Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  expand section
   
   
   
   
ཚད་མའི་ལམ་བསྒྲིགས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པ།
   
   
   


 
previousཚད་མའི་ལམ་བསྒྲིགས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པ། next

ཚད་མའི་ལམ་བསྒྲིགས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པ།


JLD016_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མའི་ལམ་བསྒྲིགས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པ་བཞུགས་སོ། །


JLD016_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་རིགས་པའི་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་འབེབས་པར་བྱེད་པ་ལ། །ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་བརྩམས་པའི་དགོས་པ། །དགོས་པ་དེ་བསྟན་བཅོས་ལ་རག་ལས་ཚུལ། །དགོས་པ་དེ་ལྡན་གྱི་བསྟན་བཅོས་ལ་གཅེས་པར་བཟུང་བ། །བསྟན་བཅོས་དེའི་བརྗོད་བྱའི་ལུས་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། །དགོས་པ་ལ་ལོག་རྟོག་དགག་པ་དང་། །ཡང་དག་པའི་དགོས་པ་བསྟན་པའོ། །དང་པོ་ལ་གསུམ། །གྲོལ་བ་དོན་གཉིར་ལ་ལྟོས་ཏེ་དགོས་མེད་ཀྱི་ལོག་རྟོག་དགག །ཡུལ་གྱི་ཁྱད་པར་ལ་ལྟོས་ཏེ་དགོས་མེད་ཀྱི་ལོག་རྟོག་དགག །དགོས་པ་ཡོད་ཀྱང་དམན་པར་འདོད་པ་དགག་པའོ། །དང་པོ་ལ་གཉིས། །རྟོག་གེའི་བསྟན་བཅོས་


JLD016_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཤད་པ་ལ་འཁྲུལ་པའི་ལོག་རྟོག་དགག །ནང་རིག་པའི་བསྟན་བཅོས་ལས་ལོགས་སུ་བཤད་པ་ལ་འཁྲུལ་བའི་ལོག་རྟོག་དགག་པའོ། །དང་པོ་ནི། ཁ་ཅིག་ན་རེ་ཚད་མའི་བསྟན་བཅོས་འདི་དག་ནི་ཕྱིའི་སྤྲོས་པ་ཙམ་གཅོད་པའི་རྟོག་གི་ཙམ་ཡིན་པས་གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་བ་མེད་དོ་སྙམ་པའི་ནི་ལོག་རྟོག་ཆེན་པོ་ཡིན་ནོ། །དེ་ལ་རྟོག་གེ་ལ་གཉིས་ཏེ། །ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཀྱི་འཁོར་བ་ལས་གྲོལ་བར་བྱེད་པའི་ལམ་སྟོན་པར་བྱེད་པའི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པ་རྣམས་ཀྱིས་དངོས་པོའི་དེ་ཁོ་ན་ཉིད་ཁོང་དུ་མཆུད་པར་རྟོག་པས་བཏགས་པ་ཙམ་གྱིས་གྲོལ་ལམ་རྣམ་པར་བཞག་པ་ལ་རྟོག་གེར་བྱས་པ་དང་། ཡང་མདོ་སྡེའི་རྒྱན་དུ། རྟོག་གེ་བརྟེན་ཅིང་མ་ངེས་ལ། མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན།


JLD016_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པ་ལ་ནི་བརྟེན་པར་འདོད། །ཅེས་དེ་ཁོ་ན་ཉིད་སྒྲ་དང་རྟགས་ལ་བརྟེན་ནས་རྟོགས་པ་དང་། །རྟོགས་སུ་ཟིན་ཀྱང་གཞན་དུ་འགྱུར་བས་མ་ངེས་པ་དང་། །ཇི་ལྟ་བ་དང་ཇི་སྙེད་པ་མཐའ་དག་ལ་བློ་མི་འཇུག་པས་མ་ཁྱབ་པ་དང་། དེ་ཁོ་ན་ཉིད་མངོན་དུ་མགྱུར་པར་རགས་པ་ཙམ་ཡུལ་དུ་བྱེད་པས་ཀུན་རྫོབ་པའི་ཡུལ་ཅན་དང་། སྤོབས་པ་གཏུགས་པར་འགྱུར་པས་སྐྱོ་བ་ཅན་ཏེ་མཚན་ཉིད་ལྔ་དང་ལྡན་པ་དེ་ཁོ་ན་ཉིད་རྟོག་དཔྱོད་ཙམ་གྱིས་ཡུལ་དུ་བྱེད་པ་ལ་རྟོག་གེར་བཞག་པ་གཉིས་ལས། དང་པོ་ཡིན་པའི་ཕྱིར་གྲོལ་བ་དོན་གཉེན་ལ་ཉེ་བར་མཁོ་བ་མེད་དོ་ཞེས་ཟེར་ན། རྟགས་མ་གྲུབ་པ་ཡིན་ཏེ། སྟོན་པ་བཅོམ་ལྡན་འདས་ཀྱིས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པར་མ་ལུས་པ་མངོན་སུམ་དུ་ཐུགས་སུ་ཆུང་ནས་བསྟན་པའི་གསུང་རབ་ཀྱི་དེ་ཁོ་ན་ཉིད་ཕྱིན་མ་ལོག་པར་རིགས་པའི་བསྟན་བཅོས་འདིར་གཏན་ལ་འབེབས་པ་ཡིན་པའི་ཕྱིར་རོ། ཕྱི་མ་ཡིན་པའི་ཕྱིར་གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་བ་མེད་དོ་ཞེས་ཟེར་ན། ཁྱབ་པ་མ་གྲུབ་པ་ཡིན་ཏེ། དེ་ལྟར་ན་སྦྱོར་ལམ་ཆོས་མཆོག་ལ་སོགས་པ་རྣམས་ཀྱང་དེ་ཁོ་ན་ཉིད་རྟོག་དཔྱོད་ཙམ་གྱིས་ཡུལ་དུ་བྱེད་དགོས་པའི་ཕྱིར། གྲོལ་བ་དོན་གཉེར་ལ་ཉེར་མཁོ་མེད་པར་འགྱུར་ལ། དེ་ལྟར་ན་མཐོང་ལམ་ཡན་ཆད་རྒྱུ་མེད་དུ་སྐྱེ་བར་འགྱུར་བ་དང་། དེ་ལྟར་དམ་བཅའ་བའི་བློ་ཡང་གྲོལ་བ་དོན་གཉེར་ལ་མི་མཁོ་བར་འགྱུར་ཏེ། རྟོག་དཔྱོད་ཙམ་ཡིན་པའི་ཕྱིར་རོ། གཉིས་པ་ནི། ཁ་ཅིག་ན་རེ། སྡེ་བདུན་པོ་འདི་དག་ནི་གཏན་ཚིགས་རིག་པ་ཡིན་གྱི་ནང་རིག་པ་མིན་པས་གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་བ་མེད་དོ་ཞེས་ཟེར་


JLD016_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་ཐར་ལམ་གྱི་རྩ་བ་གཅོད་པར་བྱེད་པ་ཡིན་ཏེ། གཏན་ཚིགས་རིག་པ་ནི། རང་ཕྱོགས་སྒྲུབ་པར་བྱེད་པའི་སྒྲུབ་བྱེད་འདོད་ལུགས་སོགས་དང་། གཞན་ཕྱོགས་སུན་འབྱིན་ཚུལ་སོགས་བརྡ་སྤྲོད་པ་དང་ཐུན་མོང་བ་ལ་གྲགས་པ་རྣམས་ཀྱང་ཡིན་མོད། ནང་རིག་ནི་ནང་གི་སེམས་རྒྱུད་འདིའི་སྟེང་གི་མི་འདོད་པའི་ཕྱོགས་ཀྱི་རྒྱུ་འབྲས་བུ་དང་བཅས་པ་དང་། དེ་འགོག་པར་བྱེད་པའི་རྒྱུ་འབྲས་བུ་དང་བཅས་པ་སྡེ་སྣོད་དམ། བསྟན་བཅོས་གང་གིས་རིག་པར་བྱེད་པ་རྣམས་ཡིན་ལ་དེ་ལ་འདིར་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་གཏན་ལ་འབེབས་པར་བྱེད་པས་མངོན་པའི་བསྟན་བཅོས་ཡིན་ཞིང་། རང་གི་ཕྱོགས་སྒྲུབ་པར་བྱེད་པ་ཡང་། མི་རྟག་བདག་མེད་སོགས་གཏན་ཚིགས་ཡང་དག་གི་སྒོ་ནས་གཏན་ལ་འབེབས་པར་བྱེད་པས་ན་ནང་རིག་དང་གཏན་ཚིགས་རིགས་པ་ལ་འགལ་བ་ག་ལ་ཡོད། དེས་ན་ནང་རིག་ཁོ་ན་ཡིན་པ་འདུལ་བ་མདོ་རྩ་བ་ལྟ་བུ། གཉིས་ཀ་ཡིན་པ་སྡེ་བདུན་ལྟ་བུ། གཏན་ཚིགས་རིག་པ་རྐྱང་བ་ཡིན་པ་བརྡ་སྤྲོད་ལ་གྲགས་པའི་ཕྱིར་རྒོལ་གྱི་རྩོད་ཚུལ་ཙམ་སྟོན་པ་རྣམས་སོ། གཉིས་པ་ཡུལ་གྱི་ཁྱད་པར་ལ་ལྟོས་ཏེ་ལོག་རྟོག་དགག་པ་ནི། ཁ་ཅིག་ན་རེ། ཕྱི་རོལ་པ་ཡོད་པའི་ཡུལ་དུ་བསྟན་པ་ལ་ལོག་པར་རྟོག་པ་ཚར་གཅོད་དགོས་པས། ཚད་མའི་བསྟན་བཅོས་ཉེ་བར་མཁོ་བ་ཡིན་གྱི། བོད་ལྟ་བུ་ལ་དེ་ལྟ་བུའི་བསྟན་བཅོས་དགོས་པ་མེད་དོ་ཞེས་ཟེར་བ་ནི་མི་རིགས་ཏེ། དེ་ཡང་ཕྱི་རོལ་པ་རྣམས་ཀྱིས་ཕུང་པོ་ལ་བདག་ཏུ་ཡོད་ལ་སྒྲོ་བཏགས་ནས་གྲོལ་བ་དོན་དུ་གཉེར་བ་རྣམས་ལ་སླུ་བ་མེད་ན་བསྟན་པ་བསྲུང་བའི་ཕྱིར་ཡང་དགོས་པ་མེད་པར་འགྱུར་ལ། འདིར་ཡང་སེམས་ཅན་


JLD016_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྒྱུད་ལ་ཕུང་པོ་གཙང་བདེ་རྟག་བདག་ཏུ་སྒྲོ་འདོགས་པའི་འཁོར་བར་འཆིང་བྱེད་ཡོད་ན་ཚད་མའི་བསྟན་བཅོས་ཤིན་ཏུ་དགོས་པ་དང་བཅས་པར་འགྱུར་ཏེ། དེ་དག་གི་ཞེ་ན་ཡུལ་རིགས་པས་ལེགས་པར་སུན་ཕྱུང་ནས། ཐར་པ་བླ་ན་མེད་པའི་ལམ་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པར་བྱེད་པ་ཡིན་པས། གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་བའི་འཇུག་དོགས་དམ་པར་འགྱུར་རོ། གསུམ་པ་དགོས་པ་ཡོད་ཀྱང་དམན་པར་འདོད་པ་དགག་པ་ནི། ཁ་ཅིག་ན་རེ། དགོས་པ་མེད་པ་མིན་ཏེ། འགལ་འབྲེལ་ཆོས་ནས་ལམ་གཞན་ལ་དམིགས་ཕྱེད་པའི་གྲོགས་ཙམ་དུ་འགྱུར་བས། ཚྭ་དང་འདྲ་བ་ཡིན་ནོ་ཞེས་ཟེར་བ་ཡང་མི་རིགས་ཏེ། འདིར་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པར་བྱེད་པ་ཡིན་པས། གང་གཏན་ལ་དབབ་པར་བྱ་བའི་གཞི་འདི་ལས་མཆོག་ཏུ་གྱུར་པ་གཞན་ཞིག་ཡོད་པ་ཡང་བསྟན་དགོས་སོ། གཉིས་པ་ཡང་དག་པའི་དགོས་པ་བསྟན་པ་ནི། ཐུབ་པ་ཉག་གཅིག་གྲོལ་བ་དོན་གཉེར་ལ་སླུ་མེད་ཀྱི་ཚད་མའི་སྐྱེས་བུར་བསྒྲུབ་པར་བྱ་བའི་ཕྱིར་དུ་ཡིན་ལ། དེ་ཡང་སྟོན་པ་དེའི་བསྟན་པ་སྐྱོན་མེད་པར་བསྒྲུབས་པའི་སྒོ་ནས་སྒྲུབ་པར་བྱེད་པ་ཡིན་ནོ། བསྟན་པ་ལ་ལུང་གི་བསྟན་པ་ནི། འབྲེལ་བ་དང་ནི་རྗེས་མཐུན་ཐབས། སྐྱེས་བུའི་དོན་ནི་རྗོད་བྱེད་དག ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། དེ་ལས་གཞན་པའི་དབང་བྱས་མིན། ཞེས་འཆད་པ་ལྟར། གྲོལ་བ་དོན་གཏེར་གྱི་འདོད་བྱའི་དོན་དང་། དགོས་པ་དེ་བསྒྲུབ་ནུས་པའི་རྗེས་མཐུན་གྱི་ཐབས་དམ་པ་དང་། དེ་ཡང་འབྲེལ་ཆགས་སུ་སྟོན་པར་བྱེད་པའི་ངག་ཁྱད་པར་གསུམ་ལྡན་ཚད་མའི་སྒོ་ནས་དཔྱད་པ་གསུམ་གྱིས་ཡོངས་སུ་དག་


JLD016_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་ཡིན་ལ། དེའོ་དོན་བརྗོད་པར་བྱ་བའི་དོན་ཡང་། གནས་སྐབས་ཀྱི་འདོད་བྱ་མངོན་མཐོ་དང་། མཐར་ཐུག་གི་ཐོབ་བྱ་ངེས་ལེགས་ཐབས་དང་བཅས་པ་རྣམས་སུ་འདུས་ཤིང་། དེ་ཡང་སྐྱེ་བའི་རིམ་པ་ལ་དང་པོར་མངོན་མཐོ་འབྱུང་ཡང་། ཚད་མས་འགྲུབ་པའི་རིམ་པ་ལ། དང་པོར་ངེས་ལེགས་བསྒྲུབས་ནས། དེའི་རྗེས་སུ་མངོན་མཐོ་སྒྲུབ་དགོས་པ་ཡིན་ཏེ། གཙོ་བོའི་དོན་ལ་མི་སླུའི་ཕྱིར། གཞན་ལའང་རྗེས་སུ་དགག་པ་ཡིན། ཞེས་འཆད་པ་ལྟར་རོ། དེ་ལ་སྤྱིར་རིགས་པའི་བསྟན་བཅོས་ཀྱི་དགོས་པ་ནི། མངོན་པར་འདོད་པའི་དོན་དམ་བཅར་བྱས་ནས། ཐ་སྙད་པའི་ཚད་མས་བསྙོན་མི་ནུས་པ་རྣམས་ལ་ཐུགས་གི་བར་ལེགས་པར་སྒྲུབ་པའི་ཚུལ་འཆད་པ་ཡིན་ནོ། འདིར་ཡང་ཚུ་རོལ་མཐོང་བ་རྣམས་ལ། ལྐོག་ཏུ་གྱུར་པའི་ངེས་ལེགས་དང་། ཤིང་ཏུ་ལྐོག་ཏུ་གྱུར་པའི་མངོན་མཐོ་བསྒྲུབ་པར་བྱས་ནས། དེའི་སྒྲུབ་བྱེད་པར་མ་ཆད་པའི་ཕྱིར་ལྷན་སྐྱེས་ཀྱི་ཚད་མ་ལ་མཐར་ཐུག་པར་སྒྲུབ་པར་བྱེད་པ་ཡིན་ནོ། མདོར་ན་སྟོན་པ་དང་། དེའི་བསྟན་པ་དང་། དེ་བསྒྲུབ་པའི་གྲོགས་དགེ་འདུན་དཀོན་མཆོག་གསུམ་ལ་མཐའ་གཞན་དུ་སྲིང་པའི་དོགས་པ་བཅད་ནས། ཚད་མའི་སྒོ་ནས་སྐྱབས་གནས་ལ་ངེས་པ་བརྟན་པོ་སྐྱེད་པ་བྱེད་པ་ཡིན་ནོ། འདི་ལས་གཞན་དུ་འཆད་ན། སྒུ་བའི་རྡོག་པོ་ལ་རྐང་བའི་རྟེན་འཆའ་བ་ཡིན་ནོ། གཉིས་པ་དགོས་པ་དེ་བསྟན་བཅོས་ལ་རག་ལས་པའི་ཚུལ་ནི། དེས་ན་སྔར་བཤད་པའི་མངོན་མཐོ་ངེས་ལེགས་ནི་རྟགས་ཡང་དག་གི་སྒོ་ནས་སྒྲུབ་དགོས་ཤིང་། དེ་ཡང་རྟགས་ཀྱི་ཚུལ་མཐར་ཐུག་པ་མངོན་སུམ་གྱིས་སྒྲུབ་དགོས་ལ། དེ་ལྟ་བུ་དེ་བར་མ་ཆད་པར་རིགས་པ་ཡང་དག་གི་སྒོ་ནས། རྟོག་ལྡན་འཇུག་


JLD016_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡན་ལག་ཏུ་འགྱུར་བ་ནི། རིགས་པའི་བསྟན་བཅོས་འདི་ལྟ་བུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་ནོ། གསུམ་པ་དགོས་པ་དེ་ལྡན་གྱི་བསྟན་བཅོས་ལ་གཅེས་པར་བཟུང་བ་ནི། འཁོར་བ་ལས་ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་ནི། འཁོར་བའི་རྩ་བ་གཅོད་བྱེད་ཕྱིན་ཅི་མ་ལོག་པ་སྟོན་པའི་བསྟན་བཅོས་འདི་ལྟ་བུ་ལ་ཐོས་པ་དང་བསམ་པས་གཅེས་སྤྲས་སུ་བཟུང་བར་རིགས་སོ། བཞི་པ་བསྟན་བཅོས་ཀྱི་བརྗོད་བྱའི་ལུག་གཏན་ལ་དབབ་པ་ལ། སྤྱིར་བཤད་པ་དང་། སོ་སོར་བཤད་པ་གཉིས་ལས་དང་པོ་ནི། རིགས་པའི་སྒོར། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། ཞེས་བཤད་པ་ལྟར། སྤྱིར་བསྟན་བཅོས་ཕལ་མོ་ཆེ་རང་ཉིད་ཀྱིས་གཞལ་བྱ་ངེས་པའི་ཐབས་དང་། གཞན་ལ་རྟོགས་པ་བསྐྱེད་པའི་ཐབས་གཉིས་ཀྱི་སྒོ་ནས་འཆད་ཅིང་། དེ་བཞིན་དུ་འདིར་ཡང་རྟོག་གེའི་ཡུལ་ཡོངས་སུ་རྫོགས་པ་དེ་ཡང་གཉིས་སུ་འདུས་ཏེ། ཚིག་དོན་བརྒྱད་ཀྱི་མངོན་རྗེས་ཡང་དག་ལྟར་སྣང་བཞི་བོ་རང་ཉིད་ཀྱིས་གཞལ་བྱ་ངེས་པའི་ཐབས་སུ་འདུས་ལ། སྒྲུབ་པ་དང་སུམ་འབྱིན་ཡང་དག་ལྟར་སྣང་བཞི་པོ་གཞན་ལ་རྟོགས་པ་བསྐྱེད་པའི་ཐབས་སུ་འདུས་སོ། དེས་ན་ལེའུ་ཡང་གསུམ་དུ་འདུས་ཏེ། མངོན་སུམ་དང་། རང་དོན་དང་། གཞན་དོན་ནོ། ཀུན་འདུས་ལ་ལེའུ་དྲུག་ཡོད་པ་དང་རྣམ་འགྲེལ་ལ་ལེའུ་བཞི་ཡོད་པ་ལ་འགལ་བར་མི་བསམ་སྟེ། དཔེ་བརྟག་པ་དང་སེལ་བ་བརྟག་པ་གཉིས་རང་དོན་ལེའུར་འདུས་ཤིང་། ལྟག་ཆོད་བརྟག་པ་གཞན་དོན་དུ་འདུས་ལ།


JLD016_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྲེལ་ལེའུ་གཉིས་པ་དོན་དམ་པའི་ཚད་མ་རྣལ་འབྱོར་མངོན་སུམ་བྱེ་བྲག་ཏུ་གཏད་ན་ལ་འབེབས་པ་ཡིན་པས་མངོན་སུམ་དུ་འདུའོ། དེ་ཡང་ཤེས་བྱའི་གནས་ཚོལ་བ་ན་དང་པོར་གཏན་ལ་འབེབས་བྱེད་ཀྱི་ཚད་མ་ཡོངས་སུ་དག་པ་ལ་རག་ལས་ལ། དེས་ངེས་པར་བྱ་བའི་སྐྱེས་བུའི་དོན་གྱི་གཙོ་བོ་ཡང་དངོས་སུ་རྗེས་དཔག་གིས་ངེས་ཤིང་། དེ་ཡང་མངོན་སུམ་ལ་རག་ལས་པས་མངོན་རྗེས་ལྟར་སྣང་གི་རྗེས་སུ་འབྲངས་ན་སྐྱེས་བུ་སླུ་བར་འགྱུར་པས། དེ་ལྟ་བུའི་གོལ་ས་ལེགས་པར་བཅད་ནས་སྐྱེས་བུ་མི་སླུ་བའི་མཚན་ཉིད་ཡང་དག་ངེས་པར་བྱ་དགོས་སོ། ཚད་མ་གཏན་ལ་ཕག་པ་ཡང་ཕོངས་ནས་བྱེད་པ་མིན་གྱི་རྣམ་ངེས་ལས། ཕན་པ་དང་མི་ཕན་པ་ཐོག་པ་དང་སྤོང་བ་ནི་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ན་དེ་མི་མཁས་པ་རྣམས་ལ་བསྟན་པའི་དོན་དུ་འདི་བརྩམ་མོ། །ཞེས་བཤད་པ་ལྟར་གནས་སྐབས་དང་མཐར་ཐུག་གི་ཕན་པ་མཐའ་དག་སྒྲུབ་ཅིང་ཉོས་ཚོགས་མཐར་དག་ལྡོག་པའི་ཕྱིར་དུ་ཡིན་ལ། དེ་ཡང་ཉེས་ཚོགས་ཀྱི་རྩ་བ་འདིའི་ཞེན་ཡུལ་ཚད་མས་མེད་པར་ངེས་པ་དང་། ལེགས་ཚོགས་ཀྱི་རྩ་བ་ཡང་ཚང་མས་གྲུབ་པ་ལ་ངེས་པར་ལྟོས་དགོས་པ་ཡིན་ནོ། གཉིས་པ་ལ། རང་ཉིད་ཀྱིས་གཞལ་བྱ་ངེས་པའི་ཐབས་དང་། གཞན་ལ་རྟོགས་པ་བསྐྱེད་པའི་ཐབས་གཉིས་སོ། དང་པོ་ལ། ངེས་པར་བྱ་བའི་ཡུལ་ངོས་བཟུང་བ་དང་། དེ་ངེས་པར་བྱེད་པའི་ཐབས་གཉིས་སོ། དང་པོ་ནི། ཐུབ་པ་བཅོམ་ལྡན་འདས་གྲོལ་བདོན་གཉེར་ལ་མི་སླུ་བའི་ཚད་མར་སྣུབ་པར་བྱེད་པ་ཡིན་


