Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
   
   
   
ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
   
  collapse section
   
   
   
   


 
previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


JLD017_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ནི་མཁྱེན་གསུམ་གྱིས་བསྡུས་པའི་རྣམ་པ་སྒོམ་པའི་དབང་དུ་བྱས་པའོ། །བཞི་པ་ནི། བྱང་ཆེན་ཚད་མེད་དང་གཟུགས་མེད་ཀྱི་སྙོམས་འཇུག་དེ་དག་གིས་མ་འདྲེས་པར་རྣམ་པར་སྤྱོད་ཅིང་ས་གཉིས་པོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་འདོད་པ་མི་སྐྱེད་ཀྱི་རྣམ་མཁྱེན་དུ་འདོད་པ་དང་བཟོད་པ་འདི་ནི་བྱང་ཆེན་ཚད་མེད་ལ་སྤྱོད་པའི་བཟོད་པའི་ཕར་ཕྱིན་ནོ། ཞེས་དང༌། དེ་བཞིན་དུ་མི་དགེ་བ་སྤང་བ་དང༌། དགེ་བ་ཕུན་ཚོགས་བྱ་བའི་དོན་དུ་བརྩོན་པ་མི་གཏོང་བ་དང༌། བསམ་གཏན་ཚད་མེད་གཟུགས་མེད་ལ་འཇུག་ལྡང་བྱེད་ཅིང་མི་རྟག་སོགས་ཀྱི་རྣམ་པར་རྟོག་ཀྱང་ཉན་རང་གི་སྐྱོན་མེད་པར་མི་འཇུག་པ་དང༌། དེ་ལ་མཉམ་པར་འཇོག་ཀྱང་དེའི་དབང་གིས་མི་སྐྱེ་ཞིང་རོ་མི་མྱང་བ་དང༌། ཚད་མེད་བཞིའི་ཏིང་འཛིན་ལ་འཇོག་ཅིང་སེམས་ཅན་བསྐྱབ་སྙིང་བརྩེ་བར་བྱ་དགའ་བར་བྱ་ཟག་ཟད་དུ་གཞོལ་བར་བྱེད་པ་དང༌། དེ་གསུམ་གྱི་རྣམ་རྟགས་མཚན་མ་རྣམས་རྣམ་མཁྱེན་དུ་བསྔོ་བ་རྣམས་རིམ་པ་ལྟར་ཚད་མེད་ལ་སྤྱོད་པའི་བྱང་སེམས་ཀྱི་བརྩོན་འགྲུས། ཤེས་རབ། བསམ་གཏན། སྦྱིན་པ། ཚུལ་ཁྲིམས་རྣམས་སོ། ཞེས་གསུངས་སོ། །ཕྱིན་དྲུག་གི་གོ་རིམ་འདི་ལྟར་གསུངས་པ་ནི་ཚད་མེད་བཞི་ལ་གནས་པའི་གང་ཟག་གི་དབང་དུ་བྱས་པ་སྟེ་དེ་ལ་འདི་སྲིད་པས་སོ་ཞེས་ཉི་སྣང་ལས་སོ། །ལྔ་པ་ནི། བྱང་ཆེན་གྱི་


JLD017_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་ནི་གང་ནང་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་པ་གང་ཡིན་པ་སྟེ། ཞེས་སོ། དྲུག་པ་ནི། བྱང་ཆེན་སྦྱིན་པའི་ཕར་ཕྱིན་ལ་འཛེག་ཀྱང་དེས་སྦྱིན་པའི་ཕར་ཕྱིན་མི་དམིགས་ཏེ་སྦྱིན་པ་པོ་དང་ལེན་པ་པོ་དང་སྦྱིན་པ་ཡང་མི་དམིགས་པའི་ཚུལ་གྱིས་དམིགས་སུ་མེད་པ་དེ་ལྟར་ན་ཤཱ་རིའི་བུ་བྱང་ཆེན་ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ། །བདུན་པ་ནི། བྱང་ཆེན་རྣམ་མཁྱེན་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་སྒོམ་པ་རྣམ་པར་གཞིག་པའི་དོན་དུ་བྱང་ཕྱོགས་སོ་བདུན་དེ་མི་དམིགས་པའི་ཚུལ་གྱིས་སྒོམ་པར་བྱེད་དེ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆེན་ཐེག་ཆེན་ལ་འཛེག་པ་ཞེས་བྱའོ། ཞེས་དང༌། རྟེན་ཡིད་བྱེད་དགོས་པ་དོན་བསྡུར་སྔར་དང་འདྲ་བ་ལས་རྣམ་ཐར་གསུམ་དང༌། སྟོབས་ནས་མ་འདྲེས་པའི་བར་རྣམས་མི་དམིགས་པའི་ཚུལ་གྱིས་སྒོམ་པར་བྱེད་དེ་ཞེས་སོ། །སྐབས་འདིར་ཟླ་འོད་དུ་སློབ་དཔོན་གྱིས་ཆེད་དུ་བྱ་བ་ཆེན་པོ་གསུམ་ལ་བཤད་པ་ལ་འཕགས་པས་ཡུམ་བར་མའི་མདོ་བྲིས་པ་མ་མཐོང་ངོ་ཞེས་འགོག་པ་ནི་ཡང་དག་པ་མིན་ཏེ། མངོན་ཞེན་མ་ལུས་པར་འགགས་པ་ཉིད་ཆེན་པོ་གསུམ་ལས་མི་འདའ་བས་སོ། །སྒོམ་པ་གཞིག་པའི་དོན་དུ་ཞེས་པ་ནི་དེ་ལ་ཞེན་པ་དགག་པའི་དོན་ཡིན་གྱི་བྱང་ཕྱོགས་སོ་བདུན་སོགས་གཞིག་པའི་


JLD017_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མིན་ནོ། །བརྒྱད་པ་ནི། བྱང་ཆེན་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་མངོན་པར་ཤེས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། ཞེས་སོ། །དགུ་པ་ནི། དེ་རྣམ་མཁྱེན་གྱི་ཡེ་ཤེས་ཐོབ་ནས་ཀྱང་ཉན་རང་ཐམས་ཅད་དང༌། ལྷ་ནས་མི་དང་མི་མིན་དང་བཅས་པའི་འཇིག་རྟེན་གྱིས་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། ཞེས་དང༌། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་འཇིག་རྟེན་ཐམས་ཅད་དུ་དེའི་མིང་སྨོས་ཤིང་རྣམ་མཁྱེན་ཐོབ་ནས་ཆོས་འཁོར་བསྐོར་རོ་ཞེས་གྲགས་པ་སྒྲོགས་པར་གསུངས་སོ། །གསུམ་པ་ལ་གཉིས། ཡུལ་ཅན་གྱི་སྒྲུབ་པ་དང༌། ཡུལ་གྱི་རྟོགས་དཀའ་བ་བཤད་པའོ། །དང་པོ་ནི། འཇུག་པའི་སྒྲུབ་པ་ལ་དབྱེ་ན་རྣམ་པ་དགུའོ། །ཇི་ལྟར་ན། ཡུལ་ཐེག་ཆེན་དགུ་ཡོད་པས་དེ་ལ་འཇུག་པའི་སྒྲུབ་པ་ཡང་དགུའོ། །འོ་ན་ཡུལ་ཅན་གྱི་སྒྲུབ་པ་དགུ་གང་ན། དང་པོ་ནི། དང་པོར་རང་གི་སེམས་འདོད་ཡོན་གྱི་རྗེས་སུ་འབྲང་ཞིང་གཡེང་བ་དེ་ལས་ཡོན་ཏན་གང་ཡང་ཐོབ་པར་མི་ནུས་པས་དེ་ནང་དུ་བཟུང་བའི་སྒོ་ནས་དམིགས་པ་ལ་བརྟན་པར་བྱ་བའི་དོན་དུ་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་ལ་འཇུག་ལྡང་བྱེད་ཅིང་དེ་ཡང་ཕྱིན་དྲུག་དང་འབྲེལ་བར་མི་དམིགས་པར་སྒྲུབ་པའོ། །གཉིས་པ་ནི། དེ་ལྟར་


JLD017_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བརྟན་པ་དེ་ཚོགས་གཉིས་ལ་སློབ་པས་དེའི་འོག་ཏུ་སྦྱིན་སོགས་ཀྱི་ཕྱིན་དྲུག་ལ་འཁོར་གསུམ་དག་པའི་སྒོ་ནས་འཇུག་པའོ། །དེའི་འོག་ཏུ་ཞེས་འོག་མ་རྣམས་ལ་ཡང་སྦྱར་རོ། །གསུམ་པ་ནི། ཚོགས་གཉིས་བསགས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་ལྷག་པར་མོས་པ་སྐྱེ་བའི་ཕྱིར་དེ་རྟོགས་པའི་ལམ་ལ་འཇུག་པའོ། །ལམ་ཡང་མཐོང་ལམ་དང་སྒོམ་ལམ་ས་བདུན་པ་མན་ཆད་དང་མི་སློབ་པའི་ལམ་ས་བརྒྱད་པ་སྟེ་འབད་རྩོལ་ཞི་བས་དེ་ཐོབ་པ་ལྟ་བུའོ། །ཁྱད་པར་གྱི་ལམ་ས་དགུ་པ་དང་བཅུ་པའོ་ཞེས་འབུམ་པ་འཆད་ལ། ཊཱིཀ་ཆུང་ལས་མི་སློབ་ལམ་ལམ་གྱི་དབྱེ་བར་བཀོད་པ་ཙམ་མོ་གསུང་ངོ༌། །འདི་ལ་ཟླ་འོད་དུ་ཁྱད་པར་གྱི་ལམ་དང་མི་སློབ་པ་ཞེས་བཤད་དགོས་པ་ལ་སློབ་དཔོན་འདིས་དེ་བཟློག་པ་མི་འཐད་དེ་སློབ་ལམ་ན་དེ་མི་སྲིད་པས་སོ་ཞེས་སུན་འབྱིན་པ་མི་འཐད་དེ། ལམ་ལྔའི་མི་སློབ་པ་ནི་འདིར་གཟུང་བ་མིན་གྱི་འབུམ་པས་བཤད་པ་ལྟར་ཡིན་པ་དང༌། ཐེག་ཆེན་སློབ་ལམ་ན་མི་སློབ་པའི་མིང་བཏགས་པ་མདོ་བསྟན་བཅོས་ལས་དུ་མ་འབྱུང་བས་སོ། །བཞི་པ་ནི། རང་གིས་ཆོས་ཉིད་མཐོང་བ་གཞན་གྱི་དོན་བྱེད་པར་སྤྲོ་བའི་ཕྱིར་ཚད་མེད་བཞི་ལ་འཇུག་པའོ། །འདི་ཕར་ཕྱིན་དང་འབྲེལ་བར་མ་བསྒོམས་ན་ཚངས་པར་སྐྱེ་བ་ཙམ་དུ་འགྱུར་བས་ཕྱིན་དྲུག་དང་འབྲེལ་བར་རོ། །ལྔ་པ་ནི། དེ་བཞིས་གཞན་དོན་ལ་འཇུག་པ་ན་དེའི་འཆིང་བའམ་བར་གཅོད་ནི་མངོན་ཞེན་ཡིན་


JLD017_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆོས་ཐམས་ཅད་མི་དམིགས་པ་དང་ལྡན་པ་ལ་འཇུག་པའོ། །དྲུག་པ་ནི། ངོ་བོ་ཉིད་མེད་པའི་རྣལ་འབྱོར་དང་ལྡན་པ་དེ་ཇི་ལྟར་འཇུག་སྙམ་པ་ལ་ལས་བྱ་བ་བྱེད་པ་པོ་གསུམ་མི་དམིགས་པར་སྒྱུ་མའི་སྐྱེས་བུ་བཞིན་དུ་དངོས་པོ་ཐམས་ཅད་ལ་འཁོར་གསུམ་ཡོངས་སུ་དག་པའི་སྒོ་ནས་འཇུག་པའོ། །བདུན་པ་ནི། དེ་ལྟར་སྤྱོད་པ་རྣམས་རང་གི་བསྒྲུབ་བྱ་ལ་འབད་པའི་ཕྱིར་ཆེན་པོ་གསུམ་གྱི་ཆེད་དུ་བྱ་བ་ལ་འཇུག་པའོ། །བརྒྱད་པ་ནི། ཆེད་དུ་བྱ་བ་ལ་འབད་པ་རྣམས་ནི་གཞན་གྱི་སེམས་ཤེས་པ་སོགས་ཀྱི་ཕྱིར་བརྩོན་པར་བྱེད་པས་མངོན་ཤེས་དྲུག་ལ་འཇུག་པའོ། །དགུ་པ་ནི། མངོན་ཤེས་ཐོབ་པ་རྣམས་ནི་ཤེས་བྱས་དུ་མ་ཤེས་པ་ན་ད་ནི་བདག་གིས་རྣམ་མཁྱེན་གྱི་ཡེ་ཤེས་ཐོབ་པར་བྱ་སྙམ་ནས་འཚང་རྒྱ་བར་སྤྲོ་བ་དྲག་པོ་སྐྱེ་བས་རྣམ་མཁྱེན་ལ་འཇུག་པའོ། །དེ་ལྟར་ཡུལ་དེ་དག་ལ་ཡང་དག་པར་གནས་པའི་མཚན་ཉིད་དེ་འཇུག་པའི་ངོ་བོ་ཉིད་དགུ་པོ་དེ་ནི་ཐེག་ཆེན་གྱི་རྒྱུ་འབྲས་ཀྱི་ཆོས་མཐའ་དག་གནོན་པའམ་དེ་དག་བགྲོད་པར་བྱེད་པས་འཇུག་སྒྲུབ་བོ། །གཉིས་པ་ལ་གཉིས། བསམ་གཏན་གཟུགས་མེད་དང༌། ཚད་མེད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི། གང་གིས་ཐོབ་བྱེད་ཀྱི་རྒྱུ། གང་ཞིག་ཐོབ་བྱའི་ངོ་བོ། །དེ་ལྟར་ཐོབ་པའི་རྟགས། ཐོབ་པ་པོའི་གང་ཟག་གོ །དང་པོ་ལ་གསུམ། བསམ་གཏན་དང་པོའི་ཐོབ་བྱེད་


JLD017_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། ལྷག་མ་དེ་དང་མཚུངས་བར་བསྟན། ལམ་དགུ་པ་གང་དུ་གཏོགས་བསམ་པའོ། །དང་པོ་ནི། ཀུན་བཏུས་ལས། ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། ཡིད་ལ་བྱེད་པ་བདུན་གང་ཞེ་ན། མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་དང༌། མོས་པ་ལས་བྱུང་བ་དང༌། རབ་ཏུ་དབེན་པ་དང༌། དགའ་བ་སྡུད་པ་དང༌། དཔྱོད་པ་པ་དང༌། སྦྱོར་བའི་མཐའ་དང༌། སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པའོ། ཞེས་པ་ལྟར་བཤད་དོ། །འདི་ལ་གཉིས་ཡིད་བྱེད་ཀྱི་གྲངས་ངེས་དང༌། སོ་སོའི་ངོས་འཛིན་ནོ། །དང་པོ་ནི། ཅིའི་ཕྱིར་ཡིད་བྱེད་བདུན་དུ་བཞག་ཅེ་ན། ཉེར་སྡོགས་ཀྱིས་ས་འོག་མའི་སྤང་བྱ་མ་སྤངས་ཤིང་གོང་མའི་ཐོབ་བྱ་མ་ཐོབ་ན་དངོས་གཞི་མི་ཐོབ་པས་དེའི་ཕྱིར་བདུན་དུ་བཞག་སྟེ། འདི་ལྟར་ཉེར་སྡོགས་ཀྱི་ལམ་གྱི་རྒྱུ་དང༌། ངོ་བོ་དང༌། འབྲས་བུ་གསུམ་ལས། དང་པོ་མ་སྐྱེས་པ་སྐྱེད་པར་བྱེད་པ་ལ་ཡིད་བྱེད་དང་པོ་གཉིས་ཏེ། དང་པོས་སྤང་བྱ་དང་ཐོབ་བྱ་ཤེས་པར་བྱས་ནས་སེམས་གཏོད་པར་བྱེད་ཅིང༌། གཉིས་པས་དེའི་དོན་དུ་བརྩོན་འགྲུས་རྩོམ་པས་སོ། །སྐྱེས་ཟིན་ཁྱད་པར་དུ་བྱེད་པ་ནི་ཡིད་བྱེད་ལྔ་པ་སྟེ་དེས་སྤངས་མ་སྤངས་བརྟགས་ནས་སྤང་བྱ་ལྷག་མ་མཐར་འབྱིན་པར་བྱེད་པས་སོ། །གཉིས་པ་ནི་ཡིད་བྱེད་གསུམ་པ་བཞི་པ་དྲུག་པ་སྟེ་ས་འོག་མའི་ཉོན་མོངས་ཆེ་འབྲིང་ཆུང་གསུམ་འཇོམས་པས་སོ། །གསུམ་པ་ནི་


JLD017_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བྱེད་བདུན་པའོ། །དེ་ལྟར་ཡང་ཉན་ས་ལས། དེ་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པས་ནི་སྤང་བར་བྱ་བ་གང་ཡིན་པ་དེ་ཡང་ཡོངས་སུ་ཤེས་པར་བྱེད་ཐོབ་པར་བྱ་བ་གང་ཡིན་པ་དེ་ཡང་ཡོངས་སུ་ཤེས་པར་བྱེད་ཅིང་སྤང་བར་བྱ་བ་སྤང་བ་དང༌། ཐོབ་པར་བྱ་བ་ཐོབ་པར་བྱ་བའི་ཕྱིར་སེམས་གཏོད་པར་ཡང་བྱེད་དོ། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པས་ནི་སྤང་བར་བྱ་བ་དང་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་རྩོམ་པ་སྦྱོར་བར་བྱེད་དོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་ཆེན་པོ་སྤོང་བར་བྱེད་དོ། །དགའ་བ་སྡུད་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པའི་རྣམ་པ་འབྲིང་སྤོང་བར་བྱེད་དོ། །སྤྱོད་པ་་ཡིད་ལ་བྱེད་པས་ནི་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པའི་རྣམ་པ་ཆུང་ངུ་སྤོང་བར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི་རྣམ་པ་དེ་དག་བསྒོམས་པའི་འབྲས་བུ་ཉམས་སུ་མྱོང་བར་བྱེད་དོ་ཞེས་སོ། །གཉིས་པ་ནི། དང་པོར་འདོད་པ་ནི་སྡུག་བསྔལ་ཆེས་རྒྱས་ཤིང་མ་ཞི་བ་དང༌། ཆེས་ཚེ་ཐུང་ལ་བསམ་གཏན་དང་པོ་ནི་དེ་ལས་ཟློག་པས་རགས་པ་དང་ཞི་བའོ་ཞེས་ཐོས་བསམ་འདྲེས་མར་ཡིད་ལ་བྱེད་པ་ནི་ཁམས་གོང་འོག་གི་མཚན་ཉིད་སོ་སོར་གཅོད་པའི་ཕྱིར་མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་


JLD017_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལྟར་གོང་འོག་ལ་ཞི་རགས་སུ་ཡུན་རིང་དུ་མོས་པར་བྱས་པ་ལས་ཐོས་བསམ་ལས་འདས་ནས་ཞི་གནས་དང་ལྷག་མཐོང་དུ་སོན་པ་ནི་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པའོ། །དེ་ཡུན་རིང་དུ་འདྲིས་པར་བྱས་པའི་མཐུས་ཐོག་མ་ཁོ་ནར་འདོད་པའི་ཉོན་མོངས་ཆེན་པོ་གསུམ་སྤོང་བའི་ལམ་སྐྱེ་བར་འགྱུར་ཞིང་སྐྱེས་པའི་ལམ་དེ་དང་ལྡན་པའི་ཡིད་བྱེད་ནི་རབ་ཏུ་དབེན་པའི་ཡིད་བྱེད་དོ། །དེས་འདོད་པའི་ཉོན་མོངས་དང་དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བར་བྱས་པ་ན་དེ་ནས་ཉོན་མོངས་སྤོང་བ་དང་དེས་དབེན་པ་ལ་དགའ་བར་འགྱུར་ཞིང༌། དེ་གཉིས་ལ་ཕན་ཡོན་དུ་མཐོང་ནས་དབེན་པ་ལས་སྐྱེས་པའི་དགའ་བདེ་ཆུང་ངུས་རེག་པ་ན། གཉིད་རྨུགས་དང་རྒོད་པ་དང་བྲལ་བར་བྱ་བའི་ཕྱིར་དུས་དུས་སུ་རབ་ཏུ་དང་བར་འགྱུར་བའི་ཡིད་བྱེད་ཀྱིས་དགའ་བར་བྱེད་ཅིང༌། ཀུན་ཏུ་སྐྱོ་བའི་ཡིད་བྱེད་ཀྱིས་སྐྱོ་བར་བྱེད་པ་ནི་དགའ་བ་སྡུད་པའི་ཡིད་བྱེད་དེ། ཉོན་མོངས་པ་འབྲིང་གསུམ་སྤོང་བའི་གནས་སྐབས་སོ། །རབ་ཏུ་དང་བ་དང་སྐྱོ་བར་འགྱུར་བའི་ཡིད་བྱེད་ནི་རིམ་པ་ལྟར་སྤོང་བ་ལ་འདོད་པ་དང༌། མ་སྤངས་པ་ལ་ཉེས་དམིགས་ཀྱི་རྣམ་པར་སྒོམ་པའོ། །དེ་ལྟར་སྤོང་བ་ལ་བརྩོན་པ་ན་རྒྱུའམ་གནས་ཀྱང་རུང་སྟེ་དགེ་བ་ལ་སྦྱོར་བའི་གེགས་བྱེད་པའི་འདོད་པའི་ཀུན་དཀྲིས་མི་འབྱུང་བ་ན་འདི་སྙམ་དུ་ཅི་བདག་ལ་འདི་ཡོད་བཞིན་དུ་མི་མྱོང་ངམ་འོན་ཏེ་མེད་པས་མ་མྱོང་སྙམ་


JLD017_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྡུག་པའི་མཚན་མ་ཡིད་ལ་བྱས་པས་འདོད་པ་ལ་འདུན་པ་འབྱུང་བ་ན། འདི་སྙམ་དུ་བདག་གི་སེམས་འདོད་པ་ལས་ཆགས་པ་དང་མ་བྲལ་ལོ་སྙམ་ནས་སྤང་བྱ་ལྷག་མ་སྤང་བའི་ཕྱིར་ཞི་རགས་སུ་སྒོམ་པ་ནི་དཔྱོད་པའི་ཡིད་བྱེད་དོ། །དེ་ལྟར་དུས་དུས་སུ་སྤངས་མ་སྤངས་དཔྱོད་པ་ན་སྤང་བྱ་མངོན་གྱུར་མ་སྤངས་པ་སྤང་བའི་ཕྱིར་འདོད་པའི་ཉོན་མོངས་ཆུང་ངུ་གསུམ་གྱི་གཉེན་པོ་སྐྱེས་པ་ནི་སྦྱོར་བ་མཐར་ཐུག་པའི་ཡིད་བྱེད་དེ། དེ་ཡང་རེ་ཞིག་ཙམ་སྤངས་པ་ཡིན་གྱི་གཏན་སྤངས་པ་ནི་མིན་ཏེ། ས་བོན་དྲུངས་མ་ཕྱུང་བའི་ཕྱིར་ཏེ། འཇིག་རྟེན་པའི་ལམ་ལ་དེའི་ནུས་པ་མེད་པས་སོ། །དེའི་འཇུག་ཐོགས་སུ་དེའི་མཐུས་བསམ་གཏན་དང་པོའི་དངོས་གཞི་ལ་འཇུག་ཅིང་དངོས་གཞི་དང་ལྡན་པའི་ཡིད་བྱེད་སྐྱེས་པ་ནི་སྦྱོར་བའི་འབྲས་བུ་ཡིད་ལ་བྱེད་པའོ། །གཉིས་པ་ནི། ཀུན་བཏུས་ལས། བསམ་གཏན་དང་པོ་ལ་ཇི་ལྟ་བར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་བཞིན་ནོ་ཞེས་པ་ལྟར་ཡིན་ནོ། །འོན་ཀྱང་མངོན་པའི་སྤྱི་སྐད་ལ་ཁམས་གོང་མ་ན་སེམས་པར་རྩོམ་པའི་ཚེ་སེམས་ལོང་མེད་པར་ཏིང་ངེ་འཛིན་དུ་འགྲོ་བས་གོང་མའི་ས་ལ་བསམ་བྱུང་དང་གཟུགས་མེད་ན་ཐོས་བྱུང་མེད་པར་བཤད་པས། དེའི་ལྟར་ན་གཟུགས་མེད་ཀྱི་རྟེན་ལ་སྒོམ་ན་ཡིད་བྱེད་དང་པོ་ལ་ཐོས་བསམ་གཉིས་ཀ་དང༌། གཟུགས་ཀྱི་


JLD017_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་སྒོམ་ན་བསམ་བྱུང་མེད་དོ། །གཞན་ཡང་བསམ་གཏན་བཞི་པའི་ཉེར་སྡོགས་ནས་སྲིད་རྩེའི་ཉེར་སྡོགས་ཀྱི་བར་ལས་དེར་ཚོར་བའི་དགའ་བདེ་མེད་པས་དགའ་བ་སྡུད་པའི་ཡིད་བྱེད་ཀྱི་དོན་སྤོང་བ་ལ་ཡོན་ཏན་དུ་མཐོང་བ་ཙམ་ལ་བཤད་དོ། །བསམ་གཏན་དང་པོའི་ཉེར་སྡོགས་་ཀྱི་ཡིད་བྱེད་དང་པོ་འདི་འདོད་པ་ཡིན་གྱི་གོང་མའི་སར་མི་གཏོགས་ཏེ། ཉན་ས་ལས། མཉམ་པར་མ་བཞག་པའི་ས་པའི་ཡིད་ལ་བྱེད་པ་དག་གིས་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དང༌། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་པ་དེ་ནི་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ་ཞེས་པས་སོ། །འདིའི་རིགས་པས་ལྷག་མ་རྣམས་ལ་ཡང་འོག་སའི་རྟེན་ལ་སྒོམ་ན་ཡིད་བྱེད་དང་པོ་འོག་སར་འདོད་པར་བྱའོ། །ཉེར་སྡོགས་་དེ་དག་ལམ་བཞིར་བཞག་པའི་ཚུལ་ནི། བསྡུ་བ་ལས། མཚན་ཉིད་སོ་སོར་རིག་པ་དང་མོས་པ་ཡིད་ལ་བྱེད་པ་ནི་སྦྱོར་བའི་ལམ་གྱིས་བསྡུས་པ་ཡིན་ནོ། །རབ་ཏུ་དབེན་པ་དང་སྦྱོར་བ་མཐར་ཐུག་པ་གཉིས་ནི་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ཡིན་ནོ། །དགའ་བ་སྡུད་པ་ནི་ལམ་རྣམ་པ་བཞི་ཆར་གྱིས་བསྡུས་པ་ཡིན་ནོ། །དཔྱོད་པའི་ཡིད་ལ་བྱེད་པ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཁོ་ན་ཡིན་ནོ། ཞེས་ཏེ་དེ་ཡང་སྦྱོར་བ་ནི་དང་པོའི་རྩོམ་པ་དང༌། བར་ཆད་མེད་པ་ནི་སྤོང་གཉེན་དངོས་དང༌། རྣམ་གྲོལ་ནི་སྤངས་མ་ཐག་


JLD017_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནས་གྱུར་མྱོང་བྱེད་དང༌། ཁྱད་པར་ནི་དེ་ཡན་ཆད་ཀྱི་ཁྱད་པར་སྒྲུབ་པ་ཡིན་པས་དེ་དག་ཡིད་བྱེད་དེ་དག་ཏུ་ལྡན་པ་ལ་དགོངས་ནས་དེ་ལྟར་གསུངས་སོ། །གསུམ་པ་ནི། སྦྱོར་བ་མཐའི་འབྲས་བུའི་ཡིད་བྱེད་དངོས་གཞིར་འདོད་པ་ལྟར་ན་ཉེར་སྡོགས་་ཀྱི་རྣམ་གྲོལ་ལམ་དགུ་པ་ལ་དངོས་གཞིས་ཁྱབ་པར་མངོན་ལ། མཛོད་པ་ནི། བསམ་གཏན་དང་པོ་གསུམ་གྱི་ཉེར་སྡོགས་་ཀྱི་རྣམ་གྲོལ་ལམ་དགུ་པ་ལ་དངོས་གཞི་དང་ཉེར་སྡོགས་5་ཀྱི་ངོ་བོར་སྐྱེ་བ་གཉིས་འདོད་ལ། བཞི་པ་ཡན་ཆད་ཀྱི་ཉེར་སྡོགས་ཀྱི་རྣམ་གྲོལ་ལམ་དགུ་པ་ལ་དངོས་གཞིས་ཁྱབ་པར་འདོད་དེ་མཛོད་དུ། ས་གསུམ་ལས་རྒྱལ་བསམ་གཏན་ནམ། །ཉེར་སྡོགས་ལས་མཐའི་རྣམ་གྲོལ་ལམ། །གོང་མ་ཉེར་སྡོགས་ལས་མིན་ཞེས་སོ། །དེ་ཡང་མཛོད་པ་ཉེར་སྡོགས་ཀྱི་ཚོར་བ་བཏང་སྙོམས་ཁོ་ནར་འདོད་པས་བསམ་གཏན་དང་པོ་གསུམ་གྱི་དངོས་གཞི་དང་ཉེར་སྡོགས་ལ་ཚོར་བའི་དབང་པོ་རིགས་མི་འདྲ་བ་ཡོད་པས་དབང་པོ་འཕོ་དཀའ་ལ། ལྷག་མ་རྣམས་ལ་བཏང་སྙོམས་ཁོ་ནར་ངེས་པས་དབང་པོ་འཕོ་མི་དཀའོ་སྙམ་དུ་བསམས་སོ། །དེ་ལྟར་ཉེར་སྡོགས་ཀྱི་ཡིད་བྱེད་དྲུག་གི་ངོས་འཛིན་གོང་དུ་བཤད་པ་དེ་ལྟ་བུ་ནི་འཇིག་རྟེན་པའི་ལམ་གྱིས་ས་འོག་མ་ལས་འདོད་ཆགས་དང་བྲལ་བའི་དབང་དུ་བྱས་ཀྱི་དྲུག་པོ་དེར་གྲངས་ངེས་པ་ནི་མ་ཡིན་ཏེ། མཐོང་ལམ་དང་སྒོམ་ལམ་ཟག་མེད་རྣམས་དང་པོའི་ཉེར་


JLD017_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྡོགས་ལ་བརྟེན་པ་ཡོད་ཅིང༌། དེ་གཉིས་ཞི་རགས་ཀྱི་རྣམ་པ་ཅན་དུ་འགལ་ལ། ཁྱད་པར་དུ་མཐོང་ལམ་འདོད་པའི་སྒོམ་སྤང་གི་གཉེན་པོར་མི་རུང་བའི་ཕྱིར་རོ། །སྤྱིར་ས་གོང་འོག་ལ་འདོད་པ་དང་མི་འདོད་པའི་རྣམ་པར་སྒོམ་པའི་ལམ་འདིས་འདོད་པ་ལྟ་བུའི་ཉོན་མོངས་མངོན་གྱུར་མ་ལུས་པར་སྤངས་པར་འདོད་པ་ལ། བྱེ་སྨྲ་རྣམས་ཅི་ཡང་མེད་པ་མན་ཆད་ཀྱི་མཐོང་སྤང་དང་སྒོམ་སྤང་གི་ཉོན་མོངས་གཉིས་ཀ་དང༌། མདོ་སྡེ་པ་རྣམས་སྒོམ་སྤང་རྣམས་སྤོང་བར་འདོད་དོ། །འོན་ཀྱང་ཞིབ་ཏུ་དཔྱད་ན་བྱིས་པས་ཞི་རགས་སུ་སྒོམ་པའི་ལམ་གྱིས་འདོད་པའི་སྒོམ་སྤང་གི་ཉོན་མོངས་མངོན་གྱུར་ཀྱང་མ་ལུས་པར་སྤོང་མི་ནུས་ཏེ། འདོད་པའི་རྟེན་ཅན་གྱི་ཉོན་ཡིད་འཕགས་ལམ་མ་ཐོབ་བར་དུ་ལྡོག་པ་མི་སྲིད་ལ། དེ་འདོད་པའི་སར་གཏོགས་པའི་སྒོམ་སྤང་གི་ཉོན་མོངས་ཡིན་པས་སོ། །དེ་ལྟར་ཡང་སུམ་ཅུ་པ་ལས། གང་དུ་སྐྱེས་པ་དེ་ཡིའོ། ཞེས་རྟེན་ས་གང་དུ་གཏོགས་པ་དེར་དེའི་ཉོན་ཡིད་ཀྱང་ས་དེར་གཏོགས་པར་བཤད་པས་སོ། །རིགས་པ་འདིས་ས་ལྷག་མ་རྣམས་ལ་ཡང་ཤེས་པར་བྱ་ལ་དེའི་སྟེང་ནས་ཐོད་རྒལ་པའི་དགེ་འདུན་གྱི་སྤངས་པ་ལ་ཡང་ཞིབ་ཆ་གདོན་པར་བྱའོ། །ཉེར་སྡོགས་བརྒྱད་པོ་དེ་ཡང་དང་པོ་མ་གཏོགས་པ་རྣམས་དག་པ་བ་ཁོ་ན་དང༌། དང་པོ་ལ་དག་པ་བ་དང༌། ཟག་མེད་གཉིས་ཡོད་ལ། ཁ་ཅིག་རོ་མྱང་ཅན་དང་གསུམ་ཡོད་དེ་དངོས་གཞི་ལ་འགྲན་འཛུགས་


