Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།
   
   
   
   
  collapse section
   
   
   
   


 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


JLD017_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། །ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བས་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། ཞེས་སོ། །དེ་ལ་ཚིགས་བཅད་དང་པོའི་རྐང་པ་དང་པོས་ལུང་དམ་པ་མནོས་པ་དང༌། གཉིས་པས་རྒྱུ་དམ་པ་བསྒྲུབས་པ་དང༌། གསུམ་པས་ཁོང་དུ་ཆུད་པ་དམ་པ་རྟོགས་པའི་ཁྱད་པར་བསྟན་ཏེ། ཁྱད་པར་དེ་གསུམ་གྱིས་སེམས་བསྐྱེད་པ་དོན་དམ་པ་ཉིད་དུ་སྟོན་ཏོ། །དེ་ཡང་ས་རབ་ཏུ་དགའ་བར་འཐོབ་པས་དེའི་རབ་དགའ་ཁྱད་པར་དུ་འཕགས་པའི་རྒྱུ་སྟོན་ཏེ། དེ་ལ་ཆོས་དང༌། སེམས་ཅན་དང༌། སངས་རྒྱས་དང་སེམས་ཅན་གྱི་བྱ་བ་ལ་སེམས་མཉམ་པ་རྣམས་ནི་རིམ་པ་ལྟར་ཆོས་བདག་མེད་པར་དང༌། བདག་གཞན་མཉམ་པ་ཉིད་དུ་དང༌། སངས་རྒྱས་དང་རང་གི་ཆོས་དབྱིངས་དབྱེར་མེད་པར་རྟོགས་པ་དང༌། བདག་གི་སྡུག་བསྔལ་དང་འདྲ་བར་གཞན་གྱི་སྡུག་བསྔལ་ཡང་ཟད་པར་འདོད་པའི་ཕྱིར་རོ། །སྒོམ་རིམ་བར་པ་ལས་ཀུན་རྫོབ་དང་དོན་དམ་གྱི་སེམས་ཀྱི་དབྱེ་བ་ཡང་གསུངས་ཏེ། ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ་ཀུན་རྫོབ་དང་དོན་དམ་པའོ། །དེ་ལ་ཀུན་རྫོབ་ནི་སྙིང་རྗེས་སེམས་ཅན་མཐའ་དག་གདོན་པར་དམ་བཅས་ནས་འགྲོ་བ་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རྣམ་པའི་སེམས་དང་པོ་བསྐྱེད་པའོ། །དེ་ཡང་ཚུལ་ཁྲིམས་ཀྱི་ལེའུ་ལས་བསྟན་པའི་ཆོ་ག་བཞིན་དུ་བྱང་ཆུབ་སེམས་དཔའི་


JLD017_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་ལ་གནས་པ་མཁས་པ་ཕ་རོལ་པོ་ལས་བསྐྱེད་པར་བྱའོ། །དེ་ལྟར་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ་སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ་དོན་དམ་པའི་སྤྱོད་ཡུལ་དྲི་མ་མེད་པ་མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་བཞིན་དུ་མི་གཡོ་བའོ། །དེ་གྲུབ་པ་ནི་རྟག་ཏུ་གུས་པར་ཡུན་རིང་དུ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པར་བྱས་པ་ལས་འགྱུར་ཏེ་ཞེས་དང༌། བི་མ་ལ་མི་ཏྲའི་སྒོམ་རིམ་དུ་ཡང་དེ་ཇི་ལྟ་བ་བཞིན་དུ་བཤད་དོ། །གསུམ་པ་ནི། རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། ཞེས་སོ། །དེ་ལ་མོས་སྤྱོད་ཀྱི་ས་ལ་མོས་པ་ལས་བྱུང་བ་དང༌། ས་དང་པོ་བདུན་ལ་ལྷག་བསམ་དག་པ་དང༌། ས་བརྒྱད་པ་ལ་སོགས་པ་གསུམ་ལ་རྣམ་པར་སྨིན་པ་དང༌། སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། །འགྲེལ་ཆེན་ལས་ནི། དང་པོ་ངེས་འབྱེད་ཆ་མཐུན་བཞི་ལ་བཞག་ཀྱང་ཚོགས་ལམ་ནས་བཟུང་ན་ལེགས་སོ། །འདིར་ཁ་ཅིག་སངས་རྒྱས་ལ་སེམས་བསྐྱེད་མེད་དེ་ཡོད་ན་སྤྲིན་ལྟ་བུ་ཡོད་དགོས་པ་ལས་དེ་མེད་དེ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་ཡིན། ཞེས་པས་ཤེ་ན། ཉེས་པ་མེད་དེ། རྒྱལ་སྲས་ལ་ཡོད་པས་སངས་རྒྱས་ལ་ཡོད་པ་མི་ཁེགས་ལ། རྒྱལ་


JLD017_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་རྣམས་ཀྱིས་ཐོབ་པར་བྱ་བའི་སེམས་བསྐྱེད་ཅེས་ཀྱང་དགོངས་པ་བརྟག་ནུས་ཏེ་དེ་ལྟ་མིན་ན་སྔར་གྱི་ས་མཚམས་དང་འགལ་ཞིང་དོན་དམ་སེམས་བསྐྱེད་ཀྱང་མེད་པར་ཧ་ཅང་ཐལ་ལོ། །འོ་ན་སངས་རྒྱས་ལ་འདོད་པ་ཡོད་པར་འགྱུར་ལ་དེ་ལྟ་ན་དེ་རྟོག་པ་ཡིན་པས་མི་རིགས་ཤེ་ན། དེ་ལ་ཉེས་པ་མེད་དེ། ཟླ་འོད་ལས་འོ་ན་དོན་དུ་གཉེར་བའི་རྣམ་པར་རྟོག་པ་དང་ལྷན་ཅིག་རྒྱུ་བའི་སེམས་ནི་བཅོམ་ལྡན་འདས་ལ་ཇི་ལྟར་འབྱུང་ཞེ་ན། བདེན་དེ་དོན་དུ་གཉེར་བ་ནི་དོན་དུ་གཉེར་བར་བྱེད་པ་ཅན་གྱི་བྱེད་པ་པོའི་ཆོས་ཏེ། ཇི་ལྟར་རིགས་པར་སྔོན་གྱི་སེམས་སོ་སོ་བ་རྣམས་སོ། །དོན་དུ་གཉེར་བར་བྱ་བ་ཉིད་དང༌། འདོད་པར་བྱ་བ་ཉིད་ནི་ལས་ཀྱི་ཆོས་ཏེ་མཆོག་གི་སེམས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ལ་ནི་དོན་དུ་གཉེར་བའི་སེམས་ཀྱི་རྣམ་པར་རྟོག་པ་མེད་པ་ཉིད་དོ། ཞེས་དོན་དུ་གཉེར་བྱེད་ཀྱི་སེམས་རྟོག་བཅས་མེད་ཀྱང་དོན་དུ་གཉེར་བྱའི་སེམས་རྟོག་མེད་ཡོད་པར་བཤད་དོ། །ཡང་ན་འདུན་པ་སློབ་ལམ་དུ་རྟོག་པ་ཡིན་ཀྱང་སངས་རྒྱས་ཀྱི་སར་རྟོག་མེད་ཡིན་ཏེ། དེ་ཉིད་ལས། ཡང་ན་ཇི་ལྟར་སྡུག་བསྔལ་དང་བྲལ་བར་འདོད་པའི་ཐུགས་རྗེ་ཆེན་པོ་རྣམ་པར་རྟོག་པའི་བདག་ཉིད་ཅན་ནི་སྔར་ཡིན་ལ་ཕྱི་ནས་དེ་བཞིན་གཤེགས་པ་ལ་རྣམ་པར་རྟོག་པ་མེད་པས་དེ་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་ཅེས་པས་ནི་ཁ་ན་མ་ཐོ་བ་མེད་དོ་ཞེས་སོ། །བཞི་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད་ནས་རང་ཉིད་སངས་རྒྱ་བར་


JLD017_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཕྱུགས་རྫི་ལྟ་བུ་དང༌། བདག་གཞན་ཐམས་ཅད་དུས་མཉམ་དུ་སངས་རྒྱ་བར་འདོད་པ་མཉན་པ་ལྟ་བུ་དང༌། རང་ཉིད་སངས་རྒྱས་ནས་གཞན་གྲོལ་བར་འདོད་པ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དང་གསུམ་ཡོད་ཅེས་འཆད་དོ། །དོན་འདི་ལ་བཅོམ་ལྡན་པ་ནི། སྔ་མ་གཉིས་ལྟར་ན་དེ་དག་གིས་མི་སྲིད་པ་དམ་བཅས་པ་དང་བློ་ལོག་ཤེས་སུ་འགྱུར་ཏེ། སེམས་ཅན་ཐམས་ཅད་རང་གི་སྔར་དང་དུས་མཉམ་དུ་སངས་རྒྱ་བ་མི་སྲིད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་སངས་རྒྱས་ན་རང་ཉིད་སངས་རྒྱ་བ་ལ་དགོས་པ་མེད་དེ། སྐྲ་བྲེགས་ནས་ཚེས་གྲངས་རྟོག་པ་བཞིན་ནོ། །དེས་ན་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་འདི་ཉིད་གཞུང་ལས་བཤད་པས་འདི་ཁོ་ནའོ་ཞེས་གསུང་ཡང་བྱང་ཆུབ་སེམས་དཔའི་ཐུགས་སྦྱོང་བ་ལ་མི་སྲིད་པ་དུ་མ་ཡོད་པ་དང༌། སྨོན་ལམ་འདེབས་པ་ཡང་མི་འགྲུབ་པའི་སྨོན་ལམ་དུ་མ་སྣང་བའི་ཕྱིར་དགག་པ་དེ་དག་མི་རིགས་སོ། །དེས་ན་རྒྱལ་པོ་ལྟ་བུ་འདི་གཞུང་ལུགས་རྣམས་སུ་མང་བར་གསུངས་ཀྱང་བྱང་སེམས་ཀྱི་ཐུགས་སྦྱོང་ཚུལ་བསམ་གྱིས་མི་ཁྱབ་པས་སྲིད་དོ། །གསུམ་པ་ནི། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང༌། །བྱང་ཆུབ་སེམས་སྐྱེས་གྱུར་ནས་སྐད་ཅིག་གིས། །འཁོར་བའི་བརྩོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་


JLD017_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། ཞེས་དང༌། སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་འཐོབ་ཅིང༌། །འཁོར་བར་གཞན་དོན་སྒྲུབ་པ་ཡི། །ཐབས་གཞན་ཡོད་པ་མ་ཡིན་ནོ། ཞེས་བཤད་པའི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་དང༌། མདོར་ན་དཔལ་བྱིན་གྱིས་ཞུས་པར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། ཞེས་གསུངས་པ་རྣམས་སོ། །དེ་ལྟར་སེམས་བསྐྱེད་ཀྱི་རབ་དབྱེ་ངོ་བོ་ངོས་འཛིན་ཕན་ཡོན་ས་མཚམས་དང་བཅས་པ་ཙམ་ཞིག་སྐབས་སུ་བབ་པས་བདག་གིས་ཀྱང་བཤད་ལ། བླ་མ་རྣམས་སེམས་བསྐྱེད་ཀྱི་ཆོ་ག་དེ་དག་གི་རྩ་ལྟུང་དབུ་སེམས་སོ་སོ་ཡིན་པ་དང་མིན་པའི་ལུགས་དུ་མ་བཀོད་ནས་འཆད་མོད། དེ་དག་ནི་ཧ་ཅང་ཡང་སྤྲོས་པ་ལ་དགའ་བས་འབྱམ་ཀླས་པའི་བཤད་པར་སྣང་བས་བདག་གིས་ངལ་བ་མ་བྱས་ཏེ་བསྟན་བཅོས་གཅིག་ཏུ་བསྟན་བཅོས་འདུག་ཚད་ཐམས་ཅད་ཀྱི་འབྲེལ་བཙལ་ནས་འཆད་ན་ཤོ་ལོག་གཅིག་ཀྱང་ཇི་སྲིད་འཚོའི་བར་དུ་ཡང་བཤད་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། མཚན་ཉིད་དང་རབ་དབྱེའོ། །དང་པོ་ལ་གཉིས། མཚན་ཉིད་དངོས་དང༌། དེ་མདོ་དང་སྦྱར་བའོ། །དང་པོ་ལ་གསུམ་ལས་སྦྱར་བ་ནི། སེམས་བསྐྱེད་པ་རང་གི་ངོ་བོ་གང་ལ་དམིགས་པའི་ཡུལ་དང་བཅས་ཏེ་གསུངས་པ་ནིའོ། །བསྟན་པ་ནི། ཐེག་ཆེན་


JLD017_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེམས་བསྐྱེད་པ་ནི་ཆེད་དུ་བྱ་བ་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དུ་ཐོབ་བྱ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ། །འོན་ཏེ་འདོད་པ་ཞེས་བྱ་བ་འདི་ཅི་ཞེ་ན། འདི་འདོད་པ་དང་དེ་འདོད་པས་བྱང་སེམས་ཀྱིས་ཡུམ་ལ་བརྩོན་པར་བྱའོ་ཞེས་གསུངས་པའི་འདོད་པ་དེའོ། །དེའི་མཚན་ཉིད་ཀྱང་མི་ཤེས་པས་གང་ཞེ་ན། འདི་ནི་ཉི་ཁྲི་ལས་དོན་དུ་གཉེར་བར་གསུངས་པ་འདི་ཡིན་ཏེ། དེ་ཡང་དུས་དང་པོར་སེམས་བསྐྱེད་པའི་དུས་ན་རྟེན་བྱང་སེམས་ཀྱིས་ཚུལ་རང་ཉིད་ངེས་པར་སངས་རྒྱ་བ་དང༌། གཞན་གྱི་དོན་བསྒྲུབ་པར་བྱའོ་ཞེས་དེ་ལྟར་དོན་དུ་གཉེར་བར་བྱེད་དོ། །བཤད་པ་ནི། ཞེས་བྱ་བ་གསུངས་ཞེས་པ་ནི་འདས་མ་ཐག་པའི་རྩ་བ་བཤད་བྱར་འགོད་བཞེད་ནས་ཡིན་ལ་ཏེ་ནི་འཆད་བྱེད་འདྲེན་པ་སྟེ། འདི་ནི་དམིགས་བསལ་མེད་པའི་འོག་གི་སྐབས་ཐམས་ཅད་དུ་ཤེས་པར་བྱའོ། །འདི་ལ་གཉིས། མཚན་ཉིད་དངོས་དང༌། རྩོད་པ་སྤང་པའོ། །དང་པོ་ལ་གསུམ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་པའི་ངོ་བོ་ནི། གཞན་རང་ལས་ཕ་རོལ་གྱི་དོན་འཁོར་བ་རྒྱུ་འབྲས་ལས་བསྒྲལ་བ་དང་མྱང་འདས་རྒྱུ་འབྲས་ལ་འགོད་པའི་ཆེད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པར་བྱེད་པའི་མཚན་ཉིད་དོ། །དབྱེ་བ་ནི། སྨོན་པ་དང་འཇུག་པའི་ངོ་བོ་ཉིད་ཀྱི་སེམས་རྣམ་པ་གཉིས་སོ། །སེམས་བསྐྱེད་ཚུལ་ནི། རང་ཉིད་མ་འོངས་པ་ན་སངས་རྒྱས་སུ་གྲུབ་ནས་གདུལ་བྱ་གཞན་གྱི་དོན་གྱི་ཕྱིར་ཐེག་པ་གསུམ་གྱི་ཆོས་བསྟན་པ་ལ་སོགས་


JLD017_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་འབད་པར་བྱའོ་ཞེས་དང་པོར་རྒྱུའི་སེམས་བསྐྱེད་པ་ནི་སྨོན་པ་དང༌། སྨོན་པ་ལྟར་བྱང་ཆུབ་བསྒྲུབ་པའི་ཐབས་ཕུན་ཚོགས་རྫོགས་པར་བྱའོ་ཞེས་འབྲས་བུའི་སེམས་བསྐྱེད་པ་ནི་འཇུག་སེམས་བསྐྱེད་ཚུལ་ལོ། །གཉིས་པ་ལ་གཉིས། རྩོད་པ་དང་ལན་ནོ། །དང་པོ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི། ཇི་ལྟར་ན་དེ་སྟེ་ཁྱོད་སེམས་བསྐྱེད་པ་ཡིན་པར་འགྱུར་ཏེ་མ་ཡིན་པར་ཐལ། རྫོགས་བྱང་དེ་དོན་དུ་གཉེར་བའི་འདུན་ཡུལ་དགེ་བའི་ཆོས་ལ་འདུན་པའི་འདུན་པ་སེམས་ལས་བྱུང་བ་ཡིན་ལ་སྟེ་མདོར་ན་སེམས་བྱུང་ཡུལ་ངེས་ལྔའི་འདུན་པ་ཡིན་པའི་ཕྱིར་ཞེས་པའོ། །ཁྱབ་པ་ཡོད་དེ། སྤྲོ་བ་ཆེ་ནས་དོན་གཉིས་ལྡན་པའི་སེམས་བྱུང་བ་ཞེས་བཤད་པས། གྲོགས་སེམས་པ་དང་མཚུངས་ལྡན་དུ་འབྱུང་བའི་སེམས་གཞན་དོན་དང་བྱང་ཆུབ་ལ་དམིགས་པའི་ཡུལ་ཁྱད་ཅན་དུ་སྣང་བར་སྐྱེ་བ་ཞིག་སེམས་བསྐྱེད་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས། རྒྱུ་མིང་འབྲས་བུ་དང༌། གྲོགས་མིང་གྲོགས་ཅན་ལ་བཏགས་པའོ། །དང་པོ་ནི། འདོད་པ་སེམས་བྱུང་ཡིན་པས་སེམས་བསྐྱེད་མིན་པར་ཐལ་བ་བདེན་མོད་ཀྱི་སྟེ་འདོད་པ་ཡིན་ནོ། །འོ་ན་ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པ་ཅི་ཞེ་ན། འདོད་པ་སེམས་བསྐྱེད་མིན་པ་འོན་ཀྱང་མཚན་ཉིད་ཀྱི་སྐབས་འདིར་དེའི་མིང་གིས་སེམས་བསྐྱེད་ལ་ཉེ་བར་བཏགས་པ་ཙམ་ལ་བརྟེན་པ་ཡིན་


JLD017_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པས་སེམས་བྱུང་སེམས་བསྐྱེད་དུ་ཐལ་བའི་ཉེས་པ་མེད་དོ། །དངོས་མིན་བཞིན་དུ་འདོགས་པ་ལ་ནི་ཆོས་གསུམ་ཚང་དགོས་པས། ཆོས་གསུམ་གང་ཞེ་ན། འདི་ལ་གསུམ་ལས་འདོགས་པའི་རྒྱུ་མཚན་ནི། འདྲ་བ་རྒྱུ་མཚན་དུ་བྱས་པ་མི་བླུན་པོ་ལ་བ་ལང་དུ་བརྗོད་པ་ལྟ་བུ་དང༌། འབྲེལ་བ་རྒྱུ་མཚན་དུ་བྱས་པ་ལ་གསུམ། ཡན་ལག་དང་ཡན་ལག་ཅན་དང༌། བརྗོད་བྱ་དང་རྗོད་བྱེད་དང༌། རྒྱུ་དང་འབྲས་བུར་འབྲེལ་པའོ། །དེ་ལ་དང་པོ་ནི་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་དང༌། གཉིས་པ་ནི་ཤེར་ཕྱིན་བརྗོད་བྱར་སྟོན་པའི་མདོ་ལ་ཤེར་ཕྱིན་ཞེས་པ་དང༌། གསུམ་པ་ལ་ཡང་རྒྱུ་ལ་འབྲས་བུ་དང་འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པ་གཉིས་སོ། །དང་པོ་ནི། ལོ་མ་ལ་ཚོད་མ་ཞེས་དང༌། གཉིས་པ་ནི། ད་ལྟར་གྱི་བདེ་སྡུག་ལ་སྔོན་གྱི་ལས་ཞེས་བརྗོད་པ་ལྟ་བུ་རྣམས་ལས་འདིར་ནི་ཕྱི་མ་ཡིན་ནོ། །དེ་ཡང་འགྲོ་བ་མགོན་མེད་པ་སྡུག་བསྔལ་གྱི་རྒྱ་མཚོར་ནུབ་པ་ལ་དམིགས་ནས་དེ་དག་འདོན་པར་འདོད་པའི་བསམ་པ་དགེ་བའི་ཆོས་གཞན་དོན་ལ་འདུན་པའི་མཚན་ཉིད་ཅན་གྱི་དོན་དུ་གཉེར་བའི་འདུན་པ་ཡོད་ན་དེ་རྒྱུར་ཡོད་པ་ལ་བརྟེན་ནས་དེ་དག་གི་ཕྱིར་དུ་འཚང་རྒྱ་བར་འདོད་པའི་འབྲས་བུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་སྐྱེ་བས་ན་རྒྱུ་འདོད་པས་འབྲས་བུ་སེམས་བསྐྱེད་ལ་བཏགས་ནས་བསྟན་ནོ། །བཏགས་པའི་དགོས་པ་ནི། འདུན་པ་རྒྱུར་ཡོད་ན་སེམས་བསྐྱེད་སྐྱེ་བ་དེ་ལྟར་གཞན་དོན་དང་བྱང་ཆུབ་ལ་འདུན་ཞིང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་དགེ་བའི་


JLD017_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཕྱིར་བཏགས་ཏེ་འདུན་པ་དང་པོའི་རྒྱུར་ཤེས་པའི་ཕྱིར་རོ། །དངོས་ལ་གནོད་བྱེད་ནི། སེམས་བསྐྱེད་ནི་འདོད་པ་དངོས་མ་ཡིན་ཏེ་སེམས་ཡིན་པས་སོ་ཞེས་སྦྱར་ཏེ། དེ་ནི་བདེན་མོད་ཀྱིས་བསྟན་པར་ཡང་རུང་ངོ༌། །གཉིས་པ་ནི། ལན་གྱི་རྣམ་པ་གཅིག་ཏུ་ན་སྨོན་ལམ་དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་ལ་ནི་སྨོན་ལམ་དེའི་སྒྲར་བཏགས་ནས་བསྟན་ནོ། །སྨོན་ལམ་དེ་ཡང་ཅི་འདྲ་བ་ཞེ་ན། སྨོན་ལམ་ནི་དོན་དུ་གཉེར་བ་སྟེ་དེ་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་དོ། །བཏགས་པའི་རྒྱུ་མཚན་ནི། སེམས་བསྐྱེད་པའི་གནས་སྐབས་ན་གྲོགས་དོན་གཉེར་གྱི་འདུན་པ་དེ་གཙོ་བོ་གྱུར་པའི་ཕྱིར་ཏེ། དེ་ནི་སེམས་བསྐྱེད་མ་སྐྱེས་པ་སྐྱེད་པ་དང་སྐྱེས་ཟིན་འཕེལ་བར་བྱེད་པའི་ཕྱིར་རོ། །དེ་ཡང་འཇིག་རྟེན་ན་རྒྱལ་པོ་འཁོར་བཅས་འགྲོ་བ་ན་གཙོ་བོ་ཡིན་པས་རྒྱལ་པོ་གཤེགས་སོ་ཞེས་ཟེར་གྱི་འཁོར་མི་སྨོས་པ་བཞིན་ནོ། །རྒྱུ་མཚན་འདི་ནི་འགྲེལ་པ་གཉིས་ཀའི་དགོངས་པའོ། །བཏགས་པའི་དགོས་པ་ནི། སྨོན་ལམ་དང་སེམས་བསྐྱེད་ལྷན་ཅིག་སྤྱོད་པ་དེ་ལྟར་ན་བྱང་སེམས་རྣམས་ལ་སྨོན་ལམ་དང་ལྡན་པའི་སེམས་དེ་སྐྱེའོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ལྟར་གདགས་ཆོས་གཉིས་ལས་རྒྱུར་གྱུར་པའི་འདུན་པ་ནི་གཞན་དོན་ལ་དམིགས་པ་གཞན་སྡུག་བསྔལ་དང་བྲལ་འདོད་ཙམ་ཡིན་གྱི་བྱང་ཆུབ་ལ་མི་དམིགས་ཏེ། དེ་ནི་སེམས་བསྐྱེད་དང་རྒྱུ་འབྲས་ཡིན་པས་སེམས་བསྐྱེད་ཀྱི་


JLD017_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་འབྱུང་དགོས་པས་སོ། །གལ་ཏེ་དེ་གཉིས་མཚུངས་ལྡན་རྒྱུ་འབྲས་ཡིན་པས་དུས་མཉམ་མོ་ཞེ་ན། དེ་མི་འཐད་དེ། དེ་ལྟ་ན་ལན་འོག་མ་དང་ཁྱད་མེད་དུ་འགྱུར་བས་སོ། །གལ་ཏེ་འདུན་པ་དེ་གཞན་ཆེད་དུ་བྱང་ཆུབ་ལ་དམིགས་པར་གསུངས་པ་ཉིད་རྩོད་གཞི་ཡིན་པས་རྒྱུ་འདུན་པས་བྱང་ཆུབ་ལ་དམིགས་སོ་ཞེ་ན། རྒོལ་བའི་བསམ་པ་ནི་འདོད་པར་བཤད་པ་ལ་དེ་ཡིན་ན་སེམས་བྱུང་ཡིན་པས་སེམས་བསྐྱེད་དང་འགལ་སྙམ་པ་ཡིན་གྱི། ཡུལ་གཞན་དོན་དང་བྱང་ཆུབ་ལ་འདུན་ན་སེམས་བྱུང་དང་ཡུལ་གཞན་ལ་འདུན་ན་སེམས་བྱུང་མིན་པར་རྩོད་པ་མིན་ནོ། །བཏགས་ཆོས་གཉིས་པ་ནི་གྲོགས་སུ་གྱུར་པའི་སྨོན་ལམ་སྟེ། དེ་ནི་གཞན་ཆེད་དུ་རྫོགས་བྱང་ལ་དམིགས་པའོ། །དེ་ལྟར་ན་རྩོད་ལན་འདི་གཉིས་ཀས་སེམས་དང་སེམས་བྱུང་རྫས་ཐ་དད་པར་འདོད་པར་སྣང་ཞིང་ཐོགས་མེད་སྐུ་མཆེད་ལ་སོགས་པ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་དུ་མས་ཀྱང་དེ་ལྟར་བཀྲལ་ལོ། །ཚུལ་འདི་ལ་ཡང་བརྗོད་པར་བྱ་བ་དུ་མ་ཞིག་ཡོད་མོད་ཡི་གེ་མངས་པས་འཇིགས་ནས་མ་བྲིས་སོ། །ཚིག་གསལ་ལས། སེམས་བསྐྱེད་དེ་འདུན་པ་དང་སྙིང་རྗེ་གཉིས་དང་མཚུངས་ལྡན་ཡིན་བཞིན་དུ་འདུན་པ་ཉིད་དང་མཚུངས་ལྡན་དུ་བཤད་པའི་རྒྱུ་མཚན་ཅི་ཞེས་པའི་ལན་དུ་འཆད་པ་ནི་དགོངས་པར་མི་སྣང༌། གཉིས་པ་ལ་བཞི། དྲི་བས་མཚམས་སྦྱར། མདོ་ཡིས་ལན་བསྟན། དྲིས་ལན་དེས་གྲུབ་པའི་དོན། མདོ་གཞན་མ་བཀོད་པའི་རྒྱུ་མཚན་ནོ། །དང་པོ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་འདོད་


JLD017_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་བདག་ཉིད་ཐོབ་བྱའི་དམིགས་ཡུལ་ཡིན་པར་གང་ལས་ཤེས་པ་ཡིན། གཞན་གྱི་དོན་ནི་དགོས་པ་གང་གི་དོན་དུ་སེམས་བསྐྱེད་པ་ཆེད་དུ་བྱ་བའི་ཡུལ་ཡིན་པར་གང་ལས་ཤེས་པ་ཡིན་ཞེ་ན། ཡང་ནི་མཚན་ཉིད་བསྟན་པ་ཙམ་དུ་མ་ཟད་མདོས་ཀྱང་སྒྲུབ་པའོ། །གཉིས་པ་ལ་གཉིས་ལས། དང་པོ་ནི་བྱང་ཆུབ་ཐོབ་བྱའི་ཡུལ་ཡིན་པ་དེ་དང༌། གཞན་དོན་ཆེད་དུ་བྱ་བའི་ཡུལ་ཡིན་པ་དེ་ནི་བསྡུས་པ་དང་རྒྱས་པ་གཉིས་གཉིས་ཀྱི་སྒོ་ནས་ཡུམ་གྱི་མདོ་ལས་བརྗོད་པས་སེམས་བསྐྱེད་དེ་གཞན་ཆེད་དུ་རྫོགས་བྱང་འདོད་པར་བཤད་པ་དེ་ཡུམ་གྱི་མདོ་བཞིན་དུ་སྟེ་དེ་དང་མཐུན་པར་བྱས་ཀྱི་རང་དགར་ནི་མིན་ནོ། །གཉིས་པ་ལ་གཉིས། བྱང་ཆུབ་དང༌། གཞན་དོན་ལ་དམིགས་པ་མདོ་ནས་བསྟན་ཚུལ་ལོ། །དང་པོ་ནི། སེམས་བསྐྱེད་ཀྱི་མཚན་ཉིད་ནི་ཡུམ་གྱི་མདོའི་དོན་དང་མི་འགལ་བར་ཏེ་མཐུན་པར་ཤེས་པར་བྱའོ། །ཇི་ལྟར་ན། བསྟན་ཏེའོ། །གང་ན། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དེའོ། །གང་གི་སྒོ་ནས་ན། མདོར་བསྡུས་པ་དང་རྒྱས་པར་བཤད་པའི་སྒོ་ནས་སོ། །གང་ལས་ན། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་རྣམ་པ་གསུམ་ཆར་ལས་སོ། །ཀྱང་ནི་ནང་ཕན་ཚུན་བསྡུ་བའོ། །ཁ་ཅིག་བརྒྱད་སྟོང་པ་ན་མདོ་འདི་དག་མེད་པས་བསྡུས་པ་ནི་ཁྲི་བརྒྱད་སྟོང་པ་ལ་བྱའོ་ཞེས་ཟེར་ཡང་རྟོགས་དཀར་བཤད་པ་ལྟར་བརྒྱད་སྟོང་པ་ལ་བྱ་སྟེ། སློབ་དཔོན་འདིས་ཡུམ་གསུམ་ག་ལ་ཚིག་རྒྱས་བསྡུས་ཡོད་ཀྱང་དོན་ལ་ཁྱད་


JLD017_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་རྒྱན་འདི་ཡུམ་གསུམ་གའི་རྒྱན་དུ་བཞེད་པས་འདི་དང་མཁྱེན་གསུམ་གྱིས་སྲས་བཞིའི་རྟོགས་པ་བསྡུས་པའི་ཤེས་བྱེད་ཀྱི་སྐབས་དང་། དགོས་འབྲེལ་དུ་ཡང་ཡུམ་གསུམ་ཆར་ཞེས་འབྱུང་བའི་དོན་དེའོ། །མདོ་ཚིག་གང་གིས་ན། ཤ་བུ་འདི་ལ་བྱང་ཆེན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བསྒྲུབ་པར་རམ་བརྩོན་པར་བྱའོ་ཞེས་བྱང་ཆུབ་ཐོབ་བྱའི་ཡུལ་དུ་ཤེས་པར་བྱེད་པའི་དོན་ཅན་ཏེ་བརྗོད་བྱ་ཅན་གྱི་ངག་གིས་བྱང་ཆུབ་འདོད་པ་མདོར་བསྟན་ཏོ། །དེ་ཡང་འདི་ལ་ནི་ཐེག་ཆེན་ནམ་ཤེར་ཕྱིན་བསྟན་པ་དང་། རྣམ་པ་ཐམས་ཅད་ནི་བདེན་གཉིས་ཀྱི་རྣམ་པ་གཉིས་དང༌། འཚང་རྒྱ་བ་ཡན་གྱིས་འབྲས་བུ་དང༌། ཡུམ་གྱིས་རྒྱུ་དང༌། བརྩོན་པར་བྱ་བས་སྦྱོར་བ་ཕུན་ཚོགས་བསྟན་པར་གནོད་འཇོམས་ལས་སོ། །དེ་ལྟར་བཀའ་སྩལ་པ་དང༌། ཇི་ལྟར་བརྩོན་པར་བྱ་བ་ཞུས་པའི་ལན་དུ་ཤ་བུ་འདི་ལ་བྱང་ཆེན་གྱིས་གནས་པ་མེད་པའི་ཚུལ་དུ་ཤེར་ཕྱིན་ལ་གནས་ཏེ། སྦྱིན་པ་དང་གཏོང་བ་དང་ཡོངས་སུ་ལེན་པ་མི་དམིགས་པའི་ཕྱིར་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པ་དང༌། ལྟུང་བ་དང་མི་ལྟུང་བའི་བྱ་བ་མེད་པའི་ཕྱིར་ཚུལ་ཁྲིམས་དང༌། འཁྲུག་པ་མེད་པའི་ཕྱིར་བཟོད་པ་དང༌། ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་བརྩོན་འགྲུས་དང༌། རོ་མྱང་བ་མེད་པའི་ཕྱིར་བསམ་གཏན་དང༌། ཤེས་རབ་དང་ཤེས་རབ་འཆལ་པ་མི་དམིགས་པའི་ཕྱིར་ཤེར་ཕྱིན་ཡོངས་སུ་རྫོགས་པར་བྱའོ། ཞེས་སྦྱིན་པ་


JLD017_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དང་སོགས་པས་ཤེས་རབ་ཀྱི་བར་ཐམས་ཅད་ལ་སྦྱིན་པར་བྱ་བའི་རྫས་དང་དེ་སྦྱིན་པ་པོ་དང་དེ་ལེན་པ་པོ་དང་སོགས་པས་ཚུལ་ཁྲིམས་ལྡན་པ་པོ་ཚུལ་ཁྲིམས་ཚུལ་འཆལ་གསུམ་དང༌། དེ་བཞིན་དུ་གཞན་རྣམས་ལ་ཡང་གང་ཟག་ཕར་ཕྱིན་སྐབས་ཀྱི་སྤང་བྱ་གསུམ་གསུམ་ཡོད་པ་རྣམས་འཁོར་གསུམ་དུ་མི་དམིགས་པར་རྟོགས་ནས་ཕར་ཕྱིན་དེ་དག་བསྒྲུབ་པ་སྟེ་རྫོགས་པར་བྱའོ་ཞེས་བྱང་ཆུབ་འདོད་བྱའི་ཡུལ་དུ་ཤེས་པར་བྱེད་པའི་བརྗོད་བྱའི་དོན་ཅན་གྱི་ངག་གིས་བྱང་ཆུབ་འདོད་པ་དེ་རྒྱས་པར་བཤད་དེ། དེ་ལྟར་མདོ་དང་པོས་བྱང་ཆུབ་འདོད་པས་བརྩོན་པར་བྱ་ཞེས་ཏེ་འདོད་པ་མདོ་ཙམ་དང་། གཉིས་པས་དེ་འདོད་པས་ཕྱིན་དྲུག་ལ་བསླབ་ཅེས་སྦྱོར་བ་དེ་རྒྱས་པར་ཕྱེ་ནས་བསམ་པ་ཤུགས་ལ་འཕངས་པས་སོ། །གནོད་འཇོམས་སུ་ཚུལ་ཁྲིམས་ལ་ལྟུང་བ་མི་འབྱུང་བ་དང༌། ལྷག་པར་ལྟུང་བ་མི་འབྱུང་བའི་ཕྱིར་ཞེས་དྲངས་ནས་དེའི་དོན་ནི་བྱང་སེམས་ཁྱིམ་པ་དང་རབ་བྱུང་གཉིས་ཀའི་སྡོམ་པ་མནོས་པ་ན་དེའི་ལྟུང་བ་མི་འབྱུང་བ་དང༌། གལ་ཏེ་བྱུང་ན་ཡང་དུས་ལས་མི་ཡོལ་བར་མཐོལ་བ་དང༌། རོ་མྱང་བ་མེད་པའི་དོན་རང་དོན་དུ་འཇུག་ན་རོ་མྱང་བ་ཡོད་ཀྱང་གཞན་དོན་དུ་འཇུག་པས་དེ་མེད་དེ། དེས་ན་དག་པ་བ་དང་ཟག་མེད་ལ་འཇུག་གི་ཉོན་མོངས་པ་ཅན་ལ་ནི་མ་ཡིན་ནོ་ཞེས་འཆད་དོ། །གཉིས་པ་ནི། བསྟན་ཏེའོ། །གང་ན་གཞན་དོན་འདོད་པ་དེའོ། །གང་གི་སྒོ་ནས་དང་གང་ལས་བསྟན་པ་ནི་སྔར་ལྟར་རོ། །ཚིག་གང་གིས་ན། ཕྱོགས་བཅུ་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་


