Nitartha Digital Library
Tibetan
 
previousམངོན་པར་རྟོགས་པའི་རྒྱན་འབྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ལམ་ལམ་ཤེས་པ་ཉིད་ཀྱི་སྐབས་ཀྱི་འགྲེལ་པ།next

མངོན་པར་རྟོགས་པའི་རྒྱན་འབྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ལམ་ལམ་ཤེས་པ་ཉིད་ཀྱི་སྐབས་ཀྱི་འགྲེལ་པ།

ཤོག་ལྷེབ་ ༦༧༣ ནས་ ༧༠༠ བར།


JLD017_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པའི་རྒྱན་འབྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ལམ་ལམ་ཤེས་པ་ཉིད་ཀྱི་སྐབས་ཀྱི་འགྲེལ་པ་བཞུགས་སོ།


JLD017_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐོབ་བྱེད་ལམ་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ་གསུམ། འབྲེལ་བརྗོད་པས་མཚམས་སྦྱར། ལམ་ཤེས་ཀྱི་ཆོས་རྒྱས་པར་བཤད། སྐབས་བསྡུ་བའོ། །དང་པོ་ནི། རྣམ་མཁྱེན་གྱི་འོག་ཏུ་ལམ་ཤེས་འཆད་དོ། །འབྲེལ་ནི་ལམ་ཡོངས་སུ་ཤེས་པ་སྟེ་ཐོབ་པ་མེད་པར་རྣམ་མཁྱེན་རྟོགས་པ་སྟེ་ཐོབ་པ་ནི་མེད་པའི་ཕྱིར་ཏེ་རྒྱུ་ཡིན་པས་སོ། །མདོ་འབྲེལ་ནི་རྣམ་མཁྱེན་བཤད་ཟིན་པ་དང་རྒྱལ་ཆེན་བཞི་ནས་གནས་གཙང་མའི་བར་གྱི་ལྷའི་བུ་རྣམས་འཁོར་དུ་འདུས་པ་ན་གསུངས་སོ། །གཉིས་པ་ལ་གཉིས། ལམ་གྱི་ཡན་ལག་དང༌། ཡན་ལག་ཅན་གྱི་ལམ་མོ། །དང་པོ་ལ་གཉིས། རྩ་བས་བསྟན། འགྲེལ་བས་བཤད་པའོ། །དང་པོ་ལ་གཉིས། ལམ་ཤེས་ཀྱི་རྟེན་དང༌། བརྟེན་པ་ལམ་


JLD017_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཁྱད་པར་རོ། །དང་པོ་ནི། དེ་བཞིན་གཤེགས་པའི་འོད་ཀྱིས་འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་འོད་མོག་མོག་པོར་ཏེ་གཟི་མེད་པར་མཛད་པ་ནི། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་དྲུང་ན་ལྷ་རྣམས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་ནི་ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན་ལྷང་ངེ་མ་ཡིན་གྱི་དེ་བཞིན་གཤེགས་པའི་འོད་འབའ་ཞིག་རབ་ཅེས་བྱའོ། ཞེས་འཛམ་བུ་ཆུ་བོའི་གསེར་གྱི་དྲུང་ན་ལྕགས་ནག་པོ་ལྷམ་མེ་མ་ཡིན་པ་སོགས་དཔེ་དོན་དུ་སྦྱར་ནས་གསུངས་སོ། །འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་རྒྱུད་སྣོད་དུ་རུང་བར་བྱས་པ་ནི། བརྒྱ་བྱིན་གྱིས་རབ་འབྱོར་ལ་ལྷ་འདི་རྣམས་ཁྱོད་ཀྱིས་ཡུམ་བསྟན་པ་ཉན་འདོད་ནས་ལྷགས་ན། བྱང་ཆེན་ཇི་ལྟར་ཡུམ་ལ་གནས་པར་བྱ།


