Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
   
   
   
   
ཤོག་ལྷེབ་ ༦༠༡ ནས་ ༦༧༡ བར།
  collapse section
   
   
   
   


 
previousཤོག་ལྷེབ་ ༦༠༡ ནས་ ༦༧༡ བར།next

ཤོག་ལྷེབ་ ༦༠༡ ནས་ ༦༧༡ བར།


JLD017_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་སྤང་བྱར་གྱུར་པའི་རྟོག་པ་བཞི་ལ་ཁམས་གསུམ་པའི་དབྱེ་བ་གསུངས་པ་འགལ་བ་དང༌། ཡང་རྩེ་སྦྱོར་དུ་མཐོང་ལམ་རྩེ་མོའི་ངོ་བོ་འཆད་པ་ན་དེས་ཁམས་གསུམ་གྱི་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པར་གསུངས་པ་དང་འགལ་ལོ། །གལ་ཏེ་མཐོང་ལམ་དེ་གཉིས་ས་བཅུ་པའི་ཁྱད་པར་ལམ་ལ་འདོད་པས་མི་འགལ་སྙམ་ན་བཟང་པོའི་ཞབས་ཀྱིས་རྣམ་ཀུན་གྱི་སྐབས་ཀྱི་ལམ་རྣམས་ཁྱད་པར་ལམ་ལ་འདོད་པ་ལ་འཕགས་པའི་ལུང་གིས་བཀག་པ་ཐམས་ཅད་རང་གི་མགོ་ལ་འཁྲི་བའི་བཤད་པར་འགྱུར་ཞིང༌། རང་ཉིད་ཀྱིས་ཤེས་བྱེད་དུ་དྲངས་པའི་ཐོགས་མེད་ཀྱི་སྒྲུབ་པ་བཞིའི་ས་མཚམས་སྟོན་པའི་ལུང་གིས་རང་ཉིད་འཇོམས་ཏེ། དེ་ལ་ནི་གཉེན་པོའི་ཚོགས་སྒྲུབ་མཐོང་སྒོམ་གཉིས་ཀ་དང༌། ངེས་སྒྲུབ་སྒོམ་ལམ་འབའ་ཞིག་ལ་བཞག་ལ་ཁྱེད་ལྟར་ན་གཉིས་ཀ་ཡང་སྒོམ་ལམ་ལ་བཞག་དགོས་པས་སོ། །གཞན་ཡང་དགོངས་འགྲེལ་དང་འཇུག་འགྲེལ་གྱི་ལུང་རིམ་པ་ལྟར་ས་བརྒྱད་པར་བག་ལ་ཉལ་ཕྲ་མོ་ཡང་མེད་པས་ཉོན་མོངས་ཀྱི་ཀུན་སྤྱོད་མེད་ཅིང་ཤེས་སྒྲིབ་ཀྱི་རྟེན་ཙམ་དུ་བསྟན་པ་དང༌། ས་དེར་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བས་འཁོར་བ་འགག་པར་བསྟན་པ་རྣམ་འཐད་ཕྱོགས་སུ་དྲངས་ནས་འདོད་པའི་ཉོན་མོངས་དགུ་ས་དགུ་ལ་རིམ་པ་བཞིན་དུ་སྤོང་བར་བཞེད་པའི་པཎྜི་ཏ་དེ་ནི་ངོ་མཚར་རོ། །དེས་ན་ཉི་སྣང་དང་


JLD017_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་སྣང་དུ་ཁམས་གསུམ་གྱི་བྱེ་བྲག་ལ་གསལ་ཁ་མེད་པར་སྤྱིར་སྒོམ་སྤང་རྣམ་རྟོག་ཆུང་འབྲིང་དགུའི་གཉེན་པོར་སྒོམ་ལམ་ས་དགུ་རིམ་པ་བཞིན་དུ་སྦྱར་བ་ནི་སྒྲ་ཇི་བཞིན་པར་ཁས་བླང་སྟེ་དེ་ཡང་ཁམས་གསུམ་ལ་མ་ཕྱེ་བར་སྤྱིར་སྒོམ་སྤང་རྣམ་རྟོག་ལ་སྤང་དཀའ་སླ་དགུ་ཡོད་པས་གཉེན་པོ་ཆེ་ཆུང་དགུས་སྤང་བར་བསྟན་པའོ། །འདི་དག་ཀྱང་བྱང་སེམས་ཀྱིས་ཁམས་གསུམ་གྱི་ཆུང་འབྲིང་ཆེན་པོ་རྣམས་ཐད་སོ་ཐད་སོར་དྲིལ་ཏེ་ཅིག་ཅར་དུ་སྤོང་སྟེ་ཁམས་གསུམ་གྱི་ཆོས་ཐམས་ཅད་བདག་གཉིས་ཀྱིས་སྟོང་པའི་སྤྲོས་པ་དང་བྲལ་བར་བསྒོམས་པས་དངོས་པོར་མངོན་པར་ཞེན་པ་ལྡོག་ལ་དེ་ལོག་པ་ན་དེའི་རྒྱུ་ཅན་གྱི་ཁམས་གསུམ་གྱི་གཟུང་འཛིན་གྱི་རྟོག་པ་མཐའ་དག་ཀྱང་འགག་པར་འགྱུར་ཏེ། བུད་ཤིང་ཟད་པའི་མེ་བཞིན་ནོ། །ཉི་སྣང་ལས། དེ་ཡང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱིས་བསྡུས་པའི་ས་དགུ་པོ་རྣམས་སོ་སོར་རྣམ་པར་རྟོག་པའི་རྣམ་པ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུའི་གཉེན་པོ་སྒོམ་པའི་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་དགུར་ཕྱེ་བ་ཡིན་ནོ། ཞེས་སྤང་བྱའི་རྟེན་ས་དགུ་པོ་སོ་སོར་རམ་རེ་རེ་ལ་དགུ་དགུ་ཞེས་སྒོམ་སྤང་དང་གཉེན་པོ་གྱ་གཅིག་རེ་གསུངས་པ་དང༌། རྒྱན་དུ་དེ་ལ་ཡང་ཉོན་མོངས་པ་དྲུག་ཅི་རིགས་པར་རིམ་གྱིས་སྤོང་ངོ་ཞེས་པ་དང་ཡང་མི་འགལ་ཏེ། སྔ་མས་ནི་གྱ་གཅིག་པ་རེ་རེར་ཕྱེ་བ་གསུངས་ཀྱང་རིམ་ཅན་དུ་


JLD017_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བར་མ་བསྟན་གྱི་སྤང་བྱའི་ས་བསྟན་པའི་སྒོ་ནས་རབ་དབྱེ་ཙམ་ཞིག་གསུངས་ལ། ཕྱི་མས་ནི་ཉོན་མོངས་དྲུག་ལ་དགུར་བྱས་པ་རིམ་ཅན་དུ་སྤོང་བར་བསྟན་གྱི་ས་རེ་རེ་ལ་བརྟེན་པའི་སྤང་བྱ་རྣམས་རིམ་ཅན་དུ་སྤོང་བར་གསུངས་པ་མིན་ནོ། །རྣམ་པ་གཅིག་ཏུ་ན་བྱང་སེམས་དབང་པོ་ཤིན་ཏུ་རྟུལ་པོ་འགའ་ཞིག་ལ་ཁམས་གསུམ་རིམ་ཅན་དུ་བདག་མེད་པར་སྒོམ་པ་སྲིད་པ་དང་ཆོས་མངོན་པར་རིམ་ཅན་དུ་སྤོང་བར་བཤད་པ་གྲགས་ཆེ་བས་དེ་དག་དང་བསྟུན་པའོ་ཞེས་བཤད་ཀྱང་རུང་བ་ཙམ་མོ། །དེ་ལྟ་བུའི་དགོངས་པ་འཆད་མི་ཤེས་པར་འཕགས་པ་དང་སློབ་དཔོན་ལ་ཉན་ཐོས་ཀྱི་སྤངས་པ་བྱང་སེམས་ལ་སྦྱར་བ་ནོར་རོ་ཞེས་སྨྲ་བ་ནི་རང་ཉིད་ཀྱི་བློའི་དྲི་མ་གཞན་ལ་འགེལ་བའོ། །གཉིས་པ་ནི། གཏན་ལ་དབབ་པ་བསྡུ་བ་ལས། ཅི་ཀུན་ནས་དཀྲིས་པ་སྤོང་བར་བྱེད་དམ་འོན་ཏེ་བག་ལ་ཉལ་སྤོང་བར་བྱེད། གང་ལས་སྤངས་ན་སྤངས་པ་ཞེས་བརྗོད་པར་བྱ་ཞེ་ན། བག་ལ་ཉལ་ལས་སྤོང་བར་བྱེད་དེ་ཀུན་དཀྲིས་པ་ནི་དང་པོ་ཉིད་ནས་སྤངས་ཟིན་པའི་ཕྱིར་རོ། །བག་ལ་ཉལ་སྤངས་ན་སྤངས་པ་ཞེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་དཀྲིས་པ་ལས་སྤངས་ལ་བག་ལ་ཉལ་ལས་མ་སྤངས་ན་ནི་ཡང་དང་ཡང་དུ་ཀུན་ནས་དཀྲིས་པ་འབྱུང་བར་འགྱུར་གྱི། བག་ལ་ཉལ་ལས་སྤངས་ན་ནི་བག་ལ་ཉལ་དང་ཀུན་ནས་དཀྲིས་པ་གཉིས་ཀ་གཏན་འབྱུང་བར་མི་


JLD017_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར་རོ། ཞེས་པ་ལྟར་རོ། །འོ་ན་སྤང་བྱ་དུས་གསུམ་ལས་གང་སྤོང་ཞེ་ན། ཀུན་བཏུས་ལས། འདས་པ་ནི་འགགས་པའི་ཕྱིར་མ་ཡིན་ནོ། །མ་འོངས་པ་ནི་མ་སྐྱེས་པའི་ཕྱིར་མ་ཡིན་ནོ། །ད་ལྟར་བ་ནི་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར་མ་ཡིན་ནོ། །འོན་ཀྱང་གནས་ངན་ལེན་གྱི་རྣམ་པ་གང་ཡིན་པ་དེ་ལས་སྤོང་སྟེ་གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོའི་རྣམ་པ་དེ་འབྱུང་བ་དང༌། གནས་ངན་ལེན་གྱི་རྣམ་པ་དེ་འགག་པ་ནི་མཉམ་པས་མཉམ་སྟེ་དཔེར་ན་སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ། ཞེས་སོ། །དེའི་དོན་ནི་མངོན་གྱུར་པ་འདས་མ་འོངས་ནི་ཞིག་ནས་དང༌། མ་སྐྱེས་ནས་མེད་པས་སྤང་མི་དགོས་ལ། ད་ལྟ་བ་ནི་གཉེན་པོ་དང་དུས་གཅིག་ཏུ་མི་འཇུག་པས་མངོན་གྱུར་མི་སྤོང་ཡང་སྤང་བྱའི་ས་བོན་དང་གཉེན་པོ་གཉིས་རྒྱུད་གཅིག་ལ་དུས་གཅིག་ཏུ་འཇུག་པ་མི་འགལ་བས་གནས་ངན་ལེན་སྤོང་ངོ༌། །དེ་ཡང་རྣམ་གྲོལ་ལམ་རྒྱུད་དེ་ལ་སྐྱེ་བ་དང་སྤང་བྱ་འགག་པ་གཉིས་དུས་མཉམ་ལ་དེའི་ཕྱིར་རྣམ་གྲོལ་ལམ་རྫོགས་པར་སྐྱེས་པ་དང་སྤང་བྱ་ཡང་རྫོགས་པར་འགག་གོ །དེ་ལྟར་ན་སྤང་བྱ་གང་དང་གང་གི་ངོ་སྐལ་གྱི་རྣམ་གྲོལ་ལམ་སྐྱེས་ཟིན་པ་ན་ངོ་སྐལ་གྱི་སྤང་བྱ་རྒྱུད་ལ་མེད་པ་ཡིན་ནོ། །སྤོང་བའི་དོན་ནི་གཉེན་པོ་མ་སྐྱེད་ན་རྒྱུད་དེ་ལ་སྤང་བྱའི་རིགས་འདྲ་ཕྱི་མ་མཚམས་སྦྱོར་བ་ལས་དེ་སྐྱེས་སྟོབས་ཀྱིས་ཕྱི་མའི་རྒྱུན་འཐུད་པ་འགོག་པའོ། །གསུམ་པ་ནི། གཉེན་


JLD017_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནུས་ལྡན་རྒྱུད་ལ་སྐྱེས་སྟོབས་ཀྱིས་ཤེས་རྒྱུད་སྔར་སྤང་བྱ་དེའི་སྣོད་དུ་གྱུར་པ་སྣོད་མ་ཡིན་པར་གནས་གྱུར་ནས་སྤང་བྱ་དེའི་རྒྱུན་སྐྱེ་བའི་སྐབས་མེད་པར་བྱས་པ་ནི་སྤངས་པའི་དོན་ཡིན་ཏེ། ཀུན་བཏུས་ལས། གནས་ངན་ལེན་གྱི་རྣམ་པ་དང་བྲལ་བས་མ་འོངས་པ་ན་ཉོན་མོངས་པ་མི་སྐྱེ་བའི་ཆོས་ཅན་དུ་གནས་པ་དེ་ནི་སྤོང་བའོ། ཞེས་སོ། །མཛོད་ལས་ནི་གང་གྲོལ་ན་སྐྱེ་འགྱུར་མ་འོངས་པ་མི་སློབ་པའི་སེམས་གྲོལ་ལ་གང་གིས་སྤོང་ན་འགག་འགྱུར་ད་ལྟ་བའི་ལམ་གྱིས་སྒྲིབ་པ་སྤོང་ཞེས་འདོད་དེ། མཛོད་ལས། མི་སློབ་སེམས་ནི་སྐྱེས་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། ཞེས་སོ། །འདི་ལ་ཁ་ཅིག་འགག་འགྱུར་གཉེན་པོ་འགགས་པ་དང་སྤང་བྱ་འགགས་པ་གཉིས་དུས་མཉམ་པ་ལ་འདོད་པ་ནི་དོན་མིན་གྱི། ཐུབ་དགོངས་སུ། འོ་ན་འདས་པའམ་མ་འོངས་པའམ་ད་ལྟར་བྱུང་བའི་སེམས་རྣམ་པར་གྲོལ་ཞེ་ན་མ་འོངས་པའི་སེམས་སྐྱེ་བཞིན་པ་མི་སློབ་པ་སྒྲིབ་པ་རྣམས་ལས་རྣམ་པར་གྲོལ་ལོ། །དེ་སྐྱེས་པས་སྒྲིབ་པ་སྤོང་བའི་ལམ་ནི་གནས་སྐབས་ཅི་ཡིན་ཞེ་ན། འགག་བཞིན་པ་ཉིད་ཀྱིས་ན་ད་ལྟར་བའོ། ཞེས་པ་ལྟར་ཏེ། རང་འགྲེལ་ལས། འགག་པ་ནི་འགག་པ་ལ་མངོན་དུ་ཕྱོགས་པ་སྟེ་ད་ལྟར་བའོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་སོ། །གལ་ཏེ་


JLD017_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་སྐྱེ་བ་དང་སྤང་བྱ་འགག་པ་དུས་མཉམ་ན་སྒོམ་ལམ་ཆེན་པོའི་ཆེན་པོ་རྫོགས་པར་སྐྱེས་པ་ན་སྒོམ་སྤང་ཐ་མ་མ་ལུས་པར་འགག་དགོས་པས་རྒྱུན་མཐར་སྒྲིབ་པ་མ་ལུས་པ་སྤང་དགོས་ཏེ། མཐོང་སྤང་དང་སྒོམ་སྤང་མ་ཡིན་པའི་སྒྲིབ་པ་མེད་པས་སོ། །འདོད་མི་ནུས་ཏེ། སངས་རྒྱས་ཀྱི་ས་ལ་ཡང་ཤིན་ཏུ་རྨོངས་པ་གཉིས་དང༌། དེའི་གནས་ངན་ལེན་གཅིག་རྣམས་དགོངས་འགྲེལ་ལས་གསུངས་པ་དང༌། མདོ་སྡེའི་རྒྱན་ལས་ཀྱང༌། ས་དེ་ལ་ཐོགས་པའི་སྒྲིབ་པ་བཤད་པ་དང༌། གཏན་ལ་དབབ་པ་བསྡུ་བ་ལས་ཀྱང༌། ཟག་པ་པའི་གནས་ངན་ལེན་ནི། བག་ལ་ཉལ་སྤངས་ཀྱང་སྔོན་ཟག་པས་བསྐྱེད་ཅིང་ཟག་པས་ཡོངས་སུ་བསྒོས་པ་སྟེ་དེ་དང་འདྲ་བའི་ལས་སུ་མི་རུང་བའི་ཚུལ་གྱིས་རང་བཞིན་གྱིས་ངན་པར་གནས་པ་དང༌། ངན་པར་ཞུགས་ལ་ཆེས་སྲབ་པ་དང༌། ཆེས་ཆུང་བ་གང་ཡིན་པའོ། །ཟག་པ་དང་བཅས་པའི་གནས་ངན་ལེན་ནི་ཉོན་མོངས་པའི་བག་ཆགས་ཞེས་བྱ་སྟེ། དེ་ཡང་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱིས་ནི་མ་སྤངས་ཀྱི་དེ་བཞིན་གཤེགས་པ་ཉག་གཅིག་གིས་སྤངས་པ་ཡིན་ཏེ། དེའི་བག་ཆགས་ཡང་དག་པར་བཅོམ་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱའོ། ཞེས་ཟག་པའི་གནས་ངན་ལེན་དང༌། ཟག་བཅས་ཀྱི་གནས་ངན་ལེན་གཉིས་ལས། དང་པོ་ཉན་ཐོས་དགྲ་བཅོམ་གྱིས་སྤངས་ཤིང་ཕྱི་མ་སངས་རྒྱས་ཁོ་ནས་སྤངས་པར་


JLD017_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ཕྱིར་ཏེ། འདི་དང་མ་རིག་བག་ཆགས་ཀྱི་ས་གཉིས་དོན་གཅིག་གོ །དེ་ལྟ་མ་ཡིན་ན་རྒྱུན་མཐར་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་ཡོད་ན་གནས་མ་ལུས་པར་གྱུར་པས་ཡེ་ཤེས་ལྔ་ཡོད་པར་ཐལ་བ་དང༌། བག་ཆགས་ཡང་དག་བཅོམ་པ་ཐུབ་པའི་ཐུན་མོང་མ་ཡིན་པའི་ཡོན་ཏན་མིན་པར་ཐལ་བ་དང༌། ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་པར་ཐལ་བ་སོགས་མཐའ་ཡས་སོ། །སངས་རྒྱས་སའི་སྤང་བྱ་ཡོད་ན་སངས་རྒྱས་ཡིན་པའི་དྲི་བཅས་ཡོད་པར་འགྱུར་ཞེ་ན། ཉེས་པ་དེར་མི་འགྱུར་ཏེ། ས་བཅུ་པ་ན་ཡོད་པའི་གནས་ངན་ལེན་རྣམས་ཇི་སྲིད་ཀུན་མཁྱེན་ཡེ་ཤེས་དང་པོ་མ་སྐྱེས་པ་དེ་སྲིད་དུ་སྔ་ཕྱི་མཚམས་སྦྱོར་ནས་རྒྱུན་ལྡན་དུ་འབྱུང་ཡང་གང་གི་ཚེ་ཡེ་ཤེས་དེ་ཐོབ་པ་དེའི་ཚེ་རྒྱུན་ལྡོག་པ་ལ་སངས་རྒྱས་ཀྱི་སས་སྤངས་པར་འདོད་ཀྱི། སངས་རྒྱས་ཀྱི་ཡེ་ཤེས་སྐྱེས་པའི་རྗེས་ལ་སྤོང་བར་མི་འདོད་དོ། །དེ་བཞིན་དུ་ས་སྔ་མ་ན་ཡོད་པའི་སྤང་བྱ་རྣམས་ས་ཕྱི་མ་རྣམས་མ་སྐྱེས་ན་རྒྱུན་ལྡན་དུ་འཇུག་པས་ས་ཕྱི་མ་སྐྱེས་སྟོབས་ཀྱིས་ས་ཕྱི་མའི་སྐབས་དེར་སྐྱེ་བའི་གོ་མ་རྙེད་པ་ལ་ས་ཕྱི་མས་སྤངས་པར་བཞག་གི །གཉེན་པོའི་རྗེས་སུ་སྤང་བྱ་ཡོད་པ་སྤོང་བ་ནི་མ་ཡིན་ནོ། །དྲུག་པ་ནི། ས་དང་པོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འདི་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བ་དང༌། གཉིས་པ་ལ་འཇིག་རྟེན་དེ་ལག་


JLD017_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་ལྟ་བུར་གྱུར་པ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པ་དང༌། གསུམ་པ་ལ་བདག་ཉིད་དཔའ་ཞིང་ལག་ཆ་དང་གོ་ཆ་སྲ་བ་ཐོག་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བ་དང༌། བཞི་པ་ལ་ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞིས་ཐམས་ཅད་དང་ལྡན་པའི་ས་ཆེན་པོ་ལ་མེ་ཏོག་སྣ་ཚོགས་ཀྱིས་མངོན་པར་འཐོར་བ་དང༌། ལྔ་པ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱིས་མགོ་ལ་མེ་ཏོག་ཙམ་པ་ཀའི་འཕྲེང་བ་འདོགས་པ་དང༌། དྲུག་པ་ལ་ཐེམ་སྐས་བཞི་དང་ལྡན་པའི་རྫིང་གསེར་གྱི་བྱེ་མ་བདལ་བ་དང་ཞིང་རྙོག་མ་མེད་ལ་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ་མེ་ཏོག་ཨུཏྤ་ལ་དང་ཀུ་མུ་ཏ་དང་པདྨ་དཀར་པོས་བརྒྱན་པའི་ཆུ་མཐོང་ནས་དེ་ལ་བདག་ཉིད་རྩེ་དགའ་བས་ལོངས་སྤྱོད་པར་མཐོང་ངོ༌། །བདུན་པ་ལ་ངོས་གཡས་གཡོན་གཉིས་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ་དེ་ལ་བདག་ཉིད་མ་སྨས་མ་ཉམས་པར་སླར་ལྡོག་པ་དང༌། བརྒྱད་པ་ལ་ཕྲག་པ་གཉིས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོད་པན་ཐོགས་པ་གཅན་གཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་གནས་པ་དང༌། དགུ་པ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཐོང་སྟེ་སྐྱེ་བོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ཏེ་མགོ་བོའི་སྟེང་ན་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་སྤྲས་པའི་གདུགས་དཀར་


JLD017_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཛིན་པ་དང༌། བཅུ་པ་ལ་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ་མདོག་གསེར་ལྟ་བུ་འོད་འདོམ་གང་བ་ཚངས་པ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་ཆོས་སྟོན་པར་རྨི་ལམ་ན་མཐོང་ང་ོ། །ལྟས་འདི་དག་ཀྱང་ས་བཅུ་ལ་ཕར་ཕྱིན་བཅུ་ཤེས་ཆེ་བ་དང་བསྟུན་པའི་ལྟས་སུ་ཤེས་པར་བྱ་ཞིང༌། ས་དྲུག་པའི་ལྟས་ལ། རྫིང་སངས་རྒྱས་ཀྱི་བསྟན་པ། ཐེམ་སྐས་བཞི་ནི་དེ་ལ་འཇུག་བའི་སྒོ་གྲུབ་མཐའ་བཞི། གསེར་གྱི་བྱེ་མ་བདལ་བ་གཞི་རིགས་དང་ཞིང་རྙོག་པ་མེད་པ་རང་བཞིན་དང་གློ་བུར་རྣམ་དག །ཇི་སྐད་དུ། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་ང་མེད་པ་དང༌། །འཐུངས་ན་ལྟོ་ལ་མི་གནོད་དང༌། །མགྲིན་པ་ལ་ནི་མི་གནོད་པའོ། ཞེས་པའི་ཡན་ལག་བརྒྱད་ཀྱི་ཆུས་གང་བ་ནི་འཕགས་ལམ་ཡན་ལག་བརྒྱད་དོ། །མེ་ཏོག་རིགས་གསུམ་གྱིས་གང་ཟག་གསུམ་མཚོན་ཏེ། ཨུཏྤ་ལ་ནི་ཉི་མས་ཀྱང་འབྱེད་ལ། གཞན་གྱི་ཚེ་ཡང་འབྱེད་སྲིད་པས་ཉན་ཐོས་དང༌། ཀུ་མུ་ཏ་ཉི་མས་ཟུམ་པ་དང་ཟླ་བས་འབྱེད་པར་བྱེད་པས་ཉི་མ་ལྟ་བུའི་སངས་རྒྱས་མ་བྱོན་པའི་ཚེ་འབྱུང་བས་དེས་རང་རྒྱལ་དང༌། པདྨ་དཀར་པོ་ལྟ་བུའི་བྱང་སེམས་ནི་བྱང་སེམས་མཆོག་ཡིན་ནོ་ཞེས་འཆད་དོ། །འདི་དག་རྨིས་ལྟས་ཀྱི་རྟགས་ཡིན་ན་དྲོད་ནས་གཉིད་ལ་སོགས་པའི་