JLD017_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླ་བའམ་འདས་པ་ལ་འགོད་པར་འདོད་པས་ཀྱང་ཤེར་ཕྱིན་འདི་ཉིད་ལ་བསྒྲུབ་ཅིང་བསླབ་པར་བྱའོ་ཞེས་བྱ་བ་གཞན་དོན་ཆེད་དུ་བྱ་བའི་ཡུལ་རབ་ཏུ་སྟོན་པ་ལྷུར་ལེན་པ་སྟེ་ཆེད་ཆེར་བྱེད་པའི་ངག་གིས་གཞན་དོན་འདོད་པ་མདོར་བསྟན་ཏོ། །སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་རབ་ཏུ་འགོད་པར་འདོད་པ་དང་། སོགས་སྔ་མས་བསྡུས་པ་ཚུལ་ཁྲིམས་འཆལ་བ་གནོད་སེམས་མང་བ་ལེ་ལོ་ཅན་སེམས་རྣམ་པར་གཡེངས་པ། ཤེས་རབ་འཆལ་བ་རྣམས་སོགས་གཉིས་པས་བསྡུས་པ་ཚུལ་ཁྲིམས་བཟོད་པ། བརྩོན་འགྲུས་བསམ་གཏན་ཤེས་རབ་ཕུན་སུམ་ཚོགས་པ་ལ་འགོད་པར་འདོད་པའི་བྱང་ཆེན་གྱིས། ཤེར་ཕྱིན་འདི་ཉིད་ལ་བསྒྲུབ་ཅིང་བསླབ་པར་བྱའོ་ཞེས་བྱ་བ་གཞན་དོན་ཆེད་དུ་བྱ་བར་རབ་ཏུ་སྟོན་པ་ལྷུར་ལེན་པ་སྟེ་ཆེད་ཆེར་བྱེད་པའི་ངག་གིས་གཞན་དོན་འདོད་པ་རྒྱས་པར་བཤད་དེ། མདོ་དང་པོས་གཞན་མྱང་འདས་ཙམ་དང༌། གཉིས་པས་མྱང་འདས་ཀྱི་རྒྱུ་ཕྱིན་དྲུག་སོ་སོ་ལ་འགོད་འདོད་པར་ཕྱེ་ནས་གསུངས་པས་སོ། །སོགས་གསུམ་པས་ནི་བློ་གྲོས་མི་ཟད་པ་སོགས་གཞན་ལས་སེམས་བསྐྱེད་ཀྱིས་གཞན་དོན་ལ་དམིགས་པར་གསུངས་པ་བསྡུའོ་དེ་ལྟར་ན་མདོ་གཉིས་ཚན་གཉིས་ཀྱིས་རིམ་པ་ལྟར་བྱང་ཆུབ་དང་གཞན་དོན་འདོད་པ་བསྡུས་རྒྱས་སུ་གསུངས་པ། རྗེ་བཙུན་གྱིས་སེམས་བསྐྱེད་ཀྱིས་གཞན་ཆེད་དུ་རྫོགས་


JLD017_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་འདོད་པའི་དོན་དུ་བཀྲལ་ཏེ། ཐེག་ཆེན་གྱིས་སྐབས་ཡིན་པས་བྱང་ཆུབ་དེ་གཞན་ཆེད་དུ་ཐོབ་པར་འདོད་ཀྱི་རང་དོན་དུ་མིན་པས་སྙམ་དུ་དགོངས་སོ་གང་དག་ཡུལ་གཉིས་ཡུམ་ལས་བསྡུས་རྒྱས་སུ་གསུངས་པའི་ཚུལ་ལ། མདོ་ཡི་དོན་དང་མི་འགལ་བར་ཞེས་འཆད་པ་ནི་མི་འཐད་དེ། ཡུམ་མདོ་ལ་ཡིན་ན་ཡུམ་མདོ་ལས་དེ་ཉིད་དང་མི་འགལ་བར་བསྟན་ཅེས་པར་འགྱུར་བས་ཤེས་འདོད་མེད་ལ། དཀོན་མཆོག་རྣམ་བདུན་དང་སྡོང་པོ་བཀོད་པ་སོགས་ལ་བྱེད་ན་དེ་ཡང་མདོ་གཞན་དང་མི་འགལ་བར་བརྟག་དགོས་པས་ཐུག་མེད་དུ་འགྱུར་ཞིང་སྐབས་དང་ཡང་འགལ་ཏེ། མདོ་བཞིན་དུ་ཡིན་མིན་དང་འགལ་མི་འགལ་དཔྱད་པའི་གཞི་ནི་བསྟན་བཅོས་སུ་སེམས་བསྐྱེད་པའི་མཚན་ཉིད་བསྟན་པ་ལ་ཡིན་ཞིང་ཡུམ་མདོ་འདི་ཡི་རྩ་བའི་མདོ་ཡིན་པ་དང༌། རྒྱན་སྣང་ལས་ཀྱང་འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ་ཞེས་གསུངས་པས་སོ། །དོན་འདི་ལ་ཨ་མ་ར་ཙན་ཏྲས། ཡུམ་གྱི་མདོ་དང་མི་འགལ་བར་བསྟན་བཅོས་ཀྱི་ངག་གིས་ཤུགས་ལ་བསྡུས་རྒྱས་སུ་བརྗོད་པར་བཞེད་པ་ཡང་མི་འཐད་དེ། ཡུམ་གསུམ་ཆར་ལས་བསྟན་ཏེ་ཞེས་འབྲེལ་བ་དང༌། འགྲེལ་པ་ཐམས་ཅད་ལས་ཀྱང་བསྡུས་རྒྱས་སུ་སྟོན་པའི་ཚིག་མདོ་ཉིད་ལ་མཛད་པས་སོ། །མཚན་ཉིད་ཀྱི་སྐབས་སུ་བསྡུས་པ་དང༌། རབ་དབྱེའི་སྐབས་སུ་རྒྱས་པར་བརྗོད་ཅེས་པ་ཡང་དོན་མིན་ཏེ། མཚན་ཉིད་ཀྱི་འོག་ཏུ་ཡུལ་གཉིས་ཀྱི་འཆད་འགྱུར་གྱི་དྲི་བ་བྱུང་


JLD017_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རབ་དབྱེའི་སྔོན་དུ་བཤད་ཟིན་གྱི་མཚམས་སྦྱོར་བྱུང་བ་དང༌། དབྱེ་བ་ནི་སེམས་བསྐྱེད་རྒྱས་བཤད་ཡིན་གྱི་ཡུལ་གྱི་མིན་པས་སོ། །མ་ངེས་པ་མིན་ཏེ། ཁྱེད་ལྟར་ན་ཡུལ་ཉི་ཚེ་བསྡུས་རྒྱས་སུ་བཤད་པས་སོ། །ཚིག་གསལ་དུ་འདོད་པའི་བདག་ཉིད་གང་ཞེས་པའི་ལན་དུ་རྫོགས་བྱང་འདོད་པ་ཡང་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་འདོད་ཀྱི་དངོས་པོར་ཞེན་ནས་ནི་མིན་ནོ་ཞེས་སྟོན་པ་ནི་སྦྱིན་སོགས་ཐམས་ཅད་ལ་ཞེས་སོགས་སོ། །གང་གི་དོན་དུ་སེམས་བསྐྱེད་པ་རྫོགས་བྱང་གང་ཞེས་པའི་ལན་དུ་སེམས་ཅན་ཐམས་ཅད་ཅེས་སོགས་ཏེ། འདིས་ཉན་རང་དང་ཐུན་མོང་མ་ཡིན་པའི་བྱེད་ལས་བསྟན་པས་བྱེད་པ་པོ་བྱང་ཆུབ་གསུངས་སོ། །གཞན་གྱི་དོན་གང་ཞེས་པའི་ལན་དུ་སེམས་ཅན་སེར་སྣ་ཅན་ཞེས་སོགས་བསྟན་ཅེས་དྲི་བ་གསུམ་དུ་བྱས་ནས་ལན་གྱི་མདོ་ཚན་པ་གསུམ་སྦྱོར་བ་ནི་དགོངས་པ་མིན་ཏེ། མདོ་གཅིག་ཆད་ཅིང༌། དྲི་བ་དེ་དག་ཤེར་སྒྲོན་དུ་བྱས་པ་ལྟར་སྔ་ཕྱི་གཉིས་གཉིས་སྦྱར་ནས་གཉིས་བྱེད་པ་སློབ་དཔོན་གྱི་དགོངས་པ་ཡིན་པའི་ཕྱིར་ཏེ། ལན་གྱི་མདོ་བཞི་ཀས་བྱང་ཆུབ་དང་གཞན་དོན་གཉིས་སྟོན་པ་ལ་སྦྱར་བས་སོ། །གཞན་ཡང་རང་ཉིད་ཀྱིས་མདོ་བཞི་ཡུལ་གཉིས་རྒྱས་བསྡུས་སུ་བསྟན་པ་ལ་སོ་སོར་སྦྱར་བ་དང་ནང་འགལ་ལོ། །དེའི་ཕྱིར་དྲི་བ་སྔར་བཞིན་གསུམ་བྱས་ནས་དང་པོའི་ལན་དུ་དེ་ལྟར་ན་སེམས་བསྐྱེད་པ་ཞེས་སོགས་མཛད་པ་ནི་ཤིན་ཏུ་ཡང་ནོར་རོ། །གསུམ་པ་ནི། སེམས་བསྐྱེད་དེ་གཞན་དོན་དུ་རྫོགས་བྱང་ལ་དམིགས་པར་མདོ་བཞིས་


JLD017_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་དེ་ལྟར་ན་སེམས་བསྐྱེད་པ་ནི་གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བདག་ཉིད་ཡིན་པར་སྔར་བསྟན་པ་དེ་ཡུམ་གྱི་མདོའི་དོན་དང་མི་འགལ་བར་ཤེས་པར་བྱའོ་ཞེས་རྣམ་པར་སྦྱར་ཏེ། གང་ཞིག་གང་དང་འབྲེལ་བ་དེ། །རིང་ན་འདུག་ཀྱང་དེ་དང་དེར། ཞེས་པ་ལྟར་འདིར་ཡང་འབྲེལ་བས་སོ། །ཚིག་གསལ་ལས་ཀྱང་མི་འགལ་བ་ཞེས་བྱ་བ་ནི་འདི་རྗེ་བཙུན་གྱི་ཞལ་སྔ་ནས་རང་བཟོར་ནི་མ་བསྟན་གྱི་མདོ་ལས་ཀྱང་དེ་དང་དེ་དག་དེ་ཁོ་ན་སྐད་གསུངས་སོ། ཞེས་ཚིག་ཟུར་གྱིས་བསྟན་པ་སྟེ། འདི་ནི་ཚིག་ལེའུར་བྱས་པ་རིལ་ལ་སྦྱར་རོ་ཞེས་འབྱུང་ལ་དེའི་དོན་ཡང་མཚན་ཉིད་བསྟན་པ་རང་བཟོ་མིན་གྱི་མདོ་ཡི་དོན་ཡིན་པས་དེ་དང་མི་འགལ་ཞེས་བཤད་དགོས་པས་སོ། །དེ་ལྟར་ན་དྲིས་ལན་དེ་དག་གིས་གྲུབ་པའི་དོན་དེ་ལ་བཤད་པ་དང༌། ལེ་བརྒྱད་མར་ཡང་མདོ་དང་པོ་གཉིས་ཀྱི་མཐར་རིམ་པ་ལྟར་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དང་ལྡན་པའི་སེམས་བསྐྱེད་པ་བསྡུས་ཏེ་བསྟན་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དང་ལྡན་པའི་སེམས་བསྐྱེད་པ་རྒྱས་པར་བསྟན་པའོ་ཞེས་དང༌། ཕྱི་མ་གཉིས་ཀྱི་མཐར་གཞན་གྱི་དོན་ལ་དམིགས་པའི་སེམས་བསྐྱེད་པ་མདོར་བསྡུས་པའོ། །གཞན་གྱི་དོན་ལ་དམིགས་པའི་སེམས་བསྐྱེད་པ་རྒྱས་པར་བསྟན་པའོ་ཞེས་གསུངས་པའི་ཕྱིར་འགྲེལ་ཆེན་གཉིས་སུ་ཡུལ་གཉིས་བསྡུས་རྒྱས་སུ་གསུངས་པའི་དགོངས་པ་ཡུལ་ཉི་ཚེ་ལ་མི་བྱ་བར་


JLD017_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དེ་གཉིས་སེམས་བསྐྱེད་ཀྱི་ཆེད་དུ་བྱ་བ་དང༌། ཐོབ་བྱའི་དམིགས་པ་ཡིན་པར་བསྟན་པར་བྱས་ནས་མཚན་ཉིད་བཞག་པ་དེ་ཉིད་མདོའི་དོན་ཡིན་པ་ལ་དྲང་བར་བྱའོ། །དེ་བཞིན་དུ་མཁས་པ་གཞན་ཡང་བཞེད་དེ། དག་ལྡན་ལས། མདོ་བཞིན་དུ་ཞེས་བྱ་བ་ལ་མདོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དེ། མཚན་ཉིད་འདི་ནི་དེ་ལས་མ་འདས་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ། ཞེས་དང༌། དེའི་ཕྱིར་བསྟན་བཅོས་ཀྱི་མཚན་ཉིད་ནི་མདོ་ཇི་ལྟ་བ་ཁོ་ན་ཡིན་ནོ་ཞེས་གསུངས་ཤིང༌། མདོ་ལས་གཞན་དོན་ཆེད་དུ་བྱ་བར་ཤུགས་ཀྱིས་བསྟན་ལ་བསྟན་བཅོས་སུ་གཞན་དོན་འདོད་བྱར་ཤུགས་ལ་བསྟན་ཏེ་བྱང་ཆུབ་འདོད་པ་དེ་གཞན་དོན་དུ་ཡིན་པ་དང༌། འདོད་བྱ་མ་ཡིན་ན་ཆེད་དུ་བྱ་བར་མི་འགྱུར་བས་སོ། ཞེས་འཆད་དོ། །གྲགས་ཆ་ལས་ཀྱང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོར་ཏེ་བསྡུས་པ་དང་རྒྱས་པའི་སྒོ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ལ་བཤད་དེ་དེ་ཡང་གཞན་གྱི་དོན་དུ་གསུངས་སོ། །དེ་བཞིན་དུ་བདག་གིས་ཀྱང་འདིར་རྗེས་སུ་མཐུན་པར་བསྟན་པར་བྱ་སྟེ། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། ཅེས་པ་སྟེ། མདོ་དང་རྗེས་སུ་མཐུན་པར་བྱས་ཀྱི་རང་དགར་ནི་མ་ཡིན་ནོ་ཞེས་སོ། །བཞི་པ་ནི། བློ་གྲོས་མི་ཟད་པ་དང་སྡོང་པོ་བཀོད་པ་སོགས་གཞན་ལས་ཀྱང་སེམས་བསྐྱེད་ཀྱི་མཚན་ཉིད་གསུངས་པ་མ་ཡིན་ནམ་ཅིའི་ཕྱིར་ཡུམ་གྱི་མདོ་ཉིད་བཀོད་ཅེ་ན། གཙུག་ལག་གི་གཞུང་རྒྱལ་བའི་བཀའ་སྐབས་ཀྱི་དོན་སེམས་


JLD017_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཀྱི་མཚན་ཉིད་སྟོན་པ་ལྷུར་ལེན་པ་སྟེ་ཆེད་ཆེར་བྱེད་པ་ནི་ཡུམ་མདོ་དང་མདོ་གཞན་ཐམས་ཅད་ལས་ཀྱང་གསུངས་མོད་ཀྱི་འདིར་ཡུམ་མདོ་ལས་གཞན་ཤེས་བྱེད་ཀྱི་ཁུངས་ཉིད་དུ་མ་བྲིས་པའི་རྒྱུ་མཚན་ནི། ཚིག་མངས་སུ་དོགས་ནས་སོ། །མདོ་གཞན་གྱིས་མཚན་ཉིད་བསྟན་ཀྱང་ཡུམ་མདོ་ཉིད་དྲངས་པ་ནི་འདིའི་རྩ་བའི་མདོ་ཡིན་པས་སོ། །ཁ་ཅིག་ཡུམ་གསུམ་ག་ལས་གསུངས་ན་འདིར་བར་མ་ཙམ་བཀོད་ཀྱི་རྒྱས་བསྡུས་གཉིས་མི་འདྲེན་པ་ཅི་ཞེས་པའི་ལན་དུ་སྦྱོར་བ་ནི་བྱིས་པ་འདྲིད་པའི་ཚིག་སྟེ་བསྡུས་པ་ན། ཚིག་དགོད་རྒྱུ་མེད་ལ། མདོ་དང་པོ་གཉིས་ཀྱི་མདོ་དེ་དག་ལ་ཚིག་མང་ཉུང་གི་ཁྱད་པར་མེད་པས་སོ། །དེ་ལྟར་ན་རྐང་པ་གཉིས་པོ་འདི་ཡི་མཚམས་སྦྱར་དང་ཕྱི་འགྲེལ་རྣམས་ལ་ནི་རྒྱ་གར་བ་ཁ་ཅིག་དང་བོད་ཕལ་མོ་ཆེ་ནི་དགོངས་པ་བཞིན་སྨྲ་བ་ལ་མི་སྨྲ་བའི་བརྟུལ་ཞུགས་ཐོབ་པར་གྱུར་ཏོ། །བསྟན་བཅོས་དང་མདོ་སྦྱོར་བའི་དང་པོའི་མཚམས་ནི་ཉི་སྣང་སློབ་དཔོན་དག་ལྡན་གསུམ་གྱིས་སེམས་བསྐྱེད་ཀྱི་མཚན་ཉིད་ནས་མཛད་ལ། སྟོང་ཕྲག་བརྒྱ་པའི་བཤད་པ་དང་ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་གཉིས་ཀྱིས་མདོ་དང་པོ་གཉིས་འདུན་ལྡན་དང་བསམ་ལྡན་ལ་སྦྱར་བ་ལ་དང་པོར་བྱས་སོ། །བོད་ཁ་ཅིག་ཉི་སྣང་ལས་བྱང་ཆུབ་སེམས་དཔའ་ཅི་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། གཞན་གྱི་དོན་བསྒྲུབ་པར་བྱའོ་ཞེས་དེ་ལྟར་དོན་དུ་གཉེར་བར་


JLD017_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ་ཞེས་པ་མཚན་ཉིད་ཀྱི་མདོ་ལ་འདྲེན་པ་ནི་མི་འཐད་དེ། འགྲེལ་ཚིག་ཡིན་པས་སོ། །གཞན་དུ་ན་མདོ་ཚན་པ་བཞི་པོ་དེའི་གོང་དུ་དམིགས་དགོས་པ་ལས་གླེང་གཞི་རྫོགས་པའི་འོག་ཏུ་མདོ་བཞིའི་དང་པོ་དེ་ལས་མེད་པ་དང༌། འཕགས་པས་ཀྱང་མདོ་དྲངས་པའི་ཚུལ་དུ་མ་མཛད་པས་སོ། །ཐུབ་དགོངས་སུ་ཡང་ཉི་སྣང་གི་ཚིག་དེ་ཉི་ཁྲིའི་མདོར་འཁྲུལ་སྣང་སྟེ། འཁྲུལ་གཞི་ནི་ཚིག་དེའི་སྔོན་དུ་འདི་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་འདི་ཉིད་ལས་དོན་དུ་གཉེར་བར་གསུངས་པ་ཡིན་ཏེ་ཞེས་མཛད་པས་ནོངས་སོ། །འདིར་མདོ་དང་སྦྱོར་བའི་མདོ་རྣམས་གང་གིས་དབང་དུ་བྱེད་ཅེ་ན། བཟང་པོའི་ཞབས་ཀྱིས་ཉི་སྣང་ལ་བརྟེན་ནས་སྦྱར་བའི་ཉི་ཁྲི་དག་གཏུགས་དང་སྦྱར་བར་བྱའོ། །གཉིས་པ་ལ་གསུམ་ལས་དང་པོ་ནི། དེ་ལྟར་སེམས་བསྐྱེད་པ་རང་གི་ངོ་བོ་ཐོབ་བྱའི་དམིགས་པ་དང་ཆེད་དུ་བྱ་བ་དང་བཅས་པ་བརྗོད་ཟིན་ནས་སྨྲ་བའི་སྒོ་ལས། ད་ནི་སྐབས་སུ་བབ་པའི་ཚིག །འདས་པའི་སྐབས་ལ་རྣམ་པར་སྤངས། །ད་ལྟ་བྱུང་ལ་སྦྱར་བར་བྱ། ཞེས་པ་ལྟར་ད་ནི་སེམས་བསྐྱེད་དེའི་རབ་ཏུ་དབྱེ་བ་རྣམ་པ་ཉི་ཤུ་རྩ་གཉིས་སེམས་བསྐྱེད་མདོར་བསྡུས་ཏེ་གསུངས་པའི་རབ་དབྱེ་རྒྱ་ཆེན་པོ་བསྟན་པའི་ཁོངས་སུ་གཏོགས་པས་བར་སྐབས་ཀྱི་ཚིགས་བཅད་གཉིས་ཀྱིས་གསུངས་པ་ནིའོ། །གཉིས་པ་ནི། སེམས་བསྐྱེད་དེ་དབྱེ་གཞི་དབྱེ་ན་རྣམ་པ་ཉི་ཤུ་རྩ་གཉིས་སོ། །དེ་ཡང་ས་ནས་སྤྲིན་གྱི་བར་རྣམས་ཀྱིས་མཚོན་ནས་བསྟན་པའི་དོན་ནོ། །དེ་དག་ཐམས་ཅད་ཀྱི་མཐར་འབྱེད་ཚིག་སྦྱར་ཏེ། འབྱེད་པའི་རྒྱུ་ནི་གྲོགས་ཉེར་གཉིས་


JLD017_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་སོ། །ཕྱེ་བའི་ཐ་དད་ནི་ཕལ་ཆེར་ངོ་བོ་ཐ་དད་དེ། སྔ་མ་གཉིས་ཕྱི་མ་རྣམས་ཀྱི་རྒྱུ་དང༌། ཕྱི་མ་གཉིས་སྔ་མ་རྣམས་ཀྱི་འབྲས་བུ་དང༌། བར་པ་རྣམས་སྔ་མ་སྔ་མ་རྒྱུ་དང༌། ཕྱི་མ་ཕྱི་མ་འབྲས་བུ་ཡིན་པས་སོ། །སྤྱིར་ནི་ངོ་བོ་ཐ་དད་པར་མ་ངེས་ཏེ། སེམས་བསྐྱེད་ཀུན་ཀྱང་འདུན་ལྡན་ཡིན་པའི་ཕྱིར་རོ། །གྲངས་ངེས་པ་ནི་རྒྱུ་དང་འབྲས་བུའི་སེམས་བསྐྱེད་ལ་འདི་ཙམ་དུ་ངེས་ཤིང་ལྷག་པ་མེད་པས་སོ། །གོ་རིམས་ངེས་པ་ནི་འདི་དག་སྔ་མ་ལས་ཕྱི་མ་སྐྱེ་བས་དོན་གྱི་གོ་རིམ་མོ། །ཡང་ནི་སེམས་བསྐྱེད་ངོ་བོས་བསྟན་པར་མ་ཟད་པའོ། །གསུམ་པ་ནི། ཞེས་བྱ་བ་ནི་ཚིགས་བཅད་གཉིས་སམ་ས་སོགས་ཉེར་གཉིས་ཏེ་དེ་དེ་དག་གིས་དོན་ཉེར་གཉིས་བཤད་ཅེས་པའོ། །འདི་ལ་གསུམ། ངོ་བོ་བཤད། དོན་བསྡུ། ས་མཚམས་སོ། །དང་པོ་ནི། དང་པོ་ཉེར་གཉིས་ཀྱི་མཐར་ལྡན་པ་ནི་ཞེས་སྦྱར་བ་ངོ་བོ་ཡིན་ལ། བར་པ་ཉེར་གཉིས་ཀྱི་མཐར་ལྟ་བུ་སྟེ་ཞེས་སྦྱར་བ་དཔེའོ། །ཐ་མ་ཉེར་གཉིས་ཀྱི་མཐར་ཉིད་ཀྱིས་ཞེས་སྦྱར་བ་དཔེ་དོན་གྱི་ཆོས་མཐུན་ནོ། །བྱང་ཆུབ་ལ་འདུན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པ་ནི། ས་ལྟ་བུ་སྟེ། སངས་རྒྱས་དང་དེའི་རྒྱུ་ཚོགས་ཀྱི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའམ་རྒྱུའི་དངོས་པོ་བྱེད་པ་ཉིད་ཀྱིས་སོ། །གཉིས་པ་རྒྱུན་གནས་པའི་བསམ་པ་དང་ལྡན་པ་ནི། གསེར་ལྟ་བུ་སྟེ། ཚེ་འདི་ཕྱི་ལ་ཕྱིན་དྲུག་གིས་བསྡུས་པའི་ཕན་བདེའི་བསམ་པ་བྱང་ཆུབ་ཀྱི་བར་དུ་མི་འགྱུར་བ་ཉིད་ཀྱིས་སོ། །འདི་གཉིས་ཀྱི་མདོ་ནི་རིམ་པ་ལྟར་


JLD017_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་དྲངས་པའི་བྱང་ཆུབ་མདོར་བསྟན་དང་རྒྱས་བཤད་ཀྱི་མདོ་གཉིས་སོ། །དེ་འདིའི་ཤེས་བྱེད་དུ་ཇི་ལྟར་འགྲོ་སྙམ་ན། མདོ་སྔ་མ་ལས་སེམས་བསྐྱེད་དེ་སྤྱིར་སངས་རྒྱས་དང་དེའི་རྒྱུའི་ཆོས་དཀར་པོ་ཙམ་གྱི་རྒྱུ་དང༌། ཕྱི་མས་ནི་ཕྱིན་དྲུག་གི་ཐབས་དང་ལྡན་པར་བསྟན་པས་ཕྱིན་དྲུག་གི་སྒོ་ནས་ཚེ་འདི་ལ་བདེ་བ་དང་ཕྱི་མ་ལ་ཕན་པའི་བསམ་པ་ནི་མི་འགྱུར་བའི་ཕྱིར་རིམ་པ་ལྟར་ས་དང་གསེར་ལྟ་བུའོ། །གསུམ་པ་བསམ་པ་ལྷག་པས་ལྷག་པའི་བསམ་པ་དང་ལྡན་པ་ནི། ཟླ་བ་ཚེས་པ་ལྟ་བུ་སྟེ། ཕྱོགས་མཐུན་སོ་བདུན་སོགས་ཀྱི་དགེ་བའི་ཆོས་མཐའ་དག་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ཉིད་ཀྱིས་ཏེ། ཤཱ་རིའི་བུ་བྱང་ཆེན་གྱིས་ཡུམ་ལ་གནས་ཏེ་བྱང་ཕྱོགས་སོ་བདུན་ཡོངས་སུ་རྫོགས་པར་བྱའོ་ཞེས་པ་ནས་སྟོབས་བཅུ་མ་འདྲེས་བཅོ་བརྒྱད་ཚད་མེད་བཞི་བསྒོམ་པར་བྱའོ་ཞེས་སོ། །དེ་ལྟར་ན་ཡུམ་ཞེས་པ་ཤེར་ཕྱིན་ལ་གོ་བར་བྱ་སྟེ་ཚིག་ཚོགས་སྐྱུང་བའི་ཕྱིར་རོ། །བཞི་པ་སྐྱེ་མེད་གསུམ་མཁྱེན་པའི་སྦྱོར་བ་དང་ལྡན་པ་ནི། མེ་ལྟ་བུ་སྟེ། མཁྱེན་གསུམ་གྱི་ཡུལ་སྐྱེ་མེད་གསུམ་ཤེས་པ་ལ་གེགས་བྱེད་པའི་སྒྲིབ་པའི་བུད་ཤིང་སྲེག་པ་ཉིད་ཀྱིས་ཏེ། ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་རྣམ་པར་བལྟས་ནས་འདའ་བར་འདོད་པ་དང༌། ལམ་ཤེས་ཡོངས་སུ་རྫོགས་པ་དང༌། རྣམ་མཁྱེན་རྗེས་སུ་ཐོབ་པ་དང་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་ཤེས་པའི་རྣམ་པ་ཤེས་པ་ཉིད་རྫོགས་པར་བྱ་འདོད་པ་དང༌། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་


JLD017_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་སྤང་བར་འདོད་པའི་སོགས་སོ། །རྒྱན་ལས། སྦྱོར་བ་དང་ལྡན་པ་ཟླ་བ་དང་ལྷག་བསམ་དང་ལྡན་པ་མེ་ལྟ་བུར་གོ་བཟློག་སྟེ་བཤད་པ་ནི། གཉིས་ཀ་ཡང་ཚོགས་སྦྱོར་གཉིས་ཀར་འབྱུང་བ་ཤེས་པར་བྱེད་པའོ། །དཔེ་དོན་གྱི་ཆོས་མཐུན་འདི་ནི། གྲགས་ཆ་ཤེར་སྒྲོན་སྟོང་ཕྲག་བརྒྱ་བའི་བཤད་པ་ལས་ཀྱང་བཤད་ལ། འགྲེལ་ཆེན་གཉིས་ཤཱནྟི་ཨ་བྷྱ་རྒྱན་འགྲེལ་རྣམས་ལས་བུད་ཤིང་གི་ཁྱད་པར་གྱིས་མེ་འཕེལ་བ་ལྟར་སྦྱོར་བ་ཁྱད་པར་དུ་འགྲོ་བའོ་ཞེས་འཆད་དོ། །འགྲེལ་པ་འདིར་བཤད་པའི་དགོངས་པ་ནི། མདོ་འདིས་མཁྱེན་གསུམ་གྱི་སྒོ་ནས་ཡུམ་ལ་སློབ་པ་དང་མི་མཐུན་ཕྱོགས་སྤོང་བ་བསྟན་ལ། སྦྱོར་ལམ་དུ་མཁྱེན་གསུམ་གྱི་སྦྱོར་བ་ལ་སྒོམ་བྱུང་གིས་དབང་དུ་གྱུར་པས་དེའི་སྒྲིབ་པ་སྲེག་པ་ལ་མཐུ་ཕུལ་བྱུང་ཐོབ་པའི་ཕྱིར་མེ་དང་ཆོས་མཐུན་ནོ་སྙམ་དུ་དགོངས་སོ། །ལྔ་པ་སྦྱིན་པའི་ཕར་ཕྱིན་དང་ལྡན་པ་ནི། གཏེར་ཆེན་པོ་ལྟ་བུ་སྟེ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ཀྱང་མི་ཟད་པ་ཉིད་ཀྱིས་ཏེ། སེམས་ཅན་སེར་སྣ་ཅན་སྦྱིན་པ་ལ་འགོད་པར་འདོད་པ་དང༌། ཉན་རང་གི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྦྱིན་པ་གཏོང་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་སོགས་སོ། །དྲུག་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་ལྡན་པ་ནི། རིན་པོ་ཆེའི་འབྱུང་གནས་ལྟ་བུ་སྟེ་


JLD017_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་སྐྱེད་པའི་རྟེན་གྱི་དངོས་པོ་ཉིད་ཀྱིས་ཏེ། ཚུལ་ཁྲིམས་འཆལ་བ་སོགས་སོ། །བདུན་པ་བཟོད་པའི་ཕར་ཕྱིན་དང་ལྡན་པ་ནི། རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ། མེ་མཚོན་ལ་སོགས་པའི་མི་འདོད་པ་ཐམས་ཅད་ཐོག་ཏུ་བབ་པས་ཡིད་མི་འཁྲུག་པ་ཉིད་ཀྱིས་ཏེ། གནོད་སེམས་ཅན་ཞེས་སོགས་སོ། །བརྒྱད་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་དང་ལྡན་པ་ནི། རྡོ་རྗེ་ལྟ་བུ་སྟེ། བླ་ན་མེད་པའི་བྱང་ཆུབ་ལ་ཡིད་ཆེས་པ་བརྟན་པས་བདུད་ཀྱིས་མི་ཕྱེད་པ་ཉིད་ཀྱིས་ཏེ། ལེ་ལོ་ཅན་ཞེས་སོགས་སོ། །དགུ་པ་བསམ་གཏན་གྱི་ཕར་ཕྱིན་དང་ལྡན་པ་ནི། རིའི་རྒྱལ་པོ་ལྟ་བུ་སྟེ། མཚན་མར་དམིགས་པའི་རྣམ་པར་གཡེང་བས་ཏིང་ངེ་འཛིན་ལས་མི་བསྐྱོད་པ་ཉིད་ཀྱིས་ཏེ། སེམས་རྣམ་པར་གཡེངས་པ་སོགས་སོ། །བཅུ་པ་བདག་མེད་གཉིས་རྟོགས་པའི་ཤེར་ཕྱིན་དང་ལྡན་པ་ནི། སྨན་ཆེན་པོ་ལྟ་བུ་སྟེ། ཆགས་སོགས་ཉོན་མོངས་པ་དང་གཟུང་བར་རྟོག་པ་སོགས་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བར་བྱེད་པ་ཉིད་ཀྱིས་ཏེ། ཤེས་རབ་འཆལ་བ་སོགས་སོ། །བཅུ་གཅིག་པ་ཐབས་ཀྱི་ཕར་ཕྱིན་དང་ལྡན་པ་ནི། དགེ་བའི་བཤེས་གཉེན་ལྟ་བུ་སྟེ་སྙིང་རྗེ་དང་ཐབས་མཁས་པས་འབྱོར་རྒུད་ཀྱི་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ཉིད་ཀྱིས་ཏེ། དགེ་བའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ཐབས་མཁས་པས་རྣམ་མཁྱེན་དུ་བསྔོས་པས་གཞལ་མེད་གྲངས་མེད་པར་བྱ་བར་འདོད་པ་དང༌། དེ་བཞིན་དུ་སྦྱིན་པ་ཆུང་ངུ་གཏོང༌། ཚུལ་ཁྲིམས་ཆུང་ངུ་