JLD017_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཡུམ་གང་ཞེས་དྲིས་པ་འདིའི་མདོར་ལེ་བརྒྱད་མར་སྦྱར་ནས་རྐང་པ་འདི་གཉིས་སོ་སོ་ལ་མདོ་སྦྱར་རོ། །དེའི་དགོངས་པ་ནི་གོང་དུ་འོད་ཟིལ་གྱིས་མནན་པ་ན་ང་རྒྱལ་ཆག་སྟེ། མཐུ་ཁྱད་ཅན་དེ་ལ་དད་ནས་སངས་རྒྱས་ཐོབ་ཕྱིར་དུ་སེམས་བསྐྱེད་ལ། དེའི་ཚེ་རབ་འབྱོར་ལ་ལམ་ཤེས་ཀྱི་ཡུམ་ཉན་པའི་སྣོད་དུ་གྱུར་པ་ལ་དགོངས་སོ། །ཉི་སྣང་དང་རྣམ་འགྲེལ་དུ། ང་རྒྱལ་བཅོམ་པའི་རྩ་བའི་དགོས་པ་དང་ལམ་ཤེས་སྐྱེ་རུང་དེའི་དགོས་པར་མཛད་དོ། །གཉིས་པ་ལ་གསུམ། སྐྱེ་ཚུལ་དང༌། ངོ་བོ་དང༌། བྱེད་ལས་ཀྱི་ཁྱད་པར་རོ། །དང་པོ་ལ་གཉིས། གནས་སྐབས་དང༌། མཐར་ཐུག་གི་སྐྱེ་ཚུལ་ལོ། །དང་པོ་ནི། གནས་སྐབས་སྐྱེ་བའི་ཡུལ་སོ་སོར་ངེས་པ་ནི། ལྷའི་བུ་གང་དག་གིས་བླ་མེད་རྫོགས་བྱང་དུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པར་བྱའོ། །གང་ཡང་དག་པར་སྐྱོན་མེད་པར་ཞུགས་པ་དེ་ལ་ནི་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པའི་མཐུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུད་ཀྱིས་མཚམས་བཅད་པའི་ཕྱིར་རོ་ཞེས་སོ། །འདིས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལ་ལམ་ཤེས་ཀྱི་ཡུམ་ལ་གནས་པའི་སྐལ་བ་མེད་པས། དེ་ལ་གནས་པ་ལ་སེམས་བསྐྱེད་དགོས་པར་བསྟན་པས་བྱང་སེམས་ལམ་ཤེས་ཀྱི་སྣོད་དང་ཉན་རང་རྣམས་དེ་མིན་པར་གསུངས་སོ། །སྙིང་མཆོག་ཏུ་ཡང་དག་པར་སྐྱོན་མེད་པར་ཞུགས་པ་དམན་ལམ་གྱིས་མྱང་འདས་ཐོབ་པ་དང༌། མཚམས་བཅད་པ་འཁོར་བའི་ཟམ་པ་བཅད་པ་སྟེ། དཔེར་ན་རྒྱུན་ཞུགས་ལན་བདུན་


JLD017_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རིགས་ནས་རིགས་སྐྱེས་བླ་མེད་བྱང་ཆུབ་ཐོབ་པར་བྱེད་མི་ནུས་ཏེ་ནམ་ཡང་བྱང་ཆུབ་ལ་འདོད་པ་མེད་པའི་ཕྱིར་ཏེ་ཉན་ཐོས་ཞི་བ་བགྲོད་པ་གཅིག་པུ་བ་ཡིན་པས་སོ་ཞེས་དང༌། དག་ལྡན་ལས་ཀྱང་ཞི་བགྲོད་ལ་མི་སྐྱེ་བ་དེ་ཡི་དོན་དུ་བཤད་ཅིང་ཁྱབ་པའི་དོན་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ཉན་ཐོས་ལ་འདོད་དེ་གྲགས་ཆར་ཡང་ངོ༌། །རྒྱན་སྣང་དུ་ཡང་དག་པ་ཉིད་དུ་ངེས་པའི་དོན་ཉན་ཐོས་ཀྱི་མཐོང་ལམ་ལ་སོགས་པའི་ལམ་ཐམས་ཅད་དུ་རྟོགས་པ་དང༌། མཚམས་བཅད་པའི་དོན་ཉོན་མོངས་མ་ལུས་པར་སྤངས་པས་འཁོར་བར་སྐྱེ་བའི་རྒྱུ་ལོག་པ་ལ་བཤད་དོ། །གསུམ་གྱི་གནོད་འཇོམས་སུ་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་ལ་བཤད་པ་ནི་ཤིན་ཏུ་ནོར་ཏེ། དེ་ལ་མཚམས་བཅད་པ་མེད་པས་སོ། །གནོད་འཇོམས་ཆུང་བར་རྒྱུན་ཞུགས་ཡན་ཆད་ཡང་དག་པར་ངེས་པ་ལ་བཤད་ནས་མཚམས་བཅད་པའི་དོན་ཉན་ཐོས་འཁོར་བ་ལ་སྐྲག་ནས་དེ་སྤངས་ཏེ་ཞི་བ་དོན་དུ་གཉེར་བ་ལ་འདོད་དོ། །གཉིས་པ་ནི། མཐར་རིགས་ཅན་གསུམ་གས་ལམ་ཤེས་སྒོམ་པས་ཁྱབ་པ་ནི། འོན་ཀྱང་གལ་ཏེ་དེ་དག་ཀྱང་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་ན་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱའོ་ཞེས་སོ། །འདི་སྔར་མི་ནུས་པར་བསྟན་པ་དེས་ཀྱང་སེམས་བསྐྱེད་པར་བསྟན་པས་ཁྱབ་པའོ། །གཉིས་པ་ནི། འཁོར་བ་མི་འདོར་བའི་རང་བཞིན་ནི། ཁོ་བོ་ནི། དེ་དག་གི་དགེ་བའི་ཕྱོགས་ལ་བར་ཆད་མི་བྱེད་དེ། ཞེས་པ་ནི་ཉན་ཐོས་དེ་དག་གི་དགེ་བ་སེམས་བསྐྱེད་པའི་ཕྱོགས་ལ་སྐྱེད་མི་ནུས་