JLD017_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་ལྔ་དང་མི་འགྲོགས་པ་ཅི་ཞེ་ན། གཉིད་ལ་ཡུལ་ལ་འཇུག་པའི་ཤེས་པ་རང་དབང་མེད་པར་བྱེད་པ་ཉོན་མོངས་ཅན་དང༌། ལུས་རྟས་པར་བྱེད་པ་དགེ་བར་བགྲངས་པའི་གཉིད་གཉིས་ཡོད་པས་སྔ་མ་མེད་ཀྱང་ཕྱི་མ་ཡོད་པས་སྐྱོན་མེད་དོ་ཞེས་པ་ལན་དོན་མཐུན་དང༌། གཞན་དག་ནི་གློ་བུར་བའི་ཤེས་པའི་སྣང་བ་རྨི་ལྟས་བཞིན་དུ་བྱུང་བ་ལ་རྨི་ལམ་གྱི་མིང་གིས་བཏགས་པར་ལན་འདེབས་པ་ནི་དེ་ལ་རྨི་ལམ་གྱིས་བཏགས་པ་ལ་དགོས་པ་མེད་པའི་ཕྱིར། ཞེས་དང༌། མཚན་མ་འདི་དག་སྐབས་མ་ཡིན་པར་བྱུང་ན་སྔགས་སམ་བདུད་ཀྱི་མཐུར་ཤེས་པར་བྱའོ། ཞེས་ཚིག་གསལ་ལས་སོ། །བདུན་པ་ནི། མཐར་ཐུག་པའི་འབྲས་བུ་ནི་སངས་རྒྱས་ས་དང༌། གནས་སྐབས་ཀྱི་འབྲས་བུ་ནི་ས་ཕྱི་མ་རྣམས་སོ། །གསུམ་པ་ནི། ཚིག་དོན་དུ་སྟོན་ནོ། །གཉིས་པ་ལ་གཉིས། མཚམས་སྦྱར་བ་དང༌། སའི་ཚོགས་དངོས་བཤད་པའོ། །དང་པོ་ནི། གསུངས་སོ། །གང་ན་བར་ཞེས་སོགས་སོ། །ཡོངས་སྦྱོང་སྟོན་པ་ལ་ཉེར་གཉིས་ལས་མེད་ཀྱང༌། འབྲས་བུའི་སའི་ཚིགས་བཅད་གཅིག་དེར་བསྡུས་པ་ནི་སྤྱི་ལ་མཚམས་སྦྱོར་གཅིག་བྱེད་པ་ན་སོ་སོར་ཕྲལ་བ་མ་བདེ་བས་དོར་བའོ། །དགོས་པ་གང་ན། ས་དགུ་པོ་གང་གི་ཡོངས་སུ་སྦྱོང་བར་འགྱུར་བའི་ཡོངས་སྦྱོང་གི་ཆོས་སོ། །གང་དུ་ན་སའི་ཚོགས་ལ་སྟེ་དེའི་སྐབས་སུའོ། །མདོའི་འབྲེལ་ནི། ཚོགས་


JLD017_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་བསྟན་གྱི་དྲི་བ་ལྔའི་གཉིས་པའི་ལན་དུ་ཇི་ལྟར་ན་བྱང་ཆེན་ཐེག་ཆེན་ལ་ཞུགས་པ་ཡིན་ཞེས་ཟེར་བ་ནི། རབ་འབྱོར་འདི་ལ་བྱང་ཆེན་ཕྱིན་དྲུག་ལ་སྤྱོད་ཅིང་ས་ནས་སར་འཕར་ཏེ་ཞེས་ས་བཅུས་བསྡུས་པའི་སྤྱིན་སོགས་རྣམས་ལ་ཤས་ཆེ་བར་གྱུར་པ་བཅུའི་སྒོ་ནས་རིམ་གྱིས་འཇུག་གོ་ཞེས་ས་ཡི་འབྲས་བུའམ་རྟེན་པའི་ཡོན་ཏན་བསྟན་པའི་སྒོ་ནས་གསུངས་སོ། །འཇུག་སྒྲུབ་དང་ཚོགས་སྒྲུབ་ལས་འཕྲོས་པ་ནི་མདོ་དང་རྒྱན་གྱི་ཁྱད་པར་རོ། །གཉིས་པ་ལ་གཉིས། རྒྱུ་ས་དགུའི་ཡོངས་སྦྱོང༌། འབྲས་བུ་ས་བཅུ་པའི་མཚན་ཉིད་དོ། །དང་པོ་ལ་དགུ །ས་དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པའི་ཡོངས་སྦྱོང་ངོ༌། །དང་པོ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། སྦྱོང་བའི་ཚུལ་ལོ། །དང་པོ་ནི། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས་ནི་འཐོབ་བྱེད་དོ། །ས་ནི་དང་པོ་ཐོབ་བྱའོ། །ཐོབ་པར་བྱེད་ཚུལ་ནི། ཁ་ཅིག་ཐོབ་འགྱུར་ཏེ་ཞེས་པ་དང་ས་ལྔ་པ་དང་བདུན་པར་མི་དགེ་བ་བཅུ་དང༌། བདག་དང་སེམས་ཅན་དུ་འཛིན་པ་སོགས་སྤོང་བར་བཤད་པས་མ་ཐོབ་པ་ཐོབ་བྱེད་ཡིན་ཞེས་འདོད་ཀྱང་མི་འཐད་དེ། ཐོབ་འགྱུར་ཞེས་པ་ནི་མདོ་ལས། ས་དང་པོ་ལ་གནས་པའི་བྱང་སེམས་ཀྱིས་ཡོངས་སུ་


JLD017_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བ་འདི་དག་བྱ་སྟེ་ཞེས་པའི་དོན་བསྡུས་པ་ཡིན་པ་དང༌། ས་ལྷག་མའི་ཆོས་བརྒྱད་ལ་སོགས་པ་རྣམས་ལ་ཡང་ས་དེ་དང་དེ་ལ་གནས་པས་འདི་བྱ་སྟེ་མི་བྱ་སྟེ་ཞེས་གསུངས་པ་དང༌། མི་དགེ་བ་དང་བདག་འཛིན་སོགས་ཀྱི་གནས་ངན་ལེན་ས་དེ་ལ་སྤོང་བ་ཡོད་པའི་ཕྱིར་རོ། །དེ་ནས་ཐོབ་ཟིན་ཁྱད་པར་ཅན་དུ་བྱེད་པ་ལ་ས་དེ་ཡོངས་སུ་སྦྱོང་བ་དང་ཐོབ་པར་འགྱུར་བའི་མིང་གིས་བསྟན་ཏེ། རྒྱན་སྣང་དུ། དེ་ལ་ཡང་ས་གང་གི་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་ཡིན་པ་རྣམས་ཇི་སྲིད་མ་རྫོགས་པ་དེ་སྲིད་དུ་ས་དེ་ཡིན་ལ་ཡོངས་སུ་རྫོགས་ན་ནི་ས་གཞན་ཡིན་པར་རིག་པར་བྱའོ། ཞེས་སོ། །འདིར་སྦྱང་བར་བྱ་བ་ནི་ས་རྣམས་སོ། །གང་གི་སྒོ་ནས་ན། ཅི་རིགས་པར་ས་རྣམས་ཀྱི་ཡོན་ཏན་གྱི་ཆ་སྐྱེད་པ་དང་སྐྱོན་གྱི་ཆ་བསལ་བའི་སྒོ་ནས་སོ། །གང་གིས་ན། རྒྱུའི་ཁྱད་པར་བཅུ་ལ་སོགས་པ་རྣམས་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པར་གྱུར་པ་རྣམས་ཀྱིས་སོ། །རྣམ་པ་གཅིག་ཏུ་ན་ས་རྣམས་སྦྱང་གཞིར་བྱས་ནས་ཡོན་སྐྱོན་གཉིས་སྦྱང་བྱར་བྱ་སྟེ། ཡོན་ཏན་སྦྱོང་བའི་དོན་ནི་ཁང་བཟང་སྦྱོང་བ་ལྟར་རྫོགས་པར་བྱེད་པ་ཡིན་ལ། སྐྱོན་སྦྱོང་བའི་དོན་ནི་རིན་པོ་ཆེའི་གཡའ་སྦྱོང་བ་ལྟར་སེལ་བའོ། །དེ་ལྟར་གྲངས་ཀྱི་སྒོ་ནས་མདོར་བསྟན་པ་འདི་ནི་ས་ལྷག་མ་རྣམས་ལ་ཡང་རང་གི་སྐབས་དང་སྦྱར་བ་རིག་པར་བྱ་སྟེ། མདོ་ལས་ས་དགུ་ལ་ཆོས་ཀྱི་གྲངས་སྨོས་ནས་


JLD017_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་འདི་བྱ་བ་འདི་དང་འདི་མི་བྱ་ཞེས་མདོར་བསྟན་རྒྱས་བཤད་གཉིས་གཉིས་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལས་ས་ཁ་ཅིག་ལ་ཡོངས་སྦྱོང་ཉུང་བ་དང་ཁ་ཅིག་ལ་མང་བར་གསུངས་པ་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པ་ཙམ་ཡིན་ལ། ས་ཁ་ཅིག་ལ་སྤང་བྱ་སྤོང་བ་དང་གཉེན་པོ་བསྐྱེད་པ་གཉིས་གཉིས་ཀྱི་སྒོ་ནས་གསུངས་པ་ནི་མ་གསུངས་པ་རྣམས་ལ་ཡང་མཚོན་པ་ཡིན་པར་སེམས་སོ། །གཉིས་པ་ནི། བསམ་དང་ཞེས་སོགས་ཚིགས་བཅད་གཉིས་ཏེ། དེ་མི་དམིགས་པའི་ཚུལ་གྱིས་ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་དང༌། མཚན་མ་མི་དམིགས་པའི་ཕྱིར་ཕན་པའི་དངོས་པོ་ཡོངས་སུ་སྦྱོང་བ་དང༌། སེམས་ཅན་མི་དམིགས་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱོང་བ་དང༌། སྦྱིན་པ་དང་གཏོང་བ་དང་ལེན་པ་མི་དམིགས་པའི་ཕྱིར་གཏོང་བ་ཡོངས་སུ་སྦྱང་བ་དང༌། དེས་རློམ་སེམས་སུ་མི་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བ་དང༌། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཆོས་བཙལ་བ་ཡོངས་སུ་སྦྱང་བ་དང༌། ཁྱིམ་མི་དམིགས་པའི་ཕྱིར་ཡང་དང་ཡང་འབྱུང་བ་ཡོངས་སུ་སྦྱང་བ་དང༌། མཚན་དང་དཔེ་བྱེད་བཟང་པོ་མི་དམིགས་པའི་ཕྱིར་སངས་རྒྱས་ཀྱི་སྐུ་ལ་འདོད་པ་ཡོངས་སུ་སྦྱོང་བ་དང༌། ཆོས་ཀྱི་དབྱེ་བ་མི་དམིགས་པའི་


JLD017_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཆོས་རྣམ་པར་འགྲེལ་བ་ཡོངས་སུ་སྦྱང་བ་དང༌། ཚིག་མི་དམིགས་པའི་ཕྱིར་བདེན་པའི་ཚིག་ཡོངས་སུ་སྦྱང་བ་སྟེ། ཞེས་སོ། །མདོ་འདིས་ནི་བཅུ་ཉིད་སྦྱང་བྱར་གསུངས་ཏེ་སྦྱོང་བྱེད་དང་གཞི་མཐུན་པའོ། །གསུམ་པ་ནི། ཤེས་པར་བྱའོ། །གང་ཡིན་པར་ནི། ཡོངས་སྦྱོང་ཡིན་པར་རོ། །ཇི་ལྟར་བྱས་པས་ན་བཅུ་པོ་འདི་དག་རང་བཞིན་ཅིར་ཡང་མི་དམིགས་པར་རྟོགས་པས་སོ། །འདི་ནི་མཚོན་པ་སྟེ་ཀུན་རྫོབ་ཏུ་སྒྱུ་མ་ལྟར་དམིགས་པ་ཡང་དགོས་ཏེ། དག་ལྡན་ལས། ཇི་ལྟར་འཕོ་ཞེ་ན། ཐབས་ལ་མཁས་པས་སོ། །དེ་ཡང་གང་ཞེ་ན། བདེན་པ་གཉིས་ལ་ཡང་དག་པར་བརྟེན་པ་སྟེ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཡོངས་སུ་སྦྱོང་བའི་ཕྱིར་དང༌། དོན་དམ་པའི་བདེན་པ་ལ་བརྟེན་ནས་དེ་དག་དབྱེར་མེད་པར་མཐོང་བའི་ཕྱིར་རོ། ཞེས་པ་ལྟར་རོ། །རྐང་པ་ཕྱི་མ་གཉིས་པོ་འདི་ནི་མདོ་ལས་ཆོས་བཅུ་པོ་རེ་རེ་ལ་མི་དམིགས་པ་སྦྱར་བ་བསྡུས་ལ། འདི་ས་ལྷག་མ་རྣམས་ལ་ཡང་རིག་པར་བྱ་སྟེ། འགྲེལ་པ་འདིས་བསྟན་པ་བཞིན་ནོ། །གཉིས་པ་ལ་གཉིས། ཡོངས་སྦྱོང་སོ་སོའི་ངོ་བོ། ཡོངས་སྦྱོང་དུ་འགྱུར་ཚུལ་ལོ། །དང་པོ་ནི། ཞེས་བྱ་བ་ནི་ཞེས་པ་མཚམས་སྦྱོར་དུ་གསུངས་པ་ལ། ཞེས་པ་སྤྱིའི་ཡོངས་སྦྱོང་གསུངས་པའི་ནང་ནས་སོ་སོའི་ཡོངས་སྦྱོང་སྟོན་པ་ནི་ཞེས་པའི་དོན་ཏེ། ལྷག་མ་རྣམས་ལ་ཡང་དེ་ལྟར་རོ། །ལྷག་བསམ་ཡོངས་སུ་སྦྱོང་བ་ནི། དང་པོར་གཞན་དོན་དུ་སེམས་བསྐྱེད་


JLD017_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་ཇི་ལྟ་བ་བཞིན་གྱི་རིམ་པ་དེ་ལས་མ་འདས་པར་བྱང་ཆུབ་ཀྱི་གཞིའམ་རྒྱུ་དགེ་བ་སྒྲུབ་པ་ཐམས་ཅད་ལ་རང་དོན་ལྷུར་ལེན་གྱི་གྱ་གྱུ་བ་ཉན་རང་གི་ཡིད་བྱེད་མེད་པའི་བསམ་པ་དང༌། ཡོངས་སུ་སྦྱོང་བ་ནི་ཞེས་འོག་མ་ཐམས་ཅད་ལ་ཡང་སྦྱར་རོ། །ཡང་ན་ཇི་ལྟ་བ་བཞིན་ཞེས་པ་རྩ་བའི་གྲངས་ཀྱི་རིམ་པ་བཞིན་འགྲེལ་པར་ཡང་འཆད་ཅེས་པའོ། །མདོ་དང་རྒྱན་སྣང་གཉིས་ཀར་དགེ་བ་ཐམས་ཅད་སྒྲུབ་པ་ཞེས་བཤད་པས་གཞི་སེམས་ཅན་ཐམས་ཅད་ཅེས་འཆད་པ་ནོར་རོ། །ཕན་དངོས་ནི་རང་དང་གཞན་གྱི་དགོས་པའི་དོན་ལ་ཕན་པའི་རྣམ་མཁྱེན་གྱི་ཡེ་ཤེས་སེམས་ཅན་ཀུན་གྱི་དོན་དུ་གཉེར་ཞིང་དེའི་རྒྱུར་ཐེག་ཆེན་གྱི་ཆོས་འཛིན་པ་དང༌། སེམས་ཅན་ལ་སེམས་མཉམ་པ་ནི་སེམས་ཅན་ཐམས་ཅད་ལ་ཐེག་ཆེན་སེམས་བསྐྱེད་དེ་དང་ལྡན་པས་ཚད་མེད་བཞི་སྒྲུབ་པས་སེམས་རྩེ་གཅིག་པ་སྟེ་རིས་སུ་ཆད་པ་མེད་པ་དང༌། དག་ཟླ་གཉིས་སུ་སྔ་མ་སེམས་ཅན་ལ་ཕན་པར་འདོད་པ་དང༌འདི་དེའི་རྒྱུར་བཤད་དོ། །གཏོང་བ་ནི་འཁོར་གསུམ་དུ་མི་རྟོག་པའི་སྦྱོར་བས་བདོག་པ་ཐམས་ཅད་གཏོང་བ་དང༌། བཤེས་གཉེན་བསྟེན་པ་ནི། རྣམ་མཁྱེན་དུ་བསྐུལ་བའི་དགེ་བའི་བཤེས་གཉེན་ཚུལ་ཐམས་ཅད་ཀྱིས་མགུ་བར་བྱེད་པ་དང༌། དམ་ཆོས་ཀྱི་དམིགས་པ་ཚོལ་བ་ནི། རྣམ་མཁྱེན་ཡིད་བྱེད་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་ཕྱོགས་རེ་བས་


JLD017_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་པར་མི་འཛིན་པར་ཐེག་པ་གསུམ་དུ་གཏོགས་པའི་དམ་ཆོས་ཀྱི་དམིགས་པ་ཚོལ་བར་འདོད་ཅིང་ས་གཉིས་སུ་མི་ལྟུང་བ་དང༌། རྟག་ཏུ་ངེས་འབྱུང་གི་སེམས་ནི། ཁྱིམ་ན་གནས་པ་སྡུག་བསྔལ་དུ་མའི་གཞིར་མཐོང་ནས་དེར་གནས་པ་ལ་མངོན་པར་མི་དགའ་ཞིང་ཚེ་རབས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་ཞིང་དེ་ལ་ཡང་བར་ཆད་མེད་པ་དང༌། སངས་རྒྱས་སྐུར་འདོད་དགའ་བ་ནི། བླ་ན་མེད་པའི་སངས་རྒྱས་ཀྱི་སྐུ་སྒྲུབ་པར་འདོད་ཅིང་དེ་མཐོང་ན་སངས་རྒྱས་ཀྱི་བར་ཐམས་ཅད་དུ་ཡིད་ལ་བྱེད་པ་དང་མི་འབྲལ་བ་དང༌། སྔ་མའི་རྟག་ཏུ་ཞེས་པ་འདིར་ཡང་སྦྱར་རོ། །འདིར་མདོ་ལས་སངས་རྒྱས་ཀྱི་སྐུ་ལ་འདོད་པ་ཡོངས་སུ་སྦྱོང་བ་ཞེས་འབྱུང་བས་སྐུ་འདོད་ཅེས་པར་བསྒྱུར་ན་བདེའོ། །གཞུང་ཁ་ཅིག་ལས་སྐུར་རྟོགས་ཞེས་དང༌། སྐུར་གཏོད་ཅེས་པ་ལྟར་ན་དང་པོ་ལ་རྟོགས་པ་སྟེ། མཐོང་ན་དགའ་བ་དང་ཕྱི་མ་ལ་སྐུ་དེར་སེམས་གཏད་ནས་དེ་ཡིད་ལ་བྱེད་པ་ལ་བཤད་དེ། མདོ་ལས་དེ་བཞིན་གཤེགས་པ་མཐོང་ནས་རྣམ་མཁྱེན་གྱི་བར་དུ་ཡིད་ལ་བྱེད་པ་དང་མི་འབྲལ་བ་ལ་གསུངས་པས་སོ། །གྲགས་ཆར་ནི། སངས་རྒྱས་ཏེ་ཆོས་ལོངས་སྤྲུལ་པའི་སྐུ་གསུམ་དུ་འདོད་པ་ལ་འཆད་དོ། །ཆོས་སྟོན་པ་ནི། ཐོག་མཐའ་བར་དུ་དགེ་བའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དམ་པའི་ཆོས་ཇི་བཞིན་ཏུ་རབ་ཏུ་སྟོན་པ་དང༌། བདེན་ཚིག་ནི། དམ་བཅས་པ་ལྟར་གཞན་


JLD017_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་སླུ་བའི་བདེན་སྨྲ་སྟེ་ཞེས་བྱ་བ་རེ་རེའི་མཐར་སྦྱར་བའི་འོག་ཏུ་ཡང་ངོ༌། །གཉིས་པ་ནི། འཐོབ་པ་ཡིན་ནོ། །གང་ན། ཡོན་ཏན་གྱི་རྟེན་བྱེད་པས་སོ། །གྲངས་བཅུའི་དང་པོ་མིང་རབ་ཏུ་དགའ་བ་ཞེས་པ་དེའོ། །ཅིའི་ཕྱིར་དེ་སྐད་བྱ་ན། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེའི་ཕྱིར་རབ་དགའ་ཞེས་བརྗོད་དོ། ཞེས་པ་ལྟར་རོ། །གང་གིས་ན། གོང་དུ་བསྟན་པ་དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་ཡོངས་སྦྱོང་བཅུས་སོ། །ཇི་ལྟར་བྱས་པས་ས་དང་པོའི་ཡོངས་སྦྱོང་དུ་འགྱུར་ན་ཡོངས་སུ་སྦྱོང་བའི་རྒྱུའི་ཁྱད་པར་བཅུ་པོ་དེ་བདེན་པའི་ངོ་བོ་ཉིད་ཅིར་ཡང་མི་དམིགས་པར་རྟོགས་པས་ཁྱད་པར་དུ་བྱས་པའི་མཚན་ཉིད་ཀྱི་ཡོངས་སུ་སྦྱོང་བ་དག་ཁོ་ནས་ས་དེ་འཐོབ་ཀྱི་མི་དམིགས་པ་སྟོང་ཉིད་རྟོགས་པ་དང་བྲལ་བའི་ཡོངས་སྦྱོང་གིས་ནི་མ་ཡིན་ནོ། །བཅུ་པོ་དེ་ལ་ཅིའི་ཕྱིར་ཡོངས་སུ་སྦྱོང་བ་ཞེས་བྱ་ཞེ་ན། རྣམ་པ་ཐམས་ཅད་དུ་སྟེ་རྫོགས་པར་བསྐྱེད་བྱའམ་སྦྱང་བྱ་ཡིན་པའི་ཕྱིར་ཏེ། རྟོག་ལྡན་རྣམས་བསླབ་བྱའི་གནས་མཐར་ཕྱིན་པར་སྒྲུབ་པ་ན་དེ་ལ་སྦྱོང་ཞེས་བརྗོད་པ་བཞིན། ཡང་ན་ས་དང་པོ་དེ་ཆོས་བཅུ་ཡི་ཐོབ་བྱར་མི་རུང་སྟེ། བཅུ་པོ་འདི་ས་དེ་ཐོབ་པའི་ཡོན་ཏན་ཡིན་པས་ཤེ་ན། ས་དེ་ནི་སྔར་མ་ཐོབ་པའི་ཐོབ་བྱ་མ་ཡིན་ཀྱང་ཐོབ་ཟིན་རྫོགས་པར་བསྐྱེད་བྱ་ཡིན་པས་སོ། ཞེས་བཤད་དོ། །འདིར་


JLD017_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་དུ་བྱས་ནས་སྔོན་ལ་བཤད་ཀྱང་སློབ་དཔོན་གྱིས་སྔོན་དུ་ཆོས་བཅུ་བཤད་ནས་དེའི་འོག་ཏུ་རྐང་པ་དང་པོ་གཉིས་ཐ་མ་གཉིས་དང་སྦྲེལ་ཏེ་བཅུ་པོ་དེ་ཡོངས་སྦྱོང་དུ་འགྱུར་ཚུལ་བསྟན་པས་འདིར་དེ་དང་མཐུན་པར་བྱ་སྟེ་གཉིས་ཀ་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། ཚུལ་ཁྲིམས་ཞེས་པའི་ཚིགས་བཅད་གཅིག་སྟེ། བྱང་ཆེན་ས་གཉིས་པ་ལ་གནས་པས་ཆོས་བརྒྱད་པོ་འདི་དག་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་དེ་དག་ལ་ནན་ཏན་དུ་བྱའོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་ཞེས་པ་ནས་ཕར་ཕྱིན་རྣམས་ལ་བརྩོན་པས་ཚོལ་བ་སྟེ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས། སྦྱོང་བྱེད་སོ་སོའི་ངོ་བོ། ཡོངས་སྦྱོང་དུ་འགྱུར་ཚུལ་ལོ། །དང་པོ་ནི། ཚུལ་ཁྲིམས་ནི་རང་རྒྱུད་ལ་ཡོན་ཏན་མཐའ་དག་སྐྱེད་པར་བྱེད་པ་དགེ་བའི་ཆོས་སྡུད་པ་དང༌། གདུལ་བྱའི་སེམས་ཅན་སྨིན་པར་བྱེད་པ་སེམས་ཅན་གྱི་དོན་བྱེད་པ་དང༌། ཉེས་སྤྱོད་མཐའ་དག་ལས་ལྡོག་པ་སྡོམ་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉན་རང་གི་ཡིད་བྱེད་སྤངས་ཤིང་ཚུལ་ཁྲིམས་ངན་པར་བྱེད་པ་དང༌། རྣམ་མཁྱེན་གྱི་གེགས་སུ་གྱུར་པའི་ཆོས་གཞན་ཡང་ཡིད་ལ་མི་བྱེད་པའོ། །བྱས་པ་གཟོ་བ་ནི། གཞན་གྱིས་ཕན་པ་ཆུང་ངུ་ཞིག་བྱས་ཀྱང་ཆུངས་པར་མི་རྩི་ཞིང་བརྙས་པར་མི་བྱེད་པས་དྲན་པ་དང༌། བཟོད་པ་ནི། གཞན་གྱིས་ལུས་ཀྱིས་གནོད་