JLD016_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ཡང་དེའི་བསྟན་པ་སྐྱོན་མེད་པར་བསྒྲུབས་པའི་སྒོ་ནས་ཤེས་པར་བྱེད་པ་ཡིན་ནོ། དེ་ལྟར་ཡང་ཀུན་བཏུས་སུ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། ཞེས་པའི་དོན་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པའི་སྒྲུབ་ཚུལ་གཉིས་སུ་རིག་པར་བྱའོ། དེ་ལ་ལུགས་འབྱུང་གིས་ནི། སྟོན་པ་ལམ་གང་ནས་གཤེགས་པའི་ལམ་དེ་ཉིད་སྟོན་པར་བྱེད་པ་ཡིན་ལ། དེ་ལྟར་གཤེགས་པ་ཅིང་ཤེས་སྙམ་ན། ལུགས་ལས་བཟློག་པའི་ཚུལ་གྱིས་དེ་ལྟར་བྱོན་པའི་ཤེས་བྱེད་སྟོན་པ་ཡིན་ནོ། དེ་ཡང་སྟོན་པ་ནི་གཤེགས་དང་སྐྱོབ་པ་སྟེ་དོན་གཉིས་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་ཡིན་ལ། དེ་ཡང་ཕྱི་རོལ་པས་འདོད་འ་ལྟར་རྟགས་པ་རང་བྱུང་གི་ཚད་མ་མ་ཡིན་གྱི་རྒྱུ་རྐྱེན་གྱིས་གསར་དུ་བསྒྲུབས་པ་ཡིན་པས་དེའི་གོ་འཕང་སྔར་མ་ཐོབ་པ་རྣམས་ཀྱིས་ཀྱང་ཐོག་པར་བྱར་ཡོད་དོ་ཞེས་ཤེས་པའི་ཕྱིར་དུ་ཚད་མར་འགྱུར་པ་ཞེས་སྨོས་སོ། དེའི་རྒྱུ་མཚན་དེ་ཡང་གང་ཡིན་ཞེ་ན། །བསམ་པ་ཕུན་སུམ་ཚོགས་པ་འགྲོ་བ་མཐའ་དག་ལ་ཕན་པར་བཞེད་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་བདག་མེད་རྟོགས་པའི་ཤེས་རབ་གཉིས་སོ། དེ་ལ་དང་པོ་སྟོན་པས་འགྲོ་བ་མཐའ་དག་སྡུག་བསྔལ་དང་ལྡན་པ་དང་། བདེ་བ་དང་བྲལ་བ་ཤས་མ་བཟོད་ནས་འགྲོ་བ་མཐའ་དག་སྒྲོལ་བརྡམ་བཅས་ཤིང་དེ་ཡང་ལས་དང་པོ་བའི་གནས་སྐབས་དེ་ལྟ་བུས་སྒྲུབ་མི་ནུས་པས་དེ་ནུས་པའི་གོ་འཕང་སྒྲུབ་དགོས་ལ། དེ་ཡང་རྒྱུ་མེད་ན་མི་འབྱུང་བས་བདག་མེད་རྟོགས་པའི་ཤེས་རབ་རག་ལས་པར་མཐོང་བ་ཡིན་ནོ།


JLD016_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བྱ་མི་གནས་པའི་མྱ་ངན་ལས་འདས་པ་དེ་ཡང་ལམ་གྱི་གནས་སྐབས་སུ་ཞི་བའི་མཐའ་འགོག་བྱེད་ཕན་བཞེད་པ་དང་། སྲིད་པའི་མཐའ་འགོག་བྱེད་བདག་མེད་རྟོགས་པའི་ཤེས་རབ་གཉིས་གོམས་པ་ལ་རག་ལས་པ་ཡིན་ནོ། འདིར་གང་ཟག་གི་བདག་མེད་ཙམ་ཞིག་བསྟན་གྱི། ཆོས་ཀྱི་བདག་མེད་མ་བསྟན་པ་ནི་ལེའུ་གསུམ་པར་འཆད་པའི་རྒྱུ་མཚན་གྱིས་ཡིན་གྱི། གྲོལ་བ་དོན་གཉེར་ལ་ལྟོས་ཏེ་འཁོར་བའི་འཇུག་ལྡོག་མ་ལུས་པ་མཁྱེན་པའི་སྟོན་པ་ཙམ་གྱིས་ཆོག་པས་དེའི་དབང་དུ་བྱས་པ་ཡིན་ནོ། འོ་ན་སྙིང་རྗེ་ཆེན་པོ་ཡང་མི་སྟོན་པར་འགྱུར་རུ་ཞེ་ན། སྐྱོན་མེད་དེ། དེ་མེད་ན་གྲོལ་བ་ཙམ་དོན་གཉེར་ལ་ཉེ་བར་མཁོ་བའི་སྟོན་པ་ཡང་མི་འབྱུང་བས་སོ། དེས་ན་འདིར་བསྟན་པའི་ཤེས་སྒྲིབ་ཡང་བདེན་བཞིའི་གནས་ལུགས་ལ་རྨོངས་པའི་ཉོན་མོངས་ཅན་མ་ཡིན་པའི་མེ་ཤེས་པ་ལ་བྱའོ། ཐུབ་པ་གང་ལ་ཚད་མར་གྱུར་བའི་ཚུལ་ལ། རྟགས་དགོད། ཕྱིར་རྒོལ་ངོས་བཟུང་། དོན་གང་ལ་མི་སླུ་བའི་ཚུལ་ལོ། དང་པོ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གྲོལ་བ་དོན་གཉེར་ལ་ཚད་མའི་སྐྱེས་བུ་ཡིན་ཏེ། གྲོལ་བ་དོན་གཉེར་ལ་ལྟོས་ཏེ་མི་སླུ་བ་དང་མ་ཤེས་དོན་གསལ་གཉིས་དང་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར། གཉིས་པ་ནི། གཞན་སྡེ་ཡིན་གྱི་རང་སྡེ་མིན་ཏེ། དེ་དག་ལ་གྲུབ་ཟིན་པའི་ཕྱིར། དེ་ཡང་ལུང་དྲངས་པས་སྒྲུབ་མི་ནུས་པས། དངོས་པོ་སྟོབས་ཤུགས་ཀྱི་ཏིགས་པས་བསྒྲུབ་པར་བྱ་བ་ཡིན་ནོ། གསུམ་པ་ནི། གང་ལ་མི་སླུབ་ནི། གྲལ་བ་དོན་གཉེར་གྱི་འདོད་བྱ་མྱ་ངན་ལས་


JLD016_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཐབས་དང་བཅས་པ་དང་། སྤང་བྱ་སྡུག་བསྔལ་རྒྱུ་དང་བཅས་པ་ཡིན་ལ། དེ་ལ་སྟོན་པ་གཞན་ཚད་མ་ཡིན་པ་དགག་པ་དང་། སྟོན་པ་སངས་རྒྱས་ཉག་གཅིག་མི་སླུ་བར་སྒྲུབ་པ་དང་། སྦྱོར་བ་སྐོར་གཅིག་པོ་དེའི་ཚུལ་བསྒྲུབ་པས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་ཇི་ལྟར་འཕེན་པའི་ཚུལ་ལོ། དང་པོ་ནི། ཕྱི་རོལ་པ་རྣམས་ལ་འགལ་འདུའི་དབྱེ་བ་མཐའ་ཡས་ཀྱང་གཙོ་བོ་ནི་གཉིས་ཏེ། ཀུན་ནས་ཉོན་མོངས་ལ་བརྟེན་པ་དང་། རྣམ་བྱང་ལ་བརྟེན་པའོ། དང་པོ་ནི། རྒྱང་འཕེན་དང་། དཔྱོད་པ་པ་མ་གཏོགས་ཕྱི་རོལ་པ་རྣམས་ཀྱིས་ཀྱང་ཐར་པ་ཁས་ལེན་ལ། དེ་ཡང་འཁོར་བར་སྐྱེས་པའི་རྒྱུན་ཆད་པར་འདོད་པ་དང་། དེ་དག་ཐམས་ཅད་ཀྱི་རྒྱུའི་རྩ་བ་གཙོ་བོ་དང་དབང་ཕྱུག་སོགས་རྟག་པ་ལ་འདོད་པ་འགལ་ཏེ། རྟག་ལ་ལྡོག་པ་མེད་པའི་ཕྱིར། ནུས་པ་ཉིད་ཀྱང་རྟོགས་པར་དཀའ། ཞེས་བཤད་པ་ལྟར་རྒྱུ་རྟག་ན་འབྲས་བུ་ལྡོག་པར་འདོད་ཀྱང་མི་རུང་སྟེ། རྒྱུ་ལྡོག་པ་མེད་པའི་ཕྱིར་རོ། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཡང་མེད་དེ། དང་པོར་མེ་དུ་གཉིས་ཀ་དམིགས་སུ་རུང་བ་མ་དམིགས་པ་ལས། དེའི་རྗེས་སུ་མེ་དམིགས། དེའི་རྗེས་སུ་དུ་བ་དམིགས། དེ་རྗེས་མེ་མ་དམིགས། དེ་རྗེས་དུ་བ་མ་དམིགས་པ་ལྟར་རྟག་པ་ལ་གསར་སྐྱེས་ངང་གསར་དུ་ལྡོག་པ་མི་རུང་བའི་ཕྱིར་ཏེ། རྟག་དངོས་ཀྱི་མངོན་པའི་ཡུལ་དང་དུས་དང་རང་བཞིན་ཁེགས་སུ་ཆུག་ཀྱང་དངོས་པོ་རེས་འགའ་བར་འགྱུར་པའི་ཕྱིར་རོ། རྣམ་བྱང་ལ་བརྟེན་པའི་འགལ་བ་ནི། སྡུག་བསྔལ་དང་བྲལ་བ་ཐོབ་པར་འདོད་པ་དང་། བདག་ཡོད་པར་རིགས་པས་སྒྲུབ་པ་གཉིས་


JLD016_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ཏེ། བདག་ཏུ་འཛིན་ནི་སྡུག་བསྔལ་ཀུན་གྱི་རྩ་བ་ཡིན་པའི་ཕྱིར་རོ། དེ་ཡང་། གང་ཞིག་བདག་མཐོང་དེ་ལ་ནི། ཞེས་སོགས་བཤད་པ་ལྟར། བདག་ཏུ་འཛིན་པ་ཡོད་ན། བདག་ལ་ཆགས་པའི་སྲེད་བ་ངང་གིས་སྐྱེ་ལ། དེ་ལས་བདག་གི་བདེ་བ་ལ་སྲེད་པ་དང་། དེ་ཡང་གཞན་གང་ལ་ཡང་ལྟོས་མེད་དུ་སྒྲུབ་མི་ནུས་པར་མཐོང་ནས། བདག་གི་བདེ་བའི་སྒྲུབ་བྱེད་དབང་སོགས་བདག་གི་བལ་སྲེད་པ་དང་། དེ་ལས་དེ་སྒྲུབ་པའི་ཕྱིར་དུ་སྒོ་གསུམ་གྱི་ལས་མངོན་པར་འདུ་བྱེད་དེ། ལས་དེ་དག་གིས་བདེ་འགྲོ་དང་ངན་འགྲོར་སྐྱེ་བར་བྱེད་པས། དེས་ན་བདག་ལ་མངོན་ཆགས་པ། དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་སོ། གཉིས་དེ་ལ་ཐུབ་པ་ཉག་གཅིག་མི་སླུ་བར་སྒྲུབ་པ་ནི། སྐོམ་པས་གདུངས་པ་ཆུ་ལ་དོན་གཉེར་སྐྱེ་བ་ལྟར་འཁོར་བའི་ཉེས་དམིགས་བསམས་ནས་འཁོར་བའི་སྡུག་བསྔལ་གྱིས་གདུངས་པ་མཐོང་བ་ན། སྡུག་བསྔལ་ཞི་བ་ལ་ཐོབ་འདོད་སྐྱེ་བ་ཡིན་ནོ། དེ་ལྟ་བུའི་གྲོལ་བ་དོན་གཉེར་ལ་སྟོན་པས་བདེན་བཞི་བཀའ་སྩལ་ཏེ། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མོ། དེ་ཡང་སྐྱེ་བའི་རིམ་པ་ཀུན་འབྱུང་དང་ལམ་དང་པོར་སྐྱེ་ཞིང་སྡུག་བསྔལ་དང་འགོག་པ་ཕྱིས་འབྱུང་ཡང་། ཚད་མས་རྟོགས་པའི་རིམ་པ་ནི། སྡུག་བསྔལ་དང་པོར་རྟོགས་ཞིང་ལམ་བསྒོམ་བྱར་མཐར་རྟོགས་སོ། དེ་ལ་དང་པོར་སྡུག་བསྔལ་གྱི་རང་སྤྱིའི་མཚན་ཉིད་བསམས་པས་དེ་བྲལ་བྱར་རྟོགས་པར་འགྱུར་ཞིང་། སྡུག་བསྔལ་རྒྱུ་དང་དེ་མི་རྟག ལ་སོགས་རང་བཞིན་རྟོག་


JLD016_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

པད་མཛད། ཅེས་བཤད་པ་ལྟར་རོ། སྡུག་བསྔལ་རང་ལོག་མི་ནུས་ཤིང་དེའི་རྒྱུ་ལོག་པའི་སྟོབས་ཀྱིས་ལྡོག་དགོས་པར་མཐོང་ནས། འདིའི་རྒྱུ་ཅི་ཡིན་ཞེས་བརྟག་པ་ན་ལས་ཉོན་གཉིས་ཀུན་འབྱུང་དུ་ཁོང་དུ་ཆུང་བར་འགྱུར་རོ། དེ་ཡང་དགག་ནུས་མི་ནུས་བརྟག་པ་ན། རྒྱུ་ཡི་ངོ་བོ་རྟོགས་པའི་ཕྱིར། དེ་མི་མཐུན་ཕྱོགས་ཀྱང་ངེས་འགྱུར། ཞེས་བཤད་པ་ལྟར་བདག་མེད་པ་ངེས་པའི་སྒོ་ནས་རྒྱུ་ཀུན་འབྱུང་སྤོང་ནུས་སུ་མཐོང་ཞིང་དེ་ལྟར་ན། དེ་ནི་གཏན་དུ་བ་མིན་ཏེ། རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ། ཞེས་བཤད་པ་ལྟར་འབྲས་བུ་སྡུག་བསྔལ་འགོག་པ་དང་། འགོག་པ་དེ་མངོན་དུ་བྱེད་ནུས་པར་མཐོང་བ་ཡིན་ནོ། དང་པོར་སྡུག་བསྔལ་གྱི་མཚན་ཉིད་ཤེས་པའི་དུས་ནས་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་ཁོང་དུ་ཆུད་པའི་ཕྱིར། བདག་འཛིན་འགོག་ནུས་པར་མཐོང་བས་ཀུན་འབྱུང་སྤང་བྱར་དུས་གཉིས་པར་སྟོན་པ་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། ཀུན་འབྱུང་སྤོང་དགོས་པ་དང་སྤངས་ནུས་པ་གཉིས་པ་དང་པོར་མཐོང་ནས་ད་ནི་གདོད་མི་ཟ་བར་ཀུན་འབྱུང་སྤང་བར་བྱ་སྟེ། དེ་ལྟར་དགོས་ཤིང་ནུས་པའི་ཕྱིར་སྙམ་དུ་བསམས་ནས་དུས་གཉིས་པར་དམ་བཅའ་བ་ཡིན་ནོ། སྡུག་བསྔལ་བྲལ་བྱར་དང་པོར་མཐོང་བ་ན། དེ་དང་བྲལ་བ་མངོན་དུ་བྱ་དགོས་པར་ཤེས་པ་དེ་མ་ཐག་སྐྱེ་བས་འགོག་པ་དུས་གཉིས་པར་སྟོན་པར་རིགས་སོ་ཞེ་ན། མངོན་དུ་བྱ་དགོས་པར་ཤེས་ཀྱང་མངོན་དུ་བྱེད་ནུས་པར་ཚད་མས་མཐོང་བ་ནི་དུས་གསུམ་ལ་ངེས་པར་ལྟོས་པ་ཡིན་ནོ། དེ་མངོན་དུ་བྱེད་པ་ཡང་ལམ་གོམས་པར་བྱེད་པ་ལ་ལྟོས་པས་


JLD016_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་སུ་ལམ་སྒོམ་པར་བྱེད་པ་ཡིན་ནོ། དེ་ལ་ལམ་ནི་ཡན་ལག་བརྒྱད་དུ་འདུས་ཤིང་དེ་ཡང་བསླབ་པ་གསུམ་དུ་ངེས་པ་ཡིན་ཏེ། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། རྩོལ་བ་དང་། དྲན་པ་བཞི་ཤེས་རབ་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་ནི་སེམས་ཀྱི་བསླབ་པ་དང་། ཡང་དག་པའི་དག །ལས་ཀྱི་མཐའ། འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པར་ངེས་སོ། སྲིད་པའི་རྩ་བ་གཅོད་བྱེད་ནི་བདག་མེད་རྟོགས་པའི་ཤེས་རབ་ཉིད་ཡིན་ལ། དེ་ཡང་སེམས་རྩེ་གཅིག་པའི་ཞི་གནས་ལ་ངེས་པར་ལྟོས་ཏེ། ཐོས་བསམ་རྐྱང་བས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཕེགས་པར་བཀའ་བའི་ཕྱིར་རོ། ཞི་གནས་ཁྱད་པར་ཅན་ལ་བརྟེན་ནས་བདག་མེད་བསྒོམ་པ་ན། བདག་མེད་ངེས་པ་དེ་ཉིད་ཡུལ་བདག་མེད་ལ་ཟུག་པ་ལྟ་བུར་དང་པོ་སྐྱེས་པ་ན། བདག་མེད་རྟོགས་པའི་ཤེས་རབ་ལྷག་མཐོང་གིས་བསྡུས་པའི་སྒོམ་བྱུང་དང་སྦྱོར་ལམ་དྲོད་སྐྱེས་པ་ཞེས་བྱའོ། ཐོས་བསམ་རྐྱང་བའི་དུས་ན་ངེས་པ་དེ་ཉིད་དང་རྒྱངས་ཆད་པའི་ཚུལ་དུ་སོ་སོར་སྣང་བ་ཡིན་ནོ། ཞི་གནས་ཁྱད་པར་ཅན་དེ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྔོན་དུ་འགྲོ་བ་ལ་ལྟོས་ཏེ། སྟོན་པས་འཇུག་ལྡོག་གི་ཚུལ་ཁྲིམས་གཉིས་སུ་བཅས་པ་ལ་དྲན་པས་མ་ཡེངས་པར་བྱས་ནས་ནམ་ཡང་མི་འདའ་ཞིང་། བརྒྱལ་འདས་ན་ཡང་ཤེས་བཞིན་གྱིས་ངོས་བཟུང་ནས་ཕྱིར་འཆོས་པ་བྱེད་པས། དྲན་ཤེས་སྟོབས་ལྡན་བསྐྱེད་ལ། དེ་གཉིས་བྱིང་རྒོད་ཀྱི་གཉེན་པོར་ཁ་སྤོས་པ་ཙམ་གྱིས་ཞི་གནས་ཁྱད་པར་ཅན་བསྐྱེད་པ་ཡིན་ནོ། འཕངས་ལམ་ཡན་ལག་བརྒྱད་པོ་དེ་འཁོར་ལོ་དང་ཆོས་མཚུངས་ཏེ།


JLD016_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས་བསྒྲུབ་པ་ནི་གཅོད་པར་བྱེད་པས་རྩིབས་དང་ཆོས་མཚུངས་ལ། ཏིང་ངེ་འཛིན་ནི་དམིགས་པ་ལ་སེམས་འཛིན་པས་མུ་ཁྱུད་དང་ཆོས་མཐུན་ནོ། ཚུལ་ཁྲིམས་ནི་ལྟེ་བ་དང་མཚུངས་སོ། དེ་ལྟ་བུའི་ལམ་བསླབ་པ་གསུམ་འབྱུང་བའི་རྒྱུ་མཚན་ཡང་། སྤང་བྱ་ཉོན་མོངས་ལ་མངོན་གྱུར་དང་ས་བོན་གཉིས། དང་པཔོ་ལ། ཉེས་སྤྱོད་དངོས་སུ་ཀུན་ནས་སློང་ནུས་པ་དང་མི་ནུས་པ་གཉིས་ཏེ། དེ་དག་རིམ་པ་བཞིན་དུ་བསླབ་པ་གསུམ་གྱིས་སྤོང་བ་ཡིན་ནོ། གསུམ་པ་སྦྱོར་བ་སྐོར་གཅིག་པོ་དེའི་ཚུལ་བསྒྲུབ་པས་སྐྱེས་བུ་གསུམ་གྱིས་ལམ་གྱི་རིམ་པ་ཇི་ལྟར་འཕེན་པའི་ཚུལ་ནི། སྡུག་བསྔལ་ལ། ངན་འགྲོར་ཉིད་མཚམས་སྦྱོར་བ་དང་། བདེ་འགྲོར་ཉིར་མཚམས་སྦྱོར་བ་གཉིས་ཡོད་ལ། དེའི་རྒྱུ་ཀུན་འབྱུང་ལ་ཡང་ངན་འགྲོ་བསྐྱེད་པ་དང་། བདེ་འགྲོ་བསྐྱེད་པ་གཉིས་སོ། དེས་ན་འགོག་པ་དང་ལམ་ལ་ཡང་གཉིས་སུ་འགྱུར་བ་ཡིན་ནོ། དེ་ལྟར་ན་ངན་འགྲོའི་རྒྱུ་འབྲས་གཉིས་དང་། དེ་སྤོང་བའི་ལམ་དང་། དེ་འགགས་པའི་འགོག་པ་བཞི་ལ་མི་སླུ་བར་བསྒྲུབ་པས་སྐྱེས་བུ་ཆུང་དུའི་ལམ་གྱི་རིམ་པ་འབྱུང་ལ། བདེ་འགྲོའི་དེ་རྣམས་ལ་མི་སླུ་བར་བསྒྲུབ་པས་སྐྱེས་བུ་འབྲིང་གི་ལམ་དང་། ཆོས་ཅན་བསྒྲུབ་པས་སྐྱེས་བུ་ཆེན་པོའི་ལམ་གྱི་རྨ་པ་འབྱུང་བ་ཡིན་ནོ། གཉིས་པ་དེ་ངེས་པར་བྱེད་པའི་ཐབས་ལ། ཀློག་གྱུར་ངེས་པའི་ཐབས་དང་། མངོན་བྱུང་ངེས་པའི་ཐབས་གཉིས་སོ། དང་པོ་ནི། ཐོག་མར་སྡུག་བསྔལ་གྱི་མཚན་ཉིད་བཞི་པོ་ཤེས་པའི་སྒོ་ནས་ངེས་དགོས་པས། དེ་ལ་མི་རྟག་པ་དང་སྡུག་བསྔལ་རྟོགས་པའི་ལག་རྗེས་དང་། ཡིད་འབྱུང་མཚན་


JLD016_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྫོགས་པ་བསྐྱེད་པ་ལ་སྟོང་པ་དང་བདག་མེད་རྟོགས་དགོས་པའི་རྒྱུ་མཚན་དང་། སྡུག་བསྔལ་བདེན་པ་རང་ཉིད་ཀྱི་སྟེང་ནས་བདེན་བཞིའི་རྣམ་གཞག་དཔྱད་པ་དང་། བདག་མེད་སྒྲུབ་ཚུལ་ལོ། དང་པོ་ནི། མི་རྟག་པ་རྟོགས་པས་ནི་ཡིད་བརྟན་དུ་མི་རུང་བར་རྟོགས་ལ། སྡུག་བསྔལ་བ་རྟོགས་པས་ནི་འབྲས་འདོད་སྐྱེད་པར་བྱེད་པ་ཡིན་ནོ། འོ་ན་ལམ་གྱི་བདེན་པ་ལ་ཡང་ཡིད་བརྟན་དུ་མི་རུང་བར་འགྱུར་རོ་ཞེ་ན། རང་དོན་གྱི་མཐར་ཐུག་པའི་ཐོབ་བྱའི་ལག་རྗེས་ཀྱི་དབང་དུ་བྱས་པ་ཡིན་པས་འདོད་པ་ཉིད་དེ། མྱ་ངན་ལས་འདས་པའི་དབྱིངས་སུ་ཆོས་རྣམས་ཉིད་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་གསུངས་པའི་ཕྱིར་རོ། དེས་ན་དེ་དག་ལ་རྟག་པ་ཡིན་དགོས་སོ། གཉིས་པ་ནི། སྟོང་པ་དང་བདག་མེད་མ་རྟོགས་ན། གང་ཞིག་བདག་མཐོང་དེ་ལ་ནི། ཞེས་སོགས་ཀྱི་དོན་སྔར་བཤད་པ་ལྟར། བདག་འཛིན་དེས་ཡིད་ལོག་གི་གེགས་ཀྱི་གཙོ་བོ་སྲེད་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར་དང་། ཚེར་མ་ཟུག་པའི་རྐང་པ་ལ་ཡིད་འབྱུང་སྐྱེ་ཡང་། དེ་མེད་པའི་རྐང་བ་ལ་དོན་གཉེར་སྐྱེ་བ་ལྟར། སྡུག་བསྔལ་གྱི་སྡུག་བསྔལ་ལ་ཡིད་འབྱུང་སྐྱེ་ཡང་། འདུ་བྱེད་ཀྱི་སྡུག་བསྔལ་གྱི་ཁྱད་པར་འགའ་ཞིག་ལ་ཐར་པར་འཁྲུལ་ནས་བདག་གི་ཐོབ་བྱར་འཛིན་པའི་ཕྱིར་རོ། གསུམ་པ་ནི། མཚན་ཉིད་བཞི་ལྡན་གྱི་ཟག་བཅས་དེ་སྡུག་བསྔལ་གྱི་བདེན་པ། དེ་ལ་གཙང་སོགས་སུ་སྒྲོལ་འདོགས་པ་དེ་དེའི་ཀུན་འབྱུང་། དེའི་ཞེ་ན་ཡུལ་སུན་ཕྱུང་ནས་མི་རྟགས་སོགས་སུ་རྟོགས་པ་དེ་དེའི་ལམ། དེ་བསྒོམས་པའི་སྟོགས་ཀྱིས་ཕྱིན་ཅི་