JLD017_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བར་ཆད་མི་བྱེད་དོ་ཞེས་པའོ། །གསུམ་པ་ནི། ལམ་ཤེས་དེ་ཡི་བྱེད་ལས་ནི། ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་མཆོག་ཏུ་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ཐོབ་པར་བྱའོ་ཞེས་སོ། །ཁྱད་པར་དུ་འཕགས་པ་གཉིས་ནི་རིམ་པ་ལྟར་རྒྱུ་དུས་ཀྱི་སེམས་བསྐྱེད་དང་དེ་ལས་བྱུང་བའི་རྒྱུ་འབྲས་ཀྱི་ཐེག་ཆེན་བཟུང་བར་སྙིང་མཆོག་དང༌། དགེ་བའི་བཤེས་གཉེན་དང་བྱང་ཆུབ་ཀྱི་སེམས་སོགས་ལ་རྒྱན་སྣང་དུ་བཤད་དོ། །གཉིས་པ་ལ་གཉིས། ལམ་ཤེས་སྐྱེ་བའི་རྟེན། བརྟེན་པ་ལམ་ཤེས་ཀྱི་ཁྱད་པར་རོ། །དང་པོ་ནི། མོག་མོག་པོར་ཏེ་དྲི་མ་ཅན་ལྟ་བུར་མཛད་དོ། །གང་གིས་ན། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་དེ་ཚོགས་གཉིས་ཀྱི་རྣམ་སྨིན་གྱི་འོད་ཀྱིས་སོ། །གང་ན། ལྷ་དང་སོགས་པས་ཀླུ་དང་དྲི་ཟ་ལ་སོགས་པའི་ཟག་བཅས་དགེ་བའི་རྣམ་སྨིན་གྱི་འོད་དོ། །གང་གི་དོན་དུ་ན། ལམ་སོགས་སོ། །མོག་མོག་པོར་བྱས་པས་ལམ་ཤེས་སྐྱེ་རུང་དུ་ཇི་ལྟར་སྒྲུབ་ན། འདོད་ལྷ་དྲུག་དང་གཟུགས་ཁམས་པ་རྣམས་ལ་རིམ་པ་ལྟར་འཇིག་རྟེན་སྐྱོང་བ་དང༌། ལོངས་སྤྱོད་ཆེ་བ་དང༌། ལྷ་མ་ཡིན་དང་འཐབ་མི་དགོས་པ་དང༌། བྱམས་པ་བཞུགས་པ་དང༌། རང་གིས་སྤྲུལ་པ་དང༌། གཞན་གྱིས་སྤྲུལ་པ་ལ་ལོངས་སྤྱོད་པ་དང༌། བསམ་གཏན་ཐོབ་པ་ལ་སོགས་པའི་རློམ་པ་སོ་སོ་བ་དང༌། ཐུན་མོང་དུ་རང་རང་གི་གཟུགས་མཛེས་ཤིང་འོད་དང་ལྡན་པས་དེ་ལ་བརྟེན་པའི་ང་རྒྱལ་ཡོད་པ་རྣམས་དེ་བཞིན་གཤེགས་པའི་འོད་ཀྱིས་ཟིལ་གྱིས་མནན་པས་རློམ་པ་རྣམས་ཞི་བར་བྱས་པའི་སྒོ་ནས་སོ། །གལ་ཏེ་


JLD017_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཤེས་སྐྱེ་རུང་གི་དོན་དུ་འོད་མོག་མོག་པོར་མཛད་པར་བསྟན་པ་ཉིད་ལ་ཡང་དགོས་པ་ཅི་ཞིག་ཡོད་ཅེ་ན། དེའི་དོན་དུ་དེ་ལྟར་མཛད་པར་བསྟན་པའི་དགོས་པ་ནི། རྗེས་འཇུག་གི་སྐྱེ་བོ་ཐམས་ཅད་ཀྱང་ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་ལམ་ཤེས་ཀྱི་རྟོགས་པ་སྐྱེ་བས་ལམ་ཤེས་རྒྱུད་ལ་སྐྱེ་བར་འདོད་ན་ང་རྒྱལ་སྤང་དགོས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་མཛད་དེ། དེ་ཡང་ང་རྒྱལ་དང་ཞུམ་པ་གཉིས་ཀ་བསལ་དགོས་ཀྱི་གང་རུང་གཅིག་དང་ལྡན་པ་ལ་མི་སྐྱེ་བ་ནི་མངོན་པར་འབྱུང་བའི་མདོར་རྒྱལ་པོ་ཟས་གཙང་གིས་ལམ་ཇི་ལྟར་སྐྱེད་པ་ལྟ་བུའོ། །འདིར་ལྷ་རྣམས་ཞུམ་པ་མེད་ཅིང་ང་རྒྱལ་དང་ལྡན་པས་དེ་སྤང་དགོས་པར་བསྟན་ཏོ་ཞེས་འཆད་དེ། དེ་ཡང་མཚོན་པ་ཡིན་གྱི་ཆགས་སོགས་གང་ཤས་ཆེ་བ་སྤང་དགོས་སོ། །འོད་ཀྱིས་མོག་མོག་པོར་མཛད་པ་ལམ་ཤེས་ཀྱི་རྟེན་དུ་སྒྲུབ་པའི་ཆེད་དང༌། དེ་ལྟར་བསྟན་པས་ལམ་ཤེས་སྐྱེ་བ་ལ་ང་རྒྱལ་སྤང་དགོས་པར་ཤེས་པར་འགྱུར་བ་དེའི་ཕྱིར། འོད་ཀྱི་ཆེ་བ་སྟོན་པའི་མདོས་ལམ་ཤེས་ཀྱི་རྟེན་བརྗོད་པ་ཡིན་ནོ། །ཇི་ལྟར་ན་ཚིག་ཟུར་གྱིས་ཏེ་ཤུགས་ཀྱིས་སོ། །གཉིས་པ་ལ་རྩ་བ་ལྟར་གསུམ་ལས། དང་པོ་ལ་གཉིས་ལས། དང་པོ་ནི། ལམ་ཤེས་དེ་ཐེག་པ་ཆེ་ཆུང་གི་ཡུལ་ཏེ་རྟེན་སོ་སོར་ངེས་པ་ཡིན་ཏེ། བྱང་སེམས་ཁོ་ནའི་རྒྱུད་ལ་སྐྱེའི་ཉན་རང་གི་རྒྱུད་ལ་མི་སྐྱེ་བས་སོ། །དེའི་རྒྱུ་མཚན་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཁོ་ན་ལ་སྐྱེ་བ་ཡིན་པས་སོ། །ཁྱབ་སྟེ། དེར་སེམས་མ་བསྐྱེད་པ་ལ་ལམ་ཤེས་ཀྱི་ཡུམ་ལ་གནས་