JLD017_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱས་པ་དང་སོགས་པས་ངག་གིས་གཤེ་བ་རྣམས་བཟོད་ཅིང་སེམས་ཅན་རྣམས་ལ་གནོད་སེམས་མི་སྐྱེད་ལ་ཆོས་རྣམས་མ་སྐྱེས་པར་ཡིད་ལ་བྱེད་པ་དང༌། རབ་ཏུ་དགའ་བ་ནི། དགེ་བའི་ཆོས་སེམས་ཅན་རྣམས་ཐེག་གསུམ་ལ་འགོད་པ་སྒྲུབ་པ་ལ་འགྱོད་པ་མེད་ཅིང་སྤྲོ་བ་དང༌། སྙིང་བརྩེ་བ་ནི་སེམས་ཅན་རེ་རེའི་ཕྱིར་ཡང་བསྐལ་པ་མང་པོར་དམྱལ་བའི་སྡུག་བསྔལ་མྱོང་བ་ལ་མི་སྐྱོ་བའི་ཚུལ་གྱིས་སྐྱེ་བོ་ཐམས་ཅད་ལ་བྱམས་པ་དང༌། བཀུར་སྟི་ནི། མཁན་པོ་དང་སོགས་པས་སློབ་དཔོན་དང་དེ་མ་ཡིན་པ་སྐྱེ་བོ་ཐམས་ཅད་ལ་ང་རྒྱལ་བཅག་པའི་སྒོ་ནས་འདུད་པ་དང༌། བླ་མ་ལ་གུས་པར་ཉན་པ་ནི་དགེ་བའི་བཤེས་གཉེན་ལ་སྟོན་པར་འདུ་ཤེས་ནས་དེས་བསྟན་པའི་ཆོས་སྒྲུབ་པ་དང༌། སྦྱིན་སོགས་ལ་བརྩོན་པ་ནི་སེམས་ཅན་གྱི་དོན་དུ་ལས་གཞན་མེད་པར་སྦྱིན་སོགས་དྲུག་སྒྲུབ་པ་ལ་སྤྲོ་བ་ཞེས་བྱ་བ་སྟེ་བརྒྱད་དོ། །གཉིས་པ་ནི། འཐོབ་པ་ཡིན་ནོ། །གང་ན་ས་གཉིས་པ་དྲི་མ་མེད་པའོ། །ཅིའི་ཕྱིར་དེ་སྐད་བྱ་ན། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། ཞེས་ཏེ། རྩོལ་བའི་དྲི་མ་ནི་ཐེག་པ་གཞན་ཡིད་ལ་བྱེད་པའོ། །གང་གིས་ན་ཚུལ་ཁྲིམས་ལ་སོགས་པ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་སྔ་མ་ས་དང་པོར་བསྟན་པ་བཞིན་མི་དམིགས་པར་རྟོགས་པས་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་དང་


JLD017_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་རྣམ་པ་བརྒྱད་ཀྱིས་སོ། །རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་ཞེས་པ་འདིར་ཡང་སྦྱར་ཏེ་འོག་མ་རྣམས་ལ་ཡང་དེ་ལྟར་རོ། །གསུམ་པ་ལ་གཉིས་ལས། དང་པོ་ནི། ཐོས་པས་ཞེས་པའི་རྐང་པ་དྲུག་སྟེ། བྱང་ཆེན་ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ་མང་དུ་ཐོས་པས་མི་ངོམས་ཤིང་དེ་ལ་ཡང་ཡི་གེར་མངོན་པར་མ་ཞེན་པ་དང་ཞེས་པ་ནས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་ཀྱང་དེས་རློམ་སེམས་སུ་མི་འགྱུར་པ་སྟེ་ཞེས་པའི་བར་རོ། །འདིར་མདོ་ལས་དང་པོ་ལ་རློམ་སེམས་མེད་པས་སྒྲས་མ་ཟིན་ཀྱང་སྦྱར་དགོས་ཏེ་རློམ་མེད་བདག་ཉིད་དེ་རྣམ་ལྔ་ཞེས་པས་སོ། །གཉིས་པ་ལ་གཉིས། སྦྱོང་བྱེད་སོ་སོའི་ངོ་བོ། ཡོངས་སྦྱོང་དུ་འགྱུར་ཚུལ་ལོ། །དང་པོ་ནི། ཐོས་པས་མི་ངོམས་པ་ནི། སངས་རྒྱས་རྣམས་ཀྱིས་ཕྱོགས་བཅུ་ཀུན་ཏུ་ཆོས་ཅི་གསུངས་པ་གཟུང་བར་སེམས་པས་དམ་པའི་ཆོས་མཉན་པས་ངོམས་མི་ཤེས་པ་དང༌། ཟང་ཟིང་མེད་པར་ཆོས་སྦྱིན་པ་ནི། ཡོན་འབུལ་བ་སོགས་ཀྱི་རྙེད་པ་དང་སོགས་པས་གདན་སྟོབ་པ་སོགས་ཀྱི་བཀུར་སྟི་ལ་མི་ལྟ་བའི་སེམས་ཀྱིས་དམ་པའི་ཆོས་རབ་ཏུ་སྟོན་པ་སྟེ་ཐ་ན་ཆོས་བཤད་པའི་འབྲས་བུ་བྱང་ཆུབ་ལ་ཡང་རང་དོན་དུ་མི་རེ་བ་དང༌། སངས་རྒྱས་ཀྱི་ཞིང་སྦྱོང་བ་ནི་ཞིང་དག་བྱེད་ཀྱི་དགེ་རྩ་རྣམས་ཞིང་དག་པའི་རྒྱུར་བསྔོས་ཏེ་རང་གི་སངས་རྒྱས་ཀྱི་ཞིང་རྟེན་སྣོད་དང་བརྟེན་པ་


JLD017_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀུན་ཏུ་སྦྱོང་བ་དང༌། འཁོར་བས་ཡོངས་སུ་མི་སྐྱོ་བ་ནི་རང་གིས་ཕན་བཏགས་པའི་སེམས་ཅན་རྣམས་རང་དང་མི་མཐུན་པའི་ལུས་ཀྱི་རྣམ་འགྱུར་སྟོན་པ་དང་སོགས་པས་དངོས་སུ་གནོད་པ་བྱེད་པ་དང་ངག་གིས་མི་སྙན་པར་བརྗོད་པ་རྣམས་མཐོང་བས་སེམས་ཅན་གྱི་དོན་སྒྲུབ་པ་ལ་སྒྱིད་ལུག་པའི་སྒོ་ནས་ཡོངས་སུ་མི་སྐྱོ་བའོ། །མདོ་ནས་ནི་སེམས་ཅན་སྨིན་པ་དང་ཞིང་དག་པའི་དགེ་བ་སྒྲུབ་པ་ལ་འཁོར་བར་གནས་ཀྱང་རྣམ་མཁྱེན་རྫོགས་ཀྱི་བར་དུ་མི་སྐྱོ་བ་ལ་གསུངས་ཤིང༌། རྒྱན་སྣང་དུ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ནམ་ཡང་སེམས་སྐྱོ་བ་མེད་པ་ཞེས་པ་དང་འདི་གཉིས་མི་འགལ་ཏེ། དེ་གཉིས་ཀྱིས་ནི་གཞི་གང་ལ་དང༌། འདིར་ནི་རྐྱེན་གང་གིས་མི་སྐྱོ་བ་བསྟན་ཏོ། །ངོ་ཚ་ཁྲེལ་ཡོད་ནི་རིམ་པ་ལྟར་རང་ལ་ལྟོས་ནས་མི་དགེ་བའི་ཆོས་ཉན་རང་གི་སེམས་ཡིད་ལ་མི་བྱེད་པ་དང༌། གཞན་ལ་ལྟོས་ནས་དེ་ཡིད་ལ་མི་བྱེད་པ་ཞེས་བྱ་བ་སྟེ་ལྔའོ། །གཉིས་པ་ནི། རྟོགས་པ་སྟེ་འཐོབ་པ་ཡིན་ནོ། །གང་ན། ས་གསུམ་པ་འོད་བྱེད་པའོ། །ཅིའི་ཕྱིར་དེ་སྐད་བྱ་ན། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། ཞེས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ཚད་མེད་པ་ཚོལ་བའི་ཕྱིར་གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པར་གསུངས་པའི་ཕྱིར་རོ། །གང་གིས་ན་སྔར་བཤད་པ་དེ་ལྟ་བུའི་ཡོངས་སྦྱོང་རྣམ་པ་ལྔ་པོ་སྔ་མས་དང་པོར་བསྟན་པ་བཞིན་དུ་བདེན་


JLD017_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཉིད་དུ་མི་རྟོག་པའི་ཤེས་རབ་ཀྱིས་ཡོངས་སུ་སྦྱོང་བ་བྱས་པ་ངེས་སོ། །དེ་ལྟར་ན་ངོ་བོ་ཉིད་དུ་མི་རྟོག་པ་ཞེས་པ་ནི། གྲགས་ཆར་རློམ་མེད་བདག་ཉིད་ནི་རྣམ་པར་རྟོག་པ་མེད་པའི་ལས་ཏེ་ཞེས་པ་ལྟར་རློམ་མེད་ཀྱི་འགྲེལ་པར་སྣང་ལ། དག་ལྡན་ལས་ནི། རློམ་མེད་བདག་ཉིད་ཅེས་བྱ་བ་ནི་དེས་ཁེངས་པ་མེད་པའི་ཕྱིར་རོ་ཞེས་ཆོས་ལྔས་མ་ཁེངས་པ་ལ་གསུངས་སོ། །བཞི་པ་ལ་གཉིས་ལས། དང་པོ་ནི། ནགས་གནས་ཞེས་སོགས་ཀྱི་རྐང་པ་དྲུག་སྟེ། བྱང་ཆེན་ས་བཞི་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་བླངས་ཤིང་གནས་པར་བྱ་སྟེ་དེ་དག་ཡོངས་སུ་གཏང་བར་མི་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ་དགོན་པ་ལ་གནས་པ་དང་ཞེས་པ་ནས། དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པ་སྟེ། ཞེས་པའི་བར་རོ། །གཉིས་པ་ལ་གཉིས། སྦྱོང་བྱེད་སོ་སོའི་ངོ་བོ། ཡོངས་སྦྱོང་དུ་འགྱུར་ཚུལ་ལོ། །དང་པོ་ནི་ནགས་གནས་ནི། ཐེག་དམན་ཡིད་བྱེད་ཀྱིས་དབེན་པ་ལ་རྒྱན་སྣང་དུ་བཤད་ལ། མདོ་ལས་ཀྱང་དེ་ལ་དགོན་པར་གནས་པའི་དོན་དུ་གསུངས་པ་ནི་དབེན་པ་མཆོག་ཡིན་ལ། ཕལ་པའི་དབང་དུ་བྱས་ན་དགོན་པར་གནས་པ་ནི་གྲོང་ལས་རྒྱང་གྲགས་ཀྱིས་བཅད་པའི་གནས་ཏེ། མཛོད་ལས། གཟུགས་མིང་དུས་མཐའ་རྡུལ་ཡིག་དང༌། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་དང་དེ་


JLD017_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནས། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ༌། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། ཞེས་པ་ལྟར་རོ། །བྱང་སེམས་ཀྱིས་མཆོག་དམན་གྱི་དབེན་པ་བསྟེན་པ་གཉིས་ཀ་ཡང་སྦྱང་དགོས་པའི་ཕྱིར་མདོ་དང་མི་འགལ་ལོ། །འདོད་ཆུང་ནི། རྙེད་པ་སྔར་མ་ཐོབ་པ་ལ་ཐོབ་ན་ཅི་མ་རུང་སྙམ་དུ་ཐོབ་པར་མངོན་པར་འདོད་པ་མེད་པ་སྟེ། དེ་ཡང་འདིར་ནི་རང་དོན་དུའམ་དམིགས་པའི་སྒོ་ནས་བྱང་ཆུབ་ལ་ཡང་འདོད་པ་མེད་པའོ། །ཆོག་ཤེས་པ་ནི། རྙེད་པ་ཐོབ་པ་ལ་དེ་བས་ཀྱང་ལྷག་པར་ཐོབ་ན་སྙམ་དུ་དོན་དུ་གཉེར་བ་མེད་པ་སྟེ། འདིར་ནི་ཐོབ་བྱའི་དངོས་པོ་ཁྱད་པར་ཅན་རྣམ་མཁྱེན་ལྟ་བུ་ཐོབ་ཀྱང་དེས་རློམ་སེམས་མེད་པའོ། །འདི་ནི་མཛོད་ལས། རྙེད་ལ་ཡང་སྲེད་ཆོག་མི་ཤེས། །མ་རྙེད་པ་ལ་འདོད་ཆེན་ཅན། །བཟློག་པ་དེ་ཡི་གཉེན་པོ་ཡིན། ཞེས་པ་དང་མཐུན་ལ་དེ་ཡང་ཉི་སྣང་དུ་མཛད་པ་ཉིད་བཀོད་པའོ། །སློབ་དཔོན་དབྱིག་གཉེན་གྱིས་དེ་གཉིས་ཀ་ཡང་མ་རྙེད་པ་ལ་སྲེད་པར་མཚུངས་པའི་ཕྱིར་མཚན་ཉིད་དེས་འབྱེད་མི་ནུས་པས། ངན་ཉུང་རྙེད་པས་ཡིད་མི་བདེ་བ་དང༌། བཟང་མང་རྙེད་ཀྱང་དེས་མི་ཚིམ་པ་ལ་མཛད་དོ། །འོན་ཀྱང་མདོ་ལས་བྱང་ཆུབ་ལ་ཡང་འདོད་པ་མི་སྐྱེད་པ་དང་རྣམ་མཁྱེན་ཐོབ་ཀྱང་རློམ་པ་མེད་པ་གཉིས་ལ་


JLD017_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས་འཕགས་པ་དང་སློབ་དཔོན་གྱིས་བཤད་པ་ཡང་མདོ་ལ་ཞུགས་སོ། །སྦྱངས་པ་ཡང་དག་སྡོམ་བསྟེན་ལ་ཡང་ཐུན་མོང་མ་ཡིན་པ་མཆོག་དང༌། ཐུན་མོང་བ་ཕལ་པའི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། སྤྲོས་བྲལ་ཟབ་མོའི་དོན་ལ་མི་སྐྲག་པའི་ངེས་རྟོག་གི་བཟོད་པ་མི་གཏོང་བའོ། །གཉིས་པ་ནི། བསོད་སྙོམས་པ་ཉིད་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་སྡོམ་པ་སྟེ་དེའི་ཡི་དམ་ལ་གནས་པའོ། །བཅུ་གཉིས་པོ་དེ་གང་ཞེ་ན། སོ་སོའི་དབྱེ་བ་དང༌། ཐུན་མོང་གི་སྒྲ་བཤད་པ་གཉིས་ཀྱིས་རིག་པར་བྱའོ། །དང་པོ་ནི་བསོད་སྙོམས་དང༌། ཆོས་གོས་དང༌། གནས་མལ་གྱི་དབང་དུ་བྱས་པ་གསུམ་དང༌། གསུམ་དང་དྲུག་སྟེ། ཟས་བཟང་པོ་ལ་ཆགས་པའི་གཉེན་པོར་འདྲིས་པའི་ཁྱིམ་ནས་ཅི་སྙེད་པ་ཙམ་ཟ་བའི་རྙེད་པས་ཆོག་པ་དང༌། ཁྱིམ་རྣམས་སུ་མཐར་གྱིས་བླངས་ཤིང་བརྒྱུས་ཏེ་ཅི་ཐོབ་པ་ཟའི་བདག་གིས་ཁྱིམ་འདི་ནས་ཅི་ཙམ་འདོད་པའི་བཟའ་བཅའ་འཐོབ་པོ་སྙམ་ནས་མགོ་འཕངས་བསྟོད་དེ་མི་འགྲོ་བ་མཐར་གྱིས་སློང་བའི་བསོད་སྙོམས་པ་སྟེ། འདི་གཉིས་ཕྱེ་ན་སྦྱངས་པའི་ཡོན་ཏན་བཅུ་གསུམ་དང་མ་ཕྱེ་ན་བཅུ་གཉིས་སོ། །ཟས་མང་པོ་ལ་ཆགས་པའི་གཉེན་པོར་སྟན་གཅིག་ལ་འདུག་ནས་ཟའི་དེ་ལས་ལངས་ནས་མ་ཡིན་པའི་སྟན་གཅིག་པ་དང༌། ཟས་ཀྱི་ཕྱིར་འདུག་ནས་ཅི་ཙམ་གྱིས་བདག་འཚོ་བའི་ཟས་ཐམས་ཅད་མ་བླངས་པའི་བར་དུ་མི་


JLD017_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཞིང་འདིས་འཚོའོ་སྙམ་དུ་དང༌། དེའི་འོག་ཏུ་ཐམས་ཅད་ཅིག་ཅར་བླངས་ནས་ཟ་བའི་ཕྱིས་མི་ལེན་པ་གཉིས་སོ། །གོས་མང་པོ་ལ་ཆགས་པའི་གཉེན་པོར་སྣམ་སྦྱར་བླ་གོས་མཐང་གོས་གསུམ་གྱིས་འཚོ་བར་བྱེད་ཅིང་དེ་ལས་ལྷག་པའི་གོས་མི་འཆང་བའི་ཆོས་གོས་གསུམ་པ་དང༌། ཆོས་གོས་གསུམ་དང་གོས་ལྷག་ཅི་འཆང་བ་ཐམས་ཅད་བལ་ལས་བྱས་པ་ཤ་སྟག་འཆང་བའི་ཕྱིང་པ་པའམ། ཟླ་འོད་དུ་བལ་གྱི་དང་གསོ་མ་ལ་སོགས་པ་གྱོན་པས་ཕྱིང་པ་པའོ་ཞེས་པ་ལྟ་བུ་དང༌། ཕྱག་དར་ཁྲོད་དུ་བོར་བའི་གོས་བཤང་གཅི་སོགས་ཀྱིས་གོས་པའི་མི་གཙང་བ་རྣམས་བོར་ནས་ཐག་གི་བ་བླངས་ནས་བཀྲུས་ཤིང་དྲུབས་ཏེ་ཁ་དོག་བསྒྱུར་ནས་འཆང་བའི་ཕྱག་དར་ཁྲོད་པའོ། །འདི་གཉིས་ནི་ཆོས་གོས་འཇམ་པོ་དང་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར་རོ། །འདུ་འཛི་ལ་ཆགས་པ་སྤང་བའི་ཕྱིར་གྲོང་ལས་རྒྱང་གྲགས་ཀྱིས་བཅད་པར་གནས་པའི་དགོན་པ་པ་དང༌། ཤིང་དྲུང་ན་གནས་འཆའ་བའི་ཤིང་དྲུང་པ་དང༌། སྟེང་མ་གཡོགས་པར་གནས་པའི་བླ་གབ་མེད་པ་དང༌། སྐྱེ་བོ་ཤི་བོ་ཅོག་འདོར་བའི་གནས་སུ་གནས་འཆའ་བའི་དུར་ཁྲོད་པ་སྟེ། དེ་གསུམ་ནི་གནས་མལ་ལ་ཆགས་པ་སྤང་བར་བྱ་བའི་ཕྱིར་རོ། །གློས་འབེབས་པ་དང་ཉལ་བའི་བདེ་བ་ལ་ཆགས་པའི་གཉེན་པོར་ཁྲིའམ་ཁྲིའུའམ་རྩྭ་བཏིང་པ་ལ་ཙོག་པུར་བསྡད་ནས་དུས་ཡོལ་


JLD017_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་ཅིང་རྒྱབ་བམ་གློས་མི་བརྟེན་པའི་ཙོག་པུ་པ་དང༌། ལན་ཅིག་རྩྭ་དང་ལོ་མ་ཇི་ལྟར་བཏིང་བ་ལ་མལ་འཆའ་བར་བྱེད་ཀྱི་ཡང་ཡང་མི་བརྗེ་མི་འཆོས་པའི་གཞི་ཇི་བཞིན་པ་ནི་སྟན་དང་གདིང་བ་དང་དགབ་པ་ལ་ཆགས་པ་སྤང་བའི་ཆེད་དོ། །འདི་དག་ནི་ཉན་ས་དང་ཟླ་འོད་ལྟར་རོ། །ཁ་ཅིག་ཕྱི་མ་འདི་གཉིས་སྤྱོད་ལམ་གྱི་དབང་དུ་བྱས་པར་མཛད་ནས་གནས་མལ་གྱི་དབང་དུ་བྱས་པ་བཞིར་འཆད་དོ། །གཉིས་པ་ནི། དཔེར་ན་བལ་མ་བཤིག་མ་སྨེལ་བ་ན་སྐུད་པར་མི་རུང་ལ། དེ་ལས་ཟློག་པ་ན་རུང་བ་བཞིན་དུ། བསོད་སྙོམས་ཆོས་གོས་གནས་མལ་ལ་ཆགས་པ་ན་སེམས་ལས་སུ་མི་རུང་བ་ལ་ཡོན་ཏན་འདི་དག་གིས་ཚངས་སྤྱོད་གནས་པར་བྱ་བའི་ཕྱིར་སེམས་ལས་རུང་དུ་སྦྱོང་པས་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །བསླབ་པ་ཡོངས་སུ་མི་གཏོང་བ་ནི། རང་གིས་བསླབ་པའི་སྡོམ་པ་བླངས་པ་སྲོག་དང་སོགས་པས་ལུས་དང་ལོངས་སྤྱོད་ཀྱི་ཕྱིར་ཡང་ཡོངས་སུ་མི་གཏོང་བའོ། །མདོར་བསླབ་པ་ཐམས་ཅད་རྒྱུ་བ་མེད་པ་ཞེས་པ་ལྟར་ན་བསླབ་པ་རྣམས་ལ་མཚན་མར་མི་འཛིན་པའོ། །འདོད་པ་རྣམས་ལ་སྨོད་པ་ནི། འདོད་པའི་ཡོན་ཏན་གཟུགས་སྒྲ་སོགས་ལ་ཉེས་དམིགས་སུའམ་མི་འདོད་པའི་རྣམ་པར་ལྟ་བས་སྨོད་པ་དང༌། མྱ་ངན་ལས་འདས་པ་ནི། གདུལ་བྱའི་བློ་དང་འཚམ་པར་གདུལ་བྱ་རྣམས་མྱ་ངན་ལས་འདས་པ་ལ་གཞོལ་བ་སྟེ་འགོད་པར་བྱེད་པའོ། །མདོར་ནི་བྱང་