JLD016_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་བཞི་དང་བྲལ་བ་དེ་དེའི་འགོག་པའོ། དེ་ལ་སྤྱིར་སྲེད་པ་བཅུ་དྲུག་ཡོད་དེ། དང་པོར་སྡུག་བསྔལ་གྱི་བཞི་ནི། བདག་ལ་སྲེད་པ་དང་། བདག་གིས་འདོད་བྱའི་དོན་དང་། དེ་སྒྲུབ་པའི་ཐབས་དང་། ཐབས་དེ་དང་མི་འབྲལ་བ་དང་མ་ཐོབ་པ་ཐོབ་པ་པར་སྲེད་པ་བཞིའོ། དེ་དག་གི་སྡུག་བསྔལ་རག་གི་ངོ་བོ་ལ་ལོག་པར་རྟོག་པའོ། དེའི་རྒྱུ་ཀུན་འབྱུང་ལ་ལོག་རྟོག་ནི། རྒྱུ་མེད་དུ་འཛིན་པ་དང་། མི་མཐུན་པ་རྒྱུར་འཛིན་པའོ། ཕྱི་མ་ལ་གསུམ་སྟེ། རྒྱུ་གཅིག་ཁོ་ནས་བྱས་བར་འཛིན་པ་དང་། སྔར་ཡོད་རྐྱེན་གྱིས་འགྱུར་བར་སྨྲ་བ་དང་། དབང་ཕྱུག་ལྟ་བུའི་བློ་སྔོན་དུ་བཏང་ནས་བྱས་པར་འཛིན་པའོ། འགོག་པ་ལ་ཡང་ལོག་པར་རྟོག་པ་བཞི་སྟེ། ཐར་པ་གཏན་མེད་དང་། ཡོད་ཀྱང་ཟག་བཅས་མ་ཞི་བ་དང་། འདོད་བྱ་གྱ་ནོར་མ་མིན་པ་དང་། ཡིན་ཡང་གཏན་དུ་ཐ་རབ་མིན་པར་འཛིན་པའོ། ལམ་ལ་ཡང་ལོག་རྟོག་བཞི་སྟེ། ཐར་ལམ་གཏན་མེད་དང་། བདག་མེད་རྟོགས་པའི་ཤེས་རབ་ཐར་ལམ་ངན་ལ་ཡིན་པ་དང་། དེས་ཡུལ་གྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་མི་ནུས་པ་དང་། གཏན་དུ་ཐར་བྱེད་མ་ཡིན་པའོ་སྙམ་དུ་འཛིན་པའོ། བཞི་པ་བདགག་བྱ་བདག་ངོས་བཟུང་བ་དང་། དེ་འགོག་ཁྱེད་ཀྱི་གཏན་ཚིག་སོ། དང་པོ་ནི། གང་ཟག་ཙམ་དགག་པར་བྱ་བ་མ་ཡིན་ཏེ། དེ་ལྟར་ན་ལས་གསོག་པ་པོ་དང་རྣམ་སྨིན་མྱོང་བ་པོ་རྣམས་ཀྱང་ཁེགས་པས་འགོག་བྱེད་དེ་ཉིད་ཀྱང་མེད་པ་འགྱུར་བའི་ཕྱིར་རོ། དེས་ན་ཕུང་པོའི་ཚོགས་པ་དང་རྒྱུན་གང་ལ་ཡང་བཏགས་པ་ཙམ་མ་ཡིན་པའི་གང་ཟག་རང་རྒྱ་བའོ། གཉིས་པ་ལ། རྟགས་དགོད། ཚུལ་སྒྲུབ། གཞན་སེལ་བའི་རྣམ་གཞག་


JLD016_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཕགས་ཡུལ་གྱི་ཕྱི་ནང་གི་རྟོགས་གེ་པ་སུ་ལའང་མེད་དོ། ཚད་མ་མངོན་རྗེས་གཉིས་སུ་གྲངས་ངེས་པར་བསྒྲུབ་པ་ལ། གཞལ་ཕྱ་རང་སྤྱི་གཉིས་སུ་གྲངས་ངེས་པ་བཀོད་པ་དེའི་ཕྱོགས་ཆོས་ཚད་མ་གང་གིས་འགྲུབ་པ་འཆད་པ་ན། སྔ་མ་དག་ཕལ་ཆེ་བ་ན་རེ། བློ་ལ་ཡུལ་གསལ་བར་སྣང་བ་དང་མི་གསལ་བར་སྣང་བ་སོགས་ཤུགས་ལ་རྟོགས་པའི་རང་རིག་མངོན་སུམ་གྱིས་དོན་འགྲུབ་པ་ཡིན་ལ། དེ་ལྟ་ནའང་དོན་བྱེད་ནུས་མི་ནུས་གཉིས་སུ་ངེས་པ་སོགས་ཀྱི་རྟགས་རྣམས་ནི་ཐ་སྙད་འབའ་ཞིག་སྒྲུབ་ཡིན་ནོ་ཞེས་ཟེར་རོ། བརྟག་པར་བྱ་སྟེ་འདི་ལྟར་རང་སྤྱི་གཉིས་སུ་གྲངས་ངེས་པའི་དོན་རང་རིག་མངོན་སུམ་དེ་ལྟ་བུས་སྒྲུབ་ན་རང་སྤྱི་གཉིས་མ་ཡིན་གྱི་ཕུང་སུམ་གྱི་དོན་གྱི་སྒྲོ་འདོགས་རང་རིག་དེ་དག་གིས་གཅོད་དགོས་ལ། དེ་ལྟར་ཡང་འདོད་ན་ཡུལ་གསལ་བར་སྣང་བའི་བློ་ཉམས་མྱོང་གི་རང་རིག་ཡུལ་མི་གསལ་བར་སྣང་བའི་བློའི་སྣང་བ་དངོས་ཤུགས་གང་ལའང་མ་གཞལ་ཞིང་། དེ་མིན་གྱི་སྒྲོ་འདོགས་དངོས་ཤུགས་གང་ལའང་མ་བཅད་ལ། གཅིག་ཤོས་ཀྱིས་ཀྱང་དེ་འདྲིན་ཚུལ་ཇི་ལྟར་གཉིས་མིན་གྱི་ཕུང་སུམ་གྱི་སྒོ་འདོགས་གཅོད་པར་བྱེད། རིགས་དེ་གཉིས་ཕན་ཚུན་བལྟོས་ནས་གཉིས་གའི་བྱེད་པས་གཅོད་པར་ཕྱེད་དོ་ཞེ་ན། རང་རིག་དེ་གཉིས་ཀའི་བྱེད་པས་ཀྱང་། ཡུལ་གསལ་བར་སྣང་བ་དང་མི་གསལ་བར་སྣང་བའི་སྣང་ཚུལ་གཉིས་ཡོད་པར་ཤུགས་ལ་གྲུབ་ཅིང་། གཉིས་མེད་པའི་སྒྲོ་འདོགས་གཅོད་པ་ཙམ་ཡིན་གྱི།


JLD016_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་དེ་མིན་པའི་སྣང་ཚུལ་ཕུང་སུམ་པ་ཡོད་པའི་སྒྲོ་འདོགས་ཇི་ལྟར་གཅོད། དེ་གཅོད་ན་ནི་གྲངས་ཅན་སོགས་ཀྱི་རྒྱུད་ཀྱི་མངོན་སུམ་ཚད་མ་མྱོང་བའི་རང་རིག་མངོན་སུམ་དང་རྗེས་དཔག་ཚད་མ་མྱོང་བའི་རང་རིག་མངོན་སུམ་ཚད་མ་གཉིས་ཕན་ཚུན་པ་ལྟོས་པའི་གཉིས་ཀའི་བྱེད་པས་མངོན་རྗེས་མིན་པའི་ཚད་མ་ཕུང་སུམ་པ་ཡོད་པའི་དོན་གྱི་སྒྲོ་འདོགས་གཅོད་དགོས་པར་རྣམ་པ་ཀུན་ཏུ་མཚུངས་སོ། དེ་བཞིན་དུ་རྒྱང་ཕན་གྱིས་ཀྱང་། ལ་མགོར་དུ་བ་འཕྱུར་བ་རྒྱང་ནས་མཐོང་བ་དེ་ལས། ལ་མགོར་མེ་ཡོད་པར་གསར་དུ་རྟོགས་པའི་བློ་སྐྱེས་པ་དེ་ལ་ཁོ་རང་གིས་རྗེས་དཔག་གི་ཐ་སྙད་མ་ཐོགས་ཀྱང་རྗེས་དཔག་ཚད་མ་ཡིན་ཞིང་། དེ་མྱོང་རང་རིག་མངོན་སུམ་ཚད་མས་ཀྱང་ཚད་མ་མངོན་སུམ་གཅིག་པུ་ཡིན་པའི་དོན་གྱི་སྒྲོ་འདོགས་ཤུགས་ལ་གཅོད་དགོས་པར་མཚུངས་པས། ཚད་མའི་གྲངས་དང་ཡུལ་ལ་ལོག་པར་རྟོག་པའི་དོན་གྱི་སྒྲོ་འདོགས་ཐབས་ཅད་པ་རིག་མངོན་སུམ་གྱིས་བཅད་པར་འགྱུར་ལ། དེ་ནི་ལེགས་པར་བརྟགས་ན་གཞན་རྣམས་ལའང་མཚུངས་པས། མངོན་སུམ་གྱི་མཚན་ཉིད་འབྲས་བུ་ལ་ལོག་པར་རྟོག་པ་སྟེ་མངོན་སུམ་ལེའུ་བསལ་བར་བྱ་བའི་ལོག་རྟོག་བཞི་བའི་དོན་གྱི་སྒྲོ་འདོགས་རང་རིག་མངོན་སུམ་གྱིས་བཅད་ཟིན་པར་ཐལ་བས། རྟགས་ཡང་དག་ཡིན་ན་ཐ་སྙད་འབའ་ཞིག་བསྒྲུབ་པས་ཁྱབ་པར་སྨྲ་དགོས་པ་ལ་ཐུགས་པར་འགྱུར་རོ། རྒྱང་ཕན་གྱི་རྒྱུད་ལ་རྗེས་དཔག་ཚད་མ་མེད་ན་གྲངས་ཅན་དང་བྱེ་བྲག་གི་རྒྱུད་ལ་ཤེས་བདེ་སྡུག་གང་ཡང་མེད་པར་འགྱུར་བས་


JLD016_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་སྟེ། བྱས་པའི་ཕྱིར། གཉིས་པ་ནི། ཕྱོགས་ཆོས་དབང་པོ་རྣོད་པོས་མངོན་སུམ་གྱིས་འགྲུབ་སྟེ། སྒྲ་རྒྱུ་རྐྱེན་ལས་སྐྱེས་པ་མངོན་སུམ་གྱིས་གྲུབ་པ་ན་བྱས་པར་ཡང་གྲུབ་པོ། དབང་པོ་རྟུལ་པོ་ལ་ཐ་སྙད་སྒྲུབ་ཀྱི་རྗེས་དཔག་དགོས་སོ། ཁྱབ་པ་ལ་དཔེ་དགོས་པའི་རྒྱུ་མཆན་ནི། བྱས་པ་ལ་མི་རྟག་པས་ཁྱབ་པ་དེ་ངེས་པའི་གཞི་མེད་པར་མི་རུང་སྟེ། གཞི་དང་མ་འབྲེལ་བ་ཚད་མའི་གཞལ་བྱར་མི་རུང་བའི་ཕྱིར་རོ། རྩོད་གཞི་ཡང་དེར་མི་རུང་སྟེ། ཁྱབ་པ་གྲུབ་པ་ན་བསྒྲུབ་བྱ་གྲུབ་པར་ཐལ་བའི་ཕྱིར། དེས་ན་གཞི་གཞན་ཞིག་དགོས་ལ་གཞི་གཞན་དེ་ལ་དཔེ་ཞེས་བྱའོ། ལྡོག་ཁྱབ་སྒྲུབ་པ་ལ། དོགས་པ་སྐྱེ་བའི་གཞི་ནི། སློབ་དཔོན་དབང་ཕྱུག་སྡེ་ན་རེ། བྱས་པ་རྟག་པའི་གསལ་བའི་དབྱེ་བ་རེ་རེ་ནས་མེད་པར་ངེས་མི་ནུས་ཏེ། རྟག་པའི་གསལ་བ་རེ་རེ་ནས་བྱས་པར་ཡོད་ཀྱང་ཕྱིར་རྒོལ་ལ་སྣང་དུ་མི་རུང་བའི་ཕྱིར། དེས་ན་བྱས་པ་དང་རྟག་པའི་གཞི་མཐུན་སྲིད་པར་མ་མཐོང་བ་ཙམ་གྱིས་ལྡོག་པའི་ཁྱབ་པ་ངེས་པ་ཡིན་ནོ་ཞེས་ཟེར། རང་ལུགས་ནི། གཞི་མཐུན་མི་སྲིད་པ་མཐོང་དགོས་ཀྱི་སྲིད་པར་མ་མཐོང་བ་ཙམ་གྱིས་མི་འགྲུབ་སྟེ། དེ་ཙམ་གྱིས་ཐེ་ཚོམ་དགག་མི་ནུས་པའི་ཕྱིར། དེ་ལ་ཁོ་ན་རེ། རྟག་པ་ལ་བྱས་པ་མེད་པར་དེས་པའི་བློ་དེས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་བྱས་པ་མེད་པར་ངས་སམ་མ་ངེས། ཕྱི་མ་ལྟར་ན་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་པར་ངེས་མི་ནུས་པར་འགྱུར་ལ། དང་པོ་ལྟར་ན། བྱས་པ་ལ་འཇིག་པས་ཁྱབ་པ་ངེས་པའི་བློ་དེས་ཀྱང་། བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་འཇིག་ངེས་ཀྱིས་


JLD016_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པ་ངེས་པར་འགྱུར་ལ། དེ་ལྟར་ན་སྒྲའི་བྱས་པ་ལ་ཡང་འཇིག་པས་ཁྱབ་པ་ངེས་པས། ཁྱབ་པ་གྲུབ་པའི་དུས་ན་སྒྲ་ལ་འཇིག་པ་གྲུབ་པར་འགྱུར་རོ། སྒྲའི་བྱས་པ་འཇིག་པར་གྲུབ་ཀྱང་སྒྲ་འཇིག་པར་མ་གྲུབ་བོ་ཞེ་ན། འོ་ན་རྩོལ་བྱུང་ལ་འཇིག་པས་ཁྱབ་པ་ངེས་པའི་ཚད་མ་དེས་ཀྱང་སྒྲ་འཇིག་པར་མ་གྲུབ་ཀྱང་རྩོལ་པ་ལས་བྱུང་བའི་སྒྲ་འཇིག་པ་གྲུབ་དགོས་ལ། དེ་ལྟར་ན་ཁྱབ་པ་གྲུབ་པ་ན་བསྒྲུབ་བྱ་གྲུབ་པར་འགྱུར་རོ་ཞེ་ན། དེ་དག་གི་ལན་བཤད་པར་བྱ་སྟེ། གནོད་པ་ཅན་གྱི་རྟག་གསལ་བརྟེན་པའི་རྗེས་དཔག་དེས། བྱས་པ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་སྲིད་པའི་སྒྲོ་འགོག་ཆོད་པ་ཡིན་གྱི་མི་སྲིད་པར་ངེས་པ་མ་ཡིན་ནོ། འོ་ན་རྩོལ་བྱུང་ལ་འཇིག་པས་ཁྱབ་པ་ངེས་པའི་ཚད་མ་དེས་ཀྱང་རྩོལ་སྒྲལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པ་ཡིན་གྱི། རྩོལ་སྒྲ་རྟག་པས་སྟོང་པར་མ་ངེས་པར་ཁས་ལེན་རིགས་པར་འགྱུར་རོ་ཞེ་ན། དེ་ནི་འདོད་པ་ཉིད་དོ། དེ་ལྟར་མ་རྟགས་དེར་བརྟེན་པའི་རྗེས་དཔག་གཅད་ཤེས་སུ་འགྱུར་ཏེ། སྒྲོ་འདོགས་བཅད་ཟིན་གྱི་དོན་གཅོད་པའི་ཕྱིར་རོ་ཞེ་ན། རྟོགས་བྲིན་གྱི་དོན་ལ་འཇུག་པ་བཅད་ཤེས་ཀྱི་དོན་ཡིན་གྱི་བཅད་ཟིན་གྱི་དོན་གཅོད་པ་དེའི་དོན་མ་ཡིན་ནོ། ད་ནི་ཁྱབ་པ་གཉིས་ཀྱི་སྒྲུབ་ཚུལ་བཤད་པར་བྱ་སྟེ། རྗེས་ཁྱབ་སྒྲུབ་བྱེད་ལྟོས་མེད་ཀྱི་རྟགས་དང་། ལྔོག་ཁྱབ་སྒྲུབ་བྱེད་གནོད་པ་ཅན་གྱི་གཏན་ཚིགས་སོ། དང་པོ་ལ། རྟགས་དགོད་པ་དང་། ཚུལ་སྒྲུབ་པ་གཉིས་ལས། དང་པོ་ནི། གང་ཞིག་གང་གི་ངོར་སྒྲུབ་པ་གཞན་ལ་ལྟོས་པ་མེད་པ་དེའི་ངོ་བོར་འགྱུར་པ་དེ་ལ་ནི། གྲུབ་ཙམ་ནས་དེའི་ངོ་བོར་ངེས་པས་ཁྱབ་སྟེ། དཔེར་ན་རྒྱུ་ཚོགས་ཐ་


JLD016_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

མས་འབྲས་བུ་བསྐྱེད་པ་བཞིན། བུམ་པ་དེ་གྲུབ་པ་ཙམ་ནས་འཇིག་པར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་མེད་དུ་འཇིག་པའི་ངོ་བོར་གྱུར་པ་ཡིན་ནོ་ཞེས་བྱ་བའོ། གཏན་ཚིགས་འདིའི་རྗེས་འགྲོའི་ཁྱབ་པ་ནི་མངོན་སུམ་གྱིས་གྲུབ་པས། ངེས་བུམ་པའི་སྟེང་དུ་འཇིག་པས་ཁྱབ་པ་མངོན་སུམ་གྱིས་གྲུབ་པ་ན། འཕགས་པར་ཐལ་བ་དང་། རྗེས་དཔག་གིས་གྲུབ་ན་ཐུག་མེད་དུ་ཐལ་བའི་སྐྱོན་བསལ་བ་ཡིན་ནོ། གཉིས་པ་ཕྱོགས་ཆོས་སྒྲུབ་པ་ནི། བུམ་པ་ལ་དུས་ཕྱིས་བྱུང་བའི་རྒྱུ་ཙམ་ཆོས་ཅན། བུམ་པའི་འཇིག་པ་མི་བྱེད་དེ། བུམ་པའི་འཇིག་པ་བུམ་པ་དང་རྫས་གཅིག་དང་ཐ་དད་གང་ཡང་མི་བྱེད་པའི་ཕྱིར། རྫས་གཅིག་བྱེད་ན། གྲུབ་ཙམ་ནས་འཇིག་པའི་ངོ་བོར་སྐྱེས་ཟིན་པས་ཕྱིས་འབྱུང་གིས་བྱེད་པར་འགལ་ལོ། རྫས་གཞན་མི་བྱེད་དེ། བུམ་པ་མཐར་འཇིག་པའི་ཕྱིར། ཁྱབ་པ་ཡོད་དེ། ངོ་བོར་གྱུར་པའི་འཇིག་པ་མི་སྐྱེད་ན་རྒྱུ་ལས་མི་འཇིག་པའི་ངོ་བོར་སྐྱེད་དགོས་པས་མཐར་ཡང་འཇིག་པ་མི་འཐད་དོ། ཡང་ན་འདི་ལྟར་སྦྱར་ཏེ། བྱས་པ་ཆོས་ཅན། ཁྱོད་ལ་འཇིག་པས་ཁྱབ་པ་ངེས་ཏེ། ཁྱོད་སྐྱེད་པའི་རིགས་ཀྱི་རྒྱུ་ནུས་པ་ཐོགས་མེད་དེ། མི་རྟག་པ་སྐྱེད་པའི་རིགས་ཀྱི་རྒྱུ་ནུས་པ་ཐོགས་མེད་ཡིན་གྱི་རིགས་ཀྱི་རྒྱུ་གཞན་མེད་པའི་ཕྱིར་རོ། དེས་དོན་མེད་པ་ཐལ་བའི་སྐྱོན་ཡང་མེད་དེ། བྱས་མི་རྟག་གཉིས་ཐུན་མོང་མིན་པའི་རྒྱུ་གཅིག་ཡིན་པར་དཔེ་བུམ་པ་སོགས་ཀྱི་སྟེང་དུ་གྲུབ་པའི་ཕྱིར། ཇི་ལྟར་གྲུབ་ཅེ་ན། བུམ་པའི་སྟེང་གི་མི་རྟག་པ་དེ་དངོས་མེད་ལས་སྐྱེས་པ་མི་འཐད་དེ། དངོས་མེད་རྒྱུར་མི་


JLD016_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བའི་ཕྱིར། བྱས་པ་ལ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། བྱེ་བྲག་གི་རྒྱུ་དེ་མི་རྟག་པའི་ཐུན་མོང་མ་ཡིན་པའི་རྒྱུར་མི་འཐད་དེ། ཡུལ་མ་ག་དྷ་ལྟའི་བུའི་བྱས་པའི་རྒྱུ་དེ་མི་རྟག་པའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ན། བོད་ཀྱི་བུམ་པ་ལ་མི་རྟག་པ་བསྐྱེད་པའི་རྒྱུ་མེད་པར་འགྱུར་རོ། སྔོ་དྲོའི་དུས་ཀྱིས་ཁྱད་པར་དུ་བྱས་པ་རྒྱུར་དགོས་ན་ཕྱི་དྲོའི་བུམ་པ་མི་འཇིག་པར་འགྱུར་རོ། རང་བཞིན་གྱི་ཁྱད་པར་ཟངས་བུམ་གྱི་བྱས་པའི་རྒྱུ་ལ་ལྟོས་ན་རྫའི་བུམ་པ་འཇིག་པའི་རྒྱུ་མེད་པར་འགྱུར་ལ། ཡུལ་དུས་རང་བཞིན་གསུམ་ལས་མ་གཏོགས་པའི་བྱེ་བྲག་གཞན་ཡང་མེད་དོ། དེས་ན་སྤྱིར་རྒྱུས་བསྐྱེད་ཅིང་མ་བྱས་པའི་རྒྱུ་ལ་ལྟོས་པ་བཀག་པས་བྱས་པའི་རྒྱུ་ལ་ལྟོས་པར་གྲུབ། བྱེ་བྲག་གི་རྒྱུ་ལ་ལྟོས་པ་བཀག་པས་བྱས་པ་སྤྱིའི་ཐུན་མོད་མིན་པའི་རྒྱུ་དེ་མི་རྟག་པའི་ཐུན་མོང་མིན་པའི་རྒྱུ་རུ་གྲུབ་བོ། གཉིས་པ་ལ། རྟགས་དགོད་པ་དང་། ཚུལ་སྒྲུབ་པ་གཉིས། དང་པོ་ནི། རྟག་པ་ཆོས་ཅན། བྱས་པའམ་དངོས་པོས་སྟོང་སྟེ། དོན་བྱེད་ནུས་པས་སྟོང་པའི་ཕྱིར། དེས་སྟོང་སྟེ། དོན་བྱེད་པ་གཉིས་ཀྱིས་སྟོང་པའི་ཕྱིར་རོ། ཅིག་ཅར་དོན་བྱེད་ན། འབྲས་བུ་ཆོས་ཅན། རིམ་གྱིས་མི་འབྱུང་བར་ཐལ་ལོ། འདོད་ན། མངོན་སུམ་གྱིས་བསལ་ལོ། རིམ་གྱིས་དོན་བྱེད་ན། འབྲས་བུ་ཕྱི་མ་དེ་བསྐྱེད་པའི་ནུས་པ་དང་པོ་ནས་མེད་ན་རྟག་པར་འགལ། ཡོད་ན་དང་པོའི་དུས་ནས་བསྐྱེད་དགོས་སོ། ལྷན་ཅིག་བྱེད་རྐྱེན་ལ་ལྟོས་པ་ཡང་མི་འཐད་དེ། རྟག་པ་ལ་རྐྱེན་གྱིས་ཁྱད་པར་བྱར་མེད་པའི་ཕྱིར། དེས་ན་གནོད་པ་ཅན་གྱི་རྟགས་འདི་ཉིད་འབྲེལ་བའི་དོན་ལྡོག་དངོས་སུ་བསྒྲུབ་པའི་སྒོ་ནས་རྗེས་སུ་