JLD017_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང༌། བཟོད་པ་ཆུང་ངུ་སྒོམ། བརྩོན་འགྲུས་ཆུང་ངུ་རྩོམ། བསམ་གཏན་ཆུང་ངུ་ལ་མཉམ་པར་འཇོག །ཤེས་རབ་ཆུང་ངུ་ཡང་སྒོམ་པ་ན་ཐབས་མཁས་པས་སྔར་ལྟར་འདོད་པ་ལ་སོགས་པའོ། །འདིས་རྒྱ་མཚོར་ལྷུང་བའི་ཆུ་ཐིགས་དང་འདྲ་བར་ཕྱིན་དྲུག་གི་དགེ་རྩ་ཆུང་ངུ་ཙམ་ཡང་བྱང་ཆུབ་ཏུ་བསྔོས་པས། དེ་མ་ཐོབ་ཀྱི་བར་དུ་མི་ཟད་པ་དང༌། སེམས་ཅན་གྱི་དོན་དུ་ངན་སོང་གི་སྡུག་བསྔལ་ཡང་བཟོད་ནུས་པར་བསྟན་པའི་ཕྱིར་བཤེས་གཉེན་ལྟ་བུ་དེ་བསྟན་ཏོ། །བཅུ་གཉིས་པ་སྨོན་ལམ་གྱི་ཕར་ཕྱིན་དང་ལྡན་པ་ནི། ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། གནས་ཀྱི་དབང་དུ་བྱས་པའི་ཡིད་ལ་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པ་ཉིད་ཀྱིས་ཏེ། བྱང་ཆེན་སངས་རྒྱས་ཀྱི་སྐུ་སྒྲུབ་པ་དང༌། གཞོན་ནུའི་ས་ལས་འདའ་བ་དང་། སངས་རྒྱས་དང་བྱང་སེམས་རྣམས་དང་མི་འབྲལ་བ་དང༌། དབྱངས་གཅིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གོ་བ་དང༌། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་ཆད་པ་དང༌། དགེ་རྩ་གང་གིས་སངས་རྒྱས་རྣམས་ལ་བཀུར་སྟི་བྱ་བར་འདོད་པའི་དགེ་རྩ་དེ་དག་ཡང་དག་པར་འགྲུབ་པར་གྱུར་ཅིག་སྙམ་པས་སོགས་སོ། །འདིས་ཇི་ལྟར་སྨོན་པ་རྣམས་འགྲུབ་པར་བསྟན་པའི་ཕྱིར་དེ་བསྟན་ཏོ། །བཅུ་གསུམ་པ་སྟོབས་ཀྱི་ཕར་ཕྱིན་དང་ལྡན་པ་ནི། ཉི་མ་ལྟ་བུ་སྟེ། གདུལ་བྱའི་རྒྱུད་ཀྱི་དགེ་བའི་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱིས་ཏེ། བྱང་ཆེན་གྱིས་ཟས་སྐོམ་གོས་ལ་སོགས་པས་སེམས་ཅན་ཐམས་ཅད་


JLD017_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡིད་ལ་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་དང༌། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ཕྱིན་དྲུག་ལ་འགོད་པ་དང༌། དགེ་བའི་སེམས་གཅིག་ཙམ་ཡང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་ཟད་པར་བྱེད་འདོད་པས་སོགས་སོ། །འདིས་གཞན་རྒྱུད་ཆོས་དང་ཟང་ཟིང་གིས་དང་རང་རྒྱུད་ཀྱི་དགེ་རྩ་སྨིན་པར་བྱེད་པ་བསྟན་པའི་ཕྱིར་དེ་བསྟན་ཏོ། །སྐབས་འདིར་གཞན་དོན་རྒྱས་བཤད་ཀྱི་ཕྱིན་དྲུག་ལ་འགོད་པར་ཡང་གསུངས་སོ། །བཅུ་བཞི་པ་ཡེ་ཤེས་ཀྱི་ཕར་ཕྱིན་དང་ལྡན་པ་ནི། ཆོས་ཀྱི་སྒྲ་དབྱངས་སྙན་པ་དྲི་ཟའི་གླུ་ལྟ་བུ་སྟེ། གདུལ་བྱ་ཡིད་འདུན་པར་བྱེད་པའི་ཆོས་སྟོན་པ་ཉིད་ཀྱིས་ཏེ། བྱང་ཆེན་སྟོང་ཉིད་ཉི་ཤུ་ལ་སློབ་པ་དང༌། སྟོང་གསུམ་གྱི་འབྱུང་བཞིའི་རྡུལ་ཕྲ་རབ་ཐམས་ཅད་ཤེས་པར་འདོད་པས་ཞེས་སོགས་སོ། །འདིས་སྟོང་ཉིད་མཁྱེན་པའི་ཇི་ལྟ་བ་དང་རྡུལ་ཕྲ་རབ་རྣམས་མཁྱེན་པའི་ཇི་སྙེད་པའི་ཡེ་ཤེས་དང་སྦྱིན་པའི་བསྔགས་པ་ཆེན་པོ་བསྟན་པའི་ཕྱིར་དེ་བསྟན་ཏོ། །བཅོ་ལྔ་པ་མངོན་པར་ཤེས་པ་དང་ལྡན་པ་ནི། རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པ་ཉིད་ཀྱིས་ཏེ། བྱང་ཆེན་སེམས་བསྐྱེད་པ་གཅིག་གིས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་འདའ་བ་དང༌། སྟོང་གསུམ་གྱི་ཆུ་ཐམས་ཅད་སྐྲའི་རྩེ་མོ་བརྒྱར་བཤགས་པའི་ཆས་གྱེན་དུ་བསླང་བ་དང༌། དེ་ན་གནས་པའི་སྲོག་ཆགས་རྣམས་ལ་ཡང་གནོད་པར་མི་འགྱུར་བ་དང༌། བསྐལ་པ་སྲེག་པའི་མེ་ཁའི་དབུགས་གཅིག་གིས་ཞི་བ་དང༌། འཇིག་པའི་དུས་ཀྱི་རླུང་སོར་མོའི་རྩེ་མོ་


JLD017_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་དགབ་པ་དང༌། སྟོང་གསུམ་གྱི་ནམ་མཁའི་ཁམས་ཅི་ཙམ་པར་སྐྱིལ་ཀྲུང་གཅིག་གིས་དགང་བ་དང༌། སྟོང་གསུམ་གྱི་རི་ཐམས་ཅད་སྐྲ་ཉག་མ་གཅིག་གིས་སྦམས་ཏེ་གྱེན་དུ་བཏེག་ནས་འཇིག་རྟེན་གྱི་ཁམས་ཚད་མེད་པར་འཕང་ངོ་སྙམ་པ་དང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལྷའི་མིག་གིས་བལྟ་ཞིང་དེའི་ཆོས་ལྷའི་རྣ་བས་མཉན་པ་དང༌། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་དང༌། དེ་དག་གི་སྔོན་གྱི་གནས་དྲན་པ་དང༌། ཟག་ཟད་ཀྱི་མངོན་ཤེས་མངོན་དུ་བྱ་བར་འདོད་ཅིང་ཡང་དག་མཐའ་མངོན་དུ་མི་བྱ་བར་འདོད་པ་སོགས་སོ། །འདིས་མཐུའི་ཁྱད་པར་ཕུལ་དུ་བྱུང་བའི་སྒོ་ནས་གཞན་གྱི་དོན་སྒྲུབ་པར་བསྟན་པའི་ཕྱིར་དེ་བསྟན་ཏོ། །བཅུ་དྲུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི། བང་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མང་པོའི་མཛོད་དེ་གནས་ལྟ་བུ་ཡིན་པ་ཉིད་ཀྱིས་ཏེ། བྱང་ཆེན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཉན་ཐོས་དང་བྱང་སེམས་ཀྱི་དགེ་འདུན་དང་བཅས་པ་ཐམས་ཅད་བསོད་སྙོམས་དང་མེ་ཏོག་ལ་སོགས་པ་གཅིག་གིས་དེ་དག་ལ་བཀུར་སྟི་སོགས་བྱ་བ་དང༌། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཟག་མེད་ཀྱི་ཕུང་པོ་ལྔ་འབྲས་བུ་བཞི་རང་རྒྱལ་ཕུང་པོ་མ་ལུས་པའི་མྱང་འདས་ཀྱི་བར་ལ་འགོད་པར་འདོད་པས་སོགས་སོ། །དེ་ལ་ངག་དང་པོས་བསོད་ནམས་དང་གཉིས་པས་ཡེ་ཤེས་ཀྱི་ཚོགས་བསྟན་པའི་ཕྱིར་དེ་བསྟན་ཏོ། །


JLD017_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བདུན་པ་བྱང་ཕྱོགས་ཀྱི་ཆོས་སོ་བདུན་དང་ལྡན་པ་ནི། ལམ་པོ་ཆེ་ལྟ་བུ་སྟེ། འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་ཉིད་ཀྱིས་ཏེ། བྱང་ཆེན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་སོགས་སོ། །འདིས་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ལམ་གྱིས་མཚོན་པ་དུས་གསུམ་གྱི་འཕགས་པ་ཐམས་ཅད་ཀྱི་ལམ་བསྟན་པའི་ཕྱིར་དེ་གསུངས་སོ། །དེ་ལ་སྔ་མ་དག་གྲོགས་ལ་ནི་འཕགས་པ་ཐམས་ཅད་གཤེགས་ལ་གྲོགས་ཅན་ལ་ནི་ཐེག་ཆེན་འཕགས་པ་ཁོ་ན་གཤེགས་ཞེས་འཆད་དོ། །བཅོ་བརྒྱད་པ་གཞན་དོན་ལ་རྩེ་གཅིག་ཏུ་གནས་པའི་སྙིང་རྗེ་དང་ཆོས་རང་བཞིན་མེད་རྟོགས་ཀྱི་ལྷག་མཐོང་དང་ལྡན་པ་ནི། བཞོན་པ་བཟང་པོ་ལྟ་བུ་སྟེ། འཁོར་འདས་ཀྱི་མཐའ་གང་དུ་ཡང་མི་ལྟུང་བས་མི་གནས་པའི་སར་བདེ་བླག་ཏུ་འགྲོ་བ་ཉིད་ཀྱིས་ཏེ། བྱང་ཆེན་ཉན་རང་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་ནང་གི་འཁོར་དུ་འགྱུར་བར་འདོད་པས་སོགས་སོ། །འདིས་ཉན་རང་དུ་མ་ཞུགས་པའི་སྔོན་དུ་བྱང་ཆུབ་ཏུ་འགྲོ་བ་ལ་སོགས་པ་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་ཚུལ་རྣམས་བསྟན་པའི་ཕྱིར་དེ་དག་གསུངས་སོ། །བཅུ་དགུ་པ་ཚིག་དོན་མི་བརྗེད་པར་འཛིན་པའི་གཟུངས་དང་གཞན་ལ་ཐོགས་མེད་དུ་འཆད་པའི་སྤོབས་པ་དང་ལྡན་པ་ནི། བཀོད་མའི་ཆུ་ལྟ་བུ་སྟེ། སྔར་ཐོས་པ་དང་མ་ཐོས་པ་ཐོས་འགྱུར་གྱི་ཆོས་འཛིན་པས་མི་ཟད་པར་སྟོན་པ་ཉིད་ཀྱིས་ཏེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་


JLD017_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་གསུངས་པ་དང་གསུང་བ་དང་གསུང་བར་འགྱུར་བ་གང་ཇི་སྙེད་པ་འདི་ལྟ་སྟེ་མདོ་དང་དབྱངས་ཀྱིས་བསྙད་པ་དང་ལུང་བསྟན་པ་ནས་གཏན་ལ་ཕབ་པར་བསྟན་པའི་བར་ཉན་རང་རྣམས་ཀྱིས་མ་ཐོས་པ་གང་ཡིན་པ་དེ་དག་ཐམས་ཅད་གཟུང་བ་ལ་སོགས་པ་དང་གཞན་ལ་ཡང་རྒྱ་ཆེར་བསྟན་པར་འདོད་པས་ཞེས་སོ། །ཆུ་མིག་དང་བཀོད་མའི་ཁྱད་པར་ནི་སའི་དངོས་གཞིར། ཆུ་མིག་ནི་གློ་ནས་ཆུ་འབྱུང་བ་གང་ཡིན་པའོ། །བཀོད་མ་ནི་ཆུ་གྱེན་དུ་འབྱུང་བ་གང་ཡིན་པ་སྟེ་ཞེས་སོ། །ཉི་ཤུ་པ་འདུ་བྱེད་ཟག་བཅས་ཆོས་ཐམས་ཅད་མྱང་འདས་བཞི་ལ་མི་རྟག་སྡུག་བསྔལ་བདག་མེད་ཞི་བར་རྟོག་པའི་ཆོས་ཀྱི་དགའ་སྟོན་དང་ལྡན་པ་ནི། ཀུན་དགའ་བའི་སྒྲ་སྙན་པ་ལྟ་བུ་སྟེ། ཐར་པ་འདོད་པའི་གདུལ་བྱ་ལ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་ལོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་པའི་སྒོ་ནས་ཆོས་ཀྱི་སྒྲ་དབྱངས་སྙན་པར་སྒྲོགས་པ་ཉིད་ཀྱིས་ཏེ། ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་བར་ཡུན་རིང་པོར་མུན་པ་མུན་གནག་ཏུ་གྱུར་པ་ལུས་ཀྱི་འོད་ཀྱིས་སྣང་བར་བྱས་ནས་དེར་སྐྱེས་པའི་སེམས་ཅན་ལ་དཀོན་མཆོག་གསུམ་གྱི་སྒྲ་ཐོས་པར་བྱ་བ་དང༌། དེ་དག་ཡང་དག་པའི་ལྟ་བ་ལ་དགོད་པར་འདོད་པའི་ཞེས་སོགས་སོ། །ཉེར་གཅིག་པ་བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི། ཆུ་བོའི་རྒྱུན་ལྟ་བུ་སྟེ། ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་དུ་རྟོགས་པས་སྙིང་རྗེ་དང་ཤེས་


JLD017_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱིས་རང་གི་ངང་གིས་འཇུག་ཅིང་རྒྱུན་མི་འཆད་པར་གཞན་གྱི་དོན་གྱི་བྱ་བ་ཐ་མི་དད་པ་སྟེ་རིས་སུ་མ་ཆད་པར་འཇུག་པ་ཉིད་ཀྱིས་ཏེ། ཕྱོགས་བཅུ་པོ་རེ་རེ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ལོང་བ་དང་འོན་པ་དང་སྨྱོན་པ་དང༌། གཅེར་བུ་དང༌། བཀྲེས་པ་དང༌། སྐོམ་པ་ལ་སོགས་པ་དང༌། ངན་སོང་དུ་ལྟུང་བ་རྣམས་སྡུག་བསྔལ་དེ་དང་དེ་ལས་ཐར་བར་བྱ་སྟེ་མིའི་ལུས་ཐོབ་པ་དང༌། དེ་རྣམས་ཀྱང་ཟག་མེད་ཀྱི་ཕུང་པོ་ལྔ་ལ་དགོད་པར་འདོད་པས་སོགས་སོ། །འདིས་སེམས་ཅན་ཆེས་སྡུག་བསྔལ་བ་རྣམས་ལ་ཡང་སྡུག་བསྔལ་དེ་ལས་གྲོལ་བར་བྱས་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བསྟན་པའི་ཕྱིར་དེ་གསུངས་སོ། །ཉེར་གཉིས་པ་ཆོས་ཀྱི་སྐུ་དང་ལྡན་པ་ནི། སྤྲིན་ལྟ་བུ་སྟེ། དགའ་ལྡན་གྱི་གནས་ན་བཞུགས་པ་དང་སོགས་པས་མཛད་པ་བཅུ་གཉིས་ཀུན་ཏུ་སྟོན་པར་རུང་བ་སྟེ་སེམས་ཅན་གྱི་ཕན་བདེའི་ལོ་ཏོག་སྨིན་པ་དེ་ལ་རག་ལས་པ་ཉིད་ཀྱིས་ཏེ། བྱང་ཆེན་དེ་བཞིན་གཤེགས་པའི་སྤྱོད་ལམ་སྟོན་པ་དང༌། དེ་བཞིན་གཤེགས་པའི་སྤྱོད་པ་དང་ཚུལ་རྣམ་པར་དག་པ་དང་དེའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་ཡོངས་སུ་དག་པ་དང་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟ་བར་འདོད་པས་ཡུམ་ལ་བསླབ་པར་བྱའོ་ཞེས་པ་ལ་སོགས་པ་སྟེ། འདི་དག་གིས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པར་ཆོས་སྟོན་པ་ལ་སོགས་པ་བྱེད་པའི་ཕྱིར་རོ། །མཛད་པ་བཅུ་གཉིས་ནི། རྒྱུད་བླ་ལས། ཐུགས་རྗེ་ཆེན་པོས་


JLD017_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་ནས་ནི་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་གྱིས་དགྱེས་རོལ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། ཞེས་སོགས་ཚུལ་འདི་ལྟར་ན་བཅུ་གཉིས་པོ་ཐམས་ཅད་སངས་རྒྱས་ཀྱི་མཛད་པ་སྟེ་ཐུན་མོང་མ་ཡིན་པའི་ལུགས་སོ། །ཐེག་པ་ཐུན་མོང་བ་ལྟར་ན་ཀུན་བཏུས་སུ་བཤད་པ་ལྟར་དང་པོ་དགུ་བྱང་སེམས་དང་ཐ་མ་གསུམ་སངས་རྒྱས་ཀྱི་མཛད་པའོ། །གླང་པོ་ཆེའི་ལྟ་སྟངས་ཞེས་པའི་དོན་ནི། ཡུམ་གསུམ་གནོད་འཇོམས་ལས། སྟེང་ན་འདུག་པ་ལ་བཀྱེད་དེ་མི་བལྟ། འོག་ན་འདུག་པ་ལ་བཏུད་དེ་མི་བལྟ། གཡས་གཡོན་ན་འདུག་པ་ལ་མིག་བཟུར་ཏེ་མི་བལྟ། རྒྱབ་ན་འདུག་པ་ལ་མཇིང་པ་བསྒྱུར་ཏེ་མི་བལྟ། ཐག་རིང་པོར་འདུག་པ་ལ་བསྒྲིམས་ཏེ་མི་བལྟ། ཐག་ཉེ་བ་ན་འདུག་པ་ལ་བསྒྲིམ་པ་མེད་པར་ཡང་མི་བལྟའོ། །ཇི་ལྟར་འདུག་པའི་སྤྱོད་ལམ་དང་ཇི་ལྟར་ལྟ་བའི་མིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་དང་ཆོས་ཐམས་ཅད་ལ་ལྟ་བ་ནི་གླང་པོ་


JLD017_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་ལྟ་སྟངས་སོ་ཞེས་འཆད་དོ་ཞེས་སོ། །གཉིས་པ་ནི། དཔེ་ཉེར་གཉིས་ཀྱིས་སེམས་བསྐྱེད་ཉེར་གཉིས་སྟོན་པར་དཔེ་དོན་ཆོས་མཐུན་ཉེར་གཉིས་ཀྱིས་བསྒྲུབ་པ་དེ་ལྟར་ན་དེ་ཡང་ས་གསེར་ཟླ་བ་མེ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་བཤད་པ་ཡིན་ནོ། །འདིར་ས་གསེར་ཟླ་བ་མེ་ཞེས་བྱ་བ་ལ་སོགས་པའི་སེམས་བསྐྱེད་ཅེས་དྲུག་པའི་སྒྲར་བཏོན་ནས་འཆད་པ་ནི་གཞུང་མ་དག་གོ །གསུམ་པ་ནི། སེམས་བསྐྱེད་ཉེར་གཉིས་བཤད་པ་དེ་ལ་དང་པོ་འདུན་ལྡན་ལ་སོགས་པ་གསུམ་ནི་ལས་དང་པོ་པའི་ས་ཚོགས་ལམ་གྱིས་བསྡུས་ཏེ་དེ་ཡང་ཚོགས་ཀྱི་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་རིམ་པ་བཞིན་ནོ། །དེའི་འོག་ཏུ་གཅིག་སྦྱོར་བ་དང་ལྡན་པ་ནི་ས་དང་པོ་ལ་འཇུག་པ་སྦྱོར་བའི་ལམ་གྱིས་བསྡུས་སོ། །དེའི་འོག་ཏུ་སྦྱིན་པ་དང་ལྡན་པ་ནས་ཡེ་ཤེས་དང་ལྡན་པའི་བར་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུས་རིམ་པ་བཞིན་བསྡུས་ཏེ་དང་པོ་མཐོང་བའི་ལམ་དང༌། ལྷག་མ་དགུ་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཏེ་སྐབས་དེ་ན་ཡོད་པའོ། །དེའི་འོག་ཏུ་མངོན་ཤེས་དང་ལྡན་པ་སོགས་ལྔ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་སོ། །འདི་ལ་ཁ་ཅིག་ས་བཅུ་ཀའི་ཁྱད་པར་གྱི་ལམ་ལ་འཆད་ཀྱང༌། རྒྱན་སྣང་ལས་འདི་དག་གི་གོ་རིམས་རྣམས་དོན་གྱི་རིམ་པར་བཤད་པའི་ཕྱིར་མི་འཐད་དོ། །དེས་ན་ས་བཅུ་པའི་ཁྱད་པར་གྱི་ལམ་ལ་བཞག་གོ །ཟླ་འོད་དུ་གཞན་དྲུག་ནི་ཆོས་ཀྱི་སྤྲིན་གྱི་གནས་སྐབས་ཀྱི་ཁྱད་པར་གྱི་ལམ་


JLD017_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །འདིའི་ཐ་མ་གཅིག་ནི་སངས་རྒྱས་ཀྱི་བར་ཆད་མེད་པའི་ལམ་མོ། །རྒྱུ་འདིས་ན་སངས་རྒྱས་ཀྱི་སས་བསྡུས་ཞེས་པའི་སེང་གེ་བཟང་པོའི་འདོད་པ་ནི་ཉེ་བར་བཏགས་པའི་དགོས་པ་མེད་པས་མི་རིགས་ཞེས་ལྔའི་ས་མཚམས་མཐུན་ཞིང༌། ཉི་ཤུ་པ་ས་བཅུ་ཐ་མའི་བར་ཆད་མེད་ཀྱིས་བསྡུས་ལ་དེ་སངས་རྒྱས་ཀྱི་ས་དངོས་མིན་ཞིང༌། བཏགས་པ་བར་འདོད་ན་ཡང་བཏགས་པའི་དགོས་པ་མེད་པས་མི་རིགས་ཞེས་རྒོལ་བ་ནི་ཚིག་ལ་རྩོད་པར་སྣང་སྟེ། སློབ་དཔོན་གྱིས་ཀྱང་སངས་རྒྱས་ཀྱི་སའི་སྦྱོར་བས་བསྡུས་པ་ཙམ་དུ་བཞེད་པས་སོ། །དེ་ཡང་རྒྱན་སྣང་ལས། འདི་ནི་བྱང་ཆུབ་སེམས་དཔའི་ས་དང་འབྲེལ་བ་སངས་རྒྱས་ཀྱི་ས་ལ་འཇུག་པའི་ལམ་གྱིས་བསྡུས་སོ། ཞེས་སོ། །བུད་དྷ་ཤྲཱིས་ཐ་མ་བརྒྱད་ལ་དང་པོ་བཞི་ས་བརྒྱད་པ་དང༌། དེ་ནས་གཉིས་དགུ་པ་དང༌། དེ་ནས་གཉིས་བཅུ་པའོ་ཞེས་འཆད་ཅིང༌། རྒྱན་སྣང་དུ། ཐ་མ་བརྒྱད་བྱང་སེམས་ཀྱི་སའི་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ལུགས་བཀོད་པ་ནི་འཕགས་པའི་དགོངས་པར་འཆད་དོ། །དེའི་འོག་ཏུ་བཤད་པའི་ཐ་མ་གསུམ་ནི་སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་སོ། །དེ་ལ་དངོས་འཇུག་ནི་སངས་རྒྱས་ཀྱི་མཉམ་གཞག་དང་རྗེས་ཐོབ་ཏུ་རྒྱན་སྣང་བཞེད་ལ། གཞན་དག་སྐུ་གཉིས་སམ་ཡེ་ཤེས་སྔ་མ་བཞི་དངོས་ཡིན་ལ། སྤྲུལ་སྐུའང་བྱ་སྒྲུབ་ཡེ་ཤེས་མཇུག་ཏུ་འདོད་དོ། །ཚོགས་ལམ་ནས་མི་སློབ་པའི་བར་ན་ཡོད་པ་དེ་ལྟར་ན་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི་


JLD017_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་པོ་པའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་སོ། །དེའི་ཕྱིར་རྒྱུ་འབྲས་གཉིས་ཀའི་སྒོ་ནས་ཕྱེ་ན་དབྱེ་བ་རྫོགས་ཀྱི་གཞན་དུ་རྒྱུ་ཙམ་གྱི་དབྱེ་བས་དབྱེ་བ་མི་རྫོགས་སོ། །དེ་ལྟར་སློབ་དཔོན་འདིས་ས་མཚམས་མཛད་པ་ཡང་མདོ་སྡེ་རྒྱན་གྱི་ས་མཚམས་ཀྱི་ལུང་དྲངས་ནས་དེའི་རྗེས་སུ་འབྲངས་སོ། །གཉིས་པ་ལ་གཉིས། སྤྱི་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་ལྔ། ནོད་པའི་རྟེན། རྒྱུ་གང་ལས་ནོད་པ། ཡུལ་གང་ལ་ནོད་པ། ནོད་བྱའི་ངོ་བོ། ས་མཚམས་སོ། །དང་པོ་ནི། སྤྱིར་གདམས་ངག་ཉན་པ་ཙམ་ཞིག་ཉན་རང་ལ་ཡང་ཡོད་ལ། བྱེ་བྲག་ཏུ་ཐེག་པ་ཆེན་པོའི་གདམས་ངག་ལ་ཡང་ཕལ་པ་དང་ཁྱད་ཅན་གཉིས་ལས་འདིར་བསྟན་པ་ནི་ཕྱི་མ་སྟེ། དེ་ཡང་སངས་རྒྱས་དངོས་ལ་ཉན་ན་ཚོགས་ལམ་ཆེན་པོར་སོན་པ་ཞིག་དགོས་ཏེ། རྒྱན་ལས། བསམ་གཏན་ལ་ཐོབ་མངོན་པར་ཤེས། །མངོན་པར་བསྒྲུབས་པའི་སྒོ་ནས་ཏེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། ཞེས་སོ། །གཉིས་པ་ནི། རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང༌། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། ཞེས་པ་ལྟར་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་སོ། །འདི་ལ་གསུམ་ལས། དང་པོ་མཚན་ཉིད་ནི། གང་ལ་མཉམ་པར་བཞག་ན་རྒྱལ་བ་རྣམས་ལས་གསུང་རབ་ཀྱི་ཚིག་དོན་བགྲང་ལས་འདས་པ་འཛིན་པར་ནུས་པའི་དྲན་ཤེས་དང་ཏིང་ངེ་འཛིན་


JLD017_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ལྡན་ནོ། །གཉིས་པ་སྒྲ་བཤད་པ་ནི། ཆོས་གསུང་རབ་ཀྱི་ཚིག་དོན་རྒྱུན་ནམ་བར་མ་ཆད་དུ་འཛིན་པར་ནུས་པའོ། །གསུམ་པ་ས་མཚམས་ནི། འགྲེལ་ཆེན་ལས། ས་དང་པོ་ཐོབ་པར་འགྱུར་བའི་ལམ་འཇིག་རྟེན་གྱི་ཆོས་ཀྱི་མཆོག་གི་ཏིང་ངེ་འཛིན་ལ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་པ་ནི་ཆོས་སྤྱོད་ན་ཡོད་པ་རྣམས་ཀྱི་ཁྱད་པར་ཅན་ལ་དགོངས་པ་ཡིན་པས། རྒྱན་སྣང་ལས། ཚོགས་ཀྱི་ས་འདི་ཉིད་དུ་སེམས་ལས་སུ་རུང་བར་གྱུར་པ་ན་གང་ཞིག་ཐོབ་པས་ཚིག་དང་དོན་འཛིན་པར་ནུས་པའི་ཆོས་ཀྱི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ལ་ཞེས་པ་ལྟར་གཟུང་ངོ༌། །གསུམ་པ་ནི། སངས་རྒྱས་ཁོ་ན་ཞེས་འཆད་ཀྱང༌། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སོགས་པ་ལ་ཞེས་པ་ལྟར་སངས་རྒྱས་དང་ཐེག་ཆེན་གདམས་ངག་སྟོན་ནུས་ཀྱི་དགེ་བཤེས་ཀྱིས་ཀྱང་ཆོག་སྟེ་ཡུམ་གྱི་མདོ་ལྟ་བུའི་ཐེག་ཆེན་གྱི་གདམས་ངག་ལ་ཡང་སྟོན་པ་པོ་ཉན་ཐོས་ཀྱང་དུ་མ་ཡོད་པའི་ཕྱིར་རོ། །བཞི་པ་ནི། ཁ་ཅིག་སངས་རྒྱས་ཀྱིས་དངོས་སུ་འདོམས་པའི་ངག་ཅེས་པ་མི་འཐད་དེ། གདམས་ངག་ཁྱད་ཅན་ལ་ཡང་སྟོན་པ་པོ་སངས་རྒྱས་སུ་མ་ངེས་པར་སྔར་བསྟན་ལ། སྤྱིར་བཀའ་ཡིན་པར་ཡང་མ་ངེས་ཏེ། མངོན་རྟོགས་རྒྱན་ལྟ་བུ་ལ་ཡང་གདམས་ངག་ཁྱད་ཅན་གྱི་དོན་ལེགས་པར་ཚང་བའི་ཕྱིར་རོ། །དེའི་ཕྱིར་ཐེག་ཆེན་གྱི་རིགས་ཅན་འཚང་རྒྱ་བའི་ལམ་ཆ་ཚང་སྟོན་པའི་མདོ་དང་བསྟན་བཅོས་ཐམས་ཅད་གདམས་ངག་ཁྱད་ཅན་ཡིན་ནོ། །ཚིག་


JLD017_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལས་ནི། ལམ་ཉིད་གདམས་ངག་ཏུ་འདོད་པའི་གཞན་ལུགས་བཀོད་ནས། དེའི་རྗེས་སུ་ཡང་ན་འདོམས་པ་ཡང་དེ་ཡིན་ལ་ཇི་ལྟར་གདམས་པ་ལྟར་སྒྲུབ་པ་ཡང་འདིར་གཙོ་བོར་གྱུར་པའི་གདམས་ངག་གོ་ཞེས་འདོམས་པའི་ངག་དང་གདམས་པ་ལྟར་སྒྲུབ་པ་དང་གཉིས་ཀ་ཡང་གདམས་ངག་ཡིན་ལ། དེ་ཡང་ཕྱི་མ་གཙོ་བོར་གྱུར་པའོ་ཞེས་པ་འདིས་ཁོང་རང་གི་རྗེ་བཙུན་གྱི་ལུགས་ཡིན་པར་འཆད་དོ། །དོན་བསྡུས་སྒྲོན་མེར། ངོ་བོ་ངག་གི་འཁོར་ལོ་ཡིན་ཞེས་པ་ལྟར། འགྲེལ་པ་དང་རྣམ་འགྲེལ་གཉིས་ལས། དེ་ལ་དོན་དུ་གཉེར་བའི་དོན་ཐོབ་པའི་བྱ་བ་ཉེ་བར་སྟོན་པ་ནི་གདམས་པ་དང་རྗེས་སུ་བསྟན་པ་ཡིན་ཏེ། ཐོབ་ཟིན་པའི་ཡོན་ཏན་ཡོངས་སུ་སྐྱོང་བའི་དོན་གྱིས་མི་ཉམས་པར་བྱེད་པ་ནི་གདམས་ངག་ཡིན་ལ། དེའི་འོག་ཏུ་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པའི་ཕྱིར་ན་རྗེས་སུ་བསྟན་པ་ཡིན་ནོ་ཞེས་རྗོད་བྱེད་ལ་བཤད་ཅིང༌། དག་ལྡན་ལས་ཀྱང༌། ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྗོད་པ་ནི་གདམས་ངག་སྟེ། ཞེས་དང༌། འདི་ལས་ཀྱང་འདོམས་པ་ནི་གདམས་ངག་སྟེ་ཞེས་ཆེན་པོ་རྣམས་ཞལ་འཆམ་པར་འབྱུང་བའི་ཕྱིར་གདམས་ངག་ནི་རྗོད་བྱེད་མཚན་ཉིད་པ་ཡིན་ལ་བསྟན་པ་ལྟར་སྒྲུབ་པ་ནི་གདམས་ངག་གི་འབྲས་བུ་ཡིན་ནོ། །ལྔ་པ་ནི། ཤེར་འབྱུང་གིས་ལས་དང་པོ་པའི་ས་ནས་བརྩམས་ཏེ་སངས་རྒྱས་ཀྱི་སའི་བར་དུ་གདམས་ངག་གིས་བྱང་ཆུབ་ཀྱི་སེམས་སྒྲུབ་པ་རྣམ་པར་དག་པ་ཡིན་ནོ། ཞེས་བཤད་ལ། ཚིག་གསལ་ལས་ནི། བར་ཆད་མེད་པའི་ལམ་ལ་ནི་དེ་དོན་དུ་གཉེར་བ་མེད་


JLD017_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དེ། རང་བྱུང་གི་ཡེ་ཤེས་སྐྱེད་པར་ནུས་པའི་ཕྱིར་རོ། ཞེས་སྲིད་པ་ཐ་མ་པའི་ཚེ་གཞན་ལ་མ་ལྟོས་པར་བྱང་ཆུབ་ཐོབ་པར་ནུས་པས་གདམས་ངག་ལ་རག་མ་ལས་ཞེས་འཆད་དོ། །གདམས་ངག་ངེས་པར་ཉན་དགོས་པའི་དབང་དུ་བྱས་ནས་ས་མཚམས་འཇོག་ན་ཞིབ་ཆ་འདི་ལེགས་ལ། སྟོན་པ་པོའི་ས་མཚམས་འཛིན་ན་སངས་རྒྱས་ཀྱི་སའི་བར་རོ་ཞེས་སྔ་མས་བཤད་པ་ལྟར་རོ། །གཉིས་པ་ལ་གཉིས། མཚམས་སྦྱར། དོན་བཤད་པའོ། །དང་པོ་ནི། སེམས་བསྐྱེད་ཀྱི་ངོ་བོ་གཙོ་བོར་བསྟན་ཅིང་དེའི་གནས་སྐབས་ཙམ་ལ་དབྱེ་བར་བཞག་པས་དབྱེ་བ་ཞར་ལ་བརྗོད་ནས་དེའི་རྗེས་སུ་གདམས་ངག་གསུངས་ཏེ། གོང་གི་དེ་ལྟར་བྱང་ཆུབ་ཀྱི་སེམས་དང་པོ་འདུན་ལྡན་ལ་སོགས་པ་བསྐྱེད་པའི་བྱང་སེམས་ལ་ཡུལ་བཅུ་ལ་བརྩམས་ནས་འདོམས་པ་ནི་གདམས་ངག་ཡིན་པས་སོ། །བྱང་སེམས་ཅི་འདྲ་བ་ཞེ་ན་དུས་ཇི་ལྟ་བ་བཞིན་དུ་སྟེ་རྒྱུའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྐབས་དང་མཐུན་པར་གདམས་ངག་དོན་དུ་གཉེར་བར་བྱེད་པའོ། །དགོས་པ་གང་གི་ཕྱིར་ན། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་སེམས་དེས་བསམ་པས་འཕངས་པའི་དཀར་ཆོས་ཐམས་ཅད་འགྲུབ་པར་བྱ་བའི་རྗེས་བསྟན་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པས་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་སོགས་ཀྱི་ཡོན་ཏན་ཐོབ་ཟིན་པ་གོང་ནས་གོང་དུ་མངོན་པར་འཕེལ་བར་བྱ་བའི་གདམས་ངག་གི་དགོས་པ་སྟེ་དེ་གཉིས་ཀྱི་ཕྱིར་དུའོ། །ཐབས་