JLD017_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་མྱ་ངན་ལས་འདས་པ་དང་སེམས་བསྐྱེད་པ་གང་ཞེ་ན་འདི་ལྟར་ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པ་གང་ཡིན་པ་སྟེ་ཞེས་པ་ཇི་བཞིན་དུ་རྒྱན་སྣང་དང་ཟླ་འོད་དུ་ཡང་འབྱུང་ལ། དོན་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྤྲོས་པ་ཉེ་བར་ཞི་བ་ལ་བློས་ཀྱང་མཚན་མར་འདུ་མི་བྱེད་པའོ། །ཤཱནྟིས། སྐྱོ་བ་དང་ནི་བདོག་ཀུན་གཏོང༌། ཞེས་ཡིད་འབྱུང་བ་ལ་གསུངས་ཤིང་ས་ལྔ་པའི་ཡོངས་སྦྱོང་གི་གྲངས་ལ་བཅུ་གསུངས་པ་འདིར་ཡང་སྦྱར་ཞེས་སོ། །མདོ་ཡི་དེ་ནི་བྱང་སེམས་རང་གི་ཡིད་ལ་བྱེད་ཚུལ་དང༌། འགྲེལ་པ་དེས་ཡིད་བྱེད་དེས་གཞན་མྱང་འདས་ལ་འགོད་ཚུལ་བསྟན་པས་འགལ་བ་མེད་དོ། །བདོག་ཀུན་གཏོང་བ་ནི། ལུས་སོགས་ཕྱི་ནང་གི་ཆོས་རྣམས་ལ་མཚན་མར་མི་འཛིན་པའི་སྒོ་ནས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང༌། མི་ཞུམ་པ་ནི། དགེ་པའི་ཆོས་སྒྲུབ་པ་ལ་སེམས་མི་ཞུམ་ཞིང་ཡུལ་ལ་ཞེན་ནས་མི་གནས་པ་དང༌། ལྟ་བ་མེད་པ་ནི། དངོས་པོ་ཐམས་ཅད་ལ་མཚན་མར་མི་ལྟ་བ་ཞེས་བྱ་བ་སྟེ་བཅུའོ། །གཉིས་པ་ནི། གནོན་པ་ཡིན་ནོ། །གང་ནས་བཞི་པ་འོད་འཕྲོ་བ་ཅན་ནོ། །ཅིའི་ཕྱིར་དེ་སྐད་བྱ་ན། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། ཞེས་ཕྱོགས་མཐུན་གྱི་བདག་ཉིད་ཀྱི་


JLD017_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་དེས་སྒྲིབ་གཉིས་སྲེག་པ་ཉེ་བར་གནས་པར་གསུངས་སོ། །གང་གིས་ན། གོང་གི་དེ་ལྟ་བུའི་ཡོངས་སྦྱོང་བཅུས་སོ། །ཡོངས་སྦྱོང་དུ་འགྱུར་ཚུལ་ནི་སྔ་མ་ལྟ་བུའོ། །ལྔ་པ་ལ་གཉིས་ལས། དང་པོ་ནི། འདྲིས་དང་ཞེས་སོགས་ཚིགས་བཅད་གཉིས་ཏེ། བྱང་ཆེན་ས་ལྔ་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་སྤང་བར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་པ་དང་རབ་ཏུ་བྱུང་བ་དང་སྟེན་པ་་ཡོངས་སུ་སྤང་བར་བྱ་བ་དང་ཞེས་པ་ནས་ལྷག་པའི་ང་རྒྱལ་དང་ཁེངས་པ་དང་ཕྱིན་ཅི་ལོག་རྣམས་དང་ཐེ་ཚོམ་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཉམ་རངས་སུ་བཞག་པ་ཡོངས་སུ་སྤང་བར་བྱའོ། ཞེས་པའི་བར་རོ། །གཉིས་པ་ལ་གཉིས། སྦྱོང་བྱེད་ཀྱི་ངོ་བོ་སྤང་གཉེན་དང༌། འཐོབ་བྱེད་ཀྱི་ངོ་བོ་སྦྱོང་ཚུལ་དང་བཅས་པའོ། །དང་པོ་ནི། འདྲིས་པ་ནི་རྙེད་པ་དང་སོགས་པས་བཀུར་སྟིའི་དོན་དུ་རབ་ཏུ་བྱུང་བ་དང་སོགས་པས་ཁྱིམ་པ་དང་འགྲོགས་ཤིང་འདྲིས་བཤེས་བྱེད་པ་ཡིན་ལ། དེ་སྤོང་བ་ནི་སངས་རྒྱས་ཀྱི་ཞིང་དུ་བརྒྱུད་མར་འགྲོ་ཞིང་རྫུས་ཏེ་སྐྱེ་ལ་སྐྲ་བྲེགས་ནས་ངུར་སྨྲིག་གི་གོས་བགོ་བ་དང༌། དགེ་སློང་མ་དང་སེ་གོལ་གཏོགས་པ་ཙམ་ཡང་ལྷན་ཅིག་མི་གནས་ལ་མི་སྲེད་ཅིང་དེ་ལས་གོས་ཐོབ་པར་མི་བྱེད་པའོ། །ཁྱིམ་ལ་འཁྲེན་པ་ནི། གཞན་གྱིས་རྙེད་པ་ཐོབ་པ་ལ་ཕྲག་དོག་ནས་རབ་བྱུང་ལ་དད་པ་ཅན་གྱི་ཁྱིམ་ཉེ་བར་མི་སྟོན་པ་སྟེ། གཉེན་པོ་ནི་བདག་གིས་སེམས་ཅན་ལ་


JLD017_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་སྒྲུབ་དགོས་ན་སེམས་ཅན་རྣམས་རང་གི་བསོད་ནམས་ཀྱིས་བདེ་བ་ལ་སེར་སྣ་སྐྱེད་དུ་ག་ལ་རུང་སྙམ་པའོ། །འདུ་འཛིར་གྱུར་པའི་གནས་ལ་གཉིས་ལས། ཕྱིའི་ནི་སྐྱེ་བོ་མང་པོ་གནས་པའི་གྲོང་དང་སོགས་པས་གྲོང་ཁྱེར་རྣམས་ཡིན་ལ། ནང་གི་ནི་ཉན་རང་ཡོད་པ་དེའི་གཏམ་ཐོས་པ་དེའི་སེམས་སྐྱེ་བའི་གནས་ཡིན་ཏེ། གཉེན་པོ་ནི་དེ་གཉིས་ལུས་སེམས་ཀྱིས་སྤངས་པའོ། །མདོར་ཕྱི་མ་གསུངས་ཀྱང་བྱང་སེམས་ཀྱིས་གཉིས་ཀ་ལས་དབེན་པར་བྱ་དགོས་པས་མི་འགལ་ཏེ། མདོ་ཡི་དེ་ནི་གཙོ་བོའི་དབང་དུ་བྱས་པའོ། །བདག་བསྟོད་གཞན་ལ་བརྙས་པ་གཉིས་ནི། ཡོན་ཏན་དང་སྐྱོན་བརྗོད་པའི་སྒོ་ནས་བདག་ལ་བསྔགས་པ་དང་གཞན་ལ་སྨོད་པ་སྟེ། གཉེན་པོ་ནི་བདག་གཞན་དུ་གདགས་པའི་གཞི་ཕྱི་ནང་གི་ཆོས་མི་དམིགས་པའོ། །མི་དགེའི་ལས་ཀྱི་ལམ་བཅུ་ནི། རྣམ་སྨིན་ཡིད་དུ་མི་འོང་བ་སྟེར་བས་མི་དགེ་བ་ལུས་ངག་གི་བདུན་ནི་ལས་སེམས་པའི་ངོ་བོ་ཡིན་ཞིང་ལམ་ཡང་ཡིན་ལ་ཡིད་ཀྱི་གསུམ་སེམས་པའི་ངོ་བོ་མ་ཡིན་ཀྱང་དེ་འཇུག་པའི་གཞི་ཡིན་པས་དེའི་ལས་ཀྱི་ལམ་བཅུ་སྟེ། གཉེན་པོ་ནི་འདིས་བདེ་འགྲོ་ལ་ཡང་སྒྲིབ་ན་འཕགས་ལམ་ལ་སྨོས་ཅི་དགོས་ཞེས་དེ་བཅུའི་ཉེས་པ་རིག་པའོ། །རློམ་པས་ཁེངས་པ་ནི། ཐོས་པ་དང་སོགས་པས་ཚུལ་ཁྲིམས་ལ་སོགས་པས་རློམ་ཞིང་ཡོན་ཏན་ཅན་གཞན་ལ་མི་འདུད་པ་སྟེ།


JLD017_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ནི་ཆོས་གང་ཡང་མ་དམིགས་ན་ཡོན་ཏན་འདིས་བདག་ལྷག་ཅེས་པའི་རློམ་པའི་གཞི་དང་ཁེངས་པ་གང་ཡང་མི་དམིགས་པའོ། །ཕྱིན་ཅི་ལོག་ནི་དགེ་བ་དང་མི་དགེ་བ་རིམ་པ་བཞིན་བསྟེན་བྱ་དང་དོར་བྱ་ཡིན་པ་ལས་གོ་བཟློག་སྟེའམ། ཡང་ན་དེ་གཉིས་ཀྱི་ཆོས་ལ་བདེན་དངོས་སུ་མངོན་པར་ཞེན་པ་སྟེ་གཉེན་པོ་ནི་དངོས་པོར་དམིགས་པ་དང་བྲལ་བའོ། །མདོའི་དགོངས་པ་ལ་ཕྱི་མ་ཐོབ་ཀྱང་སྔ་མ་ནི་ཕྱིན་ཅི་ལོག་གི་དོན་ལ་རྣམ་པ་གསལ་བས་མཛད་པའི་ཕྱིར་འགལ་བ་མེད་དོ། །བློ་ངན་ནི། རྒྱན་སྣང་དུ་འཇིགས་ཚོགས་ལ་ལྟ་བ་ལ་སོགས་པ་བློ་གྲོས་ངན་པ་དང་ཞེས་པའི་སོགས་ཁོང་ནས་མཐར་ལྟ་བཏོན་ཏེ། དེ་གཉིས་ལ་སྒོམ་སྤང་ཡང་ཡོད་པས་སྤྱི་སྐད་དང་མི་འགལ་ཀྱང༌། འདིར་ལོག་པར་ལྟ་བ་ལ་སོགས་པ་བློ་གྲོས་ངན་པ་ཞེས་པས་སློབ་དཔོན་གྱི་བཞེད་པ་ལྟ་བ་ལྔ་ཀ་ལ་གསལ་ལོ། །དེ་ཡང་ལྟ་བ་རྣམས་ཤེས་རབ་ཉོན་མོངས་ཅན་ཡིན་ལ། རྩ་བར་བློ་ངན་ཞེས་བློ་གྲོས་ངན་པ་ལ་བཤད་པས་དེ་གཉིས་དོན་གཅིག་པས་སོ་སྙམ་དུ་དགོངས་པར་མངོན་ནོ། །ཡང་ན་འདིའི་མདོར་ཐེ་ཚོམ་དང་ཞེས་འབྱུང་ལ་མཐོང་སྤང་ཡིན་པས་མི་འདྲེན་ན་དེ་ཡང་མ་འདྲེན་དགོས་པ་ལ་དྲངས་པའི་ཕྱིར་ལྟ་བ་ལྔ་ཡང་དྲང་བར་བྱ་སྟེ་རྒྱུ་མཚན་མཚུངས་པས་སོ་སྙམ་དུ་དགོངས་སོ། །འོ་ན་ཉོན་མོངས་རྣམས་ལས་ལྟ་བ་གསུམ་དང་ཐེ་ཚོམ་མཐོང་སྤང་ཁོ་ནར་གསུངས་པ་ཅི་ཞེ་ན། འཇིག་ལྟ་ལ་ཕུང་པོ་ཆོས་


JLD017_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལ་མངོན་པར་ཞེན་པ་དང༌། ཆོས་ཙམ་ལ་རྟག་ཆད་ཀྱི་མཐར་ལྟ་བ་དང༌། ལྟ་བ་དེ་དག་ལ་མཆོག་ཏུ་སྒྲོ་འདོགས་པ་སོགས་ཡོད་པས་ཆོས་ཀྱི་བདག་འཛིན་ལ་ཡང་དེ་དང་མིང་མཐུན་པའི་རྣམ་གཞག་ཏུ་རུང་བའི་ཕྱིར་ཉེས་པ་མེད་དོ། །ཡང་ན་མཐོང་སྤང་དུ་གསུངས་པ་རགས་པ་ཙམ་དང༌། འདིར་བཤད་པ་གནས་ངན་ལེན་ས་དེ་དག་ཏུ་སྤོང་བ་སྲིད་པ་ལ་དགོངས་པའི་ཕྱིར་སྐྱོན་མེད་དོ། །ཡིད་གཉིས་དང་ནི་ཞེས་འདྲེན་པ་ནི་མདོ་ལས་ཐེ་ཚོམ་དང་ཞེས་པ་དང་མཐུན་ཏེ། གཉེན་པོ་ནི་ཆོས་ཐམས་ཅད་ཡིད་གཉིས་དང་བྲལ་བར་མཐོང་བའོ། །ཉོན་མོངས་བཟོད་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ལ་མངོན་དུ་ཕྱོགས་པར་བྱེད་པ་སེམས་བག་ཡངས་སུ་གཏོང་བ་ཞེས་བྱ་བ་སྟེ་བཅུ་ཡིན་ལ། གཉེན་པོ་ཆགས་སོགས་མི་དམིགས་པར་རྟོགས་པའོ། །གཉིས་པ་ནི་འཐོབ་པ་ཡིན་ནོ། །གང་ན་ས་སོགས་སོ། །ཅིའི་ཕྱིར་དེ་སྐད་བྱ་ན། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་སྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། ཞེས་སེམས་ཅན་སྨིན་པ་ལ་བརྩོན་པ་དང་དེའི་ལོག་སྒྲུབ་ཀྱིས་རང་གི་སེམས་ཉོན་མོངས་པར་མི་འགྱུར་པ་སྟེ་བྱ་བ་གཉིས་བྱེད་པར་གསུངས་པས་སོ། །གང་གིས་ན་གོང་གི་དེ་ལྟ་བུའི་མཚན་ཉིད་ཀྱི་སྤང་བྱའི་ཆོས་བཅུ་རྣམ་པར་སྤོང་ཞིང་སྤང་བྱ་ལས་


JLD017_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པ་གཉེན་པོའི་ཆོས་སྤང་བའི་དོན་ནམ་ཤུགས་ཀྱིས་འཕངས་པའི་ཡོངས་སྦྱོང་རྣམ་པ་བཅུས་སོ། །འཕངས་པ་ནི་བསྟན་བཅོས་སུ་ཡིན་ཏེ། མདོར་ནི་གཉེན་པོ་དངོས་སུ་གསུངས་པས་སོ། །ཚུལ་ནི་སྔ་མ་ལྟ་བུའོ། །དྲུག་པ་ལ་གཉིས་ལས། དང་པོ་ནི། འཐོབ་བོ། །གང་ན། ས་ནི་དྲུག་པའོ། །ཇི་ལྟར་ན། ཡང་དག་སྟེ་རྫོགས་པར་རོ། །གང་གིས་ན། སྦྱིན་པ་ནས་ཤེས་རབ་ཀྱི་བར་རབ་ཏུ་རྫོགས་པས་དང༌། སློབ་མ་ཉན་ཐོས་དང་བསེ་རུ་རང་རྒྱལ་གྱི་ས་ལ་ཐོབ་འདོད་ཀྱི་དགའ་བ་གཉིས་དང༌། ཟབ་དོན་ལ་སྐྲག་པའི་སེམས་རྣམས་སྤངས་པ་དང༌། ལོངས་སྤྱོད་ཀྱིས་འབྱོར་བ་ན་སློང་བ་པོས་བསླངས་པའི་ཚེ་དང་པོར་གཏོང་མི་འདོད་པ་མེད་པས་བསླངས་ན་མི་ཞུམ་པ་དང་། བདོག་པ་ཀུན་བཏང་ཡང་མཐར་འགྱོད་པ་མེད་པས་མི་དགའ་བ་མེད་པ་དང༌། དབུལ་ཞིང་ལོངས་སྤྱོད་ཀྱིས་བཀྲེན་ཡང་སློང་བ་པོ་ཡལ་བར་འདོར་བའི་བློ་མི་སྐྱེ་བས་སློང་བ་མི་སྤོང་བས་སྤང་བྱ་དྲུག་སྤངས་པས་ཏེ། བྱང་ཆེན་ས་དྲུག་པ་ལ་གནས་པས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་སྟེ། དྲུག་གང་ཞེ་ན་འདི་ལྟ་སྟེ་ཕར་ཕྱིན་དྲུག་གོ །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་སྟེ་དྲུག་གང་ཞེ་ན། འདི་ལྟ་སྟེ་ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱ་སྟེ་ཞེས་པ་ནས་སློངས་མོ་བ་མཐོང་ན་སློངས་མོ་བས་འཁྲུག་པར་མི་བྱ་སྟེ་འཁྲུག་པའི་སེམས་ཡོངས་སུ་སྤང་བར་བྱའོ། ཞེས་པའི་བར་རོ། །སྐབས་འདིར་མདོ་ལས་ས་དྲུག་པ་ལ་


JLD017_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པས་རྫོགས་བྱའི་ཕྱིན་དྲུག་སྦྱིན་པ་ནས་ཤེས་རབ་ཀྱི་བར་ལ་བཤད་ནས། དེའི་འཐད་པར་ཕར་ཕྱིན་དྲུག་པོ་འདི་དག་ལ་གནས་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཤེས་པར་བྱ་བའི་རྒྱ་མཚོ་ལྔའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཕྱིན་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། བརྗོད་དུ་མེད་པ་དང༌། འདུས་མ་བྱས་པ་སྟེ། ཞེས་སོ། །གཉིས་པ་ལ་གཉིས། སྦྱོང་བྱེད་ཀྱི་ངོ་བོ་དང༌། ཡོངས་སྦྱོང་དུ་འགྱུར་ཚུལ་ལོ། །དང་པོ་ནི་མདོ་ལས་ས་འདི་ལ་གནས་པས་ལམ་དྲུག་སྐྱེད་པ་དང༌། ལམ་མིན་དྲུག་སྤོང་བར་བྱས་ནས་ཚན་པ་གཉིས་སུ་གསུངས་པ་དང་བསྟུན་ནས། བསམ་གཏན་ཤེས་རབ་རབ་རྫོགས་པས། །ས་ནི་དྲུག་པ་འཐོབ་ཅེས་དང༌། །དགའ་དང་སྐྲག་པའི་སེམས་སྤངས་པས། །ས་ནི་དྲུག་པ་འཐོབ་ཅེས་སྦྲེལ་ནས་བཤད་པར་ཡང་ནུས་མོད། འོན་ཀྱང་སློབ་དཔོན་གྱིས་ས་བདུན་པའི་སྐབས་དང་མཐུན་པར་ཕྱིན་དྲུག་རྫོགས་པས་སྤང་བྱ་དྲུག་སྤོང་བ་ལ་གསུངས་པས་འདིར་དེ་བཞིན་དུ་བཤད་དོ། །ཕར་ཕྱིན་དྲུག་ལས། གཞན་དོན་དུ་ཟང་ཟིང་དང་བུ་དང་ཆུང་མ་དང་རང་གི་ལུས་སྲོག་གཏོང་བའི་གཏོང་བ་ཆུང་འབྲིང་ཆེ་གསུམ་གྱི་རང་བཞིན་སྦྱིན་པའི་ཕར་ཕྱིན་རྫོགས་པས་ཉན་ཐོས་ཀྱི་བྱང་ཆུབ་ལ་ཐོབ་པར་འདོད་པའི་སེམས་སྤོང་


JLD017_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། གཙོ་བོར་རང་དོན་ཡིད་བྱེད་སྤོང་བའི་ཚུལ་ཁྲིམས་རྫོགས་པས་རང་རྒྱལ་གྱི་བྱང་ཆུབ་ལ་ཐོབ་པར་འདོད་པའི་སེམས་སྤོང་བ་དང༌། འདི་སྔ་མས་སྤང་ནུས་ཀྱང་རང་རྒྱལ་ཉན་ཐོས་ལས་མཆོག་ཡིན་པས་དེ་འདོད་པ་སྔ་མ་འདོད་པ་ལས་བཟློག་དཀའ་ཞིང་ཚུལ་ཁྲིམས་སྦྱིན་པ་ལས་རྫོགས་དཀའ་བ་དང༌། ཚུལ་ཁྲིམས་རྫོགས་པ་ན་བྱང་སེམས་ཀྱི་སྡོམ་པ་ནི་དེའི་སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་རྫོགས་པས་ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པའི་སེམས་སྤོང་བ་དང༌། གཏོང་བ་ལ་སྤྲོ་བའི་བརྩོན་འགྲུས་རྫོགས་པས་ཐོག་མར་སློང་བ་པོའི་སྐྱེ་བོས་བླངས་ན་སེར་སྣས་ཟིལ་གྱིས་ནོན་པའི་ཞུམ་པའི་སེམས་སྤོང་བ་དང༌། གཏོང་བ་ལ་ཡིད་རྩེ་གཅིག་པའི་བསམ་གཏན་རྫོགས་པས་བར་དུ་བདོག་པ་ཐམས་ཅད་རང་གི་ངང་གིས་གཏོང་བར་ཞུགས་པ་ལ་མི་དགའ་བའི་སེམས་སྤོང་བ་དང༌། སྦྱིན་པའི་ཕན་ཡོན་རྟོགས་པའི་ཤེས་རབ་རྫོགས་པས་ཐམས་ཅད་བཏང་བས་མཐར་རང་ཉིད་བཀྲེན་ཡང་སློང་བ་པོའི་སྐྱེ་བོ་ཐོབ་པ་མེད་པར་སྤོང་བའི་སེམས་སྤོང་བ་སྟེ་བཅུ་གཉིས་སོ། །སྤང་བྱ་ཐ་མ་གསུམ་ཤེར་སྒྲོན་དུ་ཐོག་མཐའ་བར་གསུམ་དུ་སྦྱར་བ་ལྟར་བཤད་ལ། དེར་ཡང་ཕྱིན་དྲུག་རྫོགས་པའི་རྒྱུས་སྤང་བྱ་དྲུག་སྤོང་བར་བཤད་དོ། །འོན་ཀྱང་མདོ་ལས་ནི་དངོས་པོ་ཐམས་ཅད་བཏང་བས་ཡིད་མི་བདེ་བར་མི་བྱ་སྟེ། ཞེས་དང༌། རྩ་བར་ཡང་བདོག་པ་ཀུན་བཏང་


JLD017_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་དགའ་མེད་ཅེས་འབྱུང་བས་སྤང་བྱ་བཞི་ལྔ་གཉིས་སྤོང་བའི་དོན་བླངས་པའི་ཚེ་སྟེར་མི་འདོད་པ་དང༌། དེར་མ་ཟད་བྱིན་ཟིན་ནས་ཀྱང་དེ་ལ་འགྱོད་པ་མེད་པ་ཞེས་བཤད་ཀྱི་ལྔ་པ་འདི་སྟེར་བཞིན་པའི་ཚེ་མི་དགའ་བ་ལ་མ་ཡིན་ནོ། །དེ་གཉིས་ནི་སྦྱིན་རྒྱུ་ཡོད་པའི་དབང་དུ་བྱས་ལ་དྲུག་པ་ནི་མེད་པའི་དབང་དུ་བྱས་པ་སྟེ། དབུལ་ཡང་ཞེས་པ་ནི་སྦྱིན་རྒྱུ་ཡོད་ན་སློང་བ་མི་འདོར་བར་མ་ཟད་དེ་དབུལ་ཡང་དེ་ལ་ཡིད་འཁྲུག་པ་སྤོང་ཞེས་པའི་དོན་ཡིན་པས་བློས་མི་སྤོང་བ་ལ་ཡིན་གྱི་རྫས་ཀྱིས་མི་སྤོང་བ་ཡིན་ན་ནི་སྦྱིན་རྒྱུས་དབུལ་བར་མི་འགྱུར་རོ། །དེ་ལྟར་ན་གཏོང་བ་ལ་ཞུགས་པ་ལ་མི་དགའ་བ་སྤོང་ཞེས་པའི་དོན་ཡང་བཏང་ཟིན་པ་ལ་བྱས་ན་བདེའོ། །གངས་ཅན་གྱི་ཤིང་རྟ་ཆེན་པོས་ནི་གཞན་དོན་ལ་རྩེ་གཅིག་པའི་བསམ་གཏན་དང༌། རང་དོན་ཡིད་བྱེད་སྤོང་བའི་ཚུལ་ཁྲིམས་གཉིས་ཀྱིས་སྤང་བྱ་དང་པོ་གཉིས་དང༌། སྦྱིན་པ་དང་བརྩོན་འགྲུས་གཉིས་ཀྱིས་བཞི་ལྔ་གཉིས་དང་ལྷག་མ་གཉིས་སྔར་ལྟར་སྤང་གཉེན་དུ་མཛད་ནས། ཐ་མ་གསུམ་ཐོག་མཐའ་བར་གསུམ་གྱི་གེགས་དང་དྲུག་པའི་མི་སྤོང་བ་རྫས་ཀྱིས་མི་སྤོང་བ་ལ་འཆད་པ་ནི་མི་བདེ་སྟེ། སྤང་གཉེན་ཚན་པ་གཉིས་པོ་དེ་སྦྱོར་ན་རིམ་བཞིན་དུ་སྦྱར་དགོས་ཏེ་ས་བདུན་པའི་སྤང་གཉེན་བཞིན་ནོ། །གཉིས་པ་ནི། ཀུན་ཤེས་པ་སྟེ་འཐོབ་པར་འགྱུར་བ་ཡིན་ནོ། །གང་ན་ས་སོགས་སོ། །ཅིའི་ཕྱིར་དེ་སྐད་བྱ་ན། ཤེས་