JLD017_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ་ཞེས་འདོད་དེ། མཛོད་ལས། དེ་དག་ལ་ནི"་ཉེར་བསྡོགས་བརྒྱད། །དག་པ་བདེ་མིན་སྡུག་བསྔལ་མིན། །དང་པོ་འཕགས་པའང་ཁ་ཅིག་གསུམ། ཞེས་སོ། །འདི་ལས་ཉེར་སྡོགས་ཀྱི་ཚོར་བ་བཏང་སྙོམས་སུ་བཤད་པ་ནི་འདིར་མི་བཟུང་ངོ༌། །གཉིས་པ་ལ་གསུམ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་དང༌། དེ་དག་གི་རྣམ་གཞག་དཔྱད་པའོ། །དང་པོ་ལ་གཉིས། ཉོན་མོངས་ཅན་དང༌། དག་པ་པའོ། །དང་པོ་ནི། གང་ཉོན་མོངས་པར་བྱ་བའི་གཞི་དང༌། གང་གིས་ཉོན་མོངས་པར་བྱེད་པའི་ཆོས་དང༌། ཇི་ལྟར་ཉོན་མོངས་པར་བྱེད་པའི་ཚུལ་དང་གསུམ་གྱིས་རིག་པར་བྱའོ། །དང་པོ་ནི། བསམ་གཏན་བཞི་དང༌། གཟུགས་མེད་པའི་དངོས་གཞི་དག་པ་བ་སྟེ་དེ་དག་ལ་མཉམ་པར་བཞག་པ་ན་ཕྱིས་ཉོན་མོངས་པ་བཞིས་ཅི་རིགས་པར་ཉོན་མོངས་ཅན་དུ་འགྱུར་བའི་ཕྱིར་ཏེ། མཛོད་ལས། འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ་དེ་ནི་དེས་མྱང་བྱ། ཞེས་པ་ལྟར་རོ། །གཉིས་པ་ནི། རྩ་ཉོན་རྣམས་ཀྱི་ནང་ནས་ཁོང་ཁྲོ་བོར་བ་སྟེ་དེ་ནི་ཁམས་གོང་མའི་སེམས་ལ་མེད་པས་སོ། །དེས་ན་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྲེད་ལྟ་ང་རྒྱལ་མ་རིག་པ་བཞི་ཡིན་ལ་དེ་ཡང་གོང་མ་གཉིས་ཀྱི་ས་པ་སྟེ། ཀུན་བཏུས་ལས། ཉོན་མོངས་པས་ཇི་ལྟ་བུ་ཞེ་ན། ལུང་དུ་མ་བསྟན་པའི་རྩ་བ་བཞི་པོ་སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པ་སྟེ་ཞེས་


JLD017_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རོ། །གསུམ་པ་ནི། དག་པ་པའི་སྙོམས་འཇུག་དེ་དག་ལ་མཉམ་པར་བཞག་པ་ན་དེ་ལ་འདོད་ཆགས་སྐྱེས་ནས་སྔར་དགེ་བ་ཡིན་ཀྱང་ཕྱིས་ཉོན་མོངས་དང་མཚུངས་ལྡན་དང༌། དེ་བཞིན་དུ་དེ་དག་ཐོབ་པ་ན་བདག་གིས་འདི་ཐོབ་ཀྱི་གཞན་གྱིས་མིན་ནོ་ཞེས་ཁེངས་པས་ང་རྒྱལ་དང་ལྡན་པ་དང༌། དེ་དག་ཐོབ་པ་ན་ལམ་དང་ལམ་མིན་ལ་རྨོངས་པའི་མཐུས་འདི་དག་ནི་ཐར་ལམ་ཡིན་ལས་ཆེ་སྙམ་པ་དང༌། ཐར་ལམ་ཡིན་པ་ལ་དེ་ལས་བཟློག་པར་ཐེ་ཚོམ་ཟོས་ནས་དེ་དང་ལྡན་པ་དང༌། སྙོམས་འཇུག་དེ་དག་ལ་བརྟེན་ནས་མངོན་ཤེས་ཀྱིས་སྔོན་དང་ཕྱི་མའི་མཐའ་འགའ་ཞིག་མཐོང་བ་ན་དེ་ལ་འཇིག་རྟེན་རྟག་སོགས་སུ་ལོག་པར་ལྟ་བ་སྐྱེས་པས་དེ་དང་ལྡན་པར་སོང་བའོ། །འོ་ན་གཟུགས་མེད་མངོན་ཤེས་ཀྱི་རྟེན་མིན་པས་དེ་ལ་ལྟ་བས་ཉོན་མོངས་པར་བྱེད་ཚུལ་གང་ཞེ་ན། བདེན་མོད་ཀྱི་འོན་ཀྱང་གཟུགས་མེད་ལ་ནི་སྔར་ལྟ་ལོག་རྒྱུད་ལ་ལྡན་བཞིན་དུ་སྙོམས་འཇུག་དག་ཐོབ་པ་ན་བདག་གི་ལྟ་བ་འདི་ནི་མཆོག་སྟེ་འདིའི་མཐུས་ཏིང་ངེ་འཛིན་འདི་ཐོབ་པས་སོ་ཞེས་ལྟ་ངན་ལ་མཆོག་འཛིན་གྱི་ལྟ་བ་སྐྱེ་བས་དེ་ལྟར་ཉོན་མོངས་ཅན་དུ་བྱེད་པས་སྐྱོན་མེད་དོ། །ཉོན་མོངས་ཅན་བཞིར་བྱེད་པ་འདི་ནི་ཉི་འོག་བྱེ་སྨྲ་དང་མཐུན་ཏེ་མཛོད་ལས། བཞི་ཞེས་ཉི་འོག་པ། །དེ་དག་སྲེད་ལྟ་ང་རྒྱལ་རྨོངས། ཞེས་སོ། །ཁ་ཆེ་བྱེ་སྨྲ་ནི་ཉོན་མོངས་ཅན་ལ་སྲེད་པ་ཤས་ཆེ་བའི་རོ་མྱང་ཅན་གཅིག་པུ་འདོད་དོ། །འོ་ན་འདི་སྙོམས་


JLD017_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་བསམ་གཏན་དང་གཟུགས་མེད་མཚན་ཉིད་པ་ཡིན་ནམ་ཞེ་ན། འདི་དག་ཆགས་སོགས་དང་མཚུངས་པར་ལྡན་པའི་ཕྱིར་མཚན་ཉིད་པ་མིན་ཏེ་ཡིན་ན་ཉོན་མོངས་ཅན་ཐམས་ཅད་ཀྱང་སྙོམས་འཇུག་ཏུ་ཧ་ཅང་ཐལ་ཏེ་རྒྱུ་མཚན་ཁྱད་པར་མེད་པས་སོ། །དེས་ན་འདི་སྔར་སྙོམས་འཇུག་གི་རྫས་ཡིན་པ་ཙམ་ལ་བསམས་ནས་སྙོམས་འཇུག་གི་དངོས་གཞིའི་རྫས་ཀྱི་དབྱེ་བ་ལ་བགྲངས་ཀྱི་མཚན་ཉིད་པ་ཡིན་ནས་མིན་ཏེ། དཔེར་ན་ས་བོན་རུལ་བ་དེ་སྔར་ས་བོན་གྱི་དངོས་པོ་ཡིན་པས་ས་བོན་ཞེས་པའི་ཐ་སྙད་བཏགས་པ་བཞིན་ཏེ། མཛོད་འགྲེལ་ལས། ཉོན་མོངས་ཅན་ཇི་ལྟར་བསམ་གཏན་ཡིན་ཞེ་ན་ལོག་པར་སེམས་པའི་ཕྱིར་རོ། །ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་དང་རིགས་མཐུན་པ་ཁོ་ན་ལ་དེའི་མིང་དུ་བཏགས་པའི་ཕྱིར་ཏེ་དཔེར་ན་ས་བོན་རུལ་བ་བཞིན་ནོ་ཞེས་སོ། །གཞན་ཡང་འདི་ལུང་མ་བསྟན་པ་དང་འདི་ལ་དེ་དང་དེའི་ཡན་ལག་རྣམས་ཀྱང་མི་ལྡན་པའི་ཕྱིར་ཏེ། མཛོད་ལས། སྙོམས་འཇུག་དགེ་བ་རྩེ་གཅིག་པ། ཞེས་དང༌། ཉོན་མོངས་ཅན་ལ་དགའ་བདེ་དང༌། །རབ་དང་ཤེས་བཞིན་དྲན་པ་དང༌། །བཏང་སྙོམས་དྲན་པ་དག་པ་མེད། ཅེས་སོ། །གཉིས་པ་ནི། བསམ་གཏན་དང་གཟུགས་མེད་འཇིག་རྟེན་པའི་དགེ་བ་སྟེ་རང་སའི་ཀུན་དཀྲིས་དང་བྲལ་བས་དག་པ་བའམ་རྣམ་བྱང་ཞེས་བྱའོ། །དེ་ལྟར་ཡང་ཀུན་བཏུས་ལས། རྣམ་པར་


JLD017_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བས་ཇི་ལྟ་བུ་ཞེ་ན་དག་པའི་བསམ་གཏན་དང་གཟུགས་མེད་པ་རྣམས་ཀྱང་དགེ་བའི་ཕྱིར་རྣམ་པར་བྱང་བ་ཞེས་བྱའོ་ཞེས་སོ། །དེ་ལ་དབྱེ་ན་ཉམས་པ་དང་གནས་པ་དང་ཁྱད་པར་དང་ངེས་འབྱེད་ཆ་མཐུན་བཞི་ཡོད་དེ་མཛོད་ལས། དག་པ་ཉམས་པའི་ཆ་མཐུན་སོགས། །རྣམ་བཞི་ཞེས་སོ། །དེ་དག་ནི་རིམ་པ་ལྟར་རང་གི་འཇུག་ཐོགས་སུ་རང་སའི་ཉོན་མོངས་དང་རང་དང་གོང་སའི་དག་པ་བ་དང་ཟག་མེད་ཀྱི་ལམ་སྐྱེ་བ་དང་རྗེས་སུ་མཐུན་པ་སྟེ་མཛོད་ལས། ཉོན་མོངས་སྐྱེ་དང་རང་ས་དང༌། །གོང་དང་ཟག་མེད་རྗེས་མཐུན་ནོ། ཞེས་སོ། །དེ་ཡང་སྲིད་རྩེ་ལ་གོང་ས་མེད་པས་ཁྱད་པར་ཆ་མཐུན་དོར་ལ་གཞན་རྣམས་ལ་བཞི་ག་སྦྱར་རོ། །གཉིས་པ་ནི་བསམ་གཏན་བཞི་དང་གཟུགས་མེད་དང་། དང་པོ་གསུམ་སྟེ་་བདུན་ལ་འཇིག་རྟེན་ལས་འདས་པའི་ལམ་རྟེན་གྱི་སྲིད་རྩེ་ལ་མིན་ཏེ་ཟག་མེད་ཀྱི་ལམ་ནི་རང་ཡུལ་གསལ་བར་གཅོད་ལ། ས་འདི་ནི་འདུ་ཤེས་ཀྱི་རྒྱུ་བ་ཤིན་ཏུ་མི་གསལ་བའི་ཕྱིར་རོ། །དེ་ལྟར་ཡང་ཀུན་བཏུས་ལས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་འདུ་ཤེས་ཀྱི་རྒྱུ་བ་ཡོངས་སུ་མི་གསལ་བའི་ཕྱིར་འཇིག་རྟེན་པ་ཉིད་དེ་དེའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཅི་ཙམ་དུ་འདུ་ཤེས་ཀྱིས་སྙོམས་པར་འཇུག་པ་དེ་ཙམ་དུ་ཀུན་ཤེས་པ་རྟོགས་སོ་ཞེས་གསུངས་པ་ལྟ་བུའོ། ཞེས་འདུ་ཤེས་ཀྱི་རྒྱུ་བ་གསལ་བ་ཡོད་པ་དེ་སྲིད་དུ་ཀུན་ཤེས་པ་ཟག་མེད་ཡོད་པར་གསུངས་པ་ཤེས་བྱེད་དུ་


JLD017_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ནོ། །མངོན་པ་གོང་འོག་ནས་འདི་ལྟར་བཤད་ཀྱང༌། སློབ་དཔོན་འདིས་ནི་ཉན་ཐོས་ཀྱིས་སྒོམ་པ་ན་ཐབས་མི་མཁས་པས་དེ་ལྟར་ཡིན་ཀྱང་བྱང་སེམས་ཀྱིས་འདི་སྒོམ་པ་ན་ཐབས་ལ་མཁས་པས་ཟག་མེད་དུ་འགྱུར་བར་བཤད་དོ། །སྤྱིར་ན་དང་པོའི་ཉེར་སྡོགས་དང་དངོས་གཞི་ཙམ་ཁྱད་གཉིས་སུ་བྱས་ནས་ཟག་མེད་དགུར་བཤད་དོ། །གསུམ་པ་ལ་གསུམ། བསམ་གཏན་གྱི་ཡན་ལག་དང༌། གཟུགས་མེད་ཀྱི་དམིགས་རྣམ་དཔྱད་པ་དང༌། དེ་དག་བསྒོམས་པའི་འབྲས་བུ་བཤད་པའོ། །དང་པོ་གསུམ། རྫས་བཏགས་ཀྱི་ཁྱད་པར། ཡན་ལག་གི་ངོ་བོ། གྲངས་ངེས་པའི་ཚུལ་ལོ། །དང་པོ་ནི། སྤྱིར་བསམ་གཏན་གྱི་ཡན་ལག་ལ་མིང་གི་སྒོ་ནས་བཅོ་བརྒྱད་ཡོད་དེ། མཛོད་ལས། དང་པོ་ལ་ལྔ་རྟོག་དཔྱོད་དང༌། །དགའ་དང་བདེ་དང་ཏིང་འཛིན་རྣམས། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དང་ནི་དགའ་བ་སོགས། །གསུམ་པ་ལ་ལྔ་བཏང་སྙོམས་དང༌། །དྲན་དང་ཤེས་བཞིན་བདེ་དང་གནས། །མཐའ་ན་བཞི་དྲན་བཏང་སྙོམས་དང༌། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། ཞེས་པ་ལྟར་རོ། །དེ་དག་བྱེ་སྨྲ་རྣམས་རྫས་བཅུ་གཅིག་ཏུ་འདོད་དེ། རྟོག་དཔྱོད་དགའ་བདེ་ཏིང་འཛིན་རབ་དང་དྲན་ཤེས་བཞིན་འདུ་བྱེད་བཏང་སྙོམས། བདེ་བ་ཚོར་བ་བཏང་སྙོམས་ཀྱི་རྫས་སོ། །གོང་མ་བ་ལྟར་ན་དགའ་བདེ་གཉིས་རྫས་གཅིག་ཡིན་ཞིང༌། རབ་དང་ནི་དྲན་


JLD017_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བཞིན་བཏང་སྙོམས་གསུམ་གྱི་ངོ་བོ་ཡིན་པས་རྫས་སུ་དགུ་དང་ལྷག་མ་བཏགས་ཡོད་དུ་འདོད་དོ། །ཡང་ན་བདེ་བ་རྣམས་ཀྱང་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་གཅིག་པས་རྫས་གཅིག་ཏུ་བགྲངས་ནས་བརྒྱད་དུ་བྱའོ། །གཉིས་པ་ལ་བཞི་ལས། དང་པོ་ནི། བསམ་གཏན་དང་པོའི་ཡན་ལག་ལྔ་ལས་རྟོག་པ་ནི་ངོ་བོ་ཙམ་ཚོལ་བའོ། །དཔྱོད་པ་ནི་ཞིབ་ཏུ་དཔྱོད་པ་སྟེ་གཉིས་ཀ་ཡང་ནང་གི་བརྗོད་པ་དག་ཀུན་ནས་སློང་བའོ། །འདི་གཉིས་བསམ་གཏན་གཞན་གསུམ་ལ་ཡང་སས་བསྡུས་པའི་ཚུལ་གྱིས་མེད་ཀྱི་ཀུན་ཏུ་འབྱུང་བའི་སྒོ་ནས་ཡོད་པར་རྟོག་དཔྱོད་ཀྱི་ས་ལས་བཤད་དོ། །དེ་གཉིས་ཆར་ཀྱང་སེམས་པའམ་ཤེས་རབ་གཉིས་ཆར་ལ་བཏགས་པའོ། །དགའ་བདེ་ནི་རིམ་པ་ལྟར་ཚོར་བ་ཡིད་བདེ་དང་སེམས་བྱུང་ཤིན་སྦྱངས་ཀྱི་བདེ་བ་ལ་བྱེ་སྨྲ་རྣམས་འདོད་དོ། །མཛོད་དུ། དང་པོ་ནི། ཤིན་ཏུ་སྦྱངས་པ་བདེ་བ་ཡིན། ཞེས་དང༌། ལུང་རྣམ་གཉིས་ཕྱིར་དགའ་ཡིད་བདེ། ཞེས་སོ། །དེ་ལྟར་འདོད་པ་ཡང་བདེ་བ་ཚོར་བ་ལ་བྱས་ན་ལུས་ཚོར་དུ་མི་རུང་སྟེ། སྙོམས་འཇུག་གི་བསམ་གཏན་ལ་དབང་ཤེས་ཀྱི་ས་བ་མེད་པའི་ཕྱིར་ཏེ་དབང་ཤེས་ནི་ཕྱི་རོལ་དུ་གཡེང་བས་སོ། །ཡིད་ཤེས་འཁོར་གྱི་ཚོར་བར་ཡང་མི་རུང་སྟེ། དགའ་བ་ཡང་ཚོར་བ་ཡིད་བདེ་ཡིན་པས་བདེ་བ་དང་དེ་གཉིས་ཅིག་ཅར་འབྱུང་ན་རྫས་མཚུངས་ཉམས་པ་དང༌། རིམ་གྱིས་འོང་ན་བསམ་གཏན་དང་པོ་དང་གཉིས་པ་གཉིས་


JLD017_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལྔ་པ་དང༌། ཡན་ལག་བཞི་པར་མི་འགྱུར་ཏེ། ཡན་ལག་རྣམས་ནི་ཅིག་ཅར་འབྱུང་བས་སོ། །སྙམ་དུ་བསམས་པའོ། །འདི་ལ་མཛོད་འགྲེལ་དུ་གཞན་དག་ན་རེ། སེམས་ལས་བྱུང་བའི་བདེ་བའི་དབང་པོ་ནི་མེད་པ་ཁོ་ན་སྟེ་བསམ་གཏན་གསུམ་ཆར་ན་ཡང་ལུས་ཀྱི་བདེ་བ་ཁོ་ན་ཡན་ལག་ཏུ་རྣམ་པར་བཞག་གོ་ཞེས་ཟེར་རོ། ཞེས་བསམ་གཏན་དང་པོ་གསུམ་གའི་བདེ་བ་ཡིད་ཀྱི་ས་པ་མིན་པར་ལུས་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་ལ་འདོད་དེ། ཤིན་སྦྱངས་བདེ་བར་འདོད་ན་བསམ་གཏན་བཞི་པ་ལ་དེ་མྱོང་བཞིན་དུ་ཅིའི་ཕྱིར་མ་སྨོས། ཚོར་བ་བདེ་བ་སྐྱེ་བ་དང་རྗེས་སུ་མཐུན་པའི་ཤིན་སྦྱངས་སོ་ཞེ་ན་ནི་གསུམ་པ་ལ་ཡང་ཐལ་བར་འགྱུར་རོ། །དེས་ན་བསམ་གཏན་གསུམ་པའི་མདོར། བདེ་བ་ལུས་ཀྱིས་མྱོང་ལ་ཞེས་རང་གི་སྒྲས་གསུངས་པའི་ཕྱིར་ལུས་ཚོར་རོ་ཞེས་འདོད་དོ། །ཉན་ས་ལས་ནི། གཟུགས་ཀྱི་ལུས་དང་ཡིད་ཀྱི་ལུས་ཀྱིས་ཚོར་བའི་བདེ་བ་དང་ཤིན་ཏུ་སྦྱངས་པའི་བདེ་བ་སོ་སོར་མྱོང་བར་བྱེད་པས་ན་དེའི་ཕྱིར་བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་གསུངས་སོ་ཞེས་གཟུགས་ལུས་ཀྱིས་ཤིན་སྦྱངས་དང་ཡིད་ལུས་ཀྱིས་ཚོར་བའི་བདེ་བ་མྱོང་བར་བཤད་པ་ནི་བཤད་མ་ཐག་པས་གཟུགས་ལུས་དང༌། བྱེ་སྨྲ་རྣམས་ཡིད་ལུས་ཁོ་ནར་འདོད་པ་དང་མི་མཐུན་ནོ། །དེས་ན་ཀུན་བཏུས་འགྲེལ་པར། བསམ་གཏན་དང་པོ་གཉིས་ན་ཡིད་ཤེས་འཁོར་གྱི་ཚོར་


JLD017_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བ་སིམ་པར་མྱོང་བ་ཉིད་ཀྱིས་དབང་པོ་རྟེན་བཅས་ཀྱི་ལུས་ལས་སུ་རུང་བར་བྱས་པས་ལུས་དང༌། རང་དང་མཚུངས་ལྡན་གྱི་ཡིད་ཤེས་འཁོར་བཅས་དགའ་རྣམ་གྱིས་ཚིམ་པར་བྱས་པས་སེམས་ལ་ཕན་འདོགས་པའི་བྱ་བ་གཉིས་བྱེད་པས་རིམ་པ་ལྟར་བདེ་བ་དང་དགའ་བ་ཞེས་འཇོག་གོ་ཞེས་བཤད་པ་དང་ཉན་ས་གཉིས་མཐུན་ནོ། །ཏིང་ངེ་འཛིན་རང་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་ཞི་རགས་སོགས་ཀྱི་དམིགས་པ་གཅིག་ལ་སྡུད་པར་བྱེད་པའོ། །དེ་ལྔ་ལས་རྟོག་པ་ཆེས་རགས་པས་དེ་ལ་སྐྱོན་དུ་བལྟས་ནས་སྒོམས་པས་་དེ་གཅིག་པུ་ལ་ཆགས་པ་དང་བྲལ་བ་ལ་དང་པོའི་དངོས་གཞི་ཁྱད་པར་ཅན་ཞེས་བྱའོ་ཞེས་མཛོད་པ་རྣམས་འཆད་དོ། །གཉིས་པ་ནི། བསམ་གཏན་གཉིས་པའི་ཡན་ལག་བཞི་ལས་རབ་ཏུ་དང་བ་ནི། མཛོད་ལས། རབ་ཏུ་དང་བ་དད་པ་ཡིན། ཞེས་མཉམ་གཞག་གིས་བསམ་གཏན་དང་པོ་ལས་ངེས་པར་འབྱུང་བ་ལ་ཡིད་ཆེས་པའི་དད་པའོ་ཞེས་འདོད་ཀྱང༌། བསྡུ་བ་ལས། དེ་ལ་ནང་ཡོངས་སུ་དང་པའི་ཆོས་ཀྱི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། དྲན་པ་དང་ཤེས་བཞིན་དང༌། བཏང་སྙོམས་ཀྱི་ངོ་བོ་ཉིད་དོ། ཞེས་པ་ལྟར་རོ། །ཡན་ལག་ལྷག་མ་རྣམས་ནི་སྔར་ལྟར་རོ། །འདིར་རྟོག་དཔྱོད་གཉིས་ཆར་དང་བྲལ་བར་མངོན་པ་གོང་འོག་དང་ཡུམ་གྱི་མདོ་རྣམས་སུ་གསུངས་ཤིང༌། འབུམ་གྱི་གནོད་འཇོམས་སུ། བསམ་གཏན་དང་པོ་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའོ། །བསམ་གཏན་གཉིས་པ་ནི་རྟོག་པ་མེད་ལ་


JLD017_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་ཙམ་དང་བཅས་པའོ། །བསམ་གཏན་གསུམ་པ་དང་བཞི་པ་གཉིས་ནི་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་སྟེ་ཞེས་བཤད་པ་ནི། ཤེས་རབ་ཁྲི་པར་རྟོག་བཅས་དཔྱོད་བཅས་ཀྱི་ཏིང་ངེ་འཛིན་བསམ་གཏན་དང་པོ་དང༌། རྟོག་མེད་དཔྱོད་བཅས་བསམ་གཏན་དང་པོ་དང་གཉིས་པའི་བར་ལ་བཤད་པས་འཁྲུལ་གཞི་བྱས་པ་འདྲའོ། །གང་ཡང་ཤེས་རབ་ཁྲི་པར་རྟོག་མེད་དཔྱོད་མེད་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་ལ་བཤད་པ་ནི་ཡི་གེ་མ་དག་པས་བསམ་གཏན་གཉིས་པ་ནས་ཐོག་མའི་མཚམས་གཟུང་ལ། དང་པོ་དང་གཉིས་པའི་བར་ནི་དང་པོའི་དངོས་གཞི་ཙམ་པོ་ལ་བྱ་སྟེ། བསམ་གཏན་གཉིས་པ་ལ་རྟོག་དཔྱོད་དང་བྲལ་བར་དེ་ཉིད་ལས་བཤད་པས་སོ། །གསུམ་པ་ནི། བསམ་གཏན་གསུམ་པའི་ཡན་ལག་ལྔ་ལས་བདེ་བ་ནི། ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་དེ་ཉིད་དགའ་བའི་གཡོ་བ་དང་བྲལ་བར་གྱུར་པ་ཙམ་མོ། །དྲན་པ་དང་ཤེས་བཞིན་དགའ་བའི་ཀུན་དཀྲིས་ཟློག་པའི་དམིགས་རྣམ་འཛིན་པ་དང་དེ་ལྡན་མི་ལྡན་གྱི་བྱ་ར་བྱེད་པའོ། །བཏང་སྙོམས་ནི་རྟོག་དཔྱོད་དང་དགའ་བའི་སྐྱོན་དང་བྲལ་བས་དེ་དག་གིས་མི་མཉམ་པ་མེད་པའོ། །དེ་ལྟར་ན་དྲན་ཤེས་བཞིན་དང་འདུ་བྱེད་བཏང་སྙོམས་འདི་གསུམ་ནི་དང་པོར་ཡོད་ཀྱང་རྟོག་དཔྱོད་ཀྱིས་བསླད་པ་དང༌། གཉིས་པར་ཡང་དགའ་བའི་སྐྱོན་གྱིས་བསྒྲིབས་པས་རང་མིང་ནས་མ་སྨོས་པར་རབ་དང་གི་མིང་གིས་


JLD017_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ཤིང་འདིར་སྐྱོན་དེ་དག་དང་བྲལ་བས་རང་མིང་གིས་སྨོས་ཏེ། བསྡུ་བ་ལས། དེ་ལ་བསམ་གཏན་དང་པོ་ལ་ནི་དྲན་པ་དང་ཤེས་བཞིན་དང་བཏང་སྙོམས་དག་རྟོག་པ་དང་དཔྱོད་པའི་སྒོ་དག་གིས་མངོན་པར་བསྒྲུབས་པས་ན་དེའི་ཕྱིར་ཡོད་ཀྱང་མ་སྨོས་སོ། །བསམ་གཏན་གཉིས་པ་ལ་ནི་ངོ་བོ་ཉིད་ལས་ལས་བྱེད་པ་དག་ཡིན་ཡང་སེམས་དགའ་བའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་ཡིན་པས་དེའི་ཕྱིར་ན་ཡོངས་སུ་དང་བའི་མིང་གིས་བསྟན་ཏོ། །བསམ་གཏན་གསུམ་པ་ལ་ནི་སེམས་ཀྱི་ཉེ་བའི་ཉོན་མོངས་པ་དེ་དང་བྲལ་བའི་ཕྱིར། རང་གི་མཚན་ཉིད་དེ་ཁོ་ནས་བསྟན་ཏེ། ཞེས་སོ། །བཞི་པ་ནི། བསམ་གཏན་བཞི་པའི་ཡན་ལག་ནི་རྟོག་དཔྱོད་ཡིད་བདེ་མི་བདེ་དབུགས་འབྱུང་རྔུབ་བདེ་སྡུག་གི་སྐྱོན་བརྒྱད་དང་བྲལ་བས་དེ་དག་གིས་ཡོངས་སུ་དག་པ་སྟེ། མཛོད་ལས། སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། །བཞི་པ་གཡོ་བ་མེད་པ་ཡིན། །རྟོག་དང་དཔྱོད་དང་དབུགས་དག་དང༌། །བདེ་བ་ལ་སོགས་བཞི་ཡིན་ནོ། ཞེས་སོ། །རྟོག་དཔྱོད་དང་དགའ་བདེ་འདི་དག་ཀྱང་བཞི་པ་ལ་ལྟོས་ནས་གཡོ་བའི་སྐྱོན་དུ་བཤད་ཀྱི། རང་ས་ལ་ལྟོས་ནས་ནི་མིན་ཏེ། བསྡུ་བ་ལས། གང་གི་ཚེ་བསམ་གཏན་དང་པོ་ལ་སོགས་པའི་རྟོག་པ་དང་དཔྱོད་པ་ལ་སོགས་པའི་ཏིང་ངེ་འཛིན་ལ་ཕན་འདོགས་པ་དག་བསམ་གཏན་རྣམས་ཀྱི་རང་གི་ས་ལ་ཕན་འདོགས་པ་དང་ཡོངས་སུ་དག་པར་འགྱུར་བའི་ཕྱིར་འཇུག་པ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་


JLD017_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བའི་མིང་དུ་བསྟན་ཞེ་ན། སྨྲས་པ་གཞན་གྱི་ས་ལས་ལྟོས་ཏེ་བསྟན་པ་ཡིན་གྱི་རང་གི་ས་ལས་ནི་མ་ཡིན་ནོ། ཞེས་སོ། །བསམ་གཏན་དེ་དག་གི་ཁྱད་པར་ཡང་བསྡུ་བར་གསུངས་ཏེ། ཇི་སྐད་དུ། བསམ་གཏན་དང་པོ་དང་བསམ་གཏན་གཉིས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྨྲས་པ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ཁྱད་པར་ཡོད་དོ། །བསམ་གཏན་གཉིས་པ་དང་བསམ་གཏན་གསུམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྨྲས་པ་ཕན་འདོགས་པ་ཡོངས་སུ་རྫོགས་པའི་ཁྱད་པར་ཡོད་དོ། །བསམ་གཏན་གསུམ་པ་དང་བསམ་གཏན་བཞི་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྨྲས་པ་ཡོངས་སུ་དག་པ་རྫོགས་པའི་ཁྱད་པར་ཡོད་དོ། ཞེས་སོ། །གསུམ་པ་ནི། ཅིའི་ཕྱིར་བསམ་གཏན་རྣམས་ལ་ཡན་ལག་ལྔ་དང་བཞིར་བཞག་ཅེ་ན། ཀུན་བཏུས་ལས། གཉེན་པོའི་ཡན་ལག་དང་ཕན་ཡོན་གྱི་ཡན་ལག་དང་དེ་གཉིས་ཀའི་གནས་ཀྱི་ཡན་ལག་གི་ཕྱིར་རོ། ཞེས་པ་ལྟར་ཏེ། འདི་ལྟར་བསམ་གཏན་བཞི་ལ་རིམ་པ་ལྟར་རྟོག་དཔྱོད་དང་རབ་ཏུ་དང་བ་དང༌། དྲན་ཤེས་བཞིན་བཏང་སྙོམས་གསུམ་དང༌། དྲན་པ་དང༌། བཏང་སྙོམས་ཡོངས་སུ་དག་པ་རྣམས་གཉེན་པོའི་ཡན་ལག་སྟེ་འོག་སའི་ཉོན་མོངས་རྣམས་སྤོང་བས་སོ། །དེ་ཡང་ཉེར་སྡོགས་ཀྱི་སྐབས་ཀྱི་གཉེན་པོའི་རྒྱུན་ཡིན་ལ་དངོས་གཞིའི་ཚེ་ན་ནི་འོག་སའི་ཐག་སྲིང་བྱེད་ཙམ་ཡིན་གྱི་སྤོང་གཉེན་དངོས་མིན་ནོ། །ཕན་ཡོན་གྱི་ཡན་ལག་


JLD017_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིམ་པ་ལྟར་དགའ་བདེ་ཟུང་གཉིས་དང་བདེ་བ་དང་ཚོར་བ་བཏང་སྙོམས་ཏེ། འདི་དག་ནི་འོག་ས་ལས་གཉེན་པོས་རྒྱལ་བ་ན་ཐོབ་པའི་ཕན་ཡོན་ཡིན་པས་སོ། །ཐམས་ཅད་ཀྱི་ཡང་གནས་ཀྱི་ཡན་ལག་ནི་ཏིང་ངེ་འཛིན་ཏེ། དེས་གཉེན་པོ་དང་ཕན་ཡོན་རྣམས་སྐྱེད་པར་བྱེད་པས་སོ། །དེས་ན་དེ་གསུམ་གྱི་དབང་དུ་བྱས་ཏེ་ཡན་ལག་དེ་རྣམས་སུ་གྲངས་ངེས་ཀྱི་ཡན་ལག་དེ་དག་གང་ཡང་མིན་པའི་སྙོམས་འཇུག་གི་བསམ་གཏན་མེད་པ་མ་ཡིན་ཏེ། གཞན་དུ་ན་ཡན་ལག་དེ་དག་དང་མཚུངས་པར་ལྡན་པའི་སེམས་པ་དང་འདུ་ཤེས་ལ་སོགས་པའི་སེམས་སེམས་བྱུང་རྣམ་པ་དགུ་པོ་གང་ཡང་མིན་པར་འགྱུར་ཏེ། བསམ་གཏན་གྱི་སྙོམས་འཇུག་ནི་མིན་ལ་གཞན་ཡིན་པར་ཡང་མི་རུང་བའི་ཕྱིར་རོ། །དེ་ལྟར་རྟོག་དཔྱོད་སྤངས་པས་གཉིས་པ་དང༌། དགའ་བ་སྤངས་པས་གསུམ་པ་དང༌། བདེ་བ་སྤངས་པས་བཞི་པར་འཇོག་པའི་ཕྱིར་བསམ་གཏན་རྣམས་ལ་ཡན་ལག་གི་སྒོ་ནས་འོག་ས་ལས་འདའ་བ་ཞེས་བྱའོ། །གཉིས་པ་ལ་བཞི། ནམ་མཁའ་དང་རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ་སྲིད་རྩེའོ། །དང་པོ་ནི། བསམ་གཏན་བཞི་པ་ཐོབ་པ་ན་རྣལ་འབྱོར་པ་དེས་གཟུགས་ལ་སྐྱོན་དང་གཟུགས་མེད་ལ་ཡོན་ཏན་དུ་མཐོང་ནས་གཟུགས་ཀྱི་འདུ་ཤེས་བཟློག་པའི་ཕྱིར། ཁ་དོག་དང་དབྱིབས་དང་རེག་བྱ་སོགས་ཀྱིས་མཚན་མ་དང་བྲལ་བའི་ནམ་མཁའི་འདུ་ཤེས་ཁོ་ན་བསྒོམས་པ་ན་སྔོ་སེར་སོགས་