JLD017_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ན། ཡོན་ཏན་ཐོབ་ཟིན་མི་ཉམས་པར་ཡོངས་སུ་བསྲུང་བའི་དོན་ཏེ་ཐབས་ཀྱིས་སོ། །མདོ་འབྲེལ་ནི། སེམས་བསྐྱེད་ཀྱི་སྐབས་སུ་འདི་དང་འདི་འདོད་པས་ཡུམ་ལ་བསླབ་པར་བྱའོ་ཞེས་དུ་མ་ཞིག་གསུངས་པ་ལ། ཤཱ་རིའི་བུས་བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡུམ་ལ་སྤྱད་པར་བགྱི་ཞེས་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་དུ་བཤད་པའི་ཆོས་རྣམས་རྫོགས་པར་བྱ་བའི་དོན་དུ་ཇི་ལྟར་བསྒྲུབ་པར་བྱ་ཞེས་པའི་ལན་དུ། ཤཱ་རིའི་བུ་འདི་ལ་ཞེས་པ་ནས་དེ་ལྟར་སྤྱོད་ན་བྱང་སེམས་ཡུམ་ལ་སྤྱོད་པ་ཡིན་ནོའི་བར་གྱིས་སྒྲུབ་པ་རང་གི་ངོ་བོ་དང༌། དགེ་སློང་ཤཱ་རིའི་བུ་ཞེས་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྦྱིན་པ་པོ་ཡིན་ནོའི་བར་གྱིས་སྒྲུབ་པའི་ཕན་ཡོན་གསུངས་སོ། །མདོ་མཚམས་འབྱེད་ཚུལ་འདི་ནི་འགྲེལ་ཆེན་གཉིས་ཀྱི་དགོངས་པ་ལྟར་དག་ལྡན་ལས་སོ། །དེས་ན་སེམས་བསྐྱེད་དུ་ཡུམ་ལ་བསླབ་པར་བྱ་ཞེས་པའི་ཡུམ་ནི་ཁ་ཅིག་སེམས་བསྐྱེད་པ་ལ་འདོད་ཀྱང༌། སྐབས་དེའི་འདོད་པ་རྣམས་ཀྱི་སྒྲས་སེམས་བསྐྱེད་བསྟན་ལ། སེམས་བསྐྱེད་ཀྱི་དམིགས་ཡུལ་སྒྲུབ་པའི་ཐབས་ཡུམ་ཡིན་པས་འདིར་བསྟན་པའི་སྒྲུབ་པ་ལ་ཡུམ་དུ་འདོད་པར་བྱ་སྟེ་སྔ་ཕྱི་ལེགས་པར་འབྲེལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས། གདམས་ངག་སྤྱིར་བསྟན། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། བསྟན། བཤད། མཇུག་བསྡུ་བའོ། །དང་པོ་ནི། འདིར་བསྟན་གདམས་ངག་ནི་དབྱེ་གཞི། དབྱེ་ན་གྲངས་བཅུའི་


JLD017_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དུ་ཤེས་པར་བྱའོ། །འབྱེད་པའི་རྒྱུ་མཚན་ནི་སྒྲུབ་དང་ཞེས་སོགས་ཡུལ་བཅུར་ཡོད་པས་སོ། །གཉིས་པ་ལ་བཞི། སྒྲུབ་པ་རང་གི་ངོ་བོ། དམིགས་ཡུལ་བདེན་པ་བཞི། རྟེན་དཀོན་མཆོག་གསུམ། སྒྲུབ་པ་ཕུན་ཚོགས་ཀྱི་རྒྱུ་ལ་གདམས་པའོ། །དང་པོ་ལ་གཉིས། ངོ་བོ་དང༌། ཁྱད་པར་རོ། །དང་པོ་ནི། སྒྲུབ་པ་ལ་འདོམས་སོ། །དེ་གང་ན། འཇུག་པར་བྱའོ་ཞེས་གདུལ་བྱ་ལ་སློབ་པའོ། །གང་ལ་འཇུག་ན། བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཉེར་གཉིས་སྔར་ཇི་སྐད་བཤད་པར་བསྟན་པའི་དཀར་ཆོས་མ་ལུས་པ་སྒྲུབ་པའི་ཐབས་ལའོ། །དེས་ན་འདི་ནི་སེམས་བསྐྱེད་ཀྱི་སྐབས་སུ་མདོ་ལས་བཤད་པའི་དཀར་ཆོས་རྣམས་སྒྲུབ་པའི་ཐབས་ལ་བཤད་པར་བྱ་སྟེ། འཕགས་པའི་དགོངས་པ་ཡང་དེ་ཡིན་ནོ། །དེ་ཡང་སྔར་བཤད་པའི་མདོ་ཡི་འབྲེལ་ལོ། །ཚུལ་ནི། སྤྱོད་པ་པོ་སྤྱད་བྱ་སྤྱད་འབྲས་སྤྱོད་པ་རང་གི་ངོ་བོ་བཟློག་ཟླ་དང་བཅས་པ་དེ་ཁོ་ནར་མི་དམིགས་པ་དང༌། ཐ་སྙད་དུ་སྒྱུ་མ་ལྟ་བུར་དམིགས་པའི་ཚུལ་གྱིས་ཏེ་དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བ་བདེན་གཉིས་ཟུང་འབྲེལ་གྱིས་ཏེ། ཤཱ་རིའི་བུ་བྱང་ཚེ་བྱང་སེམས་ཉིད་ཡོད་བཞིན་དུ་བྱང་སེམས་བྱང་སེམས་ཀྱི་མིང་། བྱང་ཆུབ་ཡུམ། ཡུམ་གྱི་མིང་། སྤྱོད་ཅེས་མི་སྤྱོད་ཅེས། སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད། སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་དང༌། ཕུང་པོ་ལྔ་ཡང་དག་པར་རྗེས་སུ་མི་མཐོང་


JLD017_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །འདི་ཡང་དག་དང་པོས་ཀུན་རྫོབ་དང་ལྷག་མས་དོན་དམ་ལས་མི་འདའ་བར་བསྟན་ཏོ། །ཡུམ་གསུམ་གནོད་འཇོམས་ལས་ནི། ཤཱ་རིའི་བུས་དམིགས་པ་དང་བཅས་པས་བྱང་སེམས་ཡུམ་དེ་ལ་སྤྱོད་པ་གསུམ་ཞུས་པས་དམིགས་པ་དེ་དག་བསལ་བའི་ཕྱིར་བྱང་སེམས་དེའི་མིང་དང༌། བྱང་ཆུབ་སྟེ་བྱང་ཆུབ་སེམས་དཔའ་མི་དམིགས་པའི་སྤྱོད་པ་མི་དམིགས་པར་བསྟན་པས་མི་དམིགས་པ་སྟོང་པ་ཉིད་གསུངས་པ་དང༌། ཡུམ་ཡང་མི་དམིགས་པར་དྲངས་ཤིང༌། འདི་དག་གིས་གང་ཟག་གི་བདག་མེད་དང་ཕུང་པོ་ལྔ་མི་མཐོང་བས་ཆོས་ཀྱི་བདག་མེད་བསྟན་པར་འཆད་དོ། །དེ་ལྟར་དྲངས་པའི་མདོ་འདི་ཐེག་བསྡུས་ཀུན་བཏུས་དང༌། མདོ་རྒྱན་གྱི་འགྲེལ་པ། བརྒྱད་སྟོང་དོན་བསྡུས། དག་ལྡན་རྣམས་སུ་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་བཀྲལ་ཞིང་དེ་དག་ཏུ་བཤད་པའི་དགག་བྱ་ཡང༌། བརྒྱད་སྟོང་དོན་བསྡུས་ལས། དེས་ན་སངས་རྒྱས་དེ་བཞིན་དུ། །བྱང་ཆུབ་མ་མཐོང་བར་བརྗོད་པ། །ཡོངས་སུ་རྫོགས་པའི་བར་གྱིས་འདིར། །བཏགས་རྣམས་སེལ་བར་ཤེས་པར་བྱ། ཞེས་ངོ་བོ་ཉིད་གསུམ་གྱི་ནང་ནས་ཀུན་བརྟགས་ཁོ་ན་དགག་བྱར་བསྟན་གྱི་གཞན་དབང་དགག་བྱར་མ་བསྟན་ལ། གནོད་འཇོམས་འདི་ལས་ནི་འདུས་བྱས་ཐམས་ཅད་ཀུན་བརྟགས་སུ་བཤད་ནས་དེ་ཐམས་ཅད་རང་སྟོང་དུ་གསུངས་ཤིང་སྐྱེ་མེད་འགག་མེད་རྣམས་ཀྱང་སྒྲ་ཇི་བཞིན་པར་མཛད་ནས་སྐྱེ་འགག་སེལ་བའི་རིགས་པ་རིགས་ཚོགས་བཞིན་འཆད་པས་སེམས་ཙམ་མིན་ལ།


JLD017_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་མདོ་འདི་རྟོག་པ་བཅུའི་གཉེན་པོར་མི་འཆད་ཅིང་མདོ་རྒྱན་འགྲེལ་པར་བཤད་པ་དང་ཡང་བཤད་ཚུལ་མི་མཐུན་པས་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ། །གཉིས་པ་ནི། དེ་ལྟ་བུའི་སྒྲུབ་པ་དེ་ཉན་ཐོས་དང་སོགས་པ་རང་རྒྱལ་རྣམས་དང་ཐུན་མོང་མ་ཡིན་པ་དེ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། སྦྱོར་བ་ཕྱིན་དྲུག་གིས་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟོགས་བྱ་ཆོས་སྐུ་ཐོབ་པར་བྱེད་པའི་ཕྱིར་ཏེ། ཤཱ་རིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན། འདམ་བུ། འོད་མ། བུར་ཤིང༌། སྨིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆེན་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང༌། བརྒྱ་སྟོང་ནས་བྱེ་བ་བརྒྱ་སྟོང་གི་ཆ་དང༌། གྲངས་སུ་དང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང་དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་དེ་ལྟར་ཡུམ་ལ་སྤྱོད་པའི་བྱང་ཆེན་གྱི་ཤེས་རབ་ཉིན་གཅིག་བསྒོམས་པ་གང་ཡིན་པ་དེས་ནི་ཉན་རང་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆེན་གྱི་ཤེས་རབ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ་ཉན་ཐོས་དང་རང་སངས་རྒྱས་ཐམས་


JLD017_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ཤེས་རབ་ནི་དེ་ལྟ་མ་ཡིན་ནོ་ཞེས་སོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་དང༌། ཕྱོགས་བཅུ་རེ་རེའི་འཇིག་རྟེན་གྱི་ཁམས་ལ་བསྒྲེས་ནས་གསུངས་སོ། །དཔེ་དྲུག་པོ་འདིས་ནི་རིམ་པ་ལྟར་ཐེག་དམན་གྱི་ངེས་འབྱེད་བཞི་དང༌། མཐོང་སྒོམ་སྟེ་རྟོགས་པའི་ཆོས་དྲུག་བསྟན་ཏོ་ཞེས་འཕགས་པ་གསུང་ངོ༌། །གལ་ཏེ་དེ་ནི་མི་རིགས་ཏེ། དཔེ་དྲུག་པོ་འདིས་ནི་འཛམ་བུའི་གླིང་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་གང་བའི་དཔེ་ཡིན་ལ་དེ་དག་གིས་ཆོས་དྲུག་བསྟན་པར་བྱས་ན་ཆོས་དྲུག་པོ་ཉིད་དགྲ་བཅོམ་པ་རྣམས་ཀྱིས་གང་བའི་དཔེར་འགྱུར་དགོས་ན་དེ་ཡང་མི་རིགས་པ་དང༌། ཆོས་དྲུག་ལ་གནས་པས། གང་བའི་དཔེར་བྱེད་ནའང་འམ་ཞེས་སྨོས་པ་དོན་མེད་དེ། དེ་ལ་ནི་དཔེ་དོན་སོ་སོར་ངེས་པས་ཤེ་ན་སྤྱོད་པ་ལ་ཞུགས་པ་ཁྱོད་ཉོན་ཅིག་དང་དྲི་མ་མེད་པའི་ལན་གྱིས་ཚིམ་པར་བྱའོ། །དེ་ལ་འདིར་ཉན་ཐོས་གྱི་མི་སློབ་པ་རྣམས་ཀྱི་ནང་ནས་ཤེས་རབ་དང་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་གྱུར་པ་ནི་མཆོག་ཟུང་གཅིག་ཡིན་ལ། དེ་དག་ལས་ཀྱང་ཁྱད་པར་དུ་འཕགས་པར་དངོས་སུ་བསྟན་པ་ན་དེ་དག་གི་སློབ་པ་རྣམས་ལས་ཀྱང་ཁྱད་ཞུགས་པར་གྲུབ་བོ། །དེའི་ཕྱིར་དངོས་བསྟན་གྱི་དཔེ་ལ་ནི་དོན་གཅིག་ལ་དཔེ་ཕྱི་མ་དྲང་བའི་ཕྱིར་འམ་སྨོས་ལ་ཤུགས་བསྟན་དྲུག་ལ་ནི་སོ་སོར་གདམ་ཁ་ཅན་གྱི་འམ་ཞེས་སྦྱར་རོ། །འོ་ན་དྲོད་ནས་སྒོམ་ལམ་གྱི་བར་ལ་གནས་པས་གང་བའི་དཔེར་འདམ་བུ་སོགས་ཇི་ལྟར་ཆོས་མཚུངས་ཤེ་ན། དེ་ལ་དྲོད་ནི་འདམ་བུ་དང་འདྲ་སྟེ། ལས་ཉོན་གྱི་གནོད་པ་ཆུང་ངུ་ཡང་མི་བཟོད་པའི་ཕྱིར་རོ། །


JLD017_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ་ནི་འོད་མ་དང་འདྲ་སྟེ། དེ་ལ་མེ་མཚོན་གྱིས་མི་ཆོད་པ་བཞིན་དུ་ལས་ཉོན་གྱི་གནོད་བྱེད་དྲག་པོ་དང་ཕྲད་ཀྱང་དགེ་རྩ་མི་འཆད་པས་སོ། །བཟོད་པ་ནི་བུར་ཤིང་དང་འདྲ་སྟེ། སྐྱེ་བ་གཞན་ཐོབ་ཀྱང་ངན་སོང་ཆད་པའི་ཕྱིར་བདེ་འགྲོར་རྒྱུན་མི་འཆད་པའི་སྦྱོར་བས་ཆོས་སྒོམ་པའི་མངའ་བ་ལས་མི་འདའ་བས་སོ། །ཆོས་མཆོག་ནི་སྨྱིག་མ་དང་འདྲ་སྟེ། མྱུར་དུ་འབིགས་པ་དང་འདྲ་བར་མཐོང་ལམ་རྟོགས་པར་བྱེད་པས་སོ། །མཐོང་ལམ་ནི་འབྲས་དང་འདྲ་སྟེ། འཕགས་པ་རྣམས་ཀྱི་རྟོགས་པའི་འབྲས་བུ་མཆོག་ཡིན་པས་སོ། །དེ་ཇི་ལྟར་མཆོག་ཏུ་རུང་ཞེ་ན། ཉེས་པ་མེད་དེ། མཐོང་ལམ་ནས་ཐེག་དམན་གྱི་རྟོགས་པ་རྫོགས་པའི་ཕྱིར་གང་ཟག་གི་བདག་མེད་རྟོགས་པའི་ངོ་བོ་ཙམ་ལ་དེ་ལས་ལྷག་པ་མེད་པས་སོ། །སྒོམ་ལམ་ནི་ཏིལ་དང་འདྲ་སྟེ། ཏིལ་གྱི་ཡང་མེ་ཏོག་དང་སྡོང་བུ་ལ་སོགས་པ་རིགས་ཐ་དད་མེད་ཀྱང་དུས་གཞན་གྱི་ཚེ་འབྲས་བུ་ལ་ཁྱད་པར་ཡོད་པ་ལྟར་སྒོམ་ལམ་དང་མཐོང་ལམ་གཉིས་རྟོགས་པ་ལ་ཐ་དད་མེད་ཀྱང་སྒོམ་སྤང་སྤོང་བའི་ནུས་པ་མི་འདྲ་བས་སོ། །འོ་ན་ཚལ་སྨོས་པ་ཅི་ཞེ་ན། དབང་པོ་རྣོ་རྟུལ་འབྲིང་གསུམ་གྱི་དྲོད་སོགས་རྣམས་ནང་ཚན་ཐ་དད་ཀྱང་དྲོད་ལ་སོགས་པའི་རིགས་གཅིག་ཡིན་པ་མཚོན་པའི་ཕྱིར་ཡིན་ཏེ། འདམ་བུ་ལ་སོགས་པ་ནང་ཚན་མི་གཅིག་པ་དུ་མ་ཡོད་ཀྱང་རིགས་གཅིག་པས་སོ། །འོ་ན་འམ་ཞེས་གདམ་ཁ་ཅན་སྨོས་པ་ཅི་ཞེ་ན། དཔེ་ཕྱི་མ་ཕྱི་མ་དྲང་བའི་ཆེད་དེ། དེ་ལྟ་ན་དཔེ་ཐ་མ་ལ་འམ་སྨོས་པ་མི་འཐད་དེ།


JLD017_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཕྱི་མ་དྲངས་རྒྱུ་མེད་པས་ཤེ་ན། མ་གྲུབ་སྟེ། འཕགས་པ་རྣམས་མཐོང་ཆོས་ལ་བདེ་བར་གནས་པའི་དཔེ་དྲང་བའི་ཕྱིར་ཡིན་ནོ། །དེ་ལ་དཔེ་གཞན་མ་བརྗོད་པ་ནི་མཐོང་ཆོས་ལ་བདེར་གནས་སྣ་ཚོགས་ཡོད་པས་དེ་དག་གི་རིགས་བསྡུས་པའི་ངོ་བོ་ཤེས་པར་བྱ་བའི་དོན་ཏེ། རེ་རེ་ཞིང་དཔེ་བརྗོད་ན་དཔེ་བརྗོད་པས་མི་ལང་ལ་ཉེ་བར་བཤད་པ་ལ་མི་མཁས་པར་ཡང་འགྱུར་རོ། །འོན་ཀྱང་ད་ལྟར་འགྱུར་པ་འདི་རྣམས་ལ་དཔེ་ཐ་མ་ལ་འམ་སྨོས་པ་མི་སྣང་ངོ༌། །འདིར་འཕགས་པས། དགེ་སློང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་འདྲ་བ་ཤ་སྟག་གིས་ཞེས་གང་གསུངས་པ་འདིས་ནི་ཇི་སྐད་གསུངས་པའི་རྟོགས་པ་མཐུན་པ་རྣམས་ཀྱིས་ཞེས་བྱ་བར་རོ་ཞེས་སྔར་བཤད་པའི་ཆོས་དྲུག་གིས་རྟོགས་པ་མཐུན་པ་རྣམས་ཀྱིས་གང་བར་གྱུར་ཀྱང་ཞེས་སྦྱར་ཏེ། དེ་ལྟར་ན་མཆོག་ཟུང་གཅིག་དང་འདྲ་བ་ཤ་སྟག་ནི་གང་གིས་གང་བའི་རྟེན་ནོ། །འཛམ་གླིང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནི་གང་ཞིག་ཡོངས་སུ་གང་བའི་གཞིའོ། །འདམ་བུ་སོགས་དྲུག་ནི་ཇི་ལྟར་གང་བའི་དཔེའོ། །དེ་ཡང་དྲུག་པོ་འདིའི་ཚལ་འཐུག་པའི་དཔེས་གང་བའི་དོན་མཚོན་ལ། དཔེ་དྲུག་པོའི་ངོ་བོས་ཆོས་དྲུག་ཞར་ལ་མཚོན་པར་བཤད་ན་འཕགས་པའི་བཤད་པ་ལ་འགྲིག་སྟེ། ཚུལ་འདི་དག་གི་དཔེ་དོན་ཇི་ལྟ་བུ་ཡིན་པ་ཙམ་ལ་ཡང་ཊཱིཀ་བྱེད་རྣམས་ཐེ་ཚོམ་མ་ཞུགས་སྣང་ངོ༌། །ཤེས་རབ་ཉིན་གཅིག་བསྒོམས་པའི་བྱང་སེམས་ལ་འཕགས་པས། སྤྱོད་པ་ལ་ཞུགས་པ་ཕྱིར་མི་ལྡོག་པ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཡིན་པ་བཀག་ནས། དེ་བས་ན་


JLD017_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མི་ཉམས་པའི་ཆོས་ཅན་བརྡ་ལས་བྱུང་བའི་སེམས་ཀྱིས་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སྐབས་དང་པོར་སེམས་བསྐྱེད་པར་བསྟན་པ་གང་ཡིན་པ་དེ་ཉིད་འདིར་མངོན་པར་བཞེད་པར་མངོན་ཞེས་སྦྱོར་ལམ་པ་མན་ཆད་གཅིག་ལ་གསུངས་ཀྱང༌། སྒྲུབ་པ་འདི་བྱང་སེམས་དེ་བཞི་ཀའི་ལམ་ཡིན་པས་དེ་དག་ཀུན་རྟེན་ཡིན་པ་མི་འགལ་བ་དགོངས་པར་སེམས་སོ། །གནོད་འཇོམས་ལས་ནི། འཐུག་པ་དང་མཐོ་བ་ལ་ཆེ་འབྲིང་ཆུང་གསུམ་དུ་བྱས་ནས་དང་པོ་ནི་འདམ་བུ་དང་འོད་མ། གཉིས་པ་ནི་བུར་ཤིང་དང་སྨྱིག་མ། གསུམ་པ་ནི་འབྲས་དང་ཏིལ། ཞེས་བཤད་ནས་དེ་དག་ལ་ཡང་སྔ་མ་སྔ་མ་འཐུག་ལ་ཕྱི་མ་ཕྱི་མ་སྲབ་པར་བཤད་དོ། །མདོ་དང་བསྒྲིགས་ན་སྔ་མ་རྣམས་སྲབ་ལ་ཕྱི་མ་རྣམས་འཐུག་ན་འགྲིག་སྟེ་ཉན་ཐོས་མང་པོས་གང་བ་མཚོན་པ་ལ་དཔེ་གདམ་ཁ་ཅན་འདི་རྣམས་བྱུང་བས་སོ། །གཉིས་པ་ལ་གཉིས། སྤྱི་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་ལྔ། སྒྲ་བཤད། རང་བཞིན་གཅིག་ཐ་དད། གྲངས་ངེས་པ། གོ་རིམས་ངེས་པའོ། །དང་པོ་ནི། བསྡུ་བ་ལས། བདེན་པའི་དོན་གང་ཞེ་ན། སྨྲས་པ། བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་དང༌། དེ་མཐོང་ན་རྣམ་པར་དག་པའི་རྒྱུར་འགྱུར་བའི་དོན་ནི་བདེན་པའི་དོན་ནོ། ཞེས་སོ། །དེ་ལ་དང་པོའི་དོན་ནི་དེ་བཞིན་གཤེགས་པས་མི་རྟག་སོགས་སུ་ཇི་ལྟར་བསྟན་པ་དེ་ལྟར་དུ་གནས་པས་བདེན་པ་ཞེས་པ་སྟེ། ཡུལ་དང༌། ཕྱི་མ་ནི་ཇི་ལྟར་གནས་པ་དེ་ལྟར་


JLD017_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན་བློ་ཕྱིན་ཅི་མ་ལོག་པ་སྐྱེད་པ་ཞེས་པ་སྟེ་ཡུལ་ཅན་གྱི་སྟེང་ནས་ཡིན་ཏེ་འདི་ནི་བདེན་པ་ཙམ་གྱི་སྒྲ་དོན་ནོ། །ཅིའི་ཕྱིར་སྡུག་ཀུན་དང་འགོག་ལམ་ལ་འཕགས་པའི་བདེན་པ་ཞེས་བྱ་ཞེ་ན། ཉན་ས་ལས་འཕགས་པ་རྣམས་ཀྱིས་བདེན་པ་དེ་དག་དེ་ཁོ་ན་ལྟར་ཡིན་པར་བདེན་པའི་སྒོམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་གཟིགས་ཀྱི་བྱིས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་བས་ན་དེའི་ཕྱིར་འཕགས་པའི་བདེན་པ་རྣམས་ཞེས་བྱའོ། །བྱིས་པ་རྣམས་ལ་ཡང་དེ་དག་ཆོས་ཉིད་ཀྱིས་བདེན་མོད་ཀྱི་རྟོགས་པ་མ་ཡིན་གྱི་འཕགས་པ་རྣམས་ཀྱིས་གཉིས་ཀས་བདེན་པ་ཡིན་ནོ་ཞེས་འཕགས་པ་རྣམས་ཀྱིས་བདེན་པ་རྣམས་ཇི་ལྟར་བདེན་པ་དེ་ལྟར་གཟིགས་པས་བློ་དང་དོན་གཉིས་ཀས་བདེན་པའི་ཕྱིར་འཕགས་པའི་ཡིན་ལ་བྱིས་པ་རྣམས་ལ་དོན་ལ་བདེན་ཀྱང་བློ་ངོར་དེ་ལྟར་མ་རྟོགས་པས་དེའི་བདེན་པར་མ་བཞག་ཅེས་པ་ལྟར་རོ། །དོན་དེ་ཡང་མཛོད་འགྲེལ་ལས། འཕགས་པས་བདེ་བར་གང་གསུངས་པ། །དེ་ནི་གཞན་གྱི་སྡུག་བསྔལ་རིག །གཞན་གྱི་བདེ་བར་གང་གསུངས་པ། །དེ་ནི་འཕགས་པས་སྡུག་བསྔལ་རིག །ཅེས་དྲངས་ཤིང་གཞན་དག་ན་རེ་གཉིས་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་ལ་གཉིས་ནི་འཕགས་པ་ཡང་ཡིན་འཕགས་པ་རྣམས་ཀྱི་བདེན་པ་ཡང་ཡིན་ནོ་ཞེས་ཟེར་རོ་ཞེས་པ་ནི་གཞན་ལུགས་ཀྱི་འཕགས་པའི་བདེན་པར་འཇོག་ཚུལ་བཀོད་པ་ཡིན་ནོ། །གཉིས་པ་ལ་གཉིས། མཚན་གཞི་དང༌། མཚན་ཉིད་དོ། །དང་


JLD017_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་གཉིས། ཀུན་ཉོན་དང་རྣམ་བྱང་གི་བདེན་པའོ། །དང་པོ་ནི། ཀུན་བཏུས་སུ། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། དེ་ནི་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། ཞེས་པ་ལྟར་མ་དག་པའི་སྣོད་བཅུད་ཀྱི་འཇིག་རྟེན་གཉིས་ནི་སྡུག་བདེན་ཡིན་ཏེ། དེ་ཉིད་ལས། སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་ལས་དང་ཉོན་མོངས་པས་སྐྱེད་པ། ལས་དང་ཉོན་མོངས་པའི་དབང་གིས་འབྱུང་བ་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པའོ་ཞེས་ཏེ། མདོར་ན་ཟག་བཅས་མཚན་ཉིད་པ་གང་ཡིན་པ་དེ་ཐམས་ཅད་སྡུག་བདེན་ཡིན་ནོ། །ཀུན་འབྱུང་གི་མཚན་གཞི་ནི་ཀུན་བཏུས་ལས། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ་ཞེས་པ་ལྟར་ཟག་བཅས་ཀྱི་ལས་ཉོན་ཐམས་ཅད་དོ། །གཉིས་པ་ལ་གཉིས། འགོག་བདེན་དང་ལམ་བདེན་གྱི་མཚན་གཞིའོ། །དང་པོ་ནི། ཀུན་བཏུས་ལས་དུ་མ་ཞིག་བཤད་ཀྱང་བསྡུ་ན་བརྡ་དང་དོན་དམ་པའི་འགོག་པ་གཉིས་སོ། །དེ་གཉིས་ཀྱི་དོན་ཡང་བརྡས་ཇི་ལྟ་བུ་ཞེ་ན། འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པས་འགོག་པ་གང་ཡིན་པ་སྟེ། ཞེས་དང༌། དོན་དམ་པས་ཇི་ལྟ་བུ་ཞེ་ན། འཕགས་པའི་ཤེས་རབ་ཀྱིས་ས་བོན་ཀུན་ཏུ་བཅོམ་པས་འགོག་པ་གང་ཡིན་པའོ། ཞེས་གསུངས་པས་སོ་སྐྱེ་ལ་སྤངས་པ་ཙམ་ཡོད་ཀྱང་འགོག་བདེན་བཏགས་པ་བ་ལས་མེད་དེ། ས་བོན་དྲུངས་


JLD017_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྱུང་བས་སོ། །ཁ་ཅིག་འགོག་བདེན་ལ་དེ་བཞིན་ཉིད་ཀྱིས་ཁྱབ་པར་འདོད་ཅིང་གཞན་དག་བཟློག་སྟེ་འདོད་པ་ནི་གཉིས་ཀས་ཀྱང་ཞིབ་ཏུ་མ་བརྟགས་པ་སྟེ། ཀུན་བཏུས་ལས། མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། དེ་བཞིན་ཉིད་དང་ལམ་དང་ཉོན་མོངས་པ་མི་འབྱུང་བ་སྟེ་གང་དུ་འགོག་པ་དང་གང་གིས་འགོག་པ་དང་གང་འགོག་པ་ཞེས་དེ་བཞིན་ཉིད་དགག་གཞི་སྤང་བྱ་ལམ་གྱིས་བཅོམ་པའི་ཆ་གང་འགོག་པའི་རང་བཞིན་ཡིན་པར་བཤད་པ་དང༌། ཡང་དེ་ཉིད་ལས། རྣམ་གྲངས་འདིས་ནི་དེ་བཞིན་ཉིད་ལ་དམིགས་པ་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགགས་པ་དེ་འགོག་པའི་མཚན་ཉིད་དོ། ཞེས་སྤང་བྱ་ལམ་གྱིས་བཀག་ཆ་ལ་ཡང་འགོག་བདེན་དུ་བཤད་པས་མེད་དགག་སོ་སོར་བརྟགས་འགོག་གི་རང་བཞིན་ཡང་དེར་བཞག་དགོས་པ་ཡིན་ཏེ། དཔེར་ན་བུམ་པས་དབེན་པའི་ས་ཕྱོགས་དང་དེའི་སྟེང་གི་བུམ་པ་བཀག་ཆ་གཉིས་ཀ་བུམ་མེད་ཡིན་པ་ལྟར་འཕགས་རྒྱུད་ཀྱི་དེ་བཞིན་ཉིད་དང་དེའི་སྟེང་དུ་ལམ་གྱིས་སྤང་བྱ་བཀག་ཆ་གཉིས་ཀའང་འགོག་བདེན་ཡིན་ཏེ། དེ་ནི་འདས་ལམ་གྱིས་སྤང་བྱ་སྤངས་པའི་འདུས་མ་བྱས་ཡིན་པས་སོ། །གཞན་ཡང་བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི་ཐོག་མ་མེད་པའི་དུས་ཅན་མ་བྱས་པ། མ་སྐྱེས་པ། ཟད་པ་མེད་པ། ཟད་པ་དང་བྲལ་བ། རྟག་པ། བརྟན་པ། ཞི་བ། མི་འཇིག་པ། རང་བཞིན་གྱིས་ཡོངས་སུ་དག་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་བ། རྣམ་པར་དབྱེར་མེད་པ། བསམ་


JLD017_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱའོ་ཞེས་གསུངས་པ་བཞིན་ཏེ། ཐམས་ཅད་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་སྡུག་བསྔལ་འགོག་པའི་བདེན་པ་རྣམ་པར་བཞག་པ་རྟོགས་པར་བྱའོ་ཞེས་རྒྱུད་བླའི་འགྲེལ་པར་དྲངས་པས། སེམས་ཀྱི་རང་བཞིན་དྲི་བྲལ་དུ་གནས་གྱུར་པའང་འགོག་བདེན་དུ་འདོད་དགོས་སོ། །འགོག་བདེན་ལ་རང་བཞིན་གྱིས་དག་པས་མི་ཆོག་གི་ལམ་བསྒོམས་སྟོབས་ཀྱིས་སྤང་བྱ་བཅོམ་པ་དགོས་པ་ནི། འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པ་ཡང་འགོག་པ་བཏགས་པ་བ་བརྡའི་འགོག་པར་བཤད་པས་ཤེས་སོ། །གཉིས་པ་ནི། ཀུན་བཏུས་ལས། ལམ་གྱི་བདེན་པ་གང་ཞེ་ན། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང༌། ཀུན་འབྱུང་བ་སྤོང་བ་དང༌། འགོག་པ་མངོན་དུ་བྱེད་པ་དང༌། ལམ་སྒོམ་པ་སྟེ་འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཡང་ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ་ཞེས་པའི་རྗེས་སུ་འབྲངས་ནས་ལམ་ལྔ་ཀ་ལམ་བདེན་དུ་འདོད་ལ། ཁ་ཅིག་ན་རེ་ཚོགས་སྦྱོར་ནི་ལམ་བདེན་གྱི་འཁོར་ཙམ་ཡིན་པ་ལ་དགོངས་ནས་དེ་སྐད་དུ་གསུངས་ཏེ། ཀུན་བཏུས་འགྲེལ་པར།


JLD017_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་སྐབས་ཀྱིས་རིག་པར་བྱའོ། ཞེས་སོ། །གཞན་དག་ལམ་གྱི་ཆོས་བཞི་དང༌། དག་གསལ་གཉེན་པོའི་ཆོས་རྣམས་མ་ཚང་བས་མི་སློབ་ལམ་དང་ཚོགས་སྦྱོར་ལམ་གྱི་འབྲས་བུ་དང་རྒྱུ་ཡིན་པའི་ཕྱིར་ལམ་མཚན་ཉིད་པ་མིན་པས་མཐོང་སྒོམ་གཉིས་ཁོ་ན་ལམ་མཚན་ཉིད་པའོ། ཞེས་སྨྲ་བ་ཡང་ལྷ་དགའ་བར་བྱེད་པ་སྟེ། རྒྱུད་བླའི་འགྲེལ་པར། འདིས་ནི་སྔར་བཤད་པའི་ཚུལ་གྱིས་སྐྱེ་བ་མེད་པ་དང༌། འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཞེས་གསུངས་པའི་ཕྱིར་དང༌། གཞན་ཡང་སངས་རྒྱས་ཀྱི་འདུས་བྱས་ཀྱི་རྟོགས་པ་དེ་དག་ལམ་མིན་ན་བདེན་པ་བཞི་གང་དུ་བཞག །བདེན་པ་བཞི་གང་ཡང་མིན་པའི་འཕགས་པའི་མངོན་རྟོགས་ཡོད་པ་འདི་ནི་བློ་གྲོས་ནམ་མཁའ་དང་མཉམ་པ་ཁྱེད་ལས་གཞན་སུ་ཞིག་གིས་རྙེད། གལ་ཏེ་སངས་རྒྱས་སར་སྤང་བྱའི་གཉེན་པོ་བྱེད་པའི་རིགས་པ་དང༌། མྱང་འདས་སུ་འགྲོ་བའི་ངེས་འབྱིན་དང༌། སྒྲུབ་པ་རྣམས་མེད་པའི་ཕྱིར་ལམ་བདེན་ཇི་ལྟར་ཡོད་ཅེ་ན། སངས་རྒྱས་སར་སྤང་བྱ་དངོས་སུ་སྤོང་བ་དང༌། དེ་ལས་གོང་དུ་འགྲོར་མེད་ཀྱང་སྤང་བྱ་འཇོམས་པའི་མཐུ་ཐོགས་པ་མེད་པ་མངའ་ཞིང༌། གདུལ་བྱ་ཐར་པར་འབྱིན་པའི་མཐུ་ཕུན་ཚོགས་ཀྱི་མཁྱེན་པ་དང་སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ཡོད་ལ། ཐེག་པ་དང་ལམ་གཉིས་ཀ་ལ་ཆེན་པོ་རྣམས་ཀྱིས་འདིས་འགྲོ་བ་དང་འདིར་འགྲོ་བ་