JLD017_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐལ་བ་མེད་པས་སོ། །ཡང་ནི་ང་རྒྱལ་བཅོམ་པར་མ་ཟད་སེམས་བསྐྱེད་ཀྱང་དགོས་པའོ། །གཉིས་པ་ནི། ནང་པའི་ལམ་གྱིས་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་ཉན་རང་དགྲ་བཅོམ་པ་དང་དེའི་ཅིག་ཤོས་ཕྱི་རོལ་པའི་རྣལ་འབྱོར་པས་སངས་རྒྱས་ནས་ཡིན་ཏེ། སྐྱེ་བོ་ཐམས་ཅད་མཐར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མཐར་ཐུག་པ་སྟེ་འགྲོ་བ་ཅན་ཡིན་ཏེ་དེའི་ཕྱིར་རོ། །ཀྱང་ནི་སྔ་མས་སྒོམ་པར་མ་ཟད་པའོ། །ཚིག་གསལ་ལས། འདོད་ཆགས་དང་བྲལ་བ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་ཞི་བའི་དབྱིངས་ནས་ལངས་ཏེའོ། །ཅིག་ཤོས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ད་ལྟ་ཉིད་ནས་སོ་ཞེས་གང་ཟག་དེ་གཉིས་ཀྱིས་དུས་དེ་དག་ནས་སྒོམ་པར་བཤད་ཀྱང་བྱང་སེམས་ལ་དོགས་པ་མེད་ཅིང་སྐྱེ་བོ་ཐམས་ཅད་ཅེས་པའི་གནད་ཀྱིས་སྔར་ལྟར་བཤད་ན་རྩོམ་པ་པོའི་དགོངས་པའོ། །གལ་ཏེ་ཉན་རང་ཆེན་པོ་རྣམས་ཐེག་ཆེན་དུ་འཇུག་ན་ཐེག་པ་གསུམ་ཐ་དད་པར་གསུངས་པ་དང་འགལ་ཞེ་ན། ཉན་རང་དང་ཐེག་ཆེན་གྱི་ཐེག་པ་གསུམ་ཐ་དད་པར་རྣམ་པར་བཞག་པ་ནི་དགོངས་པ་ཅན་དྲང་དོན་ཡིན་གྱི་མཚན་ཉིད་པ་ངེས་པའི་དོན་མིན་ཞེས་ལུགས་ལས་འབྱུང་བའི་ཕྱིར། ཉེས་པ་མེད་དོ། །ལུགས་གང་ལས་ན་པད་དཀར་ལས། མ་འོངས་དུས་ན་ཤཱ་རིའི་བུ་ཁྱོད་ཀྱང༌། །རྒྱལ་བ་དེ་བཞིན་གཤེགས་པར་འབྱུང་འགྱུར་ཏེ། །པདྨའི་འོད་ཅེས་བྱ་བ་ཀུན་ཏུ་སྤྱན། །སྲོག་ཆགས་བྱེ་བ་སྟོང་དག་རྣམ་པར་འདུལ། ཞེས་དང༌། ཐེག་པ་ནི་གཅིག་སྟེ་གཉིས་པ་མེད་དོ། ཞེས་དང༌།