JLD017_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཕ་རོལ་ཕྱིན་རྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། ཅེས་ཡུམ་ལ་བརྟེན་ནས་སྲིད་ཞིའི་མཐར་མི་གནས་པའི་འཁོར་འདས་མཉམ་པ་ཉིད་མངོན་དུ་གྱུར་པར་གསུངས་པས་སོ། །གང་གིས་ན། དེ་ལྟ་བུ་སོགས་སོ། །ཚུལ་ནི། སྔ་མ་བཞིན་ནོ། །བདུན་པ་ལ་ཡང་གཉིས། སྤང་བྱ་དང༌། གཉེན་པོའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཉེས་པ་ཉི་ཤུ་གང་ལ་འཆད་པ་སྟེ་སྤངས་པ་དེ་ཡིས་ས་ནི་བདུན་པ་འཐོབ་བོ། །ཉི་ཤུ་གང་ལ་བདག་དང་སེམས་ཅན་ཞེས་སོགས་ཚིགས་བཅད་གསུམ་སྟེ། བྱང་ཆེན་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་མི་བྱ་སྟེ། ཉི་ཤུ་གང་ཞེ་ན་འདི་ལྟ་སྟེ། བདག་ཏུ་འཛིན་པ་དང་ཞེས་པ་ནས་སྟོང་པ་ཉིད་དང་འགལ་བ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས། སྤང་བྱ་ཉི་ཤུའི་ངོ་བོ་དང༌། དེ་སྤངས་པས་འཐོབ་ཚུལ་ལོ། །དང་པོ་ནི། དང་པོ་བཅུ་བཞི་དང་ཐ་མ་གཉིས་ཀྱིས་མཐར་འཛིན་པ་དང༌། སྐྱབས་གསུམ་དང་ཚུལ་ཁྲིམས་ཏེ་བཞིའི་མཐར་ལྟ་བའི་མངོན་པར་ཞེན་པ་ཞེས་རྒྱན་སྣང་ལྟར་སྦྱར་རོ། །འདི་དང་འོག་གི་གཉེན་པོ་གཉིས་ལོགས་ལོགས་སུ་གཞན་དག་འཆད་ཀྱང་སློབ་དཔོན་གྱིས་སྤང་གཉེན་རིམ་པ་ལྟར་སྦྱར་ལ། དེ་དང་མཐུན་པར་ཤེར་སྒྲོན་དུ་ཡང་འབྱུང་བས་ཉེས་པ་ཉི་ཤུ་ནི་གཉེན་པོ་རྣམས་དང་ལྷན་ཅིག་ཏུ་བཤད་པར་བྱ་སྟེ་ངལ་བ་ཆུང་བའི་ཕྱིར་རོ། །གཉིས་པ་ནི། ཀུན་ཤེས་པ་སྟེ་འཐོབ་བོ། །


JLD017_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གང་ན་ས་སོགས་སོ། །ཅིའི་ཕྱིར་དེ་སྐད་བྱ་ན། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དེ། ཞེས་བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་ལ་བར་མ་ཆད་དུ་འབྲེལ་བས་འབད་རྩོལ་གྱིས་འདུ་བྱེད་པའི་སྦྱོར་བའི་མཐར་ཕྱིན་པའི་ཕྱིར་རོ། ཞེས་པས་སོ། །གང་གིས་ན། ཉེས་པ་དེ་ལྟ་བུ་ཉི་ཤུ་དང་བྲལ་ནས་སྤང་བྱ་ལས་བཟློག་པ་གཉེན་པོའི་ཆོས་སྤང་བྱའི་དོན་གྱི་ཤུགས་ཀྱིས་འཕངས་པའི་ཡོངས་སྦྱོང་ཉི་ཤུས་སོ། །ཚུལ་ནི་སྔ་མ་ལྟར་རོ། །གཉིས་པ་ལ་གསུམ་ལས་དང་པོ་ནི། ཤུགས་ལ་འཕངས་པ་རྣམས་གང་ན། སྤང་བྱའི་དོན་གྱིས་འཕངས་པའི་ཆོས་གཉེན་པོ་ཉི་ཤུ་ཉིད་བསྟན་པའི་ཕྱིར་འཆད་དོ། །འདིར་ཤུགས་ལ་འཕངས་ཞེས་པ་ཉེས་པ་ཉི་ཤུ་བསྟན་པའི་སྐབས་ཉིད་ལ་གཟུང་ངོ༌། །གཉིས་པ་ནི། རྣམ་ཐར་ནས་ཉི་ཤུའོ་ཞེས་པའི་བར་ཏེ། དེས་ཉི་ཤུ་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ་ཉི་ཤུ་གང་ཞེ་ན། སྟོང་པ་ཉིད་རྫོགས་པར་བྱ་བ་དང་ཞེས་པ་ནས་དེར་ཡང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་གནས་ནས་བདག་གི་དངོས་པོ་སྟོན་པ་སྟེ་ཞེས་པའི་བར་རོ། །གསུམ་པ་ལ་གཉིས། སྦྱོང་བྱེད་སོ་སོའི་ངོ་བོ། སྦྱངས་པས་འཐོབ་ཚུལ་ལོ། །དང་པོ་ནི། རྣམ་ཐར་སྒོ་གསུམ་ཤེས་པ་ནི། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་ཤེས་པ་དང༌། ཆོས་རྣམས་ཀྱི་མཚན་མ་གང་ཡང་ཡིད་ལ་མི་བྱེད་པ་དང་ཁམས་གསུམ་ལ་སྲེད་


JLD017_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་སེམས་མི་གནས་པས་རིམ་པ་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཡང་དག་པར་ཤེས་པ་སྟེ། རིམ་པ་ལྟར་བདག་སྟེ་ངོ་བོར་གྲུབ་པ་དང་འདི་སྐྱེས་པའོ་འདི་བུད་མེད་དོ་ཞེས་སོགས་སེམས་ཅན་གྱི་མཚན་མ་དང་ཁམས་གསུམ་དུ་གནས་བྱེད་སྲོག་ལ་མཆོག་ཏུ་འཛིན་པ་སྤོང་ངོ༌། །རྣམ་ཐར་གྱི་སྒོ་དང་པོ་ཤེས་པ་ལ་མདོར་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་ཉེ་བར་བཟུང་ནས་རྫོགས་པ་ཞེས་པས་འདིའི་སྤང་བྱའི་བདག་འཛིན་གྱིས་ཡུལ་དེ་གང་ཟག་གི་བདག་འབའ་ཞིག་ལ་མི་བྱ་བར་སྤྱིར་ངོ་བོ་བདེན་པར་གྲུབ་ཙམ་ལ་བྱའོ། །ཤེར་སྒྲོན་དུ་ཕུང་སོགས་ལ་དབང་བསྒྱུར་བའི་བདག་མེད་པ་དང་རྒྱུས་དབེན་པ་དང་འབྲས་བུས་དབེན་པར་རྟོགས་པ་ལ་འཆད་དོ། །འཁོར་གསུམ་རྣམ་དག་ནི། ལས་སུ་བྱ་བ་གང་གསད་པར་བྱ་བ་དང༌། བྱེད་པ་པོ་གང་གིས་གསོད་པ་པོ་དང་བྱ་བའི་རང་བཞིན་བསད་པ་སྟེ་དེ་ལྟར་འཁོར་གསུམ་དུ་མི་དམིགས་པར་སྲོག་གཅོད་པ་སྤོང་བ་དང་སོགས་པས་དེ་བཞིན་དུ་རང་རང་གི་སྐབས་ཀྱི་འཁོར་གསུམ་དུ་མི་རྟོག་པར་མ་བྱིན་པར་ལེན་པ་ནས་ལོག་ལྟའི་བར་སྤོང་བ་དགེ་བ་བཅུའི་ལས་ལམ་ལ་འཇུག་པ་སྟེ། སྤོང་བ་པོ་དང་གསོད་པ་པོའི་གང་ཟག་གཅིག་ཏུ་འཛིན་པ་སྤོང་ངོ༌། །སྙིང་རྗེ་ནི། སྡུག་བསྔལ་གྱིས་གདུངས་པའི་སྐྱེ་བོ་ཐམས་ཅད་ལ་ད་ལྟར་དང་ཚེ་རབས་གཞན་དུ་སྡུག་བསྔལ་དང་བྲལ་འདོད་པའི་རྣམ་པར་དམིགས་པའི་


JLD017_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་བརྩེ་བ་སྟེ་བརྩེ་ཡུལ་སེམས་ཅན་ཚེ་འཕོས་ནས་རྒྱུན་ཆད་པར་འཛིན་པ་སྤོང་ངོ༌། །རློམ་མེད་ནི། ཞིང་དག་པར་བྱེད་པ་ནས་བཟུང་སྟེ་ཆོས་རྣམས་ལ་བདེན་པའི་དངོས་པོར་དམིགས་པ་མེད་པ་སྟེ་རང་བཞིན་ནམ་ཡང་མི་དོར་བར་གྲུབ་པའི་རྟག་པར་འཛིན་པ་སྤོང་ངོ༌། །མདོར་བརྙས་མེད་དུ་བྱས་ནས་བྱམས་པ་རྫོགས་པ་ལ་བཤད་ལ་དེ་དང་མཐུན་པར་སྙིང་རྗེ་དང་ནི་བརྙས་མེད་དང་ཞེས་ཀྱང་འདོན་ནོ། །ཆོས་མཉམ་ཉིད་ནི། སྲིད་ཞིའི་ཆོས་ཐམས་ཅད་གདོད་མ་ནས་མཉམ་པ་ཉིད་དུ་རྟོགས་པ་སྟེ་དེ་གཉིས་ལ་བླང་དོར་གྱི་མཚན་མར་འཛིན་པ་སྤོང་ངོ༌། །ཚུལ་གཅིག་ཤེས་པ་ནི། མཐར་ཐུག་ཐེག་ཆེན་གྱི་རིགས་སུ་གཅིག་པར་རྟོགས་པ་སྟེ་རྒྱུ་རིགས་ཐ་དད་པ་གསུམ་དུ་ངེས་པར་འཛིན་པ་སྤོང་ངོ༌། །མི་སྐྱེ་བ་ཤེས་པ་ནི། མིང་གཟུགས་གདོད་མ་ནས་མི་སྐྱེ་བར་ཡོངས་སུ་ཤེས་པ་སྟེ། ཕུང་པོ་ལ་སྐྱེ་བར་འཛིན་པ་སྤང་ངོ༌། །བཟོད་པ་ཤེས་པ་ནི། ཆོས་ཟབ་མོ་ཁམས་ཀྱི་རང་བཞིན་སྤྲོས་བྲལ་ལ་མི་སྐྲག་པའི་སྒོ་ནས་ངེས་པར་རྟོགས་པའི་བཟོད་པ་ཁོང་དུ་ཆུད་པ་སྟེ། ཁམས་བཅོ་བརྒྱད་ལ་རྒྱུ་འབྲས་སུ་འཛིན་པ་སྤོང་ངོ༌། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན་པ་ནི། ཤེས་བྱ་ཐམས་ཅད་ཐེག་པ་ཆེན་པོའི་ཐབས་གཟུང་འཛིན་གཉིས་མེད་ཀྱི་སྒོ་ནས་རབ་ཏུ་སྟོན་པ་སྟེ་སྐྱེ་མཆེད་བཅུ་གཉིས་ལ་ཕྱི་ནང་དུ་འཛིན་པ་སྤོང་ངོ༌། །རྟོག་པ་ཀུན་ཏུ་འཇོམས་པ་ནི་གཟུང་འཛིན་དུ་མངོན་པར་ཞེན་པའི་རྟོག་པ་ཐམས་


JLD017_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཅོད་པའམ་འཇོམས་པ་སྟེ་ཁམས་གསུམ་པོ་ལ་གནས་པ་ཡང་དག་མ་ཡིན་ཀུན་རྟོག་ལ་བདེན་པར་འཛིན་པ་སྤོང་ངོ༌། །འདུ་ཤེས་ལྟ་བ་ཉོན་མོངས་གསུམ་སྤོང་བ་ནི། མཚན་མར་འཛིན་པའི་རྟོག་པ་མེད་པ་དང༌། འཇིག་ལྟ་སོགས་ལྟ་བ་ལྔ་འདོར་བ་དང༌། འདོད་ཆགས་སོགས་ཉོན་མོངས་རྣམས་སྤོང་བ་སྟེ་ཁམས་གསུམ་པོ་ལ་བླང་དོར་གྱི་སྒོ་ནས་ཆགས་པའི་འཛིན་པ་སྤོང་ངོ༌། །གྲགས་ཆར་གནས་པ་ལུས་དང་ཆགས་པ་སེམས་ཀྱིས་ཡིན་ལ་ཞུམ་པ་ནི་གཉིས་ཀའོ་ཞེས་སོ། །ཞི་གནས་སེམས་པ་ནི། གཞན་དོན་དུ་རྣམ་མཁྱེན་ལ་སེམས་རྩེ་གཅིག་པའི་ཞི་གནས་སྒོམ་པ་སྟེ་རྣམ་མཁྱེན་ཐོབ་པར་མི་ནུས་པར་སེམས་ཞུམ་པའི་འཛིན་པ་སྤོང་ངོ༌། །ལྷག་མཐོང་ལ་མཁས་པ་ནི། སངས་རྒྱས་ཀྱི་སྐུ་སྒྱུ་མ་ལྟར་རྟོགས་པའི་ཤེས་རབ་དང་ཐབས་སྙིང་རྗེ་གཉིས་ལ་མཁས་པར་བྱེད་པ་སྟེ་སངས་རྒྱས་སུ་ལྟ་བའི་མངོན་ཞེན་སྤོང་ངོ༌། །སེམས་དུལ་བ་ནི། ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམས་པས་སེམས་ཉེ་བར་ཞི་བ་ཐོབ་པ་སྟེ་ཆོས་སུ་ལྟ་བ་ཆོས་དཀོན་མཆོག་ལ་མངོན་ཞེན་སྤོང་ངོ༌། །ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ནི། བདེན་གཉིས་ཀྱི་སྒོ་ནས་གཟུགས་སོགས་ལ་ཐོགས་མེད་ཀྱི་ཡེ་ཤེས་སྐྱེས་པ་སྟེ་དགེ་འདུན་དུ་ལྟ་བ་དགེ་འདུན་དཀོན་མཆོག་ལ་མངོན་ཞེན་སྤོང་ངོ༌། །ཆགས་པའི་ས་མིན་ནི། ཆོས་གང་ཡང་མངོན་པར་ཞེན་བྱའི་གནས་མ་ཡིན་པར་རྟོགས་པའི་ཡེ་ཤེས་ཏེ་ཚུལ་ཁྲིམས་


JLD017_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལྟ་བ་ཉེས་སྤྱོད་མཐའ་དག་ལས་ལྡོག་པའི་སྡོམ་པ་ལ་མངོན་ཞེན་སྤོང་ངོ༌། །ཤེར་སྒྲོན་དུ། གཟུགས་སྐུ་ལ་དེ་བཞིན་གཤེགས་པ་དང༌། གསུང་རབ་ཡན་ལག་བཅུ་གཉིས་ལ་དམ་པའི་ཆོས་དང༌། སྐྱེས་བུ་ཟུང་བཞི་ལ་དགེ་འདུན་དང༌། ཚུལ་འཆལ་གྱི་གཉེན་པོ་ལ་ཚུལ་ཁྲིམས་སུ་ལྟ་བ་རྣམས་སྤོང་བར་འཆད་དོ། །གར་འདོད་པར་ཞིང་གཞན་དུ་འགྲོ་བ་ནི། ཆོས་ཡང་དག་པར་འབྱེད་པའི་དོན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རང་ཇི་ལྟར་འདོད་པར་དུས་མཉམ་དུ་འགྲོ་བ་སྟེ་སྟོང་པ་ཉིད་ལ་རྩོད་པར་འཛིན་པ་དེ་ལ་ཐེ་ཚོམ་ཟ་བ་སྤོང་ངོ༌། །ཀུན་ཏུ་བདག་གི་ངོ་བོ་སྟོན་པ་ནི། མངོན་ཞེན་ཅན་གྱི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར་དུ་གདུལ་བྱའི་བློ་དང་མཐུན་པར་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་བདག་གི་ལུས་རབ་ཏུ་སྟོན་པ་ཞེས་བྱ་བ་སྟེ་དེས་སྟོང་ཉིད་འགལ་བར་བརྗོད་པ་དངོས་པོར་འཛིན་པའམ་སྟོང་ཉིད་ཀྱི་མཚན་ཉིད་དང་འགལ་བ་ལུས་ལ་དབང་བསྒྱུར་མི་ནུས་པའི་ཉེས་པ་སྤོང་ངོ༌། །སྤང་གཉེན་གྱི་སྦྱོར་ཚུལ་འདི་ནི་རྒྱན་སྣང་དང་ཤེར་སྒྲོན་བདག་ཉིད་ཆེན་པོ་རྣམས་ཀྱི་བཤད་པ་ལྟར་རོ། །རྟོགས་དཀའ་ཕལ་ཆེ་བ་ལས་སྤང་གཉེན་གྱི་གྲངས་སྦྱར་བ་རྒྱན་སྣང་དང་མི་མཐུན་ཞིང་འགྲེལ་བཤད་དེ་ཉིད་ལ་ཡང་མི་མཐུན་པ་སྣ་ཚོགས་སྣང་ལ། ཁ་ཅིག་ལ་ནི་རྒྱན་སྣང་དང་སྤང་གཉེན་དང་སྦྱོར་ལུགས་ཁྱད་མེད་པར་སྣང་བ་ནི་འགྱུར་ཁྱད་མིན་པའི་ཕྱིར་འགྱུར་བསྟན་ལ་ཞུ་ཆེན་བྱས་མ་


JLD017_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་གཉིས་ལས་མཆེད་པར་མངོན་པས་རྒྱན་སྣང་དང་མཐུན་པ་ཉིད་འདིའི་དགོངས་པར་གསལ་ལོ། །གཉིས་པ་ནི། སྤང་བྱ་ཉི་ཤུ་སྤངས་པས་འཐོབ་པར་མ་ཟད་ཡོངས་སྦྱོང་གཉེན་པོ་ཉི་ཤུ་པོ་འདིས་ཀྱང་སོགས་སོ། །བརྒྱད་པ་ལ་གཉིས་ལས། དང་པོ་ནི། སེམས་ཅན་ཞེས་སོགས་ཚིགས་བཅད་གཉིས་ཏེ། བྱང་ཆེན་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ་བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་རྗེས་སུ་འཇུག་པ་དང༌། ཞེས་པ་ནས་སངས་རྒྱས་བསྙེན་བཀུར་ཞིང་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པ་སྟེ་ཞེས་དང༌། གཞན་ཡང་བྱང་ཆེན་ས་བརྒྱད་པ་ལ་གནས་པས་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ་བཞི་གང་ཞེ་ན། འདི་ལྟ་སྟེ་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང་ཞེས་པ་ནས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཇི་ལྟ་ཇི་ལྟར་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་གྲུབ་ཅིང་ཆེད་དུ་བསམས་ཤིང་སྲིད་པ་ཉེ་བར་ལེན་པ་སྟེ་ཞེས་པའི་བར་རོ། །འདི་ལ་ཡོངས་སྦྱོང་ཚན་པ་གཉིས་པོ་སོ་སོར་བྱས་པ་ནི་རེ་རེས་ཀྱང་ས་དེ་སྦྱོང་ནུས་པར་བསྟན་པའི་ཆེད་དུ་ཡིན་པར་གསུངས་པ་ནི་དྲུག་བདུན་གཉིས་ལ་ཡང་རིག་པར་བྱའོ། །གཉིས་པ་ལ་གཉིས། སྦྱོང་བྱེད་ཀྱི་ངོ་བོ། སྦྱངས་པས་འཐོབ་ཚུལ་ལོ། །དང་པོ་ནི། སེམས་ཅན་ཀུན་ཡིད་ཤེས་པ་ནི། སེམས་གཅིག་གིས་སེམས་


JLD017_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སྟེ་བཟང་ངན་རྣམས་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། མངོན་ཤེས་ཀྱིས་བརྩེ་བ་ནི། སངས་རྒྱས་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་དེ་བལྟ་བའི་ཕྱིར་རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་བརྩེ་བ་རྫུ་འཕྲུལ་མངོན་པར་འདུ་མཛད་ཀྱང་སངས་རྒྱས་སུ་དམིགས་པ་མེད་པ། སངས་རྒྱས་ཀྱི་ཞིང་བཟང་སྒྲུབ་པ་ནི། སྟོང་གསུམ་ལ་དབང་བའི་འཁོར་སྒྱུར་གྱི་ས་ལ་གནས་པ་སྟེ་རྟེན་སྣོད་ཀྱི་སངས་རྒྱས་ཀྱི་ཞིང་གསེར་དང་སོགས་པས་བཻཌཱུརྱ་ལ་སོགས་པའི་ངོ་བོ་དག་པར་ཡོངས་སུ་བསྒྱུར་བའི་ཕྱིར་སྟོང་གསུམ་ཐམས་ཅད་གཏོང་ཞིང་དེས་ཀྱང་མི་རློམ་པ་དང༌། ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན་པ་ནི། མདོར་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པ་དང༌། དེ་བསྙེན་བཀུར་བ་གཉིས་སོ་སོར་གསུངས་ནས་དེའི་དོན་རིམ་པ་ལྟར་སངས་རྒྱས་ཀྱི་ཆོས་སྐུ་ཇི་ལྟར་བ་བཞིན་དུ་རྟོགས་པར་བྱེད་པ་དང༌། སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཆོས་ལ་བཀུར་སྟི་བྱེད་པ་ལ་བཤད་ལ། ཤཱནྟིས་ཀྱང་རྩ་བར་འགྱུར་འདི་བཞིན་ཡོད་ཀྱང་འགྲེལ་པར་སངས་རྒྱས་བསྟེན་པ་དང་ཡོངས་སུ་བརྟག་པ་ཞེས་བྱ་བ་གཅིག་ཏུ་བྱས་པ་ཞེས་ཕྲལ་ནས་ཆོས་བརྒྱད་ཀྱི་གཅིག་ཏུ་བགྲང་ངོ༌། །བདག་ཉིད་ཆེན་པོས་ཀྱང་མདོ་ཚིག་དང་མཐུན་པར་སེམས་ཅན་ཀུན་ལ་ཕན་པའི་དོན་དུ་ཆོས་ལ་བསྙེན་བཀུར་བྱེད་ཅིང་སངས་རྒྱས་ཀྱི་སྐུ་ཇི་ལྟ་བ་བཞིན་རྟོགས་པར་བྱེད་པ་དང་ཞེས་ཕྲལ་བའི་བཤད་པ་


JLD017_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དོ། །སློབ་དཔོན་གྱི་བཞེད་པ་ནི་སངས་རྒྱས་བསྟེན་པའི་དོན་མཉེས་པར་ཡང་བྱེད་པ་ཡིན་ལ། དེ་ཡང་གང་གིས་ན་དུས་ཀྱི་རྣམ་པ་ཐམས་ཅད་དུ་ཆོས་རྣམས་ཀྱི་རང་བཞིན་ཇི་ལྟ་བུ་ཡིན་པ་མ་ནོར་བར་བརྟག་པས་སངས་རྒྱས་མཉེས་པར་བྱེད་ཅེས་པ་ནི་འདིའི་དགོངས་པ་ཡིན་ལ། རྒྱན་སྣང་དུ་རྣམ་པ་ཐམས་ཅད་དུ་ཆོས་ཡོངས་སུ་བརྟག་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་མཉེས་པར་བྱེད་པ་དང་ཞེས་པས་ནི་མཉེས་པར་བྱེད་པའི་དགོས་པ་བསྟན་ནོ། །དེ་གཉིས་ཀ་ཡང་གཉིས་ཀར་དགོས་པས་མཚོན་པ་ཡིན་ཏེ། མཉེས་པར་བྱས་པའི་དགོངས་པ་ནི་ཆོས་ཀྱི་རང་བཞིན་ཚུལ་བཞིན་དུ་རྟོགས་པའི་ཆེད་ཡིན་ལ་མཉེས་པར་བྱེད་པའི་ཐབས་ཀྱང་དེ་ལས་མེད་པས་སོ། །མདོར་སངས་རྒྱས་བསྙེན་བཀུར་བའི་དོན་དུ་བཤད་པའི་ཆོས་ལ་རིམ་གྲོ་བྱེད་པ་ནི། ཆོས་ལ་གཅེས་སུ་བྱེད་པ་ཡིན་ལ། ཆོས་སྐུ་རྟོགས་པ་དེའི་དགོས་པ་དང༌། དེའི་སྒོ་ནས་གཅེས་སུ་བྱེད་པ་དང༌། གཅེས་སུ་བྱེད་པ་ཉིད་སངས་རྒྱས་མཉེས་བྱེད་ཡིན་པའི་ཕྱིར་མདོ་དང་སློབ་དཔོན་ལ་འགལ་བ་མེད་དོ། །དབང་པོ་ཤེས་པ་ནི། ལྷའི་མིག་བསྐྱེད་པའི་སྒོ་ནས་སེམས་ཅན་གྱི་སྐྱེ་འཆི་དང་ལས་ལེགས་ཉེས་སྤྱད་པས་བདེ་འགྲོ་དང་ངན་འགྲོར་འགྲོ་བ་སོགས་ཤེས་པའོ། །ཡང་ན་མདོ་ལས་སྟོབས་བཅུ་ལ་གནས་ནས་དབང་པོ་མཆོག་དམན་རྫོགས་པར་ཤེས་པ་ལ་གསུངས་པས་ལྷའི་མིག་ནི་སྟོབས་དགུ་པ་ཡིན་པས་དེས་ལྷག་མ་རྣམས་ཀྱང་མཚོན་པར་བྱའོ། །