JLD017_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྣང་བའི་གཟུགས་དང༌། གྱང་དང་རྩིག་པ་སོགས་སུ་སྣང་བའི་ཐོགས་པ་དང༌། གོས་རྒྱན་སྐྱེད་མོས་ཚལ་རི་ལ་སོགས་པར་སྣང་བའི་སྣ་ཚོགས་པའི་འདུ་ཤེས་རྣམས་ནུབ་སྟེ། དེ་དག་ལ་ཡིད་གཏད་ཀྱང་ཐམས་ཅད་ནས་ཐམས་ཅད་དུ་མི་འབྱུང་བའོ། །འདིའི་ཉེར་སྡོགས་དང་དངོས་གཞིའི་དམིགས་པ་ཡང་ཉན་ས་ལས། ཇི་སྲིད་དུ་དངོས་གཞི་ལ་སྙོམས་པར་མི་འཇུག་པའི་བར་དུ་ནི་ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་དོ། །སྙོམས་པར་ཞུགས་ནས་ནི་ནམ་མཁའ་དེ་ཉིད་དང་དེ་ལས་གཞན་པའི་རང་གི་སའི་ཕུང་པོ་རྣམས་ལ་དམིགས་པར་བྱེད་དོ། །ཉེར་སྡོགས་ཀྱི་ཚེ་ན་ནི་འོག་མའི་ཕུང་པོ་རྣམས་ལ་ཡང་དམིགས་པར་བྱེད་དོ་ཞེས་པ་ལྟར་ཡིན་ལ། གཞན་རྣམས་ལ་ཡང་དེའི་རིགས་པ་ཤེས་པར་བྱའོ། །གཉིས་པ་ནི། ནམ་མཁའི་འདུ་ཤེས་རགས་པ་མཐོང་ནས་དེ་བཟློག་པའི་ཕྱིར། ནམ་མཁའི་ཡུལ་ཅན་གྱི་རྣམ་ཤེས་ཙམ་གྱིས་ཐམས་ཅད་ཁྱབ་པར་མོས་པའོ། །གསུམ་པ་ནི། རྣམ་ཤེས་ཀྱི་འདུ་ཤེས་དེ་རགས་པར་མཐོང་ནས་དེ་བཟློག་པའི་ཕྱིར་གཟུགས་ཅན་དང་གཟུགས་མེད་ཀྱི་དམིགས་པ་བཙལ་བ་ན་ཅི་ཡང་མ་རྙེད་ནས་དམིགས་པ་ཅི་ཡང་མེད་དོ་སྙམ་དུ་མོས་པའོ། །བཞི་པ་ནི། ཅི་ཡང་མེད་དོ་སྙམ་པ་ཡང་རགས་པར་མཐོང་ནས་དེ་བཟློག་པའི་ཕྱིར། འདུ་ཤེས་རགས་པ་ནི་ཡོད་པ་མ་ཡིན་ཕྲ་བ་ནི་མེད་པ་མིན་ནོ་སྙམ་དུ་མོས་པའོ། འདི་དག་


JLD017_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསམ་གཏན་བཞིན་དུ་ཡན་ལག་རྣམ་པར་བཞག་ཏུ་མེད་དེ། ཀུན་བཏུས་ལས། གཟུགས་མེད་པ་རྣམས་ནི་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་རྣམ་པར་བཞག་པ་མེད་དོ། ཞེས་སོ། །དེ་ལྟར་དེ་དག་དམིགས་རྣམ་སྔ་མ་རྣམས་དོར་ནས་ཕྱི་མ་རེ་ལ་འཇུག་པའི་ཕྱིར། གཟུགས་མེད་རྣམས་ལ་དམིགས་པའི་སྒོ་ནས་འོག་ས་ལས་འདའ་བ་ཞེས་བྱའོ། །གསུམ་པ་ནི། ཀུན་བཏུས་ལས། བསམ་གཏན་དང་པོ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོར་བསྒོམས་པས་བསམ་གཏན་དང་པོའི་སྐྱེ་བ་གསུམ་མོ། བསམ་གཏན་དང་པོ་ལ་ཇི་ལྟ་བར་ལྷག་མ་རྣམས་ལ་ཡང་དེ་བཞིན་ཏེ། བསམ་གཏན་རྣམས་ཀྱི་སྐྱེ་བ་གསུམ་གསུམ་མོ་ཞེས་བསམ་གཏན་བཞི་ལ་ཆུང་འབྲིང་ཆེ་གསུམ་དུ་བསྒོམས་པས་ཚངས་རིས་ནས་འབྲས་བུ་ཆེ་ཕྱིན་ཆད་ཀྱི་སྐྱེ་བ་གསུམ་གསུམ་འགྲུབ་བོ། ཞེས་གསུངས་སོ། །དེས་ན་གཟུགས་ཀྱི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་རྣམ་སྨིན་གྱི་ཆར་གྱུར་པ་གཉིས་ཀ་སྐྱེ་བའི་བསམ་གཏན་ཡིན་ཏེ། སྙོམས་འཇུག་གི་བསམ་གཏན་གྱི་བདག་འབྲས་དང་རྣམ་སྨིན་ཡིན་པའི་ཕྱིར་རོ། །གཟུགས་མེད་བསྒོམས་པའི་འབྲས་བུ་ཡང་དེ་ཉིད་ལས། གཟུགས་མེད་པ་རྣམས་ན་ནི་གནས་གཞན་མེད་པའི་ཕྱིར་སྐྱེ་བ་ཐ་དད་པ་མེད་དོ། །དེ་ན་ཆུང་ངུ་དང་འབྲིང་དང་ཆེན་པོར་བསྒོམས་པས་སྐྱེ་བ་མཐོ་བ་དང་དམའ་བ་དང་ངན་པ་དང་བཟང་པོར་མངོན་ནོ། ཞེས་པ་ལྟར། གཟུགས་མེད་ལ་མེད་པས་བླ་འོག་གིས་ཕྱེ་བའི་གནས་མེད་


JLD017_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་བཞི་ལ་ཚེ་རིང་ཐུང་གིས་སྐྱེ་བ་མཐོ་དམའ་དང་ཉོན་མོངས་མང་ཉུང་གིས་བཟང་ངན་ཡོད་དོ། །འོ་ན་ཆུང་འབྲིང་ཆེན་པོར་སྒོམ་པའི་དོན་གང་ཞེ་ན། གུས་སྦྱོར་དང་རྒྱུན་སྦྱོར་གཉིས་ཀ་མེད་ན་ཆུང་ངུ་དང་། གང་རུང་གཅིག་ཡོད་ན་འབྲིང་དང༌། གཉིས་ཀ་ཡོད་ན་ཆེན་པོའོ་ཞེས་འཆད་དོ། །གསུམ་པ་ནི། ཉན་ས་ལས། དེ་ལ་བསམ་གཏན་རྣམས་ལ་སྙོམས་པར་འཇུག་པའི་ཚེ་ན་ནི། ལུས་སའི་འོག་ཏུ་བྱིང་བར་སྣང་བ་ལྟ་བུའི་རྟགས་འབྱུང་ངོ༌། །གཟུགས་མེད་པ་དག་ལ་སྙོམས་པར་འཇུག་པའི་ཚེ་ན་ནི། ལུས་ནམ་མཁའ་ལ་འཕུར་བ་ལྟ་བུར་སྣང་བའི་རྟགས་འབྱུང་སྟེ། ཞེས་པ་ལྟར་རོ། །བཞི་པ་ནི། མཛོད་ལས། བསམ་གཏན་གཟུགས་མེད་རང་ས་དང༌། །འོག་སའི་རྟེན་ཅན་འོག་དགོས་མེད། ཅེས་སྤྱིར་བཏང་ནས། སྲིད་རྩེའི་འཕགས་པ་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། ཅེས་དམིགས་བསལ་དུ་གསུངས་པ་ལྟར་རོ། །དེ་ལྟར་ན་བསམ་གཏན་དང་གཟུགས་མེད་འདི་དག་ལམ་ཐམས་ཅད་ཀྱི་རྟེན་ཡིན་པས་མངོན་རྟོགས་ཀྱི་རིམ་པ་སྟོན་པའི་བསྟན་བཅོས་ལ་གལ་ཆེ་ཞིང་ཊཱིཀ་བྱེད་ཕལ་ཆེ་བས་ཀྱང་ཇི་ལྟ་བ་བཞིན་དུ་བཤད་མི་ནུས་པར་མཐོང་བས་བདག་གིས་ཆེ་ལོང་ཙམ་ཞིག་བཤད་དོ། །གཉིས་པ་ལ་བཞི། རྒྱུ། ངོ་བོ། དབྱེ་བ། སྒྲ་བཤད་པའོ། །དང་པོ་ནི་རྒྱན་ལས། བདེ་དང་སྡུག་བསྔལ་དེའི་རྒྱུ་ལས། །བྱང་ཆུབ་སེམས་དཔའི་སྙིང་


JLD017_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། ཞེས་སོ། །དེ་ལ་ཕྱེད་སྔ་མས་ཚོར་བ་བདེ་སྡུག་གཉིས་དང༌། དེ་གཉིས་འདྲེན་བྱེད་ཚོར་བ་བཏང་སྙོམས་ཏེ། ཚོར་བ་གསུམ་ལ་དམིགས་ནས་སྡུག་བསྔལ་གསུམ་དང་བྲལ་བར་འདོད་པའི་རྣམ་པས་སྙིང་རྗེ་བར་བྱེད་པའི་ཕྱིར། སྙིང་རྗེའི་དམིགས་རྐྱེན་བསྟན་ཏོ། །ཕྱེད་ཕྱི་མས་རྐྱེན་ལྷག་མ་གསུམ་བསྟན་ཏེ། དེ་ལ་རྒྱུ་ནི་རྒྱུའི་རྐྱེན་ཏེ། ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ས་བོན་ནོ། །བཤེས་གཉེན་ནི་བདག་པོའི་རྐྱེན་ཏེ། ཚད་མེད་སྟོན་པ་པོའོ། །རང་བཞིན་དེ་མ་ཐག་རྐྱེན་ཏེ། སྔ་ལོགས་ཀྱི་རིག་པའོ། །རྐྱེན་ལྷག་མ་འདི་གསུམ་ནི་བཞི་ཀ་ལ་སྦྱར་ལ། རྐྱེན་དང་པོ་ནི་ངོ་བོའི་སྐབས་སུ་འཆད་དོ། །གཉིས་པ་ལ། སྤྱི་དང༌། བྱེ་བྲག་གཉིས་ལས། དང་པོ་ནི། རྒྱན་ལས། བསྟན་པའི་ཚངས་པ་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། ཅེས་ཁྱད་པར་བཞི་དང་ལྡན་པར་བསྟན་ཏེ། མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་ནི་རིམ་པ་ལྟར། གནོད་སེམས་དང་རྣམ་འཚེ་དང༌། མི་དགའ་བ་དང༌། གནོད་སེམས་འདོད་ཆགས་རྣམས་སྤངས་པའོ། །གཉེན་པོའི་ཁྱད་པར་ནི་སྤང་བྱ་དེ་དག་གི་གཉེན་པོ་ཐོབ་པའོ། །དམིགས་པའི་ཁྱད་པར་ནི་སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་ལ་དམིགས་པའོ། །བྱེད་ལས་ཀྱི་ཁྱད་པར་ནི་སེམས་ཅན་རྣམས་སྨིན་པར་བྱེད་པའོ། །གཉིས་པ་ནི། ཀུན་བཏུས་


JLD017_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སུ། བྱམས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་སེམས་ཅན་རྣམས་ལ་བདེ་བ་དང་ཕྲད་པར་ཤོག་ཅིག་པའི་བསམ་པའི་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང༌། དེ་དག་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སྙིང་རྗེ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་སེམས་ཅན་རྣམས་ལ་སྡུག་བསྔལ་དང་བྲལ་བར་ཤོག་ཅིག་པའི་བསམ་པའི་ཞེས་པ་སྔ་མ་བཞིན་ནོ། །དགའ་བ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་སེམས་ཅན་རྣམས་ལ་བདེ་བ་དང་མི་འབྲལ་བར་ཤོག་ཅིག་པའི་བསམ་པའི་ཞེས་པ་སྔ་མ་བཞིན་ནོ། །བཏང་སྙོམས་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་སེམས་ཅན་རྣམས་ལ་ཕན་པའི་བསམ་པ་གནས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ་ཞེས་པ་ལྟར་རོ། །དེ་དག་གིས་ཀྱང་གནས་དང་དམིགས་པ་དང་རྣམ་པ་དང་ངོ་བོ་དང་གྲོགས་བསྟན་ཏེ། དང་པོ་ནི། བསམ་གཏན་བཞིའི་དངོས་གཞི་དག་པ་པ་གང་ཡང་རུང་བའོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཡིན་ལ། ཁྱད་པར་ཅུང་ཟད་ཕྱེ་ན་བདེ་བ་དང་མི་ལྡན་པ་དང་སྡུག་བསྔལ་དང་ལྡན་པ་དང་བདེ་བ་དང་ལྡན་པ་དང་ཉེ་རིང་དུ་གཅོད་པའི་རྒྱུ་ཆགས་སྡང་དང་ལྡན་པའི་སེམས་ཅན་ནོ། །གསུམ་པ་ནི། ཕྲད་པར་འདོད་པ་སོགས་སོ། །བཞི་པ་ནི། ཏིང་ངེ་འཛིན་དང༌། ཤེས་རབ་བོ། །ལྔ་པ་ནི། སེམས་སེམས་བྱུང་ངོ༌། །གསུམ་པ་ནི། སེམས་


JLD017_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང་ཆོས་དང༌། དམིགས་པ་མེད་པ་ལ་དམིགས་པའི་བྱམས་སོགས་གསུམ་མོ། །དེ་ལ་དང་པོ་ནི། བྱམས་སོགས་སྐྱེ་བའི་ཡུལ་སེམས་ཅན་ནམ་གང་ཟག་གི་རྫས་ཀྱི་ངོ་བོར་གྱུར་པ་གཅིག་དམིགས་ནས་སྙིང་རྗེ་སོགས་སྐྱེ་བའོ། །གཉིས་པ་ནི། སྡུག་བསྔལ་བ་པོའི་སེམས་ཅན་གྱི་རྫས་མ་གྲུབ་ཀྱང་ཆོས་ཙམ་ཞིག་གི་ངོ་བོའི་སྡུག་བསྔལ་བ་པོ་དམིགས་ནས་བྱམས་སོགས་སྐྱེ་བའོ། །གསུམ་པ་ནི། ཆོས་ཙམ་དུ་ཡང་མི་དམིགས་པ་གཟུང་འཛིན་དང་བྲལ་བའི་དེ་བཞིན་ཉིད་དུ་དམིགས་པའི་བྱམས་སོགས་སོ། །ཡང་ན་འདི་དག་གི་ཡུལ་ནི་བདེ་བ་དང་ཕྲད་པར་འདོད་པ་དང་སྡུག་བསྔལ་གྱིས་ཉམ་ཐག་པ་དང་བདེ་བ་དང་མི་འབྲལ་བར་འདོད་པ་དང༌། ཉོན་མོངས་ཅན་གྱི་སེམས་ནི་དང་པོའི་ཡུལ་དང༌། ཚད་མེད་སྟོན་པའི་བསྟན་བཅོས་དང༌། དེ་བཞིན་ཉིད་ནི་རིམ་པ་བཞིན་ཐ་མ་གཉིས་ཀྱི་ཡུལ་ཏེ། རྒྱན་ལས། བརྟན་པ་རྣམས་ཀྱི་དེ་དག་བདེ་འདོད་དང༌། །སྡུག་བསྔལ་གྱིས་ཉམ་ཐག་དང་བདེ་བ་དང༌། །ཉོན་མོངས་ཅན་དང་དེ་དག་བསྟན་བཅོས་དང༌། །དེ་ཡི་དེ་བཞིན་ཉིད་ལ་རབ་ཏུ་འཇུག །ཅེས་སོ། །དེ་ཡང་དང་པོ་ནི་སོ་སྐྱེ་དང༌། གཉིས་པ་ནི་ཉན་རང་དང་ཐུན་མོང་བ་དང༌། གསུམ་པ་ནི་སངས་རྒྱས་བྱང་སེམས་ཀྱིའོ་ཞེས་ཤཱཀྱ་བློས་བཤད་ལ། བློ་གྲོས་མི་ཟད་པའི་མདོ་ལས་ནི། ཐོག་མ་སེམས་བསྐྱེད་པའི་བྱང་སེམས་ཀྱི་བྱམས་པ་ནི་སེམས་ཅན་ལ་དམིགས་པའོ། །སྤྱོད་པ་ལ་ཞུགས་པའི་བྱང་སེམས་ཀྱི་བྱམས་པ་ནི་ཆོས་ལ་དམིགས་པའོ། །


JLD017_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་སེམས་ཀྱི་བྱམས་པ་ནི། དམིགས་པ་མེད་པ་ལ་དམིགས་པའོ་ཞེས་བྱང་སེམས་ཉིད་ཀྱི་ལམ་གྱི་སྐབས་གསུམ་ལ་བཞག་གོ །བཞི་པ་ནི་འབུམ་གྱི་གནོད་འཇོམས་སུ། སེམས་ཅན་ཚད་མེད་པ་ལ་དམིགས་པ་དང༌། ཚོགས་ཚད་མེད་པའི་རྒྱུར་གྱུར་པ་དང༌། ཆོས་ཚད་མེད་པ་ཐོབ་པའི་རྒྱུར་གྱུར་པ་དང༌། ཡེ་ཤེས་ཚད་མེད་པའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། ཞེས་བཤད་པ་ནི་སོ་སོའི་སྒྲ་བཤད་ཡིན་ལ། འདི་དག་བསྒོམས་པས་ལྷ་ཚངས་པར་སྐྱེ་བས་ཚངས་པའི་གནས་པ་ཞེས་ཀྱང་བྱའོ། །གསུམ་པ་ལ་གསུམ། མཚམས་སྦྱར་བ་དང༌། སྤྱིར་བསྟན་པ་དང༌། རྟོགས་དཀའ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འཇུག་སྒྲུབ་ཀྱི་འོག་ཏུ་གསུམ་པ་ཚོགས་ཀྱི་སྒྲུབ་པ་གསུངས་ཏེ། སྔར་བསྟན་པ་དེ་ལྟར་ཐེག་ཆེན་ལ་འཇུག་པའི་སྒྲུབ་པ་བྱས་པ་ལ་ཚོགས་སྐྱེ་བས་དོན་གྱི་རིམ་པའོ། །མདོའི་འབྲེལ་ནི། གོ་སྒྲུབ་ལས་འཕྲོས་ནས་རབ་འབྱོར་གྱིས་དེ་བཞིན་གཤེགས་པ་ལ་ཇི་ཙམ་གྱིས་ན་བྱང་སེམས་ཀྱིས་གོ་ཆ་བགོས་ཞེས་དྲིས་པའི་ལན་དུ་ཚོགས་དང་པོ་བཅུ་གསུངས་སོ། །དེ་ནས་འཇུག་སྒྲུབ་ལ་འཕྲོས་ནས་རབ་འབྱོར་གྱིས་དེ་བཞིན་གཤེགས་པ་ལ་བྱང་སེམས་ཀྱི་ཐེག་ཆེན་གང༌། ཇི་ཙམ་གྱིས་ན་ཐེག་ཆེན་ལ་ཡང་དག་པར་ཞུགས། ཐེག་པ་དེས་གང་ནས་ངེས་པར་འབྱུང༌། ཐེག་པ་དེས་གང་དུ་གནས་པར་འགྱུར། ཐེག་པ་དེས་


JLD017_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་འབྱུང་བ་ལགས་ཞེས་དྲིས་པ་ལ། དང་པོའི་ལན་དུ་ཐབས་མཁས་ནས་གཟུངས་ཀྱི་བར་དང༌། གཉིས་པའི་ལན་དུ་སའི་ཚོགས་དང༌། གསུམ་པའི་ལན་དུ་མཐོང་སྤང་གཉེན་པོའི་ཚོགས་བཞི་དང༌། བཞི་པའི་ལན་དུ་སྒོམ་སྤང་རྟོག་པ་དང་པོའི་གཉེན་པོ་དང༌། ལྔ་པའི་ལན་དུ་སྒོམ་སྤང་རྟོག་པ་ལྷག་མ་གསུམ་གྱི་གཉེན་པོ་གསུངས་སོ། །བརྒྱད་སྟོང་པར་དྲི་བ་གཉིས་པའི་འོག་ཏུ་གང་གིས་ངེས་པར་འབྱུང་ཞེས་པ་བསྣན་ནས་དྲུག་འབྱུང་ལ། དེ་ཡང་དང་པོ་གཉིས་ཀྱི་ལན་འདྲ་ཞིང་ཕྱི་མ་བཞིས་རིམ་པ་ལྟར་མི་དམིགས་པའི་རྣམ་པས་ཁམས་གསུམ་ནས། རྣམ་མཁྱེན་དུ། བྱང་སེམས་འབྱུང་ངོ་ཞེས་དེ་རྣམས་ཀུན་རྫོབ་ཏུ་ཡོད་པར་བསྟན་པས་མཐོང་སྤང་བཞི་དང༌། དེ་བཞིས་འབྱུང་བ་མེད་དོ་ཞེས་དོན་དམ་གྱི་ཚུལ་གྱིས་སྒོམ་སྤང་བཞིའི་གཉེན་ཚོགས་བསྟན་ཏོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། གྲངས་ཀྱི་རིམ་པ་ཡིན་པར་ཤེས་པར་བྱའོ། །གང་གི་ན། ཚོགས་ཀྱི་སྒྲུབ་པ་ཡིའོ། །གང་ན། བརྩེ་བ་ནས་གཉེན་པོའི་བར་གྱི་ཚོགས་བཅུ་བདུན་ནོ། །བཅུ་བདུན་པོ་འདི་ཡང་བདག་ཉིད་ཆེན་པོས་རྣམ་པ་ལྔར་བསྡུས་པ་ལྟར་གནས་པས། དང་པོ་བསམ་སྦྱོར་གྱི་དབང་དུ་བྱས་པ་ལ་བསམས་པས་བསྡུས་པ་བརྩེ་བའི་ཚོགས་ནི། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམྱལ་བའི་མེའི་ཕུང་པོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཤིང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྡུག་


JLD017_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་རབ་ཏུ་བཅིལ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ་དབྱངས་རྗེས་སུ་སྒྲོག་གོ །དེའི་ཚེ་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས་དགའ་བ་དང་བདེ་བ་ཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ༌། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས་སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེ་སྟེ་ལྷ་དང་མིའི་སྐྱེ་བ་ཡོངས་སུ་འཛིན་ཏེ། ཞེས་འགྲོ་བ་གཞན་གཉིས་ལ་ཡང་དེ་ལྟར་གསུངས་སོ། །འདིའི་སྐབས་སུ་སྲོག་ཆགས་རྣམས་སྡུག་བསྔལ་དང་བྲལ་འདོད་པའི་རྣམ་པ་ཅན་དུ་བསྟན་པས་སྙིང་རྗེ་བསྟན་ཏོ། །རེ་རེའི་མཐར་ཚོགས་ཞེས་འོག་མ་རྣམས་ལ་ཡང་སྦྱར་རོ། །སྦྱོར་བས་བསྡུས་པ་ལ་སྦྱིན་སོགས་དྲུག་ལས། སྦྱིན་པ་ནི། ཟས་འདོད་པ་རྣམས་ལ་ཟས་སྦྱིན། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་བྱིན་ནས་སེམས་ཅན་དེ་དག་ལ་ཆོས་སྟོན་པ་ནི་འདི་ལྟ་སྟེ་ཕར་ཕྱིན་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་དོ། ཞེས་སོ། །ཚུལ་ཁྲིམས་ནི། དེ་འཁོར་ལོས་བསྒྱུར་བའི་དབང་ཕྱུག་དེ་ལ་གནས་ནས་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་འགོད་དོ། ཞེས་སོ། །བཟོད་པ་ནི། བརྒྱ་ལ་སེམས་


JLD017_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་བདག་ལ་རྡོ་བ་དང་ཁུ་ཚུར་དབྱིག་པས་བརྡེག་ཅིང་མཚོན་གྱིས་འདེབས་ཀྱང་དེ་ལ་བདག་གིས་འཁྲུག་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མི་བྱ་ཞིང་སེམས་ཅན་ཐམས་ཅད་ཀྱང་བཟོད་པ་དེ་འདྲ་བ་ལ་རབ་ཏུ་དགོད་པར་བྱའོ་སྙམ་མོ། ཞེས་སོ། །བརྩོན་འགྲུས་ནི། བྱང་ཆེན་རྣམ་མཁྱེན་ཉིད་དང་ལྡན་པའི་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་ཡང་དག་པར་སྦྱོར་ཞིང༌། ཞེས་སོ། །བསམ་གཏན་ནི། བྱང་ཆེན་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་ཤིང་ཆོས་གང་ལ་ཡང་རྣམ་པར་གཡེང་བའམ་རྣམ་པར་གཡེང་བ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་བར་བསམ་གཏན་གྱི་ཕར་ཕྱིན་ལ་གནས་པ་ཡིན་ཏེ། ཞེས་སོ། །ཤེས་རབ་ནི། བྱང་ཆེན་ཆོས་གང་ཡང་ཚུ་རོལ་ལམ་ཕ་རོལ་མི་དམིགས་ཏེ་རབ་འབྱོར་དེ་ལྟར་ན་བྱང་ཆེན་ཡུམ་ལ་གནས་པ་ཡིན་ཏེ། ཞེས་སོ། །གཉིས་པ་མཉམ་པར་བཞག་པ་དང་མ་བཞག་པའི་དབང་དུ་བྱས་པའི་ཚོགས་བཞི་ལས། མཉམ་གཞག་གིས་བསྡུས་པའི་གསུམ་གྱི་དང་པོ་ཞི་གནས་ནི། བྱང་ཆེན་གོ་ཆ་ཆེན་པོ་བགོས་ཤིང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང༌། ཇི་ལྟར་བདག་སྦྱིན་པའི་ཕར་ཕྱིན་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་སྦྱིན་པའི་ཕར་ཕྱིན་ལ་ཡང་དག་པར་བསྐུལ་ཞིང༌། ཞེས་སོ། །གཉིས་པ་


JLD017_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མཐོང་ནི། དཔེར་ན་སྒྱུ་མའི་མཁན་པོའམ་སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ་འདི་སྙམ་དུ་བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་འདི་དག་ཕར་ཕྱིན་དྲུག་ལ་དགོད་པར་བྱའོ། །རྣམ་མཁྱེན་གྱི་བར་ལ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་གྱུར་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས་སྒྱུ་མའི་མཁན་པོའམ་སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་ཕྱིན་དྲུག་ལ་དགོད་པར་བྱས་པ་ཡོད་དམ། རྣམ་མཁྱེན་གྱི་བར་ལ་དགོད་པར་བྱས་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ་ཞེས་དཔེར་མཛད་ནས་དེ་བཞིན་དུ་བྱང་ཆེན་གྱིས་སེམས་ཅན་ཕྱིན་དྲུག་ནས་རྣམ་མཁྱེན་གྱི་བར་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ཀྱང་སེམས་ཅན་གང་གི་དོན་དུ་ཡང་སེམས་བསྐྱེད་པ་མེད་དོ། ཞེས་སོ། །གསུམ་པ་ཞི་ལྷག་གཉིས་ནི་ཟུང་ཡིན་ལ་དེ་གཉིས་འབྲེལ་བ་སྟེ་མཉམ་པར་འཇུག་པའི་ལམ་ནི། བཅོམ་ལྡན་འདས་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། ཞེས་སོ། །དེ་ལ་རྒྱས་སྲས་རྣམས་འཁོར་བ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་སྲིད་པར་མི་འཆིང་ལ། གཞན་དོན་ལྷུར་ལེན་པར་སྙིང་རྗེས་སྲིད་པ་སྤངས་པའི་སྒོ་ནས་


JLD017_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བར་མི་བྱེད་པས་མདོ་འདི་དག་གིས་ཟུང་འབྲེལ་གྱི་ཚོགས་བསྟན་ཏོ། །དེ་ཡང་ཉི་སྣང་ལས། བྱང་ཆུབ་སེམས་དཔའི་སྙིང་རྗེས་ནི། །སྲིད་པར་དགའ་བར་བྱེད་པ་སྟེ། །བློ་ཡིས་དེར་ནི་གནས་པ་དང༌། །བརྐམ་པས་རྗེས་སུ་སེམས་མ་ཡིན། །སེམས་ནི་དྲན་པས་བཅིངས་གྱུར་པ། །ཕྱི་རོལ་ཏུ་ནི་མི་འཇུག་ཅིང༌། །སོ་སོར་རྟོག་པའི་ལྕག་གིས་ནི། །རེག་པ་འབྱོར་ལྡན་གནས་ཐོབ་བྱེད། །སྐྱེ་བ་ཡོངས་སྙམ་ལ་བརྟེན་ནས། །འགའ་ཞིག་མྱ་ངན་འདའ་འགྱུར་ཞིང༌། །འཇིག་རྟེན་ལེགས་སྙམ་ལ་བརྟེན་ནས། །ལ་ལ་འཁོར་བར་འཁོར་བར་འདོད། ཅེས་ཏེ་ཚིགས་བཅད་དང་པོས་སྙིང་རྗེས་སྲིད་པར་གནས་ཀྱང་ཤེས་རབ་ཀྱིས་དེའི་སྐྱོན་གྱིས་མི་འཆིང་བ་དང༌། གཉིས་པས་ཞི་གནས་ཀྱིས་མི་གཡེང་ཞིང་ལྷག་མཐོང་གིས་བསྐུལ་བས་འདོད་པ་འགྲུབ་པ་དང༌། གསུམ་པས་ཞི་བ་ལྷུར་ལེན་པ་དང་མི་ལེན་པའི་རྒྱུ་བསྟན་ཏོ། །དེ་ལྟར་བཅུ་པོ་འདི་ནི་གོ་ཆ་བགོས་པའི་སྒྲ་འཇུག་པའི་རྒྱུ་མཚན་བསྟན་པའི་སྒོ་ནས་གསུངས་ལ། གོ་ཆ་བགོས་པ་ཡང་དོན་དམ་པར་གོ་བགོ་བ་མེད་པར་ཤེས་ནས་ཐ་སྙད་དུ་སེམས་ཅན་བསྒྲལ་བའི་ཁུར་ཁྱེར་བའོ། །བཞི་པ་མཉམ་པར་མ་བཞག་པས་བསྡུས་པའི་ཐབས་མཁས་ནི། རབ་འབྱོར་ཕྱིན་དྲུག་ནི་བྱང་ཆེན་གྱི་ཐེག་པ་ཆེན་པོ་སྟེ། ཞེས་སོ། །འདི་རྣམ་མཁྱེན་ཡིད་བྱེད་ཀྱིས་ཕྱིན་དྲུག་ལ་སྤྱོད་ཅིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་སེམས་ཅན་རྣམས་དང་ཐུན་མོང་དུ་བྱས་ཏེ་རྫོགས་བྱང་དུ་བསྔོ་བས་


JLD017_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་མ་བཞག་པའོ་ཞེས་གསུང་ངོ༌། །གསུམ་པ་ལྟ་བ་དང་སྤྱོད་པའི་དབང་དུ་བྱས་པའི་ཚོགས་གཉིས་ལས་ལྟ་བས་བསྡུས་པའི་ཡེ་ཤེས་ནི་འཆད་པར་འགྱུར་ལ། སྤྱོད་པས་བསྡུས་པ་བསོད་ནམས་ནི། དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་སྟེ་འདི་ནི་དཔའ་བར་འགྲོ་བ་ཞེས་བྱའི་ཏིང་ངེ་འཛིན་ཏོ། ཞེས་སོགས་ཏེ། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་བརྒྱ་རྩ་གཅིག་ནི་བསོད་ནམས་ཀྱི་ཚོགས་ཏེ། བསོད་ནམས་མང་པོ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཏེ། མོས་བསྔོ་ཡི་རང་གི་ཡིད་བྱེད་གསུམ་རབ་ཀྱི་མཐར་ཐུག་པར་འགྲོ་བའི་རྟེན་བྱེད་པས་སོ། །བཞི་པ་འབྲས་བུ་སྒྲུབ་པ་དང་དམིགས་པ་འཛིན་པའི་དབང་དུ་བྱས་པའི་ཚོགས་གཉིས་ལས། འབྲས་བུ་སྒྲུབ་པས་བསྡུས་པ་ལ་ནི། བྱང་ཆེན་གྱི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ་དྲན་པ་ཉེ་བར་བཞག་པ་བཞི་སྟེ། ཞེས་སོགས་སོ། །འདིར་ཐེག་ཆེན་བཅུ་བདུན་བསྟན་ཏེ། དྲན་ཉེ་ནས་འཕགས་ལམ་ཡན་ལག་གི་བར་སྡེ་ཚན་བདུན། རྣམ་ཐར་སྒོ་གསུམ། ཤེས་པ་བཅུ་གཅིག །དབང་པོ་གསུམ། ཏིང་ངེ་འཛིན་གསུམ། རྗེས་དྲན་བཅུ། སྙོམས་འཇུག་ལྔ། སྟོབས་མི་འཇིགས་པ་སོ་སོ་རིག་པ། མ་འདྲེས་པའི་ཐེག་ཆེན་ནོ། །སྔར་གྱི་ཕྱིན་དྲུག་སྟོང་ཉིད་ཏིང་ངེ་འཛིན་འཆད་འགྱུར་


JLD017_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཟུངས་ཀྱི་ཐེག་ཆེན་དང་བཅས་པས་ཉེར་གཅིག་བཀའ་སྩལ་ཏོ། །ལྔ་པ་དམིགས་པ་འཛིན་པས་བསྡུས་པ་དྲན་ཤེས་ཀྱིས་ཆོས་ཀྱི་ཚིག་དོན་འཛིན་པའི་གཟུངས་ནི། ཨ་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །པ་ཞེས་བྱ་བ་ནི་དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་བ་དང་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ན་ཞེས་བྱ་བ་ནི་མིང་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། ཞེས་སོགས་སོ། །ལྔ་པ་ཡོན་ཏན་གྱི་རྟེན་བྱེད་པའི་ས་དང་ཉེས་པ་སེལ་པའི་གཉེན་པོ་ནི་སྟོན་པར་འགྱུར་རོ། །གཉིས་པ་ལ་བཞི། སྒྲུབ་བྱེད་ཀྱི་ངོ་བོ། ཇི་ལྟར་སྒྲུབ་ཚུལ། སྒྲུབ་པའི་ངེས་ཚིག །སྒྲུབ་པའི་གྲངས་ངེས་སོ། །དང་པོ་ནི། སེམས་ཅན་གྲངས་མེད་པ་རྣམས་ཐེག་གསུམ་གྱི་མྱང་འདས་ཐོབ་པར་བྱེད་པའི་སྙིང་རྗེ་ཆེན་པོ་དང༌། བསམ་པ་སྙིང་བརྩེ་བ་དང་བྲལ་ཞིང་ཐབས་ཕར་ཕྱིན་དང་མི་ལྡན་པས་འགའ་ཡང་མྱ་ངན་ལས་ཟློ་མི་ནུས་པས་སྙིང་རྗེས་ཡིད་གདུངས་པ་རྣམས་ཀྱིས་ཕྱིན་དྲུག་གིས་བསྡུས་པའི་བདེ་བ་བཞི་གཞན་ལ་སྒྲུབ་སྟེ། འདི་ལྟར་སྦྱིན་པ་གཏོང་བ་ན་མོད་ལ་འདོད་པ་རྫོགས་པས་དེས་ནི་དུས་དེའི་བདེ་བ་དང༌། ཚུལ་ཁྲིམས་ལ་བཀོད་པས་བདེ་འགྲོའི་ལུས་འཛིན་པས་དེས་ནི་མ་འོངས་པའི་བདེ་བ་དང༌། བཟོད་པ་བརྩོན་འགྲུས་བསམ་གཏན་གསུམ་ལ་བཀོད་པས་འབྲས་བུ་གཅིག་ཏུ་ངེས་


