཡང་རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པ་གཙོ་བ་དང༌། མི་མཉམ་པའི་སྐབས་ལ་འགྲོ་བ་སྟེ་རྣམ་འགྱུར་ཡིན་པར་བརྗོད་དོ། །དེ་འགོག་པ་ནི། གཅིག་ལ་ཞེས་སོགས་ཏེ། གཟུགས་སོགས་གཅིག་ལའང་རང་བཞིན་གསུམ་ཡིན་པ་ཉིད་ནི་རིགས་པ་མིན་ཏེ། གཅིག་མིན་པ་མི་སྲིད་དགོས་པའི་ཕྱིར་རོ། །གཅིག་མི་སྲིད་ན་དུ་མའང་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡོན་ཏན་ཡང་ཡིན་པ་མེད་དེ། དེ་རེ་རེ་ཡང་སོ་སོ་ཡོན་ཏན་


JLD016_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསུམ་ཡོད་པའི་ཕྱིར་རོ། །ཡོན་ཏན་མེད་ན་གཟུགས་སྒྲ་སོགས་ཀྱང་ཡོད་པ་ཉིད་རྒྱང་རིང་དུ་འགྱུར་ཏེ། དེ་དག་ཀྱང་གཙོ་བོའི་རྣམ་འགྱུར་དུ་འདོད་པས་སོ། །གོས་ལ་སོགས་པ་ཆོས་ཅན། བདེ་སོགས་མྱོང་བ་སྲིད་པ་མིན་ཏེ། སེམས་མེད་པའི་ཕྱིར་རོ། །གཟུགས་སོགས་རྣམ་འགྱུར་གྱི་དངོས་པོ་རྣམས་བདེ་བ་དེའི་རྒྱུའི་རང་བཞིན་དུ་བདེན་ན། དེ་ནི་དངོས་པོ་བདེན་པ་མེད་པ་རྣམ་པར་དཔྱད་མ་ཟིན་ནམ་སྟེ་ཟིན་ནོ། །ཁྱོད་ཀྱི་ལྟར་ན་རྣམ་སོགས་ཀྱི་རྒྱུ་ཡང་བདེ་བ་སོགས་ཉིད་དུ་འགྱུར་ན། དེ་མི་འཐད་དེ། དེ་ལས་རྣམ་སོགས་འབྱུང་བ་མེད་པས་སོ། །རྣམ་སོགས་ལས་བདེ་སོགས་སྐྱེ་བ་ཡིན་ན་ཕྱིས་རྣམ་སོགས་དེ་མེད་པའི་ཕྱིར་ན་བདེ་སོགས་ཉིད་མེད་པར་འགྱུར་ཏེ། རྒྱུ་མེད་ན་འབྲས་བུ་མེད་པས་སོ། །བདེ་སོགས་རྟག་པར་ཡང་ཡོད་པ་མིན་ཏེ། དེར་མ་དམིགས་པས་སོ། །བདེ་སོགས་ཅི་ཕྱིར་འཛིན་མ་ཡིན་ཏེ་འཛིན་པར་ཐལ། གསལ་བར་ཡོད་པའི་མྱོང་བ་ཡིན་པའི་ཕྱིར། དེ་ཡོད་ཀྱང་མི་འཛིན་པ་ནི་དེ་ཉིད་བདེ་བ་ཕྲ་མོར་འགྱུར་བས་སོ་ཞེ་ན། བདེ་བ་དེ་ཕྲ་བ་ཇི་ལྟར་ཡིན་ཏེ་མིན་པར་ཐལ། རགས་པ་ཡིན་པའི་ཕྱིར། རགས་པ་དོར་ནས་ཕྲ་གྱུར་ན་དེ་མི་རྟག་པར་ཐལ། ཕྲ་རགས་དེ་གཉིས་གཅིག་དོར་ནས་གཅིག་ཏུ་འགྱུར་བས་སོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་མི་རྟག་པ་ཉིད་དུ་ཅིས་མི་འདོད་དེ་འདོད་