JLD017_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ལང་གཤེགས་ལས་ཀྱང༌། བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཉན་ཐོས་ཀྱི་ཐེག་པས་གྲོལ་བ་མ་ཡིན་གྱི་འོན་ཀྱང་དེ་དག་ནི་ཐེག་པ་ཆེན་པོའི་མཐར་ཐུག་པ་ཅན་ཡིན་ནོ། ཞེས་སོ། །འདིའི་མཐའ་དཔྱད་པ་ལ་གསུམ། ཐེག་གསུམ་ལ་དྲང་ངེས་སུ་འདོད་ཚུལ། ཉན་རང་ཐེག་ཆེན་དུ་གང་ནས་འཇུག་པ། འཁོར་བ་ལ་མཐའ་ཡོད་མེད་དོ། །དང་པོ་ལ་གཉིས། ངེས་དོན་དང༌། དྲང་དོན་དུ་འདོད་པའི་ལུགས་སོ། །དང་པོ་ལ་གཉིས། མདོ་གང་གི་རྗེས་སུ་འབྲངས་པ་དང༌། དེའི་དོན་ཇི་ལྟར་བཤད་པའོ། །དང་པོ་ནི། དགོངས་འགྲེལ་ལས། ཉན་ཐོས་ཀྱི་རིགས་ཀྱི་གང་ཟག་ཞི་བ་བགྲོད་པ་གཅིག་པུ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང༌། བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ་བླ་མེད་རྫོགས་བྱང་ཐོབ་པར་བྱར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྙིང་རྗེ་ཤིན་ཏུ་ཆུང་བ་དང༌། སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པའི་ཕྱིར་རང་བཞིན་གྱི་རིགས་དམན་པ་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་དང༌། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ། འདི་ལྟར་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ན་ཤེས་བྱའི་སྒྲིབ་པ་ལས་སེམས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་ཞེས་མདོ་དེ་ལས་ཞི་བ་བགྲོད་པ་དང་ཡོངས་སུ་འགྱུར་བ་གཉིས་ཐེག་ཆེན་དུ་ལྡོག་མི་སྲིད་པ་དང་སྲིད་པ་དང༌། ཐེག་པ་གཅིག་དང་གསུམ་དྲང་དོན་དང་ངེས་དོན་དུ་


JLD017_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང༌། ཆོས་བཅུ་པ་དང་དཀོན་མཆོག་སྤྲིན་གཉིས་ཀྱི་མདོ་རྣམས་ཀྱི་རྗེས་སུ་འབྲངས་པར་འཆད་དོ། །གཉིས་པ་ལ་གསུམ། རང་གི་ལུགས་དགོད་པ་དང༌། དེ་ལ་ནང་འགལ་སྤང་བ། མདོ་གཞན་དང་འགལ་བ་སྤང་བའོ། །དང་པོ་ནི། བསྡུ་བར། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་ཅི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་དམ། འོན་ཏེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་ཅེ་ན། སྨྲས་པ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་དེ། འདི་ལྟར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ནི། རྩོམ་པ་ཐམས་ཅད་དང་འབད་པ་ཐམས་ཅད་རྒྱུན་བཅད་པ་ཡིན་ནོ་ཞེས་ལྷག་མེད་ནས་མི་ལྡོག་པ་དང༌། ལྷག་བཅས་ནས་ལྡོག་པའི་ཚུལ་ཡང་རྫུ་འཕྲུལ་གྱི་མཐུས་ཚེ་བསྲིངས་ནས་བྱང་ཆུབ་བསྒྲུབ་ལ། རང་གི་ལུས་མྱ་ངན་ལས་མི་འདའ་བར་བྱིན་གྱིས་རློབ་ཅིང་སྤྲུལ་པའི་ལུས་ཀྱིས་གཞན་ངོར་ལྷག་མེད་དུ་འདའ་ཚུལ་བསྟན་ནས་ལུས་སྔ་མ་ལྷ་རྣམས་ཀྱིས་ཀྱང་མི་མཐོང་བར་དབེན་པར་གནས་ཏེ་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །དེའི་ཚེ་རང་དོན་ལ་དགའ་བས་ལམ་སྒོམ་པ་ལ་བག་མེད་པར་གྱུར་པ་དང་སངས་རྒྱས་བྱང་སེམས་ཀྱིས་བསྐུལ་བར་བཤད་ཅིང༌། ལྷག་མེད་ན་རིག་པ་ཕྱི་མ་མཚམས་མི་སྦྱོར་བས་འདུས་མ་བྱས་ཀྱི་དབྱིངས་དྲི་མ་མེད་པ་འབའ་