JLD017_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱུ་དང་རྗེས་མཐུན་པ་ཁོ་ན་འགྲུབ་པས་དེ་གསུམ་གྱིས་གཅིག་ཏུ་ངེས་པའི་བདེ་བ་དང༌། ཤེས་རབ་ལ་བཀོད་པས་ངེས་ལེགས་འཁོར་བར་གཏན་མི་ལྡོག་པ་འཐོབ་པས་གཏན་དུ་བའི་བདེ་བ་སྒྲུབ་བོ། །ཕྱིན་དྲུག་གི་ཐབས་དང་ལྡན་པ་ལ་ཏིང་ངེ་འཛིན་སྐྱེ་བས་གཞན་དོན་ལ་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང༌། དེ་ཐོབ་པ་ལ་ལྷག་མཐོང་སྐྱེ་བ་ཞི་གནས་ཀྱི་ཡུལ་མི་དམིགས་པར་རྟོགས་པའི་ལྷག་མཐོང་དང༌། དེས་སྟོང་ཉིད་ལ་དམིགས་པ་ན་ཐེག་དམན་དུ་ལྟུང་སྲིད་པས་ཐབས་དང་ཤེས་རབ་ཀྱིས་སྲིད་ཞིའི་མཐར་མི་ལྷུང་བའི་ཟུང་དུ་འབྲེལ་བའི་ལམ་དང༌། ཟུང་འབྲེལ་གྱི་ཚོགས་དང་ལྡན་པ་ནི་རྣམ་མཁྱེན་ཡིད་བྱེད་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་དེའི་འོག་ཏུ་ཐབས་མཁས་དང༌། དེ་ཤེས་པ་ནི་ཡེ་ཤེས་ཀྱི་ཚོགས་ལ་སློབ་པའི་ཕྱིར་དེ་ནས་སྟོང་ཉིད་རྟོགས་པའི་ཡེ་ཤེས་དང༌། དེ་ལ་གོམས་པས་ནི་ཡང་དག་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་དོན་བྱེད་པ་ལས་བསོད་ནམས་འབྱུང་བས་དེ་ནས་བསོད་ནམས་དང༌། ཚོགས་གཉིས་ལ་གོམས་པས་ནི་ཆོས་སོ་བདུན་ལ་འབད་པས་མཐོང་བ་དང་སོགས་པས་སྒོམ་པ་དང་མི་སློབ་པ་དང་ལམ་དང་པོ་གཉིས་ཀྱང་སྟེ། དེ་ཡང་མི་སློབ་པ་དང་ཚོགས་ལམ་ནི་སྤྱིར་ལམ་ཚོགས་ཀྱི་དབྱེ་བ་ཙམ་ཡིན་པས། སྐབས་སུ་བབ་པ་ནི་ཆོས་མཆོག་ཆེན་པོའི་སྦྱོར་ལམ་དང་མཐོང་སྒོམ་གཉིས་རྣམས་ཡིན་ནོ། །ལམ་དང་ལྡན་པ་ནི་


JLD017_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལ་སོགས་པའི་ཡི་གེའི་དོན་བསམ་པའི་སྟོབས་ཀྱིས་བསྐལ་པ་དུ་མར་ཆོས་སྟོན་པའི་རྒྱུའི་དྲན་པ་གཏུགས་པ་མེད་པར་འགྱུར་བའི་ཕྱིར་དེ་ནས་ཚིག་དང་སོགས་པས་དོན་དང༌། གསང་སྔགས་དང༌། བཟོད་པའི་རྒྱུའི་གཟུངས་སོ། །གཟུངས་དེ་དག་གི་རང་བཞིན་ཀྱང་ཇི་ལྟ་བུ་ཞེ་ན། འདི་ལ་བཞི། ངོ་བོ། དབྱེ་བ། བྱེད་ལས། ས་མཚམས་སོ། །དང་པོ་ལ་གཉིས་ལས། ཐུང་མོང་གི་ངོ་བོ་ནི། འགྲེལ་ཆེན་ལས། གཟུངས་ཀྱི་རང་བཞིན་དྲན་པ་དང་ཤེས་རབ་ཀྱི་རང་བཞིན་ཏེ་དྲན་པ་དང་ཤེས་རབ་ཁྱད་པར་ཅན་གཟུངས་ཞེས་བྱའོ། ཞེས་པ་ལྟར་རོ། །ཐུན་མོང་མིན་པའི་ངོ་བོ་ལ་བཟོད་པ་འཐོབ་པའི་རྒྱུར་གྱུར་པ་དང༌། གསང་སྔགས་དང༌། ཚིག་གམ་ཆོས་དང༌། དོན་གྱི་གཟུངས་ཏེ་བཞིའོ། །དེ་ལ་དང་པོ་ནི་ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེ་དེ་དག་སྐྱེ་འགག་དང་འབྱུང་བ་དང་དངོས་པོ་མེད་པ་ལ་སོགས་པའི་དོན་དུ་མོས་ཏེ་བསྒོམས་པས་སྒོམ་པ་ཡོངས་སུ་རྫོགས་པ་ན། དེའི་དོན་ལ་མི་སྐྲག་པའི་བཟོད་པ་སྐྱེ་སྟེ་དེའི་རྒྱུར་གྱུར་པའི་དྲན་ཤེས་ནི་བཟོད་པའི་གཟུངས་སོ། །དེས་ན་བཟོད་པ་ཉིད་ལ་མི་བྱ་བར་དེའི་རྒྱུ་ལ་ཡང་བྱ་སྟེ། འབུམ་གྱི་གནོད་འཇོམས་ལས། བཟོད་པ་དེ་ལྟ་བུ་ཐོབ་པའི་རྒྱུའི་ཏིང་ངེ་འཛིན་སྒོམ་པའི་ཚེ་ཤེས་རབ་དང་དྲན་པ་ལ་བཟོད་པ་འཐོབ་པའི་རྒྱུར་གྱུར་པའི་གཟུངས་ཞེས་བྱའོ། ཞེས་དང༌། ཡུམ་གསུམ་གནོད་འཇོམས་ལས་ཀྱང༌། བཟོད་པ་འཐོབ་པའི་རྒྱུར་གྱུར་པའི་གཟུངས་ཞེས་པས་སོ། །གཞན་ཡང་དེ་ལས་


JLD017_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་འདི་སྐྱེད་པའི་ཚུལ་འདི་ལྟར་ཡང་བཤད་དེ། ཏདྱ་ཐཱ། ཨི་ཌི་མི་ཌི། ཀི་ཌི་བྷི་ཀྵ་ན་ཏྱ། པ་དཱ་ནི་སྭཱ་ཧཱ། ཞེས་པའི་དོན་གང་ཡིན་སྙམ་དུ་བརྟགས་པ་ན་དེ་དག་ལ་བརྗོད་བྱ་མ་མཐོང་ནས་བརྗོད་བྱ་མེད་པ་ཉིད་འདིའི་བརྗོད་བྱའོ་སྙམ་དུ་ངེས་པར་བྱེད་ཅིང་བརྗོད་བྱ་རྗོད་བྱེད་དང་བྲལ་བར་སྒོམ་མོ། །དེས་མཚོན་ནས་ཆོས་ཐམས་ཅད་ཀྱང་ཚུལ་དེ་ལྟར་ཡིད་ལ་བྱས་པས་དེ་ཐམས་ཅད་ཀུན་བརྟགས་ཀྱིས་སྟོང་པར་མཐོང་བ་ན་ཆོས་ཐམས་ཅད་བརྗོད་བྲལ་དུ་རྟོགས་པས་དགའ་བ་ཆེན་པོ་སྐྱེས་ཏེ་དེའི་ཚེ་ན་དེས་གཟུངས་ཐོབ་པར་འགྱུར་རོ། །གཟུངས་ཐོབ་པའི་མཐུས་དེ་མ་ཐག་ཏུ་ས་དང་པོ་སྐྱེ་བ་དང་མཐུན་པའི་བཟོད་པ་ཆེན་པོ་སྐྱེ་སྟེ་དོན་དམ་ལ་བཟོད་པས་བཟོད་པ་ཞེས་བྱའོ། །གཉིས་པ་ནི། བྱང་སེམས་ཏིང་ངེ་འཛིན་ལ་དབང་ཐོབ་པས་སེམས་ཅན་གྱི་ཡམས། ཉེར་འཚེ། འཁྲུག་པ་སྡིག་པ་ལ་སོགས་པ་ཟད་པའི་ཆེད་དུ་ཆོ་གའི་ཁྱད་པར་འདི་ལྟ་བུས་དོན་དེ་འགྲུབ་པར་གྱུར་ཅིག་ཅེས་ཏིང་ངེ་འཛིན་དང་སྨོན་ལམ་གྱི་མཐུས་བྱིན་གྱིས་རློབ་ཅིང་བརླབས་པ་ལྟར་དུ་དོན་དེ་སྒྲུབ་པ་ལ་རིང་དུ་གནས་པ་སྟེ། དེ་ཡང་དེ་ལྟར་སྒྲུབ་པའི་དྲན་ཤེས་ནི་གཟུངས་མཚན་ཉིད་པ་ཡིན་ལ། སྔགས་ཀྱི་ཡི་གེ་རྣམས་ཡུལ་ལ་ཡུལ་ཅན་གྱིས་སམ་འབྲས་བུ་ལ་རྒྱུའི་མིང་གིས་བཏགས་ནས་སྔགས་ཀྱི་གཟུངས་ཞེས་བྱའོ། །ཡང་མནྟྲའི་མན་ནི་ཤེས་པ་དང་ཏྲ་སྐྱོང་བ་སྟེ་ཡེ་ཤེས་དང་སྙིང་རྗེ་ནི་དེ་ཉིད་ཤེས་པ་དང་འགྲོ་བ་སྐྱོང་


JLD017_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བས་གསང་སྔགས་སོ། །རྣམ་མཁྱེན་གྱི་གཞིར་གྱུར་པས་གསང་སྔགས་ཀྱི་གཞི་ཞེས་ཀྱང་བྱའོ། །གསུམ་པ་ནི། ས་ཐོབ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱིས་སྔོན་ཐོས་མ་མྱོང་བའི་ཆོས་ཀྱི་རྣམ་གྲངས་གྲངས་མེད་པ་བསྟན་པ་རྣམས་དུས་གཅིག་ཏུ་འཛིན་པར་ནུས་པའོ། །བཞི་པ་ནི། རིམ་པ་དེ་ལྟ་བུས་ཆོས་ཀྱི་དོན་འཛིན་པར་ནུས་པའོ། །དེ་ལྟར་ཨ་ལ་སོགས་པའི་ཡི་གེ་དེ་དག་ལ་བརྟེན་ནས་ཆོས་ཐམས་ཅད་རྟོགས་པར་བྱེད་པ་ན། དྲན་ཤེས་ཀྱི་གཟུངས་དེ་དག་སྐྱེ་བས་དེ་དག་ལ་གཟུངས་ཀྱི་སྒོ་ཞེས་བྱའོ། །གཉིས་པ་ནི། ཚེ་འདིར་ཆེད་དུ་མ་བརྩལ་ཀྱང་སྐྱེ་བ་སྔ་མར་སྦྱངས་པའི་རྣམ་སྨིན་གྱིས་ཐོབ་པ་དང༌། འདིར་ཐོས་བསམ་ལ་འབད་པས་ཆོས་ཀྱི་ཚིག་དོན་དུ་མ་མྱུར་བར་འཛིན་ནུས་པ་དང༌། སྒོམ་བྱུང་གི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཛིན་པར་ནུས་པའི་གཟུངས་གསུམ་ལས། དང་པོ་གཉིས་ནི་ཆུང་ངུ་དང་ཕྱི་མ་ནི་ཆེན་པོ་ཡིན་ལ། དེ་ལ་ཡང་ས་ལ་མ་ཞུགས་པ་མོས་པ་སྤྱོད་པ་རྣམས་ཀྱི་ཆུང་ངུ། མ་དག་ས་བདུན་གྱི་འབྲིང༌དག་པ་ས་གསུམ་གྱི་ཆེན་པོ་སྟེ། མདོ་སྡེའི་རྒྱན་ལས། རྣམ་སྨིན་ཐོས་ལ་གོམས་པ་དང༌། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཆུང་ངུ་དང་ནི་ཆེན་པོ་སྟེ། །ཆེན་པོ་དེ་ཡང་རྣམ་པ་གསུམ། ཞེས་སོ། །གསུམ་པ་ནི། དེ་ཉིད་ལས། བྱང་ཆུབ་སེམས་དཔའ་ཡང་དང་ཡང༌། །དེ་ལ་ཡང་དག་བརྟེན་ནས་ནི། །རྟག་ཏུ་དམ་པའི་ཆོས་དག་ཀྱང༌། །རབ་ཏུ་སྟོན་ཞིང་འཛིན་པར་བྱེད། ཅེས་


JLD017_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རང་གིས་འཛིན་ཅིང་གཞན་ལ་སྟོན་པའོ། །བཞི་བ་ནི། གསུམ་གྱི་གནོད་འཇོམས་ལས། བཟོད་པའི་རང་བཞིན་དུ་གྱུར་པའི་གཟུངས་སྔར་བཤད་པ་དེ་ནི་སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་རྣམས་མོས་པས་སྤྱོད་པའི་ས་ལ་འཐོབ་བོ། །གཞན་གཟུངས་གསུམ་པོ་ནི་བསྐལ་པ་གྲངས་མེད་པ་དང་པོ་འདས་ནས་ས་དང་པོ་ལ་སོགས་པ་ལ་འཐོབ་བོ། ཞེས་གསུངས་པ་ནི་ཏིང་ངེ་འཛིན་གྱིས་ཐོབ་པ་ནི་གཟུངས་ཀྱི་དབང་དུ་བྱས་ལ། མོས་སྤྱོད་ནི་ཚོགས་སྦྱོར་གཉིས་ཀ་ལ་བྱས་ནས་སྔ་མ་ལ་བཟོད་པའི་རྒྱུ་ཉིད་དང་ཕྱི་མ་ལ་དེ་དང་དེའི་རྒྱུའི་གཟུངས་གཉིས་ཀ་བཞག་གོ །རྣམ་སྨིན་དང་ཐོས་ལ་གོམས་པ་ནི་ལམ་དུ་མ་ཞུགས་པ་ལ་ཡང་ཡོད་དོ། །གཟུངས་ཐོབ་པའི་རྟོགས་པའི་གནས་སྐབས་ནི་ཡོན་ཏན་ཕྱི་མ་ཕྱི་མའི་རྟེན་བྱེད་པས་དེ་ནས་ས་དང༌། མཐོང་སྒོམ་གྱི་ངོ་བོར་གྱུར་པའི་སས་རང་རང་གི་སྤང་བྱ་སྤོང་བའི་གནས་སྐབས་ཀྱི་དབྱེ་བས་གཉེན་ཚོགས་སུ་འགྱུར་བས་དེ་ནས་གཉེན་ཚོགས་བསྟན་ཏོ། །གཉིས་པ་ནི། སྒྲུབ་བོ། །གང་ན། ཐེག་པ་ཆེན་པོའི་དོན་སེམས་བསྐྱེད་ལ་སོགས་པ་མཐའ་དག་གོ །ཇི་ལྟར་ན། དེ་ཁོ་ནར་བསྒྲུབ་བྱ་སྒྲུབ་བྱེད་མི་དམིགས་པར་རྟོགས་པས་དོན་དམ་དང་ཀུན་རྫོབ་ཏུ་སྒྱུ་མ་ལྟར་དམིགས་ནས་ཉམས་སུ་ལེན་པས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བར་རོ། །གང་དག་དོན་དམ་དུ་བསྒོམ་བྱ་སོགས་མི་འབྱོར་བའམ་མེད་པས་ཀུན་རྫོབ་ཏུ་


JLD017_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱ་བ་ལ་སོགས་བརྟགས་པའམ་འཇོག་པ་ཀུན་རྫོབ་ལས་མི་འདའ་བའི་དོན་དུ་འདོད་པ་དང༌། ཀུན་རྫོབ་ལས་མི་འདའ་བ་ཡང་ངེས་ཚིག་གི་ཁོངས་སུ་སྡུད་པ་ནི་དོན་མིན་ནོ། །གང་གིས་ན། བརྩེ་བ་ནས་གཉེན་པོའི་བར་བཅུ་བདུན་གྱིས་སོ། །དེ་ལྟར་ཡང་རྒྱན་སྣང་ལས། ཇི་སྐད་བཤད་པའི་གོ་རིམ་གྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བར་ཐེག་པ་ཆེན་པོ་མ་ལུས་པར་སྙིང་རྗེ་ལ་སོགས་པ་རྣམས་ཀྱིས་རྗེས་སུ་སྒྲུབ་པས། ཞེས་སོ། །འདིས་ནི་ཁ་ཅིག་སྙིང་རྗེ་སོགས་སྒྲུབ་རྒྱུའི་ཚོགས་བཅུ་བདུན་དུ་བྱས་ནས་དེ་སྒྲུབ་བྱེད་ཀྱི་ཚོགས་སྒྲུབ་བཅུ་བདུན་ཟུར་དུ་འཆད་པ་ཡང་བཀག་གོ །གསུམ་པ་ནི། སྙིང་རྗེ་ཆེན་པོ་ལ་སོགས་པ་ནི་ཚོགས་ཡིན་ཏེ། སྙིང་རྗེ་ལ་སོགས་པ་བཅུ་བདུན་འདི་དག་གིས་བྱང་ཆུབ་ཆེན་པོ་འཛིན་པའམ་དེར་འབྱིན་པར་བྱེད་པའི་ཕྱིར་ཏེ། ཚོགས་ལ་སཾ་བྷ་ར་ཞེས་འབྱུང་ལ་སཾ་ནི་ཡང་དག་པར་འགྲུབ་པ། བྷ་ནི་ངོ་བོ། ར་ནི་འཛིན་པ་སྟེ་མདོར་ན་བྱང་ཆེན་ཡང་དག་པར་འགྲུབ་པར་བྱེད་པའི་ངོ་བོ་ཡིན་པས་སོ། །འབྲས་བུར་འཛིན་ཚུལ་ཡང་སྙིང་རྗེ་སོགས་ཀྱིས་ཐེག་ཆེན་མ་ལུས་པ་བདེན་གཉིས་ཀྱི་སྒོ་ནས་སྒྲུབ་པས་སོ། །ཡི་གེ་ཁ་ཅིག་ལས་འགྲུབ་པའི་ངོ་བོ་ཞེས་པ་མ་དག་སྟེ། ཉི་སྣང་ལས། སྙིང་རྗེ་ལ་སོགས་པའི་ཆོས་འདི་དག་ནི་རྫོགས་པའི་བྱང་ཆུབ་ཡང་དག་པར་འགྲུབ་པར་བྱེད་པའི་ངོ་བོའི་དོན་གྱིས་ན་ཚོགས་ཞེས་བརྗོད་དོ། ཞེས་སོ། །བཞི་པ་ནི། ཚོགས་ཀྱི་སྒྲུབ་པ་ནི་


JLD017_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་གཞིའོ། །དབྱེ་ན་གྲངས་བཅུ་བདུན་ནོ། །རྒྱུ་མཚན་ནི་སྙིང་རྗེ་ནས་གཉེན་པོའི་བར་བཅུ་བདུན་ནི་ཚོགས་ཡིན་པས་སོ། །གྲངས་ངེས་འདི་ནི་འཕགས་པས་མཛད་པ་ལྟར་སློབ་དཔོན་དང་ཤཱནྟི་ཨ་བྷྱ་རད་ཀིར་བུད་དྷ་ཤྲཱིས་ཀྱང་བཞེད་ལ། རྣམ་འགྲེལ་དུ། ལམ་དང་ས་བཅུ་གང་ཡིན་དང༌། ཞེས་རྩ་བར་གཟུངས་ཚིག་གིས་མ་ཟིན་པར་བྱས་ཤིང་འགྲེལ་པར་དེ་ལམ་ཚོགས་ཀྱི་ནང་དུ་འདྲེན་པ་དང༌། རང་གི་ངོ་བོ་སྟོང་པ་ཉིད་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་རྒྱུ་མཚན་དུ་བྱས་ནས་ཡེ་ཚོགས་ཉི་ཤུར་གཅིག་གིས་མ་ཚང་བ་ཞེས་འཆད་པ་ནི། མདོ་དང་བསྟན་བཅོས་གང་དང་ཡང་མི་མཐུན་ཞིང་སྟོང་ཉིད་ཀྱི་མདོ་ཚིག་ཙམ་ཡང་མ་མཐོང་བར་གསལ་ལོ། །འདིར་ཚོགས་ཀྱི་སྒྲུབ་པ་ཞེས་པ་སྒྲུབ་པ་གཞི་མཐུན་པར་སྦྱར་ཏེ། ཉི་སྣང་ལས། ཚོགས་ཀྱི་སྒྲུབ་པ་རྣམ་པ་བཅུ་བདུན་ནི་འདི་དག་ཡིན་ཏེ་འདི་ལྟ་སྟེ་སྙིང་རྗེ་ཆེན་པོའི་ཚོགས་དང་ཞེས་པ་ནས་གཉེན་པོའི་ཚོགས་སོ་ཞེས་པའི་བར་དུ་གསུངས་སོ། །འོ་ན་ལམ་གྱི་ཚོགས་སྦྱོར་ལམ་ན་མེད་པར་འགྱུར་ཏེ་མཐོང་བ་ལ་སོགས་པའི་ལམ་དང་ཞེས་པས་ཤེ་ན། དེ་ལྟར་འབྱུང་བ་ནི་ཉི་སྣང་ལས། དྲན་པ་ཉེ་བར་བཞག་པ་ནས་བརྩམས་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དེ་དག་གིས་ནི་མཐོང་བ་ལ་སོགས་པའི་ལམ་བསྡུས་པ་ཡིན་པའི་ཕྱིར་ལམ་གྱི་ཚོགས། ཞེས་གསུངས་པ་དང་བསྟུན་པ་ཡིན་ལ། དེ་ལྟར་


JLD017_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡང་མཐོང་སྒོམ་ལམ་ཚོགས་ཀྱི་གཙོ་བོ་ཡིན་པའམ་མཐོང་ལམ་དབུས་ན་གནས་པས་དེ་ལ་སོགས་སྒྲ་སྦྱར་བས་སྔ་ཕྱི་གཉིས་ཀ་སྡུད་པའི་ཕྱིར་ཡིན་པས་ཉེས་པ་མེད་དོ། །འདིར་ཐོག་མ་དྲན་ཉེ་ནས་ཐ་མ་མ་འདྲེས་པའི་བར་ལ་བཤད་ཀྱང་ངེས་འབྱེད་དང་པོ་གསུམ་དང་ཚོགས་ལམ་གྱི་སྐབས་དང་སངས་རྒྱས་ཀྱི་ཆོས་རྣམས་བསྟན་པ་ནི་ཞར་བྱུང་གི་མདོ་ཡིན་ཏེ། རིགས་པ་འདི་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་ལ་ཡང་སྦྱར་རོ། །དེ་ལྟར་མངོན་རྟོགས་ཕལ་མོ་ཆེ་ལ་སྐབས་ཀྱི་མདོ་དང་ཞར་བྱུང་གི་མདོ་རེ་རེ་ཡོད་པ་ཕྱེད་དགོས་སོ། །གསུམ་པ་ལ་གསུམ། ཡེ་ཤེས་དང༌། ས་དང་། གཉེན་པོའི་ཚོགས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །ཕྱི་མ་འདི་གཉིས་རྟོགས་དཀའ་བར་དགོངས་ནས་རྗེ་བཙུན་གྱིས་བྱེ་བྲག་ཏུ་བཤད་པ་མཛད་ལ། སློབ་དཔོན་གྱིས་དང་པོ་ལ་ཡང་མཛད་དོ། །དང་པོ་ལ་གཉིས། ཡུལ་ཅན་ཡེ་ཤེས་དང༌། ཡུལ་སྟོང་ཉིད་བཤད་པའོ། །དང་པོ་ནི། ཚོགས་བཅུ་བདུན་བསྟན་པ་དེ་ལ་སྟེ་དེའི་ནང་ནས་ཡེ་ཤེས་ཀྱི་ཚོགས་བྱེ་བྲག་ཏུ་འཆད་པ་ལ་ནི་ཉི་ཤུ་ཡོད་དེ། ནང་སྟོང་པ་ཉིད་ནས་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་བར་ཡུལ་སྟོང་ཉིད་ཉི་ཤུ་ཡོད་པའི་བྱེ་བྲག་གིས་སོ། །དེ་ཡང་མདོར་སྟོང་ཉིད་ཉི་ཤུས་ཡུལ་ཅན་ཡེ་ཤེས་ཉི་ཤུ་འཕངས་པ་ཡིན་ལ། ཇི་ལྟར་འཕངས་པའི་ཚུལ་ནི། སྟོང་པ་ཉིད་འདི་གསུམ་ནི་མོས་པས་སྤྱོད་པའི་ས་ལའོ། ཞེས་དང༌། བཞི་པ་ལ་འདི་ནི་སྦྱོར་


JLD017_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལམ་ལའོ་ཞེས་རྒྱན་སྣང་དུ་འབྱུང་ལ། དེའི་དོན་དང་པོ་གསུམ་གྱིས་དེའི་ཡུལ་ཅན་ཚོགས་ལམ་དང་བཞི་པས་དེའི་ཡུལ་ཅན་ངེས་འབྱེད་བཞི་འཕངས་པར་བདག་ཉིད་ཆེན་པོ་འཆད་ཅིང༌། ཐུབ་དགོངས་སུ། ནང་དང་ཕྱི་དང་ཕྱི་ནང་སྟོང་པ་ཉིད་ནི་སེམས་དང་པོ་བསྐྱེད་པ་ནས་བརྩམས་ཏེ་མོས་པས་སྤྱོད་པའི་ས་ལའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ས་དེའི་གནས་སྐབས་ཀྱི་ཁྱད་པར་བར་ཆད་མེད་པ་སྦྱོར་བའི་ལམ་ལའོ། ཞེས་དང་པོ་གསུམ་ཚོགས་ལམ་དང་ངེས་འབྱེད་དང་པོ་གསུམ་དང༌། བཞི་པ་ཆོས་མཆོག་ལ་འཆད་དོ། །དེ་ལ་སྤྱིར་རྒྱན་སྣང་དུ་མོས་སྤྱོད་སྦྱོར་ལམ་ལ་བྱས་པ་མང་ཡང༌། སྐབས་འདིར་བཞི་པ་ལ་སྦྱོར་བའི་ལམ་ཞེས་པ་དང༌། ཚོགས་ལམ་ན་ཡང་སྒོམ་བྱུང་གི་ཡེ་ཤེས་ཕལ་བའི་ཚུལ་དུ་ཡོད་པའི་ཕྱིར་ནང་དང་ཕྱི་དང་དེ་གཉིས་ཀ་སྟོང་ཉིད་གསུམ་གྱིས་ཚོགས་ལམ་དང་སྦྱོར་ལམ་དང་པོ་གསུམ་དང༌། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཆོས་མཆོག་འཕངས་པ་དགོངས་པར་འཐད་དོ། །ཚོགས་ལམ་ན་ཚོགས་སྒྲུབ་མེད་པས་དེ་མི་འཐད་ཅེ་ན། ཉེས་པ་མེད་དེ། ཡེ་ཤེས་ཀྱི་སྐབས་སུ་བཤད་ཚད་ཚོགས་སྒྲུབ་ཏུ་མི་འདོད་དེ། ལམ་གྱི་ཚོགས་བཞིན་ནོ། །གཞན་དུ་ན་ཚོགས་ལམ་ལ་མི་འདོད་ཀྱང་ངེས་འབྱེད་དང་པོ་གསུམ་དུ་བཞག་དགོས་པས་དེར་ཡང་ཚོགས་སྒྲུབ་ཇི་ལྟར་བཞག །ཆེན་པོ་དང་དོན་དམ་པ་སྟོང་པ་ཉིད་ཀྱིས་ས་དང་པོ་


JLD017_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས་པ་འཕེན་ཏོ། །དེ་གཉིས་ཀྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་དང་མཆོག་གི་དོན་དུ་རྟོགས་པ་ན། ཆོས་དབྱིངས་དེ་སྟོང་པར་རྟོགས་ལ་དེའི་ཚེ་རང་བཞིན་ཅན་ཕྱོགས་བཅུ་དང་མྱ་ངན་ལས་འདས་པ་མཆོག་ཀྱང་སྟོང་པར་རྟོགས་པས་སོ། །འདུས་བྱས་དང་འདུས་མ་བྱས་སྟོང་པ་ཉིད་ཀྱིས་ས་གསུམ་པ་དང་བཞི་པ་འཕེན་ཏེ། དེ་གཉིས་ཀྱིས་ཆོས་དབྱིངས་རྒྱུ་མཐུན་པའི་དོན་གྱི་མཆོག་དང་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་པ་ན་དེ་སྟོང་པར་རྟོགས་ལ། དེའི་ཚེ་དེའི་རང་བཞིན་ཅན་འདུས་བྱས་འཁོར་བ་དང་ཡོངས་སུ་འཛིན་པ་མེད་པའི་འདུས་མ་བྱས་ཀྱང་སྟོང་པར་རྟོགས་པས་སོ། །འདིར་རྒྱུ་མཐུན་པ་ནི་མཐུན་པའི་རྒྱུ་ཡིན་གྱི་འདྲ་བའི་འབྲས་བུ་མིན་ནོ། །མཐའ་ལས་འདས་པ་དང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱིས་ས་ལྔ་པ་དང་དྲུག་པ་འཕེན་ཏེ། དེ་གཉིས་ཀྱིས་ཆོས་དབྱིངས་རྒྱུད་ཐ་དད་པ་མེད་པ་དང༌། ཀུན་ནས་ཉོན་མོངས་དང་རྣམ་དག་མེད་པའི་དོན་དུ་རྟོགས་པ་ན་དེ་སྟོང་པར་རྟོགས་ལ། དེ་ལྟ་ན་དེའི་རང་བཞིན་ཅན་རྟག་ཆད་ཀྱི་མཐའ་དང་བྲལ་བ་དབུས་ཀྱི་རང་བཞིན་དང་འཁོར་བ་ཆོས་དབྱིངས་ཀྱི་རྗེས་སུ་སྐྱེས་པ་གཉིས་ཀྱང་སྟོང་པར་རྟོགས་པས་སོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱིས་ས་བདུན་པ་འཕེན་ཏེ་དེས་ཆོས་དབྱིངས་མདོ་སོགས་ཀྱི་མཚན་མ་ཐ་དད་མེད་པའི་དོན་དུ་རྟོགས་པ་ན་དེ་སྟོང་པར་རྟོགས་ལ། དེ་ལྟ་ན་དེའི་རང་བཞིན་ཅན་དོར་བ་མེད་


JLD017_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་སྟོང་པར་རྟོགས་པས་སོ། །རང་བཞིན་དང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ས་བརྒྱད་པ་འཕེན་ཏེ། དེས་ཆོས་དབྱིངས་བྲི་འཕེལ་མེད་པའི་དོན་དང་རྣམ་པར་མི་རྟོག་པ་དང་ཞིང་དག་པ་ལ་དབང་བའི་གནས་སུ་རྟོགས་པ་ན་སྟོང་ཉིད་དུ་རྟོགས་ལ། དེ་ལྟ་ན་དེའི་རང་གི་ངོ་བོ་རང་བཞིན་དང་རྣམ་འགྱུར་ཆོས་ཐམས་ཅད་སྟོང་པར་རྟོགས་པས་སོ། །རང་གི་མཚན་ཉིད་དང་མི་དམིགས་པ་སྟོང་པ་ཉིད་ཀྱིས་ས་དགུ་པ་འཕེན་ཏེ། དེས་ཆོས་དབྱིངས་ཡེ་ཤེས་ལ་དབང་བའི་གནས་ཉིད་དུ་རྟོགས་ལ། དེ་ལྟ་ན་དེའི་མཚན་ཉིད་མཐའ་དག་དུས་ཐམས་ཅད་དུ་ཤེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་མཚན་ཉིད་དང་དུས་རྣམས་སྟོང་པར་རྟོགས་པས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་དང་དངོས་པོ་སྟོང་པ་ཉིད་ཀྱིས་ས་བཅུ་པ་འཕེན་ཏེ། དེས་ཆོས་དབྱིངས་ལས་ལ་དབང་བའི་གནས་སུ་སྟོང་པར་རྟོགས་ལ། དེ་ལྟ་ན་དེའི་རིགས་ཅན་ཚོགས་པ་དང་ཡན་ལག་ལས་ཀྱི་རྟེན་ཀྱང་སྟོང་པར་རྟོགས་པས་སོ། །དངོས་པོ་མེད་པ་དང་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་འཕེན་ཏེ། དེས་ཉོན་སྒྲིབ་དང་ཤེས་སྒྲིབ་བག་ཆགས་དང་བཅས་པ་སྤངས་པ་དང་རང་བྱུང་ཉིད་ཐོབ་པ་ན་དེ་སྟོང་པར་རྟོགས་ལ། དེ་ལྟ་ན་དེའི་རང་བཞིན་ཅན་ཆགས་པ་དང་གནོད་པར་བྱེད་པ་ལ་སོགས་པའི་ཉོན་མོངས་ཀྱིས་སྟོང་པའི་ནམ་མཁའ་དང་། གཟུང་འཛིན་ཤེས་


JLD017_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་དང་བྲལ་བའི་སྟོང་ཉིད་དང༌། གཞན་ལ་མི་ལྟོས་པའི་བྱེད་པ་པོ་སྟོང་པར་རྟོགས་པས་སོ། །འདི་དག་ནི་བདག་ཉིད་ཆེན་པོའི་དགོངས་པ་སྟེ་སློབ་དཔོན་གྱིས་ས་མཚམས་མཛད་པའི་དགོངས་པ་མཁྱེན་པའི་བཤད་པའོ། །ཆེན་པོ་སྟོང་པ་ཉིད་ཕྱིན་ཆད་ཀྱི་ས་མཚམས་ནི་ཐུབ་དགོངས་ཀྱང་སློབ་དཔོན་འདི་ཡི་རྗེས་སུ་འབྲང་ངོ༌། །དེ་ལྟར་ས་མཚམས་སོ་སོར་མཛད་པ་ཡང་རྗེས་ཀྱི་ཚེ་ཆོས་ཅན་དེ་དང་དེ་དག་ལ་ངེས་པ་འདྲེན་ཚུལ་རེ་ཡོད་པས་གཙོ་ཆེ་བས་བཤད་ཀྱི་ངེས་ནས་ནི་མིན་ཏེ། སློབ་དཔོན་དང་འཕགས་པ་གཉིས་མཐོང་སྒོམ་གཉིས་ཀྱིས་ཆོས་ཉིད་རྟོགས་ཚུལ་ལ་མི་འདྲ་བ་མི་བཞེད་པས་སོ། །གཉིས་པ་ལ་གཉིས། སྤྱི་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གཉིས། དོན་སྨྲ་དང༌། ཐེག་ཆེན་པའི་ལུགས་སོ། །དང་པོ་ནི། ཕུང་ཁམས་སྐྱེ་མཆེད་ནི་སྟོང་པའི་གཞི་ཡིན་ལ། མུ་སྟེགས་བྱེད་ཀྱིས་ཀུན་བཏགས་པའི་རྟག་པ་དང་གཅིག་པུའི་གང་ཟག་གི་བདག་ནི་དགག་བྱའོ། །དེ་ལྟར་ན་གང་ཟག་གི་བདག་ནི་མེད་ཀྱི་དེའི་བདག་མེད་ནི་ཡོད་ལ་དེ་ཡང་དགག་གཞི་ཕུང་སོགས་གསུམ་མམ་བདེན་བཞིས་ཁྱད་པར་དུ་བྱས་པའི་དགག་པ་སྟེ། མདོ་ལས། འདི་ན་བདག་དང་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ལས་བྱུང༌། ཞེས་དང༌། སེམས་འགྲེལ་ལས། བདག་ཏུ་འཛིན་པ་ཟློག་དོན་དུ། །ཕུང་པོ་ཁམས་སོགས་བསྟན་པ་སྟེ། ཞེས་དང༌། ཀུན་བཏུས་ལས་ཀྱང༌། སྟོང་པའི་མཚན་ཉིད་གང་ཞེ་