JLD016_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལྡོག་པ་ངེས་བ་བསྐྱེད་པ་ཡིན་གྱི། ལྡོག་ཁྱབ་འགྲུབ་པ་འབྲེལ་བ་ལ་ལྟོས། དེ་འགྲུབ་པ་བཀག་ན་ཁེགས་པ་འགྲུབ་པ་ལ་ལྟོས་ན་ཕན་ཚུན་བརྟེན་པར་འགྱུར་རོ། དཔེ་འདུས་མ་བྱས་ཀྱི་ནམ་མཁའ་ནི་རེག་བྱ་ཙམ་བཀག་པ་ནི་མ་ཡིན་ཏེ། དག་འཛིན་མངོན་སུམ་གྱིས་མི་འགྲུབ་པར་འགྱུར་བའི་ཕྱིར། དེས་ན་ཐོགས་པའི་རེག་བྱ་གཅད་པ་ཙམ་ཡིན་ལ། དེ་ནི་རེག་བྱའི་ཁྱད་པར་རླུང་གི་བསྡུས་པའི་རེག་བྱ་བཏང་སྙོམས་པ་བར་སྣང་དུ་ལག་པ་དབྱུགས་པ་ན་ལུས་ཤེས་ཀྱིས་བཟུང་བའི་སྟོབས་ཀྱིས་ཤུགས་ལ་འགྲུབ་པ་ཡིན་ནོ། སློབ་དཔོན་དབང་ཕྱུག་སྡེས་བྱས་པ་དང་རྟག་པའི་གཞི་མཐུན་མ་མཐོང་བས་ཆོ་གའི་མི་སྲིད་པར་མི་འགྲུབ་པར་ཐལ། བྱས་བརྟག་པ་རི་གསལ་བའི་དབྱེ་བ་མཐའ་དར་ལ་མེད་ངེས་སུ་མི་འགྲུབ་པའི་ཕྱིར། དེར་ཐལ། རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ཡོད་ཀྱང་སྣང་དུ་མི་རུང་བའི་ཕྱིར། ཞེས་ཟེར་བ་ནི། སྔ་མའི་རྟགས་དང་ཕྱི་མའི་ཁྱབ་པ་མི་འགྲུབ་པ་ཡིན་ནོ། དེ་ལྟར་ཕུང་པོ་མི་རྟག་པར་བསྒྲུབས་ནས་ད་ནི་སྡུག་བསྔལ་དུ་བསྒྲུབ་པར་བྱ་སྟེ། ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་ཆོས་ཅན། སྡུག་བསྔལ་བ་ཡིན་ཏེ། ལན་ཉོན་གྱིས་འདུས་བྱས་པའི་ཕྱིར། ཞེས་པ་ནི་རང་བཞིན་ཡི་རྟགས་སོ། དེའི་ཕྱོགས་ཆོས་སྒྲུབ་པ་ནི། མིའི་ལུས་འདི་ཆོས་ཅན། ཉེར་ལེང་པའི་རྒྱུ་བཟང་པོ་སྔོན་དུ་སོང་སྟེ། འདོད་པར་བྱ་བའི་འབྲས་བུ་ཡིན་པའི་ཕྱིར། ཡང་ན། འཕེན་བྱེད་ཀྱི་ལས་བཟང་པོ་སྔོན་དུ་སོང་སྟེ། རྣམ་སྨིན་ཡིད་དུ་འོང་བ་ཡིན་པའི་ཕྱིར། ལས་བཟང་ངན་སྣ་ཚོགས་སྔོན་དུ་སོང་སྟེ། འབྲས་བུ་འདོད་མི་འདོད་


JLD016_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་དང་ལྡན་པའི་ཕྱིར། དུད་འགྲོའི་ལུས་འདི་ཆོས་ཅན། འཕེན་བྱེད་ཀྱི་ལས་ངན་པ་སྔོན་དུ་སོང་སྟེ། རྣམ་སྨིན་ཡིད་དུ་མི་འོང་དང་ལྡན་པའི་ཕྱིར། ཞེས་བཀོད་པའི་རྟགས་འདི་དག་ལ་བརྟེན་ནས་གྲུབ་ཟིན་གྱི་རྣམ་སྨིན་འདོད་མི་འདོད་འདི་དག་ལ་ལས་བཟང་ངན་སྔོན་དུ་སོང་བར་དངོས་སྟོབས་ཀྱིས་འགྲུབ་ཀྱང་། དེ་རིང་སྤྱིན་པ་བཏང་བ་དང་ཚུལ་ཁྲིམས་བསྲུངས་བའི་ལས་ལ་མ་འོངས་པ་ན་འབྲས་བུ་བདེ་བ་བྱུང་བ་ནི་ཤིན་ཏུ་ལྐོག་གྱུར་ཡིན་ཏེ། ཕྱི་དྲོའི་ལུས་ཀྱི་ཁྱད་པར་ཕྱག་འཚལ་པ་སོགས་སྔ་དྲོའི་ལུས་སྔོན་དུ་སོང་བར་གྲུབ་ཀྱང་། སྔ་དྲོའི་དུས་ན་གང་ཟག་དེས་ཕྱི་དྲོའི་ལུས་ཀྱི་ཁྱད་པར་དེ་ལྟ་བུ་མི་འགྲུབ་པ་བཞིན་ནོ། ལས་གསོག་པ་ཡང་སྲེད་པ་སྔོན་དུ་འགྲོ་དགོས་པས་ཉེར་ལེན་གྱི་ཕུང་པོ་འདི་ཆོས་ཅན། ཡུལ་ཐོབ་འདོད་ཀྱི་སྲེད་པ་སྔོན་དུ་སོང་སྟེ། དབང་ཕྱུག་སོགས་ཀྱིས་དབང་མེད་དུ་བསྐུལ་བ་མ་ཡིན་པར་མི་གཙང་བའི་གནས་མངླ་དུ་སྐྱེ་བ་བླངས་པའི་ཕྱིར། དབང་ཕྱུག་སྐུལ་བྱེད་མིན་པར་དབང་ཕྱུག་འགོག་བྱེད་ཀྱི་རིགས་པས་འགྲུབ་བོ། དེ་ལྟ་བུའི་ལས་ཉོན་དེ་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། དེ་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། ཀུན་འབྱུང་ཡིན་ཏེ། དེ་ཡང་དང་ཡང་བསྐྱེད་པའི་ཕྱིར། རབ་སྐྱེ་ཡིན་ཏེ། དེ་སྟོབས་ལྡན་བསྐྱེད་པའི་ཕྱིར། རྐྱེན་ཡིན་ཏེ། དེའི་རྟེན་བྱེད་ཅིང་སྐྱེས་བ་རྒྱུད་མར་བསྐྱེད་པའི་ཕྱིར། སྐྱེ་བརྒྱུད་པ་ཡོད་པར་ནི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རྟགས་ལས་ཤེས་ཏེ། དེ་ཡང་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། ཉེར་ལེན་གྱི་རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟར་སྡུག་པར་སྒྲོ་བཏགས་


JLD016_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདོད་ཆགས་སྐྱེ་བ་བཞིན། དེ་ལ་ཁོ་ན་རེ། ལྡོག་པ་མེད་དེ། རིག་པ་ཡིན་ཀྱང་རིག་པ་སྔ་མ་ཉེར་ལེན་དུ་མོ་དགོས་སོ་ཞེ་ན། དེ་ལ་རྒྱུ་ཡོད་དམ་མེད། ཕྱི་མ་མི་རིགས་ཏེ། དེ་ལྟར་ན་རིག་པ་དེ་རྟག་ཏུ་ཡོད་པར་འགྱུར་ཏེ། རྒྱ་ལོག་སྟོབས་ཀྱི་མི་ལྡོག་པའི་དངོས་པོ་ཡོད་པའི་ཕྱིར། ཡང་ན་རྟག་ཏུ་དངོས་པོ་མེད་པར་འགྱུར་ཏེ། རྒྱུ་ཡོད་ན་ཡོད་པའི་རྗེས་སུ་མི་བྱེད་པའི་ཕྱིར། དེས་ན་རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་སྐྱེ་བར་དམིགས་པའི་ཕྱིར། རྒྱུ་ཡོད་ན་རྟག་པ་དང་མི་རྟག་པ་ལས་མ་འདས་ལ། རྟག་པ་རྒྱུར་མི་རུང་བར་སྔར་བཤད་ཟིན་ཏོ། མི་རྟག་པ་ལ་བེམ་རིག་གཉིས་སུ་ཁ་ཚོན་ཆོད་པས་བེམ་པོ་ཡིན་ན། དབང་པོ་དང་བཅས་པའི་ལུས་ཉེར་ལེན་ཡིན་ནམ། དབང་པོ་མེད་པའི་ལུས་ཉེར་ལེན་ཡིན། དང་པོ་ལྟར་ན། རེ་རེ་བ་ཡིན་ནམ། ཀུན་ཚོགས་པ་རྒྱུར་དགོས། དད་པོ་མི་འཐད་དེ། མིག་ཤེས་བཞིན་དུ་གཟུགས་གསལ་བར་འཛིན་པར་འགྱུར་བའི་ཕྱིར། ཕྱི་མ་མི་རིགས་ཏེ། དབང་པོ་རྣམས་ཡུལ་མི་འདྲ་བར་འཛིན་པའི་ཤེས་པ་བསྐྱེད་པའི་ནུས་པ་སོ་སོར་ངེས་པའི་ཕྱིར། དང་པོ་མེད་པའི་ལུས་ཉེར་ལེན་ཡིན་ན། རྡུལ་ཕྲན་ནམ་ཡན་ལག་གི་རྫས་ཡིན། དང་པོ་ལྟར་ན། རྡུལ་ཕྲན་རེ་རེ་བས་ཆོག་གམ། ཀུན་ཆོགས་པ་རྒྱུར་དགོས། དང་པོ་ལྟར་ན། ཡིད་རྟོག་དུ་མ་ཅིག་ཅར་སྐྱེ་བར་འགྱུར་ལ། གཉིས་པ་ལྟར་ན། སོར་མོའི་རྡུལ་ལྟ་བུ་མཚང་ན་ཡང་མི་སྐྱེ་བར་འགྱུར་རོ། ཡན་ལག་གི་རྫས་ཉེར་ལེན་ཡིན་པར་མི་རིགས་ཏེ། དེ་མི་སྲིད་པའི་ཕྱིར། དེ་ཡང་བྱ་བ་ལ་བརྙེན་ལ་དང་། མཐོང་བ་ལ་བརྟེན་པ་དང་། ཡོན་ཏན་ལ་བརྟེན་པའི་འགལ་འདུ་


JLD016_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གསུམ་སྟེ། དེ་ལ་ལག་པ་གཡོ་ལུས་གཞན་མི་གཡོ་བའི་ཚེ་ལུས་གཞན་གྱི་སྟེང་ན་ཡོད་པའི་ཡན་ལས་དེ་མི་གཡོ་བར་མངོན་སུམ་གྱིས་གྲུབ་པས་གཡོ་མི་གཡོའི་ཆ་གཉིས་མེད་པར་འགལ་ལོ། གཡོ་མི་གཡོ་དེ་དག་ཡན་ལག་ལ་ཡོད་ཀྱི། ཡན་ལག་ཅན་ལ་མེད་དོ་ཞེ་ན། དེ་ལྟ་ན་ལག་པའི་སྟེང་དུ་གཡོ་བའི་ཡན་ལག་གི་རྡུལ་གྱིས་བསྡུས་པ་མངོན་སུམ་གྱིས་གྲུབ་པ་འདི་དང་། མི་གཡོ་བར་གནས་པའི་ཡན་ལག་གཉིས་དུས་གཅིག་སོ་སོར་གྲུབ་དགོས་པར་འགྱུར་རོ། དེ་བཞིན་དུ་ལྷག་མ་གཉིས་ལ་ཡང་སྦྱོར། ཤེས་པ་ཉེར་ལེན་ཡིན་ན། རང་རྒྱུད་ཀྱིས་བསྡུས་པ་དང་། གཞན་རྒྱུད་ཀྱིས་བསྡུས་པ་གཉིས་སུ་ངེས་པས་གཞན་གྱི་ཤེས་པ་ཉེར་ལེན་ཡིན་ན། ཕ་མའི་ཤེས་བ་ཉེར་ལེན་དུ་བྱ་དགོས་པས་ཕ་མ་བཟོ་མཁས་པ་ལ་བུ་བཟོ་མཁས་པ་སོགས་སུ་གདོན་མི་ཟ་བར་འགྱུར་བར་ཁས་བླངས་དགོས་པས་སོ། དེས་ན་རང་རྒྱུད་ཀྱི་རིག་པ་སྔ་མས་ཉེར་ལེན་བྱས་པར་གདོན་མི་ཟ་བར་གྲུབ་བོ། དེ་བཞིན་དུ་སྐྱེ་བ་ཕྱི་མ་སྒྲུབ་པ་ལ་ཡང་སྦྱར་རོ། སྐྱེ་བ་སྔ་མ་ཡོད་དེ། ཞེས་ཁྱད་པར་སྦྱར་ན་དཔེ་རྙེད་པར་མི་རུང་ངོ་། དེ་ལྟར་ཀུན་འབྱུང་དེ་སྡུག་བསྔལ་སྐྱེད་བྱེད་དང་བདག་འཛིན་རིགས་པས་སུན་དབྱུང་བར་ནུས་པར་མཐོང་བ་ན། སྡུག་བསྔལ་འགོག་ནུས་སུ་མཐོང་ལ། དེ་ལྟ་གུའི་གཉེན་པོ་བསྒོམས་པའི་སྟོབས་ཀྱིས་སྡུག་བསྔལ་འགགས་པ་དེ་ཆོས་ཅན། འགོག་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། ཞི་བ་ཡིན་ཏེ། ཉོན་མོངས་པ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གྱ་ནོམ་པ་ཡིན་ཏེ། འདོད་བྱ་མཆོག་ཏུ་གྱུར་པའི་བྲལ་


JLD016_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་པའི་ཕྱིར། ངེས་འབྱུང་ཡིན་ཏེ། སླར་མི་ལྡོག་པའི་ཆོས་ཅན་གྱི་བྲལ་བ་ཡིན་པའི་ཕྱིར། དེ་མངོན་དུ་བྱེད་པའི་ཐབས་ནི་ལམ་ཡིན་ལ། དེ་ཡང་བདག་མེད་རྟོགས་པའི་ཤེས་རབ་དེ་ཉིད་ཀྱིས་དོན་སྤྱི་ཙམ་ཡུལ་དུ་བྱེད་པ་ལ་ལྷག་པར་མོས་པ་བརྟན་མི་བརྟན་དང་། མངོན་སུམ་གྱིས་གསར་རྟོགས་དང་། རྟོགས་ཟིན་གོམས་པ་དང་། གོམས་པ་མཐར་ཐུག་པ་རྣམས་ཀྱང་དངོས་སྟོགས་ཀྱིས་འགྲུབ་པས། ལམ་ལྔ་དངོས་སྟོབས་ཀྱིས་འགྲུབ་པ་ཡིན་ནོ། གོམས་པ་མཐར་ཐུག་པར་སྒྲུབ་ཚུལ་ནི། སྔར་ཐུབ་པ་ཚད་མར་སྒྲུབ་པའི་ཆོས་ཅན་སྒྲུབ་བྱེད་འོག་ཏུ་སྟོན་པས་དེའི་སྐབས་སུ་འཆད་པར་འགྱུར་རོ། རྣམ་འགྲོལ་ལེའུ་གཉིས་པར། འཁོར་བ་ལས་གྲོལ་བའི་ལམ་གྱི་མི་མཐུན་ཕྱོགས་བཞི་བཀོད་ནས་དགག་པ་མཛད་དེ། དབང་སོགས་བདག་གི་བསྡུག་བསྔལ་དུ་བསྒོམ་པ་དང་། ཆགས་ཡུལ་དང་སྐྱེས་བུ་ཐ་དད་དུ་བསྒོམ་པ་དང་། བཀའ་ལུང་གྲོལ་བྱེད་དུ་བསྒོམ་པ་དང་། དཀའ་ཐུབ་ཀྱིས་གདུང་བར་བྱེད་པ་རྣམས་སོ། དེས་ན་དེ་དག་བརྗོད་བྱའི་གཙོ་བོར་སྟོན་པའི་བསྟན་བཅོས་རྣམས་ཆོས་ཅན། གྲོལ་བ་དོན་གཉེར་ལ་ཉེ་བར་འཁོ་བའི་གྲོལ་ལམ་ཕྱིན་ཅི་མ་ལོག་པར་བསྟན་པ་མིན་ཏེ། བདག་མེད་པ་གཏན་ལམ་ཕབ་པའི་ཕྱིར། སྔར་བཤད་པའི་ཆོ་ཅན་དུ་གཟུང་བྱ་ཐུབ་པ་བཅོམ་ལྡན་འདས་སྒྲུབ་པའི་ཚུལ་ནི། གཟུགས་སོགས་ཟག་བཅས་ཀྱི་ཕུང་པོ་ལྔ་ཆོས་ཅན། གཉེན་པོ་བསྒོམས་པའི་སྟོབས་ཀྱི་རྒྱུན་ཟད་པ་ཡོད་དེ། ཁྱོད་ཀྱི་རྒྱུ་ལ་གནོད་བྱེད་སྟོབས་ལྡན་ཡོད་པའི་ཕྱིར། དེའི་ཕྱོགས་ཆོས་སྔར་


JLD016_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་སྒྲུབ་པ་ཉིད་ཀྱིས་འགྲུབ་ལ། ཁྱབ་པ་ནི། གྲང་འབྲས་སྤུ་ལོང་བྱེད་ཟད་པར་མཐོང་བའི་སྟེང་དུ་མངོན་སུམ་གྱིས་འགྲུབ་པོ། སྔར་ལེའུ་གཉིས་པ་སྟོན་པ་སངས་རྒྱས་ཀྱི་ཁྱད་པར་དུ་བསྟན་པའི་སྤངས་བ་ནི་འདི་ཉིད་ཡིན་ལ། ལེའུ་གསུམ་པར་བཤད་པའི་ཆོས་ཀྱི་བདག་མེད་སྒོམས་པས་ཤེས་སྒྲིབ་སྤངས་པ་སྒྲུབ་པ་ནི། གཟུང་འཛིན་རིགས་གསུམ་རྫས་ཐ་དད་དུ་འཛིན་པའི་རྟོག་པ་ཆོས་ཅན། གཉེན་པོའི་སྟོབས་ཀྱིས་ཁྱོད་ཀྱི་རྒྱུན་བཟང་པ་ཡོད་དེ། ཁྱོད་གནོད་བྱེད་སྟོབས་ལྡན་དང་བཅས་པ་ཡིན་པའི་ཕྱིར་རོ། དེའི་ཕྱོགས་ཆོས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་གྲུབ་ཅིང་ཁྱབ་པ་སྔར་དང་འདྲ། རྟོགས་པ་མཐའ་ཐུག་སྒྲུབ་པ་ནི། བདག་མེད་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་རང་གི་གོམས་བྱའི་དོན་ལ་གོམས་པ་མཐར་ཐུག་པ་ཡོད་དེ། ཁྱོད་རང་གི་གོམས་བྱའི་དོན་རྟོགས་པའི་ཚད་མ་གང་ཞིག གོམས་བྱའི་དོན་ལ་སྒྲིབ་པ་ཟད་པ་ཡོད་པའི་ཕྱིར། དེ་འདྲ་བའི་སྤངས་རྟོགས་མཐར་ཐུག་དང་ལྡན་པའི་སྐྱེས་བུ་དེ་སྔར་བཤད་པའི་བཅོམ་ལྡན་འདས་ཡིན་ལ། དེ་ཆོས་ཅན། ཁྱོད་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། ཁྱོད་བསམ་པ་དང་སྦྱོར་བ་ཕུན་ཚོགས་གོམས་པ་རབ་ཀྱི་མཐར་ཐུག་པ་ཡིན་པའི་ཕྱིར། དེའི་ཕྱོགས་ཆོས་ལུགས་འབྱུང་གི་སྐབས་སུ་སྟོན་པ་ལམ་གང་ནས་བྱོན་པའི་ལམ་སྒྲུབ་པ་ཉིད་ཀྱི་འགྲུབ་པ་ཡིན་ནོ། དེ་ལྟར་གཙོ་བོའི་དོན་བདེན་བཞིའི་གནས་ལུགས་ལ་མི་སླུ་བར་བསྒྲུབས་ནས། ད་ནི་མངོན་མཐོ་ལ་མི་སླུ་བར་སྒྲུབ་པའི་ཚུལ་བཤད་པར་བྱ་སྟེ། དེ་ལ་རྟགས་དགོད། ཚུལ་སྒྲུབ། རྩོད་པ་སྤང་བའོ། དང་པོ་ནི།


JLD016_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པས་ལོགས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་ཆོས་ཅན། ཁྱོད་རང་གི་བསྟན་བྱ་ལ་མི་སླུ་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། དཔེར་ན་འདུས་བྱས་མི་རྟག་པར་སྟོན་པའི་སྐབས་བཞིན། འཇུག་པ་བདེ་བའི་ཕྱིར་དུ་སྦྱོར་བ་འདི་ལྟར་བསྐོད་པ་ཡིན་གྱི། དོན་སྟེང་དུ་འབྲེལ་བ་མི་སྟོན་པ་དང་། དམ་བཅའ་བརྗོད་པར་མི་རིགས་སོ། གཉིས་པ་ལ་ཁྱད་པ་སྒྲུབ་པ་དང་། ཕྱོགས་ཆོས་སྒྲུབ་པའོ། དང་ནི་ནི། དཔེའི་སྟེང་དུ་ཁྱབ་པ་རྗེས་དཔག་གིས་འགྲུབ་སྟེ། འདུས་བྱས་མི་རྟག་པར་རྗེས་དཔག་གིས་རྟོགས་ནས་ངག་སྨྲས་ཤིང་རྗེས་དཔག་དེའི་བསྟན་བྱ་ལ་མི་སླུ་བར་གྲུབ་པ་ན་དེ་དག་དེ་རང་གི་བསྟན་བྱ་ལ་མི་སླུ་བར་གྲུབ་པ་ཡིན་ནོ། གཉིས་པ་ལ། ཁས་གླང་བར་བྱ་བའི་ལུང་གི་མཚན་གཞི་ངོས་བཟུང་བ་དང་། དེ་མི་སླུ་བའི་རྒྱུ་མཚན་དང་། དེ་ཇི་ལྟར་སྒྲུབ་པའི་ཚུལ་ལོ། དང་པོ་ནི། འབྲེལ་བ་དང་ནི་རྗེས་མཐུན་ཐབས། ཞེས་པའི་ཤཱཽ་ཀ་གཅིག་གིས་བསྟན་ནོ། གཉིས་པ་ནི། མཐོང་དང་མ་མཐོང་དངོས་པོ་ཡི། ཞེས་པ་ནས། གནོད་མེད་ཅེས་པའི་བར་གྱིས་བསྟན་ལ། འདི་ཡི་མི་སླུ་བ་ཞེས་པས་བསྒྲུབ་བྱའི་ཆོས་བསྟན་ནོ། གསུམ་པ་ནི། མངོན་གྱུར་སྟོན་པའི་བརྗོད་བྱ་མངོན་སུམ་གྱིས་གྲུབ་ཅིང་། གཞན་དག་མངོན་གྱུར་དུ་འདོད་པའི་ཡན་ལག་གི་རྫས་ལྟ་བུ་བཀག་པ་ལ་མངོན་སུམ་གྱིས་གནོད་པ་མེད། ལྐོག་གྱུར་སྟོན་པའི་བརྗོད་བྱ་རྗེས་དཔག་གིས་གྲུབ་ཅིང་། གཞན་དག་ལྐོག་གྱུར་དུ་འདོད་པའི་གཙོ་བོ་ལྟ་བུ་བཀག་པ་ལ་རྗེས་དཔག་གིས་གནོད་པ་མེད། ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་