JLD017_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གསུངས་པ་དང༌། འདིར་ཡང་རྣམ་པ་སོ་དགུ་ལམ་བདེན་དུ་གསུངས་པས་དཔྱད་པ་དེ་དག་ནི་གྱི་ནའོ། །གཞན་ཡང་ཚོགས་སྦྱོར་ནི་ཐེག་པ་རང་རང་གི་བྱང་ཆུབ་ཏུ་བགྲོད་པར་བྱེད་པའི་མངོན་རྟོགས་བདག་མེད་རྟོགས་པའི་རྣལ་འབྱོར་ཡིན་པས་ལམ་མཚན་ཉིད་པ་ཡིན་ནོ། །གལ་ཏེ་དེ་དག་གིས་སྤང་བྱའི་ས་བོན་དྲུངས་འབྱིན་མི་ནུས་ཤིང་བདག་མེད་དོན་སྤྱི་ཙམ་དུ་འཇལ་བའི་ཕྱིར་ལམ་མིན་ཞེ་ན། དེ་ལྟར་ན་མངོན་གྱུར་ཡིན་ན་སྤང་བྱ་མ་ཡིན་དགོས་ཏེ། གཉེན་པོ་ཡིན་ན་ས་བོན་འབའ་ཞིག་འཇོམས་དགོས་པས་སོ། །ལྐོག་གྱུར་ཡིན་ན་མ་རྟོགས་པས་ཁྱབ་དགོས་ཏེ། དོན་སྤྱིའི་ཚུལ་དུ་རྟོགས་པ་ལ་དེ་མ་རྟོགས་པས་ཁྱབ་པས་སོ། །དེའི་ཕྱིར་རྒྱང་ཕན་བཞིན་ཡུལ་རྟོགས་བྱེད་ཀྱི་ཚད་མ་ལ་མངོན་སུམ་གཅིག་པུ་ལས་མེད་པར་ཁས་ལོངས་ཤིག །གཞན་ཡང་སོ་སྐྱེ་ལ་ལམ་ཞུགས་དང༌། ཐབས་ཤེས་ཟུང་འབྲེལ་གྱིས་ཉམས་ལེན་དང༌། རྫོགས་བྱང་ལས་ཕྱིར་མི་ལྡོག་ཀྱང་མེད་པར་ཁས་བླང་བར་བྱའོ། །སྡུག་བསྔལ་དང་ལམ་གཉིས་འགལ་བར་ཡང་མ་ངེས་ཏེ། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཕྱོགས་གཉིས་བཞིན་ནོ། །ཀུན་འབྱུང་གི་བདེན་པ་ནི་མིན་ཏེ། དེ་ནི་ཉོན་མོངས་པའམ་ཡང་ན་དེས་ཀུན་ནས་བསླང་བའི་ལས་ཡིན་དགོས་པ་ལས་དེ་གཉིས་གང་ཡང་མིན་པའི་ཕྱིར་ཏེ། འདི་ནི་བདག་མེད་རྟོགས་པའི་རྗེས་སུ་འབྲང་བས་མྱ་ངན་ལས་འདས་པའི་ཐབས་དམ་པ་ཡིན་གྱི་ཡང་སྲིད་ཀྱི་རྒྱུར་མི་རུང་ཞིང་དེ་གཅོད་པར་བྱེད་པའི་ཕྱིར་རོ། །འོ་ན་བསྡུ་བ་ལས།


JLD017_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་ཆོས་གང་དག་ཡང་འབྱུང་བའི་སྲིད་པ་སུན་འབྱིན་ཞིང་དེ་ལ་མི་ཕྱོགས་པ་འཇིག་རྟེན་ལས་འདས་པའི་ལམ་སྐྱེད་པར་བྱེད་པ་དེ་དག་ཅིའི་ཕྱིར་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་ཞེ་ན། དེ་དག་ནི་ངོ་བོ་ཉིད་ཀྱིས་ཡང་འབྱུང་བའི་སྲིད་པ་ལ་མི་ཕྱོགས་པ་ཡིན་མོད་ཀྱི་འོན་ཀྱང༌། ཡང་འབྱུང་བ་པའི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་དང་རྗེས་སུ་མཐུན་པ་ཡིན་པས། དེའི་ཕྱིར་དེ་དག་ཀྱང་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་པར་རིག་པར་བྱའོ་ཞེས་པ་དང་འགལ་ཞེ་ན། ཉེས་པ་མེད་དེ། ལུང་དེ་ལས་ནི་ཡང་སྲིད་འཕེན་པའི་ལས་ཀྱི་ཀུན་འབྱུང་དགེ་བ་དང་ཟག་བཅས་རྒྱུ་ཡིན་པ་ཙམ་དུ་མཐུན་པས་དེས་བསྡུས་པར་གསུངས་པས་སོ། །གཉིས་པ་ནི། བདེན་པ་རེ་རེ་ལ་རྣམ་པ་བཞི་བཞི་སྟེ། བཅུ་དྲུག་གོ །དེ་ཡང་གང་ཞེ་ན། བདེན་པ་དང་པོ་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པའོ། །གཉིས་པ་ལ་རྒྱུ་དང༌། ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང་། རྐྱེན་ནོ། །གསུམ་པ་ལ། འགོག་པ་དང༌། ཞི་བ་དང༌། གྱ་ནོམ་པ་དང༌། ངེས་འབྱུང་ངོ༌། །བཞི་པ་ལ། ལམ་དང༌། རིགས་པ་དང༌། སྒྲུབ་པ་དང༌། ངེས་འབྱིན་ནོ། །བཅུ་དྲུག་པོ་འདི་ཡི་སོ་སོའི་ངོས་འཛིན་ནི་གཞུང་ལས་འཆད་པས་མི་བརྗོད་དོ། །འོ་ན་བཅུ་དྲུག་ཏུ་འཇོག་པ་ཅི་ཞེ་ན། རྟག་པ་དང༌། བདེ་བ་དང༌། བདག་གི་དང༌། བདག་ཏུ་ལྟ་བ་སྤྱོད་པ་རྣམས་ཀྱི་གཉེན་པོར་རིམ་པ་བཞིན་དང་པོ་བཞིའོ། །རྒྱུ་མེད་པ་དང༌། རྒྱུ་གཅིག་པུ་དང༌། འགྱུར་བ་དང༌། བློ་སྔར་བཏང་བ་ལྟ་བ་སྤྱད་པ་རྣམས་


JLD017_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཉེན་པོར་གཉིས་པའི་བཞིའོ། །ཐར་པ་མེད་པ་དང༌། སྡུག་བསྔལ་ལ་ཐར་པ་ཡིན་པ་དང༌། བསམ་གཏན་གྱི་བདེ་བ་གྱ་ནོམ་པ་ཡིན་པ་དང༌། ཐར་པ་ནི་གཏན་མི་ལྡོག་པ་མིན་ནོ་སྙམ་དུ་ལྟ་བ་སྤྱོད་པ་རྣམས་ཀྱི་གཉེན་པོར་གསུམ་པའི་བཞིའོ། །ལམ་མེད་པ་དང༌། ལམ་འདི་ངན་པ་དང༌། གཞནཡང་ལམ་ཡིན་པ་དང༌། ལམ་འདི་ཡང་ལྡོག་གོ་སྙམ་དུ་ལྟ་བ་སྤྱོད་པ་རྣམས་ཀྱི་གཉེན་པོར་བཞི་པའི་བཞིའོ། །དེས་ན་ལྟ་བ་སྤྱོད་པ་བཅུ་དྲུག་པོ་དེ་དག་གི་ཕྱིར་དུ་རྣམ་པ་བཅུ་དྲུག་ཏུ་བཞག་གོ །གཞན་ཡང་བསྡུ་བར། སྡུག་བསྔལ་གྱི་བདེན་པའི་དོན་གང་ཞེ་ན། སྨྲས་པ། ཉོན་མོངས་པ་ལས་བྱུང་བའི་འདུ་བྱེད་ཀྱི་དོན་ནོ། །ཀུན་འབྱུང་གི་བདེན་པའི་དོན་གང་ཞེ་ན། སྨྲས་པ། སྡུག་བསྔལ་གྱི་བདེན་པ་བསྐྱེད་པའི་དོན་ནོ། །འགོག་པའི་བདེན་པའི་དོན་གང་ཞེ་ན། སྨྲས་པ། དེ་གཉིས་ཀ་ཉེ་བར་ཞི་བའི་དོན་ནོ། །ལམ་གྱི་བདེན་པའི་དོན་གང་ཞེ་ན། སྨྲས་པ། དོན་གསུམ་པོ་སྒྲུབ་པའི་དོན་ཏོ། ཞེས་འབྱུང་བས་ཀྱང་འདི་དག་གི་མཚན་ཉིད་གོ་བར་བྱའོ། །གསུམ་པ་ནི། འགོག་བདེན་དང་གཞན་གསུམ་གཅིག་པ་བཀག་པའི་ཐ་དད་ཡིན་ལ། གཞན་གསུམ་ནི་འཕགས་པའི་མཉམ་གཞག་གི་ལམ་བདེན་དང་སྡུག་ཀུན་གཉིས་རྫས་ཐ་དད་ལ། རྗེས་ཐོབ་ཀྱི་ལམ་བདེན་ནི་སྡུག་བདེན་དང་མི་འགལ་ལོ། །སྡུག་ཀུན་གཉིས་ཀྱང་ཀུན་འབྱུང་ལ་སྡུག་བདེན་གྱིས་ཁྱབ་ལ་སྡུག་བདེན་ལ་དེས་མ་ཁྱབ་སྟེ། དཔེར་ན་ཀུན་གཞི་དང་སྣོད་ཀྱི་འཇིག་རྟེན་


JLD017_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབང་པོ་ལྔ་དང་གཞན་ཡང་མ་བསྒྲིབས་ལུང་མ་བསྟན་ཟག་བཅས་རྣམས་ལྟ་བུའོ། །བཞི་པ་ནི། ཅིའི་ཕྱིར་བདེན་པ་བཞིར་ངེས་ཤེ་ན། རྟོག་ལྡན་གྱི་བླང་དོར་བྱེད་པའི་ཡན་ལག་ལ་ནག་ཕྱོགས་དང་དཀར་ཕྱོགས་གཉིས་སུ་ངེས་ལ་དེ་རེ་རེ་ལ་ཡང་རྒྱུ་འབྲས་གཉིས་གཉིས་སུ་ངེས་པའི་ཕྱིར་རོ། །དེ་ལྟར་ཡང་ཉན་ས་ལས་དེ་ལ་ནག་པོའི་ཕྱོགས་དང་དཀར་པོའི་ཕྱོགས་ལ་བརྟེན་པའི་རྒྱུ་དང་འབྲས་བུ་རྣམ་པར་བཞག་པའི་ཕྱིར། བདེན་པ་བཞི་རྣམ་པར་བཞག་སྟེ། དེ་ལ་བདེན་པ་སྡུག་བསྔལ་ནི་འབྲས་བུ་ཡིན་བདེན་པ་ཀུན་འབྱུང་ནི་རྒྱུ་ཡིན་ནོ། །བདེན་པ་འགོག་པ་ནི་འབྲས་བུ་ཡིན་བདེན་པ་ལམ་ནི་ཐོབ་པར་བྱ་བ་དང་རིག་པར་བྱ་བའི་རྒྱུ་ཡིན་ནོ། ཞེས་སོ། །དེ་ཡང་ཤེས་བྱ་ཐམས་ཅད་བདེན་བཞིར་འདུས་པ་ནི་མ་ཡིན་ཏེ། དེ་བཞིན་ཉིད་བདེན་བཞིར་མ་འདུས་པར་བཤད་ཅིང༌། སོ་སོར་བརྟགས་མིན་གྱི་འགོག་པ་འདུ་བྱེད་ཉེ་བར་ཞི་བ་ཡིན་ཀྱང་འགོག་བདེན་མིན་པར་བཤད་ལ། གཞན་དུ་ཡང་མ་འདུས་པས་སོ། །ལྔ་པ་ནི། དང་པོར་ལམ་སྒོམ་པ་པོས་ཇི་ལྟར་གཏན་ལ་འབེབས་པའི་རིམ་པ་དང་བསྟུན་པ་སྟེ། རྒྱུད་བླ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། ཞེས་དང༌། མཛོད་ལས་ཀྱང༌། དེ་དག་ཇི་ལྟར་མངོན་རྟོགས་རིམ། ཞེས་སོ། །གཉིས་པ་ལ་གཉིས། སོ་སོར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི། འབྲས་བུ་སྡུག་


JLD017_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ། རྒྱུ་ཀུན་འབྱུང༌། འབྲས་བུ་འགོག་པ། རྒྱུ་ལམ་བདེན་ལ་གདམས་པའོ། །དང་པོ་ནི། སྡུག་བསྔལ་གྱི་བདེན་པ་ལ་འདོམས་སོ། །དེ་གང་ན་ཟག་བཅས་ཀྱི་གཟུགས་སོགས་ཕུང་པོ་ལྔ་འབྲས་བུར་གྱུར་པའི་སྟོང་པ་ཉིད་དང༌། དེ་རྟོགས་པའི་ཡུལ་ཅན་ཤེར་ཕྱིན་དག་དེ་བཞིན་ཉིད་སྤྲོས་བྲལ་གྱི་ངོ་བོར་གཅིག་པ་སྟེ་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་ནིའོ། །དེ་ལྟར་ཡུལ་དང་ཡུལ་ཅན་དབྱེར་མེད་པར་སྟོན་པ་ཡང་སྡུག་བདེན་ལ་ཤེར་ཕྱིན་ཞེན་པ་སྐྱེ་བས་དེ་དགག་པའི་ཆེད་དུ་སྟེ། གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་དང༌། དེ་བཞིན་དུ་ཕུང་པོ་ཕྱི་མ་བཞི་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དང༌། བདེན་པ་བཞི་དང༌། རྟེན་འབྲེལ་བཅུ་གཉིས་དང༌། སྟོང་ཉིད་ཉི་ཤུ་ལ་བརྩོན་ན་བརྩོན་ཞེས་བྱའོ། ཞེས་སོ། །འབུམ་དང༌། ཁྲི་བརྒྱད་སྟོང་པར་སྟོང་པ་ཉིད་བདུན་པོ་འདི་དག་ལ་བརྩོན་ན་བརྩོན་ཞེས་བྱའོ། ཞེས་པའི་དོན་ནི། གནོད་འཇོམས་ལས། ཕུང་པོ་ཁམས་བདེན་པ་རྟེན་འབྲེལ་ཆོས་ཐམས་ཅད་འདུས་བྱས་མ་བྱས་རང་བཞིན་གྱིས་སྟོང་པ་ཉིད་བདུན་ལ་བཤད་དོ། །དེ་ལྟར་སྟོང་ཉིད་བདུན་གྱིས་ཡུམ་ལ་བརྩོན་པར་བྱེད་ཀྱང་བརྩོན་པ་དང་མི་བརྩོན་པར་མི་བརྗོད་དེ། ཕུང་པོ་ལྔ་ལ་བརྩོན་ཞེས་བྱ་བ་དང་མི་བརྩོན་ཞེས་བྱ་བར་མི་མཐོང་ངོ་ཞེས་གསུངས་པས་ཡུལ་དང་ཡུལ་ཅན་ཐ་དད་པ་བཀག་ནས་གསུངས་སོ། །གཉིས་པ་ནི། སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་བའི་བདེན་པ་ལ་འདོམས་སོ། །དེ་གང་ན་ཟག་བཅས་


JLD017_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་གྱུར་གྱི་གཟུགས་ལ་སོགས་པ་ནི་ཀུན་འབྱུང་བ་སྟེ་སྐྱེ་བ་དང་འགོག་པ་སྟེ་འགག་པ་དང༌། ཆགས་སོགས་ཀུན་ནས་ཉོན་མོངས་པ་དང༌། དད་སོགས་རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ་ཞེས་བྱ་བ་ནིའོ། །དེ་ལྟར་སྟོན་པའི་རྒྱུ་མཚན་ནི། ཟག་བཅས་རྒྱུར་གྱུར་གྱི་གཟུགས་ལ་སོགས་པ་དང་དེ་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་དག་ཐ་མི་དད་པ་ཉིད་ཀྱིས་ཏེ། གཟུགས་སྐྱེ་བས་ཆོས་ཅན་ནམ་འགག་པའི་ཆོས་ཅན་དང༌། ཀུན་ནས་ཉོན་མོངས་པའི་ཆོས་ཅན་དང་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་ཕུང་པོ་ཕྱི་མ་བཞི་ལ་གསུངས་ནས་མཐར་རྣམ་ཤེས་ཉིད་སྟོང་པ་ཉིད་དང་སྟོང་པ་ཉིད་རྣམ་པར་ཤེས་པའོ་ཞེས་པ་སྟེ་འདིས་ནི་ཟག་བཅས་རྒྱུར་གྱུར་གྱི་ཕུང་པོ་སྐྱེ་འགག་དང་ཀུན་བྱང་དུ་མ་གྲུབ་པར་བསྟན་པས་ཀུན་འབྱུང་ལ་སྤང་བྱར་ཞེན་པ་ལྡོག་པའི་ཆེད་དུའོ།།དེ་ལ་གཟུགས་ལ་སོགས་པ་ལ་སྐྱེ་འགག་དང་ཀུན་བྱང་མེད་དེ། ཞེས་བྱ་བ་འདི་ཇི་ལྟར་སྒྲུབ་ཅེ་ན། བརྗོད་པར་བྱ་བ་སྟེ། གལ་ཏེ་གཟུགས་ལ་སྐྱེ་བ་ཡོད་ན་རྣམ་པར་རྟོག་པ་བཞིར་འགྱུར་ཏེ་བདག་ལས་སམ། གཞན་ལས་སམ། གཉིས་ཀ་ལས་སམ། རྒྱུ་མེད་ལས་སྐྱེ་བརྟག་གྲངས། དེ་ལ་དང་པོ་ནི་མི་རིགས་ཏེ། འབྲས་བུ་བདག་ཉིད་མ་གྲུབ་པ་ན་རྒྱུ་ཡང་མ་གྲུབ་པས་མེད་པ་ནི་རྒྱུར་མི་རུང་བས་སོ། །གལ་ཏེ་འབྲས་བུ་སྐྱེ་བའི་སྔོན་རོལ་ནས་རྒྱུ་ཡོད་ནའང་མི་རིགས་ཏེ། བདག་སྐྱེ་ནི་རྒྱུ་འབྲས་གཉིས་ཀ་གཅིག་ཡིན་ལ། གྲུབ་ཟིན་སྐྱེ་ན་དུས་ཐམས་ཅད་དུ་སྐྱེ་དགོས་པས་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །འདོད་


JLD017_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྐྱེ་བ་ཐུག་མེད་དུ་འགྱུར་ཏེ། འབྲས་བུར་གྲུབ་ཟིན་ཀྱང་ཡང་སྐྱེ་དགོས་པས་སོ། །གཞན་ལས་ཀྱང་མི་སྐྱེ་སྟེ། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་རོ། །འདི་ནི་བཟློག་པར་མི་ནུས་ཏེ། གལ་ཏེ་ནུས་ན་གཞན་ཙམ་ཞིག་ལས་སྐྱེ་བ་མ་ཡིན་གྱི་འབྲས་བུ་དེ་སྐྱེད་པའི་ནུས་པ་ཡོད་པའི་གཞན་ལས་སྐྱེ་ཞེས་པས་སྤོང་དགོས་ན་ནུས་པ་ཡང་བརྟགས་ན་བསྒྲུབ་བྱ་དང་མཚུངས་པར་འགྱུར་བའི་ཕྱིར་རོ། །གཉིས་ལས་ཀྱང་མི་སྐྱེ་སྟེ། སྐྱོན་གཉིས་ཀར་འགྱུར་བའི་ཕྱིར་རོ། །རྒྱུ་མེད་ལས་ཀྱང་མི་སྐྱེ་སྟེ། ཡུལ་དུས་ཐམས་ཅད་དུ་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ལྟར་ཡང་དབུ་མའི་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། ཞེས་སོ། །དེའི་ཕྱིར་གཟུགས་སོགས་རྣམས་ལ་འགག་པ་ཡང་མེད་དེ། སྐྱེ་བ་མེད་པས་སོ། །གཞན་ཡང་འགག་པ་ཞེས་པའི་ཆོས་ཤིག་ཡོད་ན་དེ་ཡོད་པའི་ཆོས་ཞིག་གམ་མེད་པའི་ཆོས་ཡིན། དང་པོ་ལྟར་ན་ཡོད་པ་ནི་འགག་པར་མི་འཐད་དེ། འགག་པ་ནི་ཞིག་ཆ་མེད་པ་ཡིན་ལ། དེས་ན་ཡོད་མེད་གཉིས་གཅིག་ལ་མི་རུང་བས་སོ། །གཉིས་པ་ལྟར་ན་ཡང་མི་འཐད་དེ། མེད་པས་སོ། །དཔེར་ན་རི་བོང་གི་རྭ་བཞིན་ནོ། །དེ་ལྟར་ཡང་དབུ་མའི་རྩ་བ་ལས། དངོས་པོ་ཀུན་གྱི་སྐྱེ་བ་དག །མི་འཐད་པ་ནི་གང་ཡིན་པ། །དེ་ཉིད་དངོས་པོ་ཐམས་ཅད་ཀྱི། །འགག་པ་འཐད་པ་མ་ཡིན་ནོ། །ཡོད་པ་དང་ནི་མེད་པ་


JLD017_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །གཅིག་ལ་འཐད་པ་མ་ཡིན་ནོ། །ཡོད་པ་མིན་པའི་དངོས་པོ་ལ། །འགག་པ་འཐད་པ་མ་ཡིན་ཏེ། །ཇི་ལྟར་མགོ་ལ་ལན་གཉིས་སུ། །གཅད་དུ་མེད་པ་དེ་བཞིན་ནོ། ཞེས་སོ། །དེས་ན་སྐྱེ་འགག་ནི་སྒྲོ་བཏགས་པ་ཙམ་ཡིན་གྱི་དོན་དམ་པར་མེད་དེ། ཞེས་གནོད་འཇོམས་ལས་ལུང་སྔ་ཕྱི་འདི་རྣམས་དྲངས་ནས་སྐྱེ་འགག་འགོག་པའི་རིགས་པ་རྣམས་བརྗོད་པ་ནི། སློབ་དཔོན་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་གྲགས་པས་བཀོད་པའི་རིགས་པ་དང་ཁྱད་པར་མེད་པར་སྣང་ཞིང་འདིས་སྐྱེ་འགག་མེད་པ་དངོས་པོ་ཐམས་ཅད་ལ་མཛད་པ་དང༌། སེམས་ཙམ་པ་དངོས་པོ་སྐྱེ་འགག་མེད་པར་བཤད་པ་ཀུན་བཏགས་པ་ལ་འདོད་ཅིང་གཞན་དབང་སྐྱེ་བ་མེད་པ་ལ་གསུངས་པ་རང་གི་ངོ་བོས་མི་སྐྱེ་བ་ཡིན་ལ་རྐྱེན་གཞན་ལས་སྐྱེའོ་ཞེས་པ་རྣམས་མཚུངས་པའི་སྐབས་ག་ལ་ཡོད། གཞན་ཡང་ཀུན་བྱང་ཡང་དོན་དམ་པར་མེད་དེ། གལ་ཏེ་ཀུན་ནས་ཉོན་མོངས་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་ན་ངོ་བོ་ཉིད་བཏང་དུ་མི་རུང་བའི་ཕྱིར་ནམ་ཡང་རྣམ་པར་དག་པར་ནི་འགྱུར་བ་དང༌། རྣམ་བྱང་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་ན་ཡང་ནམ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། ངོ་བོ་ཉིད་བཏང་དུ་མི་རུང་བའི་ཕྱིར་རོ། །ཡང་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་ཞིག་ཡིན་ན། ཉོན་མོངས་པར་གྱུར་པ་ཞིག་གམ་རྣམ་པར་དག་པ་ལས་ཉོན་མོངས་ཅན་དུ་འགྱུར་གྲང༌། དང་པོ་ལྟར་ན་ཀུན་ནས་ཉོན་མོངས་པ་དོན་མེད་དེ། དེར་གྱུར་ཟིན་དེར་སྐྱེད་མི་དགོས་པས་སོ། །ཡང་ན་རྣམ་པར་བྱང་བར་མི་འགྱུར་


JLD017_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཀུན་ནས་ཉོན་མོངས་པར་གྱུར་ཟིན་པ་དེ་ཉིད་ཡང་ནས་ཡང་དུ་དེར་སྐྱེ་དགོས་པས་སོ། །གཉིས་པ་ལྟར་ན་ཡང་མི་རིགས་ཏེ་འགལ་བས་སོ། །དེ་ཡང་དངོས་པོ་གཅིག་ལ་ཉོན་མོངས་དང་རྣམ་བྱང་གཉིས་ཅིག་ཅར་འབྱུང་བར་མི་འཐད་དེ། གཅིག་ལ་ངོ་བོ་འགལ་བ་གཉིས་མི་འཐད་པས་སོ། །རྣམ་བྱང་ལ་ཡང་རིགས་པ་དེ་བཞིན་དུ་བསྒྲེའོ། །དེས་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་དོན་དམ་པར་མེད་ཀྱི་འོན་ཀྱང་ངོ་བོ་ཉིད་ཀྱིས་དག་པའི་དེ་བཞིན་ཉིད་ལ་སོ་སྐྱེའི་གནས་སྐབས་ན་ཀུན་ནས་ཉོན་མོངས་ཞེས་བཏགས་ལ་གྲོལ་བའི་གནས་སྐབས་ན་རྣམ་པར་བྱང་བ་ཞེས་བློས་བཏགས་པ་ཙམ་མོ་ཞེས་གནོད་འཇོམས་ལས་བཤད་ལ། དེ་ཡང་དབུ་མའི་རྩ་བ་ལས། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། ཞེས་དང༌། རེ་ཞིག་བཅིངས་པ་མི་གྲོལ་ཏེ། །མ་བཅིངས་པ་ཡང་གྲོལ་མི་འགྱུར། །བཅིངས་པ་གྲོལ་བཞིན་ཡིན་འགྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་འགྱུར། ཞེས་དང༌། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། ཞེས་གསུངས་པ་དང་རིགས་པའི་གནད་གཅིག་ཏུ་སྣང་ངོ༌། །དེའི་ཕྱིར་སེམས་ཙམ་པ་བཅིངས་གྲོལ་གྱི་གཞི་སེམས་འོད་གསལ་བདེན་པར་འདོད་པ་དང༌། འདི་ལས་ཉོན་མོངས་དང་རྣམ་བྱང་གཉིས་ཀ་བློས་བཏགས་པ་ཙམ་དུ་བཤད་པ་ཡང་ག་ལ་མཚུངས།གསུམ་པ་ནི། འགོག་པའི་བདེན་པ་བརྗོད་བྱར་བྱས་པ་ལ་འདོམས་སོ། །དེ་གང་ན། ཆོས་རྣམས་ཀྱི་སྟོང་པ་ཉིད་དེ་ལ་གཟུགས་མེད་ནས་ཀྱི་སྒྲས་ཕུང་


JLD017_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཞི་སྐྱེ་མཆེད་དྲུག་ཁམས་བཅོ་བརྒྱད་མེད་མ་རིག་པ་སྐྱེ་བ་མེད་ཡང་གིས་བསྡུས་པ་རྒ་ཤིའི་བར་དུ་སྐྱེ་བ་མེད་མ་རིག་པ་འགག་པ་མེད། ཡང་གིས་བསྡུས་པ་རྒ་ཤིའི་བར་དུ་འགག་པ་མེད། རྟོགས་པ་སངས་རྒྱས་མེད་རྟོགས་བྱ་བྱང་ཆུབ་ཀྱི་བར་དུ་མེད། ཡང་གིས་བསྡུས་པ་བདེན་བཞི་འབྲས་བུ་བཞི་རང་རྒྱལ་རྣམས་ཏེ་དེ་དག་དོན་དམ་པར་གྲུབ་པ་མེད་དོ་ཞེས་སྟོན་པའོ། །དེའི་རྒྱུ་མཚན་ཡང་སྟོང་ཉིད་དེ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་འགག་སྤང་གཉེན་ཀྱི་མཚན་ཉིད་ཀུན་བྱང༌། གནས་སྐབས་ཀྱི་ཁྱད་པར་དུ་མ་གཅིག་ཏུ་སོང་བའི་ཉམས་པ། གཅིག་དུ་མར་སོང་བའི་འཕེལ་བ་དང་སོགས་པས་བསྡུས་པ་དུས་གསུམ་དང་བྲལ་བའི་ཕྱིར་ཏེ། སྟོང་པ་ཉིད་ནི་མི་སྐྱེ་མི་འགག་ཅིང་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འགྲིབ་པ་མ་ཡིན། འཕེལ་བ་མ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །གང་ཡང་འདི་འདྲ་བ་དེ་ལ་ནི་གཟུགས་མེད་དོ་ཞེས་པ་ནས་སངས་རྒྱས་མེད་བྱང་ཆུབ་མེད་དོ། ཞེས་སོ། །ཟག་བཅས་འགགས་པའི་འགོག་པ་མངོན་དུ་བྱ་རྒྱུར་ཞེན་པ་ལ་མདོ་འདིས་གཟུགས་ནས་བྱང་ཆུབ་ཀྱི་བར་གྱི་ཆོས་གང་ཡང་མ་གྲུབ་པར་བསྟན་པ་ནི་ཐོབ་བྱར་ཞེན་པ་ཟློག་པའི་དོན་དུའོ། །བཞི་པ་ནི། ལམ་གྱི་བདེན་པ་བརྗོད་བྱར་བྱས་པ་ལ་འདོམས་སོ། །དེ་གང་ན། འདི་ལ་ལམ་དང་རིགས་སྒྲུབ་དང་ངེས་འབྱིན་ལ་འདོམས་པ་གསུམ་དུ་བྱེད་ཀྱང༌། བདག་ཉིད་ཆེན་པོས་ལམ་གྱི་ངོ་བོ་རྣམ་པར་མི་རྟོག་པའི་ཚུལ་ངེས་འབྱིན་གསུམ་དུ་བསྡུས་པ་


JLD017_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལེགས་པས། དང་པོ་ནི། སྤྱོད་པ་པོ་དང་སྤྱད་བྱ་གཉིས་ཀ་ངོ་བོས་སྟོང་པའི་ཕྱིར། སྤྱད་བྱ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་པོ་བྱང་སེམས་བདག་ཉིད་ལྡན་པ་བརྩོན་པ་དང་མི་ལྡན་པ་མི་བརྩོན་པ་མ་ཡིན་པ་སྟེ་ཡང་དག་པར་རྗེས་སུ་མ་མཐོང་བ་ཉིད་དུ་བསྒྲུབ་བོ་ཞེས་སྟོན་པའོ། །དམ་ནི་འོག་མ་རྣམས་སྡུད་པ་སྟེ། བྱང་ཚེ་བདག་ཉིད་ལ་སྦྱིན་པའི་ཕར་ཕྱིན་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་ལྷག་མ་ལྔ་ལ་ཡང་གསུངས་ཏེ། ཕྱིན་དྲུག་ལ་ལམ་དུ་གྲགས་པའི་ཕྱིར་འདིས་ལམ་ལ་གདམས་པ་བསྟན་ཏོ། །གཉིས་པ་ནི། སྦྱོར་བ་པོ་དང༌། སྦྱར་ས་གཉིས་ཀ་ངོ་བོས་སྟོང་པའི་ཕྱིར་ནང་སྦྱོར་བ་པོ་སྟོང་པ་ཉིད་དང་སོགས་པས་མཚན་མེད་སྨོན་མེད་གསུམ་ནི། ཕྱི་སྦྱར་ས་སྟོང་ཉིད་སོགས་གསུམ་དང་ལྡན་པ་སྦྱོར་བ་དང་མི་ལྡན་པ་མི་སྦྱོར་བ་མ་ཡིན་པ་ཉིད་དུ་རྟོགས་པར་གྱིས་ལ་སྒྲུབས་ཤིག་ཅེས་སྟོན་པ་སྟེ། བྱང་ཚེ་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་སྟོང་པ་ཉིད་ནི་སྦྱོར་བ་མ་ཡིན་མི་སྦྱོར་བ་མ་ཡིན་ནོ། །དེ་བཞིན་དུ་གཞན་གཉིས་ལ་ཡང་གསུངས་སོ། །ཉི་སྣང་དུ་སྟོང་པ་ཉིད་སྟོང་པ་ཉིད་དང་སྦྱོར་བར་མི་བྱེད་སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ་ཞེས་གཞན་གཉིས་ལའང་དེ་ལྟར་སྦྱར་བ་དྲངས་སོ། །དེ་ལ་སྦྱར་བ་ནི་ཡུལ་ཡུལ་ཅན་གཅིག་ཏུ་སྡུད་པའོ། །འབྱེད་པའམ་མི་སྦྱོར་བ་ནི་དེ་གཉིས་སོ་སོར་བྱེད་པའོ། །ཡུམ་


JLD017_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གནོད་འཇོམས་ལས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ་ནི་གལ་ཏེ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་གཞན་ཞིག་ཡོད་དོ་སྙམ་དུ་སྒོམ་ན་ནི་དེའི་ཚེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དང་སྟོང་པ་ཉིད་སྦྱོར་བར་འགྱུར་ན་འདི་ལྟར་ཆོས་ཐམས་ཅད་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱི་རྣམ་པར་ཡང་རྣམ་པ་མེད་པར་སྒོམ་སྟེ་དེའི་ཕྱིར་སྟོང་པ་ཉིད་དང་སྟོང་པ་ཉིད་དུ་མི་སྦྱོར་ཞེས་བྱའོ། །སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། སྟོང་པ་ཉིད་ཀྱི་རྣལ་འབྱོར་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་དེ་ཡང་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱི་ངོ་བོ་གཞན་དང་མི་སྦྱོར་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་མཚན་མ་མེད་པའི་ཆོས་གཞན་དུ་རྣམ་པར་རྟོག་པ་མེད་པ་དང༌། སྨོན་པ་མེད་པའི་ཆོས་གཞན་དུ་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་བྱ་བ་དང་ཡང་སྦྱར་བར་བྱའོ། །དེའི་ཕྱིར་སྟོང་པ་ཉིད་ནི་རྣལ་འབྱོར་ཡང་མ་ཡིན་རྣལ་འབྱོར་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་སོ། །དེས་ན་ཏིང་ངེ་འཛིན་གསུམ་ཡུལ་གཞན་གསུམ་དང་མི་སྦྱོར་བར་མ་ཟད་ཡུལ་ཅན་གཞན་གསུམ་དང་ཡང་མི་སྦྱོར་ཞེས་པའི་དོན་དུ་འདུག་པས་ཡང་སྒྲ་ཡོད་ན་དག་གོ །འདི་རིགས་སྒྲུབ་དང་སྦྱོར་བ་ནི་ཉི་སྣང་ལས། མདོ་སྔ་མས་ལམ་དང་ཕྱི་མས་ངེས་འབྱིན་བསྟན་ཏོ་ཞེས་གསུངས་པའི་དོན་ཐོབ་ཏུ་བསམས་སོ། །ཉི་སྣང་ལས་ནི། མདོ་འདིས་ལམ་བདེན་མི་རྟོག་པ་ཡིན་པར་བསྟན་ཞེས་སོ། །གསུམ་པ་ནི། དུས་གསུམ་གདོད་མ་ནས་མ་སྐྱེས་པར་མཉམ་པའི་ཕྱིར་སྔོན་གྱི་མཐའ་འདས་པ་དང༌། ཕྱི་མའི་མཐའ་