JLD017_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ན་གང་ན་ཅི་ཞིག་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ལ་འདི་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི་འདིར་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གང་ན་ཅི་ཞིག་མེད་ཅེ་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྟག་པ་དང་བརྟན་པ་དང་ཐེར་ཟུག་དང་མི་འགྱུར་བའི་ཆོས་ཅན་དང་བདག་དང་བདག་གི་མེད་དེ་དེ་ལྟར་ན་དེ་དག་ནི་དེས་སྟོང་ངོ༌། །ལྷག་མ་ཡང་གང་ཞིག་ཅེ་ན། གང་དེ་ལྟར་བདག་ནི་མེད་ཀྱི་བདག་མེད་པ་ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ་ཞེས་པ་ལྟར་དང༌། བདེ་གཤེགས་གཞུང་གི་རབ་དབྱེ་ལས། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། ཅེས་དོན་སྨྲའི་འདོད་པ་བཀོད་པ་ལྟར་རོ། །མདོར་ན་ཐེག་པ་ཆེན་པོ་ཕལ་ཆེ་བར་གང་ཟག་གི་བདག་མེད་ཇི་ལྟར་བཤད་པ་ལྟར་ཡིན་ཏེ་དེ་ནི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གང་ཟག་གི་བདག་རང་སྟོང་དུ་འདོད་ལ་ཕུང་སོགས་ཀྱི་ཆོས་རྣམས་རང་གིས་མི་སྟོང་གིས་་གཞན་གང་ཟག་གིས་སྟོང་པར་འདོད་དོ། །དེ་ལས་ཀྱང་ཞིབ་ཏུ་ཕྱེ་ན། རྟོག་གེ་འབར་བ་ལས། དེ་རྣམས་ལས་སྔར་བསྟན་པའི་དགེ་འདུན་ཕལ་ཆེན་པ་ལ་སོགས་པ་བརྒྱད་དང༌། ཕྱིས་བསྟན་པའི་གནས་བསྟན་་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ་དང༌། མང་སྟོན་པ་དང༌། ཆོས་མཆོག་པ་དང༌། འོད་སྲུངས་པ་རྣམས་ནི་བདག་མེད་པར་སྨྲ་བ་ཡིན་ཏེ། མུ་


JLD017_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་པའི་འདོད་པས་བཏགས་པའི་བདག་དང༌། བདག་གི་དང་ནི་སྟོང་པ་ཡིན་པ་དང༌། ཆོས་ཐམས་ཅད་ནི་བདག་མེད་པར་སྨྲ་བ་ཡིན་ནོ། །ལྷག་མ་གནས་མ་བུ་པ་ལ་སོགས་པ་སྡེ་ལྔ་ནི་གང་ཟག་ཏུ་སྨྲ་བ་ཡིན་ཏེ། གང་ཟག་ནི་ཕུང་པོ་དག་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་རྣམ་པར་ཤེས་པ་དྲུག་གིས་ཤེས་པར་བྱ་བ་འཁོར་བར་གྱུར་པ་ཡོངས་སུ་གསལ་བར་བྱ་བ་ཡིན་ནོ་ཞེས་ཟེར་རོ། ཞེས་སོ། །གཉིས་པ་ལ་གཉིས། རྣམ་པ་ཤེས་པར་སྨྲ་བ་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་སོ། །དང་པོ་ནི། གཞན་དབང་ནི་དགག་གཞི་དང༌། བདག་གཉིས་སུ་ཀུན་བཏགས་པའི་ཆ་ནི་དགག་བྱ་དང༌། གཞན་དབང་ཀུན་བཏགས་ཀྱིས་གདོད་མ་ནས་སྟོང་པའི་ཆ་ཡོངས་གྲུབ་ཏུ་འདོད་དེ། སུམ་ཅུ་པ་ལས། གྲུབ་ནི་དེ་ལ་སྔ་མ་པོ། །རྟག་ཏུ་མེད་པར་གྱུར་པ་གང༌། ཞེས་སོ། །དེས་ན་ཀུན་བརྟགས་རང་གི་ངོ་བོའམ་མཚན་ཉིད་ཀྱིས་སྟོང་ལ་གཞན་དབང་དང་ཡོངས་གྲུབ་ནི་བཏགས་པས་སྟོང་གི་རང་གི་ངོ་བོས་ནམ་ཡང་སྟོང་པར་མི་འདོད། ཤཱནྟི་པས། ཀུན་བཏགས་པའི་རང་བཞིན་གྱིས་ནི་ཡོད་པ་མ་ཡིན་ཞིང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་ནི་མེད་པ་མ་ཡིན་ཏེ་དེ་བས་ན་མཐའ་གཉིས་དང་བྲལ་བའོ་ཞེས་དང༌། སྔོན་པོ་ལ་སོགས་པ་ལ་ནི་གནོད་པ་འཇུག་པའི་སྐབས་ཡོད་ཀྱི་གསལ་བ་ལ་ནི་མ་ཡིན་ནོ་ཞེས་སྔོ་སོགས་ཀྱི་རྣམ་པ་དོན་ལ་ཡོད་པ་


JLD017_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་ནས་རྣམ་པ་དང་བྲལ་བའི་ཤེས་པའི་གསལ་ཆ་ལ་རིགས་པ་གང་གིས་ཀྱང་མི་གནོད་པར་བསྟན་པ་དང༌། ཆོས་ཐམས་ཅད་མི་བདེན་པ་དང་ཡོད་མེད་ཀྱི་མཐའ་དང་བྲལ་བར་སྨྲ་བ་ལ་མི་འཐད་ཅེས་འགོག་སྟེ། ཤཱནྟི་པས། གཞན་ཡང་དབུ་མ་པ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཉིད་དབུ་མའི་ལམ་ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་གལ་ཏེ་འདི་དག་ཚད་མས་མེད་པར་གྲུབ་ན་འགས་ཀྱང་ཡོད་པར་སྒྲུབ་པར་མི་ནུས་སོ། །ཚད་མས་མ་ཡིན་པ་ལ་སྣང་བ་ཙམ་གྱིས་ལྟ་སྨོས་ཀྱང་ཅི་དགོས། ཐམས་ཅད་མེད་པ་ཉིད་ནི་་ཅི་ཞིག་ཉེ་བར་བླངས་ནས་ཅི་ཞིག་གདགས་ཡང་ཐམས་ཅད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དབུ་མའི་ལམ་ཡིན་ནོ་ཞེས་སྨྲ་ན། དེ་ཡང་མི་རིགས་ཏེ་ཡོད་པ་དང་མེད་པ་ཕན་ཚུན་གཞན་སེལ་བའི་མཚན་ཉིད་ཡིན་པའི་ཕྱིར་གཅིག་བཀག་པ་ཉིད་ཀྱིས་གཉིས་པའི་མཚན་ཉིད་ཡོད་པའི་ཕྱིར་གཉིས་ཀ་དགག་པར་མི་རིགས་པ་ཡིན་ནོ། ཞེས་སོ། །མདོར་ན་འདིའི་ལུགས་ཀྱིས་ཐུན་མོང་མ་ཡིན་པའི་དགག་བྱ་ནི་ཆོས་བདག་ཡིན་ལ། དེ་ཡང་ཀུན་བརྟགས་་འབའ་ཞིག་ལ་འདོད་ཅིང་མཚན་ཉིད་གཞན་གཉིས་ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྩོད་མེད་གང་དུ་ཡང་རང་སྟོང་དུ་བསྒྲུབས་པ་མེད་དོ། །མཚན་ཉིད་གསུམ་ལས་ཀུན་བརྟགས་་ཁོ་ན་དགག་བྱ་ཡིན་པ་ཡང་བརྒྱད་སྟོང་དོན་བསྡུས་ལས། མེད་དོ་ཞེས་


JLD017_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་ཡིན། ཞེས་དང༌། དེ་ནས་སངས་རྒྱས་དེ་བཞིན་དུ། །བྱང་ཆུབ་མ་མཐོང་བར་བརྗོད་པ། །ཡོངས་སུ་རྫོགས་པའི་བར་གྱིས་འདིར། །བཏགས་རྣམས་སེལ་བར་ཤེས་པར་བྱ། ཞེས་པ་དང༌། དག་ལྡན་ལས་ཀྱང༌། ཡོངས་སུ་བཏགས་པའི་ངོ་བོས་ཐམས་ཅད་མེད་དེ་མེད་པ་དེའི་ཕྱིར་གནས་པ་མེད་ཅིང་འཇིག་པ་མེད་དེ་རྟག་པ་དང་མི་རྟག་པ་མེད་ཅེས་བྱ་བའི་དོན་ཏེ། དེའི་ཕྱིར་དེ་སྟོང་པའོ་ཞེས་ནང་སྟོང་པ་ཉིད་ཀྱི་མདོའི་འགྲེལ་པར་འབྱུང་ཞིང༌། སྙིང་པོ་མཆོག་ཏུ་ཡང་དེ་ལྟར་རོ། །དབུས་མཐའི་འགྲེལ་པར་ཡང༌། གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེ་ཡི་དངོས་པོ་ཡོད་པ་ཡང་སྟོང་པ་ཉིད་དོ་ཞེས་བདག་གཉིས་དགག་བྱར་གསུངས་པས་སོ། །དེའི་ཕྱིར་འདུས་བྱས་མཐའ་དག་གིས་སྟོང་པའི་འདུས་མ་བྱས་ཡོངས་གྲུབ་དོན་དམ་པར་གྲུབ་པ་བྱམས་ཆོས་ཕྱི་མ་རྣམས་དང་སྐུ་མཆེད་ཀྱི་གཞུང་གི་དགོངས་པར་འདོད་པ་བློ་རྩིང་རྣམས་ཀྱི་མུན་སྤྲུལ་འབའ་ཞིག་གོ །གལ་ཏེ་གསུམ་གྱི་གནོད་འཇོམས་སུ་ཆོས་ཉིད་ཀྱི་མིག་ལ་སོགས་པ་རྣམ་བཏགས་དང་ཀུན་བཏགས་ཀྱི་མིག་ལ་སོགས་པས་སྟོང་པར་གསུངས་པའི་སྟོང་ཉིད་དང་ཕྱོགས་འདི་རྗེས་སུ་མཐུན་ཞེ་ན། སྟོང་པ་ཉིད་ཀྱི་ཚུལ་འདི་འཕགས་ཡུལ་གྱི་མཁས་པ་ཞིག་གིས་བཀྲལ་བར་འདོད་ན་གནོད་འཇོམས་འདི་དང་མཐུན་པར་འདོད་དགོས་ཏེ། འདི་


JLD017_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདིའི་རྗེས་སུ་མཐུན་པ་འབུམ་གྱི་གནོད་འཇོམས་དང་མན་ངག་རྗེས་འབྲང་གསུམ་དུ་ཆོས་ཉིད་སྟོང་གཞིར་བྱས་ནས་ཀུན་བརྟགས་གཞན་དབང་གཉིས་ཀྱིས་སྟོང་པར་གསུངས་ཀྱི་གཞན་དབུ་སེམས་ཀྱི་པཎྜི་ཏ་ཆེན་པོ་སུས་ཀྱང་དེ་ལྟར་མ་བཤད་པས་སོ། །དེ་ལྟར་ཕྱོགས་འདི་དང་གནོད་འཇོམས་གཉིས་ཡོངས་གྲུབ་སྟོང་གཞི་དང་མཚན་ཉིད་གཞན་གཉིས་གང་གིས་སྟོང་པའི་ཆོས་སུ་བྱེད་པ་མིང་ཙམ་མཐུན་ཀྱང་དོན་གཏན་ནས་མི་མཐུན་ཏེ་དེ་ཡང་གསུམ་གྱི་གནོད་འཇོམས་སུ། སྟོང་པ་ཉིད་གསུམ་རྣམ་པར་བཞག་ནས་འདི་སྙམ་སེམས་ཏེ་ཅི་སྟོང་པ་ཉིད་ཅེས་བྱ་བ་ཆོས་ཀྱི་རྣམ་པར་ཡོད་དམ་འོན་ཏེ་མེད། གལ་ཏེ་སྟོང་པ་ཉིད་ཅེས་བྱ་བ་ཞིག་ཡོད་ན་ནི་སྟོང་པ་ཉིད་ཡོད་པས་སྟོང་པ་མ་ཡིན་པ་ཉིད་ཀྱང་ཡོད་པར་འགྱུར་ཏེ། མི་མཐུན་པའི་ཕྱོགས་མེད་པར་གཉེན་པོ་ཡོད་པར་མི་འཐད་པའི་ཕྱིར་རོ། །སྟོང་པ་མ་ཡིན་པ་ཡོད་ན་ཡང་ཆོས་ཐམས་ཅད་སྟོང་པ་མ་ཡིན་པར་འགྱུར་རོ་ཞེས་དེ་སྙམ་དུ་བསམས་ནས་ཡང་འདི་ལྟར་གཏན་ལ་འབེབས་ཏེ་སྟོང་པ་ཞེས་བྱ་བ་ནི་ཅི་ཡང་མེད་པའོ། །གལ་ཏེ་སྟོང་པ་ཞེས་བྱ་བའི་ཆོས་གཞན་འགའ་ཞིག་ཡོད་པར་གྱུར་ན་ནི་དེ་ལྟ་ན་མི་སྟོང་པའི་ཆོས་ཀྱང་ཡོད་པར་འགྱུར་ན་ནང་སྟོང་པ་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ནི་གང་ཡང་མེད་དེ། ཞེས་འབྱུང་ཞིང༌། དེའི་དཔེར་འགའ་ཞིག་གིས་དྲི་ཟའི་གྲོང་ཁྱེར་མཐོང་བ་ན་


JLD017_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་གྱི་བློ་སྐྱེ་ལ། དེ་ནས་ལེགས་པར་བརྟགས་པ་ན་གྲོང་ཁྱེར་སྟོང་པའི་བློ་སྐྱེས་ཏེ་དེ་ཙམ་གྱིས་གྲོང་ཁྱེར་སྟོང་པ་ཞེས་པའི་ཆོས་གཞན་མེད་པ་དང་འདྲ་བར་གཟུགས་སོགས་ལ་ཆོས་ཀྱི་བློ་སྐྱེས་པ་ན་ལེགས་པར་བརྟགས་ནས་ཡུལ་དེ་དག་མ་རྙེད་པས་ཆོས་ཀྱི་བློ་མེད་པར་སྟོང་པའི་བློ་སྐྱེ་སྟེ་དེ་ཙམ་གྱིས་སྟོང་པ་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ཡོད་པར་མི་རུང་ངོ་ཞེས་བཤད་ནས་ཡང་དེ་ཉིད་ལས། སྟོང་པ་ཉིད་མེད་པས་མི་སྟོང་པ་ཡང་མེད་དོ། །མི་སྟོང་པ་མེད་པས་སྟོང་པ་ཉིད་ཀྱང་མེད་དོ་ཞེས་འདིར་དེ་སྐད་བྱར་ནི་རུང་ངོ༌། །སྟོང་པ་ཉིད་མེད་དེ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ་འདི་ལྟར་ཆོས་ཐམས་ཅད་སྟོང་པའི་ཕྱིར་རོ། །སྟོང་པ་ཉིད་ཡོད་ཅེས་ཀྱང་བརྗོད་པར་མི་བྱ་སྟེ་འདི་ལྟར་རྣམ་པར་བརྟགས་ན་སྟོང་པ་ཉིད་ཅེས་བྱ་བའི་ཆོས་གཞན་དུ་གྱུར་པ་གང་ཡང་མེད་པའི་ཕྱིར་རོ། ཞེས་པ་དང༌། གལ་ཏེ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་སྟོང་པ་མ་ཡིན་ན་དེ་ལྟ་ན་ནི་མི་སྟོང་པའི་ཆོས་ཤིག་ཡོད་པར་གྱུར་པས་ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་བ་དང༌། སྟོང་པ་ཉིད་ཀྱི་མཚན་ཉིད་འདི་འགལ་བའི་ཕྱིར་སྟོང་པ་ཉིད་དང་འགལ་བར་འགྱུར་པ་ཞིག་ན། འདི་ལྟར་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཅེས་བྱ་བའི་ཆོས་གཞན་དུ་གྱུར་པ་གང་ཡང་མེད་པས། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་སྟོང་པར་ཁས་ལེན་ཏེ། ཞེས་དང༌། དོན་དམ་པ་སྟོང་པ་ཉིད་ཀྱི་སྐབས་སུ་ཡང༌། མྱ་ངན་ལས་འདས་པ་ཡང་


JLD017_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པས་སྟོང་ཞེས་བྱ་བ་ནི་དོན་དམ་པའི་མྱ་ངན་ལས་འདས་པ་ནི་ཀུན་བཏགས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །མྱ་ངན་ལས་འདས་པ་ཐེར་ཟུག་ཏུ་གནས་པ་ཞེས་མི་བྱའམ་ཞེ་ན། ཉན་ཐོས་ཀྱི་ཐེག་པ་པ་རྟོག་པ་དང་བཅས་པ་ཁ་ཅིག་གིས་ཚུལ་ནི་དེ་ལྟ་ཡིན་གྱི་དོན་དམ་པར་ནི་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཆོས་གང་ཡང་མེད་དོ་ཞེས་པ་ལ་སོགས་པས་སྐབས་དུ་མར་དོན་དམ་དང་སྟོང་ཉིད་རང་གི་ངོ་བོས་སྟོང་པར་དུ་མ་ཞིག་གསུངས་པ་དང༌། དོན་དམ་དང་སྟོང་ཉིད་ངོ་བོས་མི་སྟོང་པར་གཤིས་ལ་ཐེར་ཟུག་གི་རྟག་པར་འདོད་པ་གཉིས་ག་ལ་མཚུངས། འདི་ལས་ཆོས་ཉིད་ཀུན་བཏགས་ཀྱི་རྣམ་པར་ཡོད་པ་མ་ཡིན་གཉིས་མེད་པའི་ངོ་བོ་ཉིད་དུ་མེད་པ་མ་ཡིན་ཞེས་པ་ནི་མཐའ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་དེ་བཀག་ན་དགག་པ་གཉིས་ཀྱིས་རྣལ་མ་སྟོན་པས་མཐའ་དོན་ལ་འགྲུབ་པར་འགྱུར་དུ་དོགས་ནས་ཆོས་རྣམས་ཀྱི་གནས་ལུགས་དེ་ཡིན་པ་ལ་བསམས་ནས་དེ་སྐད་གསུངས་ཀྱི། དོན་ལ་ཐེར་ཟུག་གི་རྟག་པ་གྲུབ་པར་འདོད་ནས་མིན་ཏེ། འདུས་མ་བྱས་སྟོང་ཉིད་ཀྱི་སྐབས་སུ། ཉན་ཐོས་ཀྱི་ཚུལ་གྱིས་ཀྱང་འདི་དག་དོན་དམ་པར་ཡོད་པ་མ་ཡིན་ན་སྟོང་པ་ཉིད་ཀྱི་ཚུལ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཞེས་འདུས་མ་བྱས་དོན་ལ་མ་གྲུབ་པར་གསུངས་སོ། །སྟོང་པ་ཉིད་ཀྱི་སྐབས་སུ་མན་ངག་རྗེས་འབྲང་དུ་ཡང་འདི་ལྟར་


JLD017_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ལ། འབུམ་གྱི་གནོད་འཇོམས་སུ་ཡང༌། གཟུགས་ཀྱི་རང་བཞིན་དོན་དམ་པར་མ་གྲུབ་པ་ཉིད་ལ་སྟོང་པ་ཉིད་ཅེས་བྱ་བའི་སྣོད་དང་བཅུད་ལྟར་གཅིག་གིས་གཅིག་སྟོང་པ་ལྟ་བུ་ལ་མི་བྱའོ་ཞེས་འབྱུང་བས་གང་དང་ཡང་མི་མཐུན་ལ། འདི་དག་ལས་གཞན་པའི་ཤིང་རྟ་ཆེན་པོ་སུ་ཡང་མི་བཞེད་པས་མཁས་པ་རྣམས་ཀྱིས་མཆིལ་མའི་ཐལ་བ་བཞིན་དུ་དོར་བར་རིགས་སོ། །གཉིས་པ་ནི། འདུས་བྱས་བཀག་ནས་འདུས་མ་བྱས་དང༌། དེ་བཞིན་དུ་དངོས་པོ་བཀག་ནས་དངོས་མེད་དང༌། ཡོད་པ་བཀག་ནས་མེད་པ་དང༌། གཞན་དངོས་བཀག་ནས་རང་དངོས་དང༌། སྟོང་པ་བཀག་ནས་མི་སྟོང་པ་ཤུལ་དུ་སྒྲུབ་པ། མདོར་ན་ཆ་འགའ་ཞིག་འགོག་འགའ་ཞིག་སྒྲུབ་པ་དགག་སྒྲུབ་དང་བླང་དོར་ལས་མ་འདས་པ་ཉི་ཚེ་བའི་སྟོང་པ་མ་ཡིན་གྱི། སྤྲོས་པའི་དྲ་བ་མཐའ་དག་གཅོད་པར་བྱེད་པའི་སྟོང་པ་ཉིད་ཆོས་གང་ཡང་མ་བརྟགས་ན་ཉམས་དགའ་བ་སྒྱུ་མ་ལྟ་བུར་འཁྲུལ་ངོར་སྣང་ཡང་དོན་དམ་པར་ན་གདོད་མ་ནས་རང་གི་ངོ་བོས་སྟོང་པས་ཅིའི་ཡང་ངོ་བོར་མི་དམིགས་པ་ཡིན་ཏེ། དབུ་མའི་རྩ་བ་ལས། འདུས་བྱས་གྲུབ་པར་མ་གྱུར་ན། །འདུས་མ་བྱས་ལ་ཅི་ཞིག་འགྲུབ། ཅེས་དང༌། གང་དག་རང་དངོས་གཞན་དངོས་དང༌། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། ཞེས་དང༌། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཉིད་ཀྱང་ཡོད་པར་


JLD017_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། ཞེས་པ་དང༌། སེམས་འགྲེལ་ལས་ཀྱང༌། དམིགས་མེད་སྒྱུ་མ་ལྟ་བུ་ཡིན། །སྟོང་ཉིད་སྲིད་པ་འཇིག་བྱེད་པ། །ཞི་བ་ཆོས་རྣམས་ཀུན་གྱི་གནས། །འདི་ནི་རྟག་ཏུ་སྒོམ་པར་གྱིས། ཞེས་དང༌། དགེ་དང་མི་དགེའི་རྣམ་རྟོག་རྣམས། །རྒྱུན་གཅོད་པ་ཡི་མཚན་ཉིད་འདི། །སངས་རྒྱས་རྣམས་ཀྱིས་སྟོང་པར་གསུངས། ཞེས་སོ། །དེ་ལྟར་ན་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་ནི་ལུགས་འདི་ཁོ་ན་ལ་ཡོད་དེ། ཆོས་མཐའ་དག་རང་བཞིན་མེད་པར་སྟོན་པས་སོ། །གཉིས་པ་ནི། ཡུལ་སྟོང་ཉིད་ཉི་ཤུ་གང་ན། དེའི་ལན་སྐབས་འདིར་སྨྲས་པ། སྟོང་པ་ཉིད་ནི་དབྱེ་གཞི། དབྱེ་བའི་ངོ་བོ་གྲངས་ཉི་ཤུར་འདོད་དེ། ནང་གི་ཆོས་རྣམས་ནས་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་བར་ཉི་ཤུ་རྣམས་རང་རང་ངོ་བོས་སྟོང་པའི་ཕྱིར་རོ། །འདི་སྟོང་ཉིད་ཡིན་པའི་རྒྱུ་མཚན་དང་གཉིས་སུ་དྲང་ངོ༌། །རང་གི་ངོ་བོས་སྟོང་པའི་དོན་ཡང༌། འཇུག་པའི་རང་འགྲེལ་དུ། མིག་ལ་སོགས་པ་རྣམས་མིག་ལ་སོགས་པས་སྟོང་པ་ཉིད་སྨྲས་པས་ནི་རང་བཞིན་སྟོང་པ་ཉིད་ཡོངས་སུ་གསལ་བར་བྱས་པ་ཡིན་གྱི་མིག་ནང་གི་བྱེད་པ་དང་བྲལ་བའི་ཕྱིར་སྟོང་ཞིང་གཟུང་བ་དང་འཛིན་པའི་བདག་ཉིད་ཀྱིས་སྟོང་ངོ་ཞེས་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་མ་ཡིན་ནོ། ཞེས་པ་ལྟར་རོ། །སྟོང་ཚུལ་གཉིས་པོ་


JLD017_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དེའི་འགྲེལ་བཤད་དུ། ནང་གི་བྱེད་པའི་སྐྱེས་བུ་སྟོང་པ་ཉིད་དམ། ཡང་ན་གཅིག་ལ་སྟེ་མིག་ལ་སོགས་པ་རྣམས་ལ་གཅིག་མེད་པ་སྟེ་གཟུང་བ་དང་འཛིན་པའི་དངོས་པོས་སྟོང་པ་ཉིད་དེ། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་དང༌། སེམས་ཙམ་དུ་སྨྲ་བ་བཞིན་དུ་ནི་མ་ཡིན་ནོ། ཞེས་པ་ལྟར་རོ། །ལེ་བརྒྱད་མར། བྱང་ཆེན་གྱི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་ཞེས་པ་ནས་གཞན་གྱི་ངོ་བོ་སྟོང་པ་ཉིད་དོ་ཞེས་ཉི་ཤུ་པོ་ཐམས་ཅད་དཀྱུས་གཅིག་ལ་འབྱུང་ངོ༌། །མདོ་ལས་ནི་སྟོང་ཉིད་བཅུ་དྲུག་དང་ཡང་གུད་དུ་སྟོང་ཉིད་ཐ་མ་བཞི་གསུངས་ལ། གཉིས་ཀ་སྡོམས་པས་་ཉི་ཤུར་འགྱུར་བ་ལ་དགོངས་ནས། འཕགས་པ་དང་སློབ་དཔོན་གྱིས་ཉི་ཤུའི་གྲངས་མཛད་ལ། ཤཱནྟི་ཨ་བྷྱ་རད་ཀིར་ཛ་ཡ་ཨ་ནན་ཏ་བུད་དྷ་ཤྲཱི་རྣམས་ཀྱང་དེ་ལྟར་རོ། །དེ་ལ་རྒྱས་པར་ཕྱེ་ན་སྟོང་ཉིད་བཅུ་དྲུག་དང་མདོར་བསྡུ་ན་ཐ་མ་བཞི་དང༌། ཤིན་ཏུ་བསྡུས་ན་བདག་མེད་འདི་གཉིས་ཞེས་འཇུག་པའི་འགྲེལ་བཤད་དུ་འབྱུང་བ་ནི་འཇུག་པའི་དགོངས་པའོ། །དེ་ལ་ནང་ནི། ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་ཆོས་རྣམས་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ་བརྗོད་དོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་མིག་ནི་མིག་གིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ་ཞེས་རྒྱུ་མཚན་གཉིས་སྦྱར་བའི་ཚུལ་འདིས་ཉི་ཤུ་པོ་ཐམས་ཅད་སྟོང་ཉིད་དུ་གསུངས་


JLD017_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདི་ཡང་སྟོང་པའི་གཞི། སྟོང་པའི་ཚུལ། སྟོང་པའི་ཐ་སྙད། ཐ་སྙད་ཀྱི་རྒྱུ་མཚན་དང་བཞིས་བསྟན་ཏོ། །དང་པོ་ནི་དབང་པོ་དྲུག་གོ །གཉིས་པ་ནི། ཉི་སྣང་དུ། ཀུ་ཊ་ནི་ཚོགས་པ་སྟེ་དེ་ལ་ཡོད་པའི་རང་བཞིན་མི་དམིགས་པའི་ཕྱིར་ཨ་ཀུ་ཊ་སྠ་སྟེ་ཚོགས་པར་གནས་པ་མེད་པའོ། །དེ་ལྟ་བུར་གྱུར་པ་དེ་ཅི་ཞིག་འཇིག་པར་འགྱུར་ཏེ། དེས་ན་འཇིག་པ་མེད་པ་ཡིན་ཏེ། སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཆོས་ཉིད་དེ་ཉིད་ནི་འདི་ཡི་རང་བཞིན་ཡིན་ནོ། ཞེས་སོ། །དེའི་ལྟར་ན་ཐེར་ཟུག་གི་དོན་ལ་འཇུག་པའི་སྠ་ནི་གནས་པའི་དོན་ཡིན་ལ་དེ་ཨས་བཀག་པས་རྒྱུ་རྐྱེན་ཚོགས་པར་གནས་པ་མེད་ལ་དེ་ལ་སྐྱེ་བ་མེད་པས་འཇིག་པ་ཡང་མེད་དེ། དེས་ན་སྐྱེ་འགག་མེད་པའི་ཕྱིར་མིག་སོགས་དེ་དེས་སྟོང་ཞེས་པའོ། །འཇུག་པའི་འགྲེལ་བཤད་དུ། ཐེར་ཟུག་ཏུ་གནས་པ་དང་འཇིག་པ་མེད་པའི་དོན་རིམ་པ་ལྟར་རྣམ་པར་འགྱུར་བ་དང༌། འཇིག་པར་འགྱུར་བ་མེད་པ་ལ་བཤད་ཅིང༌། ཐེར་ཟུག་མིན་པ་དང་མི་འཇིག་པ་གཉིས་འབྱུང་བ་ནི་དང་པོས་འགྱུར་བ་བཀག་པ་ན་རེ་ཞིག་གནས་ནས་ཕྱིས་འཇིག་གམ་སྙམ་པ་བཟློག་པའི་ཕྱིར་འཇིག་པ་མ་ཡིན་ཞེས་སྨོས་པས་སོ། ཞེས་སོ། །འབུམ་གྱི་གནོད་འཇོམས་སུ། དེ་གཉིས་མེད་པའི་དོན་རྟག་པ་དང་མི་རྟག་པར་མེད་དེ་དེའི་ཕྱིར་དབང་པོ་དྲུག་ལ་དོན་དམ་པར་དངོས་པོ་མེད་དེ་གཞན་དུ་ན་དེ་གཉིས་ཀྱི་དངོས་པོར་འགྱུར་


JLD017_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས་སོ། ཞེས་སོ། །རྒྱུ་མཚན་ཕྱི་མ་ཡང་དེ་ཉིད་ལས། དེའི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མིག་ལ་མིག་གི་དངོས་པོ་མེད་པ་ཉིད་དེའི་རང་བཞིན་ཡིན་གྱི་རྒྱུ་གཞན་གྱིས་བཤིག་སྟེ་སྟོང་པར་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཞེས་འབྱུང་བས་མིག་སོགས་ལ་རྟག་མི་རྟག་གི་དངོས་པོ་མེད་པའི་རྟགས་སྒྲུབ་ཏུ་སྦྱར་རོ། །དེ་བཞིན་དུ་ཆོས་ཅན་ལྷག་མ་བཅུ་དགུ་ལ་ཡང་རྒྱུ་མཚན་སྔ་ཕྱི་གཉིས་ཀྱི་བཤད་པ་རྣམས་འདིར་བཤད་པ་བཞིན་བསྒྲེའོ། །གསུམ་པ་ནི། ནང་སྟོང་པ་ཉིད་ཅེས་པའོ། །བཞི་པ་ནི། མིག་སོགས་རྣམས་ནང་གི་ཆོས་ཡིན་པས་སོ། །ཕྱི་རོལ་ནི་སེམས་ཀྱིས་མ་ཟིན་པའི་ཡུལ་ལྔའོ། །ཕྱི་ནང་གཉིས་ནི་དབང་པོའི་རྟེན་གྱིས་བསྡུས་པའི་ཡུལ་ལྔ་སྟེ། དེ་ཡང་སེམས་ཀྱིས་ཟིན་པ་དང་དབང་པོས་མ་བསྡུས་པའི་ཕྱིར་རོ། །མདོ་ལས་ནི་དབང་པོ་དང་ཡུལ་དྲུག་ལ་ཕྱི་ནང་དུ་མཛད་ནས་དེ་གཉིས་གཅིག་གིས་གཅིག་སྟོང་པར་གསུངས་སོ། །འདིར་ཉི་སྣང་ལས། ཆོས་ཀྱི་སྐྱེ་མཆེད་ལ་ནི་རྣམ་པར་རྟོག་པ་འདི་དག་གསུམ་ཆར་ཡང་སྲིད་པ་དེས་ན་འདིའི་ནང་ལ་སོགས་པ་ནི་ཇི་ལྟར་སྲིད་པ་བཞིན་རིག་པར་བྱའོ། ཞེས་པ་ནི་སེམས་བྱུང་དང༌། འདུས་མ་བྱས་དང༌། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དང་ལྡན་མིན་རྒྱུད་དུ་གཏོགས་པ་གསུམ་རིམ་པ་ལྟར་ནང་དང་ཕྱི་དང་ཕྱི་ནང་ངོ༌། །འདི་གཉིས་དང་འོག་མ་རྣམས་ཀྱི་སྟོང་ཚུལ་ནི་དང་པོ་དང་མཚུངས་ཤིང་ཐ་སྙད་དང་ཐ་སྙད་ཀྱི་རྒྱུ་