JLD016_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

གི་བརྗོད་བྱ་ལ་སྔ་ཕྱི་འགལ་བ་དང་། དངོས་ཤུགས་འགལ་བའི་སྒོ་ནས་གནོད་པ་མེད་པའོང་། དེ་ལ་དཀར་ཆོས་སྤྱད་པ་ལས་བདེ་བ་འབྱིན་པ་དང་སྡུག་བསྔལ་འབྱིན་པ་གཉིས་ལུང་ལས་སྔ་ཕྱི་རང་ལུགས་སུ་བསྟན་ན། དེ་ལ་ནང་འགལ་ཡོད་པར་དངོས་སྟོབས་ཀྱི་འགྲུབ་མི་སྲིད་དེ། ཡ་གྱལ་དཀར་ཆོས་ལ་བདེ་བ་འབྱིན་པ་དང་སྡུག་བསྔལ་འབྱིན་པ་གཉིས་ཀ་དངོས་སྟོགས་ཀྱི་མི་འགྲུབ་པའི་ཕྱིར། ཡིད་ཆེས་པའི་རྗེས་དཔག་གིས་ཀྱང་འགལ་བར་མི་འགྲུབ་སྟེ། ཡིད་ཆེས་པའི་རྟགས་ཀྱི་ཕྱོགས་ཆོས་སྒྲུབ་པའི་སྐབས་སུ་དོགས་པ་དེ་ཆོད་དགོས་པའི་ཕྱིར། དེས་ན་དེ་འདྲ་བའི་སྔ་ཕྱི་འགལ་བ་དང་དངོས་ཤུགས་འགལ་བ་མེད་པར་བཅོམ་ལྡན་འདས་ཀྱི་བཀའ་ཡང་ཚད་མས་འགྲུབ་པ་མི་འཐད་དོ་ཉེན་སྐྱོན་མེད་དེ། གཞི་སྔོན་པོའི་སྟེང་དུ་བདེ་བ་འབྱིན་མི་འབྱིན་གཉིས་དངོས་འགལ་དུ་དངོས་སྟོགས་ཀྱིས་ངེས་པ་ན། དཀར་ཆོགས་ཀྱི་སྟེང་དུ་ཡང་དེ་གཉིས་གཞི་མཐུན་དུ་འདུ་སྲིད་པའི་དོགས་པ་ཆོད་ཅིང་། དཀར་ཆོས་ཀྱི་སྟེང་དུ་དེ་གཉིས་གཞི་མཐུན་དུ་ཡོད་མེད་བློ་ཁ་ཕྱོགས་པ་ན། ཚད་མ་སྔ་མའི་སྟོབས་ཀྱིས་མི་སྲིད་པར་ངེས་ནུས་ཀྱི། དེ་གཉིས་བཞི་དེའི་སྟེང་དུ་འགལ་བར་དངོས་སྟོབས་ཀྱིས་ངེས་མི་ནུས་སོ། དེ་ལྟར་ན་ཁྲུས་ཀྱིས་སྡིག་པ་དག་པ་དང་། ཆགས་སོགས་སྡིག་པའི་རྩ་བར་བཤད་པ་ལ་ཡང་ནང་འགལ་བསྟན་མི་ནུས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཁྲུས་བྱས་པས་སྡིག་པའི་རྒྱུར་གྱུར་པའི་རང་རྒྱུད་ཀྱི་ཆགས་སོགས་ཆུང་དུ་མི་འགྲོ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། རྟགས་སུ་བཀོད་པའི་དཔྱད་གསུམ་གྱིས་དག་པའི་ལུང་ཡང་གཞི་


JLD016_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་སྟོན་པ་མིན་གྱི། དཔྱད་གསུམ་གྱིས་དག་པའི་ལུང་གི་ཕྱོགས་གཅིག་ཡིན་པས། དེའི་ལུང་ངོ་ཞེས་རྣམ་པར་བཞག་པ་ཡིན་པས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་དེས་གནས་གསུམ་སྟོན་པར་ཐལ་བའི་སྐྱོན་མེད་དོ། གསུམ་པ་ནི། ལུང་རང་གི་བསྟན་བྱ་ལ་མི་སླུ་བ་ཡིན་མིན་དེའི་སྒྲུབ་བྱེད་དང་། ལོག་ཕྱོགས་ལ་གནོད་བྱེད་དུ་ཁས་བླངས་དགོས་པས་གཏན་ཚིགས་བཀོད་པ་ཐམས་ཅད་དོན་མེད་དུ་འགྱུར་རོ་ཞེ་ན། དེའི་ལན་ལ། ཡིད་ཆེས་ཀྱི་གཏན་ཚིགས་མི་སྲིད་པར་འདོད་པ་དགག །འདོད་ཀྱང་སྦྱོར་བ་གཞན་དུ་འདོད་པ་དགག །ལུང་གནོད་བྱེད་དང་གེགས་བྱེད་དུ་གྱུར་པའི་ཁྱད་པར་བསྟན་པ་དང་། ཚུལ་གསུམ་དངོས་སྟོབས་ཀྱིས་གྲུབ་ན་ཡིད་ཆེས་ཀྱི་རྟགས་སུ་མི་རུང་བའི་རྩོད་པ་སྤང་བའོ། དང་པོ་ནི། ཡིད་ཆེས་ཚད་མར་མི་རུང་ན། ཤིན་ཏུ་ལྐོག་གྱུར་གྱི་དོན་ཡོད་པ། རྟོག་ལྡན་གྱིས་དམ་བཅར་མི་རིགས་པར་ཐལ་ལོ། ཚད་མས་མ་གྲུབ་ཀྱང་དམ་བཅའ་རྟོག་ལྡན་དུ་མི་འགྱུར་ཏེ། དེ་མེད་པར་ནི་དངོས་པོ་དང་། དངོས་མེད་རྣམ་གཞག་གང་གིས་ནུས། ཞེས་བཤད་པ་ལྟར་རོ། གང་ཕྱིར་འཇིག་རྟེན་དོན་གཉེར་ནི། ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། ཞེས་བཤད་པ་ལྟར་ཐེ་ཚོམ་ཡང་འཇུག་པའི་ཡན་ལག་ཏུ་འགྱུར་བས། རྟོག་ལྡན་འཇུག་པའི་ཡན་ལག་ཏུ་ཚད་མས་གྲུབ་པ་མི་དགོས་ཤེ་ན། དེའི་དོན་ནི། ཡོད་པ་སྲིད་མཐའ་ཙམ་དུ་སོང་བ་ཚད་མས་འགོག་ནུས་ཤིང་། མེད་པ་སྲིད་མཐའ་ཙམ་དུ་སོང་བའི་དོན་འགྱུར་གྱི་ཐེ་ཚོམ་འདྲེན་པའི་ཐ་སྙད་པའི་ཚད་


JLD016_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

མ་རང་ག་བའི་དབང་དུ་བྱས་ཀྱི། དེ་ལྟ་མིན་ན། བསམ་གཏན་གཟུགས་མེད་སོགས་ཡོད་དམ་མེད་དྲིས་པ་ན། ཐེ་ཚོམ་ཟ་ཞེས་ལལ་འདེབས་རིགས་པར་འགྱུར་རོ། གཉིས་པ་ནི། སྦྱིན་སོགས་དཀར་ཆོས་ཆོས་ཅན། ཁྱོད་སྤྱད་པ་ལས་བདེ་བ་འབྱུང་སྟེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ལུང་རྣམ་དག་ལས་གསུངས་པའི་ཕྱིར་ཞེས་པ་རྟགས་སུ་འདོད་པ་ཡང་མི་རིགས་ཏེ། ཆོས་ཅན་གྲུབ་པའི་དུས་ན་བསྒྲུབ་བྱ་གྲུབ་ཟིན་པའི་ཕྱིར་དང་། སྒྲ་མི་རྟག་སྟེ། དེ་ལྟར་ར་ངས་སྨྲས་བའི་ཕྱིར་ཞེས་པ་ཡང་། རྟགས་ཡང་དག་ཏུ་འདོད་དགོས་པར་འགྱུར་རོ། དོན་མཐུན་དུ་གསུངས་པ་རྟགས་སུ་འགོད་པ་ཡང་མི་རིགས་ཏེ། དེ་ངེས་པ་ན་བསྒྲུབ་བྱ་ངེས་པའི་ཕྱིར། དེ་ལྟར་ན་ཁྱེད་ལ་འདུས་བྱས་མི་རྟག་པར་སྟོན་པའི་འུང་ཤེས་འདོད་དུ་བཟུང་བའི་སྔར་ཀྱི་རྟགས་ཡང་དག་དེ་ལྟ་བུ་ཁས་ལེན་དགོས་པར་འགྱུར་རོ། ཞེ་ན། དེ་ལྟ་བུ་མི་སྲིད་དེ། དཔྱད་པ་གསུམ་གྱིས་དག་པར་ངེས་པའི་དུས་ན་འདུ་བྱས་མི་རྟག་པར་སྟོན་པའི་ལུང་བསྟན་བྱ་ལ་མི་སླུ་བར་གྲུབ་ཟིན་པའི་ཕྱིར་རོ། དེ་ལྟར་ན་ལུགས་དེ་གཉིས་ཀ་ཡང་སྐྱོན་དང་བཅས་པ་ཡིན་ཏེ། ཚད་མར་འདོད་པའི་དཔྱད་གསུམ་གྱིས་དག་པའི་ལུང་། གཞི་འགར་བསྟན་བྱ་ལ་མི་སླུ་བའི་སྒྲུབ་བྱེད་དང་། ལོག་ཕྱོས་ལ་གནོད་བྱེད་དུ་བསྟན་པ་ན། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་ན། དེ་ལྟ་བུའི་ཁྱབ་པ་བསྟན་པ་འཁྲུལ་བ་ཡིན་ཏེ། བྱས་པ་སྒྲ་མི་རྟག་པའི་སྒྲུབ་བྱེད་དུ་བསྟན་པ་ན། བྱས་པ་ཡིན་ན་དེས་ཁྱབ་པར་འཁྲུལ་བ་ལྟ་བུའོ། ཚད་མར་མི་འདོད་པས་ནི། དཔྱད་གསུམ་གྱིས་དག་པའི་ལུང་གི་


JLD016_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་རྣམས་རང་གི་བརྗོད་བྱའི་སྒྲུབ་བྱེད་དང་། ལོག་ཕྱོགས་ལ་གེགས་བྱེད་དུ་བསྟན་པ་ན། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་ན་དེས་ཁྱབ་པ་འཁྲུལ་བ་ཡིན་ཏེ། བྱས་པའི་གསལ་བ་རྣམས་སྒྲ་མི་རྟག་པའི་སྒྲུབ་བྱེད་དུ་མི་རུང་བར་བསྟན་པ་ན། བྱས་པ་ཡིན་ན་དེས་ཁྱབ་པར་བཟུང་བ་ལྟ་བུའོ། གསུམ་པ་ནི། ལུང་རྣམས་རང་གི་བརྗོད་བྱའི་དོན་གྱི་སྒྲུབ་བྱེད་དང་། ལོག་ཕྱོགས་ལ་གནོད་བྱེད་དུ་འདོད་པ་གནོད་བྱེད་པའི་ལུགས་དང་། ལོག་ཕྱོགས་ལ་གེགས་བྱེད་དུ་འདོད་ན་གེགས་བྱེད་པའི་ལུགས་ཡིན་གྱི། དཔྱད་གསུམ་གྱིས་རིག་པའི་ལུང་དེ་སྡུར་གྱི་དམ་བཅའི་ལོག་ཕྱོགས་ལ་གནོད་བྱེད་དུ་གེགས་བྱེད་པའི་ཕྱོགས་ཀྱིས་ཀྱང་འདོད་པ་ཡིན་ནོ། དེ་ལྟར་ན། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་ན། བསྟན་བྱ་ལ་མི་སླུ་བའི་ཚད་མ་ཡིན་པས་ཀྱང་མ་ཁྱབ་པར་འགྱུར་རོ་ཞེ་ན། སྤྱོན་མེད་ཏེ། དེ་ནི་འབྲེལ་བ་ལ་མི་སླུ་བའི་དོན་དུ་བྱས་པ་ཡིན་པས་མི་སླུབས་ཁྱབ་ཀྱང་མི་སླུ་བའི་སྒྲུབ་བྱེད་ཡིན་པས་ཁྱབ་པ་ཁས་བླངས་མི་དགོས་སོ། བཞི་པ་ནི། ཚུལ་གསུམ་དངོས་སྟོབས་ཀྱིས་ཚད་མས་གྲུབ་ན། ཡིད་ཆེས་པའི་རྟགས་བྱ་མི་རུང་ངོ་ཞེ་ན། རྟགས་ཐམས་ཅད་བསྒྲུབ་བྱའི་ངོས་ནས་མི་འདྲ་བར་རྣམ་པར་བཞག་ལ་ཡིན་གྱི། སྒྲུབ་བྱེད་ཚད་མའི་ངོས་ནས་མིན་ཏེ། ཐམས་ཅད་མཐར་མངོན་སུམ་འཇུག་དགོས་པར་བསྒྲུབས་ཟིན་པའི་ཕྱིར། དེ་ལྟར་མིན་ན། རྗེས་དཔག་འབའ་ཞིག་དགེ་དགོས་པས་ཐུག་མེད་དུ་འགྱུར་བ་དང་། དགག་རྟགས་སྒྲུབ་རྟགས་སོགས་ཀྱང་རྟགས་སུ་བཀོད་པ་དེ་དགག་སྒྲུབ་གང་རུག་གི་སྒོ་ནས་


JLD016_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་དགོས་པས། འགལ་ཁྱབ་དམིགས་པའི་དགག་རྟགས་མི་སྲིད་པར་འགྱུར་རོ། དེ་ལ་ཚད་མའི་གནོད་པ་བཞིར་ངེས་པའི་རྒྱུ་མཚན་ནི། མྱོང་བའི་སྟོབས་ཀྱིས་རྟོགས་པར་བྱ་བ་དང་། མྱོང་སྟོབས་མིན་པས་རྟོགས་པར་བྱ་བ་གཉིས་སུ་ངེས་ཤིང་། ཕྱི་མ་ལ་ལུང་གནོད་བྱེད་དུ་འགྱུར་བ་ལ་ངེས་པར་ལྟོས་པ་དང་མི་ལྟོས་པ་གཉིས་སུ་འདུས་ལ། མི་ལྟོས་པ་ལ། འདོད་པ་ཙམ་གྱིས་འཇོག་ནུས་པ་དང་མི་ནུས་པ་གཉིས་སོ། འདོད་པ་ཙམ་གྱིས་བཞག་ན། ཚད་མའི་གཞལ་བྱར་འགལ་ལོ་ཞེ་ན། མི་འགལ་ཏེ། སྤྱིར་རྟོག་པས་བཏགས་པ་ལ་ཚད་མས་མ་གྲུབ་པ་ཐག་ཁྲ་ལ་སྦྲུལ་དུ་བཏགས་པ་ལྟ་བུ་དང་། ཚད་མས་གྲུབ་པ་གཉིས་སུ་ཡོད་ལ། ཕྱི་མ་ལ་ཡང་འདོད་པ་ཙམ་གྱིས་བཞག་མི་ནུས་པ་བྱས་མི་རྟག་གི་ཐ་དད་ལྟ་བུ་དང་། བཞག་ནུས་པ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལྟ་བུ་གཉིས་སུ་ཡོད། འདོད་པ་ཙམ་གྱིས་འཇོག་ནུས་པའི་རྒྱུ་མཚན་ཡང་། གང་ན་འདོད་པ་ཡོད་པ་དེར་བརྡ་ཡོད་ལ། བརྡ་སྦྱར་བ་དེར་སྒྲས་བརྗོད་དུ་རུང་ལ། འདོད་པ་ཡང་ཡུལ་ཀུན་ལ་རང་གར་འཇུག་པའི་ཕྱིར། དེས་ན་རི་བོང་ཅན་ལ་ཟླ་བའི་སྒྲ་འདོད་པས་སྦྱར་བ་ཡིན་གྱི་ཡུལ་གྱི་ངོས་ནས་ཚུལ་གྲུབ་པ་མ་ཡིན་ཏེ། དེ་ལྟར་མིན་ན། ཟླ་བ་གང་ན་ཡོད་པ་དེར་ཟླ་བ་ཞེས་པའི་སྒྲ་འུར་འུར་རྒྱུན་མཆོག་པ་འབྱུང་དགོས་སོ། ཁོ་ན་རེ། ཟླ་བ་ཞེས་པའི་སྒྲ་དེ་རི་བོང་ཅན་འབེལ་འཇུག་མིན་པར་འགྱུར་ཏེ། རི་བོང་ཅན་མིན་པ་གཅོད་མི་ནུས་པའི་ཕྱིར་ཏེ། ཤེས་བྱ་མཐའ་དག་ལ་འཇུག་ཏུ་རུང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། རི་བོང་ཅན་ལ་ཟླ་བའི་སྒྲ་སྦྱར་བ་ན། རི་བོང་ཅན་ཟླ་བ་མིན་པ་གཅོད་ཀྱི། ཟླ་བ་མིན་པའི་གསལ་བ་མཐའ་དག་མི་


JLD016_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་དོ། ཟླ་བ་མིན་གཅོད་དུ་ཆུག་ཀྱང་ཟླ་བ་མིན་ན་དེས་གཅོད་མི་དགོས་སོ། དེས་ན་གྲགས་པ་དང་ཡིད་ཆེས་ཀྱི་ཚང་མ་ཡབ་ཡུམ་གྱི་ཁྱད་པར་བསྟན་པའི་སྒོ་ནས་ནང་ཕན་ཚུན་དང་། དངོས་སྟོབས་ཀྱི་ཁྱད་པར་དབྱེ་དགོས་ཀྱི། ཚུལ་གསུམ་སྒྲུབ་བྱེད་ཀྱི་ཚང་མས་དབྱེར་མི་རུང་ངོ་། གསུམ་པ་གཞན་སེལ་བའི་རྣམ་གཞག་གཏན་ལ་དབབ་པ་ལ། བདེན་པ་གཉིས་རྣམ་གཞག་དང་། སྒྲ་རྟོག་གི་འཇུག་ཚུལ་དང་། སེལ་བ་ངོས་བཟུང་བའོ། དང་པོ་ལ། བདེན་གཉིས་ཀྱི་མཚན་ཉིད། མཚན་གཞིའི་དབྱེ་བ། ངེས་བྱེད་ཀྱི་ཚད་མ་བཤད་པའོ། དང་པོ་ལ། ཀུན་རྫོབ་བདེན་པའི་མཚན་ཉིད་ནི། རྟོག་པས་བཏགས་པ་ཙམ་དུ་གྲུབ་པའི་ཆོས་དང་། དོན་དམ་བདེན་པའི་མཚན་ཉིད་ནི། རྟོག་པས་བཏགས་པ་ཙམ་མིན་པར་གྲུབ་པའི་ཆོས་སོ། གཉིས་པ་ནི། ཀུན་རྫོབ་ཀྱི་སྒྲ་བཤད་པའི་གཞི་ནི། སྤྱི་འཛིན་གྱི་རྣམ་པར་རྟོག་པ་ཡིན་གྱི། སྤྱི་མཚན་གཟུང་ཡུལ་དུ་བྱས་པས་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་ཞེས་བྱ་ལ། ཀུན་རྫོབ་གྱི་སྒྲ་འཇུག་པ་མིན་ནོ། དེས་ན་རྟོག་པའི་གཟུང་ཡུལ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་དང་། རང་མཚན་ཐམས་ཅད་དོན་དམ་པའི་བདེན་པ་ཡིན་ནོ། གསུམ་པ་ནི། སྤྱི་མཚན་རྟོག་པས་བཏགས་པ་ཙམ་དུ་ངེས་པ་ནི། རྫས་སུ་གྲུབ་ཁོགས་པ་སྔོན་དུ་སོང་བ་ལ་ལྟོས་པས་དེ་སྒྲུབ་པ་ལ། གཞན་གྱི་ལུགས་དགག་པ་དང་། རང་གི་ལུགས་བཞག་པའོ། དང་པོ་ནི། ཁ་ཅིག སྤྱི་མཚན་དངོས་པོ་ཡིན་པ་བཀག་པ་ན། དེ་འགོག་བྱེད་ཀྱི་རིགས་པ་དེ་ཉིད་བྱས་མི་རྟག་སོགས་ལ་ཡང་མཚུངས་པར་མཐོང་ནས་དེ་དག་ཀྱང་


JLD016_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མིན་ཞིང་། སྒྲ་མི་རྟག་པར་ཡང་རང་ལུགས་ལ་དམ་བཅའ་མི་ནུས་པར་རྟོག་ངོ་ཙམ་དུ་ཡོད་པར་ཁས་ལེན་པ་ནི། མངོན་སུམ་ཚད་མ་ཡང་རང་ལུགས་ལ་སྒྲུབ་མི་ནུས་པའི་ཕྱིར། དམ་བཅའ་གང་ཡང་ཡང་དག་ཏུ་སྒྲུབ་མི་ནུས་པར་འགྱུར་ཏེ་རྒོལ་ཕྱིར་རྟོལ་གཉིས་ཀ་ལ་བསྙོན་མི་ནུས་པའི་ཚད་མ་བསྟན་རྒྱུ་མི་འདུག་པའི་ཕྱིར་རོ། དེས་ན་དེ་དག་གིས་ཏང་མཚན་གྱི་འཇོག་བྱེད་ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དོན་མི་ཤེས་ཤིང་། སྤྱི་མཚན་དངོས་པོ་ཡིན་པ་འགོག་པའི་རིགས་པ་མ་ཤེས་པས་འཁྲུལ་བ་ཡིན་ཏེ། དེས་ན་དུས་འདྲེས་པར་འཛིན་པའི་རྟོག་པས་སྔ་དྲོའི་དུས་ན་ཡོད་པ་ཕྱི་དྲོའི་དུས་ན་ཡོད་པ་དང་། རང་བཞིན་འདྲེས་པར་འཛིན་པའི་རྟོག་པས་ཁྲ་བོ་ལ་ཡོད་པ་སེར་སྐྱ་ལ་ཡོད་པ་དང་། ཡུལ་འདྲེས་པར་འཛིན་པའི་རྟོག་པས་ཤར་ན་ཡོད་པ་དེ་ཉིད་ནུབ་ན་ཡོད་པར་བཟུང་བ་ཡིན་པས། མ་འདྲེས་པའི་དོན་ཡང་སྔ་དྲོ་ཡོད་པ་ཕྱི་དྲོ་མེད་པ་དང་། ཁྲ་བོ་ལ་ཡོད་པ་སེར་སྐྱ་ལ་མེད་པ་སོགས་ཀྱི་དོན་ཡིན་གྱི། ཁྲ་བོ་ལ་ཡོད་ན་སེར་སྐྱ་ལ་ཡོད་པར་འགལ་བའི་དོན་མ་ཡིན་ཏེ། དེ་ལྟར་ན་གཟུགས་ཡོད་ན་སྒྲ་ཡོད་པར་འགལ་བར་ཁས་བླངས་དགོས་ཤིང་། ཁྲ་བོ་ཡི་ནི་ངོ་བོ་གང་། ཞེས་པ་ནས། གཉིས་ཀ་ལ་ཡང་ཡོད་པ་ཡིན། ཞེས་པའི་བར་གྱི་གཞུང་སྔ་ཕྱི་ནང་འགལ་སྨྲས་པར་འགྱུར་རོ། གཉིས་པ་ནི། སྤྱི་མཚན་རྣམ་པར་རྟོག་པའི་གཟུང་ཡུལ་ཆོས་ཅན། དངོས་པོ་མེད་དེ། དངོས་པོར་མེད་དེ། ཤིང་དང་རྫས་གཅིག་དང་ཐ་དང་གང་དུ་ཡང་མེད་པའི་ཕྱིར། རྫས་གཞན་དུ་མེད་དེ། དེ་ལྟར་དུ་ཡོད་ན་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར། ཁྱོད་དེ་དང་རྫས་གཅིག་ཏུ་མེད་དེ། དེ་ལྟར་ཡོད་ན་ཤིང་གསལ་


JLD016_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

རང་མཚན་རྣམས་རྫས་གཅིག་ཏུ་འདྲེས་དགོས་པ་ལས་དེ་ལྟར་འདྲེས་པ་མེད་པའི་ཕྱིར། དེ་ལྟར་ན་ཤིང་དེ་ཤར་ཤུག་དང་རྫས་གཅིག་ན་ཡང་ཤ་ཤུག་གཉིས་ཀ་རྫས་གཅིག་ཏུ་འདྲེས་དགོས་པར་ཤིང་ཙམ་དངོས་པོ་མིན་པ་ཁོ་བོ་ཅག་གི་འདོད་པ་སྒྲུབ་པོ་ཞེ་ན། དེ་གཉིས་ཀྱི་ཁྱད་པར་མ་ཕྱེད་པས་ནོངས་པ་ཡིན་པས་རྣམ་པ་ཀུན་ཏུ་མི་མཚུངས་པ་ཉིད་ལེགས་པར་ཉོན་ཅིག ཤིང་དེ་ཤ་པ་དང་ཤུག་པ་ལ་རྗེས་སུ་འགྲོ་བར་སྣང་བའི་སྤྱི་འཛིན་གྱི་གཟུང་ཡུལ་དངོས་པོ་ཡིན་ན། བློ་དེ་རྟོག་མེད་མ་འཁྲུལ་བར་འགྱུར་དགོས་ལ། དེ་ལྟར་ན་དེའི་གཟུང་ངོར་ཆ་བཅས་འཆག་བ་མི་སྲིད་དེ། དེའི་རྒྱུ་མཚན་དེ་སྣང་བན་ཆ་དང་ཆ་ཅན་རྣམས་མི་འདྲ་བར་སྣང་དགོས་ལ། དེ་ལྟར་ན། ཆ་དང་ཆ་ཅན་ཆོས་ཅན། རྫས་ཐ་དད་དུ་ཐལ། བློ་མ་འཁྲུལ་བའི་ངོར་ཐ་དད་ཡིན་པའི་ཕྱིར། དེས་ན་བློམ་འཁྲུལ་བའི་ངོར་ཤིང་དེ་རང་གི་གསལ་བ་ལ་རྗེས་སུ་འགྲོ་བ་སྣང་ན་ཟླ་བ་དང་སྐར་མ་ལྟ་བུའམ། ཀ་བ་དུ་མ་ལ་ཐོག་ཅིག་བཀབ་བ་ལྟ་བུ་སོགས་སུ་སྣང་བ་མི་སྲིད་ཅིང་། ཆབ་ཅས་སྣང་བའང་མི་སྲིད་པས་ཤིང་ཙམ་དེ་ཤ་བ་དང་ཡང་ཆ་ཤས་ཀྱིས་དབེན་པའི་རྫས་གཅིག་ཏུ་སྣང་དགོས་ལ། ཤུག་པ་དང་ཡང་དར་སྣང་དགོས་པས་ཤང་ཤུག་གཉིས་རྫས་གཅིག་ཏུ་འཕེན་ནུས་པ་ཡིན་གྱི་ཤང་དེ་ཤ་ཤུག་དང་རྫས་གཅིག་པས། དེ་གཉིས་ནང་ཕན་ཚུན་ཡང་རྫས་གཅིག་ཏུ་ཁས་བླངས་མི་དགོས་ཏེ། དེ་གསུམ་པོ་རགས་པ་ཡིན་པའི་ཕྱིར། རགས་པ་ལ་དངོས་མེད་ཀྱིས་ཁྱབ་པ་ཁས་བླངས་པ་ནི། རགས་པ་དང་རགས་པ་ཆ་མེད་གཅིག་ཏུ་འཁྲུལ་ཞིང་ཆ་མེད་ཀྱི་