JLD017_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལུས་ལ་སྒྲིབ་པ་མ་ལུས་པ་ལོག་པར་དེ་བཞིན་གཤེགས་པ་དང་། ཁྱད་པར་མེད་ཀྱང་སྔོན་སྨོན་ལམ་མ་བཏབ་པ་དང༌། ལྡང་བའི་བསམ་པ་མེད་པར་མྱ་ངན་ལས་འདས་པས་དེ་བཞིན་གཤེགས་པའི་མཛད་པ་ནི་མི་བྱེད་དོ། ཞེས་འདུས་བྱས་རྒྱུན་ཆད་དུ་བཤད་ཅིང༌། ཤཱནྟི་པས་ཀྱང༌། ཐེག་གསུམ་ངེས་དོན་ཡིན་པར་སྒྲུབ་བྱེད་དུ་མས་སྒྲུབ་པར་བྱེད་དོ། །འོ་ན་ངེས་དོན་ཡིན་པའི་སྒྲུབ་བྱེད་གང་ཞེ་ན། ལུང་དང་རིགས་པ་གཉིས་ལས། དང་པོ་ནི་སྔར་དྲངས་པ་དང༌། ལང་གཤེགས་ལས་རིགས་ལྔར་གསུངས་པ་དང༌། བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང༌། གསུམ་པོ་འདི་དག་ནི་ངེས་པར་འབྱིན་པར་བྱེད་པའི་ཐེག་པ་ཡིན་ནོ། །འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོའོ། ཞེས་པ་དང༌། ཁམས་སྣ་ཚོགས་པའི་མདོ་ལས་ཀྱང༌། སེམས་ཅན་རྣམས་ཁམས་སྣ་ཚོགས་པར་བསྟན་པ་དང༌། དེ་བཞིན་དུ་མདོ་སྡེ་གཞན་ལས་ཀྱང་ཐེག་གསུམ་སོ་སོར་གསུངས་པ་རྣམས་ཡིན་ནོ། །གཉིས་པ་ནི། སེམས་ཅན་ཁ་ཅིག་ནི་གཞན་ལ་ཕན་པའི་བསམ་པ་ཅན་དང༌། གཞན་དག་ནི་ཕ་རོལ་པོ་སྡུག་བསྔལ་བ་ལ་མངོན་པར་དགའ་བ་དང༌། དེ་བཞིན་དུ་ཁ་ཅིག་ནི་སྲིད་པའི་བདེ་བ་ཙམ་འདོད་ཅིང་བསོད་ནམས་བྱེད་ལ། གཞན་དག་ནི་དེ་ལས་བཟློག་ནས་བདག་ཐར་བར་བྱ་བའི་ཕྱིར་བརྩོན་པ་དང༌། ལ་ལ་ནི་གཞན་ཁོ་ན་གྲོལ་བར་བྱ་བར་སེམས་ཤིང་རྫོགས་བྱང་གི་རྒྱུར་སྦྱིན་སོགས་སྒྲུབ་པ་དམིགས་ལ། དེས་ནི་སེམས་ཅན་ལ་དེའི་


JLD017_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་འདོད་པ་ཐ་དད་ཡོད་པར་དཔོག་སྟེ། འབྲས་བུའི་གཅིག་ཐ་དད་ནི་རྒྱུའི་དེས་བྱས་པའི་ཕྱིར་རོ། །འདོད་པ་ཐ་དད་པ་དེ་ཡང་རིགས་ཀྱི་བྱེ་བྲག་མེད་ན་མེད་པས་རིགས་ཐ་དད་པར་གྲུབ་ལ། དེ་ལྟར་ན་འབྲས་བུ་ཐེག་པ་ཡང་སྣ་ཚོགས་པ་ཉིད་ཡིན་ནོ་ཞེས་པ་དང༌། དགྲ་བཅོམ་པས་སྲིད་པའི་ཀུན་སྦྱོར་མ་ལུས་པ་སྤངས་པས་དེར་སྐྱེ་བ་མི་ལེན་ལ། དེའི་ཕྱིར་སྐྱེ་བ་དུ་མ་བརྒྱུད་ནས་ཐོབ་པར་འདོད་པའི་བྱང་ཆུབ་ཐོབ་པ་མི་སྲིད་ཅེས་པའོ། །གཉིས་པ་ནི། གལ་ཏེ་ས་སྡེར་དགྲ་བཅོམ་པ་སྐྱེ་བ་མི་ལེན་པ་དང༌། མཐར་ཐུག་རིགས་ཐ་དད་པར་བཤད་པ་དང༌། རྒྱུད་བླའི་འགྲེལ་པར། དཔལ་ཕྲེང་གི་མདོ་དྲངས་ནས་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང༌། སྐྱེ་བ་ཡོད་པར་བསྟན་པ་དང༌། དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་དབང་དུ་མཛད་ནས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལགས་སོ། ཞེས་གསུངས་པ་ཡིན་ཏེ། འདིས་ནི་ལམ་རིང་པོས་དུབ་པ་རྣམས་ལ་འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྤྲུལ་པ་བཞིན་དུ། འདི་ནི་ཆོས་ཀྱི་དབང་ཕྱུག་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྱིར་མི་ལྡོག་པའི་ཐབས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། ཞེས་ཐེག་པ་གཉིས་རེ་ཞིག་པའི་ལམ་དུ་བསྟན་པ་དང༌། རྩ་བར་ཡང༌། ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐབས་དང་ཤེས་རབ་ཡོངས་བཟུང་བས། །ཐེག་པ་མཆོག་