JLD017_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ནི་སྟོང་གཞི་གསུམ་པོ་རིམ་པ་ལྟར་ནང་ཡུལ་ཅན་དང་ཕྱི་ཡུལ་དང་ཕྱི་ནང་གཉིས་ཀ་ཡིན་པས་དེ་དག་གི་སྟོང་ཉིད་ལ་ཡང་ནང་དང་ཕྱི་དང་དེ་གཉིས་ཀས་སྟོང་པ་ཉིད་དུ་བསྟན་ཏོ། །སྟོང་པའི་དངོས་པོ་ནི་ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་པ་སྟེ་སྟོང་གཞིའོ། །འདིས་སྟོང་ཉིད་དུ་འཛིན་པ་ཞི་བར་བྱེད་པ་ནི་སྟོང་པ་ཉིད་ཀྱི་ཐ་སྙད་ཀྱི་རྒྱུ་མཚན་ནོ། །ཆོས་ཅན་བཞི་པ་འདིའི་འཛིན་ཚུལ་ནི་དབུས་མཐའ་བརྒྱད་སྟོང་དོན་བསྡུས་རྩ་འགྲེལ་དང་སློབ་དཔོན་དང་འཕགས་པ་རྣམས་མཐུན་ནོ། །འཇུག་པ་ལས་ནི། ཆོས་རྣམས་རང་བཞིན་མེད་པ་ཉིད། །མཁས་པས་སྟོང་པ་ཉིད་ཅེས་བསྙད། །སྟོང་ཉིད་དེ་ཡང་སྟོང་ཉིད་ཀྱི། །ངོ་བོས་སྟོང་པར་འདོད་པ་ཡིན། །སྟོང་ཉིད་ཅེས་བྱའི་སྟོང་ཉིད་གང༌། །སྟོང་ཉིད་སྟོང་ཉིད་དུ་འདོད་དེ། །སྟོང་ཉིད་དངོས་པོའི་བློ་ཅན་གྱི། །འཛིན་པ་བཟློག་ཕྱིར་གསུངས་པ་ཡིན། ཞེས་རྐང་པ་དང་པོ་གཉིས་ཀྱིས་སྟོང་གཞི། དེ་ནས་གཉིས་ཀྱིས་སྟོང་ཚུལ། དེ་ནས་གཉིས་ཀྱིས་དེ་ལ་མིང་འདོགས་ཚུལ། ཐ་མ་གཉིས་ཀྱིས་དེ་ལ་སྟོང་ཉིད་དུ་བཤད་པའི་དགོས་པ་བསྟན་ཏོ། །མདོ་ལས་ཀྱང༌། ཆོས་ཐམས་ཅད་ཀྱི་སྟོང་ཉིད་སྟོང་གཞིར་གསུངས་པས་འདི་ནི་འཇུག་པར་གསུངས་པ་ལྟར་སྟོང་ཉིད་ལ་བདེན་ཞེན་ཟློག་པའི་ཕྱིར་ཡིན་པས་སྟོང་གཞི་འདི་ཉིད་འཐད་དོ། །ཕྱོགས་ནི་ཤར་ལ་སོགས་པ་བཅུ་སྟེ་དེ་ནི་དབྱིབས་ཤིན་ཏུ་ཆེ་བའི་ཕྱིར་ན་དེའི་སྟོང་པ་ཉིད་ཅེས་བྱའོ། །མྱ་


JLD017_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པའི་ལམ་ནི་མྱང་འདས་དང་ལམ་གཞི་མཐུན་པར་བྱས་ཏེ་དེ་ནི་ཐོབ་པའི་དོན་དམ་པའོ། །མདོ་དང་ཉི་སྣང་དང་རྒྱན་སྣང་དུ་མྱང་འདས་ཉིད་ལ་བཤད་ཅིང༌། འགྲེལ་པ་གཉིས་སུ་དེ་ནི་བྲལ་བ་ཙམ་ཡིན་པའི་ཕྱིར། ཞེས་པ་ནི་རྟག་མི་རྟག་གཉིས་ཀ་འགྲུབ་པ་མེད་པའི་རྒྱུ་མཚན་དུ་སྦྱར་ན་འགྲིག་ལ་བྲལ་བའི་དོན་ནི་ལམ་གྱིས་སྤང་བྱ་བཅོམ་ཙམ་གྱི་ཆའོ། །རྐྱེན་ལས་སྐྱེས་པ་ནི་ཁམས་གསུམ་སྟེ། དེ་ནི་མཐའ་གཅིག་ཏུ་མ་གྲུབ་པས་གཉེན་པོར་བསྒྱུར་ནུས་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ནོ། །རྐྱེན་སྐྱེས་ཀྱི་ཅིག་ཤོས་མ་སྐྱེས་པ་སྐྱེ་འགག་དང་གནས་པ་ལས་གཞན་འགྱུར་བ་མེད་པའི་འདུས་མ་བྱས་ཏེ་མཚན་ཉིད་དེ་དག་གིས་མཚོན་པའི་ཟློག་ཕྱོགས་སྐྱེ་བ་སོགས་ཀྱིས་དབེན་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ནོ། །མཐའ་འདས་ནི་རྟག་ཆད་ཀྱི་མཐས་སྟོང་པས་མཐའ་འདས་ཏེ། མཐའ་གཉིས་དང་བྲལ་བ་ཡིན་ལ། མཐའ་འམ་ཆར་འཇོག་པའི་རྒྱུ་མཚན་ལྟོས་ས་དབུས་ན་ཅུང་ཟད་ཀྱང་མ་གྲུབ་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ནོ། །དག་ལྡན་དུ་ལོངས་སྐུ་ལ་བཤད་དོ། །ཐོག་མ་མེད་པ་ནི་ཐོག་མཐའ་དབུས་དང་བྲལ་བ་འཁོར་བ་སྟེ། དེ་ནི་ཐོག་མ་ལ་སོགས་པ་ཆོས་ཉིད་ཀྱི་རྗེས་སུ་སྐྱེས་པའམ་ཆོས་ཉིད་ཇི་ལྟ་བ་བཞིན་དུ་གྱུར་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ནོ། །དོར་བ་མེད་པ་ནི་དེ་དག་ཕྱོགས་དེ་དོར་བ་དང་སྤངས་པ་དང་བཏང་བ་ལས་བཟློག་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ནོ། །དག་ལྡན་ལས་དོར་བྱ་མ་ཡིན་པའི་ཐེག་ཆེན་ལ་བཤད་ཅིང༌། གནོད་འཇོམས་གཉིས་


JLD017_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དོར་བ་ཕུང་པོ་ཡིན་ལ་དེ་མེད་པ་ལྷག་མེད་ཀྱི་མྱང་འདས་ཏེ། འོད་སྲུང་གི་གསུང་རབ་ལས་ཕུང་པོ་ལ་དོར་བ་ཞེས་འབྱུང་ལ། སྔར་གྱི་མྱང་འདས་ལྷག་བཅས་ཡིན་པས་འདི་དང་མི་ཟློས་ཞེས་འཆད་དོ། །རང་བཞིན་ནི་འདུས་བྱས་འདུས་མ་བྱས་ཀྱི་སྟོང་ཉིད་དོ། །དེ་ནི་ཡེ་ནས་སྟོང་པས་དེ་སྟོང་པར་འཕགས་པ་གང་གིས་ཀྱང་མ་བྱས་པས་འདུས་བྱས་འགྱུར་བ་དང་འདུས་མ་བྱས་མི་འགྱུར་བས་གནོད་པར་མི་ནུས་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ནོ། །ཆོས་ཀུན་ནི་ཕུང་ཁམས་སྐྱེ་མཆེད་རེག་པ་ཚོར་བ་གཟུགས་ཡོད་མེད་འདུས་བྱས་འདུས་མ་བྱས་ཏེ། དེས་ཆོས་ཀུན་བསྡུས་པས་ནི་ཐ་སྙད་ཀྱི་རྒྱུ་མཚན་བསྟན་ལ། འདུས་བྱས་མ་བྱས་ཀྱི་ཆོས་རྣམས་ཕན་ཚུན་ལྟོས་ནས་བཞག་པ་ཙམ་ཡིན་པ་ནི་སྟོང་པའི་རྟགས་སྒྲུབ་ཏུ་བྱའོ། །ཆོས་སྐྱེ་སོགས་ནི་སྐྱེ་བ་དང་འགག་པ་སོགས་དང་གཟུགས་སུ་རུང་བ་དང༌། ཉམས་སུ་མྱོང་བ་ལ་སོགས་པ་སྟེ། སྤྱི་དང་ཁྱད་པར་གྱི་མཚན་ཉིད་ཡིན་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ལ། མཚན་ཉིད་དུ་བཞག་པའི་སྤྱི་དང་ཁྱད་པར་རྣམས་བཏགས་པ་ཙམ་ཡིན་པ་ནི་རྟགས་སྒྲུབ་བོ། །འདས་སོགས་ནི་དུས་གསུམ་སྟེ་དེ་དག་རེ་རེ་ལ་གཞན་གཉིས་མ་དམིགས་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ལ། དུས་རྣམས་དངོས་པོ་ལ་བཏགས་པ་ཙམ་ཡིན་པ་ནི་རྟགས་སྒྲུབ་བོ། །ལྡན་པ་ནི་རྒྱུ་རྐྱེན་དུ་མ་སྦྱོར་བའམ་འདུས་པ་ཡིན་ཞིང༌། འདུས་པའི་སྤྱི་ཚོགས་ཙམ་ཡང་དངོས་པོར་


JLD017_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ལ། སྦྱོར་བ་ལས་བྱུང་བའམ་འདུས་པ་ནི་རྟེན་འབྲེལ་ཡིན་པས་རང་བཞིན་གཉིས་མེད་དོ། །ལྡན་པའི་ཅིག་ཤོས་ནི་ཕུང་པོ་ལྔ་སྟེ་ཉེར་ལེན་གྱི་དངོས་པོ་ཡིན་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ལ། ཕུང་པོའི་དོན་ནི་སྤུངས་པ་ཡིན་ལ། སྤུངས་པ་བློ་ཆོས་ཡིན་གྱི་དོན་ལ་མེད་པས་རང་བཞིན་གཉིས་མེད་དོ། །འདིར་ཅིག་ཤོས་ཞེས་པ་སྒྲས་ཟིན་གྱི་ལྡན་པའི་བཟློག་ཟླ་ལ་བྱས་ན་མ་འདུས་པ་དང་མ་ཕྲད་པར་འགྱུར་བས་དེ་ལ་མི་བྱ་བར་ལྡན་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་པས་དེའི་ཅིག་ཤོས་དངོས་པོ་སྟོང་པ་ཉིད་ཅེས་སྦྱར་རོ། །མཁའ་ནི་མཚོན་པ་སྟེ་འགོག་པ་གཉིས་དང་དེ་བཞིན་ཉིད་ཀྱང་ཡིན་ཞིང་དེ་དག་དངོས་མེད་ཡིན་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ལ་དེ་དག་རིམ་པ་ལྟར་ཐོགས་པའི་རེག་བྱའམ་སྒྲིབ་བྱེད་དང་བྲལ་བ་ཙམ་དང༌། མ་འོངས་པ་སྐྱེ་བའི་རྐྱེན་མ་ཚང་ཙམ་དང༌། ལམ་གྱིས་སྤང་བྱ་བཅོམ་ཙམ་གྱི་ཆ་དང༌། བདག་གཉིས་ཀྱིས་སྟོང་ཙམ་ལ་བཏགས་པས་རང་བཞིན་མེད་དོ། །འདིར་མཚན་གཞི་དང་གོང་དུ་མཚན་ཉིད་ཀྱི་ངོས་ནས་བསྟན་པས་འདུས་མ་བྱས་སྟོང་པ་ཉིད་དང་མི་ཟློས་ཟེར་རོ། །སྟོང་པ་ཞེས་བྱ་ནི་ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་ངོ་བོ་སྟེ། དེ་ནི་འཕགས་པ་རྣམས་ཀྱི་ཡེ་ཤེས་དང་མཐོང་བས་གསར་དུ་མ་བྱས་པར་གདོད་མ་ནས་སྟོང་པའི་ཕྱིར་རང་གི་ངོ་བོ་སྟེ། དེའི་ཕྱིར་རང་གི་ངོ་བོ་སྟོང་པ་ཉིད་ཅེས་ཐ་སྙད་དུ་བྱས་སོ། །དེ་ལྟར་ན་ཤེས་མཐོང་གིས་མ་བྱས་པ་རང་


JLD017_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནམ་རང་གི་ངོ་བོ་ཡིན་པའི་རྒྱུ་མཚན་དུ་སྦྱར་གྱི་རང་བཞིན་དེ་རང་གི་ངོ་བོས་སྟོང་པའི་རྒྱུ་མཚན་དུ་མི་སྦྱར་ཏེ། འཇུག་པར། རང་བཞིན་ངོ་བོ་ཉིད་མེད་ནི། །རང་བཞིན་ཞེས་བྱའི་སྟོང་ཉིད་དེ། །འདི་ལྟར་དེ་ནི་མ་བྱས་པས། །རང་བཞིན་ཞེས་ནི་བྱ་བར་བསྙད། ཅེས་སོ། །མདོ་ལས་ཀྱང༌། དེ་ལ་རང་གི་ངོ་བོ་སྟོང་པ་ཉིད་གང་ཞེ་ན། རང་གི་ངོ་བོ་ནི་ཤེས་པ་དང་མཐོང་བས་མ་བྱས་པའི་ཕྱིར་ན་ཕྱིན་ཅི་མ་ལོག་པའི་རང་བཞིན་ནོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་རང་གི་ངོ་བོ་ནི་རང་གི་ངོ་བོས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ་འདི་ནི་རང་གི་ངོ་བོ་སྟོང་པ་ཉིད་ཅེས་བྱའོ། ཞེས་པས་སོ། །གལ་ཏེ་ཤེས་མཐོང་གི་ཆོས་རྣམས་ཀྱི་རང་བཞིན་དེ་སྟོང་པར་མ་བྱས་ན་དེས་དེ་ལ་ཅི་ཞིག་བྱེད་ཅེ་ན། ཤེས་མཐོང་གིས་ནི་ཡང་དག་པ་ཕྱི་ཅི་མ་ལོག་པའི་དོན་དེ་གསལ་བར་བྱེད་པའམ་རྟོགས་པར་བྱེད་པ་ཡིན་ནོ། །ཤེས་མཐོང་གཉིས་ཀྱང་འབུམ་གྱི་གནོད་འཇོམས་སུ། ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། །མཐོང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་བྱུང་བ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་བྱ་སྟེ་ཞེས་འབྱུང་ལ། ཉི་སྣང་དུ་རྗེས་སུ་དཔག་པའི་ཤེས་པ་བསལ་བའི་དོན་དུ་མཐོང་བ་སྨོས་ལ། འཁྲུལ་པའི་མཐོང་བ་བསལ་བའི་དོན་དུ་ཤེས་པ་སྨོས་ཏེ་ཞེས་གསུངས་ཏེ། མངོན་སུམ་དང་མ་འཁྲུལ་


JLD017_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་ལ་བཞེད་དོ། །འདི་དང་རང་བཞིན་སྟོང་པ་ཉིད་མི་ཟློས་པ་ནི་མདོར་བསྡུས་པ་དང་རྒྱས་པར་ཕྱེ་བ་ཐ་དད་པས་སོ། །ཆོས་ཀྱི་གཞན་གྱི་ངོ་བོ་ཉིད་ནི་མདོ་ལས། དེ་ལ་གཞན་གྱི་ངོ་བོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་གང་ཡིན་པ་འདི་ནི་གནས་པ་ཉིད་དེ་གཞན་གྱིས་མ་བྱས་སོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་དེ་ནི་དེས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་གཞན་གྱི་ངོ་བོ་སྟོང་པ་ཉིད་ཅེས་བྱའོ། ཞེས་སོ། །དེ་ལ་ཆོས་ཉིད་ནས་མ་བྱས་པའི་བར་གྱིས་སྟོང་གཞི་དང༌། ཐེར་ཟུག་ནས་དེའི་རང་བཞིན་ཞེས་སོགས་ཀྱིས་རྒྱུ་མཚན་དང་སྟོང་ཚུལ་བསྟན་ནས་འདི་ནི་ཞེས་སོགས་ཀྱིས་དོན་བསྡུས་ཏེ་ཐ་སྙད་བཏགས་སོ། །འདི་ཐམས་ཅད་ལ་སྦྱར་རོ། །འདིར་གཞན་གྱི་དངོས་པོའི་སྒྲས་ནི་སྟོང་པ་ཉིད་ཆོས་རྣམས་ཀྱི་ནང་ནས་མཆོག་ཏུ་བསྟན་པ་དེ་ཡང་སངས་རྒྱས་རྣམས་བྱོན་རུང་མ་བྱོན་རུང་མཆོག་ཉིད་དུ་གནས་པ་དང༌། ཡང་ན་གཞན་ནི་ཕུལ་དུ་བྱུང་བའི་ཡེ་ཤེས་དང་དངོས་པོའམ་ངོ་བོ་ནི་དེའི་ཡུལ་ཡིན་པ་དང༌། ཡང་ན་འཁོར་བ་ལས་གཞན་ཏེ་ཕ་རོལ་ཏུ་གྱུར་པའི་ཡང་དག་པའི་མཐའ་ལ་བྱའོ། ཞེས་འཇུག་པའི་འགྲེལ་པ་དང་འགྲེལ་བཤད་དུ་འབྱུང་ངོ༌། །དག་ལྡན་དུ་ནི། འདི་ནི་དམ་པ་ཡིན་


JLD017_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་གཞན་ཡང་ཡིན་ལ་གཞན་གྱིས་མ་བྱས་པའི་ངོ་བོ་ཉིད་ཡིན་པས་འདི་ནི་གཞན་གྱི་ངོ་བོ་སྟེ། དེ་བཞིན་ཉིད་དོ། ཞེས་ཏེ། མདོར་ན་གཞན་གྱི་ངོ་བོར་འཇོག་ཚུལ་སྔར་ལྟར་ཡིན་པས་དེ་ལ་རང་བཞིན་མེད་པ་གཞན་གྱི་ངོ་བོ་སྟོང་ཉིད་དུ་བསྟན་ལ། སྔ་མར་དེ་བཞིན་ཉིད་སྟོང་ཉིད་ཡིན་པ་དེ་འཕགས་པ་རྣམས་ཀྱིས་མ་བྱས་པའི་རང་གི་ངོ་བོར་བསྟན་ནས་དེ་ལ་རང་བཞིན་མེད་པ་དེ་རང་གི་ངོ་བོ་སྟོང་པ་ཉིད་དུ་བསྟན་པ་ནི་འདི་གཉིས་ཀྱི་ཁྱད་པར་རོ། །འོ་ན་ཉི་སྣང་ལས་བྱེད་པ་པོ་གཞན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར། གཞན་གྱི་དངོས་པོ་སྟོང་པ་ཉིད་དེ། སྟོང་པ་ཉིད་ལ་བརྟེན་པའི་སྐྱེས་བུའི་བྱེད་པ་ནི་འཕོངས་པ་འབའ་ཞིག་ཏུ་ཟད་དོ་ཞེས་པ་ཇི་ལྟར་དྲང་ཞེ་ན། བྱེད་པ་པོ་གཞན་གྱིས་སྟོང་ཞེས་པ་ནི་འདིའི་སྟོང་ཚུལ་མིན་གྱི་འདིའི་ངོ་བོས་སྟོང་པ་དེ་ལ་གཞན་གྱི་ངོ་བོ་སྟོང་པ་ཉིད་ཅེས་པའི་ཐ་སྙད་འདོགས་པའི་རྒྱུ་མཚན་ཡིན་ཏེ། གཞན་དུ་ན་འདི་རང་སྟོང་མ་ཡིན་པར་འགྱུར་རོ། །ཚིག་ཐ་མས་ནི་སྟོང་ཉིད་དེ་གཞན་གྱིས་བྱེད་ན་རང་ཉིད་ངལ་བ་ཙམ་དུ་འགྱུར་ཏེ། དེ་སུས་ཀྱང་བྱ་མི་ནུས་པས་སོ་ཞེས་བསྟན་ཏོ། །དོན་འདི་ལ་ཤེར་སྒྲོན་དུ། ཐམས་ཅད་དུ་རང་གི་ཆོས་ཀྱི་དབེན་པས་རང་གི་ངོ་བོ་སྟོང་པ་ཉིད་དང༌། ཆོས་གཞན་གྱི་ངོ་བོས་དབེན་པས་གཞན་གྱི་ངོ་བོ་སྟོང་བ་ཉིད་ཀྱི་ཕྱིར་རོ་ཞེས་འཆད་པ་ནི། མདོ་དང་འགྲེལ་ཆེན་གཉིས་དང་མི་མཐུན་ལ། གསུམ་གྱི་གནོད་འཇོམས་སུ་


JLD017_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་བཅུ་དྲུག་པའི་དངོས་པོ་མེད་པའི་དངོས་ཤུགས་ཀྱིས་དངོས་མེད་དང་དངོས་པོ་སྟོང་པ་ཉིད་གཉིས་དང༌། ངོ་བོ་ཉིད་ཅེས་པའི་དངོས་ཤུགས་ཀྱིས་ཉི་ཤུ་པ་དང་བཅུ་དགུ་པ་བསྟན་པར་བྱས་ནས་ཐ་མ་བཞི་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་འཆད་དོ། །དེ་ལྟར་ཡེ་ཤེས་ཉི་ཤུར་ངེས་པ་ཡུལ་སྟོང་ཉིད་ཉི་ཤུ་ཡོད་པས་ཡིན་ལ། ཡུལ་དེར་ངེས་པ་ནི་གདུལ་བྱ་འཁོར་དུ་ཉེ་བའི་བསམ་པ་ལ་ལྟོས་པས་ཡིན་གྱི་དངོས་པོ་ལ་གནས་པ་མིན་ཏེ། སྟོང་ཉིད་ཉི་ཤུར་བཤད་པ་ཆོས་ཅན་ཉི་ཤུ་ལ་མངོན་ཞེན་བཅད་པའི་ཆེད་དུ་ཡུལ་དེ་དང་དེ་རང་བཞིན་མེད་པར་བསྟན་པ་ཡིན་ལ་ཆོས་ཅན་གྱི་དབྱེ་བ་ལ་ནི་དེ་ལས་མང་བ་དང་ཉུང་བ་གཉིས་ཀ་ལ་ཞེན་པ་ཡོད་པས་སོ། །གཉིས་པ་ལ་གཉིས། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། ཁྱད་པར་གྱི་གཞི་སའི་ངོ་བོ། ཁྱད་པར་གྱི་ཆོས་སའི་རྣམ་གཞག །ཁྱད་པར་དེ་ལྡན་གྱི་སའི་ངེས་ཚིག་གོ །དང་པོ་ལ་གཉིས། རང་བཞིན་དངོས་དང༌། དབྱེ་བའོ། །དང་པོ་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྙིང་རྗེ་ཁྱད་པར་ཅན་གྱིས་ཟིན་པའི་སློབ་པའི་རྟོགས་པ་གང་ཡོན་ཏན་གྱི་རྟེན་དུ་གྱུར་པ་ནི་སྐབས་འདིའི་སའི་ངོ་བོའོ། །གཉིས་པ་ནི། དབྱེ་གཞི་བྱང་འཕགས་ཀྱི་ས་ཙམ་ཞིག་གོ །དབྱེ་ངོ་བཅུའོ། །ཕྱེ་བའི་ཐ་དད་ནི་དངོས་པོ་ཐ་དད་དེ་སྔ་ཕྱི་རྒྱུ་འབྲས་ཡིན་པས་སོ། །གྲངས་ངེས་ནི་ཡོངས་སྦྱོང་མི་འདྲ་བ་བཅུ་ཡོད་པས་ཡིན་ཏེ། རྒྱན་སྣང་དུ། མཐོང་བ་དང་སྒོམ་པའི་ལམ་ལ་ཡོངས་སུ་


JLD017_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བའི་ཆོས་ཀྱི་དབྱེ་བས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུར་རྣམ་པར་བཞག་གོ །ཞེས་སོ། །དེ་ནི་ཁྱད་པར་ཅན་གྱི་དབང་དུ་བྱས་ལ་ཕལ་པ་ལ་ནི་དད་པ་དང་མོས་སྤྱོད་ཀྱི་ས་ཡང་ཡོད་དོ། །གཉིས་པ་ལ་བདུན། ཤས་ཆེ་བ་དང༌། ཀུན་རྫོབ་པའི་ཡོན་ཏན་དང༌། སྐྱེ་བ་འཛིན་པའི་ཚུལ་དང༌། གཉེན་པོ་རྟོགས་པ་དང༌། སྤང་བྱ་མི་མཐུན་པའི་ཕྱོགས་དང༌། ས་ཐོབ་པའི་རྟགས་དང༌། འབྲས་བུའི་ཁྱད་པར་རོ། །དང་པོ་ནི། ས་བཅུ་པོ་རེ་རེ་ལ་ཕར་ཕྱིན་བཅུ་རིམ་པ་བཞིན་ཤས་ཆེ་བ་ནི་ཁྱད་པར་ཅན་དང༌། དེ་རེ་རེ་ལ་ཐམས་ཅད་ཀྱང་སྒྲུབ་པ་ནི་ཁྱད་པར་མེད་པ་སྟེ། དབུས་མཐར། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་ཏུ་ཤེས་པར་བྱ། ཞེས་པ་ནི་ཕར་ཕྱིན་ལ་སློབ་ཚུལ་ལོ། །གཞན་ཡང་མདོ་སྡེའི་རྒྱན་ལས། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང༌། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཤེས་རབ་སྤྱོད་ཡུལ་གཉིས་ཡིན་ཏེ། །ཆོས་ཀྱི་དེ་ཉིད་དང་དེ་ནི། །མི་ཤེས་ཤེས་སོགས་འཇུག་པ་ཉིད། ཅེས་པས་ནི་ས་དང་པོ་དྲུག་ཏུ་སློབ་ཚུལ་བསྟན་ཏེ། འདིར་ལྟར་ས་དང་པོར་ཆོས་ཉིད་རྟོགས་ནས་གཉིས་པར་ཚུལ་ཁྲིམས་དང༌། གསུམ་པར་ཏིང་ངེ་འཛིན་དང་དེ་ནས་ས་གསུམ་དུ་ཤེས་རབ་ལ་སློབ་སྟེ། དེ་ཡང་བཞི་པར་ཕྱོགས་མཐུན་ལ་མཁས་པའི་ཤེས་རབ་དང༌། ལྔ་པ་དྲུག་པར་ནི་ཤེས་རབ་ཀྱི་ཡུལ་གཉིས་ཏེ། ཆོས་ཀྱི་དེ་ཉིད་བདེན་བཞི་


JLD017_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེ་མི་ཤེས་སོགས་ནི་རིམ་པ་བཞིན་མ་རིག་པ་དང་རིག་པ་ལ་སོགས་པ་སྟེ་རྟེན་འབྲེལ་ལུགས་མཐུན་དང་ལུགས་མི་མཐུན་ནོ། །དེ་བས་ན་ས་གཉིས་པ་ལ་ཡང་ཤེས་རབ་བཞག་གོ །ས་ལྷག་མ་བཞིར་དེ་གསུམ་ལ་བསླབས་པའི་འབྲས་བུ་འགྲུབ་ཚུལ་ཡང༌། དེ་ཉིད་ལས། མཚན་མེད་འདུ་བྱེད་དང་བཅས་པར། །གནས་པ་འབྲས་བུ་དང་པོ་ཡིན། །དེ་ཉིད་མངོན་འདུ་བྱེད་མེད་དང༌། །ཞིང་ནི་རྣམ་པར་དག་པ་དག །འབྲས་བུ་གཉིས་པར་འདོད་པ་ཡིན། །སེམས་ཅན་སྨིན་པ་འགྲུབ་ཉིད་དང༌། །ཏིང་ངེ་འཛིན་དང་གཟུངས་རྣམས་ནི། །འགྲུབ་པ་འབྲས་བུ་དམ་པ་ཡིན། །འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བརྟེན། ཞེས་པ་ནི་བསླབ་པ་ལ་སློབ་ཚུལ་ལོ། །གཞན་ཡང་དེ་ཉིད་ལས། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ཁྲིམས་ཀྱི་ནི་ཕུང་པོ་སྦྱོང༌། །དེ་ཡི་འོག་ཏུ་ཏིང་འཛིན་དང༌། །ཤེས་རབ་ཕུང་པོ་རྣམ་པར་སྦྱོང༌། །དེ་ལས་གཞན་པ་དག་ལ་ནི། །སྒྲིབ་རྣམ་བཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ནི་རྣམ་གྲོལ་དང༌། །གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོང༌། ཞེས་ས་དང་པོར་ཕུང་པོའི་རྟེན་ཆོས་ཉིད་རྟོགས་ནས་གཉིས་པར་ཚུལ་ཁྲིམས། གསུམ་པར་ཏིང་ངེ་འཛིན་བཞི་པ་ལྔ་པ་དྲུག་པ་རྣམས་སུ་ཤེས་རབ་ཀྱི་ཕུང་པོ་སྦྱོང་ལ། ས་ལྷག་མ་བཞིར་འབྲས་བུ་བཞིའི་གེགས་བཞི་དང༌། སངས་རྒྱས་ཀྱི་ས་ལ་ཐོགས་སྒྲིབ་སྦྱོང་བས་རིམ་པ་ལྟར་རྣམ་པར་གྲོལ་བ་དང༌། གྲོལ་བའི་ཡེ་ཤེས་གཉིས་སྦྱོང་


JLD017_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུངས་པ་ནི་ཟག་མེད་ཀྱི་ཕུང་པོ་ལྔ་སྦྱོང་ཚུལ་ལོ། །གཉིས་པ་ནི། ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྐད་ཅིག་ལ་འཐོབ་སྟེ། ཏིང་ངེ་འཛིན་བརྒྱ་འཐོབ་ཅིང་དེ་དག་ལ་འཇུག་པ་དང༌། སངས་རྒྱས་བརྒྱ་མཐོང་བ་དང༌། དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང༌། ཞིང་བརྒྱར་ཡང་འགྲོ་བ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང༌། སེམས་ཅན་བརྒྱ་སྨིན་པར་བྱེད་པ་དང༌། བསྐལ་པ་བརྒྱར་གནས་པར་བྱེད་པ་དང༌། བསྐལ་པ་བརྒྱ་ལ་སྔོན་དང་ཕྱི་མའི་མཐར་འཇུག་པ་དང༌། ཆོས་ཀྱི་སྒོ་བརྒྱ་འབྱེད་པ་དང༌། ལུས་བརྒྱ་ཀུན་ཏུ་སྟོན་པ་དང༌། ལུས་རེ་ལ་་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་སྟོན་པའོ། །འདི་ནི་འཇུག་པར་གསུངས་པ་ཡིན་ལ། ཡོན་ཏན་དང་པོ་ལ་འཇུག་པར། ཏིང་ངེ་འཛིན་ལ་འཇུག་ལྡང་བྱེད་པར་བཤད་ཅིང༌། འགྲེལ་བཤད་དུ། ཡོན་ཏན་གསུམ་པའི་དེ་རྣམས་ཞེས་པས་སངས་རྒྱས་རྣམས་ལ་བཤད་པས་ཏིང་ངེ་འཛིན་གྱི་བྱིན་རླབས་ཞེས་རིགས་རལ་་འདོད་པ་ནོར་རོ། །ཡོན་ཏན་དགུ་པ་ནི་བྱང་ས་ལས། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་བསྐལ་པ་བརྒྱར་ཡང་ཡེ་ཤེས་མཐོང་བས་འཇུག་པར་བྱེད་དོ། ཞེས་པ་ལྟར་རོ། །དེ་ལ་གཡོ་བས་ནི་གདུལ་བྱ་འདུན་པར་བྱེད་ལ། འགྲོ་བ་དང་སྣང་བས་ནི་གདུལ་བྱའི་གནས་སུ་སོང་སྟེ་མཐོང་ནས་སྨིན་པར་


JLD017_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །སྔོན་དང་ཕྱི་མཐའ་ལ་འཇུག་པས་ནི་སེམས་ཅན་གྱི་སྡིག་པ་བྲལ་བའི་ཆེད་དུ་ལས་ཀྱིས་འཁོར་བར་འགྲོ་བའི་ཚུལ་སྟོན་ནོ། །ཆོས་སྒོ་བརྒྱ་འབྱེད་པས་ནི་རང་གི་བློ་གྲོས་སྨིན་པའི་ཆེད་དུ་ཆོས་ཀྱི་རྣམ་གྲངས་རྣམས་ཀྱི་དོན་སེམས་པའོ་ཞེས་ཐུབ་དགོངས་དང་འཇུག་པའི་འགྲེལ་བཤད་དུའོ། །དེ་བཞིན་དུ་ས་གཉིས་པ་ལ་ཡོན་ཏན་དེ་དག་སྟོང་འགྱུར་དང༌། གསུམ་པ་ལ་འབུམ་དང༌། བཞི་པ་ལ་བྱེ་བ་ཕྲག་བརྒྱ་དང༌། ལྔ་པ་ལ་བྱེ་བ་ཕྲག་སྟོང་དང༌། དྲུག་པ་ལ་བྱེ་བ་བརྒྱ་ཕྲག་སྟོང་དང༌། བདུན་པ་ལ་བྱེ་བ་ཁྲག་ཁྲིག་འབུམ་ཐོབ་བོ། །ས་ལྷག་མ་རྣམས་ཀྱི་ཡོན་ཏན་ནི་བྱེ་བ་ལ་སོགས་པའི་གྲངས་ཀྱིས་མི་ཆོད་པས་རྡུལ་ཕྲ་རབ་ཀྱིས་བསྟན་ཏེ། བརྒྱད་པ་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འབུམ་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་དང༌། དགུ་པ་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་དང༌། བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང་མཉམ་པའི་ཡོན་ཏན་རྣམས་འཐོབ་པར་འཇུག་པ་ལས་གསུངས་སོ། །གསུམ་པ་ལ་གཉིས། དབང་དང༌། རྣམ་སྨིན་གྱི་སྐྱེ་བའོ། །དང་པོ་ནི། མོས་སྤྱོད་པ་རྣམས་འདོད་པར་སྐྱེ་བ་ལས་དང༌། ས་ཐོབ་པ་རྣམས་དུད་འགྲོ་སོགས་དམན་གནས་སུ་སྐྱེ་བ་སྨོན་ལམ་དང༌། བསམ་གཏན་གྱི་དབང་གིས་གཟུགས་ཁམས་སུ་སྐྱེ་བ་བཟློག་ནས་འདོད་པར་སྐྱེ་བ་ཏིང་ངེ་