JLD016_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་གཅིག་སོ་སོར་མ་ཕྱེད་པ་ཡིན་ནོ། འདི་ལྟ་བུའི་ཁྱད་པར་ལེགས་པར་མ་ཤེས་ན་སྤྱི་མཚན་དངོས་པོ་ཡིན་པ་འགོག་ལོ་བྱས་ཀྱང་། མཐར་མངོན་སུམ་ལ་ཡང་མཚུངས་པ་སྤང་མི་ནུས་པ་རང་ལུགས་ལ་རྫས་གཞན་དང་རྫས་གཅིག་ཏུ་བསྒྲུབ་ནུས་པའི་དོན་མོ་གཤམ་གྱི་བུ་དང་མཚུངས་པར་ཁས་ལེན་དགོས་པར་འགྱུར་རོ། ཡང་དངོས་པོའི་མཚན་གཞི་འཇོག་ལོ་བྱས་པས་ན་སྤྱི་མཚན་རྣམས་དང་མཚུངས་པ་སྤང་མི་ནུས་ཤང་བདག་འཛིན་ཡང་གཟུང་ཡུལ་ལ་མི་འཁྲུལ་པར་ཁས་ལེན་དགོས་པས། འབད་ཀྱང་འཁོར་བ་ལས་མི་གྲོལ་བར་ཁས་ལེན་དགོས་པ་འགྱུར་རོ། དེས་ན་སྤྱི་མཚན་དངོས་པོར་གྲུབ་པ་ལེགས་པར་ཁེངས་ཤིང་བྱས་མི་རྟག་སོགས་དངོས་པོར་ཁས་བླངས་པས་ཆོག་པའི་གཉིས་ཚོགས་ལ་མཁས་པར་བྱའོ། གཉིས་པ་སྒྲ་རྟོག་སེ་ལ་བས་འཇུག་པར་བསྒྲུབ་པ་ལ། རྩོད་པ་ནི། སྒྲ་རང་གི་གནས་ཆོད་ལ་སྒྲ་བྱས་མི་རྟག་པ་གསུམ་གྲུབ་དུས་སོ་སོར་མེད་ཅིང་དོན་གཅིག་ཏུ་ཡོད་པས། རྟགས་སུ་བཀོད་པ་ཡང་བསྒྲུབ་བྱའི་ཆོས་དེ་ཉིད་རྟགས་སུ་བཀོད་པས་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པར་འགྱུར་ལ། བློ་རིམ་ཅན་དུ་ངེས་པ་ཡང་དོན་དང་མི་མཐུན་པར་ཞུགས་པས་ཕྱིན་ཅི་ལོག་འབའ་ཞིག་ཡིན་ནོ་ཞེ་ན། ལན་ལ། བློ་ལ་ཇི་ལྟར་སྣང་བའི་ཚུལ་དང་། དོན་ལ་ཇི་ལྟར་གནས་པའི་ཚུལ་དང་། དེ་ཇི་ལྟར་རྟོགས་པའི་ཚུལ་ལོ། དང་པོ་ནི། སྒྲ་བྱས་མི་རྟག་གསུམ་པོ་རྟོག་པ་ལ་སྔོ་སེར་ལྟར་སོ་སོར་སྣང་ཞིང་། ད་ཡང་རིམ་ཅན་ཁོ་ནར་སྣང་ལ། སྣང་བ་དེ་ཡང་འཁྲུལ་བ་ཡིན་ཏེ། སྣང་བ་ལྟར་མ་གྲུབ་པའི་ཕྱིར། དེའི་རྒྱུ་མཚན། སྣང་བ་ལྟར་གྲུབ་ན། སྒྲ་གྲུབ་དུས་ན་རྟག་པར་འགྱུར་


JLD016_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དེ་གསུམ་རྫས་ཐ་དད་པས་བྱས་པ་རྟག་པར་ཐལ་བ་དང་། མི་རྟག་པ་མ་བྱས་པར་འགྱུར་དགོས་སོ། གཉིས་པ་ནི། དེ་གསུམ་རང་གི་མཚན་ཉིད་གཅིག་ཁོ་ནར་གནས་ཤིང་། ཐ་དད་པ་ནི་རྟོག་པས་བཏགས་པ་ཙམ་ཡིན་ནོ། ཐ་དད་དུ་རྟོགས་པས་བཏགས་པ་ཙམ་ཡིན་ཀྱང་ཐ་དད་མཚན་ཉིད་པར་ཁས་བླང་པར་བྱ་སྟེ། དེ་བཀག་ན་འགོག་བྱེད་དེ་ཉིད་ལ་གནོད་པའི་ཕྱིར་རོ། དེས་ན་ཆོས་དང་ཆོས་ཉིད་ཐ་དད་ནི་བློས་ཀུན་བཏགས་པ་ཡིན་གྱི་དོན་ཡང་ནི་མིན་ཏེ་ཞེས་བཤད་པ་ལྟར། སྒྲ་བྱས་མི་རྟག་པ་གསུམ་དངོས་པོ་ཡིན་ཡང་དེ་གསུམ་ཤེས་འདོད་ཆོས་ཅན་དང་། བསྒྲུབ་བྱའི་ཆོས་དང་། གཏན་ཚིགས་ཡིན་པ་ནི་རྟོག་པས་བཏགས་པ་ཙམ་ཡིན་ནོ། དེ་ལྟར་མིན་ན་སྒྲུལ་མགོའི་གདེངས་ཀ་ལྟར་མཐོང་བའི་མངོན་སུམ་སྐྱེ་དགོས་སོ། དེས་ན་རྟགས་ཆོས་དོན་གསུམ་དང་བྱས་མི་རྟག་ཐ་དད་ཀྱི་ཆ་རྣམས་མེད་དོ་ཞེས་སྤོང་ཡང་མངོན་སུམ་གྱིས་གནོད་པ་མི་འབབ་སྟེ། ཡོད་ཀྱང་མངོན་སུམ་ལ་སྣང་དུ་མི་རུང་བའི་ཕྱིར། མེད་ཅེས་སྤོང་ན་སྤྱིར་ཚད་མས་གནོད་པ་ཡིན་ཏེ། རྗེས་དཔག་གིས་གྲུབ་པའི་ཕྱིར། མངོན་སུམ་གྱིས་མ་མཐོང་ན་མེད་དགོས་སོ་ཞེ་ན། སྐྱོན་མེད་དེ། རྟོག་པས་བཞག ཙམ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པར་མི་འདོད་དོ། རྟོག་པས་བཏགས་པ་ཙམ་དང་དོན་ཕྱེད་ནུས་པ་འགལ་བར་ཁས་བླངས་ན་དབུ་མ་པའི་ལུགས་སུན་དབྱུང་བར་འགྱུར་བ་བཞིན་དུ། འདིར་ནི་ཚད་མས་གྲུབ་པ་དང་འགལ་བར་ཁས་བླངས་ན་རྣམ་གཞག་ཐམས་ཅད་འཚོལ་བར་འགྱུར་རོ། གསུམ་པ་ནི། སྒྲ་བྱས་མི་རྟག་གསུམ་


JLD016_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་བློ་རིམ་ཅན་ཁོ་ནར་སྐྱེ་བ་ཡིན་གྱི། ཡུལ་གསུམ་རིམ་ཅན་ཁོ་ནར་གྲུབ་པ་མིན་ནོ། དེ་ལྟར་ན་ཡུལ་གསུམ་དུས་གཅིག་ཏུ་མ་གྲུབ་པར་འགྱུར་ཏེ། དུས་གཅིག་ཏུ་བསྒྲུབ་པའི་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་པོ། དེ་ཡང་ཡོད་པའི་སྒྲ་རྟོག་ཁོ་ན་སྒྲུབ་པས་འཇུག་པར་དོགས་པ་སྐྱེ་བའི་རྒྱུ་མཚན་དང་། སེལ་བ་ལ་འཇུག་པར་སྒྲུབ་པ་དང་། དངོས་མེད་ལ་དངོས་སུ་འཇུག་པའི་སྒྲ་རྟོག་ལ་དོགས་པ་དེ་སྐྱེ་བ་མི་རིགས་པ་དང་གསུམ་གྱིས་རིག་པ་བྱའོ། དང་པོ་ནི། བུམ་པའོ་སྙམ་དུ་འཛིན་པའི་རྟོག་པའི་ངོར་སྒྲུབ་པ་ཁོ་ནའི་རྣམ་པ་ཤར་གྱི། དགག་པའི་རྣམ་པ་མ་ཤར་བས་འཁྲུལ་བ་ཡིན་ནོ། གཉིས་པ་ནི། སྒྲ་ངེས་པའི་བློ་དེས་སྒྲ་མིན་དུ་འཛིན་པའི་ལོག་རྟོག་མ་གསལ་ན། སྒྲང་ངེས་ཀྱང་སྒྲ་མིན་པར་དོགས་པ་སྐྱེ་བར་འགྱུར་བས་དེ་བཅད་དགོས་ལ། དེ་ཡང་སྒྲོ་འདོགས་ཀྱི་ཞེ་ན་ཡུལ་རྣམ་པར་བཅད་པར་མ་ངེས་ན། སྒྲར་མི་གོ་པར་འགྱུར་ཏེ། སྒྲ་མ་ཡིན་པ་ལས་ལོག་པར་མི་གོ་བའི་ཕྱིར། དེས་ན་སྒྲོ་འདོགས་ཀྱི་ཞེ་ན་ཡུལ་རྣམ་པར་བཅད་པ་ངེས་ཤིང་སྒྲའི་སྟེང་གི་རྟག་པ་རྣམ་པར་བཅད་པ་མ་ངེས་པས་རྣམ་བཅད་ཀྱི་ཡུལ་ཅན་དུ་གྲུབ་བོ། དེས་ན་ཕྱི་རོལ་པ་རྣམས་ཀྱིས་སྒྲ་ངེས་པའི་བློ་དེས་སྒྲ་མིན་པའི་སྒྲོ་འདོགས་བཅད་ཀྱང་། སྒྲ་མིན་བཅད་མི་དགོས་པར་འདོད་པ་འགལ་བ་ཡིན་ནོ། སྒྲོ་འདོགས་གཅོད་པ་ཡུལ་སུན་ཕྱུང་བའི་སྒོ་ནས་ཡིན་གྱི། ཕྱི་རོལ་ཚེར་མ་འདོན་པའི་ཚུལ་གྱིས་མིན་ནོ། དེ་ལྟར་ན་སྒྲོ་འདོགས་གཅིག་བཅད་ན། ཀུན་གཅོད་པ་དང་། མ་བཅད་ན་གཅིག་ཀྱང་མི་གཅོད་པར་འགྱུར་རོ། དེས་


JLD016_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

ན་མངོན་སུམ་དང་། རྟོག་པ་གཉིས་ཡུལ་སེལ་བ་ལ་འཇུག་པར་འདྲ་ཡང་འཇུག་ཚུལ་མི་འདྲ་སྟེ། མངོན་སུམ་སྒྲུབ་པའི་སྒོ་ནས་འཇུག་ལ། རྟོག་པ་ནི་སེལ་བའི་སྒོ་ནས་འཇུག་པ་ཡིན་ནོ། དེ་ཡང་ཡུལ་གྱི་སྟོབས་ཀྱིས་ཚུལ་མངོན་སུམ་ལ་སྣང་བ་བསྐྱེད་པ་ཡིན་ལ། ཡུལ་སྔོན་པོ་ལྟ་བུའི་རྫས་རྣམས་ཀྱང་སོ་སོར་མེད་པས་ཆ་ཤས་སུ་མ་ཕྱེ་བར་འཛིན་པ་ཡིན་ནོ། དེས་ན་མངོན་སུམ་ནི་སྒྲོ་འདོགས་དང་མི་འགལ་བར་འཇུག་པ་ཡིན་ཏེ། རྟག་པར་སྒྲོ་འདོགས་པའི་དུས་ན་ཡང་མི་རྟག་པར་མཐོང་བའི་ཕྱིར། དེ་ལྟ་མིན་ན་སྒྲོ་འདོགས་ཐམས་ཅད་ཅིག་ཅར་ཆོད་དགོས་པར་འགྱུར་རོ། མངོན་སུམ་གྱིས་བཞག་པའི་བག་ཆགས་ཀྱིས་ངེས་ཤེས་བསྐྱེད་ཅིང་། དེ་ཡང་སྒྲོ་འདོགས་དང་འགལ་བར་འཇུག་དགོས་ལ། སྒྲོ་འདོགས་ཀྱིས་ཀྱང་ཡུལ་ལ་ལོག་པར་ཞུགས་པས་དེ་སེལ་བ་ན་དེའི་ཡུལ་བཅད་དགོས་པ་ཡིན་ནོ། གསུམ་པ་ནི། བུམ་པ་མེད་དེ་ཞེས་བརྗོད་པའི་སྒྲ་དེས་དགག་བྱ་རྣམ་པར་བཅད་པའི་རྣམ་བཅད་ཡུལ་དུ་བྱས་སམ་སྒྲུབ་པ་རང་དབང་བ་ཁོ་ན་ཡུལ་དུ་བྱས་སྙམ་དུ་རྟོག་ལྡན་གྱིས་དཔྱད་པར་བྱ་མིན་ཏེ། སྒྲ་བརྗོད་ཙམ་ནས་དགས་བྱའི་དོན་ཚིག་གིས་ཟིན་པར་དངོས་སུ་བཅད་པའི་ཕྱིར་རོ། གསུམ་པ་གཞན་སེལ་ངོས་བཟུང་བ་ལ། གཞན་སེལ་གྱི་མཚན་ཉིད། དབྱེ་བ། བརྡ་སྦྱོར་བའི་ཚུལ་གཏན་ལ་དབབ་པའོ། དང་པོ་ནི། བསལ་བྱ་ཚིག་གིས་ཟིན་པར་དངོས་སུ་བཅད་པའི་སྒོ་ནས་རྟོགས་པར་བྱ་བའི་ཆོས་སོ། གཉིས་པ་ལ། མེད་དགག་དང་། མ་ཡིན་དགག་གི་སེལ་བ་གཉིས་


JLD016_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཕྱི་མ་ལའང་བློའི་སེལ་བ་དང་དོན་གྱི་སེལ་བ་གཉིས་སོ། དཔེར་བརྗོད་ན། བུམ་པའི་སྟེང་དུ་བུམ་པ་མིན་པ་རྣམས་པར་བཅད་པ་ཙམ་ནི་མེད་དགག་གི་སེལ་བ་དང་། བུམ་པ་མིན་པ་ལ་ལོག་པར་རྟོག་ངོར་སྣང་བ་བློའི་སེལ་བ་དང་། བུམ་པ་མ་ཡིན་པ་ལས་ལོག་པ་དེ་དོན་གྱི་སེལ་བ་ཡིན་ནོ། བུམ་འཛིན་རྟོག་པའི་ངོར་བུམ་པའི་དོན་སྤྱི་དེ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་ན་དགག་པའི་རྣམ་པ་ཅན་དུ་འགྱུར་དགོས་ཤེ་ན། དེ་ལྟ་ན་མངོན་སུམ་རྣམས་ཀྱང་དགག་པའི་རྣམ་པ་ཅན་ཁོ་ནར་འགྱུར་ཏེ། ཡུལ་རྣམས་རིག་མི་མཐུན་པ་ལས་ལོག་པར་སྣང་བའི་ཕྱིར། དེར་ཐལ། མ་འདྲེས་པ་ཁོ་ནར་སྣང་བའི་ཕྱིར། དེས་ན་དེ་མིན་ལས་ལོག་པར་སྣང་ཡང་དགག་པའི་རྣམ་པ་ཅན་དུ་མི་འགྱུར་ཏེ། སྒྲུབ་རྟོག་ལ་ཡང་དེ་ལྟར་སྣང་བའི་ཕྱིར། དེ་ལྟར་ཡང་། དེ་ལ་ངོ་བོ་ཕྱི་རོལ་དང་། གཅིག་ལྟ་གཞན་ལས་ལོག་ལྟ་བུར། ཞེས་བཤད་པ་ལྟར་རོ། གསུམ་པ་ནི། དཀར་ཟལ་ལ་བ་ལང་གི་བརྡ་སྦྱར་བ་ན་ནག་སྒྲུར་ལ་ཡང་བ་ལང་དུ་གོ་ནུས་པར་ཕྱི་ནང་གཉིས་ཀ་འདོད་ཀྱང་དེ་ལྟར་གོ་བའི་རྒྱུ་མཚན་ལ་མི་འདྲ་སྟེ། ཕྱི་རོལ་བ་ནི་སྤྱི་ལ་བརྡ་སྦྱོར་ཞིང་སྤྱི་དེ་ཡང་ཆ་མེད་གཅིག་ཡིན་པས། གཅིག་ལ་སྦྱར་བས་ཀུན་ལ་གོ་ཞིང་དེ་ལྟ་མིན་མ། དཀར་ཟལ་དང་ནག་སྒུར་གཉིས་ཀྱི་སྟེང་ན་ཐུན་མོང་མིན་པའི་ཁྱད་པར་མཐུན་སྣང་བ་མེད་ན། དཀར་ཟལ་དེ་ནག་སྒུར་དང་རྟ་གཉིས་ལ་ལྟོས་ནས་འདྲ་མི་འདྲའི་ཁྱད་པར་མེད་པས། ནག་སྒུར་བ་ལང་དུ་ག་ལ་རྟ་དེར་མི་གོ་བ་མི་འཐད་དོ་ཞེས་ཟེར་རོ། རང་ལུགས་ནི་དཀར་ཟལ་གྱི་སྟེང་དུ་བ་ལང་མ་ཡིན་པ་ལས་ལོག་པའི་གཞན་སེལ་ལ་བ་རྡ་


JLD016_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཞིང་། གཞན་སེལ་དེ་ཡང་བ་ལང་གི་གསལ་བ་ཀུན་ལ་རྗེས་སུ་འགྲོ་བ་ཁྱད་པར་མེད་པའི་ཕྱིར་གཅིག་ལ་སྦྱར་བས་ཀུན་ལ་གོ་བ་ཡང་གཞན་སེལ་ཁས་བླངས་བ་ན་སྤྱི་ཁས་བླངས་ཀྱང་སྒྲ་རྟོག་མི་འཇུག་པར་བསྒུབས་ཟིན་ལ། ཁས་ལེན་ན། གཞན་སེལ་ཉིད་ཀྱིས་བརྡའི་དགོས་པ་འགྲུབ་པས་དེ་ལས་གཞན་པའི་སྤྱི་ཁས་ལེན་པ་དོན་མེད་དོ། དེས་ན་བརྡའི་ཞེ་ན་ཡུལ་ནི། དཀར་ཟལ་དང་བ་ལང་མ་ཡིན་པ་ལས་ལོག་པའི་ཚོགས་དོན་ཡིན་ནོ། རྟོག་པ་ཕན་ཚུན་བརྟེན་པའི་སྐྱོན་ཡང་མེད་དེ། བརྡ་སྦྱོར་བའི་བརྡ་སྦྱར་དགོས་ཀྱི་གང་ཟག་རང་ཉིད་ཀྱིས་བ་ལང་དང་བ་ལང་མིན་པའི་དོན་གཉིས་མངོན་སུམ་གྱི་སྟོབས་ཀྱིས་སོ་སོར་ངེས་ཟིན་པའི་ཕྱིར་རོ། གཉིས་པ་གཞལ་བྱ་མངོན་གྱུར་ངེས་པའི་ཐབས་ལ། ཚད་མ་གཉིས་སུ་ངེས་པའི་རྒྱུ་མཚན་དང་། ཚད་འབྲས་གཏན་ལ་དབབ་པའོ། དང་པོ་ནི། ཡུལ་ལ་སྒྲོ་འདོགས་གསར་དུ་གཅོད་པ་ན། སྤྱི་མཚན་གཟུང་ཡུལ་དུ་བྱས་པ་དང་རང་མཚན་གཟུང་ཡུལ་དུ་བྱས་པ་གཉིས་མཐོང་ཞིང་། གཉིས་ལས་གཞན་ཡོད་པ་ཁེགས་པས། འཇལ་ཚུལ་གཉིས་སུ་ངེས་པའི་ཕྱིར། ཚད་མ་གཉིས་སུ་ངེས་པ་ཡིན་གྱི། རྗེས་དཔག་གིས་སྤྱི་མཚན་དང་མངོན་སུམ་གྱིས་རང་མཚན་འདལ་བའི་སྒོ་ནས་གཉིས་སུ་བསྒྲུབ་པ་མིན་ཏེ། དེ་ལྟ་ན་རང་མཚན་ཡིན་ན། ལྐོག་གྱུར་ཡིན་པ་འགལ་བའི་ཕྱིར་རོ། དེས་ན་དོན་བྱེད་ནུས་པ་དང་མི་ནུས་པ་གཉིས་སུ་ངེས་པ་ཡང་གཟུང་ཚུལ་ལ་གཉིས་འདུག་པས་ཚད་མ་གཉིས་སུ་ངེས་པར་བསྒྲུབ་པ་ཡིན་ནོ། གཉིས་པ་ལ། འབྲས་རྟོག་དང་པོ་རྣམ་གཞག་དང་། གཉིས་པ་དང་། གསུམ་པའི་


JLD016_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཞག་དང་། བློ་ཚུལ་གཉིས་སུ་སྒྲུབ་པའོ། དང་པོ་ནི། སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་སླུ་བའི་རིག་པ་ཚད་མ། སྔོན་པོ་རྟོགས་པའི་ཚད་མ་འབྲས་བུ། འདི་ནི་མདོ་སེམས་གཉིས་ཀས་ཀྱང་ཐུན་མོང་དུ་ཁས་ལེན་པ་ཡིན་གྱི། མདོ་སྡེ་པས་ཀྱང་སྔོན་པོ་མངོན་སུམ་གྱིས་གཞལ་ཀྱང་སྔོན་པོ་ཕྱི་དོན་ཡིན་པ་རྟགས་ཀྱིས་སྒྲུབ་པར་འདོད་པ་ཡིན་ནོ། དེ་ལྟ་མིན་ན། སྒྲ་འཛིན་མངོན་སུམ་ཚད་མས་སྒྲའི་མི་རྟག་པ་ལ་ཡང་སྟོགས་ཀྱིས་ངེས་པ་འདྲེན་ནོ་ཞེས་ཟེར་ན་མདོ་སྡེ་བས་ཇི་ལྟར་ལན་འདེབས། དེ་ལྟར་ན་སྒྲ་རྩོད་གཞིར་བཟུང་ནས་རྟག་མི་རྟག་རྩོད་པར་མི་རིགས་པར་འགྱུར་རོ་ཞེ་ན། དེ་ལྟར་ན་སྔོན་པོ་རྩོད་གཞིར་བྱས་ནས་ཕྱི་དོན་ཡིན་མི་རྩོད་པ་ཡང་མི་རིགས་པར་འགྱུར་བསམ་མདོ་སྡེ་བས་འདི་ལྟ་བུའི་རགས་པ་ལ་འཁྲུལ་མི་སྲིད་ཅིང་། འབྲས་བུ་རྣམ་ལྡོག་པའི་རྟགས་ལས་ཕྱི་དོན་ཡོད་པར་ཡང་བསྒྲུབས་སོ། གཉིས་འབྲས་རྟོག་གཉིས་པ་ནི། གཟུང་རྣམ་གཞལ་བྱ། འདིཟན་རྣམ་ཚད་མ། རང་རིག་འབྲས་བུའོ། གསུམ་པ་འབྲས་རྟོག་གསུམ་པའི་རྣམ་གཞག་ལ། རྣམ་གཞག་ངོས་བཟུང་བ་དང་། འགལ་བ་སྤང་བའོ། དང་པོ་ནི། སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་སླུ་བའི་རིག་བ་ཚད་མ། རང་གི་གཞལ་བྱ་སྔོན་པོ་ལ་ལྟོས་ནས་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པའི་ཚད་མ་འབྲས་བུའོ། དེ་ལ་ཕྱི་དོན་བརྟག་པ་མཐའ་བཟུང་དུ་བྱས་ནས་ཕྱི་རོལ་གྱི་དོན་མེད་མོད། ཡོད་ན་ཡང་རང་རིག་འབྲས་བུ་ཞེས་འདོད་པ་དང་ཕྱི་དོན་གཞལ་བྱར་རང་ལུགས་སུ་འཇོག་པ་ནི་མདོ་སེམས་གང་གི་