JLD016_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སོ། །རགས་པ་དེ་བདེ་བ་ལས་ཐ་དད་དམ་ཐ་མི་དད། དང་པོ་ལྟར་ན། དེ་ལོག་ཀྱང་བདེ་བ་མྱོང་བར་འགྱུར་ཏེ། སྣམ་བུ་ལོག་ཀྱང་བུམ་པ་ཡོད་པ་བཞིན་ནོ། །ཐ་མི་དད་ན་དེ་བདེ་བ་ཉིད་དུ་འགྱུར་ལ། དེ་ལྟར་ན་བདེ་བ་གསལ་བར་མི་རྟག་པར་འགྱུར་ཏེ། རགས་པ་འགགས་ན་བདེ་བ་ཡང་འགགས་པས་སོ། །གལ་ཏེ་སྐྱེ་ན་རྒྱུ་དུས་ནི་ཡོད་དགོས་པས་རྒྱུ་དུས་ན་མེད་པ་འགའ་ཡང་རྒྱུས་བསྐྱེད་པ་མིན་ཏེ། རྒྱུའི་དུས་ན་མེད་པའི་ཕྱིར་ཞེས་འདོད་ན་རང་བཞིན་ལ་བལྟོས་པའི་སྔར་མེད་གསར་སྐྱེ་མེད་པ་བཞིན་དུ་གསལ་བ་སྟེ་རྣམ་འགྱུར་ལ་བལྟོས་པའི་སྔར་མེད་གསར་སྐྱེ་ཁྱོད་མེད་པར་མི་འདོད་ཀྱང་སྐྱོན་དེ་གནས་ཏེ། དེ་གཉིས་མཚུངས་པས་སོ། །གལ་ཏེ་རྒྱུ་དུས་ན་འབྲས་བུ་གནས་ན་ཟན་ཟ་བ་མི་གཙང་བ་ཟ་བར་འགྱུར་ཞིང༌། རས་གོས་ཀྱི་རིན་གྱིས་རས་ཀྱིས་བོན་ཉོས་ཏེ་འཇིག་རྟེན་པ་རྣམས་ཀྱིས་བགོ་བར་རིགས་སོ། །འཇིག་རྟེན་རྨོངས་པས་རྒྱུ་དུས་ན་འབྲས་བུ་ཡོད་པར་མ་མཐོང་བ་ཡིན་ན། གྲངས་ཅན་རྒྱུ་དུས་ན་འབྲས་བུ་ཡོད་པའི་དེ་ཉིད་ཤེས་ཀྱི་བཞག་པ་དེ་ཉིད་མཐོང་བས་ཁྱོད་ཀྱིས་ཟན་ཟ་བ་མི་གཙང་བ་སོགས་སུ་འགྱུར་རོ། །འཇིག་རྟེན་པ་ལའང་རྒྱུའི་དུས་ན་འབྲས་བུ་ཡོད་པར་ཅི་སྟེ་མཐོང་མ་ཡིན་ཏེ་མཐོང་སྟེ། རྒྱུ་དུས་ན་འབྲས་བུ་ཡོད་པ་གྲངས་ཅན་


JLD016_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཞག་པ་སྟེ་ཤེས་པས་སོ། །འཇིག་རྟེན་གྱིས་མཐོང་ཡང་དེ་ཚད་མ་མིན་ན། གསལ་བ་སྟེ་རྣམ་འགྱུར་མཐོང་བའང་བདེན་པ་མིན་པར་ཐལ། དེ་ཡང་འཇིག་རྟེན་གྱིས་མཐོང་བས་སོ། །གལ་ཏེ་ཚད་མ་དོན་དམ་པར་ཚད་མ་མིན་ན་དེས་གཞལ་བྱ་གཞལ་བར་བཞག་མི་ནུས་པས་དེས་གཞལ་བྱ་གཞལ་བའང་རྫུན་པར་འགྱུར་བར་ཐལ། རྒྱུ་མཚན་དེ་ཉིད་དུ་ན་སྟོང་ཉིད་ཇི་ལྟ་བ་བཞིན་དུ་སྒོམ་པ་མི་འཐད་པར་འགྱུར་ཏེ། སྟོང་ཉིད་རྟོགས་པ་རྫུན་པ་དེའི་ཕྱིར་རོ། །ཆོས་ཅན་རྫུན་པའི་དངོས་པོ་རང་བཞིན་མེད་པར་གྲུབ་པའི་ཕྱིར། དེ་ལ་བརྟེན་པའི་དངོས་པོ་སྟེ་བདེན་མེད་དེ་ཡང་གསལ་བར་རྫུན་པ་སྟེ་རང་བཞིན་མེད་པར་གྲུབ་པར་ཐལ་ལོ། །ཁྱབ་སྟེ། དགག་བྱ་བཏགས་པའི་དངོས་པོ་ལ་མ་རེག་པ་སྟེ་མ་བཟུང་བར་དེའི་དངོས་མེད་དེ་སྟོང་ཉིད་བདེན་པར་མི་འཛིན་པས་སོ། །དེས་ན་སྟོང་ཉིད་རྟོགས་པའི་ཡུལ་ཡུལ་ཅན་དང་བདེན་འཛིན་དག་རང་བཞིན་མེད་པར་མཚུངས་ཀྱང་སྤང་གཉེན་དུ་འཐད་པ་ནི། རྨི་ལམ་གྱི་བུ་ཤི་བ་དེ་མེད་པར་འཛིན་པའི་རྣམ་རྟོག་རྫུན་པ་ཡིན་ཡང་དེའི་དྲན་པ་ཡོད་པ་དེ་སྲིད་དུ་རྨི་ལམ་གྱི་བུ་ཤི་བ་ཡོད་པར་འཛིན་པའི་རྟོག་པ་སྐྱེ་བའི་གེགས་བྱེད་པ་བཞིན་ནོ། །རྒྱུ་མེད་བཀག་པའི་དོན་བསྡུ་བ་ནི་དེ་བས་ཞེས་སོགས་རྐང་པ་གཉིས་སོ། །བདག་ལས་མ་ཡིན་གཞན་ལས་མིན། ཞེས་