JLD017_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང༌། སྤྲུལ་པས་དགའ་ལྡན་གྱི་གནས་ལ་སོགས་པར་སྐྱེ་བ་སྟོན་པ་དབང་འབྱོར་པའི་དབང་གིས་སྐྱེ་བ་སྟེ། མདོ་སྡེའི་རྒྱན་ལས། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན། ཞེས་སོ། །གཉིས་པ་ནི། ས་བཅུ་ལ་གནས་པ་རྣམས་རིམ་པ་བཞིན་ཕལ་ཆེར་འཛམ་བུའི་གླིང་དང༌། གླིང་བཞི་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོ་དང༌། སྟོང་གི་བདག་པོ་དང༌། སྟོང་གཉིས་ཀྱི་བདག་པོ་ཚངས་པ་དང༌། གནས་གཙང་མའི་ལྷའི་རྒྱལ་པོ་རྣམས་སུ་སྐྱེ་བ་འཛིན་ནོ། །བཞི་པ་ལ་གཉིས། རྟོགས་ཚུལ་དང༌། དེ་མཉམ་རྗེས་གང་ཡིན་བསྟན་པའོ། །དང་པོ་ནི། ས་དང་པོར་ཆོས་དབྱིངས་དེ་རྒྱུད་ཐམས་ཅད་ལ་ཁྱད་པར་མེད་པར་ཀུན་ཏུ་འགྲོ་བའི་དོན་དུ་དང༌། ས་གཉིས་པར་དེ་སྒྲིབ་པ་སྤང་རུང་དུ་རྟོགས་པས་མཆོག་གི་དོན་དང༌། ས་གསུམ་པར་ཐོས་པ་ཚོལ་བ་ནི་ཆོས་ཉིད་རྟོགས་པའི་རྒྱུ་མཐུན་པ་སྟེ་རྒྱུའི་མཆོག་ཏུ་རིག་པས་རྒྱུ་མཐུན་པ་དོན་གྱི་མཆོག་ཏུ་དང༌། ས་བཞི་པར་ཆོས་ལ་སྲེད་པ་ཡང་ལོག་པས་ཆོས་ཉིད་ཡོངས་སུ་འཛིན་པ་མེད་པའི་དོན་དུ་དང༌། ས་ལྔ་པར་བདག་གཞན་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་དུ་རྟོགས་པས་དེ་རྒྱུད་ཐ་དད་པ་མེད་པའི་དོན་དུ་དང༌། ས་དྲུག་པར་རྟེན་འབྲེལ་གྱི་ཆོས་


JLD017_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཉོན་མོངས་རྣམ་བྱང་དུ་འགྱུར་བའི་ཆོས་གང་ཡང་མེད་པར་རྟོགས་པས་དེ་ཉོན་མོངས་དང་རྣམ་དག་མིན་པའི་དོན་དུ་དང༌། ས་བདུན་པར་ཆོས་དབྱིངས་ལ་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་པ་མི་འབྱུང་བས་དེ་ཐ་དད་མེད་པའི་དོན་དུ་དང༌། ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཀུན་བྱང་བྲི་འཕེལ་མེད་པར་རྟོགས་པས་དེ་བྲི་མེད་འཕེལ་མེད་ཀྱི་དོན་དུ་དང༌། ཉོན་ཡིད་དང་འཛིན་པ་སྒོ་ལྔའི་ཤེས་པ་ཡུལ་དང་བཅས་པ་གནས་གྱུར་པས་རིམ་པ་བཞིན་ཆོས་ཉིད་མི་རྟོག་ཡེ་ཤེས་དང་ཞིང་དག་པ་ལ་དབང་བའི་གནས་སུ་དང༌། ས་དགུ་པར་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ཆོས་ཉིད་དེ་ཡེ་ཤེས་ལ་དབང་བའི་གནས་སུ་དང༌། ས་བཅུ་པར་ཇི་ལྟར་བཞེད་པ་བཞིན་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པས་ཆོས་ཉིད་ལས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ། དབང་དེ་གཉིས་ནི་རྣམ་པར་རྟོག་པ་ཡིད་ཤེས་གནས་གྱུར་པ་ལས་འབྱུང་བའོ། །དེ་ལྟར་ཆོས་དབྱིངས་བཅུ་ལ་སྒྲིབ་པའི་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཤེས་སྒྲིབ་བཅུ་ཡང་གཉེན་པོ་ས་བཅུས་རིམ་པ་ལྟར་སྤོང་སྟེ། དེ་དག་གི་མི་མཐུན་པའི་ཕྱོགས་ཡིན་པས་སོ། །དེ་སྐད་དུ་ཡང་དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཡོངས་སུ་འཛིན་པ་མེད་དོན་དང༌། །རྒྱུད་རྣམས་ཐ་དད་མེད་དོན་དང༌། །ཉོན་མོངས་རྣམ་དག་མིན་དོན་དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །བྲི་མེད་འཕེལ་བ་མེད་དོན་དང༌། །


JLD017_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ནི་རྣམ་པ་བཞི་ཡི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། ཞེས་སོ། །དབང་བཞི་ས་གསུམ་པོ་དེར་ཐོབ་པར་ཡང་མདོ་སྡེའི་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་པ། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེར་འདོད་པ་ཡིན། ཞེས་སོ། །གཉིས་པ་ལ་གཉིས། འཐད་པའི་ཕྱོགས་དགོད། དེ་མི་འཐད་པར་འདོད་པ་དགག་པའོ། །དང་པོ་ནི། དབུས་མཐར་བཤད་པའི་རྟོགས་ཚུལ་དེ་དག་མཉམ་གཞག་དང་རྗེས་ཐོབ་ཀྱི་རྟོགས་ཚུལ་གང་ཡིན་ཞེ་ན། རྗེས་ཐོབ་ཀྱི་ཚེ་ངེས་པ་འདྲེན་ཚུལ་ཐ་དད་པ་རེ་ཡོད་པས་དེའི་རྟོགས་ཚུལ་ཡིན་ཏེ། རྒྱན་སྣང་ལས། གང་གི་ཚེ་ཆོས་ཐམས་ཅད་བདག་མེད་པའོ་ཞེས་བསྒོམས་པས་ཆ་མེད་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་བདག་ཉིད་ཐམས་ཅད་ཀྱིས་རྟོགས་སུ་ཟིན་ཀྱང་ངེས་པ་སྐྱེད་པ་ལ་ལྟོས་ནས་ཀུན་ཏུ་འགྲོ་བའི་དོན་གྱིས་སོ་སོར་རྟོགས་པའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་མངོན་སུམ་དུ་བྱེད་པའི་ཤེས་པ་ཤིན་ཏུ་གསལ་བ་སྐྱེ་བར་འགྱུར་བ་དེའི་ཚེ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་དག་པར་ཞུགས་པས་མཐོང་བའི་ལམ་ཐོབ་པར་འགྱུར་རོ། ཞེས་དང༌། དགེ་


JLD017_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་དཀོན་མཆོག་གིས་ཇི་སྙེད་པ་རྟོགས་པའི་རྒྱུད་བླའི་འགྲེལ་པར། བྱང་ཆུབ་སེམས་དཔའི་མཐོང་བ་དེ་ཡང་ས་དང་པོ་ཉིད་ལ་སྐྱེ་སྟེ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ་ཞེས་པས་སོ། །ལུང་ཕྱི་མ་འདི་ཤེས་བྱེད་དུ་འགྲོ་བའི་རྒྱུ་མཚན་ནི། ཇི་སྙེད་པ་རྟོགས་པ་རྗེས་ཐོབ་ལ་འདོད་དགོས་པའི་ཕྱིར་རོ། །མཉམ་གཞག་ཏུ་ཆོས་ཉིད་རྟོགས་པའི་ཚུལ་ལ་ནི་མི་འདྲ་བ་ཁས་བླང་དུ་མི་རུང་སྟེ། རུང་ན་མཐོང་སྒོམ་གྱི་རྟོགས་བྱ་ཆོས་ཉིད་རྣམས་མི་འདྲ་བའི་ངོ་བོར་གནས་པས་ཡིན་ནམ། ཆོས་ཉིད་ལ་དེ་ལྟར་མེད་ཀྱང་བློས་མི་འདྲ་བར་རྟོགས་པས་ཡིན་གྲང༌། དང་པོ་ལྟར་ན། ཆོས་ཉིད་ལ་དབྱེ་བ་ཕྱེད་པ་རྣམས་ཆོས་ཅན་ཐ་དད་པ་ཙམ་ཀྱིས་ཡིན་གྱི་ཆོས་ཉིད་ཀྱི་ངོས་ནས་མིན་པར་གསུངས་པ་རྣམས་དང་འགལ་ལ། ཆོས་ཉིད་ཀྱང་བུམ་པ་དང་སྣམ་བུ་ལྟར་ཆ་དུ་མའི་བདག་ཉིད་དུ་འགྱུར་པས་འདི་ལ་ཆོས་ཅན་ལ་མ་ལྟོས་པར་དབྱེ་བ་རང་རྒྱུད་དུ་གྲུབ་པར་ཁས་ལོང་ཞིག །གཉིས་པ་ལྟར་ན་ཐེག་ཆེན་འཕགས་པའི་མཉམ་གཞག་དེ་དག་ཆོས་ཉིད་ལ་འཁྲུལ་ཤེས་སུ་འགྱུར་ཏེ། ཡུལ་དང་རྗེས་སུ་མི་མཐུན་པར་འཛིན་པའི་ཕྱིར་ཟླ་གཉིས་ཀྱི་ཤེས་པ་བཞིན་ནོ། །དེའི་ཕྱིར་ས་བཅུའི་མཉམ་གཞག་རྣམས་ཀྱིས་ཆོས་ཉིད་ལ་མཐའ་བཞི་ལ་སོགས་པའི་སྤྲོས་པ་གང་དུ་ཡང་མི་འཛིན་ཞིང་དེ་མཐའ་དག་ཉེ་བར་ཞི་བ་ཙམ་ལ་སྤྲོས་བྲལ་ལམ་གཤིས་ལུགས་མཐོང་ཞེས་བཏགས་པ་ཙམ་སྟེ། ཡོན་ཏན་རིན་ཆེན་སྡུད་པ་ལས།


JLD017_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང༌། །འདུ་ཤེས་མཐོང་བ་མེད་ལ་སེམས་དཔའ་་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཡིན་དོན་འདི་བརྟག་པར་གྱིས། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། ཞེས་རི་ལ་སོགས་པའི་སྒྲིབ་གཡོགས་མ་མཐོང་བ་ལ་ནམ་མཁའ་མཐོང་བར་ཐ་སྙད་བྱེད་པ་དང་འདྲ་བར་གསུངས་པས་སོ། །འོ་ན་མཉམ་གཞག་གི་ཡུལ་གང་ཞེ་ན། འདི་ལ་མཉམ་གཞག་གི་ཡུལ་སྣང་མེད་དང༌། སྣང་བཅས་སུ་འདོད་པ་གཉིས་ལས། དང་པོ་ནི། སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང༌། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། ཞེས་དང༌། ཐུབ་དགོངས་སུ་ཡང་མཉམ་པར་བཞག་པའི་གནས་སྐབས་ན་ནི་རྣམ་པར་རྟོག་པའི་སྤྲོས་པ་མཐའ་དག་ལྡོག་པས་དམིགས་པ་ལ་སོགས་


JLD017_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅི་ཡང་མེད་དོ་ཞེས་པ་དང༌། འོ་ན་མཐོང་བའི་དོན་ཇི་ལྟར་ཞེ་ན། ཡུལ་དེ་ལ་ཤེས་པ་མི་སྐྱེ་བའི་དོན་ཏེ་མཐོང་བ་མེད་པ་ཁོ་ནའི་སྒོམ་པ་ནི་མཐོང་བའོ་ཞེས་བརྗོད་དེ། ཤེས་པའི་སྐད་ཅིག་རྣམས་དེའི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་མཐོང་བའོ་ཞེས་བཤད་པ་ལྟར་བཞེད་པའོ། །གཉིས་པ་ནི། འཕགས་གྲོལ་དང་སློབ་དཔོན་གཉིས་ཀྱིས་ཆོས་ཉིད་ཙམ་མཉམ་གཞག་གི་ཡུལ་ཡིན་པ་དང༌། མཉམ་གཞག་གཟུང་འཛིན་གྱི་རྣམ་པ་ཅན་དང༌། ཡུལ་དང་བྲལ་བ་གཉིས་ཀའི་ལུགས་དམིགས་པ་དང་ཡེ་ཤེས་ཀྱི་ཚོགས་སྐབས་སུ་བཀག་ནས་བདེན་དངོས་མེད་པའི་རྟེན་འབྲེལ་སྒྱུ་མ་ལྟ་བུ་མ་ཡིན་དགག་མཉམ་གཞག་གི་དམིགས་པར་བཤད་ཅིང༌། དེ་ཡང་ཡུལ་ཡུལ་ཅན་ཐ་དད་པར་སྣང་བ་ནི་མིན་གྱི་མཉམ་གཞག་རང་རིག་གི་ཚུལ་གྱིས་ཉམས་སུ་མྱོང་བའི་སྣང་བ་རང་བཞིན་གྱིས་སྟོང་པ་ཡིན་ནོ། །ཆོས་ཉིད་ལ་ལྟོས་ཏེ་ནི་སྣང་བ་གྲུབ་པ་ཡང་མི་བཞེད་དོ། །དེ་ལ་སྔ་མ་ནི་རྩོད་པའི་གནས་ཆེ་བས་རེ་ཞིག་ཕྱི་མ་ཁས་བླང་ངོ༌། །དེ་ལྟར་ན་ཇི་ལྟ་བ་རྟོགས་པ་ནི་མཉམ་གཞག་ན་ཆོས་རྣམས་ལ་འཛིན་པ་མཐའ་དག་ཉེ་བར་ཞི་བས་ཅིར་ཡང་མི་འཛིན་པ་ལ་འདོགས་པས་ས་བཅུ་གཅིག་མཉམ་གཞག་གི་ཆོས་ཉིད་རྟོགས་ཚུལ་ལ་ཁྱད་པར་མེད་ལ། དེའི་ཕྱིར་ཐེག་ཆེན་གྱི་ཇི་ལྟར་བའི་རྟོགས་པ་རྫོགས་པ་ཡང་ས་དང་པོ་ནས་འདོད་པ་འཐད་དོ། །གཉིས་པ་ལ་གཉིས། ལྟར་སྣང་གི་རྩོད་པ་དགོད། ཡང་དག་གི་ལན་གྱིས་དགག་པའོ། །དང་པོ་ནི། ཐེག་


JLD017_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འཕགས་པའི་རྟོགས་པ་མི་འཐད་པར་འགྱུར་ཏེ། ཆོས་ཉིད་རྟོགས་པ་མེད་པའི་ཕྱིར། གཞན་ཡང་ཤེས་སྒྲིབ་མ་ལུས་པར་སྤངས་པའི་སྤངས་པ་མི་འཐད་པར་འགྱུར་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་བྲལ་རྟོགས་པ་མེད་པའི་ཕྱིར། གཞན་ཡང་རང་བཞིན་དུ་གནས་པའི་རིགས་ཐེག་པ་གསུམ་གྱི་རྟོགས་པ་གོང་ནས་གོང་དུ་བགྲོད་པའི་རྟེན་དུ་མི་འཐད་དེ་ཆོས་ཉིད་ལ་རྟེན་དང་བརྟེན་པ་མེད་པའི་ཕྱིར། མཉམ་གཞག་གི་ཡུལ་གྱི་སྣང་བ་སྒྱུ་མ་ལྟ་བུ་དེ་དོན་དམ་དུ་ཡོད་པར་འགྱུར་ཏེ། ཐེག་ཆེན་འཕགས་པའི་མཉམ་གཞག་གི་ཡུལ་ན་ཡོད་པས་སོ། །ཁྱབ་པ་ཡོད་དེ། དེ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་མཐར་ཐུག་ཡིན་པས་སོ། །ཆོས་ཉིད་དེ་ས་བཅུའི་བྱང་ཆུབ་སེམས་དཔས་ཀྱང་ཕྱོགས་རེ་ལས་མ་རྟོགས་ཤིང་སངས་རྒྱས་ཁོ་ནས་མཐའ་དག་རྟོགས་པར་བཤད་པ་རྣམས་ཀྱང་མི་འཐད་དེ། ས་དང་པོ་ནས་ཇི་ལྟ་བ་རྟོགས་པ་རྫོགས་པས་ཤེ་ན། གཉིས་པ་ནི། ཐལ་བ་དང་པོ་གཉིས་ཀྱི་ཆོས་ཉིད་མ་རྟོགས་ཞེས་པའི་དོན་ནི། ཆོས་ཉིད་མཉམ་གཞག་གིས་གཉིས་སྣང་དུ་མ་གྲུབ་པའི་དོན་ལ་བྱེད་ན་ནི་ཁས་བླངས་པ་དང་འགལ་ཡང་རྟགས་མ་གྲུབ་པའི་ལན་མི་འདེབས་ཀྱི། ཁྱབ་པ་མ་ངེས་ཏེ་ཆོས་ཉིད་རྟོགས་པའི་དོན་སྤྲོས་པའི་ཆོས་གང་ཡང་མ་གཟིགས་པ་ལ་འདོད་པས་སོ། །འོན་ཏེ་མཉམ་གཞག་གིས་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་ཚུལ་


JLD017_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མ་རྟོགས་པ་ལ་བྱེད་ན་གཏན་ཚིགས་མ་གྲུབ་བོ། །མདོར་ན་གཤིས་ལུགས་དང༌། ཆོས་ཉིད་དང་རང་བཞིན་སྤྲོས་བྲལ་དོན་དམ་པའི་བདེན་པ་རྣམས་རྟོགས་ཞེས་པའི་དོན་ཡེ་ཤེས་ལ་འཛིན་པ་མཐའ་དག་ཉེ་བར་ཞི་བས་དེ་རྣམས་ལ་དམིགས་པའི་ཤེས་པ་མི་སྐྱེ་བ་ལ་བྱེད་ཀྱི། དངོས་སུ་ན་འགའ་ཞིག་འགའ་ཞིག་གིས་དམིགས་བྱ་དམིགས་བྱེད་དུ་བྱས་པ་མིན་ཏེ། དཔེར་ན་ཤེས་པ་ཡུལ་ཇི་འདྲ་བ་དེའི་རྣམ་པར་སྐྱེས་པ་ན་རང་དུས་ལ་ཡུལ་དེ་མེད་ཀྱང་དེ་རྟོགས་པར་འཇོག་པ་དང་འདྲ་བར་མཉམ་གཞག་གིས་ཆོས་ཉིད་མཐའ་གང་དུ་ཡང་མི་གནས་པ་དང་རྗེས་སུ་མཐུན་པར་མཐའ་གང་དུ་ཡང་མི་འཛིན་པ་ན་དེ་དང་དེ་རྟོགས་པར་ཐ་སྙད་བྱས་པ་སྟེ། དབུ་མ་ལ་འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་བསྟེན་ལས་དེ་ཡིས་དེ་ཉིད་རྟོགས་པར་བརྗོད་བྱ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། ཞེས་སོ། །རང་བཞིན་དུ་གནས་པའི་རིགས་མི་འཐད་པར་ཐལ་བ་ཡང་མེད་དེ། ཆོས་ཉིད་ནི་རང་བཞིན་སྤྲོས་བྲལ་ཡིན་ལ་དེ་ཡང་སྤྲོས་པ་མ་གཟིགས་པའི་ཚུལ་གྱིས་མཁྱེན་པས་ཐེག་པ་གསུམ་གྱི་ཡོན་ཏན་རྣམས་གོང་དུ་འཕེལ་བ་ཙམ་ལ་བསམས་ནས་རྟེན་དང་བརྟེན་པར་བཤད་ཀྱི་རྟེན་དང་བརྟེན་པ་མཚན་ཉིད་པ་ཡིན་ནས་ནི་མ་ཡིན་ཏེ། ཆོས་ཉིད་ཀྱིས་རྟོགས་པ་ལ་ཁྱད་པར་མི་སྐྱེད་ན་


JLD017_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་བརྟེན་པ་མཚན་ཉིད་པར་མི་འགྱུར་ཏེ། གཞན་དུ་ན་འབྲེལ་མེད་དོན་གཞན་ཐམས་ཅད་ཀྱང་རྟེན་དང་བརྟེན་པར་ཧ་ཅང་ཐལ་ལོ། །སྐྱེད་ན་ཡང་ཆོས་ཉིད་དུ་ཇི་ལྟར་རུང༌། སྣང་བ་ཐེག་ཆེན་འཕགས་པའི་མཉམ་གཞག་གི་ཡུལ་དུ་ཡོད་ཀྱང་དོན་དམ་དུ་གྲུབ་པར་མི་འགྱུར་ཏེ། དེས་དེ་བདེན་པར་མ་གཞལ་གྱི་བདེན་མེད་དུ་གཞལ་བས་སོ། །དེ་ལྟ་མིན་ན་ཐུབ་པའི་མཁྱེན་པ་ལ་ཡུལ་མེད་དགོས་ཏེ་དེ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་མཐར་ཐུག་ཡིན་པའི་ཕྱིར། དེའི་ཡུལ་ཡིན་ན་དོན་དམ་པར་གྲུབ་པར་ཐལ་ལོ། །མདོ་གང་དག་ལས། སློབ་ལམ་ན་ཆོས་ཉིད་ཀྱི་ཕྱོགས་རེ་བ་དང་སངས་རྒྱས་སར་ཡོངས་རྫོགས་རྟོགས་པར་གསུངས་པ་ནི། ཐེག་ཆེན་གྱི་ཟབ་བ་དང་རྒྱ་ཆེ་བའི་ཚུལ་ལ་མི་མོས་པ་དམན་པའི་རིགས་ཅན་ཁ་ཅིག་ཐེག་ཆེན་ལ་དྲང་བའི་ཕྱིར་དུ་ཆོས་ཉིད་དེ་རྟོགས་དཀའ་བ་དང༌། རྟོགས་པའི་ཕན་ཡོན་ལ་སོགས་བཤད་ཀྱི་སྒྲ་ཇི་བཞིན་པ་ནི་མ་ཡིན་ཏེ། གཞན་དུ་ན་ཆོས་ཉིད་ཆ་དུ་མའི་བདག་ཉིད་དུ་འགྱུར་ན་ཐ་དད་མེད་པར་ཡང་མདོ་དེ་དང་དེ་ལས་གསུངས་པས་སོ། །དེ་ལྟར་ཆོས་ཉིད་ནི་ཀུན་རྫོབ་པའི་ངོས་ནས་ཡེ་ཤེས་ཀྱི་ཡུལ་དུ་གྲུབ་པ་དང༌། དེ་རྟོགས་སོ་ཞེས་ཉེ་བར་གདགས་ཀྱི་དོན་དམ་པར་ནི་དེ་ལྟར་མིན་པར་འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས་གསུངས་ཏེ། ཇི་སྐད་དུ། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་


JLD017_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་བྱེ་བྲག་མེད་པ་མ་སྐྱེས་པ་མ་འགགས་པ། སྨྲ་བར་བྱ་བ་དང༌། སྨྲ་བ་དང༌། ཤེས་པ་དང༌། ཤེས་པར་བྱ་བ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཞེས་པ་ལ་སོགས་པ་མཐའ་ཡས་སོ། །དེ་ལྟར་ན་ས་བཅུ་ནི་མཉམ་གཞག་ལ་ལྟོས་ཏེ་ཁྱད་པར་མེད་ཀྱང་རྗེས་ཐོབ་ཏུ་ཁྱད་པར་འཇོག་པའི་ཚུལ་ནི་ཡེ་ཤེས་ཞབས་ཀྱིས། གལ་ཏེ་འོ་ན་ནི་རབ་ཏུ་དགའ་བའི་གནས་སྐབས་ཁོ་ནར་ཕར་ཕྱིན་ཐམས་ཅད་རྣམ་པར་དག་པའི་ཕྱིར་ས་གཞན་དག་དོན་མེད་པར་འགྱུར་ཞེ་ན། བདེན་ཏེ་ས་ཐམས་ཅད་ནི་མཚན་ཉིད་གཅིག་པའི་ཕྱིར་འཇིག་རྟེན་ལས་འདས་པའི་གནས་སྐབས་ལ་ལྟོས་ནས་ཁྱད་པར་ཅི་ཡང་མེད་དོ། །དག་པ་འཇིག་རྟེན་པའི་གནས་སྐབས་ཀྱི་ཡོན་ཏན་ཁ་ཅིག་ནི་མཐོང་བའི་སྐད་ཅིག་མས་བསྒྲུབ་པར་བྱ་བ་ཡིན་ལ། ཁ་ཅིག་སྒོམ་པས་བསྒྲུབ་པར་བྱ་བ་ཡིན་ནོ། །སའི་ཁྱད་པར་རྣམ་པར་བཞག་པ་ཡང་དེ་ལ་ལྟོས་པའི་ཕྱིར་ཉེས་པ་མེད་དོ་ཞེས་པ་ལྟར་རོ། །བཞི་པ་ལ་གཉིས། ཤེས་སྒྲིབ་ཕལ་ཆེ་བ་དང༌། ཉོན་སྒྲིབ་ཀྱི་དབང་དུ་བྱས་པའོ། །དང་པོ་ཐུན་མོང་བ་ནི། འཆད་


JLD017_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་རྣམས་སོ། །ཐུན་མོང་མ་ཡིན་པ་ནི་ས་བཅུ་པོ་རེ་རེ་ལ་ཤིན་ཏུ་རྨོངས་པ་གཉིས་གཉིས་དང༌། དེའི་གནས་ངན་ལེན་མི་མཐུན་ཕྱོགས་རེ་རེ་སྟེ། འདི་ལྟར་ས་དང་པོ་ལ་གང་ཟག་དང་ཆོས་ལ་མངོན་ཞེན་དང་ངན་སོང་བའི་ཉོན་མོངས་པ་དང༌། གཉིས་པ་ལ་ལྟུང་བ་ཕྲ་མོའི་འཁྲུལ་པ་དང༌། ལས་ཀྱི་རྣམ་པ་སྣ་ཚོགས་ལ་དང༌། གསུམ་པ་ལ་འདོད་ཆགས་ཀྱི་དང་ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལ་དང༌། བཞི་པ་ལ་སྙོམས་འཇུག་ལ་སྲེད་པ་དང་ཆོས་ལ་སྲེད་པ་དང༌། ལྔ་པ་ལ་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་ཤིང་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པ་དང༌། མྱང་འདས་ལ་གཅིག་ཏུ་མི་ཕྱོགས་ཤིང་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པ་དང༌། དྲུག་པ་ལ་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་བྱ་བ་ལ་དང་མཚན་མ་མང་པོ་འབྱུང་བ་དང༌། བདུན་པ་ལ་མཚན་མ་ཕྲ་མོ་འབྱུང་བ་དང༌། མཚན་མེད་ཡིད་ལ་བྱེད་པས་ཐབས་དང༌། བརྒྱད་པ་ལ་མཚན་མེད་ལ་རྩོལ་བ་དང་མཚན་མ་རྣམས་ལ་མི་དབང་བ་དང༌། དགུ་པ་ལ་ཆོས་བསྟན་པ་དང་ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང་གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ལ་གཟུངས་ཀྱི་དབང་ལ་དང༌། སྤོབས་པའི་དབང་ལ་དང༌། བཅུ་པ་ལ་མངོན་ཤེས་ཆེན་པོ་ལ་དང༌། གསང་བ་ཕྲ་མོ་ལ་འཇུག་པ་ལ་དང༌། བཅུ་གཅིག་པ་ལ་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོ་དང་ཐོགས་པ་ཤིན་རྨོངས་གཉིས་


JLD017_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་ས་ལ་འཇུག་པ་ལས། ཡན་ལག་བཅུ་གཅིག་རྫོགས་གྱུར་པས། །རབ་དགའ་ལ་སོགས་ས་བཅུ་གཅིག །རྨོངས་གཉིས་གནས་ངན་ལེན་གཅིག་པ། །མི་མཐུན་ཕྱོགས་ཏེ་ཐ་དད་འདོད། ཅེས་སོ། །གཉིས་པ་ལ་བཞི། མཐོང་སྤང་ལོག་ཞུགས་དང༌། སྒོམ་སྤང་སའི་སྒོ་ནས་དབྱེ། དེ་ལྟར་ཕྱེ་བའི་རྣམ་གཞག་དཔྱད། ཇི་ལྟར་སྤོང་ཚུལ་ལོ། །དང་པོ་ལ་གཉིས། སྤྱིའི་གྲངས་དང༌། ལོག་པར་འཇུག་ཚུལ་ལོ། །དང་པོ་ལ་བཤད་ཚུལ་གསུམ་ལས། དང་པོ་ནི་ཀུན་བཏུས་སུ། འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་བཅུའོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལ་ཇི་ལྟ་བར་ཀུན་འབྱུང་དང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཡང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་དགུའོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཇི་ལྟ་བར་ཀུན་འབྱུང་དང༌། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཡང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ན་ཇི་ལྟ་བར་གཟུགས་མེད་པའི་ཁམས་ན་ཡང་དེ་བཞིན་ཏེ། དེ་དག་མདོར་བསྡུ་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སོ་ཞེས་ཁམས་གོང་གི་རྟེན་ལ་ཁོང་ཁྲོའི་ས་བོན་ཡོད་ཀྱང་མངོན་དུ་རྒྱུ་མེད་པའམ། ས་བོན་དེ་འཇོག་བྱེད་འདོད་པའི་སར་གཏོགས་ཁོ་ན་ཡིན་ཞིང་དེའི་རྣམ་སྨིན་ཀྱང་འདོད་པ་ཁོ་ནར་མྱོང་བ་ལ་དགོངས་ནས་གོང་མའི་ས་


JLD017_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁོང་ཁྲོ་བོར་ནས་འདོད་པ་དང་གོང་མའི་ས་ལ་ཡོད་པའི་ཕྲ་རྒྱས་བཅུ་དང་དགུ་རྣམས་བདེན་པ་བཞི་ཀ་ལ་ཁྱད་པར་མེད་པར་ལོག་ཞུགས་སུ་བཤད་དོ། །གཉིས་པ་ནི། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དེ་ལ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་ནི་ཉོན་མོངས་པ་བཅུ་པོ་ཐམས་ཅད་ལོག་པར་ཞུགས་པར་རིག་པར་བྱའོ། །ཀུན་འབྱུང་ལ་ནི་འཇིག་ཚོགས་ལྟ་བ་དང་མཐར་འཛིན་པར་ལྟ་བ་མ་གཏོགས་པ་བརྒྱད་ལོག་པར་ཞུགས་པ་ཡིན་ནོ། །ཀུན་འབྱུང་ལ་ཇི་ལྟ་བ་བཞིན་དུ་འགོག་པ་དང་ལམ་ལ་ཡང་དེ་བཞིན་ནོ། །གོང་མ་ལ་ནི་བདེན་པ་ཐམས་ཅད་ལ་ཁོང་ཁྲོ་བ་མ་གཏོགས་པ་རྣམས་འདོད་པའི་ཁམས་ན་ཇི་ལྟ་བ་དེ་བཞིན་དུ་ལོག་པར་འཇུག་པར་གོ་རིམ་བཞིན་དུ་རིག་པར་བྱའོ་ཞེས་ཁམས་གསུམ་གའི་བདེན་པ་ལྷག་མ་ལ་ལྟ་བ་དང་པོ་གཉིས་འཇུག་པ་དོར་བས་སྤྱིར་ན་མཐོང་སྤང་གོ་བཞིར་བཤད་དོ། །གསུམ་པ་ནི། མཛོད་ལས། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། ཅེས་དང༌། ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས་གཟུགས་མེད་དེ་དང་འདྲ། ཞེས་འདོད་པ་ན་སྡུག་བསྔལ་ལ་བཅུ་དང༌། ཀུན་འབྱུང་དང་འགོག་པ་གཉིས་ལ་ལྟ་བ་དང་པོ་གཉིས་དང༌། མཆོག་འཛིན་ཐ་མ་སྟེ་གསུམ་དང་ལམ་ལ་ལྟ་བ་དང་པོ་གཉིས་


JLD017_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་དོར་བས་བདེན་བཞི་ལ་རིམ་པ་ལྟར་བཅུ་དང་བདུན་བདུན་བརྒྱད་ཡིན་ལ། གོང་མར་ཁོང་ཁྲོ་ཡང་དོར་བས་བདེན་བཞི་ལ་རིམ་པ་ལྟར་དགུ་དང་དྲུག་དྲུག་བདུན་ལོག་པར་འཇུག་པས་སྤྱིར་ན་གྱ་བརྒྱད་དོ། །གཉིས་པ་ནི། གལ་ཏེ་མཐོང་སྤང་རྣམས་ལོག་ཞུགས་ཀྱི་སྒོ་ནས་འཆད་ན། འཇུག་མཁན་ནི་དུ། འཇུག་ཡུལ་ནི་གང༌། འཇུག་ཚུལ་ཇི་ལྟ་བུ་ཞེ་ན། འཇུག་པ་པོ་ནི་རྩ་ཉོན་དང་མཚུངས་ལྡན་དུ་འབྱུང་བའི་ཉེ་ཉོན་དང༌། དེ་ལས་གཞན་པའི་སེམས་བྱུང་གཙོ་བོ་སེམས་དང་བཅས་པ་མཐའ་ཡས་ཀྱང་གཙོ་བོ་དང་རིགས་བསྡུ་ན་བཅུ་སྟེ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ། ཐེ་ཚོམ་ལྟ་བ་མཆོག་འཛིན་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ལོག་ལྟ་སྟེ་མདོར་ན་ལྟ་མིན་ལྔ་དང་ལྟ་བ་ལྔའོ། །འཇུག་པའི་ཡུལ་ཡང་གསལ་བའི་དབྱེ་བ་མཐའ་ཡས་ཀྱང་བདེན་པ་བཞིའོ། །འཇུག་ཚུལ་ནི་ཀུན་བཏུས་སུ། སྡུག་བསྔལ་དང་ཀུན་འབྱུང་བ་ལ་དེའི་རྒྱུ་དང་གཞིའི་གནས་ཀྱིས་ཀྱང་ལོག་པར་རྟོག་གོ །ཉོན་མོངས་པ་བཅུ་པོ་ཐམས་ཅད་ནི་འགོག་པ་དང་ལམ་ལ་ཡང་དེ་ལ་སྐྲག་པ་སྐྱེད་པས་ལོག་པར་ཞུགས་པའོ་ཞེས་པ་འདི་ཡིན་ནོ། །འདིའི་དོན་ནི། བདེན་པ་བཞིའི་ཐུན་མོང་གི་མཚན་ཉིད་གང་ཟག་གི་བདག་གིས་སྟོང་པ་དེ་ཇི་སྲིད་མངོན་སུམ་དུ་མ་བྱས་པ་དེ་སྲིད་དུ་བཅུ་པོ་འདིས་ཟག་བཅས་ཀྱི་ལས་དངོས་སུ་སྐྱེད་ཅིང་རང་གི་རིགས་འདྲ་སྔ་མས་ཕྱི་མ་རྣམས་སྐྱེད་པ་དང་ཕྱི་མའི་རྣམ་སྨིན་འཕེན་པ་དང་འགྲུབ་པར་བྱེད་