JLD016_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལུགས་སུ་མི་རིགས་ཏེ། གཉིས་ཀའའི་ལུགས་ལ་ཕྱི་དོན་མངོན་སུམ་གྱི་གཞལ་བྱར་མི་འཐད་པའི་ཕྱིར། ཁ་ཅིག ཕྱི་དོན་ཐ་སྙད་དུ་ཡོད་ཅིང་རིགས་པས་དཔྱད་པ་ན་ཁེགས་པར་འདོད་པ་ནི་བདེན་གཉིས་ཀྱི་དབྱེ་ལ་མི་མཁས་པ་ཡིན་ཏེ། ཀུན་རྫོབ་འཇལ་བྱེད་ཀྱི་ཚད་མའི་ཡུལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་འགོག་པར་འདོད་པའི་ཕྱིར། བདེན་པ་གཉིས་ཐབས་དང་ཐབས་བྱུང་དུ་མི་འདོད་པར་ཚ་གྲངས་བཞིན་དུ་གནོད་བྱ་གནོད་བྱེད་དུ་ཁས་ལེན་དགོས་པར་འགྱུར་རོ། དེ་ལྟར་ན་གྲུབ་མཐའ་སྨྲ་བ་སུ་མཁས་ཀྱང་རང་ལུགས་ཀྱི་བདེན་གཉིས་འཇོག་པ་ན་ནང་འགལ་དུ་ཁས་ལེན་དགོས་སོ་ཞེས་སྨྲ་དགོས་པར་འགྱུར་རོ། རིགས་པའི་དབང་ཕྱུག་རྣམས་ཀྱིས་ནི་ཐ་སྙད་པའི་ཚད་མའི་གཞལ་བྱ་ལྟ་བུ་ལ་རིགས་པའི་གནོད་པ་འབབ་ན་ཀུན་མཁྱེན་གྱི་མཉམ་གཞག་གི་ཡུལ་ལ་ཡང་གནོད་པ་འབབ་པར་གསུངས་སོ། དེས་ན་འབྲས་རྟོག་གསུམ་པའི་སྐབས་སུ་ཡང་སྔོན་པོ་ལྟ་བུ་གཞལ་བྱར་བཞག་ནས་འཇལ་བྱེད་དེ་ལ་ལྟོས་ནས་རང་གི་བདག་ཉིད་དུ་གྱུར་པ་རིག་པར་མདོ་སྡེ་པའི་བློ་དོར་རྣམ་རིག་པས་སྒྲུབ་པ་ཡིན་ནོ། མདོ་སྡེ་པས་དེ་ལྟ་ན་རང་རིག་འབྲས་བུར་འདོད་དགོས་པས་ཧ་ཅང་ཐལ་བར་འགྱུར་སྙམ་དུ་བསམ་ནས་རྩོད་པ་ཡིན་ནོ། ཕྱི་རོལ་དོན་ནི་ཡོད་ན་ཡང་། ཞེས་པ་ནི། མདོ་སྡེ་པས་ཕྱི་རོལ་དོན་གྱི་གཞི་ལྡོག་ཏུ་འདོད་པའི་སྔོན་པོ་ལྟ་བུ་གཞལ་བྱར་བྱས་པའི་ཚེ་ཡང་སྔོན་པོ་རང་ལས་དོན་གཞན་མིན་པར་སྒྲུབ་པ་ཡིན་ནོ། ཁ་ཅིག་རྣམ་རིག་པའི་ལུགས་ལ་སྔོན་པོ་མི་སྲིད་ཅིང་དེས་ན་དབང་པོའི་མངོན་སུམ་ཡང་མི་སྲིད་དོ་


JLD016_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་བ་ནི་གྲུབ་མཐའ་དེའི་ལུགས་ལ་བློ་ཁམ་ཕྱོགས་སྟེ། རྣམ་རིག་ཙམ་གྱི་ལུགས་བཞིར་བཞག་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་དངོས་སྟོབས་ཀྱི་རིགས་པས་སྒྲུབ་དགོས་ཤིང་། དེའི་སྒྲུབ་བྱེད་ཀྱང་དབང་པོའི་མངོན་སུམ་དང་རང་རིག་པའི་མངོན་སུམ་ལ་ཐུག་དགོས་པ་ཡིན་ནོ། ཕྱི་རོལ་གྱི་དོན་འཇོག་པའི་ཐུན་མོང་མིན་པའི་གཞུང་ཚིག་དེ་ཙམ་མ་གཏོགས། གཞུང་གོང་འོག་ཀུན་ཏུ་རྣམ་རིག་པའི་ལུགས་ལ་ཡང་ལེགས་པར་སྦྱར་དུ་རུང་བ་དེ་རྟོགས་པར་གྱིས་ཤིག མངོན་སུམ་གྱི་མཚན་ཉིད་འཁྲུལ་རྒྱུ་བཞིས་མ་བསྐྱེད་པས་མ་འཁྲུལ་པ་དང་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་དང་བྲལ་བས་རྟོག་བྲལ་མ་འཁྲུལ་པའི་ཤེས་པ་ནི་རྣམ་རིག་པས་ཀྱང་སྡོར་སྣང་དབང་ཤེས་ལ་ཞུགས་པར་ཁས་ལེན་པ་ཡིན་ནོ། དེ་ལྟར་མིན་ན་ཕུང་པོ་ལྔའི་རྣམ་གཞག་མི་འཐད་པ་དང་། མདོ་སྡེ་པའི་ངོར་ཆོས་ཀྱི་བདག་མེད་གསར་དུ་སྒྲུབ་མི་ནུས་པ་སོགས་ཉེས་པ་དུ་མར་འགྱུར་རོ། སྤྱིར་སློབ་དཔོན་གྱིས་ཕྱི་རོལ་དོན་གྱི་རྣམ་གཞག་མཛད་པའི་དགོས་པ་ནི། ཉན་ཐོས་ཀྱི་རིགས་ཅན་འཁོར་བ་ལས་གྲོལ་བའི་ཐབས་བསྟན་པའི་ཕྱིར་ཡིན་ནོ། དེའི་ངོར་ཕྱི་དོན་བཀག་ན་ཆོས་ཀྱི་བདག་མེད་བསྟན་པར་འགྱུར་ཞིང་། དེའི་སྣོད་དུ་རེ་ཞིག་མི་རུང་བའི་གདུལ་བྱ་ལ་དོན་གྱི་རྣམ་གཞག་བཅོམ་ལྡན་འདས་ཀྱི་བཀའ་དང་པོར་བསྟན་པར་མཛད་པས་དེའི་དགོངས་པ་འགྲེལ་བའི་ཕྱིར་དུ་དོན་གྱི་རྣམ་གཞག་མཛད་པ་ཡིན་ནོ། འོ་ན་སློབ་དཔོན་གྱིས་རང་ལུགས་གྱི་དོན་ཁེགས་པས་ཚད་མ་མིན་པའི་དོན་བསྒོམ་པ་ལས་འཁོར་བ་ལས་གྲོལ་བར་ཁས་བླངས་དགོས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ་


JLD016_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་གྱི་དོན་མི་སྲིད་ཅིང་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་ཀྱང་ཉན་ཐས་དགྲ་བཅོམ་པའི་རྟོགས་པ་ཐོབ་ནུས་པར་བཞེད་པའི་ཕྱིར། དེའི་ལན་སྔར་སྔོ་འཛིན་དབང་ཤེས་གང་ལ་ཚད་མར་སོང་དཔྱད་པའི་སྐབས་སུ་བཤད་ཟིན་ཏོ། གཉིས་པ་ལ། རིགས་པ་དང་འགལ་བ་དང་། ལུང་དང་འགལ་བ་སྤང་བའོ། དང་པོ་ནི། མདོ་སྡེ་པ་ན་རེ། སྔོར་སྣང་དབང་ཤེས་དེ་སྔོན་པོ་ལ་ལྟོས་ཏེ་རང་གི་བདག་ཉིད་དུ་གྱུར་པ་རིག་པ་ཡིན་ན་རང་རིག་དབང་བུར་འགྱུར་བས་འཛིན་རྣམམ་ཚད་མར་འགྱུར་ལ། གཟུང་རྣམ་ཚད་མ་ཡིན་ན་ཚད་འབྲས་ཡུལ་རྫས་ཐ་དད་པར་འགྱུར་ཏེ། ཚད་མར་འདོད་པའི་གཟུང་བའི་རྣམ་པ་སྡོར་སྣང་དབང་པོའི་ཤེས་པ་དེས་གཞལ་བྱ་གང་འཇལ་སྲིད་པ་ན། སྔོན་པོ་འཇལ་ལོ་ཞེས་ཟེར་ཞིང་དེ་ལྟར་གཞལ་བའི་དགོས་པའམ་འབྲས་བུ་གང་ཡིན་དྲིས་པ་ན། སྡོར་སྣང་དབང་ཤེས་རང་ཉིད་རེད་ཅིང་སྒྲོ་འདོགས་ཆོད་པར་ཁས་བླངས་པའི་ཕྱིར། དཔེར་ན་ལྟ་རེས་གང་གཅོད་དྲིས་པ་ན་ཤིང་གཅོད་ཟེས་ཞིང་འབྲས་བུ་ལ་སྟ་རེ་རང་ཉིད་དུམ་བུར་སོང་ཞེས་ཟེར་བ་དང་འདྲའོ། ཞེས་ཟེར་རོ། དེ་སྤང་བ་ནི། ཤེས་བྱ་ཆོས་ཅན། སྔོར་སྣང་དབང་ཤེས་དེ་སྔོན་པོ་ལ་ལྟོས་ནས་རང་གི་བདག་ཉིད་དུ་གྱུར་པའི་གཞལ་བྱ་རིག་པ་འབྲས་བུ་ཡིན་ན་སྔོན་པོ་གཞལ་བྱར་བྱས་པའི་ཚེ་འཛིན་རྣམ་ཚད་མར་འགྱུར་མི་དགོས་པར་ཐལ། འཛིན་པའི་རྣམ་པ་ལ་ཡུལ་ཕྱི་རོལ་ལྟ་བུ་སྣང་བ་མི་སྲིད་ཅིང་། སྔོན་པོ་སྔོར་སྣང་ཤེས་པ་རང་གི་བདག་ཉིད་ཡིན་པའི་ཕྱིར། དེའི་ཚེ་གཟུང་བའི་རྣམ་པ་ཚད་མར་རིགས་པ་ཐལ། དབང་


JLD016_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཤེས་པ་ལ་སྔོ་སེར་དང་ཡིད་དུ་འོང་མི་འོང་སོགས་གསལ་བར་ཉམས་སུ་མྱོང་ཞིང་མྱོང་བ་ལྟར་ཚད་མས་གནོད་མེད་དུ་ངེས་པའི་དོན་དེ་དག་ལ་སྔོ་སེར་སོགས་སུ་འཇོག་རིགས་པའི་ཕྱིར། ངག་དོན་བསྡུ་ན། སྔོན་པོ་སྔོར་སྣང་ཤེས་པའི་བདག་ཉིད་ཡིན་ཡང་འཛིན་རྣམས་དེ་འཇལ་བྱེད་ཀྱི་ཚད་མར་འགྱུར་མི་དགོས་སོ། འཛིན་རྣམ་ཁ་ཕྱིར་ཕྱོགས་པ་མི་སྲིད་ཅིང་། སྔོན་པོ་རང་གི་བདག་ཉིད་དུ་གྱུར་པའི་སྡོར་སྣང་དབང་པོའི་ཤེས་པས་འཇལ་དགོས་པའི་ཕྱིར། དེ་ལྟར་ཡང་། དེ་ཚེ་དོན་སྣང་འདི་ཉིད་ནི། ཚད་ཡིན་ཞེས་སོགས་ཀྱིས་བསྟན་ནོ། སྔོན་པོ་ཤེས་པའི་བདག་ཉིད་ཡིན་ན་སྔོན་པོ་རིག་གོ་ཞེས་འཇོག་པ་མི་འཐད་དེ། ཕྱི་དོན་མེད་པའི་ཕྱིར་ཞེ་ན། སྔོར་སྣང་དབང་ཤེས་ཆོས་ཅན། སྔོན་པོ་ལ་ལྟོས་ཏེ་རང་གི་བདག་ཉིད་དུ་གྱུར་པའི་གཞལ་བྱ་རིག་པ་ཡིན་ཡང་། ཁྱོད་ཀྱིས་སྔོན་པོ་རིག་པར་འཇོམ་པ་ལ་འགལ་བ་མེད་དེ། ཁྱོད་རང་གི་སྟོབས་ཀྱིས་དྲངས་པོའི་བཅད་ཤེས་དེས་སྔོན་པོ་རིག་པར་བཞག་པ་ལྟར་ཁྱོད་ཀྱིས་སྔོན་པོ་རིག་པར་འཇོག་ནུས་ཤིང་། རིག་བྱ་སྔོན་པོ་དེ་ཁྱོད་རང་གི་བདག་ཉིད་ཡིན་པའི་ཕྱིར། རང་རིག་ཡིན་ཡང་དོན་རིག་འདོད། ཅེས་པའི་དོན་ནོ། ཕྱི་རོལ་དོན་ནི་ཡོད་ན་ཡང་། ཞེས་པ་དང་། དོན་རིག་འདོད་ཅིས་པ་རྣམས་མདོ་སྡེ་པས་ཕྱི་རོལ་དོན་གྱི་མཚན་གཞིར་འདོད་པའི་སྔོ་སོགས་རྟོགས་སླ་བའི་ཕྱིར་དང་། ཚིག་བཅད་སྦྱར་བདེ་བའི་ཕྱིར་དེ་ལྟར་མཛད་གྱི། ཕྱི་དོན་མངོན་སུམ་གྱི་གཞལ་བྱར་མི་རུང་བ་ལན་ཅིག་མིན་པར་བཤད་ཟིན་ཏོ། ཤེས་བྱ་ཆོས་ཅན། ཚད་འབྲས་ཡུལ་རྫས་ཐ་དད་པའི་སྐྱོན་མེད་པར་ཐལ། སྔོར་སྣང་


JLD016_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་ཤེས་པ་དེ་སྔོན་པོ་ལ་ལྟོས་ཏེ་ཚད་མ་ཡིན་ཞིང་། རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུ་ཡིན་པའི་ཕྱིར། དེས་ན་སྔོན་པོ་ལ་ཚད་མར་སོང་ཞིང་སྔོན་པོ་རིག་པ་འབྲས་བུ་ཡིན་པས་ཡུལ་རྫས་ཐ་དད་པའི་སྐྱོན་མེད་དོ། གཉིས་པ་ནི། འོ་ན་སྡར་རང་གིས་འབྲས་བུར་བཤད་པ་དང་འགལ་ཞེ་ན། སྔོན་པོ་གཞལ་བྱར་བཞག་པའི་ཚེ་རང་རིག་འབྲས་བུ་ཡིན་པར་སྐབས་གང་དུ་ཡང་བཞག་པ་མེད་ལ། དེའི་ཕྱིར་ཕྱི་རོལ་གཞལ་བྱ་ལ་འང་། རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། ཞེས་པའི་དོན་ཡང་རང་རིག་འབྲས་བུར་འཇོག་པའི་རིག་བྱ་དེ་ཡང་རང་གི་བདག་ཉིད་དུ་གྱུར་པ་ཉམས་སུ་མྱོང་བར་རིགས་སོ། ཞེས་རང་བཞིན་སེམས་པའི་ཚད་མ་ལ་ལྟོས་ནས་སྒྲུབ་པར་བྱེད་པ་ཡིན་གྱིས་རང་རིག་འབྲས་བུར་སྟོན་པ་མ་ཡིན་ནོ། སྔོན་པོ་གཞལ་བྱར་བྱས་པའི་ཚད་མ་མདོ་སེམས་གཉིས་ཀ་ཐུན་མོང་དུ་འདོད་ཅིང་ཕྱི་དོན་མངོན་སུམ་གྱི་གཞལ་བྱར་མདོ་སྡེ་བས་ཀྱང་མི་འདོད་ལ། སྔོན་པོ་གཞལ་བྱར་བྱས་པའི་འབྲས་རྟོག་དང་པོའི་ཚད་འབྲས་ཀྱི་རྣམ་གཞག་སྣམ་རིག་པ་དང་ཐུན་མོང་དུ་འགྱུར་བས་དེར་སྔོན་པོ་རིག་པ་འབྲས་བུར་བྱས་པ་དང་། འདིར། རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། ཞེས་བཤད་པ་དང་འགལ་བར་མི་བསམ་མོ། དེ་ལྟར་ན་འབྲས་རྟོག་དང་པོ་དང་གསུམ་པ་ཁྱད་པར་མེད་པ་འགྱུར་ཞེ་ན། སྐྱོན་མེད་དེ། འབྲས་རྟོག་གཉིས་པའི་སྐབས་སུ་གཞལ་བྱར་བཞག་པའི་གཟུང་རྣམ་དེ་ཚད་མ་ལས་དོན་གཞན་མིན་པར་མ་ཟད་འབྲས་རྟོག་དང་པོའི་སྐབས་སུ་གཞལ་བྱར་བཞག་པི་སྔོན་པོ་དེ་ཡང་


JLD016_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

འཇལ་བྱེད་ཚད་མའི་བདག་ཉིད་ཡིན་པར་སྐབས་འདིར་རིགས་པས་སྒྲུབ་པར་བྱེད་པ་ཡིན་པས། ཚད་མ་རང་གི་གཞལ་བྱ་ལ་ལྟོས་ནས་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་ལྟ་བུ་རིག་པ་འབྲས་བུ་ཞེས་བཞག་དུ་དུང་གི། རང་རིག་འབྲས་བུ་ཞེས་མི་རུང་བས་འབྲས་བུའི་ཁྱད་པར་དང་ཚད་འབྲས་ཀྱི་དགོས་པ་མི་འདྲའོ། རིག་བྱ་དེ་རང་གི་བདག་ཉིད་དུ་གྱུར་པ་ཡིན་པར་ནི་སྔོན་པོ་དེ་ཤེས་པའི་བདག་ཉིད་ཡིན་ནམ། ཤེས་པ་ལས་རྫས་གཞན་ཡིན་སྙམ་དུ་དཔྱད་པ་ན། རྫས་ཐ་དད་ཡིན་པ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཁེགས་པ་ལ་བརྟེན་ནས་ངེས་པས། སྔོར་སྣང་ཤེས་པ་དེ་སྔོན་པོ་ལ་ལྟོས་ནས་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུ་ཡིན་པར་གྲུབ་པས། རང་གི་ངོ་བོ་དཔྱོད་པ་ན། རང་རིག་འབྲས་བུ་ཡིན་པར་བཤད། ཅེས་གསུངས་ཀྱི་ཐ་སྙད་པའི་ཚད་མར་རང་ག་བས་ནི་དེ་ལྟར་མི་རྟོགས་སོ། འཇིག་རྟེན་ཀུན་ལ་གྲགས་པའི་སྔོར་སྣང་ཤེས་པ་སྔོན་པོ་ལ་ངེས་པ་འདྲེན་ནུས་ཀྱི་སྔོན་པོ་དོན་གཞན་མིན་པར་ངེས་པ་འདྲེན་མི་ནུས་པས་མ་བརྟགས་མ་དཔྱད་པ་དང་། རྗེས་ཀྱི་དྲན་ཤེས་ལ་ལྟོས་ནས་སྔོན་པོ་རིག་པ་འབྲས་བུ་ཡིན་ཞེས་པའི་དོན་ནོ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་སྔོན་པོ་དོན་གཞན་ཡིན་པ་ཁེགས་པ་ལ་བསམས་ནས་བརྟགས་ཤིང་དཔྱད་པ་ན་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུའོ་ཞེ་རྣམ་པར་བཞག་པ་ཡིན་གྱི། དཔྱད་མ་དཔྱད་ཀྱི་ཐ་སྙད་དུ་ཕྱི་དོན་ཁས་བླངས་ནས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དེ་འགོག་པར་འདོད་པ་ནི་རྣམ་པ་ཐམས་ཅད་དུ་མི་རུང་བར་བཤད་ཟིན་ཏོ། རྣམ་རིག་པས་ཀྱང་འབྲས་རྟོག་


JLD016_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་རྣམ་གཞག་དེ་ཁས་མེ་ལེན་ན། དེ་དང་འདིར་བཞག་པའི་འབྲས་བུ་གཉིས་འགལ་བ་སྤོང་བའི་དོ་ན་མེད་ཅིང་། འབྲས་རྟོག་འདི་མདོ་སྡེ་པ་ལ་སྦྱོར་བ་ནི་སློབ་དཔོན་གྱི་དགོངས་པ་དང་རྒྱ་མཚོའི་ཕ་རོལ་ཚུལ་རོལ་བཞིན་དུ་གྱུར་པ་ཡིན་ནོ། བཞི་པ་བློ་ཚུལ་གཉིས་སུ་སྒྲུབ་པ་ལ། ཚུལ་གཉིས་ངོས་བཟུང་བ་དང་། ཤེས་པ་ཐམས་ཅད་ཚུལ་གཉིས་པ་ཅན་དུ་སྒྲུབ་པའོ། དང་པོ་ནི། གཟུང་རྣམ་དང་འཛིན་རྣམ་གཉིས་ཡིན་ཏེ། དེ་ལ་འཛིན་རྣས་ནི་ཤེལ་དཀར་པོདྭངས་པ་ལྟ་བུ་ཡུལ་གྱི་རྣམ་པ་མ་ཤར་བའི་ཤེས་པ་ནང་ནག་ནས་པ་ལྟ་བུར་སྣང་ཞིང་བདག་ཏུ་འཛིན་པའི་གཞིར་གྱུར་བ་འདི་ཉིད་ཡིན་ལ། གཟུང་རྣམ་ནི་ཤེལ་ཚོན་གྱིས་ཁ་བསྒྱུར་བ་ལྟར་ཕྱི་ནག་ནས་པ་ལྟ་བུ་སྣང་བ་འདི་ཡིན་ནོ་ཁ་ཕྱི་ལྟའི་ཤེས་པ་ཡིན་ན་གཟུང་བའི་རྣམ་པ་ཡིན་པས་ཁྱབ་ཅིང་འཛིན་རྣམ་དེས་མངོན་སུམ་དུ་འཇལ་བར་བྱེད་པ་ཡིན་ནོ། ཁ་ཅིག དབང་ཤེས་ལྟ་བུ་ཁ་ཕྱིར་ལྟ་ལ་གཞན་རིག་དང་ནང་ལྟ་ལ་རང་རིག་མངོན་སུམ་དུ་འདོད་པ་མི་འཐད་དོ་དེ་ལྟར་ན་རྟོག་པ་རྣམས་ཀྱང་གཞི་འགའ་ཞིག་ལ་ལྟོས་ནས་མངོན་སུམ་དུ་ཁས་བླངས་དགོས་ན་རྟོག་པ་མངོན་སུམ་དུ་འགྱུར་བའི་སྐབས་ནི་ནམ་ཡང་མི་སྲིད་དོ། དེ་ལྟར་ན། རང་གི་ངོ་བོ་སྤ་དོན་མིན། དེ་ཕྱིར་དེས་ཀུན་མངོན་སུམ། ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་ཡུལ་ལ་ཡུལ་ཅན་གྱི་མིང་གིས་བཏགས་ནས། ཤེས་པ་ཀུན་འཇིན་རྣམ་པ་ལྟོས་ནས་མངོན་གྱུར་ཡིན་ཞེས་པའི་དོན་ནམ། ཡང་ན་ཤེས་པ་དེ་དེའི་སྟེང་ན་ཡོད་པའི་འཛིན་རྣམ་ཀུན་མངོན་སུམ་ཡིན་