JLD017_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པ་དང་ད་ལྟར་བྱུང་བ་གསུམ་ཕན་ཚུན་ལྡན་པ་གཅིག་ལ་གཅིག་སྦྱོར་བ་དང༌། ཕན་ཚུན་མི་ལྡན་པ་གཅིག་ལ་གཅིག་མི་སྦྱོར་བ་མ་ཡིན་པ་ཉིད་དུ་རྟོགས་པར་གྱིས་ལ་བསྒྲུབས་ཤིག་ཅེས་སྟོན་པ་སྟེ། བྱང་ཚེ་སྔོན་གྱི་མཐའ་ལ་ཕྱི་མའི་མཐས་སྦྱོར་བར་མི་བྱེད། དེ་བཞིན་དུ་ཕྱི་མའི་མཐའ་ལ་སྔོན་གྱི་མཐས་དང་ད་ལྟར་བྱུང་བ་ལ་སྔོན་དང་ཕྱི་མའི་མཐས་དང༌། སྔོན་དང་ཕྱི་མའི་མཐའ་ལ་ད་ལྟར་བྱུང་བས་སྦྱོར་བར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ། ཞེས་སོ། །འདིས་ནི་དུས་གསུམ་སོ་སོར་འཛིན་པ་བཀག་ནས་དུས་གསུམ་མཉམ་ཉིད་དུ་རྟོགས་ནས་ངེས་པར་འབྱུང་བར་བསྟན་ཏོ། །ངེས་པར་འབྱུང་བྱ་ཡང་གང་ཞེ་ན། དེའི་འོག་ཏུ་དུས་གསུམ་གྱིས་རྣམ་མཁྱེན་ལ་མི་སྦྱོར་ཏེ། དུས་གསུམ་མ་དམིགས་པས་སོ་ཞེས་པས་བཤད་དོ། །གང་དག་སྔོན་མཐའ་འཁོར་བ་ནས་ཕྱི་མཐའ་མྱང་འདས་སུ་འབྱིན་མི་འབྱིན་གྱི་སྤྲོས་པ་དང་བྲལ་བ་ཞེས་འཆད་པ་ནི་དོན་དུ་མི་སྣང་སྟེ། མདོའི་དོན་ནི་སྤྱིར་དུས་གསུམ་མཉམ་ཉིད་དུ་འཆད་པ་ཙམ་དུ་སྣང་ལ། ཁྱད་པར་དུ་མདོ་སྔ་མའི་མཇུག་ཏུ་ཉི་སྣང་ལས། ངེས་པར་འབྱུང་བར་བྱ་བ་ཡང་གང་ཞེ་ན། ཞེས་པའི་ལན་དུ་རྣམ་མཁྱེན་ལ་དུས་གསུམ་གྱིས་མི་སྦྱོར་བ་དྲངས་ནས་འབྱུང་ས་དེ་ལ་བཤད་པའི་ཕྱིར་རོ། །དེ་ལྟར་མདོ་ལས་ནི་སྔ་མ་གཉིས་ལ་ལྡན་མི་ལྡན་གྱི་དོན་གསུངས་ལ། ཕྱི་མ་འདི་ལ་སྦྱོར་བ་བཀག་པ་ཙམ་ཡིན་གྱི་མི་སྦྱོར་བ་བཀག་པ་མི་སྣང་ཞིང་།


JLD017_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་གྱི་དོན་ཡང་ཕྱི་མ་ལ་དུས་གསུམ་གཅིག་ལ་གཅིག་སྦྱོར་བ་བཀག་པ་སྣང་ཡང་སྔ་མ་གཉིས་ལ་ཕར་ལ་བརྩོན་མི་བརྩོན་དང་སྦྱོར་མི་སྦྱོར་ཙམ་མ་གཏོགས་པ་ཚུར་ལ་དེ་ལྟ་བུ་མི་སྣང་ངོ༌། །འོན་ཀྱང་སློབ་དཔོན་གྱིས་སྦྱར་བ་ནི་ཕྱི་མ་ལ་ལྡན་པའི་དོན་བཀག་པ་དང་དངོས་སུ་གསུངས་པས་མི་ལྡན་པའི་དོན་བཀག་པ་ཤུགས་ལ་ཡོད་པ་དང༌། དེ་བཞིན་དུ་སྤྱོད་པ་པོ་དང་སྦྱོར་བ་པོས་ཕར་བརྩོན་མི་བརྩོན་དང་སྦྱོར་མི་སྦྱོར་དངོས་སུ་བཀག་པས་ཤུགས་ལ་བརྩོན་བྱ་དང་སྦྱར་བྱ་རྣམས་ཀྱང་ཚུར་ལ་བརྩོན་བྱ་དང་སྦྱར་བྱ་ཡིན་མིན་བཀག་པ་རྟོགས་ནུས་པས་སོ་སྙམ་དུ་དགོངས་སོ། །དེ་ལྟར་མདོ་ཚན་པ་གསུམ་པོ་དེས་ལམ་ལ་བརྩོན་མི་བརྩོན་ལ་སོགས་པ་བཀག་པ་ནི་ལམ་བདེན་ལ་རྒྱུད་ལ་བསྟན་བྱར་ཞེན་པ་ལྡོག་པའི་དོན་དུའོ། །གཉིས་པ་ནི། དེ་ལྟར་སྟོན་ཚུལ་བཞི་ནི་དམིགས་ཡུལ་བདེན་པ་བཞི་ལ་འདོམས་པའོ། །གསུམ་པ་ལ་གཉིས། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་ལ་བཞི། སྐྱབས་གསུམ་སོ་སོའི་ངོ་བོ། གནས་སྐབས་ཀྱི་སྐྱབས་གསུམ། མཐར་ཐུག་གི་སྐྱབས་གཅིག །དཀོན་མཆོག་གི་སྒྲ་བཤད་པའོ། །དང་པོ་ལ་གཉིས། ཉན་ཐོས་སྡེ་བ་དང༌། ཐེག་ཆེན་པའི་ལུགས་སོ། །དང་པོ་ནི་མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། ཞེས་པ་ལྟར་བཤད་དོ། །དེ་ལ་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་


JLD017_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ་བ་ཡིན་ཏེ། དེ་ཡང་གང་ཞིག་བརྙེས་པས་བརྙེས་པ་པོ་དེ་ལ་སངས་རྒྱས་ཞེས་བརྗོད་པ་སྟེ། སངས་རྒྱས་ཀྱི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡིན་ལ་འཁོར་དང་བཅས་ན་ཟག་མེད་ཀྱི་ཕུང་པོ་ལྔའོ། །རྟེན་གཟུགས་སྐུ་ནི་བྱང་སེམས་དང་ཕྱིས་སངས་རྒྱས་པའི་དུས་གཉིས་ཀར་ཁྱད་མེད་པས་དེ་ནི་སངས་རྒྱས་མིན་པས་སྐྱབས་ཡུལ་མིན་ནོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བ་ནི། དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་སངས་རྒྱས་མ་གཏོགས་པའི་མི་སློབ་པ་ལ་ཡིན་ཏེ། དེ་ཡང་གང་ཞིག་ཐོབ་པས་གང་ཟག་བརྒྱད་པོ་ལྷ་དང་བཅས་པས་ཀྱང་ལམ་ལས་མི་ཕྱེད་པས་དགེ་འདུན་ཞེས་བརྗོད་པ་སྟེ། གང་ཟག་བརྒྱད་པོའི་རྒྱུད་ཀྱི་ཟག་མེད་ཀྱི་ཕུང་པོ་ལྔའོ། །འདི་ཡང་རྟེན་ལུས་ནི་དགེ་འདུན་མིན་པས་སྐྱབས་སུ་མི་འགྲོའོ། །ཆོས་ལ་སྐྱབས་སུ་འགྲོ་བ་ནི། སོ་སོར་བརྟགས་འགོག་མྱང་འདས་ལ་ཡིན་ཏེ། དེ་ནི་འཕགས་པ་རྣམས་ཀྱི་མྱང་འདས་གཉིས་སོ། །དེ་ལྟར་ན་བྱེ་སྨྲའི་ལུགས་ཀྱིས་ནི་སངས་རྒྱས་དང་དགེ་འདུན་གཉིས་ཀའི་རྟེན་ལུས་ནི་སྡུག་བདེན་ཡིན་པས་སངས་རྒྱས་དང་དགེ་འདུན་མིན་ལ། འོན་ཀྱང་རྟེན་པ་སངས་རྒྱས་ཀྱི་ཟག་མེད་ཀྱི་ཕུང་པོ་རྣམས་སངས་རྒྱས་དང༌། སངས་རྒྱས་མ་གཏོགས་པའི་ཉན་རང་གི་ཟག་མེད་ཀྱི་ཕུང་པོ་རྣམས་དགེ་འདུན་དང༌། སངས་རྒྱས་དང་ཉན་རང་གཉིས་ཀའི་རྒྱུད་ཀྱི་མྱང་འདས་ཆོས་དཀོན་མཆོག་ཏུ་འདོད་དོ། །དེ་ལ་ཁ་ཅིག་གཟུགས་སྐུ་སངས་རྒྱས་མིན་ན་དེ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བས་མཚམས་མེད་དུ་མི་འགྱུར་ཞེས་སྨྲ་བ་ལ། བྱེ་སྨྲ་རྣམས་རྟེན་ལ་གནོད་པ་བྱས་པས་བརྟེན་


JLD017_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་གནོད་དེ། དཔེར་ན་མིག་ལ་གནོད་པ་བྱས་པས་མིག་ཤེས་ལ་གནོད་པ་བཞིན་ཞེས་ཟེར་རོ། །དེ་ལ་སློབ་དཔོན་གྱིས་བསྟན་བཅོས་ལས་མི་སློབ་པ་ཁོ་ན་སངས་རྒྱས་ཞེས་མི་འབྱུང་གི་སངས་རྒྱས་སུ་བྱེད་པའི་ཆོས་ཞེས་འབྱུང་བས་སངས་རྒྱས་དང་སངས་རྒྱས་སུ་འཇོག་པའི་རྒྱུ་དག་སངས་རྒྱས་ཡིན་ཞེས་པ་དོན་ཡིན་གྱི་རྟེན་སངས་རྒྱས་སུ་མ་བཀག་པས་མཚམས་མེད་དུ་མི་འགྱུར་བར་བརྩད་པ་བསྟན་བཅོས་ལ་ཀླན་ཀར་མི་རུང་བར་གསུངས་སོ། །བསྟན་བཅོས་ཀྱི་དགོངས་པ་དེ་ལྟ་མིན་ན། སངས་རྒྱས་དང་དགེ་འདུན་གྱིས་འཇིག་རྟེན་པའི་ཡིད་མངོན་དུ་བྱས་པ་ན་སངས་རྒྱས་དང་དགེ་འདུན་མིན་པར་འགྱུར་ཏེ། སློབ་པ་དང་མི་སློབ་པ་ཟག་མེད་ཡིན་པས་དེ་དག་དང་འཇིག་རྟེན་པའི་ཡིད་གཉིས་མངོན་གྱུར་དུ་ལྷན་ཅིག་དུ་མི་གནས་པས་དེའི་ཚེ་སློབ་མི་སློབ་མེད་ལ་རྟེན་ཡང་དེ་དག་མིན་པས་སོ། ཞེས་གསུངས་སོ། །འདི་དག་ནི་འགྲེལ་བཤད་གཉིས་ཀྱི་བཤད་པ་དང་བཅས་པའོ། །དེས་ན་འདིར་སློབ་དཔོན་གྱིས་རྟེན་སངས་རྒྱས་སུ་བཤད་པ་ནི་མདོ་སྡེ་པའི་ཡང་འདོད་པར་མངོན་པས་ཁྱད་དེ་ཙམ་མ་གཏོགས་པ་མདོ་སྡེ་པ་ཡང་སྐྱབས་གསུམ་འཇོག་ཚུལ་འདི་དང་མཐུན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་སངས་རྒྱས་ནི། ཡོན་ཏན་བརྒྱད་དང་ལྡན་པ་ཞིག་གོ །བརྒྱད་གང་ཞེ་ན། འདུས་མ་བྱས་པ། ལྷུན་གྱིས་གྲུབ་པ། གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ། མཁྱེན་པ། བརྩེ་བ། ནུས་པ། རང་དོན། གཞན་


JLD017_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནོ། །དེ་ལ་དང་པོ་ནི་སྐྱེ་འཇིག་གནས་གསུམ་གྱིས་སྟོང་པའོ། །གཉིས་པ་ནི་འབད་རྩོལ་དང་རྣམ་རྟོག་ཐམས་ཅད་ཉེ་བར་ཞི་བའོ། །གསུམ་པ་ནི་དེ་ལྟ་བུ་དེ་སྒྲ་དང་རྟགས་ལ་སོགས་པའི་གཞན་རྐྱེན་གྱིས་རྟོགས་པ་མིན་གྱི་སངས་རྒྱས་ཉིད་ཀྱི་རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བའོ། །བཞི་པ་ནི། གསུམ་པོ་དེ་ཇི་ལྟ་བ་བཞིན་དུ་མཁྱེན་པའོ། །ལྔ་པ་ནི་དེ་ལྟར་རང་གིས་རྟོགས་པ་དེ་གཞན་མ་རྟོགས་པ་རྣམས་ལ་བསྟན་པའི་ཕྱིར་དུ་ཐུགས་བརྩེ་བའོ། །དྲུག་པ་ནི་མཁྱེན་བརྩེ་གཉིས་ཀྱི་སྒོ་ནས་ཆོས་བསྟན་པས་གདུལ་བྱའི་འབྲས་བུ་སྡུག་བསྔལ་དང་རྒྱུ་ཉོན་མོངས་གཉིས་སྤོང་བའོ། །བདུན་པ་ནི་དང་པོ་གསུམ་མོ། །བརྒྱད་པ་ནི་ཕྱི་མ་གསུམ་མོ། །དེ་ཡང་རྒྱུད་བླ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། ཅེས་སོ། །གཉིས་པ་ཆོས་དཀོན་མཆོག་ཀྱང་ཡོན་ཏན་བརྒྱད་དང་ལྡན་པའོ། །དེ་གང་ཞེ་ན། བསམ་དུ་མེད་པ། གཉིས་སུ་མེད་པ། རྟོག་པ་མེད་པ། དག་པ། གསལ་བ། གཉེན་པོའི་ཕྱོགས་ཀྱི་ཡོན་ཏན་དང༌། གང་ཞིག་ཆགས་པ་དང་བྲལ་བ་དང༌། གང་གིས་ཆགས་པ་དང་བྲལ་བའི་ཡོན་ཏན་ནོ། །དེ་ལ་དང་པོ་ནི་རྟོག་པས་མུ་བཞི་གང་དུ་ཡང་བརྟག་མི་ནུས་པ་དང༌། སྒྲས་བརྗོད་དུ་མེད་པ་དང༌། འཕགས་པའི་མཉམ་གཞག་གི་ཡུལ་ཡིན་པ་སྟེ། མདོར་ན་སྒྲ་རྟོག་གི་ཡུལ་མིན་ཞིང་འཕགས་པའི་


JLD017_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་གི་ཡུལ་ཡིན་པའོ། །གཉིས་པ་ནི། ཟག་བཅས་ཀྱི་ལས་ཉོན་ཅི་རིགས་པར་སྤངས་པའོ། །གསུམ་པ་ནི་དེ་གཉིས་ཀྱི་རྒྱུ་གཙང་བདེ་རྟག་བདག་སོགས་སུ་སྒྲོ་འདོགས་པའི་བློ་སྤངས་པ་སྟེ་འདི་གཉིས་ནི་གློ་བུར་དྲི་བྲལ་གྱི་ཆ་ཡིན་ལ། སྔ་མ་ནི་རང་བཞིན་རྣམ་དག་ཡིན་ནོ། །བཞི་པ་ནི་ལམ་གྱི་ངོ་བོ་ཉོན་མོངས་དང་ཉེ་ཉོན་གྱིས་དག་པའོ། །ལྔ་པ་ནི་ཤེས་བྱའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའོ། །དྲུག་པ་ནི་དུག་གསུམ་ལ་སོགས་པའི་མུན་པ་རྣམས་རྣམ་པར་འཇོམས་པའོ། །དེས་ན་ལམ་བདེན་ནི་ཉི་མ་དང་འདྲའོ། །བདུན་པ་ནི་དང་པོ་གསུམ་སྟེ་འགོག་བདེན་དང༌། བརྒྱད་པ་ནི་ཕྱི་མ་གསུམ་སྟེ་ལམ་བདེན་གྱི་ཡོན་ཏན་ནོ། །དེ་ཡང་རྒྱུད་བླ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང༌། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམས་ཇི་བཞིན་དེ་དག་ཀྱང༌། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། ཞེས་སོ། །དེ་ལྟར་ན་རྩ་བར་སྤྱིར་འགོག་པ་དང་ལམ་ཙམ་ཞིག་ཆོས་དཀོན་མཆོག་ཏུ་གསུངས་ཀྱང་ཐེག་ཆེན་གྱི་འགོག་ལམ་ལ་གཟུང་དགོས་ལ་ལམ་བདེན་ཡང་སྐབས་འདིར་ཐེག་ཆེན་གྱི་མཐོང་སྒོམ་གཉིས་ལ་བྱ་སྟེ། ཆོས་དཀོན་མཆོག་གི་འགྲེལ་པ་ལས་སྡུག་བསྔལ་འགོག་པའི་མིང་ཅན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང་


JLD017_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའི་ལམ་ནི་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ་ཞེས་པས་སོ། །གསུམ་པ་དགེ་འདུན་དཀོན་མཆོག་ནི། ཇི་ལྟ་བ་དང་ཇི་སྙེད་པ་རིག་པ་དང༌། ནང་གི་ཡེ་ཤེས་གཟིགས་པ་དང༌། གཟིགས་པ་དེ་དག་པའི་ཡོན་ཏན་ཏེ་བླ་ན་མེད་པའི་ཡོན་ཏན་དེ་བཞི་དང་ལྡན་པའི་ཕྱིར་མི་ལྡོག་གི་བྱང་སེམས་སོ། །དེ་ལ་དང་པོ་ནི་ཆོས་དང་གང་ཟག་ཅེས་བྱ་བའི་འགྲོ་བ་རྣམས་ཀྱི་བདག་གཉིས་ཉེ་བར་ཞི་བའི་བདག་མེད་པའི་མཐའ་རྟོགས་པའོ། །གཉིས་པ་ནི། བདག་གཉིས་ཀྱིས་སྟོང་པའི་དེ་བཞིན་ཉིད་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་མཐོང་བའོ། །དེས་ན་དང་པོས་ཆོས་ཉིད་རང་གི་ངོ་བོ་དང་ཕྱི་མས་དེ་གནས་པ་རྟོགས་པའོ། །གསུམ་པ་ནི། ཡེ་ཤེས་དེ་གཉིས་རང་རིག་པའི་ཚུལ་གྱིས་རྟོགས་པའོ། །བཞི་པ་ནི་ཆགས་པ་ཉོན་སྒྲིབ་དང་ཐོགས་པ་ཤེས་སྒྲིབ་གཉིས་ཅི་རིགས་པར་དག་པའོ། །དེ་ལྟར་ཡང་རྒྱུད་བླ་ལས། ཇི་བཞིན་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། ཅེས་སོ། །ཁ་ཅིག་ཇི་ལྟ་ཇི་སྙེད་ནང་རིག་པ་སྟེ་གསུམ། ཆགས་སྒྲིབ་ཐོགས་སྒྲིབ་དམན་སྒྲིབ་ལས་གྲོལ་བ་གསུམ་དང་པོ་གསུམ་ནི་རིག་པ་དང་ཕྱི་མ་གསུམ་ནི་གྲོལ་བ་ཕུན་ཚོགས་ཀྱི་ཡོན་ཏན་དུ་བྱས་ནས་དགེ་འདུན་ཡོན་ཏན་བརྒྱད་ལྡན་དུ་འཆད་པ་ནི་འོལ་སྤྱི་ཙམ་སྦྱར་དུ་རུང་ཡང་འགྲེལ་པས་མ་བཤད་ཅིང་རྩ་བ་ལ་ཡང་སྔ་མ་


JLD017_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་མི་གསལ་བས་བདག་གིས་དོར་རོ། །གཉིས་པ་ནི། རྒྱུད་བླ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་པ་འདིས་ནི་དགོས་པ་གསུམ་གྱི་ཕྱིར་གང་ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གསུམ་རྣམ་པར་བཞག་གོ །དོན་འདི་ལ་རྒྱུད་བླའི་ཊཱིཀ་བྱེད་ཕལ་མོ་ཆེ་གོང་དུ་བསྟན་པའི་སྐྱབས་གསུམ་པོ་དེ་ངེས་དོན་མིན་པར་དྲང་དོན་དུ་ཤོ་ལོག་འདིས་བསྟན་པར་འཆད་པ་ནི་འདིའི་དོན་གཏན་མ་རྟོགས་པར་མཐོང་སྟེ་དེ་ཅིའི་ཕྱིར་ཞེ་ན། གཞུང་འདིའི་མཚམས་སྦྱོར་དུ། དེ་ལ་དོན་གང་གིས་གང་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་སྐྱབས་གསུམ་རྣམ་པར་བཞག་པ་མཛད་ཅེ་ན། ཞེས་རྒྱལ་བས་མདོར་སྐྱབས་གསུམ་བཞག་པའི་དགོས་པ་འདྲི་བར་སྣང་གི་རྗེ་བཙུན་གྱིས་སྔར་བཤད་པའི་སྐྱབས་གསུམ་ལ་དོགས་གཅོད་དུ་མི་སྣང་བའི་ཕྱིར་དང༌། ཕྱི་འགྲེལ་དུ་ཡང་དཀོན་མཆོག་གསུམ་སྐྱབས་སུ་བཞག་པའི་ཚུལ་ལ་རིམ་པ་ལྟར་རྐང་གཉིས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བསྟན་ཞིང་རྣམ་པར་བཞག་གོ་ཞེས་གསུངས་ལ། འཇོག་ཚུལ་འདིས་རྗེ་བཙུན་གྱིས་སྔར་བཞག་པ་ཡོད་མེད་ལེགས་པར་རྟོགས་ཤིག་དང་ཁོང་དུ་ཆུད་པར་འགྱུར་རོ། །དེས་ན་འདིའི་དོན་འདི་


JLD017_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཤད་དེ། གོང་དུ་རྗེ་བཙུན་གྱིས་སྐྱབས་གསུམ་བཞག་པའི་ཚུལ་དང་ཐུན་མོང་གི་མདོ་ལས་དེ་བཞིན་གཤེགས་པས་རྐང་གཉིས་རྣམས་ཀྱི་མཆོག་ལ་སངས་རྒྱས་དང་འདོད་ཆགས་དང་བྲལ་བའི་མཆོག་མྱང་འདས་ལ་ཆོས་དང༌། ཚོགས་རྣམས་ཀྱི་མཆོག་སྐྱེས་བུ་ཟུང་བཞི་ལ་དགེ་འདུན་དུ་བཞག་པ་མ་མཐུན་པས། དེ་ལ་བསམས་ནས་མདོར་སྐྱབས་གསུམ་གཞག་ཚུལ་འདིའི་དགོས་པ་དང་གང་ཟག་དྲིས་སོ། །དེའི་ལན་ཡང་ཐེག་ཆེན་གྱི་ལམ་དུ་ཞུགས་པའི་གང་ཟག་དང༌། ལམ་དུ་མ་ཞུགས་ཀྱང་སྐྱབས་གསུམ་གྱི་ནང་ནས་སངས་རྒྱས་ཁོ་ན་ལ་བྱ་བ་བྱེད་པར་འདོད་པ་སྟེ་གང་ཟག་དེ་གཉིས་ཀྱི་ངོ་དང༌། དགོས་པ་སྐྱབས་གསུམ་གྱི་ནང་ནས་སངས་རྒྱས་ཀྱི་ཆེ་བ་གཞན་ལ་བསྟན་པའི་ཕྱིར་དུ་སངས་རྒྱས་སྐྱབས་སུ་བཞག་གོ །དེ་བཞིན་དུ་ཐེག་པ་འོག་མ་གཉིས་ལ་ཞུགས་པ་དང་མ་ཞུགས་ཀྱང་ཆོས་དང་དགེ་འདུན་ལ་བྱ་བ་བྱེད་པར་འདོད་པའི་གང་ཟག་ཉིད་ཀྱི་ངོ་དང༌། སྐྱབས་ཕྱི་མ་གཉིས་ཀྱི་ཡོན་ཏན་བསྟན་པའི་ཕྱིར་དུ་ཆོས་དང་དགེ་འདུན་སྐྱབས་སུ་བཞག་གོ །རིགས་ཅན་གསུམ་པོ་རེ་རེས་ཀྱང་གསུམ་ག་ལ་སྐྱབས་སུ་འགྲོ་བ་མ་ཡིན་ནམ། ཅིའི་ཕྱིར་ཐེག་པ་རེ་རེ་ལ་སྐྱབས་རེ་རེར་བཞག་ཅེ་ན། ཉེས་པ་མེད་དེ། རྒྱུའི་སྐྱབས་འགྲོའི་དབང་དུ་བྱས་ན་རིགས་ཅན་རེ་རེས་ཀྱང་གསུམ་ག་ལ་སྐྱབས་སུ་བྱེད་ཀྱང་འདི་ནི་རང་རང་གི་ཐུན་མོང་མ་ཡིན་པའི་ཐོབ་བྱ་འབྲས་བུའི་སྐྱབས་འགྲོའི་དབང་


JLD017_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་པའི་ཕྱིར་རོ། །དེ་ལྟར་ན་ཚུལ་འདི་ནི་ཐེག་པ་གསུམ་ལ་གནས་པ་རྣམས་རིམ་གྱིས་ཐེག་ཆེན་ལ་དྲང་བའི་ཆེད་ཡིན་པས་དྲང་དོན་ནོ། །སྐྱབས་འགྲོ་བདུན་ཅུ་པར་ཡང༌། ཐུབ་དབང་དག་གིས་སྐུ་གསུམ་དང༌། །མྱ་ངན་འདས་དང་ཞུགས་གནས་བརྒྱད། ཅེས་གསུངས་པ་ཡང་ཐུན་མོང་གི་སྐྱབས་ཀྱི་རྣམ་བཞག་ཡིན་ནོ། །གསུམ་པ་ནི། སངས་རྒྱས་འབའ་ཞིག་གཏན་གྱི་སྐྱབས་ཡིན་ནོ། །འོ་ན་མཐར་ཐུག་གི་སྐྱབས་ལ་དཀོན་མཆོག་གསུམ་མ་ཚང་བར་འགྱུར་ཞེ་ན། ཉེས་པ་མེད་དེ། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་འགོག་ལམ་ཆོས་ཡིན་ལ། ཆོས་ཀྱི་སྐུ་ཐོབ་པ་ན་ཐེག་པ་གསུམ་གྱི་ཚོགས་ཀྱང་མཐར་ཕྱིན་པར་འགྱུར་བའི་ཕྱིར་ཏེ། རྒྱུད་བླ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། ཞེས་དང༌། འགྲེལ་པར་ཡང་སྔར་བཤད་པའི་ཚུལ་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་ཞེས་སོ། །བཞི་པ་ནི། རྒྱུད་བླ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། ཅེས་པ་ལྟར་རོ། །གཉིས་པ་ལ་གཉིས། སོ་སོར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། སངས་རྒྱས། ཆོས། དགེ་འདུན་


JLD017_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གདམས་པའོ། །དང་པོ་ནི། སངས་རྒྱས་དཀོན་མཆོག་བརྗོད་བྱར་བྱས་པ་ལ་འདོམས་སོ། །དེ་གང་ན་དམིགས་པར་བྱ་བ་ཡུལ་དང༌། དམིགས་པར་བྱེད་པ་ཡུལ་ཅན་གཉིས་དོན་ལ་སོ་སོར་མ་གྲུབ་པར་མཉམ་པ་ཉིད་དུ་ཤེས་པའི་ཡེ་ཤེས་མཐར་ཕྱིན་པ་ནི་སངས་རྒྱས་ཡིན་ནོ་ཞེས་སྟོན་པའོ། །མཉམ་ཉིད་དེ་ཇི་ལྟར་བསྟན་ན་སངས་རྒྱས་སུ་འཇོག་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་རྣམ་མཁྱེན་དེ་ཁོ་ནར་མི་དམིགས་པ་ལ་སྟེ་མི་དམིགས་པར་བསྟན་པའི་སྒོ་ནས་སོ། །མདོ་ཚིག་གང་གིས་མི་དམིགས་པའི་ཚུལ་ཇི་འདྲ་བ་ཞིག་བསྟན་ན། བྱང་ཚེ་གཟུགས་ལ་རྣམ་མཁྱེན་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་གཟུགས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་ཕུང་པོ་ཕྱི་མ་བཞི། སྐྱེ་མཆེད་བཅུ་གཉིས་ཕྱིན་དྲུག་ལ་སོགས་པ་ལ་སྦྱར་ནས་གསུངས་ཏེ། འདིས་ནི་གཟུགས་སོགས་དང་རྣམ་མཁྱེན་ཡུལ་དང་ཡུལ་ཅན་དུ་མི་སྦྱོར་བ་སྟེ་སྦྱོར་བ་བཀག་པས་སོ། །སངས་རྒྱས་ལ་རྣམ་མཁྱེན་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་སངས་རྒྱས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་མཁྱེན་ལ་སངས་རྒྱས་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་རྣམ་མཁྱེན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་འདིས་སངས་རྒྱས་དང་རྣམ་མཁྱེན་མཚན་མཚོན་དུ་སྦྱོར་བ་བཀག་གོ །དེ་བཞིན་དུ་རྣམ་མཁྱེན་དང་བྱང་ཆུབ་གཉིས་ལ་ཕན་ཚུན་དུ་མི་སྦྱོར་བར་བསྟན་པས་


JLD017_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱང་ཆུབ་དབྱིངས་དང་རྣམ་མཁྱེན་དེ་རྟོགས་པའི་ཡེ་ཤེས་སུ་སྦྱོར་བ་བཀག་གོ །དེ་ལྟར་ཚན་པ་གསུམ་པོ་དེར་སྦྱར་དུ་མེད་པ་ཅི་ཞེ་ན། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་རྣམ་མཁྱེན་ནོ། །རྣམ་མཁྱེན་ཉིད་སངས་རྒྱས་སོ། །བྱང་ཆུབ་ཉིད་རྣམ་མཁྱེན་ནོ། །རྣམ་མཁྱེན་ཉིད་བྱང་ཆུབ་བོ་ཞེས་སངས་རྒྱས་དང་བྱང་ཆུབ་དང་རྣམ་མཁྱེན་གསུམ་མཚན་ཉིད་གཅིག་པ་སྟེ་དེ་ཁོ་ནར་ཐ་དད་པ་མེད་པ་ཉིད་ཀྱིས་སོ། །གནོད་འཇོམས་ཆེ་བ་ལས་གཟུགས་དང་རྣམ་མཁྱེན་དུ་མི་སྦྱོར་བའི་དོན་གཟུགས་འདི་རྣམ་མཁྱེན་གྱི་ཡུལ་ཡིན་ནོ་ཞེའམ། གཟུགས་འདི་སྦྱིན་སོགས་ཀྱི་བསོད་ནམས་བྱ་བའི་དངོས་པོར་བསྔོས་ན་འབྲས་བུ་རྣམ་མཁྱེན་དུ་འགྱུར་རོ་ཞེས་དམིགས་པས་མི་སྦྱོར་བའོ། །སངས་རྒྱས་དང་རྣམ་མཁྱེན་དུ་མི་སྦྱོར་བའི་དོན་ནི་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་རྒྱུའོ་ཞེས་མི་སྦྱོར་བའོ། །བྱང་ཆུབ་དང་རྣམ་མཁྱེན་དུ་མི་སྦྱོར་བ་ནི་རྣམ་མཁྱེན་གྱིས་ཆོས་ཐམས་ཅད་རྟོགས་པས་བྱང་ཆུབ་པོ་ཞེས་དམིགས་པས་མི་སྦྱོར་ཏེ་དེ་གསུམ་མཚན་ཉིད་གཅིག་པས་ཆོས་སྐུའི་བདག་ཉིད་དུ་ཐ་དད་མེད་དོ་ཞེས་འཆད་དོ། །དེ་ལྟར་ན་མདོ་དེ་དག་གིས་སངས་རྒྱས་ཏེ་རྟོགས་བྱ་རྟོགས་བྱེད་སོ་སོར་མེད་པ་གཅིག་ཏུ་བསྟན་པ་ནི། སངས་རྒྱས་དཀོན་མཆོག་སྐྱབས་སུ་བསྟན་པ་དང༌། བདག་གི་སྐྱབས་འདི་ཡུལ་མ་ལུས་པ་མཁྱེན་པའི་སྟོན་པའོ་སྙམ་དུ་ཞེན་པ་ལྡོག་པའི་ཆེད་དུའོ། །གཉིས་པ་ནི། ཆོས་དཀོན་མཆོག་བརྗོད་བྱར་བྱས་པ་ལ་འདོམས་སོ། །དེ་གང་ན་མཁྱེན་གསུམ་


JLD017_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྡུས་པ་སྟེ་ཡུལ་དུ་བྱས་པའི་གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་བསྡུས་པ་སྟེ་བསྡོམས་པ་དག་གིས་བསྡུས་པ་སྟེ་ཁྱབ་པའི་ཆོས་ཐམས་ཅད་བདེན་པའི་ངོ་བོ་ཉིད་མེད་དོ་ཞེས་སྟོན་པ་སྟེ། བྱང་ཚེ་གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་དངོས་པོ་མེད་པ་དང༌། རྟག་མི་རྟག །བདེ་སྡུག་བདག་ཡོད་མེད། ཞི་མ་ཞི་ཞེས་བྱ་བར་མི་སྦྱོར་བ་ལ་སོགས་པ་གསུངས་སོ། །ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་ལས། གཟུགས་འབྱུང་ངོ་ཞེས་བྱ་བར་མི་སྦྱོར་ཞེས་པ་མན་གྱིས་གཞི་དང༌། སྦྱིན་པའི་ཕར་ཕྱིན་གྱི་དོན་དུ་མི་སྤྱོད་དོ་མན་གྱིས་ལམ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་མངོན་པར་སྒྲུབ་བོ་མན་གྱིས་རྣམ་པ་ལ་གདམས་པར་བསྟན་ཏོ་ཞེས་མཚམས་འབྱེད་དོ། །མདོ་འདི་དག་གིས་ཆོས་དཀོན་མཆོག་ཇི་ལྟར་བསྟན་ན། འདི་དག་གིས་གཞི་ལམ་རྣམ་པ་རྣམས་བསྟན་ཏེ། དེ་ཡུལ་ཅན་མཁྱེན་གསུམ་བསྟན་པའོ་སྙམ་དུ་སློབ་དཔོན་གྱིས་དགོངས་སོ། །འཕགས་པའི་དགོངས་པ་ནི། མདོ་འདི་དག་གིས་ཆོས་གང་གི་དོན་དུ་ཡང་ཡུམ་ལ་སྤྱོད་པ་བཀག་པས་ཐམས་ཅད་དུ་ཆགས་པ་དང་བྲལ་བ་བསྟན་ལ་ཆོས་ཀྱང་འདོད་ཆགས་དང་བྲལ་བ་ཡིན་པས་སོ་སྙམ་དུ་དགོངས་སོ། །མདོ་འདི་དག་གིས་ཆོས་ཐམས་ཅད་ལ་སྦྱར་བ་དང་སྤྱད་པར་བྱ་བ་བཀག་པ་ནི་ཆོས་དཀོན་མཆོག་ལ་འདི་ནི་བདག་གི་ལམ་མོ་སྙམ་པའི་ཞེན་པ་ལྡོག་པའི་ཆེད་དུའོ། །གསུམ་པ་ནི། དགེ་འདུན་དཀོན་


JLD017_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལ་འདོམས་སོ། །དེ་གང་ན། ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས་ཤིང་སྙིང་རྗེས་སེམས་ཅན་ལ་དམིགས་པའི་བྱང་སེམས་སོ་སྐྱེའི་ས་ལས་རིང་དུ་སོང་བས་འཕགས་པ་ཐར་པ་ཐོབ་བྱེད་དུ་བརྩོན་པས་སློབ་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་རྣམས་ལ་ལམ་སྒྲུབ་པའི་གྲོགས་སུ་བཟུང་ནས་ལམ་ལ་འཇུག་པ་ན་དེ་དག་གདོད་མ་ནས་སྐྱེ་བ་མེད་པ་ཉིད་དུ་རྟོགས་ནས་འཇུག་པར་བྱའོ་ཞེས་སྟོན་པའོ་གྲངས་དུ་ཞིག་ཅེ་ན། རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་གི་འབྲས་བུ་ལ་གནས་པའི་མིང་ཅན་གསུམ་དང་འབྲས་བུ་བཞི་ལ་ཞུགས་པའི་མིང་ཅན་བཞིའི་བྱེ་བྲག་སྟེ་རྒྱུ་མཚན་གྱིས་སྐྱེས་བུ་ཆེན་པོ་བདུན་པོ་རང་སངས་རྒྱས་ཀྱི་མིང་ཅན་གཅིག་དང་ལྷན་ཅིག་སྟེ་བཅས་པའི་བརྒྱད་དུ་ཡོད་དེ་དེ་ནི་རྩ་བའི་དབྱེ་བའོ། །ཞུགས་པའི་མིང་ཅན་བཞི་འདྲེན་ན་འབྲས་གནས་བཞི་ཡང་བགྲང་དགོས་པས་དགུར་འགྱུར་ཞེ་ན། མི་རིགས་ཏེ། དགྲ་བཅོམ་འབྲས་གནས་ཀྱི་མིང་ཅན་འདྲེན་ན་ཐེག་ཆེན་གྱི་མི་སློབ་པ་བགྲང་དགོས་པས་དེ་ནི་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱིས་ཐེག་ཆེན་གྱི་དགྲ་བཅོམ་པ་ནི་སློབ་པའི་དགེ་འདུན་དུ་མ་གཏོགས་པས་སོ། །ཉི་ཤུར་མ་ངེས་ཏེ་དགྲ་བཅོམ་དང་ཉེར་གཅིག་ཏུ་འགྱུར་ཞེས་སྦྱོར་བ་ལས་སྔ་མ་ཉིད་མཛེས་ཏེ་སྔ་མ་ལ་དོགས་པའི་རྒྱུ་མཚན་འབྲེལ་བས་སོ། །ཡན་ལག་གིས་ཕྱེ་ན་ཉི་ཤུར་གྲངས་ཆད་པའམ་ངེས་ཏེ་དེ་ཡང་དབང་པོ་རྟུལ་པོ་དང་རྗེས་འབྲང་ནས་བསེ་རུ་ལྟ་བུའི་མིང་ཅན་གྱི་བར་དུ་ཡོད་པའི་བྱེ་བྲག་གམ་རྒྱུ་མཚན་