JLD017_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཞིང་སྦྱོང་ནི། བརྟེན་པ་བཅུད་ཀྱི་སངས་རྒྱས་ཀྱི་ཞིང་སེམས་ཅན་གྱི་རྒྱུད་མི་དམིགས་པའི་ཚུལ་གྱིས་སྦྱོང་བ་དང༌། སྒྱུ་མ་ལྟར་གནས་ནི། མཉམ་རྗེས་ཐམས་ཅད་དུ་སྒྱུ་མ་ལྟ་བུར་གནས་པ་སྟེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས་བྱང་སེམས་ཀྱི་བྱ་བ་ཐམས་ཅད་བྱེད་ཀྱང་དེ་ལ་དམིགས་པ་དང་བྲལ་བའི་ཏིང་ངེ་འཛིན་ནོ། །བསམས་བཞིན་སྲིད་པ་ལེན་པ་ནི། ལུས་གང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར་བའི་ཚུལ་དེ་མཐོང་ནས་བློ་སྔོན་དུ་བཏང་ཞིང་ཆེད་དུ་བསམས་པའི་སྐྱེ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་སྟེ་བཞི་ཕྲག་གཉིས་བསྡོམས་པས་བརྒྱད་དོ། །གཉིས་པ་ནི། ཉམས་སུ་སོགས་སོ། ཅིའི་ཕྱིར་དེ་སྐད་བྱ་ན། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། ཅེས་མཚན་མ་དང་མཚན་མེད་གཉིས་ལ་རྩོལ་བའི་འདུ་ཤེས་ཀྱིས་མི་གཡོ་བར་གསུངས་པས་སོ། །དགུ་པ་ལ་གཉིས་ལས། དང་པོ་ནི། སྨོན་ལམ་ཞེས་སོགས་ཚིགས་བཅད་གཉིས་ཏེ། ཤཱནྟིས་ཕྱི་མ་དགུའི་མཐར་ཕུན་ཚོགས་སྦྱར་བ་ནི་མདོའི་སྒྲས་ཟིན་དང་མཐུན་ལ། གྲགས་ཆར་ཕྱི་མ་བཅུའི་མཐར་སྦྱར་ཡང་འདི་དང་རྒྱན་སྣང་གི་དགོངས་པས་ཐམས་ཅད་ལ་སྦྱར་རོ། །བྱང་ཆེན་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་


JLD017_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང་ཞེས་པ་ནས་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་སྟེ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས། སྦྱོང་བྱེད་ཀྱི་ངོ་བོ་སྦྱངས་པས་འཐོབ་ཚུལ་ལོ། །དང་པོ་ནི་སྨོན་ལམ་མཐའ་ཡས་པ་ནི། ཕྱིན་དྲུག་རྫོགས་པས་ཇི་ལྟར་སྨོན་པ་མཐའ་ཡས་པ་འགྲུབ་པ་དང༌། ལྷ་ལ་སོགས་པའི་སྐད་ཤེས་པ་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ལྷ་དང་སོགས་པས་ཀླུ་དང་གནོད་སྦྱིན་སོགས་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང༌། སྤོབས་པ་ཆུ་བོ་ལྟ་བུ་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པས་སྤོབས་པ་ཆུ་བོའི་རྒྱུན་ལྟར་མི་ཟད་པར་འཇུག་པའོ། །དེ་གཉིས་འཆད་བྱེད་ཡིན་པས་བཤད་བྱའི་སོ་སོ་ཡང་དག་པར་རིག་པ་གཉིས་ཀྱང་མཚོན་ནོ། །མངལ་མཇུག་མཆོག་ནི། སྐྱེ་བོ་དམ་པ་ཐམས་ཅད་ཀྱིས་བསྔགས་པའི་བུད་མེད་ཡུམ་སྒྱུ་འཕྲུལ་ལྟ་བུའི་མངལ་དུ་འཇུག་པའོ། །མདོར་ཚེ་རབས་ཀུན་ཏུ་རྫུས་ཏེ་སྐྱེ་བ་ལ་མངལ་དུ་འགྲོ་བ་ཕུན་ཚོགས་སུ་གསུངས་པ་ནི་རྫུས་སྐྱེས་མངལ་འཇུག་མིན་ཀྱང་སྐྱེ་གནས་ཕུན་ཚོགས་སུ་སྟོན་པའི་སྐབས་ཡིན་ལ། རྫུས་སྐྱེས་སྐྱེ་གནས་བཞིའི་མཆོག་ཡིན་པས་མི་འགྲིག་པ་མེད་ཅིང༌། འདིར་མངལ་འཇུག་མཚན་ཉིད་པ་ལ་བཤད་ཀྱང་མདོ་དང་མི་འགལ་ཏེ། མདོ་ལས་སྤྱིར་སྐྱེ་གནས་བཞིའི་ཕུན་ཚོགས་ཙམ་ཞིག་དངོས་སུ་བསྟན་པ་ནི་སྐྱེ་གནས་གཞན་རྣམས་ཀྱི་ཡང་མཆོག་མཚོན་པའི་ཕྱིར་ཏེ། དེ་ལྟ་མིན་ན་ས་དགུ་


JLD017_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

པ་བ་སྐྱེ་གནས་གཞན་དུ་སྐྱེ་བ་མི་སྲིད་པར་འགྱུར་རོ། །རིགས་ནི་རྒྱལ་པོ་དང་སོགས་པས་བྲམ་ཟེར་གནས་པ་སྟེ་སྐྱེ་བའོ། །རུས་ནི་ཉི་མ་དང་སོགས་པས་བུར་ཤིང་ལས་སྐྱེས་པས་ཉི་མ་གཉེན་པ་དང༌། བུ་རམ་ཤིང་པ་ལྟ་བུ་སྟེ། དེ་ཡང་གཽ་ཏ་མའི་ཁུ་བ་ཁྲག་དང་འདྲེས་པའི་ཐིགས་པ་གཉིས་ལྷུང་བ་དྲང་སྲོང་མདོག་ནག་གིས་བུར་ཤིང་གི་ཚལ་དུ་བསྐྱངས་པས། སྒོ་ང་གཉིས་བྱུང་བ་ལས་ཁྱེའུ་གཉིས་བྱུང་སྟེ་དེ་ལ་བུར་ཤིང་གི་ཚལ་དུ་བསྐྱངས་པས་བུ་རམ་ཤིང་པ་ཉི་འོད་ཀྱིས་སྨིན་པར་བྱས་པས་ཉི་མ་གཉེན་པར་དྲང་སྲོང་གིས་བཏགས་པར་གསུངས་པ་བཞིན་ཏེ་རྒྱས་པར་ལུང་ལས་ཤེས་པར་བྱའོ། །དེ་དག་མའི་མངལ་དུ་མ་བཙས་པས་དང་པོའི་རིགས་བཙུན་པར་གྲགས་པའོ། །ཁ་ཅིག་ཉི་མ་གསེར་ནོར་བུ་ལ་སོགས་པའི་འོད་ལྟ་བུའི་སྐུ་མདོག་ཅན་དུ་སྐྱེས་པ་ཞེས་འདོད་ཅིང་དེ་ལྟར་བྱས་ན། མདོ་ཁ་ཅིག་ལས། ཁྱོད་སྐུ་གསེར་མདོག་འོད་གསལ་བའི། །ཚད་ནི་དམིགས་སུ་མ་མཆིས་ཏེ། །"སྐད་ཅིག་མདོག་གསེར་ཙོང་ཁ་དང༌། །་3མྱུར་བར་ཤེལ་འོད་འདྲ་བར་གདའ། ཞེས་གསུངས་པ་ཡང་ལེགས་པར་དྲངས་པར་འགྱུར་ཞེས་ཟེར་ཏེ། དེ་ནི་ཉི་མ་ལ་སོགས་པ་ལས་སྐྱེས་ཞེས་པའི་ལས་ཀྱི་ཡི་གེའི་དོན་ལ་མ་ཞུགས་པའོ། །ཆོ་འབྲང་ནི། མ་དང་སོགས་པས་ཕའི་བདུན་བརྒྱུད་ཚུན་ཆད་དུ་ལེགས་པར་འབྲེལ་བའི་གཉེན་ནོ། །མདོར་དེ་གསུམ་ལ་རིགས་ཆེན་པོ་


JLD017_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱལ་རིགས་དང་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང་སྔོན་བྱང་སེམས་བྱུང་བའི་རྒྱུད་དུ་སྐྱེ་བ་ལ་གསུངས་ཏེ་དེ་ལྟར་ན་རིགས་སྤྱི་དང་རུས་བྱེ་བྲག་ལ་གསལ་ལོ། །རིགས་རུས་མི་འགལ་བའི་ཕྱིར་འདིར་རྒྱལ་རིགས་སོགས་རིགས་ལ་བཤད་པ་ལ་ཉེས་པ་མེད་དོ། །གྲགས་ཆར་རྗེའུ་རིགས་སོགས་རུས་ཀྱི་དོན་དུ་འདོད་དོ། །འཁོར་ནི་རང་དབང་བའི་འཁོར་རང་གིས་ཇི་ལྟར་བསྒོ་བ་ལྟར་རིམ་གྲོ་སྒྲུབ་པའོ། །མདོར་རང་གིས་བྱང་ཆུབ་ལ་བཀོད་པའི་བྱང་སེམས་ཀྱི་འཁོར་ལ་བཤད་དོ། །སྐྱེ་བ་ནི་བརྒྱ་བྱིན་དང་སོགས་པས་ཚངས་པ་དང་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མངོན་པར་བསྟོད་ནས་སྐྱེ་ལ་སྐྱེས་མ་ཐག་ཏུ་འཇིག་རྟེན་ཀྱི་ཁམས་སྣང་བས་བཀང་ཞིང་དེ་དག་རྣམ་པ་དྲུག་ཏུ་གཡོ་བར་བྱེད་པའོ། །རད་ཀིར་གྱིས་དབང་པོ་ལ་སོགས་པར་སྐྱེས་པ་ནི་སྐྱེ་བ་ཕུན་སུམ་ཚོགས་པའོ་ཞེས་ཟེར་བ་ནི། སློབ་དཔོན་གྱིས་འདིར་བརྒྱ་བྱིན་ལ་སོགས་པ་ཞེས་གསུངས་པའི་ཚིག་ཙམ་ཞིག་མཐོང་བར་གདོན་མི་ཟའོ། །ངེས་འབྱུང་ནི། སངས་རྒྱས་སོགས་པས་གནས་གཙང་གི་ལྷའི་བུ་ལ་སོགས་པས་ཡིད་འབྱུང་བའི་གཏམ་ཀྱིས་བསྐུལ་ཏེ་འཁོར་བ་ལས་ངེས་པར་འབྱུང་བ་སྟེ་དེ་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང་ལྷན་ཅིག་ཏུ་འབྱུང་ཞིང་དེ་དག་ཀྱང་ཐེག་པ་གསུམ་ལ་འགོད་པའོ། །བསྐུལ་བའི་ཚུལ་ནི་རྒྱ་རོལ་ལས། འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ། །མཁའ་ལ་ཀློག་རྒྱུན་རིང་དུ་


JLD017_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་བཞིན། །ཁྱོད་ཀྱི་དུས་འདི་ཉེ་བར་གནས་གྱུར་གྱིས། །བརྟུལ་ཞུགས་བཟང་པོ་མངོན་བྱུང་དུས་ལ་བབ། ཅེས་པ་ལྟ་བུའོ། །བྱང་ཆུབ་ཀྱི་ཤིང་ནི་རྩ་བ་གསེར་གྱི་རྒྱུ་ལས་བྱུང་བ། ལྷུན་བཻ་ཌཱུརྱར་འདུག་པ། ཡལ་ག་རིན་པོ་ཆེ་སྣ་མདུན་ལས་གྲུབ་པ། མེ་ཏོག་དང་ལོ་མ་རིན་པོ་ཆེ་ཐམས་ཅད་ལས་གྲུབ་པ། དྲི་ཞིམ་པོ་དང་འོད་བཟང་པོས་འཇིག་རྟེན་གྱི་ཁམས་རྒྱས་པར་འགེངས་པ། དགོས་འདོད་ཀུན་འབྱུང་བས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཤིང་ཨ་ཤྭད་ཐ་དང་སོགས་པས་ཀླུ་ཤིང་སོགས་ཡིན་ཏེ། མདོར་ན་དེ་འདྲ་བའི་བྱང་ཆུབ་ཀྱི་ཤིང་འགྲུབ་བྱེད་ཀྱི་སྨོན་ལམ་དང༌། དགེ་བ་གཞན་རྣམས་ཡོངས་སྦྱོང་ཡིན་ནོ། །དེ་ཡང་འཁོར་འཇིག་གི་བླ་ཀྵ། གསེར་ཐུབ་ཀྱི་ཨུ་དུམ་ཝ་ར། འོད་སྲུང་གི་ནྱ་གྲོ་ཏ། བདག་ཅག་གི་སྟོན་པའི་ཨ་ཤྭད་ཐ། བྱམས་པའི་ཀླུ་ཤིང་ལ་སོགས་པ་ཡིན་ནོ། །འདི་ཤིང་གཅིག་ལ་སྟོན་པ་ཐ་དད་ཀྱི་སྒོ་ནས་མིང་འཕོ་བར་འདོད་པ་ལ། དེ་མི་འཐད་དེ། སྟོན་པ་ལྷུམས་སུ་འཇུག་པ་དང༌། བལྟམས་པ་དང༌། བྱང་ཆུབ་པ་དང་དུས་མཚུངས་པར་ཤིང་དེའི་རྩ་བ་འཛུགས་པ་དང༌། ཁ་འབུས་པ་དང༌། སྡོང་པོ་རྒྱས་པར་གསུངས་པའི་ཕྱིར་རོ། །སྔར་ལྟར་སྟོན་པ་རེ་རེ་ལ་མི་འདྲ་བ་རེ་རེ་ཡོད་པས་རིགས་གཅིག་པའང་མིན་གསུང་པ་ནི་ལེགས་པར་བརྟགས་པའོ། །ཡོན་ཏན་ནི་རྟེན་སངས་རྒྱས་དང་བརྟེན་པ་སྟོབས་ལ་སོགས་པའི་སངས་


JLD017_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཆོས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་སྟེ་བཅུ་གཉིས་སོ། །གཉིས་པ་ནི་མངོན་སོགས་སོ། །ཅིའི་ཕྱིར་དེ་སྐད་བྱ་ན། སོ་སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། ཞེས་སོ་སོ་ཡང་དག་པར་རིག་པ་བཞིའི་བློ་གྲོས་བཟང་བའི་ཕྱིར་ཞེས་གསུངས་པས་སོ། །གང་གིས་ན་གོང་གི་དེ་ལྟ་བུའི་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱི་ཡོངས་སྦྱོང་བཅུ་གཉིས་པོ་དག་གིས་སོ། །སྦྱོང་ཚུལ་ནི་སྔ་མ་སོགས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། རྒྱུའི་ས་དགུ་པོ་རྣམས་ཀྱི་ཡོངས་སུ་སྦྱོང་བ་རྣམས་སྦྱོང་བྱེད་ཀྱི་ངོ་བོ་དང་སྦྱོང་ཚུལ་ཤེས་རབ་གཉིས་ཀྱིས་དེ་ལྟར་ངེས་པར་བསྟན་ཞིང་གཏན་ལ་ཕབ་ནས་འབྲས་བུའི་ས་འཆད་པའི་སྐབས་ཉིད་དུ་ཡོངས་སྦྱོང་དེ་དག་མ་བཤད་པར་ས་བཅུ་པའི་མཚན་ཉིད་ཙམ་ཞིག་གསུངས་སོ། །གང་གི་སྒོ་ནས་ན། ཐེག་དམན་དང་བྱང་སེམས་ཀྱི་ས་ཐམས་ཅད་ཡར་ལྡན་དུ་བསྡུ་བའི་སྒོ་ནས་སོ། །དེས་ན་ས་དགུ་འདས་པ་ནི་དེ་དོར་བ་མ་ཡིན་གྱི། དེ་དག་ལྷག་པར་ཡར་ལྡན་དུ་ཐོབ་པ་ལ་བྱའོ། །ཡོངས་སྦྱོང་མི་འཆད་པའི་རྒྱུ་མཚན་ལ་ཤེར་སྒྲོན་དུ་རྒྱུའི་ས་ཡོངས་སུ་སྦྱོང་བ་རྣམས་ཀྱི་ཁྱད་པར་ཕུལ་དུ་གྱུར་པ་ཉིད་ཀྱིས་འབྲས་བུའི་ས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་དགོངས་ཏེ་འདིར་ཡོངས་སུ་སྦྱོང་བ་གཞན་བཅུ་པ་ནི་མ་གསུངས་སོ། ཞེས་དང་གྲགས་ཆ་ལས་ས་དགུ་པོ་གང་རྣམས་


JLD017_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་དེ་ཐམས་ཅད་བསྡོམས་པ་ནི་ས་བཅུ་པའི་ཚོགས་ཡིན་ནོ་ཞེས་དོན་གྱི་ཤུགས་ཀྱིས་ཤེས་པར་བྱ་བས་དེའི་ཚོགས་ལོག་ཤིག་ཏུ་ནི་བརྗོད་པར་མི་བྱའོ་ཞེས་ཏེ་དེ་གཉིས་གནད་གཅིག་གོ །དེ་གཉིས་ལྟར་ན་ས་དགུ་པ་ལ་ཡང་འཆད་མི་རིགས་ཏེ། བརྒྱད་པ་མན་ཆད་ཀྱི་ཡོངས་སྦྱོང་ཕུལ་དུ་གྱུར་པ་དེ་དགུ་པའི་ཡང་དེར་འགྱུར་བས་སོ། །དེ་བཞིན་དུ་ས་དང་པོའི་བར་དུ་བགྲེའོ། །དེས་ན་བཅུ་པ་ལ་བཤད་མི་དགོས་ཏེ། ཡོངས་སྦྱོང་བཤད་པའི་དགོས་པ་ས་འོག་མ་ལས་ཐ་དད་པར་བསྟན་པའི་ཆེད་ཡིན་ལ་འདི་འབྲས་བུའི་སར་བསྟན་པས་འོག་མ་ལས་ཐ་དད་པར་གྲུབ་པས་སོ་ཞེས་བདག་ཉིད་ཆེན་པོས་མཛད་པ་ལྟར་རམ། ཡང་ན་སའི་ཚོགས་ནི་བྱང་སེམས་ཀྱི་ས་འབའ་ཞིག་ཡིན་ལ་དེ་ལ་ཡང་མཐར་ཐུག་པ་དང་མ་ཐུག་པའི་ས་གཉིས་ལས་མ་ཐུག་པ་རྣམས་ཐུག་གི་བར་དུ་སྦྱང་དགོས་པས་དང་པོ་དགུ་ལ་བཤད་ཅིང༌། མཐར་ཐུག་པ་ལ་ཁྱད་པར་དུ་འགྲོར་མེད་པས་སྦྱོང་བྱེད་མེད་པར་མཚན་ཉིད་ཙམ་ཞིག་གསུངས་སོ། །གལ་ཏེ་དེ་ལ་ཡང་སངས་རྒྱས་ཀྱི་སར་འགྲོ་དགོས་པས་མི་རིགས་ཤེ་ན། སྐྱོན་མེད་དེ། སེམས་པའི་སྐབས་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ས་ལ་ལྟོས་ནས་ནི་འདི་ཡང་རྒྱུའི་སར་བཤད་དགོས་ཀྱི་འབྲས་བུའི་སར་མི་འགྱུར་རོ། །དེས་ན་དང་པོ་དགུ་ལ་ཡོངས་སྦྱོང་གི་སྒོ་ནས་གོང་མར་བགྲོད་ཚུལ་དང༌། འདི་


JLD017_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ས་འོག་མའི་ཡོན་ཏན་ཡར་ལྡན་དུ་འདུས་པའི་སྒོ་ནས་རང་གི་སར་གནས་ཚུལ་གཉིས་མདོ་དང་རྒྱན་ལས་གསུངས་པ་གོ་བ་ནི་གནད་ཀྱི་དོན་ནོ། །གཉིས་པ་ནི། རིགས་ཀྱི་ས་ལ་སོགས་པའི་ས་དགུ་འདས་པའི་ཡེ་ཤེས་གང་གིས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སར་གནས་པར་འགྱུར་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པའོ་ཞེས་ཤཱནྟིས་སོ། །རྣམ་འགྲེལ་དུ། བྱང་ཆུབ་སེམས་དཔའི་ས་བཅུ་པ་ཇི་ལྟ་བུ་ཞེ་ན་ས་དགུ་ལས་ཤིན་ཏུ་འདས་ནས་སངས་རྒྱས་ཀྱི་ས་ལ་འཇུག་པ་ཡིན་ཏེ་ཞེས་འཆད་ཅིང་རིགས་ཀྱི་ས་དོར་ནས་དཀར་པོ་རྣམ་པར་མཐོང་བའི་ས་བགྲངས་ནས་དགུར་བྱེད་དོ། །གྲགས་ཆར་ས་དགུ་པོ་འདི་རྣམས་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་དཔའི་ཡེ་ཤེས་གང་གིས་ཀུན་ཏུ་འོད་ཀྱི་སངས་རྒྱས་ཀྱི་སར་གནས་པར་འགྱུར་བའི་ཡེ་ཤེས་ཀྱི་བདག་ཉིད་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པའོ་ཞེས་ཏེ། འདི་གསུམ་གས་སངས་རྒྱས་ཀྱི་ས་ལ་གནས་པ་གནས་འགྱུར་ལ་འདོད་ཀྱི་གནས་བཞིན་པ་ལ་མིན་ནོ། །གསུམ་པ་ལ་གཉིས། ས་བཅུ་པ་མཚན་གཞིའི་སྒོ་ནས་ངོས་གཟུང༌། འདའ་བྱ་ས་དགུའི་རང་བཞིན་བཤད་པའོ། །དང་པོ་ནི། ཤེས་པར་བྱ་བ་ཡིན་ནོ། །གང་ཡིན་པར་ན། བྱང་སེམས་ཀྱི་ས་བཅུ་པ་ཆོས་ཀྱི་སྤྲིན་ཡིན་པར་རོ། །ཅིའི་ཕྱིར་དེ་སྐད་བྱ་ན། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། ཞེས་ཏིང་ངེ་འཛིན་དང་གཟུངས་ཀྱི་སྤྲིན་གྱིས་ཐོབ་པའི་རྟེན་ནམ་མཁའ་


JLD017_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ལ་ཁྱབ་པས་ཆོས་ཀྱི་སྤྲིན་ནོ། །གང་ན་གོང་དུ་བཤད་པ་དེ་ལྟར་རམ་དེ་ལྟ་བུའི་ས་དགུ་འདས་པ་སྟེ་དེ་རྣམས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ཡར་ལྡན་དུ་རྫོགས་ནས་སངས་རྒྱས་ཀྱི་ས་བཅུ་པ་དེ་ལ་སྨོན་ལམ་ཤེས་པ་གང་གིས་གནས་པ་དེ་ནིའོ། །སྨོན་ལམ་ཤེས་པ་གང་ན། འདི་ལ་རྒྱན་སྣང་དུ། སངས་རྒྱས་ཀྱི་ས་གང་ལ་ལས་ལ་དབང་བའི་རྟེན་ཉིད་ལ་སོགས་པའི་ཡེ་ཤེས་གང་གིས་གནས་པ་དེ་ནི་ཞེས་དབང་བཞི་པའི་རྟེན་གྱི་ཡེ་ཤེས་ལ་གསུངས་ལ། ཚིག་གསལ་ལས། སྨོན་ལམ་ཤེས་པས་གནས་པ་ཞེས་བྱ་བ་ནི་ད་དུང་ངོ་བོ་ཉིད་ཀྱི་བྱང་ཆུབ་ཆེན་པོ་མ་ཐོབ་ཏུ་ཟིན་ཀྱང་སྨོན་ལམ་གྱི་མཐུས་ནི་དགའ་ལྡན་གྱི་གནས་ནས་འབབ་པ་ལ་སོགས་པའི་མཛད་པ་བཅུ་གཉིས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བའི་སྦྱོར་བ་ཤེས་པས་གནས་པའོ་ཞེས་སྨོན་ལམ་གྱི་མཐུས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འཚང་རྒྱ་བའི་ཐབས་ཤེས་པ་ལ་བཤད་ནས། དེ་ལྟ་ན་ས་བཅུ་པའི་མདོ་ལས། ས་དང་པོ་ལ་ཡང་སྨོན་ལམ་གྱི་མཐུས་ནི་འཚང་རྒྱ་བར་གསུངས་པའི་ཕྱིར་ཇི་ལྟར་ན་དེ་ཡང་སངས་རྒྱས་ཀྱི་སར་མི་བགྲང་ཞེ་ན། དེར་སངས་རྒྱ་བ་ནི་བརྒྱ་ལ་སོགས་པའི་གྲངས་ཀྱིས་དམན་པའི་ཕྱིར་འདི་དང་ག་ལ་མཉམ་ཞེས་རྩོད་པ་སྤོང་ངོ༌། །འོ་ན་ས་འདི་ལ་བསྟན་བཅོས་སུ་སངས་རྒྱས་ཀྱི་ས་ཞེས་བརྗོད་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་མི་བྱ་བ་ཅི་ཞེ་ན།