JLD017_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྨིན་མཛད་དེ། ཞེས་པད་དཀར་དུ། འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང༌། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། ཞེས་པའི་ཚིག་གིས་བསྐུལ་ནས་ཐེག་ཆེན་ལ་འཛུད་པར་གསུངས་པ་རྣམས་དང་འགལ་ཞེ་ན། དང་པོ་དང་མི་འགལ་ཏེ། བསྡུ་བ་དང་རྒྱུད་བླའི་འགྲེལ་པ་གཉིས་ཀས་དགོངས་འགྲེལ་དང་དཔལ་ཕྲེང་གི་དོན་བཀྲལ་བས་གཉིས་ཀ་ཡང་ཐེག་ཆེན་གྱི་མདོའི་རྗེས་སུ་འབྲངས་པར་མཚུངས་ལ། འགལ་བ་ལྟར་སྣང་བ་ནི་བསྡུ་བར་བཤད་པ་ལས་ཉོན་གྱི་སྐྱེ་བ་མེད་པ་དང༌། རྒྱུད་བླའི་འགྲེལ་པ་ལས་ནི་ལས་ཉོན་གྱི་སྐྱེ་འཆི་དང་ཆ་མཚུངས་པའི་གཟུགས་བརྙན་ཙམ་ཡོད་པ་ལ་དགོངས་པས་སོ། །ཡང་ན་སྔར་ཡོངས་སུ་འགྱུར་བའི་ཉན་ཐོས་ལ་བཤད་པ་ལྟར་སྤྲུལ་པའི་ལུས་ཀྱིས་འདའ་ཚུལ་བསྟན་ཅིང༌། དབང་པོའི་ལུས་ཀྱིས་དབེན་པར་གནས་པ་ན། ཁམས་གསུམ་པའི་སྐྱེ་འཆི་ལས་འདས་ཀྱང་ཤེས་སྒྲིབ་ཀྱི་རྟེན་བག་ལ་ཉལ་དང༌། དེས་ཀུན་ནས་བསླང་བའི་ལས་དང་དེ་གཉིས་ལ་བརྟེན་པའི་ཡིད་ལུས་ཡོད་པ་ལ་དགོངས་ནས་མ་རིག་བག་ཆགས་ཀྱི་ས་དང༌། ཟག་མེད་ཀྱི་ལས་ཀྱིས་རྒྱུ་རྐྱེན་བྱས་པའི་ཡིད་ལུས་ཀྱི་སྐྱེ་བ་ལེན་པར་བཤད་ཀྱི། དགྲ་བཅོམ་པ་ཤི་ནས་རིག་པ་ཕྱི་མ་མཚམས་མི་སྦྱོར་བ་འདི་དག་གི་རྩ་བའི་གྲུབ་མཐའོ། །གཉིས་པ་ཡང་མི་འགལ་ཏེ། མདོ་དེ་དྲངས་ནས་ཉན་རང་ལ་སྤངས་པ་ཉི་ཚེ་བ་ལས་མེད་པའི་ཕྱིར། མྱང་འདས་མཚན་ཉིད་པ་ཡོད་པ་དྲང་དོན་དུ་བསྟན་གྱི་ཉན་རང་


JLD017_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐེག་ཆེན་དུ་ཟློག་པའི་སྒོ་ནས་ཐེག་གསུམ་དྲང་དོན་དུ་བསྟན་པ་མ་ཡིན་པ་དང༌། བྱང་སེམས་ཀྱིས་ཞི་བ་ལ་མཐའ་གཅིག་ཏུ་མི་གནས་པའི་མི་མཐུན་དཔེར་ཞི་བགྲོད་ཀྱི་ཉན་ཐོས་དེ་ཉིད་ལས་བཤད་པས་སོ། །གསུམ་པ་ཡང་མི་འགལ་ཏེ། དགོངས་འགྲེལ་དང་བསྡུ་བ་གཉིས་ཀར་དེ་བཞིན་གཤེགས་པས་ཐེག་ཆེན་ལ་བསྐུལ་བའི་ཉན་ཐོས་ནི་ཡོངས་སུ་འགྱུར་བ་ལ་བཤད་ཀྱི་ཞི་བགྲོད་ལ་མིན་ལ། འདིར་ཡང་དམིགས་བསལ་མེད་པའི་ཕྱིར་རོ། །དེས་ན་འདི་པའི་ལུགས་ལ། ཟག་མེད་ཀྱི་དབྱིངས་ལ་གནས་པའི་ཉན་རང་དགྲ་བཅོམ་ཡིད་ལུས་ཀྱི་སྐྱེ་བ་ལེན་པར་བཤད་པ་དང༌། དེ་ལ་གནས་པ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐུལ་བར་གསུངས་པ་རྣམས་སྔར་བཤད་པ་ལྟར་ཡོངས་སུ་འགྱུར་བ་ལ་ཡིན་གྱི། ཞི་བགྲོད་ཀྱི་ལྷག་མེད་ཀྱི་དབྱིངས་ལ་མི་བཟུང་ངོ༌། །གསུམ་པ་ནི། གལ་ཏེ་ཐེག་གསུམ་ངེས་དོན་ཡིན་ན། པད་དཀར་སོགས་ལས་ཐེག་པ་ནི་གཅིག་ཁོ་ནའོ། ཞེས་ཐེག་པ་གཅིག་ངེས་དོན་དང༌། ཐེག་གསུམ་དྲང་དོན་དུ་གསུངས་པ་དང༌། ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་སུ་འགྱུར་བར་གསུངས་པ་རྣམས་ཇི་ལྟར་དྲང་ཞེ་ན། མདོ་སྡེ་རྒྱན་ལས། ཆོས་དང་བདག་མེད་གྲོལ་བ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད། ཅེས་པ་འདིའི་སྒོ་ནས་འགལ་བ་སྤོང་བར་བྱེད་དེ། དེ་ལ་ཐེག་པ་གཅིག་ཏུ་གསུངས་པ་ནི་དགོངས་གཞི་བདུན་པོ་འདི་ལ་དགོངས་ནས་ཡིན་ཏེ། བདུན་ནི་བགྲོད་