JLD017_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སོ། །གཉིས་པ་ནི། དེ་ལྟར་ལུང་འབོག་པ་གསུམ་ནི་དཀོན་མཆོག་གསུམ་ལ་འདོམས་པའོ། །བཞི་པ་ལ་བཞི། སྒྲུབ་པའི་མི་མཐུན་ཕྱོགས་སྤོང་བ་དང༌། སྒྲུབ་པ་ལ་གཞན་དྲིང་མི་འཇོག་པ་དང༌། སྒྲུབ་པའི་ཡོན་ཏན་ཐམས་ཅད་རྫོགས་པ་དང༌། སྒྲུབ་པ་མཐར་ཐུག་པའི་རྒྱུ་ལ་གདམས་པའོ། །དང་པོ་ནི་སྒྲུབ་པའི་གཙོ་བོ་བརྩོན་འགྲུས་ཡིན་ལ། དེའི་སྤང་བྱ་ཡང་སྤྱོད་འཇུག་ལས། ལེ་ལོ་ངན་ལ་ཞེན་པ་དང༌། །སྒྱིད་ལུག་བདག་ཉིད་བརྙས་པའོ། ཞེས་པ་ལྟར་གསུམ་ལས། དང་པོ་སྙོམས་ལས་འཛིན་པ་སྤོང་བྱེད་མ་ཞེན་པའི་བརྩོན་འགྲུས་ལ་གདམས་པ་ནི། འདོམས་སོ། །གང་བརྗོད་བྱར་བྱས་པ་ལ་ནི། མ་ཞེན་པའི་བརྩོན་འགྲུས་ལའོ། །ཚུལ་ནི་ལུས་དང་སོགས་པས་ངག་ཡིད་རྣམས་ཞེན་བྱའི་ངོ་བོ་ཉིད་མེད་པར་བསྟན་པའི་ཚུལ་གྱིས་སོ། །དགོས་པ་ནི་ལུས་དང་སོགས་པས་ངག་ཡིད་ཀྱི་བསོད་ཉམས་ཏེ་བདེ་བ་སྐྱེས་པ་ཉིད་ཀྱིས་དེ་ལ་དབང་རྟུལ་ལ་ལ་མངོན་པར་ཞེན་པར་འགྱུར་བས་དེ་བསལ་བའི་ཕྱིར་རོ། །གང་གི་ཚེ་ན་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ཇི་སྐད་བཤད་པའི་སེམས་བསྐྱེད་ཀྱི་ཐོབ་བྱའི་དོན་ལ་ནན་ཏན་བྱེད་པ་ནའོ། །དེ་ལྟར་ཡང་བྱང་ཆེན་ལུས་མི་དམིགས་པ་དང་ངག་མི་དམིགས་པ་དང་སེམས་མི་དམིགས་པ་དེའི་ཚེ་བྱང་ཆེན་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་བ་ཡིན་ནོ། ཞེས་སོ། །གཉིས་པ་སྒྱིད་ལུག་པའི་ལེ་ལོ་སྤོང་བྱེད་མི་ངལ་བའི་བརྩོན་འགྲུས་ལ་གདམས་


JLD017_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གདམས་ངག་གོ །གང་བརྗོད་བྱར་བྱས་པ་ལ་ན་ཡོངས་སུ་ངལ་བ་མེད་པའི་བརྩོན་འགྲུས་ལའོ། །ཚུལ་ནི། གཟུགས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་ཆོས་གང་ལ་ཡང་རློམ་པར་བྱར་མེད་པ་ཉིད་དུ་བསྟན་པའི་ཚུལ་གྱིས་སོ། །དགོས་པ་ནི། དུས་ཡུན་རིང་མོ་བསྐལ་པ་མང་པོ་ཞིག་ཏུ་ལམ་ལ་གོམས་པར་བྱས་ཀྱང་འདོད་པའི་དོན་བྱང་ཆུབ་མ་གྲུབ་པའི་ཚེ་ན་དབང་རྟུལ་དངང་ཞིང་སྐྲག་པའི་རང་བཞིན་ནམ་ངང་ཚུལ་ཅན་རྣམས་སྒྲུབ་པ་རིང་དུ་བྱས་པ་ལ་རློམ་པའི་རྒྱུ་ལ་བརྟེན་ནས་ཡོངས་སུ་སྟེ་ལྷག་པར་སྐྱོ་བར་འགྱུར་བས་དེ་བསལ་བའི་ཕྱིར་ཏེ། གཟུགས་སུ་མི་རློམ་པ་དང་ཞེས་པ་ནས་བླ་མེད་རྫོགས་བྱང་དུ་རློམ་པ་མེད་པ་དེ་ལྟར་ན་ཤཱ་རིའི་བུ་བྱང་ཆེན་དེ་ནི་ཕར་ཕྱིན་དྲུག་གིས་རྣམ་པར་འཕེལ་ཏེ་སུས་ཀྱང་ཐུབ་པ་མ་ཡིན་ནོ། ཞེས་སོ། །གསུམ་པ་བདག་ཉིད་བརྙས་པའི་ལེ་ལོ་སྤོང་བྱེད་ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་གདམས་པ་ནི་གདམས་ངག་གོ །གང་བརྗོད་བྱར་བྱས་པ་ལ་ན། ཐེག་ཆེན་གྱི་ལམ་ཡོངས་སུ་བཟུང་བའི་བརྩོན་འགྲུས་ལའོ། །ཚུལ་ནི། ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་རྟོགས་ཏེ་བསླབ་བོ་ཞེས་པའི་ཚུལ་གྱིས་སོ། །དགོས་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་སོགས་པས་བྱང་ཆུབ་སེམས་དཔའ་ལ་བརྗོད་བྱའི་དོན་རེ་རེའི་ཕྱིར་ལམ་སྒྲུབ་པའི་ལུང་ནོད་པར་བྱ་དགོས་ན་དེ་འདྲ་བ་བདག་གིས་མི་ནུས་སོ་ཞེས་སེམས་ཞུམ་པར་འགྱུར་བས་དེ་བསལ་བའི་ཕྱིར་ཏེ། བྱང་ཆེན་ཡེ་


JLD017_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་གང་དང་ལྡན་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་དེ་དག་གིས་ཆོས་བསྟན་པ་ཡང་ཉན་ནོ། །དགེ་འདུན་ལ་ཡང་བསྙེན་བཀུར་བྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་དག་ཀྱང་མཐོང་ངོ༌། །དེ་བཞིན་དུ་ཕྱོགས་ལྷག་མ་དགུ་ལ་ཡང་གསུངས་སོ། །སྐྱེ་མེད་ཀྱི་གདམས་ངག་ལ་བསླབས་པས་ཞུམ་པ་སེལ་བའི་རྒྱུ་མཚན་ནི། དེ་ལ་བསླབས་ན་ཆོས་ཀུན་གྱི་གནས་ལུགས་ལ་བསླབས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། སྤྱན་ལྔ་བརྗོད་བྱར་བྱས་པ་ལ་འདོམས་སོ། །འདི་ལ་གཉིས། གང་ལ་གདམས་པའི་ཡུལ་དེ་ལ་འདོམས་པའི་ཚུལ་ལོ། །དང་པོ་ལ་བཞི། མཚན་ཉིད། ས་མཚམས། རྒྱུ། དགོསཔའོ། །དང་པོ་ནི། སྔ་མ་ལྔ་མིང་དང་ཕྱི་མ་ལྔ་དོན་ཡིན་པས་མིང་དོན་གྲངས་བཞིན་དུ་སྦྱར་རོ། །དེ་ལ་ཤའི་སྤྱན་ནི། དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་དངོས་པོ་རྣམས་སོ་སོར་ངེས་པའི་ཡུལ་ཅན་ཏེ། བྱང་ཆེན་གྱི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །དེ་བཞིན་དུ་དཔག་ཚད་ཉིས་བརྒྱ་སུམ་བརྒྱ། བཞི་བརྒྱ། ལྔ་བརྒྱ། སྟོང༌། འཛམ་གླིང༌། གླིང་གཉིས། གླིང་གསུམ། གླིང་བཞི། སྟོང་དང་པོ། སྟོང་གཉིས། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ་ཞེས་སོ། །འདི་ཡི་ཡུལ་སྟོང་གསུམ་ཚུན་ཆད་དུ་ངེས་སམ་ཞེ་ན། ཉི་སྣང་ལས། དེ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཉིད་ཀྱིས་ཡུལ་སོ་སོར་ངེས་པ་


JLD017_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པའི་ཕྱིར་རམ་ཤའི་མིག་ནི་བདག་པོའི་འབྲས་བུའི་ཡུལ་ཅན་ཡིན་ལ་དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པ་ཡིན་པའི་ཕྱིར་རོ་ཞེས་ཡུལ་ངེས་པར་གསུངས་སོ། །ལུང་དེས་ཡུལ་ངེས་པའི་རྒྱུ་མཚན་གཉིས་བསྟན་ཏེ། དང་པོ་ནི་ལས་ཀྱི་རྣམ་སྨིན་ལས་བྱུང་བའི་ཕྱིར་ཞེས་པ་ཡིན་ལ། གཉིས་པ་ནི། ཤའི་མིག་ནི་བདག་འབྲས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ཞེས་པའོ། །དེ་ལ་ཁྱབ་པ་འོང་བའི་རྒྱུ་མཚན་ནི། སྤྱིར་ཡུལ་ལྔ་པོ་འདི་དབང་པོ་ལྔའི་བདག་འབྲས་སམ་དབང་འབྲས་ཡིན་ཏེ། ནང་དུ་དབང་པོ་གྲུབ་པའི་དབང་གིས་ཕྱིའི་ཡུལ་འགྲུབ་པའི་ཕྱིར་རོ། །དེས་ན་ཤའི་མིག་ཀྱང་མིག་དབང་ཁྱད་པར་ཅན་ཞིག་ཡིན་པས་རང་གི་བདག་འབྲས་གཟུགས་ཀྱི་ཡུལ་ཅན་ཡིན་ལ། དབང་པོས་ཀྱང་རང་གི་བདག་འབྲས་མ་ཡིན་པ་ལ་ལོངས་སྤྱོད་མི་ནུས་པས་ཡུལ་ངེས་ཏེ། སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལོངས་སྤྱོད་བྱ་ལ་སྟོང་གསུམ་གཅིག་ལས་མི་འགྲུབ་པས་སོ། །དེའི་ཕྱིར་སྟོང་གསུམ་གཅིག་ནི་འཇིག་ཆགས་མཉམ་དུ་བྱེད་ལ་གཞན་རྣམས་དང་ངེས་པ་མེད་པར་བཤད་དོ། །དགེ་བའི་ལས་ཀྱི་རྣམ་སྨིན་ཙམ་ལས་བྱུང་བའི་ལྷའི་སྤྱན་ནི། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་འདི་ནས་གཞན་དུ་འཆི་འཕོ་བ་དང་གཞན་ནས་འདིར་སྐྱེ་བ་མཐོང་བའི་ཡུལ་ཅན་ཏེ། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །དེ་བཞིན་དུ་འོག་མིན་གྱི་བར་གྱི་ལྷའི་མིག་བྱང་སེམས་ཀྱིས་ཤེས་པ་དང༌། ལྷ་དེ་དག་གི་མིག་གིས་བྱང་


JLD017_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་མིག་མི་ཤེས་པ་དང༌། ལྷའི་མིག་ཡོངས་སུ་དག་པ་དེ་ཉིད་ཀྱིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟར་བ་བཞིན་དུ་ཤེས་སོ། །དེ་བཞིན་དུ་ཕྱོགས་གཞན་དགུ་ལ་ཡང་གསུངས་སོ།།ཤེས་རབ་ཀྱི་སྤྱན་ནི། འདུས་བྱས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་ཅིར་ཡང་རྣམ་པར་མི་རྟོག་པའི་ཡུལ་ཅན་ཏེ། ཤེས་རབ་ཀྱི་མིག་གང་དང་ལྡན་པས་འདུས་བྱས་འདུས་མ་བྱས་དགེ་མི་དགེ་ཁ་ན་མ་ཐོ་བ་དང་བཅས་མ་བཅས་ཟག་པ་ཡོད་མེད། ཉོན་མོངས་དང་བཅས་མ་བཅས། འཇིག་རྟེན་ལས་འདས་མ་འདས། ཀུན་ནས་ཉོན་མོངས་དང་རྣམ་བྱང་ཡང་རུང་སྟེ་ཆོས་གང་ཡང་རབ་ཏུ་མི་ཤེས་པ་དང༌། ཤེས་རབ་ཀྱི་མིག་གང་གིས་བྱང་སེམས་ཆེན་པོས་ཆོས་གང་ཡང་མ་མཐོང་མ་ཐོས་མ་བསམས་ཁོང་དུ་མ་ཆུད་པ་འདི་ནི་ཤཱ་རིའི་བུ་བྱང་ཆེན་གྱི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ། ཞེས་སོ། །ཉི་སྣང་ལས་ཀྱང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཅི་ཡང་མི་ཤེས་ཏེ་ཞེས་དྲངས་ཤིང་འབུམ་དང་ཉི་ཁྲི་བརྒྱད་སྟོང་པར་སྔར་དྲངས་པའི་ཆོས་དེ་དག་གང་ཡང་མི་ཤེས་པ་མེད་པ་དང་ཆོས་གང་ཡང་མ་མཐོང་བ་མེད་མ་ཐོས་པ་མེད་མ་བསམས་པ་མེད་ཁོང་དུ་མ་ཆུད་པ་མེད་པ་འདྲེན་ནོ། །དེ་ལ་འཕགས་པ་དང་སློབ་དཔོན་གྱིས་ནི་སྤྱན་གསུམ་པ་འདི་གང་ལ་ཡང་མི་རྟོག་པ་ལ་དགོངས་ནས་ཅི་ཡང་མི་ཤེས་ཏེ་ཞེས་དྲངས་ལ་གནོད་འཇོམས་གཉིས་སུ་འདི་ཡི་ངོས་འཛིན་ལ་ཐམས་ཅད་མཁྱེན་


JLD017_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་གོ་ཞེས་བཤད་པ་ནི་ཆོས་གང་ཡང་མི་ཤེས་པ་མེད་པ་ཞེས་པའི་མདོ་ལ་དགོངས་སོ། །ཆོས་ཀྱི་སྤྱན་ནི། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་པོ་རྣོ་རྟུལ་ལ་སོགས་པ་རྣམས་རྟོགས་པའི་ཡུལ་ཅན་ཏེ། བྱང་ཆེན་གྱི་ཆོས་ཀྱི་མིག་གིས་གང་ཟག་འདི་ནི་དད་པའི་རྗེས་སུ་འབྲང་བའོ། ཞེས་དེ་དག་ལ་སོགས་པ་ཤེས་པར་གསུངས་སོ། །སངས་རྒྱས་ཀྱི་སྤྱན་ནི། ཇི་ལྟར་ཇི་སྙེད་ཀྱི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་དུ་ཕྱོགས་པར་རྫོགས་པར་བྱང་ཆུབ་པ་སྟེ་རྟོགས་པའི་ཡུལ་ཅན་ཏེ་བྱང་ཆེན་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་མཁྱེན་ཉིད་རྗེས་སུ་ཐོབ་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་ཡིན། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། མིག་གང་གིས་བྱང་ཆེན་རྣམ་པ་ཐམས་ཅད་དུ་མ་མཐོང་བའམ་མ་ཐོས་པའམ་མ་བསམ་པའམ་རྣམ་པར་མ་ཤེས་པ་ཅི་ཡང་མེད་པ་སྟེ། ཤཱ་རིའི་བུ་འདི་ནི་བྱང་ཆེན་བླ་མེད་རྫོགས་བྱང་དུ་མངོན་པར་སངས་རྒྱས་པའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པའོ་ཞེས་སོ། །དེ་ལ་ཤའི་མིག་གིས་སྐབས་སུ་དཔག་ཚད་བརྒྱ་ལ་སོགས་པ་མཐོང་བ་ཡོད་ཅེས་གསུངས་པ་ནི་བྱང་སེམས་ཀྱི་སའི་མཐོ་དམའ་དང་ཡོན་ཏན་ཆེ་ཆུང་གི་རིམ་པས་ཡིན་ནོ། །ལྷ་རྣམས་ཀྱི་


JLD017_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བྱང་སེམས་ཀྱི་ལྷའི་མིག་གིས་ཤེས་པར་གསུངས་པ་ནི་དེ་དག་གི་མིག་དང་དེའི་ཡུལ་དང་ལྷ་དེ་དག་གི་བསམ་གཏན་དང་ཏིང་ངེ་འཛིན་རྣམས་ཤེས་ལ། འདོད་གཟུགས་ཀྱི་ལྷ་རྣམས་ཀྱིས་བྱང་སེམས་ཀྱི་ལྷའི་སྤྱན་ཇི་འདྲ་བ་དང་དེའི་སྤྱོད་ཡུལ་ཤེས་མི་ནུས་སོ་ཞེས་འབུམ་གྱི་གནོད་འཇོམས་ལས་སོ། །འོན་ཀྱང་གཙང་མའི་རིས་ཀྱི་ལྷ་ནི་འཕགས་པ་ཁོ་ནར་ངེས་པས་དེ་དག་གིས་མི་ཤེས་པར་གསུངས་པ་ནི་ཉན་ཐོས་འཕགས་པ་ལ་དགོངས་སོ། །གསུམ་གྱིས་གནོད་འཇོམས་ལས། གཟུགས་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་ཤའི་མིག་གོ །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཤེས་པ་ནི་ལྷའི་མིག་གོ །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་གོ །གནས་དང་གནས་མ་ཡིན་པ་མཁྱེན་པ་མ་རྟོགས་པའི་ཤེས་པ་དགུ་པོ་འདི་དག་ནི་ཆོས་ཀྱི་མིག་གོ །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་སྤྱན་ཡིན་ནོ་ཞེས་གསུངས་ཤིང༌། འགྲེལ་ཆེན་ལས་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པའི་མཐུས་སྟོང་གསུམ་གྱི་གཟུགས་ཆེ་ཆུང་ཐམས་ཅད་མཐོང་བའི་རྣམ་སྨིན་གྱི་མིག་གྲུབ་པ་ནི་ཤའི་སྤྱན་དང༌། བསམ་གཏན་དང་པོ་ལ་སོགས་པ་བསྒོམས་པ་ལས་གྲུབ་པ། འཕྲུལ་གྱི་སྤྱན་ནི་བསམ་གཏན་དང་པོ་ལ་སོགས་པ་བསྒོམས་པ་ལས་གྲུབ་ཅིང་སྤྱན་དང་པོ་ལས་ཁྱད་ཞུགས་པས་ཕྱོགས་བཅུ་དུས་གསུམ་གྱི་གཟུགས་ཆེ་ཆུང་ཐམས་ཅད་མཐོང་བའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་སྤྱན་ནོ། །གསུང་


JLD017_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཡན་ལག་བཅུ་གཉིས་ལ་ཐོགས་མེད་དུ་འཇུག་པ་ནི་ཆོས་ཀྱི་སྤྱན་ནོ། །ཟག་བཅས་ཟག་མེད་ལ་སོགས་པའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ནི་སངས་རྒྱས་ཀྱི་སྤྱན་ནོ་ཞེས་འཆད་ཅིང་ཕྱི་མ་མ་གཏོགས་པ་བཤད་སྦྱར་དང་ཡང་མཐུན་ནོ། །གཞན་ཡང་འགྲེལ་ཆེན་ལས་འཕྲུལ་གྱི་སྤྱན་ལ་ལས་དང་བསྒོམས་པའི་འབྲས་བུའོ། །དང་པོ་ནི་ལྷ་རྣམས་ཀྱིས་རང་གི་ལས་ཀྱི་མཐུས་དབང་པོ་དྭངས་མའི་མིག་ཐོབ་ནས་གཟུགས་ཐོགས་མེད་དུ་མཐོང་བའོ། །གཉིས་པ་ནི། རྣལ་འབྱོར་པས་ཏིང་འཛིན་བསྒོམས་པའི་མཐུས་ཐོབ་པ་སྟེ་དེས་སེམས་ཅན་རྣམས་གང་ནས་འདིར་སྐྱེས་པ་དང་འདི་ནས་གང་དུ་སྐྱེ་བ་དང་འདས་མ་འོངས་ཀྱི་གཟུགས་མཐོང་ངོ་ཞེས་བཤད་དོ། །འདིར་འཕྲུལ་གྱི་སྤྱན་ཞེས་པ་ནི་ལྷའི་སྤྱན་ནོ། །ཀ་ཤིས་མདོར་བསྡུ་ན་སྤྱན་རྣམ་པ་བཞི་སྟེ། གཟུགས་འཛིན་པ་དང་དོན་དམ་པའི་བདེན་པ་འཛིན་པ་དང༌། ཀུན་རྫོབ་ཀྱི་བདེན་པ་འཛིན་པ་དང༌། རྣམ་པ་ཐམས་ཅད་དུ་ཤེས་བྱ་འཛིན་པའོ། །གཟུགས་འཛིན་པའང་རྣམ་པ་གཉིས་ཏེ་ལས་ཀྱི་འབྲས་བུ་དང་བསྒོམས་པའི་འབྲས་བུའོ། ཞེས་ཤའི་མིག་ལས་དང་ལྷའི་མིག་བསྒོམས་འབྲས་སུ་གསུངས་པ་ལྟར་འགྲེལ་ཆེན་གྱི་བཤད་ཡམས་གཅིག་ལས་ཀྱང་དེ་ཁོ་ན་ལྟར་གསུངས་སོ། །དེ་ལྟར་ན་ངོ་བོ་ཉིད་མེད་པ་འགྲེལ་ཆེན་ཀ་ཤི་རྣམས་ཀྱིས་ལྷའི་སྤྱན་བསམ་གཏན་གྱིས་བསྒྲུབས་པ་ལ་བཤད་པ་ནི་འཕགས་པ་དང་སློབ་དཔོན་གཉིས་དང་མི་མཐུན་ནོ། །གཉིས་པ་ནི། དང་པོ་ཚོགས་ལམ་ནས་དང་གཉིས་པ་སྦྱོར་ལམ། གསུམ་པ་མཐོང་ལམ་མཉམ་གཞག །བཞི་པ་


JLD017_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལམ་རྗེས་ཐོབ། ལྔ་པ་ནི་ས་བརྒྱད་པ་ནས་ཡོད་ལ། སངས་རྒྱས་ཀྱི་ས་དང་ཁྱད་པར་ནི་དག་མ་དག་གོ་ཞེས་སྔ་མ་དག་འཆད་དོ། །འོན་ཀྱང་ལྷའི་མིག་ཚོགས་ལམ་ནས་འཐོབ་པ་ལ་སྐྱོན་མེད་ལ། ས་བདུན་པའི་ཡོངས་སྦྱོང་གི་སྐབས་སུ་སངས་རྒྱས་ཀྱི་སྤྱན་ཐོབ་པར་གསུངས་པས་རྗེས་མཐུན་པ་དེ་ནས་ཡོད་དོ། །མཚན་ཉིད་པ་ནི་སངས་རྒྱས་ཀྱི་ས་ཁོ་ན་ལ་འདོད་པར་བྱ་སྟེ་སྔར་དྲངས་པའི་མདོས་བྱང་སེམས་སངས་རྒྱས་པའི་མིག་ལ་བཤད་པའི་ཕྱིར་རོ། །སྤྱིར་སྤྱན་ལྔ་ཀ་སངས་རྒྱས་ལ་མངའ་བར་རྡོར་གཅོད་ལས་བཤད་ཅིང་འབུམ་གྱི་གནོད་འཇོམས་ལས་ཀྱང་སངས་རྒྱས་ལ་སྤྱན་ལྔ་ཡོད་པར་བཤད་པའི་ཕྱིར་རོ། །སྔར་འཕགས་པའི་ལུང་དྲངས་ནས་ཤའི་མིག་ཡུལ་ངེས་པར་བསྟན་པ་ནི་བྱང་སེམས་ལ་དགོངས་སོ། །གསུམ་པ་ནི་བྱང་ཆེན་མིག་ལྔ་ཡོངས་སུ་སྦྱོང་བར་འདོད་པ་དང་ཐོབ་པར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལྟར་ཕྱིན་དྲུག་ལ་སློབ་པ་དང༌། ངོ་བོ་ཉིད་མེད་པ་དང༌། འགྲེལ་ཆེན་ལས་ཤའི་མིག་ལ་བཤད་པ་ལྟར་རྫུན་འཕྲུལ་གྱི་རྐང་པ་སྒོམ་པ་ཡང་ཡིན་ནོ། །བཞི་པ་ནི། མིག་ལྔ་པོ་དེ་དག་ལ་སློབ་པའི་བྱང་ཆེན་རྣམས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་པ་ལྟར་མཐར་ཐུག་གི་འབྲས་བུ་དང༌། གནས་སྐབས་སུ་ཡང་གཞན་དོན་སྒྲུབ་པ་ན་རང་ཉིད་ཀྱིས་དེའི་ཐབས་རྣམས་ཤེས་པས་གཞན་ལ་རག་མི་ལས་པའོ། །གཉིས་པ་ནི། ཡུལ་ལྔ་པོ་དེ་དག་དང་འབྲེལ་བའི་ཡུལ་ཅན་ལྔ་པོ་དེ་ཐ་


JLD017_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་དུ་རྒྱུད་ལ་སྐྱེད་ནས་དོན་དམ་པར་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དུ་གཅིག་པ་སྟེ་ཐ་དད་པ་མེད་པར་རྟོགས་ཏེ་བསྒྲུབ་པར་བྱའོ་ཞེས་སློབ་པའོ། །གསུམ་པ་ནི་མངོན་ཤེས་དྲུག་བརྗོད་བྱར་བྱས་པ་ལ་འདོམས་སོ། །འདི་ལ་གཉིས། གང་ལ་གདམས་པའི་ཡུལ། དེ་ལ་འདོམས་པའི་ཚུལ་ལོ། །དང་པོ་ལ་ལྔ། རྟེན་གྱི་ས། བརྟེན་པའི་མཚན་ཉིད། ཁྱད་པར། ས་མཚམས། དགོས་པའོ། །དང་པོ་ནི། ཀུན་བཏུས་སུ། ཕྱི་རོལ་པའམ། ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཡང་རུང་སྟེ་དག་པའི་བསམ་གཏན་བཞི་ལ་བརྟེན་ནས་ཚད་མེད་པ་རྣམས་མངོན་པར་སྒྲུབ་བོ་ཚད་མེད་པ་རྣམས་ཇི་ལྟ་བར་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ནོ། ཞེས་པ་ལྟར་དང་པོ་ལྔ་བསམ་གཏན་བཞིའི་དངོས་གཞི་དག་པ་བ་གང་ཡང་རུང་བ་ལ་བརྟེན་ནས་སྒྲུབ་བོ། །དྲུག་པའི་རྟེན་ནི་དེ་ཉིད་ལས། ཡོན་ཏན་ལྷག་མ་རྣམས་ནི་ཉན་ཐོས་སམ་བྱང་ཆུབ་སེམས་དཔའ་འམ་དེ་བཞིན་གཤེགས་པ་ཡང་རུང་སྟེ་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་བསྒྲུབ་བོ་ཞེས་རབ་མཐའི་བསམ་གཏན་བཞི་པ་ལ་བཤད་པ་ལྟར་ཡིན་ལ། ཀུན་བཏུས་པའི་ལུགས་ཀྱིས་བསམ་གཏན་བཞི་དང་གཟུགས་མེད་བཞིའི་དངོས་གཞི་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་དུ་རུང་བ་ཐམས་ཅད་ལ་རབ་མཐའི་བསམ་གཏན་དང་གཟུགས་མེད་དུ་འདོད་དོ། །གཟུགས་མེད་ལ་མི་བརྟེན་ཏེ། ཀུན་བཏུས་སུ་མངོན་ཤེས་དྲུག་ཀ་ལ་བསམ་གཏན་ལ་བརྟེན་ནས་ཞེས་པས་སོ། །མཛོད་ལས། ཟད་པ་


JLD017_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་སྟོབས་བཞིན་ནོ། ཞེས་ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་འདྲ་བར་ས་ཐམས་ཅད་པར་བཤད་པ་ནི་བྱེ་སྨྲའི་ལུགས་ཡིན་པས་མི་གནོད་དོ། །དེའི་ཕྱིར་མདོ་སྡེའི་རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་གཟུང་བ་དང༌། །ཇི་ལྟར་རྣམས་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། ཞེས་རྟེན་བསམ་གཏན་བཞི་པ་དང་གནས་ཡེ་ཤེས་མི་རྟོག་པ་དང་ནི་ལྡན། ཇི་ལྟར་རྣམ་པར་བཞག་པའི་ཆོས་ཡིད་ལ་བྱས་ན་མཐུ་འགྲུབ་པར་གསུངས་སོ། །འོ་ན་མངོན་ཤེས་སྒྲུབ་པའི་རྣམ་གནས་སམ་ཡིད་བྱེད་གང་ཞེ་ན། དང་པོའི་རྣམ་གནས་ནི་ལུས་ཡང་བ་དང༌། གཉིས་པ་ནི་སྒྲས་ཁྱབ་པ་དང༌། གསུམ་པ་ནི་བདག་གི་ལུས་འདི་འདྲ་བ་ལ་སེམས་འདི་ལྟ་བུ་སྣང་བས་གཞན་ལ་ཡང་ལུས་འདི་ལྟ་བུ་དང་ལྡན་པས་སེམས་འདི་འདྲ་བ་ཡོད་ཅེས་མོས་པའོ། །བཞི་པ་ནི་ཡིད་ཤེས་འགགས་མ་ཐག་པའི་མཚན་མ་བཟུང་ནས་ལུགས་བཟློག་ཏུ་ཉིང་མཚམས་སྦྱོར་བའི་བར་རྣམས་ཡིད་ལ་བྱེད་པའོ། །ལྔ་པ་ནི་ཕྱོགས་རྣམས་སྣང་བས་ཁྱབ་པ་དང༌། དྲུག་པ་ནི་ཆོས་རྣམས་ལ་བདག་མེད་དོ་ཞེས་ཡིད་ལ་བྱེད་པའོ། །འོ་ན་རྟེན་དང་བརྟེན་པར་འགྱུར་ཚུལ་ཇི་འདྲ་བ་ཞེ་ན། འདི་ནི་འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་དང་ས་བོན་ལས་མྱུ་གུ་སྐྱེ་བ་ལ་དེ་ལ་བརྟེན་ཞེས་པ་ལྟ་བུ་ཡང་མིན་ནོ། །འོ་ན་ཅི་ཞེ་ན། བརྟེན་པར་བཤད་པ་དེ་རྣམས་ས་གང་དང་གང་


JLD017_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོར་སྐྱེས་པ་ལ་བརྟེན་པའི་ཐ་སྙད་བྱས་པ་སྟེ། ཚུལ་འདི་ནི་ལམ་གྱི་སེམས་རྟེན་ཐམས་ཅད་ལ་རིག་པར་བྱ་སྟེ། ཆོས་མངོན་པ་བའི་ཐུན་མོང་མ་ཡིན་པའི་བརྡའོ། །གཉིས་པ་ནི། སྔ་མ་དྲུག་མིང་དང་ཕྱི་མ་དྲུག་དོན་ཡིན་པས་དེ་དག་རིམ་པ་ལྟར་སྦྱར་རོ། །དེ་ལ་རྫུ་འཕྲུལ་གྱི་མངོན་ཤེས་ནི། ས་གཡོ་བ་དང་སོགས་པས་གཅིག་ཏུ་གྱུར་ནས་མང་པོ་དང་མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་ལ་སོགས་པ་ནི་ཡུལ་དང༌། དེ་དག་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་དང་ཤེས་རབ་ནི་མངོན་ཤེས་ཏེ། ཡུམ་འདི་ལ་སྤྱོད་པའི་བྱང་ཆེན་ནི་མངོན་པར་ཤེས་པའི་ཕར་ཕྱིན་རབ་ཏུ་འཐོབ་སྟེ། རྫུན་འཕྲུལ་གྱི་རྣམ་པ་དུ་མ་རྣམས་ཉམས་སུ་མྱོང་བར་བྱེད་དོ། །དེ་ནི་ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ། ཞེས་སོ། །བསྒོམས་བྱུང་གི་ཏིང་ངེ་འཛིན་དང་ཤེས་རབ་ཅེས་ལྷག་མ་ལྔ་ལའང་སྦྱར་རོ། །ལྷའི་རྣ་བའི་མངོན་ཤེས་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སྒྲ་ཆུང་ངུ་དང་ཅིག་ཤོས་ཆེན་པོ་ཐོས་པར་བྱེད་པ་སྟེ། དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མི་ལས་འདས་པས་ལྷ་དང་མི་གཉིས་ཀའི་སྒྲ་ཐོས་ཏེ། ཞེས་སོ། །མི་ལས་འདས་པ་ནི་གཟུགས་ཀྱི་བསམ་གཏན་གྱིས་བསྒྲུབས་པ་ལ་རྒྱ་མཚོ་སྤྲིན་གྱིས་བཤད་དོ། །གང་ཟག་གཞན་གྱི་སེམས་ཤེས་པའི་མངོན་ཤེས་ནི། སེམས་ཅན་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང་སོགས་པས་ཆགས་པ་དང་བྲལ་བ་སོགས་ཤེས་པར་བྱེད་པ་སྟེ།


JLD017_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་དུག་གསུམ་དང་བྲལ་ལྡན་ལ་སོགས་པ་རྣམས་ལ་གསུངས་སོ། །མངོན་ཤེས་འདིས་ཕ་རོལ་གྱི་སེམས་བྱུང་ཡང་ཤེས་ཀྱང་སེམས་ཤེས་སུ་གསུངས་པ་ནི་དང་པོ་སྦྱོར་བའི་ཚེ་ན་ཕ་རོལ་གྱི་སེམས་ཤེས་པར་བྱའོ་སྙམ་པའི་འཕེན་པས་ཡིན་ནོ། །སྔོན་གནས་རྗེས་སུ་དྲན་པའི་མངོན་ཤེས་ནི། རང་གཞན་གྱི་ཚེ་རབས་དཔག་ཏུ་མེད་པ་རྗེས་སུ་དྲན་པར་བྱེད་པ་སྟེ། དེ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པས་སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་ནོ། །གཉིས་དང་གསུམ་ནས་བརྒྱ་སྟོང་གི་བར་དུ་ཡང་རྗེས་སུ་དྲན་ནོ། ཞེས་སོ། །བྱེ་སྨྲ་རྣམས་སྔར་རང་རང་གིས་མ་མྱོང་བ་དྲན་པར་མི་འདོད་དོ། །ཚེ་འདིར་བསམ་གཏན་མངོན་པར་འདུ་བྱེད་པ་སྟེ་བསྒོམས་སྟོབས་ལས་བྱུང་བའི་ལྷའི་མིག་གི་མངོན་ཤེས་ནི། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་དང་དེ་དག་གི་གཟུགས་མཆོག་དམན་འབྲིང་ཐམས་ཅད་མཐོང་བར་བྱེད་པ་སྟེ། དེ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་དང་ཁ་དོག་སྡུག་པ་དང་མི་སྡུག་པ་དང་བཟང་བ་དང་ངན་པ་དང་ལས་ཇི་ལྟ་བ་བཞིན་བདེ་འགྲོ་དང་ངན་འགྲོར་ཉེ་བར་འགྲོ་བ་རྣམས་རབ་ཏུ་ཤེས་ཏེ། ཞེས་སོ། །འོ་ན་འདི་དང་ལྷའི་མིག་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། འཕགས་པས་སྔ་ཕྱི་གཉིས་རིམ་པ་ལྟར་སྔོན་གྱི་ལས་དང༌། ཚེ་འདིར་