JLD017_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཅུ་པའི་བྱང་སེམས་ལ་སངས་རྒྱས་ཁོ་ནར་བརྗོད་པར་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་མདོ་ལས་འབྱུང་བའི་ཕྱིར་དེ་དང་མཐུན་པར་མཛད་དོ། །དེ་ལྟར་སྦྱར་ན་ལུང་འདི་ཤེས་བྱེད་དུ་འགྲིག་གོ །གང་དག་བྱང་སེམས་ཀྱི་ས་བཅུ་པ་ཡིན་ན་སངས་རྒྱས་ཀྱི་སར་འགལ་ཞེས་པའི་ལན་དུ་ས་བཅུ་པ་ལ་ནི་བྱང་སེམས་སངས་རྒྱས་ཀྱི་ས་ལ་ཞུགས་པས་སངས་རྒྱས་ཁོ་ནར་བརྗོད་པར་བྱའི། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་མ་རྫོགས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་ཉི་ཁྲི་ལས་འབྱུང་བའི་ཕྱིར། སངས་རྒྱས་ཀྱི་སར་འཐད་དེ་ཞེས་གསུངས་པ་ལ་ནི། ཚིག་སྔ་མའི་ཁོ་ནའི་རྣམ་བཅད་ཚིག་ཕྱི་མ་འདི་ས་བཅུ་པ་དང་སངས་རྒྱས་ས་མི་འགལ་བའི་ཤེས་བྱེད་དུ་ཇི་ལྟར་འགྲིག །མདོ་གང་ལས་ན་རྒྱན་སྣང་དུ། ཉི་ཁྲི་ལས་གསུངས་སོ་ཞེས་པ་ནི་ཚིག་སྔ་མ་དངོས་དང་ཕྱི་མའི་དོན་ཡོད་པ་ལ་དགོངས་ཏེ། དོན་ཡོད་པའི་རྒྱུ་མཚན་ཡང་མདོ་དེར་སངས་རྒྱས་ཀྱི་ས་ལ་གནས་པ་དང༌། དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་གསུངས་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྒྲ་མ་སྦྱར་ལ། དེའི་དགོངས་པ་ཡང་དཔྱད་ན་སྟོབས་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་མ་རྫོགས་པ་ལ་འདོད་དགོས་པས་སོ། །དེ་ལྟར་ཡང་ཉི་སྣང་དུ། བྱང་ཆེན་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་བྱ་བ་ནི་


JLD017_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་བརྙེས་པའི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ཡོད་པ་དགོངས་པ་ཡིན་ནོ། །སྡེ་པ་གཞན་དག་ལས་ཀྱང༌། དེ་བཞིན་གཤེགས་པ་ཞེས་བརྗོད་པར་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ནི་བརྗོད་པར་མི་བྱའོ་ཞེས་བཤད་དོ་ཞེས་སོ། །འོ་ན་ས་བཅུ་པ་འདི་སངས་རྒྱས་དང་དེ་བཞིན་གཤེགས་པ་དངོས་ཡིན་ནམ་ཞེ་ན། འདི་ལ་ཁ་ཅིག་སངས་རྒྱས་དངོས་ཡིན་ཀྱང་རྫོགས་པའི་སངས་རྒྱས་མ་ཡིན་པ་སྔར་གྱི་ལུང་དོན་དུ་འདོད་ཀྱང༌། ས་འདིར་སངས་རྒྱས་དང་ཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་དུ་མཚུངས་པ་ཐོབ་པའི་ཕྱིར་སངས་རྒྱས་དང་དེ་བཞིན་གཤེགས་པ་ཞེས་གསུངས་ཀྱི་དེ་དག་གིས་བརྙེས་པའི་སྤངས་རྟོགས་མ་ཐོབ་པའི་ཕྱིར་དངོས་མིན་ཏེ། ཉི་སྣང་ལས། ས་བཅུ་པ་ལ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དོན་ཅི་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པའི་མཛད་པས་ཉེ་བར་གནས་པ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བརྗོད་ཀྱི་དེ་བཞིན་གཤེགས་པའི་ཐུགས་སུ་ཆུད་པས་ནི་མ་ཡིན་ནོ། ཞེས་དང༌། རྣམ་འགྲེལ་ལས་ཀྱང་དེ་ལྟར་རོ། །དེ་ལྟར་ན་འདི་གཉིས་དང་ཤཱནྟི་རད་ཀིར་ཆོས་བཤེས་རྣམས་ཀྱིས་སངས་རྒྱས་དངོས་མིན་པར་གསལ་པོར་བཤད་དོ། །དེ་གཉིས་དངོས་མིན་པར་མཚུངས་བཞིན་དུ་སངས་རྒྱས་དང་དེ་བཞིན་གཤེགས་


JLD017_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བཏགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་མ་གསུངས་པ་ནི་ཕྲིན་ལས་མཉམ་པ་དང་སྤངས་རྟོགས་མི་མཉམ་པར་བསྟན་པའི་ཕྱིར་རོ། །གཉིས་པ་ནི། འདའ་བྱ་ས་དགུ་གང་ཞེ་ན། ཉན་ཐོས་ལ་སོགས་པའི་བྱང་ཆུབ་འཐོབ་པའི་རིགས་སུ་དང་པོར་ངེས་པའི་རིགས་ནི་རིགས་ཀྱི་ས་དང་འདིར་ཉན་ཐོས་ཀྱི་སོགས་པས་གང་བསྡུས་པ་དང་ས་འདི་གང་ལ་བྱེད་ན། ཤཱནྟིས་མྱ་ངན་ལས་འདའ་བའི་རིགས་ཅན་ནི་རིགས་ཀྱི་སའོ་ཞེས་པ་ཙམ་ལས་མ་བཤད་ཅིང་གྲགས་ཆར་ཡང་ངོ༌། །ཟླ་འོད་དུ་དེ་ལ་རིགས་ཀྱི་ས་ནི་མྱ་ངན་ལས་འདའ་བའི་རིགས་ཅན་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སོ། །ཁ་ཅིག་ཏུ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་གསུམ་ནི་དཀར་པོ་རྣམ་པར་མཐོང་བའི་ས་ལ་རིགས་ཀྱི་ས་ནི་ཆོས་མཆོག་གི་གནས་སྐབས་སོ་ཞེས་རྣམ་པར་བཞག་སྟེ་དེ་འདིར་སྒྲུབ་པར་མི་བྱའོ་ཞེས། རང་ལུགས་སྦྱོར་ལམ་ལ་རིགས་ཀྱི་སར་བཞག་ནས་གཞན་ལུགས་བཀག་གོ །གནོད་འཇོམས་ཆེ་ཆུང་གཉིས་སུ་སྐབས་འདིར་རིམ་པ་ལྟར་མོས་སྤྱོད་དང་བཟོད་པ་ཆེན་པོ་དང་དྲོད་རྩེ་དང་བཟོད་མཆོག་གཉིས་ལ་རིམ་པ་ལྟར་དཀར་པོ་རྣམ་པར་མཐོང་བ་དང་རིགས་ཀྱི་སར་བཤད་ནས། ཆུང་བ་ལས་དང་པོར་རྣམ་པར་བྱང་བའི་ཆོས་དཀར་པོ་མཐོང་བའི་ཕྱིར་དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱའོ་ཞེས་སོ། །རིགས་ཀྱི་ས་འདི་བྱང་ཆུབ་གསུམ་གའི་


JLD017_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་འབུམ་གྱི་གནོད་འཇོམས་ལས། མོས་པས་སྤྱོད་པའི་ས་ལ་དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་ལ་གནས་པའི་ཚེ་བྱང་ཆུབ་གསུམ་གྱི་རིགས་དང་ལྡན་པའི་ཕྱིར་རིགས་ཀྱི་ས་ཞེས་བྱའོ་ཞེས་བཤད་དོ། །དེ་ལྟར་སྣ་ཚོགས་པ་ཞིག་ཡོད་ཀྱང༌། འཕགས་པ་དང་སློབ་དཔོན་གཉིས་ཀས་སོགས་ཀྱི་སྒྲ་སྦྱར་བའི་དོན་ནི་རང་རྒྱལ་དང་ཐེག་ཆེན་གཉིས་ཀ་སྡུད་པ་ཡིན་ལ། རིགས་ཀྱི་ཞེས་པ་ཡང་ཚོགས་དང་མོས་སྤྱོད་ཀྱི་སར་རྟོགས་པ་གང་སྐྱེས་ནས་རང་གི་བྱང་ཆུབ་མ་ཐོབ་བར་དུ་གཞན་དུ་མི་ལྡོག་པ་ནས་བཟུང་དགོས་པས་དེ་ལྟར་བྱས་ན་ཉན་ཐོས་ལ་གཉིས་ལས་ཞི་བ་བགྲོད་པ་ནི་ཚོགས་ལམ་ནས་ངེས་པས་དེ་ནས་ཆོས་མཆོག་ཕྱིན་ཆད་ལ་བཟུང་སྟེ་མཐོང་ལམ་ནས་བརྒྱད་པའི་ས་ལ་སོགས་པར་འགྱུར་བས་སོ། །བྱང་ཆུབ་ཏུ་འགྱུར་བ་ནི་མ་ངེས་པ་ཡིན་པས་མི་བགྲང་ངོ༌། །རང་རྒྱལ་ལ་གཉིས་ལས་བསེ་རུ་ལྟ་བུ་སྔར་དང་འདྲ་ལ། ཚོགས་དང་སྤྱོད་པ་ནི་མ་ངེས་པའོ། །ཐེག་ཆེན་ལ་དབང་པོ་ཤིན་ཏུ་རྣོ་ན་ཚོགས་ལམ་ནས་ངེས་པས་དེ་ནས་ཆོས་མཆོག་ཕྱིན་ལ་བྱ་ཞིང་འབྲིང་རྟུལ་ནི་དེར་མ་ངེས་སོ། །འབྲས་བུ་དང་པོ་རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པའི་རྟོགས་པ་ནི། བརྒྱད་པའི་ས་སྟེ། དགྲ་བཅོམ་ནས་ཡས་བགྲངས་ན་གྲངས་བརྒྱད་པ་ལ་འབབ་པས་སོ། །ཞུགས་པ་དང་པོ་སྦྱོར་ལམ་ནས་འཛིན་ན་མཐོང་ལམ་གྱིས་


JLD017_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཁྱབ་ཅིང་སྒྲ་བཤད་དང་བསྟུན་ན་ཅིག་ཅར་བའི་ཞུགས་པ་ལ་སྒྲའི་དོན་མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཙམ་གྱི་རྟོགས་པ་ནི། མཐོང་བའི་ས་སྟེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་གང་ཟག་ལ་བདག་མེད་པ་མཐོང་བས་སོ་ཞེས་འཆད་དོ། །ཡང་ན་བདེན་པ་བཞི་མཐོང་བ་ཡོངས་སུ་རྫོགས་པའི་དང་པོ་ཡིན་པས་སོ་ཞེས་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཙམ་གྱིས་རྟོགས་པ་ནི་བསྲབས་པའི་ས་སྟེ། འདོད་ཉོན་གྱི་སུམ་གཉིས་སྤངས་པས་སོ། །ཕྱིར་མི་འོང་བའི་འབྲས་བུ་ཙམ་གྱི་རྟོགས་པ་ནི། འདོད་ཆགས་དང་བྲལ་བའི་ས་སྟེ། འདོད་པ་ལ་ཆགས་པ་དང་བྲལ་བས་སོ། །དགྲ་བཅོམ་པའི་རྟོགས་པ་ནི་བྱས་པ་རྟོགས་པའི་ས་སྟེ། རང་ལམ་གྱི་བྱ་བ་རྫོགས་པར་བྱས་པར་རྟོགས་པས་སོ། །དེ་ལྟར་ས་དྲུག་གོ །ཞུགས་པ་དང་པོའི་ལྷག་མ་ཞུགས་པ་ཕྱི་མ་གསུམ་གྱི་རྟོགས་པ་གཅིག་ཏུ་བསྡུས་པ་ནི་ཉན་ཐོས་ཀྱི་སའོ། །ཉན་ཐོས་ཀྱི་སའི་དོན་དེ་ཡིན་པར་ཅིས་ཤེས་ཤེ་ན། ཉན་ཐོས་ཀྱི་ས་ཞེས་པ་ཁྱད་པར་གྱི་ཚིག་དང་མ་འབྲེལ་བས་སྤྱིའི་སྒྲ་ཡིན་ལ། དེ་ཡང་བྱེ་བྲག་ལ་འཇུག་པ་མི་འགལ་བས་སོ། །མི་འགལ་མོད་དེ་གསུམ་ལ་འཇུག་པ་ཅིས་ཤེས་ཞེ་ན། སྐབས་ཀྱི་ས་ཏེ་ཉན་ཐོས་ཀྱི་ཞུགས་གནས་ཀྱི་རྟོགས་པ་གང་རུང་ལ་བཤད་དགོས་ཤིང་གསུམ་པོ་དེ་མ་གཏོགས་པ་རྣམས་ལས་རེ་རེ་བཤད་ཟིན་པའི་ཕྱིར་རོ། །དེས་ན་ལྷག་མར་གྱུར་པའི་ཕྱིར་ཡང་གོ་ནུས་སོ། །འོ་ན་ས་གོང་


JLD017_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཕྱོགས་གཅིག་དང་ལྷག་མ་ལྔ་ཉན་ཐོས་ཀྱི་ས་ཡིན་བཞིན་དུ་གུད་དུ་སྨོས་པ་ཅི་ཞེ་ན། སྐབས་འདིར་ཐེག་གསུམ་གྱི་ཚུལ་གྱི་རྣམ་གཞག་གསལ་བར་མཛད་དགོངས་ནས་ཉན་ཐོས་ཀྱི་ས་ཞེས་གསུངས་སོ། །མདོར་ན་དེའི་མིང་མ་སྨོས་ན་གོང་མ་ལ་སའི་མིང་འདོགས་མི་འདྲ་བ་རེ་རེ་ཡོད་པས་ཐེག་པ་གསུམ་རྣམ་པར་བཞག་པར་གོ་དཀའ་ལ་དེ་སྨོས་ན་རང་རྒྱལ་དང་བྱང་སེམས་ཀྱི་ས་ཞེས་ཀྱང་སྨོས་པས་རྣམ་གཞག་དེ་གོ་སླ་ཞེས་པ་སྟེ། ཉི་སྣང་ལས། ཉན་ཐོས་ཀྱི་ས་ནི་ཐེག་པ་གསུམ་གསལ་བར་རྣམ་པར་བཞག་པ་ལ་དགོངས་པ་སྟེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཞེས་པ་འདི་ནི་ས་རྣམ་པར་བཞག་པའི་ཚིག་བླ་དྭགས་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། ཞེས་སོ། །ཐེག་གསུམ་གྱི་རྣམ་གཞག་བྱས་པའི་དགོས་པ་ཡང་ས་བཅུ་པར་དེ་གསུམ་གྱི་ཡོན་ཏན་རྣམས་ཡར་ལྡན་དུ་འདུས་པར་ཤེས་པའི་ཆེད་དོ། །དེ་ལྟར་སློབ་དཔོན་འདིས་ཞུགས་གནས་དེ་དག་རིམ་གྱིས་པ་ལ་མཛད་པར་མངོན་པས་དེའི་ལུགས་ལ་འབྲས་བུ་དང་པོ་གསུམ་ཁྱད་པར་ཅན་ལ་གནས་པ་ནི་ཞུགས་པ་ལྷག་མ་གསུམ་ཡིན་པས་འབྲས་གནས་ཙམ་པོར་བཤད་ཀྱི་ཐོད་རྒལ་བ་དང་ཅིག་ཅར་བ་ཡང་སྡུད་ན་སྐབས་དང་སྦྱར་ལ་བཤད་དོ། །ཤཱནྟིས་སྔར་གྱི་དྲུག་པོ་ཉིད་དང་ཟླ་འོད་དུ་དྲུག་པོ་དེ་དང༌། ཞུགས་པ་གསུམ་གྱི་རྟོགས་པ་ལ་ཉན་ཐོས་ཀྱི་སར་བཤད་དོ། །རང་སངས་རྒྱས་བསེ་རུ་


JLD017_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་དང་ཚོགས་དང་སྤྱོད་པའི་རྟོགས་པ་ནི་རང་སངས་རྒྱས་ཀྱི་ས་དང༌། གོང་དུ་ཇི་སྐད་བཤད་པའི་བྱང་སེམས་ཀྱི་ས་དགུ་པོ་གྲངས་གཅིག་ཏུ་བྱས་པ་ཁོ་ན་སྟེ་དགུའོ། །འདི་དག་ཀྱང་མདོ་ལས་བྱང་ཆེན་ཐབས་མཁས་པས་ཕར་ཕྱིན་རྣམས་ལ་སྤྱོད་པ་དང་ཞེས་པ་ནས་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པའི་ཚེ། རིགས་ཀྱི་ས་དང་བརྒྱད་པའི་ས་དང་མཐོང་བའི་ས་དང་བསྲབས་པའི་ས་དང་འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རྟོགས་པའི་ས་དང༌། ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་དང་བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་ཏེ། རབ་འབྱོར་དེ་ལྟར་བྱང་ཆེན་ས་དགུ་ལས་ཡོངས་སུ་འདས་ནས་སངས་རྒྱས་ཀྱི་ས་ལ་གནས་པ་སྟེ་རབ་འབྱོར་འདི་ནི་བྱང་ཆེན་གྱི་ས་བཅུ་པའོ། ཞེས་པ་སྟེ་འདས་ཏེ་ཞེས་པ་ཡན་ཆད་ཀྱི་དོན་ནི་ཉན་ཐོས་ལ་སོགས་པ་ནས་གཅིག་ཁོ་ན་སྟེ་ཞེས་པའི་བར་དང༌། མདོ་ལྷག་མའི་དོན་དེ་ལྟར་ས་དགུ་སོགས་ཀྱི་དོན་ནོ། །ཉི་སྣང་དང་ལེ་བརྒྱད་མར་མདོ་དྲངས་པ་ལ་ཐོག་མ་རིགས་ཀྱི་ས་ལ་མཛད་ནས་དཀར་པོ་རྣམ་མཐོང་མ་བགྲངས་ཤིང་མདོ་གཞན་ལས་དཀར་པོ་རྣམ་མཐོང་ཞེས་འབྱུང་ངོ༌། །འདིའི་ཁྱད་པར་ནི་རྗེ་བཙུན་གྱིས་ས་དགུ་ཞེས་གསུངས་པས་དེ་བགྲངས་ན་བཅུར་འགྱུར་བས་མ་དག་པར་དགོངས་པའམ་ཡང་ན་དེ་རིགས་ཀྱི་སར་འདུག་པར་དགོངས་སོ། །སྐབས་འདིའི་ས་དགུ་འདྲེན་པའི་རྒྱན་འགྲེལ་རྣམས་ལ་ཉན་ས་དོར་ནས་དཀར་པོ་རྣམ་མཐོང་རྗེས་འབྲང་


JLD017_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་མོས་སྤྱོད་ལ་བྱས་ནས་གཅིག་ཏུ་འདྲེན་པ་རྣམ་འགྲེལ་མ་གཏོགས་པ་མེད་དོ། །གསུམ་པ་ལ་གསུམ་ལས། དང་པོ་ནི། གཉེན་པོའི་ཚོགས་སྟེན་པ་ལ་བར་སྐབས་ཀྱི་ཚིགས་བཅད་གཅིག་གསུངས་སོ། །གཉིས་པ་ནི། མཐོང་དང་གོམས་པ་སྒོམ་པའི་ལམ་དག་ལ་གཉེན་པོ་རྣམ་པ་བརྒྱད་ཡོད་པར་ཤེས་པར་བྱའོ། །དེ་དག་སྤང་བྱ་གང་སྤང་བའི་དོན་དུ་ཡིན་ནོ། །དངོས་པོ་ཙམ་དང༌། གཉེན་པོ་ལ་བརྟེན་པའི་གཟུང་བའི་རྣམ་རྟོག་གཉིས་དང༌། གང་ཟག་རྫས་སུ་ཡོད་པ་དང༌། སྐྱེས་བུ་བཏགས་པར་ཡོད་པ་ལ་བརྟེན་པའི་འཛིན་པའི་རྣམ་རྟོག་གཉིས་རྣམས་མཐོང་སྒོམ་ལ་སོ་སོར་ཉེ་བར་ཞི་བར་བྱ་བའི་ཕྱིར་དུའོ། །རྟོག་པའི་མིང་འདོགས་འདི་རྒྱན་སྣང་ཟླ་འོད་ཤཱནྟི་གྲགས་ཆ་རྣམས་སུ་འབྱུང་ལ། ཉི་སྣང་ལས་མཐོང་སྤང་འདི་དང་འདྲ་ཞིང་སྒོམ་སྤང་ལ་དངོས་པོ་ཙམ་དང༌། གཉེན་པོའི་རྣམ་པ་ལ་བརྟེན་པ་དང༌། འཕགས་པའི་གང་ཟག་ཐམས་ཅད་དུ་བཏགས་པ་དང༌། བཏགས་པ་དེའི་རྒྱུ་མཚན་ལ་བརྟེན་པ་ཞེས་པའི་བརྡ་མཛད་དོ། །འདིར་རྣམ་པ་ལ་བརྟེན་པ་ནི་མཐོང་སྤང་ལས་ཕྲ་བར་སྟོན་པའོ་ཞེས་གསུངས་སོ། །མཐོང་སྤང་གི་རྟོག་པ་བཞིའི་དང་པོ་ནི་དྲི་བ་གསུམ་པའི་ལན་དུ་མི་དམིགས་པའི་ཚུལ་གྱིས་ཁམས་གསུམ་ནས་ངེས་པར་འབྱུང་ཞིང་རྣམ་མཁྱེན་དུ་གནས་པར་གསུངས་པའི་འཐད་པར་ཐེག་ཆེན་དང་རྣམ་མཁྱེན་གཉིས་ལ་ལྡན་མི་ལྡན་


JLD017_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཀག་ནས་རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། ཞེས་ཏེ། དེ་ལ་གཟུང་བའི་དངོས་པོར་མི་དམིགས་པ་ནི་གཉེན་པོའོ། །གཉིས་པ་ནི། ཕར་ཕྱིན་ནས་མ་འདྲེས་པའི་བར་ལ་སྔར་བཞིན་ཏེ། རྣམ་བྱང་འདི་དག་ལ་གཟུང་བྱའི་དངོས་པོར་མི་དམིགས་པ་ནི་གཉེན་པོའོ། །གསུམ་པ་ནི། དགྲ་བཅོམ་རང་རྒྱལ་བྱང་སེམས་དེ་བཞིན་གཤེགས་པ་རྣམས་ལ་སྔར་བཞིན་ཏེ། དགྲ་བཅོམ་སོགས་ལ་གང་ཟག་གི་རྫས་སུ་མི་དམིགས་པ་ནི་གཉེན་པོའོ། །བཞི་པ་ནི། མིང་མཚན་མ་བརྡ་ཐ་སྙད་རྣམས་ལ་སྔར་བཞིན་དེ་མིང་ལ་སོགས་པར་བཏགས་པའི་གཞི་ལ་བཏགས་པར་མི་དམིགས་པ་ནི་གཉེན་པོའོ། །སྒོམ་སྤང་བཞིའི་དང་པོ་ནི། དྲི་བ་བཞི་པའི་ལན་དུ་ཐེག་པ་ཆེན་པོ་དེས་གང་དུ་གནས་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་ཆོས་ཐམས་ཅད་ནི་མི་གནས་པ་སྟེ། རབ་འབྱོར་འོན་ཀྱང་ཐེག་པ་ཆེན་པོ་དེ་ནི་མི་གནས་པའི་ཚུལ་གྱིས་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཆོས་ཀྱི་དབྱིངས་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ་ཞེས་ཆོས་དབྱིངས་སོགས་གནས་པ་དང་མི་གནས་པ་མེད་པ་དང་འདྲ་བར་གཟུང་བྱའི་དངོས་པོར་ཡང་དེ་ལྟར་མི་དམིགས་པ་ནི་གཉེན་པོའོ། །