JLD016_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ཏོ། གཉིས་པ་ནི། ཡུལ་ཤེས་དེ་ཡི་ཤེས་པ་ཡི། བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། ཅེས་བཤད་པ་ལྟར་སྔོར་སྣང་དབང་པོའི་ཤེས་པ་རང་ཉིད་གཟུང་རྣམ་དང་འཛིན་རྣམས་ཀྱི་ཚུལ་གཉིས་པ་ཅན་ཡིན་ཏེ། ཡུལ་ཤེས་བ་སྟེ་རང་ཉིད་དང་། དེ་ཤེས་པ་དྲན་ཤེས་གཉིས་སོ། ཡུལ་གྱི་སྒོ་ནས་བྱེ་བྲག་སོ་སོར་འབྱེད་ནུས་པའི་ཕྱིར། དེ་ལ་གནོད་པ་ཅན་གྱི་ཚད་མ་སྟོན་པ་ནི། སྔོར་སྣང་དབང་ཤེས་དང་དེ་དྲན་པའི་དྲན་ཤེས་གཉིས་ཆོས་ཅན། བློ་མི་འདྲ་བ་སོ་སོར་དབྱེར་མི་ནུས་པར་ཐལ། གཟུང་རྣམ་མི་འདྲ་བ་མེད་ཅིང་ཤེས་པ་ཀུན་གྱི་འཛིན་རྣམ་ལ་ཁྱད་པར་མི་འདྲ་བ་དབྱེ་མི་ནུས་པའི་ཕྱིར། རྟགས་སྔ་མ་ཁས་བླངས་སོ། གཞན་ཡང་། གཟུང་རྣམ་ཀྱིས་དབེན་པའི་འཛིན་རྣམ་རྐྱང་པ་ཅན་དུ་མཚུངས་ན་ཚོན་གྱིས་ཁ་དོག་མ་བསྒྱུར་བའི་ཤེལ་དཀར་པོ་དབུས་སུ་བཞག ཚོན་སྔོ་སེར་གཡས་གཡོན་དུ་བཞག་པ་ན། ཤེལ་དེ་སྔོན་པོ་དང་འདྲ་ལ་སེར་པོ་དང་མི་འདྲ་བའི་ཁྱད་པར་དབྱེ་མི་ནུས་པ་བཞིན་དུ། སྔོན་འཛིན་དབང་ཤེས་ཆོས་ཅན། སྔོན་པོ་རིག་ལ་སེར་པོ་མ་རིག་པའི་ཁྱད་པར་མེད་བར་ཐལ། སྔོན་པོ་དང་འདྲ་ལ་སེར་པོ་དང་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར། རྟགས་མ་གྲུབ་ན། གཟུང་རྣམ་མེད་པར་འདོད་པ་ཉམས་སོ། ཁོ་ན་རེ། སྔོན་འཛིན་མྱོང་བའི་འཛིན་རྣམ་ཆོས་ཅན། སྔོན་འཛིན་རིག་ལ་སེར་འཛིན་མ་རིག་པའི་ཁྱད་པར་མེད་པར་ཐལ། སྔོན་འཛིན་དང་འདྲ་ལ་སེར་འཛིན་དང་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར། རྟགས་མ་གྲུབ་ན། སྔོན་འཛིན་གྱི་རྣམ་པ་ཤར་བར་ཐལ་ལོ་ཞེ་ན། འདོད་པ་ཉིད་དེ། སྔོན་འཛིན་དངོས་སུ་


JLD016_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཕྱིར། སྔོན་འཛིན་གྱི་རྣམ་པ་ཇི་ལྟ་བུ་ཤར་ཞེ་ན། སྔོན་འཛིན་གྱི་འཛིན་རྣམ་མོ། འོ་ན་འཛིན་རྣམ་ལ་འཛིན་རྣམ་ཤར་ཞེས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྔོར་སྣང་དབང་ཤེས་སྔོན་པོའི་རྣམ་པར་གྱུར་པ་ན། དེ་ལ་སྔོན་པོའི་རྣམ་ལ་ཤར་བ་ཞེས་པ་ལྟར་འཛིན་རྣམ་དེ་ཉིད་སྔོ་འཛིན་གྱི་རྣམ་པར་གྱུར་པ་ན་དེའི་རྣམ་པ་ཤར་ཞེས་བྱ་ཞིང་། དེའི་རྣམ་པ་ནི་བློའི་རྣམ་པ་ཡིན་གྱི་ཡུལ་གྱི་རྣམ་པ་མིན་པས་རང་རིག་མངོན་སུམ་ལ་ཡུལ་གྱི་རྣམ་པ་སྣང་བར་ཡང་མི་འགྱུར་རོ། སྔོན་འཛིན་གྱི་འཛིན་རྣམ་དེས་སྔོན་འཛིན་རིག་ལ་སེར་འཛིན་མ་རིག་ན་ཤེས་པ་ཀུན་གྱི་འཛིན་རྣམ་ལ་ཁྱད་པར་མེད་པ་ཉམས་སོ། ཞེ་ན། སྐྱོན་མེད་དེ། སྔོན་འཛིན་དང་སེར་འཛིན་ཡུལ་གྱི་རྣམ་པའི་སྒོ་ནས་མི་འདྲ་བ་སོ་སོར་དབྱེ་ནུས་ཤིང་དེའི་སྒོ་ནས་འཛིན་པའི་རྣམ་པ་ཐད་ཀར་བཞག་པ་ཙམ་ཡིན་གྱི་ཡུལ་ཅན་གྱི་རྣམ་པ་མི་འདྲ་བའི་སྒོ་ནས་སོ་སོར་བཞག་ཏུ་མེད་དོ། གཟུང་རྣམ་ཁས་མི་ལེན་ན་འཛིན་རྣམ་ཉིད་ཀྱང་མི་འགྲུབ་བོ། གཉིས་པ་གཞན་ལ་རྟོགས་པ་བསྐྱེད་པའི་ཐབས་ལ། མཐའ་གཅིག་ཏུ་འཛིན་པའི་སྒྲོ་འདོགས་གཅོད་པའི་ཚུལ་དང་། མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་གཅོད་པའི་ཚུལ་ལོ། དང་པོ་ནི། སུམ་འབྱིན་ཡིན་ཏེ། དེས་ཕྱི་རྒོལ་གྱི་ངོར་མི་འདོད་པ་འཕངས་ནས་བློ་ཐེ་ཚོམ་ཅན་དུ་བྱེད་པ་ཡིན་ནོ། དཔེར་ན་སྒྲ་རྟག་པར་འདོད་པ་ན་སྒྲ་རྟག་པའི་ཕྱིར་མ་བྱས་པ་ཐལ་བ་འཕེན་པ་ལྟ་བུའོ། དེ་ཡང་སུན་འབྱིན་ལྟར་སྣང་གིས་སུན་འབྱིན་མི་ནུས་སོ་ཞེས་གོལ་ས་བཅད་ནས་སུ་འབྱིན་ཡང་དག་གིས་སུན་འབྱིན་པར་བྱེད་དགོས་


JLD016_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་ཤེས་པའི་ཕྱིར་དུ་ཡང་དག་དང་ལྟར་སྣང་གཉིས་སྨོས་སོ། གལ་ཏེ་སྒྲུབ་པའི་ཐལ་འགྱུར་དེས་ཀྱང་རྗེས་དཔག་བསྐྱེད་ནུས་ཏེ། ཁྱབ་པ་ཚད་མས་གྲུབ་ཅིང་། དམ་བཅའ་ལ་ཚད་མས་བསལ་བ་ཡོད་པས་རང་རྒྱུད་ཀྱི་ཕྱོགས་ཆོས་གྲུབ་པའི་ཕྱིར། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་དང་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཐལ་འགྱུར་གྱི་གཏན་ཚིགས་དང་། རང་རྒྱུད་ཀྱི་གཏན་ཚིགས་གཉིས་དོན་མི་གཅིག་ཅིང་། གཏན་ཚིགས་གཉིས་པོ་བློ་ཡུལ་དུ་སོང་བའི་དངོས་ཀྱི་འབྲས་བུ་ཡང་མི་གཅིག་སྟེ། ཐལ་འགྱུར་གྱི་རྟགས་སུ་རྟག་པ་བཀོད་ལ། རང་རྒྱུད་ལ་བྱས་པས་བཀོད་པས་སོ། ཐལ་འགྱུར་གྱི་ཁྱབ་པར་ཚད་མས་གྲུབ་ཅིང་། རྟགས་ཁས་བླངས། བློའི་ཡུལ་དུ་སོང་བ་ན་ཕྱི་རྒོལ་གྱི་ངོར་མི་འདོད་པའི་དོན་ཁས་བླངས་དགོས་པར་འདུག་གོ་སྙམ་པ་སྐྱེ་བ་ནི་མི་འདོད་པ་འཕེལ་བ་ཞེས་བྱ་ལ། རང་རྒྱུད་ཀྱི་རྟགས་ལས་རྒོལ་བའི་འདོད་པ་ལ་དམིགས་པའི་ཚད་མ་ཕྱི་རྒོལ་གྱི་ངོར་སྐྱེས་བས་རང་འདོད་སྒྲུབ་པ་ཞེས་བྱའོ། གཉིས་པ་ལ། སྒྲུབ་དག་ཡང་དག་གི་མཚན་ཉིད་དང་། དེའི་བརྗོད་བྱ་ངོས་བཟུང་བའོ། དང་པོ་ནི། རྒོལ་བ་རང་གིས་གྲུབ་པའི་ཚུལ་གསུམ་གཞན་ལ་གསལ་བར་སྟོན་པའི་ཡན་ལག་གཉིས་དང་ལྡན་པའི་ངག་རྣམ་དག་གོ །ཁ་ཅིག སྒྲུབ་ངག་ཡང་དག་ལ་ཕྱོགས་ཆོས་རྐྱང་བ་བརྗོད་པ་དང་། ཁྱབ་པ་རྐྱང་བ་བརྗོད་པ་དང་། གཉིས་ཀ་བརྗོད་པ་ཡོད་དེ། གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། ཅེས་བཤད་པ་ལྟར་རོ་ཞེ་ན། དེ་ལྟར་ན་ཕྱོགས་ཆོས་རྐྱང་བ་ཅན་གྱི་རྟགས་ཅིའི་ཕྱིར་ཁས་མི་ལེན། བསྒྲུབ་བྱ་ལ་རྟོགས་པ་བསྐྱེད་པ་ལ་ཚུལ་གསུམ་ཀ་ཕྱི་རྒོལ་གྱིས་ངེས་དགོས་ཤིང་དེ་ལྟ་ཡིན་ན་མ་ངེས་པའི་རྟགས་ཀྱང་རྟགས་


JLD016_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ཏུ་འགྱུར་རོ་སྙམ་ན། འོ་ན་ཕྱི་རྒོལ་གྱི་ངོར་རྗེས་དཔག་བསྐྱེད་པ་ལ་ཚུལ་གཉིས་ཀ་བརྗོད་དགོས་ཤིང་དེ་ལྟ་མིན་ན། སྒྲ་ཡང་གཞལ་བྱ་ཡིན་ནོ་ཞེས་པའི་ངག་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་ཏུ་འགྱུར་རོ། དེ་ལྟ་བུའི་རྟགས་ངེ་བརྗོད་ཀྱང་མི་མཐུན་ཕྱོགས་ལ་འཇུག་པའི་དོགས་པ་གཅོད་མི་ནུས་པའི་ཕྱིར། དེ་བརྗོད་པའི་ངག་ཀྱང་སྒྲུབ་ངག་ཡང་དག་ཏུ་མི་འགྱུར་རོ་སྙམ་ན། འོ་ན་རྟགས་ཀྱི་ཕྱོགས་ཆོས་རྐྱང་བ་བརྗོད་པས་ཀྱང་མི་མཐུན་ཕྱོགས་ལས་ལྡོག་པ་མ་བསྟན་པའི་ཕྱིར། སྒྲུབ་ངག་ཡང་དག་ཏུ་མི་རིགས་སོ། ཁྱབ་པ་མ་བསྟན་ཀྱང་ཕྱོགས་ཆོས་རྐྱང་བ་བརྗོད་པས་སྒྲུབ་ངག་ཡང་དག་ཏུ་འགྱུར་རོ། སྔར་འབྲེལ་བ་ཤེས་ཟིན་མ་བརྗེད་པའི་དོར་དེ་ཙམ་བརྗོད་པས་རྗེས་དཔག་བསྐྱེད་ནུས་པའི་ཕྱིར་ཞེ་ན། དེ་ལྟར་ན་སྔར་ནས་ཁྱབ་པ་ཤེས་ཟིན་མ་བརྗེད་པའི་ངོར་ད་ལྟ་ཕྱོགས་ཆོས་སྒྲུབ་པས་ཀྱང་རྗེས་དཔག་བསྐྱེད་ནུས་པའི་ཕྱིར། ཕྱོགས་ཆོས་རྐྱང་བ་ཅན་གྱི་རྟགས་ཀྱང་ཅིའི་ཕྱིར་ཁས་མི་ལེན། དེ་ལྟར་ཕྱོགས་ཆོས་རྐྱང་བ་བསྒྲུབ་ཀྱང་སྔར་གྲུབ་ཟིན་པའི་ཁྱབ་པ་དེ་ཡང་ད་ལྟ་མ་བརྗེད་པར་ཡོད་པའི་ཕྱིར། ཚུལ་གསུམ་ག་ལྡན་པ་རྟགས་སུ་སོང་གི་ཕྱོགས་ཆོས་རྐྱང་བ་ཅན་གྱི་རྟགས་ཡོད་པར་མི་འགྱུར་ཞེ་ན། འོ་ན་ད་ལྟ་ཕྱོགས་ཆོས་རྐྱང་བ་བརྗོད་ཀྱང་སྔར་འབྲེལ་བ་ངེས་པར་བྱེད་པའི་དུས་ན་འབྲེལ་བ་བརྗོད་དགོས་ལ་བརྗོད་པ་དེ་ཉིད་ཀྱི་བྱེད་པ་ད་ལྟ་ཡང་མཉམ་པར་ཡོད་པའི་ཕྱིར་སྒྲུབ་ངག་ཡན་ལག་གཉིས་ལྡན་དུ་འགྱུར་གྱི་ཡང་ལག་གཅིག་ལྡན་ཁོ་ནའི་སྒྲུབ་བག་ཡང་ངག་ཡོད་པར་ཡང་མི་འགྱུར་རོ། ངག་སྣ་ཕྱི་


JLD016_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་བར་དུ་དུས་རིང་པོས་ཆོད་པའི་ཕྱིར་སྒྲུབ་ངག་གཅིག་གི་ཡན་ལག་ཏུ་མི་རིགས་ཤེ་ན། དེ་ལྟ་ན་ཡན་ལག་གཉིས་ལྡན་འདོད་པའི་ཕྱོགས་ཁྱབ་བརྗོད་པ་གཉིས་ཀྱང་དུས་མི་མཚུངས་པའི་ཕྱིར་སྒྲུབ་ངག་གཅིག་གི་ཡན་ལག་ཏུ་མི་རིགས་སོ། དེས་ན་སྒྲུབ་ངག་ཡང་དག་ལ་ཡན་ལག་གཉིས་ལྡན་གྱིས་ཁྱབ་ཅིང་སྔར་གྱི་གཞུང་གི་དགོངས་པ་ནི་སྔར་ཁྱབ་པའི་ཡང་ལག་བརྗོད་ནས་དེའི་བྱེད་པ་མ་ཉམས་པ་ཡོང་ན་ད་ལྟ་ཕྱོགས་ཆོས་ཀྱང་རྗེས་དཔག་བསྐྱེད་ནུས་པར་སྟོན་གྱི་དེ་གཅིག་བུས་སྒྲུབ་ངག་ཡང་དག་ཏུ་སྟོན་པ་མ་ཡིན་ནོ། དེ་བཞིན་དུ་ཁྱབ་པ་བརྗོད་པའང་ཤེས་པར་བྱའོ། གཉིས་པ་ལ་ཤུགས་བསྟན་ཕྱོགས་ཡང་དག་གི་མཚན་ཉིད། དངོས་བསྟན་རྟགས་ཀྱི་རབ་དབྱེའོ། དང་པོ་ནི། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་ཡིན་ནོ། དེ་ལྟ་ན་མིག་སོགས་བདག་དོན་བྱེད་པ་ཡང་ཕྱི་རྒོལ་གྱི་ངོར་གྲུབ་བསལ་མ་ཞུགས་པ་སོགས་ཆོས་ལྡ་ཚང་བའི་ཕྱིར་ཕྱོགས་ཡང་དག་ཏུ་འགྱུར་ལ། དེ་ལྟར་ན་དམ་བཅའ་ཡང་དག་ཡིན་མིན་ནི་སྒྲུབ་བྱེད་ཚད་མ་ཡོད་མེད་ཀྱི་སྒོ་ནས་འཇེ་ཀ་དགོས་པས་མིག་སོགས་བདག་བྱེད་པ་ཡང་ཚད་མས་གྲུབ་པར་འགྱུར་རོ་ཞེ་ན། ཕྱི་རྒོལ་གྱི་ངོར་ཚད་མས་མ་བསལ་བ་ཡོད་ཀྱང་སྤྱིར་ཚད་མས་མ་བསལ་བ་མཚན་ཉིད་དུ་དགོས་པས་དེ་ཕྱོགས་ཡང་དག་ཏུ་མི་འགྱུར་རོ། འོ་ན་ངོ་བོ་ཞེས་པས་སྤྱིར་ཚད་མས་མ་གྲུབ་པ་དགོས་ཀྱི་ཕྱི་རྒོལ་གྱི་ངོར་ཚད་མས་མ་གྲུབ་པ་ཙམ་གྱིས་ཕྱོགས་སུ་མི་འགྱུར་རོ་ཞེ་ན། དེ་ལྟར་ན་རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་ན་ཚད་མས་གྲུབ་པར་འགལ་དགོས་པར་འགྱུར་རོ། རྟགས་ཡང་


JLD016_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་བསྒྲུབ་བྱ་ཡིན་ན་ཚད་མས་བསལ་བར་འགལ་བ་ནི་འདོད་པ་ཉིད་དོ། ཕྱོགས་ཀྱི་རིགས་མི་མཐུན་ལ་རྒོལ་པས་ཕྱོགས་སུ་བཟུང་བ་དང་མ་བཟུང་བ་གཉིས་ཕྱི་མ་འདོད་པས་སེལ་ཞིང་། སྔ་མ་ལ་གྲུབ་བསལ་གཉིས་ཡོད་པས་དེ་གཉིས་ངོ་བོ་དང་མ་བསལ་བས་སེལ་མོ། ཚིག་ཕྲད་དང་འདོད་པ་གཉིས་ཀྱིས་ལོག་རྟོག་སེལ་བར་བྱེད་དོ། གཉིས་པ་ནི། ཕྱོགས་ཆོས་ཅན་དགུའི་དབྱེ་བ་ཡིན་ཏེ། དེ་སྨོས་པའི་དགོས་པ་ནི་རྟགས་ཡང་དག་གི་མཚན་གཞི་འབྲས་རང་མ་དམིགས་པ་གསུམ་དུ་ངེས་པ་དང་། མཚན་ཉིད་ཚུལ་གསུམ་དུ་གྲངས་ངེས་པ་དང་། ནུས་ཡུལ་རྩོད་གཞིའི་སྟེང་དུ་མི་མཐུན་ཕྱོགས་མཐའ་དག་རྣམ་པར་བཅད་པ་ཡིན་པར་ཤེས་པའི་དོན་དུ་ཕྱོགས་ཆོས་ཅན་དགུར་སྨོས་སོ། དེ་ལ་མཚན་གཞི་གསུམ་དུ་ངེས་པར་སྒྲུབ་པའི་དོན་དུ་གཏན་ཚིགས་ཡང་དག་གཉིས་དང་བཟློག་པ་གཉིས་ཏེ་བཞིར་སྨོས་པ་ཡིན་ཏེ། དེ་ཡང་རང་བཞིན་དང་འབྲས་བུའི་རྟགས་ཀྱིས་ཁྱབ་བྱེད་དུ་གོ་བར་བྱེད་པ་ནི་འདོད་པ་ཙམ་གྱིས་ལྡོག་པ་མིན་ནོ་ཞེས་བསྟན་པའི་དོན་དུ་རྟགས་ཡང་དག་གཉིས་བཀོད་དེ། འདོད་པ་ཙམ་གྱིས་བཟློད་ན་དེ་གཉིས་འགལ་རྟགས་སུ་ཡང་བྱེད་ནུས་པར་འགྱུར་བའི་ཕྱིར། གོ་བྱེད་ཀྱི་ནུས་པ་དེ་འདྲ་བ་དེ་འདོད་པ་ཙམ་གྱིས་འཇུག་པ་མིན་ནོ་ཞེས་པའི་དོན་དུ་འགལ་རྟགས་གཉིས་སྨོས་ཏེ། འདོད་པས་འཇུག་ན་དེ་གཉིས་རྟགས་ཡངདག་དུ་ཡང་འགྱུར་རོ། དེ་ལྟར་དངོས་པོའི་དབང་གིས་རྒྱུ་དང་ཁྱབ་བྱེད་ལོག་སྟོབས་ཀྱིས་འབྲས་བུ་དང་ཁྱབ་བྱ་ལྡོག་པར་བསྟན་པ་ན་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་དགག་


JLD016_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཤུགས་ལ་འཕངས་པ་ཡིན་ནོ། དེ་ལྟར་ན་རྟགས་ཡང་དག་གི་མཚན་གཞི་གསུམ་དུ་ངེས་པར་གྲུབ་པོ། མཚན་ཉིད་ཚུལ་གསུམ་དུ་ངེས་པར་བྱ་བའི་དོན་དུ་ཕྱོགས་ཆོས་ཅན་གཉིས་སྟོན་པ་ནི། རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ། ཞེས་པའོ། དེ་ཡང་ཕྱོགས་ཆོས་ཀྱི་རབ་དབྱེ་སྟོན་པའི་སྐབས་ཡིན་པ་ཉིད་ཀྱིས་ཕྱོགས་ཆོས་མཚན་ཉིད་པ་ཡིན་པ་ལ་རྩོད་པ་མེད་དོ། ཁ་ཅིག་རྗེས་འགྲོ་ཡང་མི་དགོས་ཏེ་ཕྱོགས་ཆོས་དང་ལྡོག་པ་ཙམ་གྱིས་རྟགས་ཡང་དག་ཏུ་འགྱུར་ཏེ། དཔེར་ན་ཐུན་མོང་མིན་པ་བཞིན་ཞེས་པའི་རྩོད་པ་སྤངས་པའི་དོན་དུ་ལྡོག་བརྗེས་འགྲོ་ལ་མི་འཁྲུལ་བར་བསྒྲུབ་ནས་རྗེས་འགྲོའི་ཚུལ་མཚན་ཉིད་དུ་དགོས་པར་བསྟན་པ་ཡིན་ནོ། ཁ་ཅིག ཕྱོགས་ཆོས་དང་རྗེས་འགྲོ་ཙམ་རྟགས་ཡང་དག་ཏུ་འགྱུར་ཏེ། གཞལ་བྱས་སྒ་མི་རྟག་པར་སྒྲུབ་པ་བཞིན་ནོ་ཞེས་པའི་རྩོད་པ་སྤངས་པའི་དོན་དུ་རྗེས་འགྲོ་ལྡོག་པ་ལ་མི་འཁྲུལ་བར་བསྒྲུབ་ནས་ལྡོག་པ་ཡང་མཚན་ཉིད་དུ་བསྟན་པ་ཡིན་ནོ། རྟགས་ཡང་དག་ཡིན་ན་མི་མཐུན་ཕྱོགས་ལ་མེད་པར་ངེས་པའི་སྒོ་ནས། རྟགས་ཀྱི་ནུས་ཡུལ་ངེས་པར་སྒྲུབ་པའི་དོན་དུ་ཕྱོགས་ཆོས་ཅན་གསུམ་བསྟན་པ་ནི། ལྷག་མ་ལྡོག་པའི་སྒྲུབ་བྱེད་ཡིན་ཞེས་པའོ། དེ་ཡང་དང་པོ་ལྡོག་བྱ་བ་གཙོ་བོར་བསྒྲུབ་ནས་རྩོད་གཞིའི་སྟེང་དུ་མི་མཐུན་ཕྱོགས་ཙམ་བཅད་པ་ནུས་ཡུལ་དུ་ངེས་པར་བྱེད་པ་ཡིན་ནོ། དེ་ལ་རྗེས་འགྲོ་གྲུབ་ཙམ་གྱིས་རྟགས་སུ་འགྱུར་ན། མི་རྟག་པ་རྩོལ་མ་བྱུང་གི་རྟགས་སུ་འགྱུར་ལ། རྗེས་སུ་འགྲོ་ལྡོག་ཆ་མཉམ་པས་རྟགས་སུ་འགྱུར་ན། རེག་བྱ་ཅན་མིན་པ་དེ་ཡང་མི་རྟག་པ་སྒྲུབ་པའི་རྟགས་སུ་འགྱུར་རོ། རྗེས་འགྲོ་སྟོབས་དང་ལྡན་ཞིང་ལྡོག་པ་


JLD016_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆུག་བ་ཡིན་ན། མི་རྟག་པ་རྩོལ་བྱུང་སྒྲུབ་པའི་རྟགས་སུ་འགྱུར་རོ། དེས་ན་ལྡོག་ཁྱབ་གཙོ་བོར་གྲུབ་པ་དགོས་སོ། འདི་ནི་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པའི་ཚད་མའི་ལམ་རིམ་ཡོད་དོ་ཞེས་ཟེར་བ་དེ་ཉིད་འཁྲུལ་མེད་ཡིན་མོད་ཀྱི། རྗེ་ཉིད་ཀྱིས་མཛད་པའི་མཛད་བྱང་མི་སྣང་ན་འང་། འོན་ཀྱང་རྗེའི་གསུང་ཡིན་པར་གོར་མ་ཆག་གོ །ཞེས་སྐྱབས་མགོན་མཚུངས་མེད་དམ་པ་ཡོངས་འཛིན་ཁྲི་རིན་པོ་ཆེ་རྣམ་པ་གསུམ་གྱིས་གསུངས་པས་ཡིད་ཆེས་པའི་གནས་སུ་བྱ་རིགས་སོ། སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ།། །།


previousཚད་མའི་ལམ་བསྒྲིགས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པ། next