JLD017_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་བསྒོམས་སྟོབས་ལས་བྱུང་བར་གསུངས་པ་ལྟར་སློབ་དཔོན་འདིས་ཀྱང་དེའི་རྗེས་སུ་འབྲངས་སོ། །འབུམ་པས་དེའི་སྟེང་དུ་སྤྱན་དང་མངོན་ཤེས་ཀྱི་སྡེ་ཚན་མི་གཅིག་པ་དང༌། སྔ་མ་ཕྱོགས་བཅུའི་སེམས་ཅན་གྱི་འཆི་འཕོ་ཙམ་དང༌། འདི་གཟུགས་ཐམས་ཅད་ཀྱང་མཐོང་བས་ཡུལ་གྱི་ཁྱད་པར་ཏེ་ཁྱད་པར་གསུམ་མོ་ཞེས་པ་ནི་མི་འཐད་དེ། སྡེ་ཚན་གཅིག་མི་གཅིག་རྩོད་གཞི་ཡིན་ལ་གཟུགས་མཐོང་བར་མདོ་ལས་གསུངས་པ་ནི་འཆི་འཕོ་བྱེད་པའི་སེམས་ཅན་དེ་ཉིད་ཀྱི་ཡིན་པའི་ཕྱིར་རོ། །དེས་ན་སྔ་མ་ཉིད་རིགས་སོ། །ཟག་པ་ཟད་པའི་མངོན་ཤེས་ནི། ཆགས་སོགས་ཉོན་མོངས་པ་དང་གཟུང་འཛིན་དུ་རྟོག་པའི་ཤེས་སྒྲིབ་སོགས་ཀྱི་ས་བོན་སྤངས་པའམ་སྤོང་བར་བྱེད་པ་སྟེ། དེ་མི་སྐྱེ་བ་མངོན་དུ་བྱེད་པའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་སྟེ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་མ་གཏོགས་པ་ཆོས་གཞན་འགའ་ལ་ཡང་སྨོན་པར་མི་བྱེད་དོ། ཞེས་སོ། །དེ་ལྟར་མངོན་ཤེས་དྲུག་པོ་དེ་ཡང་ས་གང་ལ་བརྟེན་པའི་ས་དེ་དང་འོག་སར་རྫུ་འཕྲུལ་སོགས་ནུས་ཀྱི་གོང་སར་མི་ནུས་ཞེས་མཛོད་ལས་གསུངས་ཏེ། ཇི་སྐད་དུ། རང་དང་འོག་སའི་ཡུལ་ཅན་ཡིན། ཞེས་དང༌། ངོ་བོ་ཡང༌། མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། ཞེས་རྣམ་གྲོལ་ལམ་དང༌། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ། ཞེས་གསུངས་ལ། ཀུན་བཏུས་སུ་དྲུག་ཀ་ཡང་ངོ་བོ་ཤེས་རབ་དང་ཏིང་ངེ་


JLD017_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དུ་བཤད་དོ། །མིག་རྣ་གཉིས་དབང་པོ་དང༌། ལྷག་མ་བཞི་ཡིད་ལ་བརྟེན་ནོ། །གསུམ་པ་ནི། འབུམ་གྱི་གནོད་འཇོམས་ལས། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་པར་ཤེས་པ་ནི་བདག་དང་མཚུངས་པ་དང༌། བདག་པས་དམའ་བ་རྣམས་ཀྱི་སེམས་ལ་སོགས་པ་ཤེས་པ་ཙམ་དུ་ཟད་ཀྱི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱི་མངོན་པར་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་ས་གོང་མ་རྣམས་ཀྱི་མཐུ་ལ་སོགས་པ་ཤེས་པ་ལ་ཐོགས་པ་མེད་དེ་ཞེས་པ་ལྟར་རོ། །བཞི་པ་ནི། མངོན་ཤེས་དང་པོ་ལྔ་ཕྱི་རོལ་པ་དང་ཡང་ཐུན་མོང་བ་ཡིན་ལ། ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ནས་ཅི་རིགས་པར་ཡོད་དེ། ཐུབ་དགོངས་སུ་ཇི་ལྟར་རིགས་པར་ཚོགས་ཀྱི་ས་དང་གོང་མ་གོང་མའི་གནས་སྐབས་རྣམས་སུ་ཡང་མཆོག་དང་རབ་མཆོག་ལ་སོགས་པའི་བྱེ་བྲག་གིས་སྤྱན་ལྔ་རྣམས་སོ་སོར་ཐོབ་ལ་མངོན་པར་ཤེས་པ་དྲུག་རྣམས་ཀྱང་སྟེ་ཞེས་པ་ལྟར་རོ། །སྤྱིར་ཉན་རང་ལ་ཡང་འདི་མཚན་ཉིད་པ་ཡོད་ཀྱང་འདི་ནི་སྒྲིབ་པ་གཉིས་ཀའི་ཟག་པ་ཟད་པར་བྱེད་པ་ལ་འགྲེལ་པས་བཤད་དོ། །འོན་ཀྱང་འདི་ས་བརྒྱད་པ་ནས་ཡོད་པར་དག་ལྡན་ལས་གསུངས་ཏེ། ཇི་སྐད་དུ་ཇི་ལྟར་ན་སངས་རྒྱས་ཀྱི་སྤྱན་དང་མངོན་ཤེས་དྲུག་པ་བྱང་ཆུབ་སེམས་དཔའ་ལ་ཡོད་ཅེ་ན། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་ནི་དེ་གཉིས་ཀ་ཐོབ་པ་ཡིན་ལ། སངས་རྒྱས་ཀྱི་ས་ལ་ནི་དེ་གཉིས་ཀ་ཡོངས་སུ་རྫོགས་པ་དང་


JLD017_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པ་དང་ཡོངས་སུ་མཐར་ཕྱིན་པ་ཡིན་ནོ་ཞེས་སོ། །ལྔ་པ་ནི། སེམས་ཅན་རྣམས་ཆོས་མཉམ་པ་ཉིད་ལ་དགོད་པ་དང༌། འཕགས་པའི་སྐྱེ་བོ་ཐམས་ཅད་བྱམས་པ་དང་། ཡིད་དུ་འོང་བའི་ཡུལ་དང་འཕྲད་པ་དང༌། ལྷ་རྣམས་ཀྱིས་ཕྱག་བྱ་བར་འོས་པ་དང༌། ལུང་བསྟན་པ་འཐོབ་པའོ་ཞེས་མདོའི་དོན་འཕགས་པས་གསུངས་པ་རྣམས་སོ། །གཉིས་པ་ནི། ཡུལ་དེ་དྲུག་དང་འབྲེལ་བའི་ཡུལ་ཅན་མངོན་ཤེས་དྲུག་ཐ་སྙད་དུ་རྒྱུད་ལ་བསྐྱེད་ཅིང་དོན་དམ་པར་དེ་དག་རྣམས་གཟོད་མ་ནས་སྤྲོས་པ་ཉེ་བར་ཞི་བ་ཉིད་དུ་རྟོགས་ཏེ་བསྒྲུབ་བོ་ཞེས་སྟོན་པའོ། །བཞི་པ་ལ་གཉིས། མཐོང་ལམ་དང༌། སྒོམ་ལམ་ལ་གདམས་པའོ། །དང་པོ་ནི། འདོམས་སོ། །གང་བརྗོད་བྱར་བྱས་པ་ལ་ན་མཐོང་ལམ་ལའོ། །ཚུལ་ནི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཉིད་རྣམ་པར་སྒོམ་པར་བྱེད་པ་སྟེ་བྱའོ་ཞེས་སྟོན་པའི་ཚུལ་གྱིས་སོ། །གང་གིས་སྒོམ་ན། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་རྒྱུད་ལ་ཡོད་པའི་རྣལ་འབྱོར་པ་ཆོས་ཐམས་ཅད་བདེན་པའི་ངོ་བོ་ཉིད་མེད་པར་རྟོགས་པས་དེ་ལ་མངོན་ཞེན་མེད་པའི་ལུས་ཅན་གྱིས་སོ། །གང་གི་དོན་དུ་ན་མཐོང་ལམ་དེས་སྤང་བར་བྱ་བ་མཐོང་སྤང་གི་དངོས་པོའི་གཉེན་པོ་ཉིད་དུའོ། །ཞེན་མེད་ཀྱི་དཔེ་ཇི་ལྟ་བུ་ཞེ་ན། སྒྱུ་མ་མཁན་རང་གིས་སྤྲུལ་པའི་སྒྱུ་མ་ལ་མངོན་ཞེན་མེད་པ་དེ་བཞིན་དུའོ། །སྐད་ཅིག་མ་བཅུ་དྲུག་ཏུ་ཇི་ལྟར་འགྱུར་ན། མཐོང་ལམ་དེ་ལ་བདེན་པ་བཞིས་ཡུལ་ཅན་དུ་བསྡུས་པའི་བདེན་པ་རེ་རེ་ལ་ཆོས་བཟོད་ཆོས་ཤེས་དང་རྗེས་བཟོད་


JLD017_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཤེས་ཏེ་བཞི་བཞིར་ཡོད་པའི་ཕྱིར་ཏེ། རབ་འབྱོར་ཁྱོད་བྱང་ཆེན་རྣམས་ཀྱི་ཡུམ་ལས་བརྩམས་ཏེ་ཇི་ལྟར་བྱང་ཆེན་རྣམས་ཡུལ་ལ་ངེས་པར་འབྱུང་བ་དེ་ལྟར་སྤོབས་པར་གྱིས་ཤིག་ཅེས་པ་ནས། ཤཱ་རིའི་བུ་བྱང་ཆེན་རྣམས་ལ་ཡུམ་བསྟན་པ་འདི་ནི་ཉན་རང་ཐམས་ཅད་ཀྱི་ཡུལ་མ་ཡིན་ནོ་ཞེས་རབ་འབྱོར་ལ་སྟོན་ཅིག་པར་བཀའ་སྩལ་པ་དང༌། འཁོར་རྣམས་ཐེ་ཚོམ་དུ་གྱུར་པ་བསལ་བ་ཙམ་འདི་མཐོང་ལམ་གྱི་མདོར་ལེ་བརྒྱད་མ་དང་ཉི་སྣང་གཉིས་སྦྱོར་ཚུལ་ལ་ཁྱད་མེད་དོ། །དེ་ནས་སྐད་ཅིག་མ་བཅུ་དྲུག་པོ་རེ་རེ་ལ་མདོ་རེ་སྦྱར་རོ། །གཉིས་པ་ནི། འདོམས་སོ། །གང་བརྗོད་བྱར་བྱས་པ་ལ་ན། སྒོམ་ལམ་ལའོ། །ཚུལ་ནི། སྒོམ་ལམ་དེས་སྤང་བར་བྱ་བའི་སྒོམ་སྤང་གི་དངོས་པོའི་གཉེན་པོ་ཉིད་དུ་ཐེག་ཆེན་སྒོམ་ལམ་དེ་རྣམ་པར་སྒོམ་པར་བྱེད་པ་སྟེ་བྱའོ་ཞེས་སྟོན་པའི་ཚུལ་གྱིས་སོ། །འོ་ན་མཐོང་སྒོམ་གཉིས་སྤང་བྱ་མི་འདྲ་བ་གཉིས་ཀྱི་གཉེན་པོར་སྒོམ་དགོས་ན་དེ་གཉིས་ཀྱི་ཆོས་ཉིད་རྟོགས་ཚུལ་གྱི་རྟོགས་པ་ལ་ཡང་ཁྱད་པར་ཡོད་དམ་ཞེ་ན། མཐོང་ལམ་གྱི་ཆོས་ཉིད་རྟོགས་ཚུལ་དང་མི་མཐུན་པའི་སྒོམ་ལམ་མཚན་ཉིད་པ་རྣམ་པར་བཞག་པ་ནི་མེད་ཀྱི་བཏགས་པ་བ་ཡིན་ཏེ། མཐོང་ལམ་དང་སྒོམ་ལམ་དག་ཆོས་ཉིད་རྟོགས་ཚུལ་ལ་ཐ་དད་པ་སྟེ་ཁྱད་པར་མེད་པའི་ཕྱིར་ཏེ། སྔར་ཇི་སྐད་བཤད་པའི་མཐོང་ལམ་གྱིས་མངོན་སུམ་དུ་བྱས་པའི་དངོས་པོ་སྟེ་ཆོས་ཉིད་ལས་ཐ་དད་མེད་པའི་ཆོས་ཉིད་གཅིག་པུ་དེ་ཉིད་ལ་དམིགས་ནས་སྒོམ་ལམ་


JLD017_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཀྱང་གོམས་པར་བྱེད་པ་ཙམ་ཡིན་པའི་ཕྱིར་རོ། །དཔེར་ན་འདུས་བྱས་ལམ་བདེན་དང་འདུས་མ་བྱས་འགོག་བདེན་དག་ངོ་བོ་གཅིག་པ་སྟེ་ཐ་དད་པ་མ་ཡིན་པ་ཉིད་ཀྱིས་ཕན་ཚུན་གཅིག་ལ་གཅིག་མ་ལྟོས་པར་ཐ་དད་པར་གདགས་པར་མི་ནུས་པ་བཞིན་ཞེས་པ་འདི་ཁྱབ་པ་སྔ་མའི་མཐུན་དཔེའོ། །ཡང་ན་དཔེ་འདི་མདོ་ལས་རབ་འབྱོར་འདུས་བྱས་ཀྱི་དབྱིངས་མེད་པར་འདུས་མ་བྱས་ཀྱི་དབྱིངས་སུ་གདགས་པར་མི་ནུས། འདུས་མ་བྱས་ཀྱི་དབྱིངས་མེད་པར་ཡང་འདུས་བྱས་ཀྱི་དབྱིངས་སུ་གདགས་པར་མི་ནུས་སོ་ཞེས་གསུངས་ལ། དེས་སྒོམ་ལམ་དཔེའི་སྒོ་ནས་བསྟན་པའི་རྒྱུ་མཚན་དུ་སྦྱར་ཏེ་འདི་ལྟར་འདུས་བྱས་ལམ་དང་འདུས་མ་བྱས་སྤངས་པ་དག་ངོ་བོ་གཅིག་པ་སྟེ་ཐ་དད་པ་མ་ཡིན་པ་ཉིད་ཀྱིས་གཅིག་ལ་གཅིག་མ་ལྟོས་པར་སོ་སོར་བཞག་མི་ནུས་པ་བཞིན་དུ་སྒོམ་ལམ་ཡང་མཐོང་ལམ་གྱིས་མཐོང་བ་དེ་ཉིད་གོམས་པ་ལ་བཞག་གི །དེ་ལས་གཞན་ལ་བཞག་ཏུ་མེད་ཅེས་པའི་དོན་ཏོ། །འོ་ན་སྤངས་པ་ལ་ཡང་ཁྱད་མེད་དེ། རྟོགས་པ་ལ་ཁྱད་མེད་པས་ཤེ་ན། ཆོས་ཉིད་རྟོགས་པ་ལ་ཁྱད་མེད་པ་འོན་ཀྱང་མཐོང་ལམ་གྱིས་སྒོམ་སྤང་སྤོང་མི་ནུས་ལ་སྒོམ་ལམ་གྱིས་ནུས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །དཔེར་ན་ཆུ་སྔ་ཕྱི་ཁྱད་མེད་ཀྱང་སྔ་མས་དག་པར་བྱེད་མ་ནུས་པ་ཕྱི་མས་དག་པར་བྱེད་ནུས་པ་ལ་དེ་ལྟར་ནུས་པའི་རྒྱུ་མཚན་དྲིས་ན་དངོས་པོ་རྣམས་ཀྱི་ཆོས་ཉིད་ཡིན་པས་སོ་ཞེས་སྨྲ་བ་བཞིན་ནོ། །འདིར་གསེར་གླིང་པས་འདུས་བྱས་ཟག་བཅས་ཀྱི་གཟུགས་སོགས་དང༌། འདུས་


JLD017_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་ཟག་མེད་ཀྱི་ཚུལ་ཁྲིམས་ལ་སོགས་པ་ལ་འཆད་པ་ནི། འཕགས་པས་འདུས་བྱས་ནི་ལམ་མོ། །འདུས་མ་བྱས་ནི་སྤངས་པའོ་ཞེས་གསུངས་པ་མ་མཐོང་བ་སྟེ། སློབ་དཔོན་འདིས་ཉི་སྣང་གི་དེ་བཀོད་པའི་ཕྱིར་རོ། །དེ་ལྟར་ན་འཕགས་པས་མཐོང་སྒོམ་གཉིས་ཆོས་ཉིད་རྟོགས་པ་ལ་ཁྱད་མེད་པར་བཤད་པ་དེའི་རྗེས་སུ་སློབ་དཔོན་གྱིས་འབྲངས་ནས་དེ་གཉིས་ཀྱི་རྟོགས་པ་ལ་ཁྱད་མེད་པར་གསུངས་ཏེ། མདོར་ན་སློབ་དཔོན་དང་འཕགས་པས་ས་བཅུའི་མཉམ་གཞག་གི་རྟོགས་ཚུལ་ལ་ཁྱད་མེད་པར་བཞེད་དོ། །གསུམ་པ་ནི། ཅིའི་ཕྱིར་གདམས་ངག་གི་བརྗོད་བྱ་བཅུར་གྲངས་ངེས་ཞེ་ན། བཅུ་པོ་འདི་ཙམ་ཁོ་ནས་གང་ཟག་གཅིག་འཚང་རྒྱ་བའི་བཞེད་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས་ན་གདམས་ངག་གི་བརྗོད་བྱ་ནི་བཅུར་ངེས་སོ། །དེ་ཇི་ལྟར་ཞེ་ན། སྤྱིར་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པ་ལ་སྒྲུབ་པ་རང་གི་ངོ་བོ། དམིགས་ཡུལ། རྟེན། སྒྲུབ་པའི་རྒྱུ་སྟེ་བཞིར་ངེས་ལ་དེ་ཡང་སྔར་བཤད་པའི་ཚུལ་དེ་ལྟར་བྱས་ན་བྱང་ཆུབ་ཀྱི་སེམས་དང་སེམས་དེས་འཕངས་པ་སྟེ་ཡུལ་དུ་བྱས་པའི་དཀར་ཆོས་མཐའ་དག་གི་ངོ་བོ་ཉིད་རྫོགས་པར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་གསུངས་པའི་དོན་སྒྲུབ་པ་ལ་དེའི་སྒྲུབ་ཚུལ་གྱི་རྣམ་པ་གང་སྙམ་པ་ལ། བདག་གཉིས་མི་དམིགས་པའི་ཚུལ་གྱིས་སྒྲུབ་པའི་རྣམ་པ་བསྟན་ཏོ། །སྒྲུབ་པ་དེའི་དམིགས་པ་གང་ཡིན་སྙམ་པ་ལ་འཕགས་པའི་སོགས་སོ། །སྒྲུབ་པའི་རྟེན་གང་


JLD017_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སྙམ་པ་ལ་སྐྱབས་སོགས་སོ། །རྒྱུ་ལ་གཉིས་ལས་འགལ་རྐྱེན་སྤོང་བའི་རྒྱུ་ལ་གསུམ་ལས། བྱ་བ་ངན་ཞེན་གྱི་ལེ་ལོ་སྤོང་བ་ལ་སྒྲུབ་པ་ཁྱད་པར་སོགས་སོ། །སྒྱིད་ལུག་ནས་ལམ་ལ་ལྡོག་པའི་ལེ་ལོ་སྤོང་བ་ལ་མི་ལྡོག་སོགས་སོ། །ཞུམ་པའི་ལེ་ལོ་བདག་ཉིད་བརྙས་ནས་ཐེག་དམན་དུ་འཇུག་པ་སྤོང་བ་ལ་ཐེག་པ་གཞན་དུ་སོགས་སོ། །མཐུན་རྐྱེན་སྒྲུབ་པ་ལ་གསུམ་ལས། སྤང་བླང་རང་གིས་ཤེས་པས་གཞན་གྱི་སོགས་སོ། །བྱང་ཆུབ་སྒྲུབ་པའི་སྐབས་རེ་རེ་ཞིང་མངོན་ཤེས་ཀྱིས་ཟིན་པས་ཚོགས་འབད་མེད་དུ་རྫོགས་པར་བྱེད་པ་རྣམ་མཁྱེན་སོགས་སོ། །མཐོང་སྤང་མཐར་ཐུག་པ་སྟེ་མ་ལུས་པར་སྤོང་བའི་རྒྱུ་མཐོང་ལམ་དང་སྒོམ་སྤང་མཐར་ཐུག་པར་སྤོང་བའི་རྒྱུ་སྒོམ་ལམ་ཡིན་ལ་དེ་དག་ཐམས་ཅད་ཀྱང་གདམས་ངག་གི་སྐབས་སུ་བསྟན་པའི་ཕྱིར་རོ། །ཁ་ཅིག་འཇིག་རྟེན་ལས་འདས་མ་འདས་ཀྱི་སྒྲུབ་པ་མཐར་ཐུག་པའི་རྒྱུ་ཞེས་འཆད་དོ། །གཉིས་པ་ལ་གཉིས། མཚོན་བྱེད་དཔེ་དང༌། མཚོན་བྱ་དོན་གྱི་དགེ་འདུན་ནོ། །དང་པོ་ལ་གསུམ། སྤྱིའི་རྣམ་པར་བཞག་པ། སོ་སོའི་རང་བཞིན་བསྟན་པ། འབྲས་བུ་བཞིར་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ལ་བཞི། དགེ་འདུན་གྱི་གྲངས། བརྡ་སྦྱོར་བའི་ཚུལ། ཞུགས་གནས་གང་ལ་བཞག །འབྲས་བུ་རྣམས་འཐོབ་པའི་ཚུལ་ལོ། །དང་པོ་ནི། སྐྱེས་བུ་ཟུང་བཞིའམ་གང་ཟག་ཡ་བརྒྱད་དེ་འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་རྒྱུན་དུ་ཞུགས་པ་དང༌། དེ་བཞིན་དུ་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་པ་རྣམས་ལ་སྦྱར་


JLD017_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །འདི་དག་ནི་ཐེག་དམན་གྱི་དགེ་འདུན་གྱི་གཙོ་བོ་ཡིན་གྱི་འདི་ཙམ་དུ་གྲངས་ངེས་པ་ནི་མིན་ཏེ། ཉན་ཐོས་ཀྱི་ཚོགས་ལམ་པ་བཞིན་ནོ། །དེ་ལ་མཛོད་ལྟར་ན་བརྒྱད་ཀ་ལ་འཕགས་པས་ཁྱབ་སྟེ། ཞུགས་པ་དང་པོ་རྟོགས་པ་དམའ་ཤོས་ཡིན་ན་དེ་ཡང་སྡུག་བསྔལ་ལ་ཆོས་བཟོད་ཚུན་ལ་གནས་པར་བཤད་པས་སོ། །དེ་དང་ཆགས་བྲལ་སྔོན་སོང་གི་ཞུགས་པ་གཉིས་མཐོང་ལམ་པ་དང༌། མཐར་གྱིས་པའི་ཞུགས་པ་གསུམ་ནི་སྒོམ་ལམ་པ་དང༌། འབྲས་གནས་གང་ཡིན་ལ་སྒོམ་ལམ་ཐོབ་པས་ཁྱབ་སྟེ། བཅུ་དྲུག་པ་སྒོམ་ལམ་ཡིན་པས་སོ། །ཀུན་བཏུས་ལྟར་ན་ཞུགས་པ་དང་པོ་ལ་སྦྱོར་ལམ་པའང་ཡོད་ལ་གཞན་ཞུགས་པ་རྣམས་མཚུངས་སོ། །འབྲས་གནས་ལ་ཐོད་རྒལ་བའི་འབྲས་གནས་གཉིས་དང་རྒྱུན་ཞུགས་ལ་མཐོང་ལམ་པའང་ཡོད་དེ། བཅུ་དྲུག་པ་མཐོང་ལམ་ཡིན་པས་སོ། །འབྲས་གནས་གཞན་འདྲའོ། །གཉིས་པ་ནི། འབྲས་བུ་ཐོད་རྒལ་བ་དང༌། རིམ་གྱིས་པ་དང༌། སྤང་བྱ་ཅིག་ཅར་བའི་དགེ་འདུན་ནོ། །སྔ་མ་ལ་མངོན་པ་གོང་འོག་ལས་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་སྔོན་དུ་སོང་བ་དང༌། འདོད་པ་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བ་ཞེས་བརྡ་མཛད་པ་ལས་འདིར་ཐོད་རྒལ་བ་ཞེས་བཏགས་པ་ནི་བརྡ་དངོས་སུ་སྦྱར་བ་མེད་ཀྱང་དོན་གྱིས་འཐོབ་སྟེ། འདི་དང་རིམ་གྱིས་པ་གཉིས་འབྲས་བུ་མངོན་དུ་བྱེད་ཚུལ་མི་འདྲ་བས་ཀྱང་འབྱེད་ལ། རིམ་གྱིས་པ་འབྲས་བུ་རིམ་གྱིས་པ་ཡིན་པའི་ཕྱིར་འདི་འབྲས་


JLD017_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཐོད་རྒལ་བར་འགྲོའོ། །དེས་ན་ཆགས་བྲལ་སྔོན་སོང་ཞེས་བརྡ་སྦྱར་ན་སྤང་བྱ་སྤངས་ཚུལ་དང༌། མིང་འདོགས་ཕྱི་མ་ནི་འབྲས་བུ་ཐོབ་ཚུལ་མི་འདྲ་བའི་སྒོ་ནས་བཏགས་པའོ། །ཕྱི་མ་གཉིས་ལ་ལམ་རིམ་གྱིས་པ་དང་ལམ་ཅིག་ཅར་བ་ཞེས་བརྡ་སྦྱོར་བ་མེད་མོད། དེ་དག་གིས་ནི་བརྡ་འདི་དག་གི་དོན་གཏན་མ་རྟོགས་པར་མཐོང་སྟེ། ལམ་ནི་ཚོགས་ལམ་སོགས་ལྔ་ལ་བྱེད་དམ། སྦྱོར་བ་བར་ཆད་མེད་པ་རྣམ་གྲོལ་ལམ་ཁྱད་པར་ལམ་གང་ལ་བྱེད་ཀྱང་དེ་དག་རིམ་ཅན་དུ་སྐྱེ་བ་མ་གཏོགས་པ་ཅིག་ཅར་དུ་སྐྱེ་བ་ག་ལ་སྲིད། དེས་ན་སྤང་བྱ་ལ་རིམ་གྱིས་པ་དང་ཅིག་ཅར་དུ་སྤོང་བ་གཉིས་ཡོད་པས་སྤང་བྱ་ཅིག་ཅར་བ་ཞེས་བརྡ་སྦྱར་བར་བྱ་སྟེ། འདིའི་ཟླས་དྲངས་ན་ཐོད་རྒལ་བ་ཡང་རིམ་གྱིས་པ་ཡིན་ཏེ། སྤང་བྱ་རིམ་གྱིས་སྤོང་བའི་ཕྱིར་རོ། །དེས་ན་རིམ་གྱིས་པ་ལ་འབྲས་བུ་ཐོད་རྒལ་བའི་ཟླས་དྲངས་པའི་འབྲས་བུ་རིམ་གྱིས་པ་དང༌། སྤང་བྱ་ཅིག་ཅར་བའི་ཟླས་དྲངས་པའི་སྤང་བྱ་རིམ་གྱིས་པ་གཉིས་ཞེས་པར་བྱ་ལ་འདིར་ནི་འབྲས་བུ་མཐར་གྱིས་པ་ཞེས་བྱ་སྟེ། མཐར་གྱིས་འཐོབ་པའི་ཕྱིར་དེ་སྐད་ཅེས་བཤད་ཀྱི་ཞེས་པའི་འགྲེལ་བཤད་དོན་གསལ་ལས། འབྲས་བུ་བཞི་མཐར་གྱིས་འཐོབ་པའི་ཕྱིར་དེ་སྐད་ཅེས་བཤད་ཅེས་པས་སོ། །གསུམ་པ་ལ་གསུམ། ཐོད་རྒལ་བ་དང༌། རིམ་གྱིས་པ་དང༌། ཅིག་ཅར་བ་གང་ལ་བཞག་པའོ། །དང་པོ་ནི། ཐོད་རྒལ་བ་ལ་འབྲས་བུ་བར་པ་གཉིས་ཀྱི་ཞུགས་གནས་བཞི་སྲིད་ཀྱི་གཞན་མི་སྲིད་དོ། །དེ་ལ་རྒྱུན་ཞུགས་མི་སྲིད་པའི་རྒྱུ་མཚན་གཉིས་ལས་འབྲས་བུ་མངོན་


JLD017_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱེད་ཚུལ་གྱི་སྒོ་ནས་མི་སྲིད་པ་ནི། འདི་ལ་འབྲས་བུ་སྔ་མ་དོར་ནས་ཕྱི་མ་མངོན་དུ་བྱས་པ་དགོས་ན་རྒྱུན་ཞུགས་ཀྱི་སྔོན་དུ་འབྲས་བུ་མི་སྲིད་པས་སོ། །སྤངས་པའི་སྒོ་ནས་མི་སྲིད་པ་ནི་འབྲས་བུ་གང་དང་གང་གི་སྤང་བྱའི་གཙོ་བོ་མཐོང་ལམ་གྱི་སྔོན་དུ་སྤངས་པ་གཅིག་དགོས་ན་རྒྱུན་ཞུགས་ལ་དེ་མི་སྲིད་དེ། དེ་ལ་སྒོམ་སྤང་གཅིག་ནས་ལྔའི་བར་སྤངས་པ་ཡོད་ཀྱང་དེའི་སྤང་བྱའི་གཙོ་བོ་མཐོང་སྤང་ཡིན་ལ་དེ་མཐོང་ལམ་གྱི་སྔོན་དུ་རྫོགས་པར་སྤང་མི་ནུས་ཏེ། སྲིད་རྩེའི་མཐོང་སྤང་ཡང་ཡོད་པས་སོ། །དེའི་རིགས་པས་དགྲ་བཅོམ་མི་སྲིད་པ་ཡང་གོ་བར་བྱའོ། །དེས་ན་ཐོད་རྒལ་བའི་དགེ་འདུན་གྱི་བཤད་ཟིན་གྱི་མཚམས་སྦྱོར་དུ་ཕལ་ཆེར་ལས་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ངེས་པར་འཇུག་པའི་གང་ཟག་རྣམ་པར་བཞག་པ་ནི་དེ་ལྟ་བུ་ཡིན་ནོ་ཞེས་བར་པ་གཉིས་སྨོས་ཀྱི་རྒྱུན་ཞུགས་མ་སྨོས་པས་དེའི་སྐབས་སུ་རྒྱུན་ཞུགས་བཤད་པ་ནི་ཆགས་བྲལ་སྔོན་སོང་གི་ཞུགས་པ་གཉིས་དང༌། རྒྱུན་ཞུགས་ཞུགས་པ་གཉིས་རྟོགས་པ་མཚུངས་པ་དང་འབྲས་གནས་གསུམ་ཡང་དང་པོར་ཐོབ་པའི་དུས་བཅུ་དྲུག་པ་ཐོབ་པ་དང་དུས་མཉམ་དུ་མཚུངས་པ་ལ་དགོངས་ནས་ཞར་བྱུང་དུ་གསུངས་པར་གོ་བར་བྱའོ། །དེ་བཞིན་དུ་ཀུན་བཏུས་སུ། ཐོད་རྒལ་བའི་སྐབས་སུ་རྒྱུན་ཞུགས་བཤད་པ་ཡང་བཅུ་དྲུག་པ་དང་དུས་མཉམ་དུ་འབྲས་བུ་ཐོབ་པ་གང་འོང་བ་དཔྱད་འདོད་ནས་བཤད་ཀྱི་ཐོད་རྒལ་བ་ཡིན་ནས་ནི་མིན་ནོ། །གཉིས་


JLD017_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཞུགས་གནས་བརྒྱད་ཀ་ལ་བཞག་གོ །གསུམ་པ་ནི། རྒྱུན་ཞུགས་དང་དགྲ་བཅོམ་འབྲས་གནས་གཉིས་ལ་གདགས་པར་ཀུན་བཏུས་རྩ་འགྲེལ་ལས་བཤད་ལ་ཞུགས་པ་དང་པོ་དང་དགྲ་བཅོམ་ཞུགས་པ་ཡང་བརྩིས་ན་སྦྱར་དུ་རུང་བ་ཙམ་དུ་སྣང་ངོ༌། །འབྲས་བུ་བར་པ་གཉིས་མི་འོང་བའི་རྒྱུ་མཚན་ནི། ཁམས་གོང་མའི་སྒོམ་སྤང་སྤངས་པའི་ཕྱིར་འོང་མི་སྲིད་ལ་འདིས་ཁམས་གསུམ་གའི་སྒོམ་སྤང་རྣམས་དུས་ཅིག་ཅར་སྤོང་བའི་ཕྱིར་རོ། །དེ་བཞིན་དུ་ཕྱིར་མི་འོངཡང་མི་སྲིད་དེ་འདོད་པའི་དགུ་པ་སྤངས་ན་སྲིད་རྩེའི་དགུ་པ་ཡང་སྤངས་ནས་དགྲ་བཅོམ་དུ་འགྱུར་པས་སོ། །ཁ་ཅིག་རང་རྒྱལ་བསེ་རུ་ལྟ་བུ་ནི་ཅིག་ཅར་བའོ་ཞེས་སྨྲ་བ་ནི་ཆེས་མི་རིགས་ཏེ། དེ་ལྟ་ཡིན་ན་སོ་སྐྱེ་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ཞིག་ཁས་བླངས་དགོས་ཏེ། བསེ་རུ་ལྟ་བུ་ནི་སྦྱོར་ལམ་སྐྱེད་པ་ན་བསམ་གཏན་བཞི་པ་ལ་བརྟེན་ནས་སྐྱེད་ལ། བསམ་གཏན་གྱི་དངོས་གཞི་ཐོབ་ན་འདོད་པའི་སྒོམ་སྤང་དགུ་པ་ཡང་སྤང་དགོས་པས་ཁམས་གསུམ་གའི་དགུ་པ་སྤང་དགོས་པས་སོ། །དེས་ན་ཅིག་ཅར་བ་ཕྱིས་རང་རྒྱལ་དུ་སོང་བ་གཅིག་སྲིད་ཀྱི་བསེ་རུ་ལྟ་བུ་ཡིན་ན་ཅིག་ཅར་བར་ངེས་པར་འགལ་བ་ཡིན་ནོ། །བཞི་པ་ལ་གསུམ། འབྲས་བུ་དེ་དག་ལམ་གང་གིས་དང༌། དུས་ནམ་གྱི་ཚེ་དང༌། ས་གང་ལ་བརྟེན་ནས་ཐོབ་པའོ། །དང་པོ་ནི། འབྲས་བུ་ཐོག་མཐའ་གཉིས་དངོས་སུ་ཐོབ་བྱེད་ཀྱི་ལམ་ཡིན་ན་འདས་ལམ་གྱིས་ཁྱབ་སྟེ། རིམ་པ་ལྟར་ལམ་ལ་རྗེས་བཟོད་དང་སྲིད་རྩེའི་སྒོམ་སྤང་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next