JLD017_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། དྲི་བ་ལྔ་པའི་ལན་དུ་ཐེག་པ་དེས་གང་ཡང་ངེས་པར་འབྱུང་བར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་ཆེན་པོ་དེ་གང་ཡིན་པ་དང༌། གང་ངེས་པར་འབྱུང་བར་འགྱུར་བ་དང་གང་གིས་ངེས་པར་འབྱུང་བར་འགྱུར་བ་དང༌། གང་ནས་ངེས་པར་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པའི་ཕྱིར་ཏེ། དེ་ལྟར་ཆོས་ཐམས་ཅད་མེད་ཅིང་མི་དམིགས་ན། ཆོས་གང་ཞིག་ཆོས་གང་གིས་ངེས་པར་འབྱུང་བར་འགྱུར་ཞེས་ཕར་ཕྱིན་སོགས་གཉེན་པོ་ལ་གཟུང་བྱའི་དངོས་པོར་མི་དམིགས་པ་ནི་གཉེན་པོའོ། །གསུམ་པ་ནི། མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་རྒྱུན་དུ་ཞུགས་པ་དམིགས་སུ་མེད་དོ་ཞེས་པ་ནས་སངས་རྒྱས་ཀྱི་བར་བདུན་ལ་དེ་བཞིན་དུ་སྦྱར་ནས་རྒྱུན་ཞུགས་སོགས་ཀྱི་གང་ཟག་གི་རྫས་མི་དམིགས་པ་ནི་གཉེན་པོའོ། །བཞི་པ་ནི། མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་མི་དམིགས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་དམིགས་སུ་མེད་དོ་ཞེས་གསུངས་ནས་དེ་བཞིན་དུ་སངས་རྒྱས་སའི་བར་ལ་སྦྱར་ནས་གསུངས་ཏེ་ཞུགས་གནས་ཀྱི་འཕགས་པར་གདགས་པའི་གཞི་མི་དམིགས་པ་ནི་གཉེན་པོའོ། །གསུམ་པ་ནི། ལམ་གཞན་གྱིས་རྟོག་པ་འདི་དག་གཏན་ཞི་བར་མི་ནུས་པས་མཐོང་སྒོམ་གྱི་ལམ་གཉིས་པོ་ཁོ་ནའི་གནས་


JLD017_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་ཁྱད་པར་དབྱེ་གཞིའོ། །ཁྱད་པར་དེ་ཡང་ཚིག་གསལ་ལས། ལམ་གཉིས་ཀྱི་མཉམ་གཞག་ཁོ་ན་ཡིན་གྱི། མཐོང་ལམ་སྐད་ཅིག་མ་བརྒྱད་པ་ལྟ་བུ་ཀུན་རྫོབ་བདེན་པ་ལ་དམིགས་པ་རྣམས་མིན་པ་དང༌། སྒོམ་ལམ་ལ་ཡང་ཟག་མེད་ཀྱི་སྒྲུབ་པ་སྒོམ་ལམ་འཆད་པ་ནི་མཉམ་གཞག་དགོས་པའི་ཞིབ་ཆ་རུང་ཡང༌། ལམ་ཤེས་སུ་རྣམ་དག་སྒོམ་ལམ་ཁམས་གསུམ་གྱི་རྣམ་རྟོག་དགུ་འཇོམས་བྱེད་དུ་གསུངས་པའི་ཕྱིར་སྒྲུབ་པ་སྒོམ་ལམ་ཁོ་ནར་འདོད་པ་མི་འཐད་དོ། །དབྱེ་ངོ་ནི་སྤང་བྱ་མི་མཐུན་པའི་ཕྱོགས་ཀྱི་དབྱེ་བས་ཕྱེ་ན་གཉེན་པོ་རྣམ་པ་བརྒྱད་དོ། །འབྱེད་པའི་རྒྱུ་མཚན་ནི། གཟུང་བ་དང་འཛིན་པར་རྣམ་པར་རྟོག་པའི་རྟོག་པ་བརྒྱད་ཉེ་བར་ཞི་བར་བྱ་བའི་ཕྱིར་ཏེ། གཟུང་བའི་རྣམ་རྟོག་ཀུན་ནས་ཉོན་མོངས་པའི་དངོས་པོ་ཙམ་སྟེ་རྣམ་བྱང་མ་འདྲེས་པ་དང༌། གཉེན་པོའི་རྟེན་ཅན་ཏེ་ཡུལ་ཅན་གཉིས་དང༌། འཛིན་པའི་རྣམ་རྟོག་གང་ཟག་རྫས་སུ་ཡོད་པ་དང༌། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཏེ་ཡུལ་ཅན་བཞི་པོ་དེ་མཐོང་ལམ་དང་སྒོམ་ལམ་སོ་སོར་ཏེ་རེ་རེ་ལ་བཞི་བཞི་སྤོང་བས་སོ། །གཉེན་པོ་བརྒྱད་པོ་དེ་མདོ་ལས་ཇི་ལྟར་བསྟན་ཞེ་ན། ཁམས་གསུམ་ནས་མི་དམིགས་པའི་ཚུལ་གྱིས་བྱང་སེམས་ངེས་པར་འབྱུང་ཞིང་རྣམ་མཁྱེན་དུ་གནས་པར་འགྱུར་རོ་ཞེས་པའི་ཚིག་བཞིས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པ་སྟེ་ལྟོས་ནས་དེ་བཞི་ཡོད་པར་བསྟན་པས་གཉེན་པོ་བཞི་ཚན་དང་པོ་བསྟན་པར་མངོན་དུ་བྱ་བ་སྟེ་


JLD017_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བྱའོ། །དེ་ནས་སྔར་གྱི་བྱ་བ་བཞི་བཀག་པ་བརྗོད་པའི་ཚིག་བཞིས་དོན་དམ་པའི་བདེན་པ་ལ་བརྟེན་པ་སྟེ་ལྟོས་ནས་དེ་བཞི་མེད་པར་བསྟན་པས་བཞི་ཚན་ཕྱི་མ་བསྟན་པར་མངོན་དུ་བྱ་བ་སྟེ་རྟོགས་པར་བྱའོ། །འདི་ནི་བརྒྱད་སྟོང་པའི་རྗེས་སུ་འབྲངས་ནས་རྒྱན་སྣང་དུ་བཀོད་པ་ལྟར་ཡིན་ལ་དེ་ལྟར་སྟོན་པ་ཡང་དེ་གཉིས་ལ་དམན་མཆོག་གམ་རགས་ཕྲ་གཉིས་ཡོད་པ་ལ་དགོངས་སོ། །གལ་ཏེ་གཉེན་ཚོགས་ལམ་གཉིས་ཀྱི་བདག་ཉིད་དུ་སྟོན་པ་ན་དེ་སའི་ཚོགས་སུ་འདུས་པས་དེ་ལས་ལོགས་སུ་བཤད་པ་དོན་མེད་ཅེ་ན། གཉེན་ཚོགས་ལམ་གཉིས་ཀྱི་བདག་ཉིད་དུ་གྱུར་པར་མ་བསྟན་ན་དེ་གཉིས་ལས་ལོགས་ན་ཡོད་དམ་སྙམ་པའི་དོགས་པ་སྲིད་པས་དེ་སྤང་བར་བྱ་བའི་ཕྱིར་ཡིན་ནོ་ཞེས་གསུངས་སོ། །བཞི་པ་ལ་གསུམ་ལས། དང་པོ་ནི་ཚོགས་སྒྲུབ་ཀྱི་སྐབས་སུ་བསྟན་པ་དེ་ལྟར་རིམ་པ་དེ་བཞིན་དུ་ཚོགས་བསགས་པ་ནི་འབྱུང་ས་མཐར་ཐུག་ཏུ་ངེས་པར་འབྱུང་བས་དེའི་འོག་ཏུ་བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ་སྟོན་ཏོ། །མདོའི་འབྲེལ་ནི། ཐེག་ཆེན་གྱི་མཚན་ཉིད་སྔར་གསུངས་པ་དང་འཆད་འགྱུར་རྣམས་ལ་ཅིའི་ཕྱིར་ཐེག་ཆེན་ཞེས་བྱ་སྙམ་པའི་ཁོང་གནས་ཀྱི་དྲི་བའི་ལན་དུ་གསུངས་པ་ཤཱནྟིའི་དགོངས་པར་གནས་སོ། །གཉིས་པ་ནི། གྲངས་རྣམ་པ་བརྒྱད་ཀྱི་བདག་ཉིད་འདི་ནི་ངེས་འབྱུང་སྒྲུབ་པ་ཡིན་པར་ཤེས་པར་བྱའོ། །ཇི་ལྟར་བརྒྱད་ཡིན་


JLD017_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡུལ་ལམ་འབྱུང་ས་བརྒྱད་ཡོད་པས་སོ། །དེ་ཡང་གཙོ་བོ་ཡིན་པའི་ཕྱིར་དང་པོར་ཆེད་དུ་བྱ་བ་གསུམ་དུ་འབྱུང་བ་བཤད་དེ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བ་དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ། ཞེས་སོ། །འདིར་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་གཟུང་འཛིན་མེད་པ་བཞིན་དུ་དེར་ལོག་པར་སྣང་བའི་རང་བཞིན་ཁམས་གསུམ་པའི་འཇིག་རྟེན་རྣམས་བདེན་མེད་དུ་རྟོགས་པས་ཟིལ་གྱིས་མནན་ཏེ་བགྲོད་བྱའི་གནས་ཆེན་པོ་གསུམ་དུ་ངེས་པར་འབྱུང་བའི་ཕྱིར། ཐེག་ཆེན་ནོ་ཞེས་བརྗོད་དོ། །མཉམ་པ་ཉིད་རྟོགས་པ་མེད་པར་ཆེད་དུ་བྱ་བར་འབྱུང་མི་ནུས་པས་མཉམ་པ་ཉིད་དུ་ངེས་པར་འབྱུང་བ་སྟེ། ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ་ཞེས་སོ། །འདིར་ནམ་མཁའ་ལྟ་བུའི་མཉམ་པ་ཉིད་ཀྱི་སྟོང་ཉིད་རྟོགས་པའི་ཡེ་ཤེས་དྲི་མེད་ཀྱིས་ཤེས་བྱ་མཐའ་དག་ལ་ཁྱབ་པར་བྱེད་པའི་ཕྱིར་ཐེག་ཆེན་ནོ་ཞེས་འབྱུང་ས་བསྟན་པས་འབྱུང་བྱེད་ཀྱང་བསྟན་ཏོ། །སེམས་ཅན་གྱི་དོན་བྱས་པའི་སྒོ་ནས་བསོད་ནམས་མ་བསགས་པར་མཉམ་ཉིད་དུ་རྟོགས་པར་ངེས་པར་མི་འབྱུང་བས་སེམས་ཅན་ཐམས་ཅད་ཀྱི་ཐོབ་བྱའི་དོན་དུ་ངེས་པར་འབྱུང་བ་སྟེ། དཔེར་ན་ནམ་མཁའ་སེམས་ཅན་གཞལ་དུ་མ་མཆིས་གྲངས་དང་ཚད་མ་མཆིས་པའི་གོ་སྐབས་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་


JLD017_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་ཡང་སེམས་ཅན་ནས་འབྱེད་དེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆེན་རྣམས་ཀྱི་ཐེག་པ་ཆེན་པོ་ལགས་སོ་ཞེས་སོ། །འདིར་ཐེག་ཆེན་ལ་སེམས་ཅན་ཚད་མེད་ཐར་ལམ་དུ་འཁྲིད་པའི་གོ་སྐབས་ཡོད་པར་བསྟན་པས་དེས་དེ་དག་གི་དོན་དུ་ངེས་པར་འབྱུང་བར་བསྟན་ཏེ། གཞན་དུ་ན་དོན་བྱ་བས་སྟོང་པས་གོ་སྐབས་དེ་ཡང་ཡོད་པར་མི་འགྱུར་རོ། །འབད་མེད་དུ་འབྱུང་བ་མེད་ན་སེམས་ཅན་གྱི་དོན་དུ་འབྱུང་བ་རྫོགས་པར་མི་འགྱུར་བས་འབད་མེད་ལྷུན་གྱིས་གྲུབ་པར་ངེས་པར་འབྱུང་བ་སྟེ། དཔེར་ན་ནམ་མཁའ་ལ་ནི་འགྲོ་བ་མི་མཐོང་འོང་བ་དང་གནས་པ་ཡང་མི་མཐོང་ངོ༌། །དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་འགྲོ་བ་མི་དམིགས་འོང་བ་མི་དམིགས་གནས་པ་མི་དམིགས་སོ་ཞེས་སོ། །འདིར་ཐེག་ཆེན་དེ་ནམ་མཁའ་དང་འདྲ་བར་འགྲོ་འོང་གི་འབད་རྩོལ་དང་བྲལ་བར་བསྟན་པས་དེར་འབྱུང་བྱེད་ཀྱང་བསྟན་ཏོ། །རྟག་ཆད་ཀྱི་མཐའ་དང་བྲལ་བར་འབྱུང་བ་མེད་པར་འབད་མེད་དུ་འབྱུང་བར་མི་འགྱུར་བས་མཐའ་ལས་འདས་པར་ངེས་པར་འབྱུང་བ་སྟེ། དཔེར་ན་ནམ་མཁའ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས་དབུས་མི་དམིགས་སོ། །དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས་དབུས་མི་དམིགས་ཏེ་བཅོམ་ལྡན་འདས་དེ་ལྟར་ན་


JLD017_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱིའོ། ཞེས་སོ། །འདིར་ཐེག་ཆེན་ལ་སྔོན་མཐའ་རྟག་པ་དང་ཕྱི་མཐའ་ཆད་པ་དང་དེ་གཉིས་ཀྱིས་བཞག་པའི་དབུས་ཀྱང་མེད་པར་བསྟན་པས་མཐའ་འདས་མི་གནས་པའི་མྱང་འདས་བསྟན་པས་དེར་འབྱུང་བྱེད་ཀྱང་བསྟན་ཏོ། །ཐེག་གསུམ་སོ་སོའི་ཡོན་ཏན་གྱི་རིགས་རྫོགས་པའི་གནས་སྐབས་ཁྱད་པར་ཅན་དུ་འབྱུང་བ་མེད་པར་མཐའ་འདས་སུ་འབྱུང་བ་མེད་པའི་ཕྱིར་ཐོབ་པའི་མཚན་ཉིད་དུ་འབྱུང་བ་སྟེ། ཐེག་པ་ཆེན་པོ་འདི་ལ་བསླབས་ཤིང་འདས་པའི་བྱང་ཆེན་རྣམས་ཀྱིས་ཀྱང་ཐེག་པ་འདི་ཉིད་ལ་བསླབས་ཤིང་རྣམ་མཁྱེན་ཉིད་ཐོབ་པར་འགྱུར་རོ། ཞེས་སོ། །འདིར་ཐེག་ཆེན་ལ་བསླབས་པས་རྣམ་མཁྱེན་དུས་གསུམ་དུ་ཐོབ་པར་བསྟན་པས་དེའི་ངེས་འབྱུང་བསྟན་ཏོ། །རྣམ་མཁྱེན་དུ་ངེས་འབྱུང་མེད་པར་ཐོབ་པར་ངེས་འབྱུང་མེད་པས་རྣམ་མཁྱེན་དུ་ངེས་འབྱུང་སྟེ། བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཤེས་ཏེ་ཆོས་དེ་དག་ལ་མངོན་པར་ཞེན་པ་མེད་དོ། ཞེས་སོ། །འདིར་ཆོས་ཀྱི་རྣམ་པ་ཐམས་ཅད་མཁྱེན་ཡང་ཞེན་པ་མེད་པའི་རྣམ་མཁྱེན་བསྟན་པས་དེར་འབྱུང་བྱེད་ཀྱང་བསྟན་ཏོ། །རྣམ་མཁྱེན་དུ་འབྱུང་བ་ཡང་ལམ་གྱི་ངེས་འབྱུང་མེད་པར་མེད་པས་ལམ་གྱི་ཡུལ་ཅན་ཏེ་དེ་ཡུལ་དུ་བྱས་ནས་འབྱུང་བའི་སྒྲུབ་པ་སྟེ། ཇི་ལྟར་ན་བྱང་ཆེན་ཕྱིན་དྲུག་ལ་སྤྱོད་པའི་ཚེ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་


JLD017_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕར་ཕྱིན་ནི་འཇིག་རྟེན་པ་ཡང་ཡོད་འཇིག་རྟེན་ལས་འདས་པ་ཡང་ཡོད་ཅེས་སོ། །འདིར་འཁོར་གསུམ་དུ་དམིགས་པ་དང་བྲལ་བའི་ཕྱིན་དྲུག་གིས་བསྡུས་པའི་ཁྱད་པར་གྱི་ལམ་བསྟན་པས་དེར་འབྱུང་བྱེད་ཀྱང་བསྟན་ཏོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་ནི་འཁོར་གསུམ་དུ་དམིགས་པ་ཡོད་མེད་ལ་བཤད་དོ། །ཐ་མའི་ཡུལ་ཅན་ནི་གོང་མ་བདུན་ལ་ཡང་སྦྱར་རོ། །གསུམ་པ་ནི། ངེས་པར་འབྱུང་བའི་སྒྲུབ་པ་ནི་དབྱེ་གཞི། དབྱེ་བའི་ངོ་བོ་རྣམ་པ་བརྒྱད་ཡིན་ནོ། །འབྱེད་པའི་རྒྱུ་མཚན་ནི་ངེས་པར་འབྱུང་བའི་གཞི་རྣམ་པ་བརྒྱད་ཡིན་པས་སོ། །ངེས་པར་འབྱུང་བའི་ཚུལ་ནི་ཆོས་ཐམས་ཅད་ཅིར་ཡང་མི་དམིགས་པར་རྟོགས་པ་ཉིད་ཀྱིས་སོ། །གཞི་བརྒྱད་པོ་གང་ན་ཆེད་དུ་བྱ་བ་གསུམ་སྔར་ཇི་སྐད་བཤད་པ་དང་ཤེས་རབ་ཀྱིས་ཆོས་ཐམས་ཅད་ནམ་མཁའ་ལྟར་མཉམ་པ་ཉིད་དུ་རྟོགས་པ་དང༌། སྙིང་རྗེས་སེམས་ཅན་གྱི་དོན་ཕྱད་པར་རམ་མཐའ་ཡས་པར་བྱེད་པ་དང༌། དེ་གཉིས་ཟུང་དུ་འབྲེལ་བས་འབད་རྩོལ་གྱི་མཚན་མ་མེད་པར་བྱེད་པ་སྟེ་གཞན་དོན་གྱི་བྱ་བ་ཐམས་ཅད་བྱེད་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་པ་དང༌། ཟུང་འཇུག་གི་ལམ་དེས་རྟག་པ་སྔོན་མཐའ་འཁོར་བ་དང་ཆད་པ་ཕྱི་མཐའ་མྱང་འདས་ཀྱི་མཐའ་གཉིས་དང་བྲལ་བར་བྱས་པའི་ངོ་བོའི་གནས་སྐབས་ཀྱི་ཁྱད་པར་མི་གནས་པའི་མྱང་འདས་དང༌། ཡུམ་རྒྱུར་ཡོད་པ་


JLD017_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐེག་པ་གསུམ་གྱི་ཐོབ་བྱའི་དོན་སྤངས་རྟོགས་ཀྱི་རིགས་ཐམས་ཅད་འཐོབ་པ་དང༌། རྣམ་པ་གང་དག་དང་ཞེས་སོགས་སམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྟེན་ཅན་ཞེས་པར་ཇི་སྐད་བཤད་པའི་མི་རྟོག་པའི་ངོ་བོ་ཉིད་ཀྱི་རྣམ་མཁྱེན་དང༌། ཚིག་གསལ་ལས། ཇི་སྐད་བཤད་པ་གཉེན་ཚོགས་ཡན་ཆད་དུ་བཤད་པ་རྣམས་ལ་བྱས་ནས། རྣམ་མཁྱེན་དེར་བཤད་པ་རྣམས་ཡིན་ཏེ་དེ་ཡང་འདུན་ལྡན་སེམས་བསྐྱེད་ལ་སོགས་པ་དང་སྦྱོར་ལམ་ལ་སོགས་པ་ནི་དེའི་རྒྱུ་ཡིན་པས་དེ་སྐད་བྱ་ཞིང༌། ཁ་ཅིག་དེའི་ངོ་བོ་སྟེ་སེམས་བསྐྱེད་པ་བཅུ་དགུ་པ་ལ་སོགས་པའོ་དེ་ལྟར་དེ་དག་མ་ལུས་པ་སྔར་སྦྱངས་པ་དང་ཕྱིས་ཐོབ་པ་ལ་དམིགས་ནས་སྐད་ཅིག་མ་གཅིག་གིས་ངེས་པར་འབྱུང་བ་སྟེ་ཚུལ་འདི་བརྒྱད་ཆར་ལ་སྦྱར་རོ་ཞེས་འཆད་པ་ནི་མི་འཐད་པ་རྟོགས་སླའོ། །རྣམ་མཁྱེན་དེའི་ཁྱད་པར་གྱི་ལམ་སྟེ་དེ་ལྟར་བརྒྱད་དོ། །དེ་ནི་རྣམ་མཁྱེན་གྱི་རྒྱུའི་ལམ་ཁྱད་པར་དུ་གྱུར་པ་བར་ཆད་མེད་རྩེའོ། །གལ་ཏེ་འབྱུང་གཞི་བརྒྱད་པོ་དེ་ལས་མཆོག་ཏུ་གྱུར་པ་ཡང་ཡོད་པས་གཞི་བརྒྱད་དུ་མ་ངེས་ཤེ་ན། ངེས་པར་ཞེས་སོགས་སྦྱར་རོ། །འདི་ལ་ཆོས་ཐམས་ཅད་མི་དམིགས་པ་ཉིད་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར་མི་དམིགས་པའི་རང་བཞིན་ཁོ་ནས་ཡོངས་སུ་སྦྱོང་བར་བྱེད་ཅེས་སམ། དེ་ལྟར་བྱོས་ཤིག་ཅེས་ཚིག་ཟུར་གྱིས་གདམས་པ་སྟེ་ཚིག་འདི་ནི་བྱུང་


JLD017_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འབྱུང་བར་འགྱུར་བ་རིལ་ལ་སྦྱར་བ་ཤེས་པར་བྱའོ་ཞེས་ཟེར་བ་ནི། དེ་ལྟར་ངེས་པར་འབྱུང་བར་བྱ་བའི་གཞི་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པས་ཆོས་ཐམས་ཅད་དམིགས་སུ་མེད་པས་ངེས་པར་འབྱུང་བའི་ཕྱིར་དེ་ལྟ་བུའི་བརྒྱད་པོ་འདི་དག་ཉིད་ཀྱིས་ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བའི་སྒྲུབ་པར་ཤེས་པར་བྱའོ་ཞེས་རྒྱན་སྣང་དུ་བཤད་པ་དང་འགལ་བས་དོར་བར་བྱའོ། །སྒྲུབ་པ་འདི་འབྱུང་ས་མཐར་ཐུག་ཏུ་འབྱིན་བྱེད་ཡིན་ལ་དེ་ལ་ཡང་སློབ་པ་དང་མི་སློབ་པའི་སྒོ་ནས་མཐར་ཐུག་པ་གཉིས་སུ་ཡོད་པའི་ཕྱིར། མི་སློབ་ལམ་ན་བདུན་དང༌། སློབ་ལམ་ན་གཅིག་ཏུ་བྱས་པ་ནི་རིགས་སོ། །གསུམ་པ་ནི། ཤེས་ནས་འོའི་བར་ཏེ་ལས་ཞེས་པ་ནི་ཡུམ་གྱི་རྒྱན་ལ་སྐབས་བརྒྱད་ཡོད་པའི་ནང་ནས་ཞེས་པའི་དོན་ཡིན་ལ། སྐབས་ནི་ལེའུ་དང༌། དང་པོ་ནི་མཆོག་གི་དོན་ནམ་གཉིས་པ་ལ་ལྟོས་ནས་དང༌། འགྲེལ་པ་ནི་དོན་ཙམ་གྱི་དང༌། འོ་ནི་རྫོགས་ཚིག་སྟེ་འོག་མ་རྣམས་སུ་ཡང་དེ་ལྟར་རོ། །


previousཤོག་ལྷེབ་ ༦༠༡ ནས་ ༦༧༡ བར།next