JLD017_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྡུག་བསྔལ་འཕེན་པར་བྱེད་པའི་ཕྱིར། སྡུག་ཀུན་གཉིས་ཀྱི་རྒྱུ་དང་། དེ་གཉིས་ལ་དམིགས་ནས་ཀྱང་འདི་དག་འཕེལ་བར་འགྱུར་བའི་ཕྱིར་དེ་གཉིས་ཀྱིས་ཀྱང་བཅུ་པོ་འདིའི་རྒྱུ་དང་གཞི་བྱེད་ལ་གང་གི་ཚེ་བདེན་པ་བཞི་གང་ཟག་གིས་སྟོང་པར་མངོན་དུ་བྱས་པ་དེའི་ཚེ་དེ་དག་གིས་ཕན་ཚུན་དུ་འཕེལ་བར་བྱེད་པ་ལྡོག་པའི་ཕྱིར་བཅུ་པོ་འདི་སྡུག་ཀུན་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་གཉིས་ཀྱི་རང་བཞིན་མཐོང་བས་སྤོང་བའི་ཕྱིར་རོ། །དེ་བཞིན་དུ་བདེན་བཞི་བདག་མེད་པར་མ་མཐོང་ན་འཁོར་བ་ལ་མངོན་པར་དགའ་བའི་དབང་གིས་ཐར་པ་རྒྱུ་འབྲས་ལ་གཡང་སར་འདུ་ཤེས་ནས་སྐྲག་པར་འགྱུར་ལ། མཐོང་བ་ན་སྐྲག་པ་དེ་ཡང་ཉོན་མོངས་བཅུ་སྤོང་བའི་སྒོ་ནས་ལྡོག་པའི་ཕྱིར་འགོག་ལམ་སྐྲག་པའི་གནས་མ་ཡིན་པ་ལ་སྐྲག་སྟེ་སྤོང་བའི་ཉོན་མོངས་བཅུ་དེ་གཉིས་ལ་ལོག་པར་ཞུགས་པའོ། །དེ་ཡང་དངོས་སུ་དང༌། བརྒྱུད་ནས་སམ་ལོག་པ་ལ་དང༌། དབང་གི་ལོག་ཞུགས་དང་གསུམ་གྱིས་རིག་པར་བྱའོ། །དེ་ལ་དང་པོ་ནི་ལྟ་བ་དང་པོ་གཉིས་དང༌། ལྟ་བ་ཐ་མ་སྟེ་གསུམ་དང༌། མ་རིག་པ་དང་ཐེ་ཚོམ་སྟེ་ལྟ་མིན་གྱི་གཉིས་དང་ལྔ་ནི་བདེན་པ་ལ་དངོས་སུ་ལོག་ཞུགས་ཏེ། རིམ་པ་ལྟར་བདེན་པ་ལ་བདག་དང་བདག་གི་བར་འཛིན་པ་དང༌། དེ་ཉིད་ལ་རྟག་པ་དང་ཆད་པར་འཛིན་པ་དང༌། བདེན་པའི་རྣམ་པ་དེ་དང་དེ་དག་མེད་དོ་ཞེས་སྐུར་བའམ་དེ་


JLD017_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཇི་ལྟར་གསུངས་པ་ལས་གཞན་པའི་རྣམ་པར་སྒྲོ་འདོགས་པ་དང༌། བདེན་པའི་རང་བཞིན་ལ་རྨོངས་པ་དང༌། དེ་དག་དེ་ལས་བསྟན་པ་ལྟར་ཡིན་མིན་ཡིད་གཉིས་ཟ་བས་བདེན་པ་ལ་ཉོན་མོངས་པ་གཞན་གྱིས་བར་མ་ཆོད་པར་ཕྱིན་ཅི་ལོག་ཏུ་འཛིན་པའི་ཕྱིར་རོ། །ཀུན་བཏུས་ལས་ཐེ་ཚོམ་གཉེན་པོ་ལ་ལོག་ཞུགས་སུ་བཤད་པ་ནི་བདེན་བཞི་གཉེན་པོའི་ཡུལ་ཡིན་པ་ལ་དགོངས་སོ། །གཉིས་པ་ནི་ལྟ་བ་ལ་མཆོག་འཛིན་གཉིས་དང༌། ལྟ་མིན་ལ་འདོད་ཆགས་དང་ང་རྒྱལ་གཉིས་ཏེ་བཞི་ནི་བརྒྱུད་ནས་ལོག་ཞུགས་ཡིན་ཏེ། རིམ་པ་ལྟར་དངོས་སུ་ལོག་ཞུགས་ཀྱི་ལྟ་བ་ལ་མཆོག་ཏུ་སྒྲོ་འདོགས་པ་དང༌། ལྟ་ངན་དང་འབྲེལ་བའི་སྤྱོད་ངན་ལ་དག་གྲོལ་ངེས་འབྱིན་དུ་ལྟ་བ་དང༌། ལྟ་ངན་གྱིས་སེམས་ཁེངས་པ་དང༌། ལྟ་ངན་ལ་སྲེད་པར་བྱེད་པས་བདེན་པ་དང་བར་དུ་དམིགས་ཚུལ་གཞན་གྱིས་ཆོད་པའི་ཉོན་མོངས་ལ་ཕྱིན་ཅི་ལོག་ཏུ་དམིགས་པའི་ཕྱིར་རོ། །གསུམ་པ་ནི། ཁོང་ཁྲོ་རྣམས་ནི་དབང་གི་ལོག་ཞུགས་ཡིན་ཏེ་རང་གི་ལྟ་བ་དང་མི་མཐུན་པའི་ལྟ་བ་ལ་ཀུན་ནས་མནར་བ་སེམས་པའི་དབང་གིས་ལོག་པར་ཞུགས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། མཚན་ཉིད་དང་དབྱེ་བའོ། །དང་པོ་ལ་སྤྱིའི་མཚན་ཉིད་ནི། མི་ཤེས་པ་གང་ཞིག་སྒོམ་ལམ་གྱི་གཞོམ་བྱར་གྱུར་པ་ཡིན་པ། དེའི་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་མཚན་ཉིད་ནི་རིམ་པ་ལྟར་ཉོན་མོངས་ཅན་དང་ཉོན་མོངས་ཅན་


JLD017_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་མི་ཤེས་པ་གང་ཞིག་སྒོམ་ལམ་གྱི་གཞོམ་བྱར་གྱུར་པའོ། །གཉིས་པ་ལ་འཆད་ཚུལ་གཉིས་ལས། དང་པོ་ལ་ངོ་བོའི་སྒོ་ནས་དྲུག་ཁམས་ཀྱི་སྒོ་ནས་བཅུ་དྲུག་སྟེ། ཀུན་བཏུས་ལས། འདོད་པའི་ཁམས་ན་སྒོམ་པས་སྤང་བར་བྱ་བ་དྲུག་སྟེ་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་དང༌། འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པའོ། །གཟུགས་ཀྱི་ཁམས་ན་ཁོང་ཁྲོ་བ་མ་གཏོགས་པ་ལྔའོ། །གཟུགས་ཀྱི་ཁམས་ན་ཇི་ལྟ་བར་གཟུགས་མེད་པའི་ཁམས་ན་ཡང་དེ་བཞིན་ཏེ་དེ་དག་མདོར་བསྡུ་ན་ཉོན་མོངས་པ་བཅུ་དྲུག་ནི་སྒོམ་པས་སྤང་བར་བྱ་བའི་རིགས་སོ། ཞེས་སོ། །དེ་ལ་སས་ཕྱེ་ན་ཞེ་དྲུག་སྟེ་འདོད་པ་ན་དྲུག་བསམ་གཏན་བཞི་ན་ལྔ་བཞི་ཉི་ཤུ། གཟུགས་མེད་བཞི་ནའང་དེ་བཞིན་དུའོ། །ས་ལ་ཆེ་འབྲིང་གི་རྣམ་པའི་སྒོ་ནས་ཕྱེ་ན་ས་དགུ་པོ་རེ་རེ་ལ་ཁོང་ཁྲོ་མ་གཏོགས་པ་ལྔ་ལ་དགུ་དགུར་ཕྱེ་བས་གྱ་གཅིག་པ་ལྔ་དང༌། འདོད་པར་ཁོང་ཁྲོ་དགུར་ཕྱེ་བས་བཞི་བརྒྱ་དང་བཅུ་བཞིའོ། །གཉིས་པ་ནི། མཛོད་ལས། བཞི་ནི་སྒོམ་པས་སྤང་བྱ་ཡིན། ཞེས་ངོ་བོའི་སྒོ་ནས་ཕྱེ་ན་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི་བཤད་ལ། གོང་མར་ཁོང་ཁྲོ་བོར་བས་གསུམ་གསུམ་སྟེ་ཁམས་ཀྱིས་ཕྱེ་ན་བཅུའོ། །བཅུ་པོ་དེ་ས་ལ་ཆེ་འབྲིང་གི་རྣམ་པས་སྔར་ལྟར་ཕྱེ་བས་ཉིས་


JLD017_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་ང་གཉིས་སོ། །འདི་ནི་བྱེ་སྨྲ་ལྟ་བ་དང་པོ་གཉིས་མཐོང་སྤང་ཁོ་ནར་འདོད་པའི་ལུགས་ཡིན་ལ། སྔ་མ་ནི་ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པར་ལྟ་བ་ཐ་མ་གསུམ་དང༌། ཐེ་ཚོམ་ནི་ཀུན་ཏུ་བཏགས་པ་ཁོ་ན་ཡིན་ལ་ལྷག་མ་རྣམས་ནི་ཀུན་ཏུ་བཏགས་པ་བ་དང་ལྷན་ཅིག་སྐྱེས་པ་གཉིས་ཀ་ཡིན་ནོ་ཞེས་པ་ལྟར་ཏེ་མདོ་སྡེ་པ་ཡང་དེ་ལྟར་རོ། །གསུམ་པ་ནི། ཅིའི་ཕྱིར་མཐོང་སྤང་རྣམས་བདེན་པ་ལ་ལོག་ཞུགས་དང་སྒོམ་སྤང་རྣམས་སའི་སྒོ་ནས་འབྱེད་ཅེ་ན། མཐོང་སྤོང་ནི་གྲུབ་མཐའ་ངན་པས་ཡིད་བསླད་པས་སྐྱེད་པའི་རགས་པའི་ཆ་ཡིན་པས་བདེན་པ་མངོན་སུམ་དུ་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར་བདེན་པའི་རྣམ་པ་ལ་ལོག་ཞུགས་ཀྱི་སྒོ་ནས་བཤད་ལ། སྒོམ་སྤང་ནི་གྲུབ་མཐའ་ངན་པས་ཀུན་བཏགས་པ་ལས་མ་བྱུང་ཡང་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ་ལྷན་སྐྱེས་ཀྱི་ཆ་ཕྲ་བ་ཡིན་པས་བདེན་པ་མཐོང་བ་གོམས་པས་ཆེ་འབྲིང་ནས་སྤང་དགོས་ཀྱི་མཐོང་ཙམ་ནས་སྤང་མི་ནུས་པའི་ཕྱིར་སའི་སྒོ་ནས་ཆེ་འབྲིང་དུ་བཞག་གོ །མཐོང་སྤང་དང་སྒོམ་སྤང་ལ་ཀུན་བཏགས་དང་ལྷན་སྐྱེས་ཞེས་པའི་དོན་ནི། ཕྱི་རོལ་བའི་གྲུབ་མཐས་བློ་བསྒྱུར་བ་དང་མ་བསྒྱུར་བ་ལ་བྱའི་མངོན་གྱུར་དང་བག་ལ་ཉལ་ལ་མི་བྱའོ། །དེ་ལྟར་ན་མཐོང་སྤང་བདེན་པ་དང་སྒོམ་སྤང་ཡུལ་ལ་ལོག་ཞུགས་ཡིན་ནོ། །ཅིའི་ཕྱིར་བསྡུ་བ་དང་ཀུན་བཏུས་སུ་མཐོང་སྤང་ལ་མི་མཐུན་པ་གཉིས་བསྟན་ཞེ་ན། དོན་འདི་


JLD017_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁ་ཅིག་བསྟན་བཅོས་ཐ་དད་ཀྱི་དགོངས་པ་དང༌། ཁ་ཅིག་མདོ་སྡེ་པ་དང༌། སེམས་ཙམ་པའི་གྲུབ་མཐའ་ཐ་དད་ཀྱི་དབང་དུ་བྱས་པར་འཆད་པ་ནི་དོན་མིན་ནོ། །འོ་ན་ཅི་ཞེ་ན། ཀུན་བཏུས་སུ་བཤད་པ་ནི། ཉོན་མོངས་པ་དེ་དག་ཀུན་ཀྱང་བདེན་པའི་གནས་ལུགས་མ་མཐོང་བར་དུ་འཇུག་ཅིང་མཐོང་བ་ན་ལྡོག་པ་ལ་དགོངས་ནས་བདེན་པ་རྣམས་ལ་ལོག་ཞུགས་སུ་བཤད་ལ། བསྡུ་བར་གོ་བཞི་བཤད་པ་ནི་རགས་པའི་རྣམ་གཞག་ཡིན་གྱི་ཞིབ་པའི་དབང་དུ་བྱས་ན་ཀུན་བཏུས་ལྟར་དུ་འཇུག་པར་བསྡུ་བ་ཉིད་ལས་གསུངས་ཤིང༌། འཇུག་པའི་རྒྱུ་མཚན་ཡང་ཀུན་བཏུས་ལྟར་བཤད་པས་འགལ་བ་ཅུང་ཟད་ཀྱང་མེད་དོ། །ཐེག་ཆེན་གྱི་སྐབས་སུ་ཉོན་སྒྲིབ་ཀྱི་དབང་དུ་བྱས་པའི་མཐོང་སྤང་དང་སྒོམ་སྤང་གཉིས་ལུགས་དེ་དག་གང་གི་རྗེས་སུ་འབྲང་ཞེ་ན། རྒྱན་གྱི་སྣང་བ་དང་ཐུབ་དགོངས་སུ་ཀུན་བཏུས་ཀྱི་ལུགས་འདི་བྱང་སེམས་ཀྱི་སྐབས་སུ་གསུངས་པས་འདི་ཉིད་ཁས་བླང་ངོ༌། །བཞི་པ་ལ་གཉིས། མཐོང་སྤང་དང༌། སྒོམ་སྤང་ཇི་ལྟར་སྤོང་ཚུལ་ལོ། །དང་པོ་ལ་གཉིས། ལུགས་གཞན་བསྟན། རང་ལུགས་བཞག་པའོ། །དང་བོ་ནི། བསྡུ་བ་དང་མཛོད་ལས། འདོད་པའི་སྡུག་བསྔལ་མཐོང་སྤང་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཤེས་གཉིས་དང༌། ཁམས་གོང་གི་སྡུག་བསྔལ་མཐོང་སྤང་སྡུག་བསྔལ་ལ་རྗེས་བཟོད་དང་རྗེས་ཤེས་གཉིས་ཀྱིས་


JLD017_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་ལ། བདེན་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་ཏེ་ཁམས་གོང་འོག་གཉིས་ཀྱི་མཐོང་སྤང་གི་གཉེན་པོ་རྣམས་ཐ་དད་པར་བཤད་དོ། །དེ་ནི་ཉན་ཐོས་ཀྱི་ཡིན་པར་འབྲེ་བཞེད་དོ། །བོད་འགའ་ཞིག་ཐེག་ཆེན་གྱི་སྐབས་སུ་ཀུན་བཏུས་ནས་འབྱུང་བའི་མཐོང་སྤང་གི་རྣམ་གཞག་ཁས་བླངས་ནས་སྤོང་ཚུལ་འཆད་པ་ན་མཛོད་དང་མཐུན་པར་སྨྲ་བ་ནི། ཀུན་བཏུས་ཀྱི་སྤོང་ཚུལ་ཐུན་མོང་མ་ཡིན་པ་མ་གོ་ནས་རང་གི་དེ་ཁོ་ན་ཉིད་སྟོན་པ་ཡིན་ལ། དེ་བཞིན་དུ་ཨ་བྷྱ་ཀ་རས་ཀྱང༌། མཐོང་སྤང་གི་གྲངས་དང་ལོག་པར་འཇུག་ཚུལ་ཀུན་བཏུས་ལྟར་བརྒྱ་རྩ་བཅུ་གཉིས་སུ་བྱས་ནས་ཆོས་བཟོད་བཞིས་འདོད་པའི་མཐོང་སྤང་བཞི་བཅུ་དང་། རྗེས་བཟོད་བཞིས་ཁམས་གོང་གི་མཐོང་སྤང་དོན་གཉིས་སྤོང་བར་འདོད་དེ། འདི་ནི་པཎྜི་ཏ་ཆེན་པོའི་གསུང་ཡིན་ཡང་མངོན་པ་གོང་འོག་གི་མཐོང་སྤང་གི་གྲངས་མི་མཐུན་པ་ཙམ་ཤེས་ཀྱང་སྤོང་ཚུལ་གྱི་རྣམ་དབྱེ་མ་མཁྱེན་པས་དོར་བར་བྱའོ། །འོ་ན་ཀུན་བཏུས་ཀྱི་ལུགས་གང་ཞེ་ན། འདི་ནི་ལམ་ཤེས་སུ་འཆད་པར་འགྱུར་ལ་གཞན་ཡང་ཀུན་བཏུས་ཀྱི་མཐོང་ལམ་གྱི་སྐབས་ཀྱི་བཤད་པ་ལ་ལོག་པར་བཤད་པའི་ཆ་འགའ་ཞིག་ཐུབ་དགོངས་སུ་འབྱུང་བ་རྣམས་ཀྱང་སྐབས་དེར་དགག་པར་བྱའོ། །གཉིས་པ་ནི། བདེན་པ་བཞི་མཐོང་བས་སྤང་བར་བྱ་བའི་མཐོང་སྤང་བཞིའི་དངོས་ཀྱི་གཉེན་པོ་ནི་འཆད་པར་འགྱུར་རོ། །གཉིས་པ་ལ་གསུམ། ཆོས་མངོན་པ་ནས་གསུངས་པའི་ཚུལ།


JLD017_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དགོངས་པ་གང་ཡིན་བརྟག་པ། སྤང་གཉེན་གྱི་ཁྱད་པར་གཞན་བསྟན་པའོ། །དང་པོ་ནི། ཉོན་མོངས་པ་རྣམས་ལ་སྤོང་བའི་ཚུལ་གཉིས་ཏེ། འདི་ལྟར་ས་གོང་འོག་ལ་ཞི་རགས་སུ་བསྒོམས་ནས་དང༌། ཉོན་མོངས་ཐམས་ཅད་ཀྱི་རྩ་བ་མ་རིག་པ་དང་འཛིན་སྟངས་འགལ་བ་ཕུང་བོ་བདག་དང་བདག་གི་བས་སྟོང་པའི་གང་ཟག་གི་བདག་མེད་བསྒོམས་ནས་སྤོང་བ་སྟེ། དེ་ཡང་ས་དགུ་ལ་སྒོམ་སྤང་དགུ་དགུར་ཕྱེ་བའི་གཉེན་པོ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་ལ་ཡང་རྫས་དེ་སྙེད་དེ། འོན་ཀྱང་སྲིད་རྩེའི་སྤང་བྱ་དགུ་ལ་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བ་མེད་དོ། །དེ་ལ་དང་པོས་ནི་མངོན་གྱུར་དང་གཉིས་པས་ནི་བག་ལ་ཉལ་སྤོང་ཞིང་དང་པོ་ནི་མུ་སྟེགས་དང་ཡང་ཐུན་མོང་བ་དང་གཉིས་པ་ནི་ཆོས་འདི་པའི་ཐུན་མོང་མ་ཡིན་པའི་ལམ་མོ། །འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་ཁམས་གསུམ་གྱི་སྤང་བྱ་སྤོང་ཚུལ་ཡང་གཉིས་ཏེ། ཉན་ཐོས་འགའ་ཞིག་གིས་ཁམས་དང་ས་མ་ཕྱེ་བར་བསྡོམས་ནས་གང་ཟག་གི་བདག་མེད་པར་བསྒོམས་པས་ཁམས་གསུམ་གྱི་ཉོན་མོངས་ཆུང་འབྲིང་ཆེན་པོ་རྣམས་ཅིག་ཅར་དུ་སྤོང་བ་དང༌། ཕྱེ་སྟེ་ས་རྣམས་ལ་རིམ་ཅན་དུ་བསྒོམས་པས་རིམ་གྱིས་སྤོང་བའི་ཚུལ་གཉིས་གསུངས་ནས་ཐེག་ཆེན་ལ་མི་འདྲ་བའི་ཁྱད་པར་གསལ་པོར་མ་མཛད་དོ། །འོན་ཀྱང་ཀུན་བཏུས་སུ་ཡིད་ལ་


JLD017_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཇི་འདྲ་བས་སྤོང་ཞེ་ན། འདྲེས་པ་ལ་དམིགས་པ་སྟེ་ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བའོ། །མི་རྟག་པ་ལ་སོགས་པའི་རྣམ་པ་གང་ཡིན་པ་དེ་ནི་བདག་མེད་པའི་རྣམ་པ་ཡོངས་སུ་སྦྱོང་བར་བྱེད་དེ་ཞེས་ཅིག་ཅར་བའི་དམིགས་རྣམ་ལྟར་ཆོས་ཐམས་ཅད་བདག་མེད་པར་ཡིད་ལ་བྱེད་པའི་འདྲེས་པའམ་བསྡོམས་པ་ལ་དམིགས་པས་སྤོང་བར་བཤད་པ་འཇིག་རྟེན་པའི་ལམ་གྱིས་སྤངས་པ་བརྡའམ་མིང་གིས་སྤངས་པ་ཙམ་དུ་གསུངས་པས་ཞི་རགས་ཀྱི་རྣམ་པའི་སྒོ་ནས་སྤོང་བ་བཏགས་པ་བ་དང༌། བདག་མེད་པའི་རྣམ་པའི་སྒོ་ནས་སྤོང་བ་མཚན་ཉིད་པར་མངོན་པ་ལས་དོན་གྱིས་གསུངས་སོ། །གཉིས་པ་ནི། ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་གྱིས་ཁམས་རྣམས་ལས་འདའ་བར་ཆོས་མངོན་པའི་མདོ་དེ་དང་དེ་ལས་གསུངས་པ་ནི། གདུལ་བྱ་དབང་རྟུལ་སྲིད་པ་ལ་ཡོན་ཏན་དུ་ལྟ་ཞིང་སྤོང་བའི་བློ་མི་འཇུག་པ་རེ་ཞིག་བདག་མེད་པ་བསྟན་པའི་སྣོད་དུ་མི་རུང་བ་ལ། རིམ་གྱིས་བདག་མེད་པའི་ལམ་ལ་དྲང་བའི་ཕྱིར་ཐབས་མཁས་པས་ས་གོང་མ་གོང་མ་རྣམས་ལ་མཆོག་ཏུ་བསྟན་པའི་སྒོ་ནས་ས་དེ་དག་ལ་ཆགས་པ་མངོན་གྱུར་པ་བཟློག་ནས་དེ་དག་སྲིད་པ་མི་འདོད་ཅིང་སྲིད་པ་དང་བྲལ་བ་འདོད་པ་དེའི་ཚེ་བདག་མེད་པའི་ལམ་སྟོན་ནོ། །ལམ་སྔ་མས་ནི་ས་དེ་དག་ཏུ་ཉོན་མོངས་མངོན་གྱུར་པ་ཡང་ཐམས་ཅད་ལྟ་ཞོག །ས་དེ་དག་ལ་སྲེད་པའི་སྒོ་ནས་མཆོག་ཏུ་ལྟ་བ་ཙམ་ཞིག་ཉམས་སྨོད་པར་བྱེད་ཀྱི་སྲེད་པ་མངོན་གྱུར་བ་ཐམས་


JLD017_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འགོག་པར་མི་ནུས་ཏེ། བདག་དང་བདག་གི་བར་ཆགས་པ་ནི་ལམ་དེ་དང་རྒྱུད་གཅིག་ལ་དུས་གཅིག་ཏུ་མངོན་གྱུར་དུ་འཇུག་པ་དང༌། དེས་དེའི་རྒྱུ་བདག་དང་བདག་གིར་འཛིན་པ་ལ་མི་གནོད་པའི་ཕྱིར་རོ། །དེས་ན་ངེས་པའི་དོན་དུ་ན་གོང་མའི་སེམས་ཐོབ་ཀྱང་འོག་སའི་ཉོན་མོངས་མངོན་གྱུར་པ་ཀུན་ལྡོག་མི་དགོས་ཏེ། འོག་མའི་རྟེན་ལ་གོང་མའི་སེམས་ཐོབ་པའི་ཚུར་མཐོང་གི་ཉོན་ཡིད་བཞིན་ནོ། །གཞན་ཡང་མཐོང་སྤང་རྣམས་འཇོམས་པ་ལ་བདེན་པའི་རྣམ་པ་ཅན་གྱི་ལམ་རྒྱུད་ལ་སྐྱེ་དགོས་ཏེ་བདེན་པ་མཐོང་བས་སྤང་བར་བྱ་བ་ཡིན་པས་སོ། །དེའི་ཕྱིར་འོག་སའི་མཐོང་སྤང་གི་ཉོན་མོངས་ཀྱང་ལམ་དེས་ཇི་ལྟར་སྤོང༌། མཛོད་ལས། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། ཞེས་སྲིད་རྩེ་མ་གཏོགས་པའི་མཐོང་སྤང་མཐོང་ལམ་དང་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤང་བར་བཤད་པས་ནི་མི་གནོད་དེ་དེ་ནི་བྱེ་སྨྲས་ཀུན་བཏགས་པ་ཡིན་པས་སློབ་དཔོན་སངས་རྒྱས་གཉིས་པས་ཀྱང་བཀག་པའི་ཕྱིར་རོ། །དེ་ལྟར་ཞི་རགས་ཀྱི་རྣམ་པ་ཅན་ནི་རྒྱུད་སྣོད་དུ་རུང་བར་བྱེད་པ་ཙམ་ཡིན་ལ། ཐེག་པ་གསུམ་གའི་ཉོན་མོངས་ལས་གྲོལ་བར་བྱེད་པའི་ལམ་ནི་བདག་མེད་པའི་རྣམ་པ་ཅན་ཡིན་ཏེ། གང་ཟག་གི་བདག་གིས་སྟོང་པར་ཡིད་ལ་བྱེད་པ་ནི་མ་རིག་པ་དང་དངོས་སུ་འཛིན་སྟངས་འགལ་བས་མ་རིག་པ་ལས་བྱུང་བའི་ཉེས་པ་རྣམས་འཇོམས་པ་ལ་མཐུ་དང་ལྡན་པའི་


JLD017_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཏེ། རྣམ་འགྲེལ་ལས། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང༌། །འགལ་བར་རབ་ཏུ་གྲུབ་པ་ཡིན། ཞེས་དང༌། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། ཞེས་པ་ལྟར་རོ། །དེའི་ཕྱིར་ཉོན་མོངས་མངོན་གྱུར་དང་བག་ལ་ཉལ་གཉིས་ཀ་ཡང་གང་ཟག་གི་བདག་མེད་མོས་པ་ཡིད་བྱེད་དང་དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་སྤོང་བར་ཤེས་པར་བྱའོ། །རྣམ་གཞག་འདི་སྔར་གང་ཟག་གི་སྐབས་དང་བསམ་གཏན་དང་གཟུགས་མེད་པའི་སྐབས་སུ་སྤང་བྱ་འཇོམས་ཚུལ་བསྟན་པ་རྣམས་དང་འགལ་བར་མི་བསམ་སྟེ། དེ་ནི་མངོན་པ་ནས་སྒྲས་ཟིན་ཚོད་ཀྱིས་བསྟན་པ་རྣམས་ལྟར་བཤད་ཀྱི་དགོངས་པ་གང་དུ་འཐད་དཔྱད་པ་མིན་པས་སོ། །གསུམ་པ་ལ་གསུམ། རིམ་དང་ཅིག་ཅར་དུ་སྤོང་བ་དང༌། སྤང་བྱའི་ངོ་བོ་དང་དུས་དང༌། སྤངས་ཤིང་གྲོལ་བའི་དོན་གང་ཡིན་བརྟག་པའོ། །དང་པོ་ལ་གཉིས། འདོད་པ་དགོད། གནས་དོན་བསམ་པའོ། །དང་པོ་ནི། ཉི་སྣང་དུ་ལམ་ཤེས་ཀྱི་སྒོམ་ལམ་གྱི་སྤང་བྱ་དགུ་པོ་རྣམས་འཇིག་རྟེན་པའི་ལམ་སྔོན་དུ་སོང་ན་སྲིད་རྩེའི་སྤང་བྱ་མ་གཏོགས་པ་རྣམས་མཐོང་ལམ་གྱི་སྔོན་དུ་སྤོང་བ་དང༌། འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་ཀྱང་འདོད་པ་ནས་སྲིད་རྩེའི་བར་གྱི་ཉོན་མོངས་པ་དགུ་རྣམས་རིམ་གྱིས་སྤོང་བར་བཤད་ལ། ཐུབ་དགོངས་སུ་ཡང་སྒྲུབ་པ་སྒོམ་ལམ་གྱི་ངོ་བོར་གྱུར་པའི་ས་དགུས་འདོད་པའི་སྤང་བྱ་དགུ་དང༌། རྣམ་


JLD017_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྒོམ་ལམ་གྱི་ངོ་བོར་གྱུར་པའི་ཁྱད་པར་གྱི་ལམ་ས་བཅུ་པས་བསྡུས་པ་རྣམས་ཀྱིས་གཟུགས་དང་གཟུགས་མེད་ཀྱི་སྤང་བྱ་དགུ་ཚན་རྣམས་རིམ་གྱིས་སྤོང་བར་འདོད་ཅིང་དེ་ཡང་འཕགས་པའི་དགོངས་པར་འཆད་དོ། །བདག་ཉིད་ཆེན་པོ་ནི་ཉི་སྣང་གི་དེ་ཉན་ཐོས་དང་ཚུལ་བསྟུན་ནས་བརྗོད་པ་ཙམ་ཡིན་གྱི་བྱང་སེམས་ལ་སྒྲ་ཇི་བཞིན་པར་སྦྱར་དུ་མི་རུང་སྟེ། ཆགས་བྲལ་སྔོན་སོང་ཉོན་སྒྲིབ་ལ་འདོད་ན་ནི་སྲིད་རྩེའི་ཉོན་མོངས་བརྒྱད་པ་སྤངས་པ་སྐྱེ་བ་གཅིག་གིས་ཐོགས་པའི་རྒྱལ་སྲས་སུ་བཤད་པ་མི་འཐད་དོ། །ཉན་ཐོས་ཀྱི་དགྲ་བཅོམ་ཞུགས་པ་ལ་ཡང་ཧ་ཅང་ཐལ་བའི་ཕྱིར་རོ། །ཤེས་སྒྲིབ་ལ་འདོད་ན་ཡང་མི་འཐད་དེ། དེ་ནི་མཐོང་ལམ་གྱི་སྔར་གྱི་འཇིག་རྟེན་པའི་ལམ་གྱི་སྤང་བྱར་འགལ་ཏེ། ལམ་དེ་ཉིད་ཤེས་སྒྲིབ་ཡིན་པས་སོ། །འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་ས་དགུའི་སྤང་བྱ་དགུ་ཚན་རྣམས་རིམ་གྱིས་སྤོང་བར་འདོད་ན་ཡང་མི་འཐད་དེ། སྲིད་རྩེའི་ཉོན་མོངས་དགུ་པ་སྤངས་པ་སངས་རྒྱས་སུ་དང༌། བརྒྱད་པ་སྤངས་པ་ས་བཅུ་པ་བཤད་པ་མི་འཐད་པའི་ཕྱིར་ཏེ་སྔར་ལྟར་རོ། །ཤེས་སྒྲིབ་ལ་ལྟོས་ནས་དེ་ལྟར་འཇོག་ན་ཡང་མི་འཐད་དེ། དེ་ལྟར་ན་འདོད་པའི་སྤང་བྱ་ཆུང་ངུའི་ཆུང་ངུ་སྤངས་པ་ཕྱིར་མི་འོང་བར་བརྗོད་པ་འགལ་ཏེ། དེ་སྤངས་ན་ཁམས་གསུམ་པའི་སྤང་བྱ་མཐའ་དག་ཅིག་ཅར་དུ་སྤངས་པས་སངས་རྒྱས་སུ་རིགས་པའི་


JLD017_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེས་ན་སྤངས་པ་ལ་ལྟོས་ནས་ཀྱང་བྱང་སེམས་ལ་ཉན་ཐོས་ཀྱི་རྒྱུན་ཞུགས་དང་ཕྱིར་འོང་ལ་སོགས་པར་བཞག་པ་ནི། དེ་དག་ལ་དེ་དག་གི་མིང་གིས་འདོགས་པའི་ཆོས་མཐུན་པའི་རྒྱུ་མཚན་ཁྱད་པར་ཅན་བསྟན་པར་འདོད་ནས་རྣམ་གཞག་བྱས་པ་ཙམ་ཡིན་གྱི། ཉན་ཐོས་ཀྱི་སྤངས་པའི་རིམ་པ་ཇི་བཞིན་དུ་འདོད་ནས་བཞག་པ་མ་ཡིན་པར་ངེས་སོ་ཞེས་གསུང་ངོ༌། །གཉིས་པ་ནི། འཕགས་པའི་དགོངས་པ་ལེན་ཚུལ་ལ་ཨ་བྷྱ་དང་བདག་ཉིད་ཆེན་པོ་གཉིས་མི་མཐུན་ཡང་ཕྱི་མའི་རྗེས་སུ་འབྲང་སྟེ། ཐུབ་དགོངས་ལྟར་བྱས་ན་འགལ་བ་དུ་མ་འབྱུང་བའི་ཕྱིར་ཏེ་འདི་ལས་ནི་འདོད་པའི་ཉོན་མོངས་དགུ་སྤངས་པ་དང༌། དྲི་མ་མེད་པ་ལ་སོགས་པས་དགུ་རེ་རེ་ནས་སྦྱར་བ་འཕགས་པའི་དགོངས་པར་བྱས་པ་དང༌། ཉི་སྣང་གི་གང་ཟག་གི་སྐབས་ཀྱི་སྤངས་པ་རྣམས་སྒྲ་ཇི་བཞིན་པར་འཆད་པ་གཉིས་འགལ་ཏེ། ཉི་སྣང་གི་སྒྲས་ཟིན་ལ་ནི་སྲིད་རྩེ་མ་གཏོགས་པའི་ཉོན་མོངས་མཐོང་ལམ་གྱི་སྔོན་དུ་ཡང་སྤངས་པར་འབྱུང་བའི་ཕྱིར། མཐོང་ལམ་གྱི་སྔོན་དུ་ཡང་ས་བཅུ་པ་ཐོབ་པར་ཐལ་བ་དང༌། འདོད་པའི་ཉོན་མོངས་དགུ་པ་སྤངས་པ་ས་བཅུ་པ་ཡིན་ན་སྲིད་རྩེའི་བརྒྱད་པ་སྤངས་པའི་དགྲ་བཅོམ་ཞུགས་པ་འབའ་ཞིག་ལ་ས་བཅུ་པ་ལ་གནས་པར་གསུངས་པ་མི་རིགས་པ་དང༌། ས་བཅུ་པ་མ་ཐོབ་གོང་དུ་ཁམས་གོང་མའི་སྤང་བྱ་སྤངས་པ་མེད་ན་འཕགས་པའི་གཉེན་ཚོགས་ཀྱི་མཐོང་སྒོམ་


previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next