JLD016_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གསུངས་པའི་རྒྱུ་མེད་དུ་སྨྲ་བ་བཀག་ནས་རང་དང་གཞན་ལས་སྐྱེ་བ་འགོག་པ་ནི་སོ་སོ་བའམ་ཞེས་སོགས་ཏེ་སོ་སོ་བའམ་འདུས་པའི་རྐྱེན་རང་ལས་མི་སྐྱེ་བ་ནི། དབུ་མ་འཇུག་པར་སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཉིད། ཅེས་སོགས་ལས་ཤེས་པར་བྱའོ། །གཞན་ལས་མི་སྐྱེ་བར་ནི། དེ་ཉིད་ལས། གལ་ཏེ་གཞན་ལ་བརྟེན་ནས་གཞན་ཞིག་སྐྱེ་བར་འགྱུར་ན་ནི། ཞེས་སོགས་ལས་ཤེས་པར་བྱའོ། །དུས་གསུམ་བདེན་པར་འདོད་པ་འགོག་པ་ནི། གཞན་ལས་ཞེས་སོགས་ཏེ། ཡུལ་དུས་གཞན་ནས་འོང་བ་དང༌། གནས་པ་དང༌། ད་ལྟར་བ་འདས་འགྲོ་བ་བདེན་པར་མེད་པའོ། །གང་ཞིག་གང་དང་ཉེ་བ་སོགས་ནི་འདུས་བྱས་རྣམས་རྒྱུ་ཡོད་ན་འབྱུང་གི །མེད་ན་མི་སྐྱེ་བའོ། །དཔེར་ན། གཟུགས་བརྙན་དང་མཚུངས་ཞེས་དང༌། དེ་འདྲ་བའི་བཅོས་བུ་དེ་ལ་བདེན་ཉིད་ཇི་ལྟར་ཡིན་ཏེ། བཅོས་པ་ནི། གཞན་ལ་རག་ལས་པ་ཡིན་པས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་སྐྱེ་བ་བདེན་པ་འགོག་པ་ནི། དངོས་པོ་ཡོད་པར་འགྱུར་བ་ལ་ཞེས་སོགས་ཏེ། རྩ་ཤེ་ལས། རྐྱེན་རྣམས་སོ་སོ་འདུས་པ་ལ། ཞེས་སོགས་ལྟར་ཤེས་པར་བྱའོ། །དངོས་པོ་མེད་པ་བསྒྱུར་དུ་མེད་པ་ནི། མེད་པ་རང་བཞིན་


JLD016_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་པའོ། །གནས་སྐབས་དོར་བའི་རང་བཞིན་དེ་དངོས་པོ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། རྒྱུའི་དུས་ན་མེད་པར་ངོ་བོས་གྲུབ་པས་སོ། །སྔར་མེད་གསར་དུ་དངོས་པོར་མི་འགྱུར་ན་དངོས་པོར་འགྱུར་བ་གཞན་གང་ཞིག་ཡིན་ཏེ་མེད་དེ། རྒྱུ་དུས་ན་ཡོད་པ་སྐྱེ་བ་མི་དམིགས་པས་སོ། །རྒྱུ་དུས་ན་མེད་པའི་ཚེ་དངོས་པོར་མི་འགྱུར་ན་དངོས་པོ་ཡོད་པར་ནམ་ཞིག་འགྱུར་ཏེ་མི་འགྱུར་རོ། །དེ་ལྟར་དངོས་པོ་མ་སྐྱེས་ན་དགོས་མེད་དེ་ངོ་བོ་སྔར་མེད་པ་དང་མི་འབྲལ་ལ། དེ་དང་མ་བྲལ་ན་དངོས་པོ་ཡོད་པའི་སྐབས་མི་སྲིད་དོ། །འགག་པ་བདེན་གྲུབ་འགོག་པ་ནི། དངོས་པོ་ཞེས་སོགས་ཏེ། གོ་བར་ཟད་དོ། །དེ་ཁོ་ན་ཉིད་མ་ཤེས་པའི་ཉེས་དམིགས་ནི་བདག་ཉིད་ཅེས་སོགས་ཏེ། ལྷག་མ་རྣམས་གོ་སླའོ། །དེ་ལྟར་ཤེས་རབ་ལེའུའི་དོན་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས་རྒྱ་ཆེར་གསུངས་པའི་ཚིག་དོན་རགས་པ་བློ་ལ་ངེས་པ་རྣམས་ཚེ་རབས་གཞན་དུའང་མི་བརྗེད་པར་བྱ་བའི་ཕྱིར་བརྗེད་བྱང་དུ་བྲིས་པ་འདིས་ཚེ་རབས་ཐམས་ཅད་དུ་རང་བཞིན་གྱི་རྒྱུད་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒལཾ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་


JLD016_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousསྤྱོད་འཇུག་ཤེས་རབ་ལེའུའི་ཊཱིཀྐི་བློ་གསལ་བ། next