JLD017_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཐེག་པ་གང་ཟག་གསུམ་གྱི་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་ཐ་དད་མེད་པར་མཚུངས་པ་དང༌། བགྲོད་པ་པོའི་ཐེག་པ་གང་ཟག་གསུམ་བདག་མེད་པར་མཚུངས་པ་དང༌། གང་གི་ཆེད་དུ་བགྲོད་པའི་ཐེག་པ་འབྲས་བུ་རྣམ་གྲོལ་རྣམས་མཚུངས་པ་དང༌། རིགས་ཐ་དད་པར་མཚུངས་པ་ནི། ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་ཐེག་ཆེན་དུ་ཞུགས་ནས་སངས་རྒྱ་བར་འགྱུར་བས་རིགས་ཐ་དད་པ་གཉིས་ཀྱང་ལམ་གཅིག་ཏུ་ཞུགས་པ་དང༌། བསམ་པ་གཉིས་ཐོབ་པ་ནི་དེ་བཞིན་གཤེགས་པས་ས་དང་པོ་ནས་བདག་དང་སེམས་ཅན་ཀྱི་རང་བཞིན་ལ་གཉིས་སུ་མེད་པའི་མཉམ་པ་ཉིད་ཀྱི་དགོངས་པ་བརྙེས་པ་དང་ཉན་ཐོས་སུ་རིགས་ངེས་པ་ཁ་ཅིག་རེ་ཞིག་བྱང་སེམས་ཀྱི་སྤྱད་པ་སྤྱོད་པ་ན་དེ་བཏང་ནས་ཉན་ཐོས་ཀྱི་ཐེག་པར་ཞུགས་ཏེ་དེའི་མྱང་འདས་ཐོབ་པ་ན། དེ་བཞིན་གཤེགས་པས་སྔོན་བདག་གིས་བྱང་སེམས་ཀྱི་སྤྱོད་པ་སྤྱད་པས་སངས་རྒྱས་སོ། ཞེས་དགོངས་པ་བཞིན་དུ་དེ་ལ་ཡང་སངས་རྒྱས་ཀྱི་མཐུས་བདག་སྔོན་བྱང་སེམས་ཀྱི་སྤྱོད་པ་སྤྱད་པས་འཚང་རྒྱ་བར་འགྱུར་རོ་སྙམ་པའི་བསམ་པ་མཚུངས་པ་ཐང་ཅིག་ཙམ་རྙེད་པ་དང༌། སྤྲུལ་པ་ནི་གདུལ་བའི་དོན་དུ་ཉན་ཐོས་ཀྱི་ཐེག་པས་ལན་དུ་མར་མྱ་ངན་ལས་འདའ་ཚུལ་བསྟན་པ་དང༌། མཐར་ཐུག་པ་ནི་ཐེག་ཆེན་དེ་ལས་ཁྱད་པར་དུ་འཕགས་པའི་ཆོས་མེད་པ་སྟེ། དེས་ན་བདུན་པོ་དེ་ལ་དགོངས་ནས་ཐེག་པ་གཅིག་ཏུ་ངེས་པར་གསུངས་པའི་དགོས་པ་ནི། དེ་ཉིད་ལས། ཁ་ཅིག་དག་


JLD017_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དྲང་ཕྱིར་དང༌། །གཞན་དག་རྗེས་སུ་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། ཞེས་པ་སྟེ་ཁ་ཅིག་ནི་ཉན་ཐོས་དང༌། གཞན་དག་ནི་བྱང་སེམས་རིགས་མ་ངེས་པའོ། །ཉན་ཐོས་སངས་རྒྱས་སུ་ལུང་བསྟན་པ་དང་མི་འགལ་ཏེ། དེ་ནི་སྤྲུལ་པའི་ཉན་ཐོས་སམ་ཡོངས་སུ་འགྱུར་བའི་ཉན་ཐོས་ལ་དགོངས་པའི་ཕྱིར་རོ། ཞེས་ཟེར་རོ། །གཞན་ཡང་འདི་དག་གིས་ཡུལ་ངེས་ཀྱི་མདོ་ངེས་དོན་དང༌། ཁྱབ་པའི་མདོ་དྲང་དོན་དང༌། དེའི་དོན་རིགས་ཀྱིས་ཁྱབ་པ་ལ་འདོད་པར་རྒྱན་སྣང་དུ་བཤད་ཅིང༌། འདོད་མཁན་ཡང་དེ་ཉིད་ལས་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་དང་དེའི་གཞུང་གི་རྗེས་སུ་འབྲང་བ་ཐེག་པ་སྣ་ཚོགས་སུ་སྨྲ་བ་རྣམས་ནི་གཞན་དུ་འཆད་དེ། ཞེས་སོ། །གཉིས་པ་ལ་གཉིས། མདོ་གང་གི་རྗེས་སུ་འབྲང་བ་དང༌། ཇི་ལྟར་རྣམ་གཞག་བྱ་བའི་ཚུལ་ལོ། །དང་པོ་ནི། ལང་གཤེགས་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང༌། །དེ་བཞིན་གཤེགས་པར་རང་རྒྱལ་གྱི། །ཐེག་པ་འདི་དག་ངས་བཤད་དོ། །ཇི་སྲིད་སེམས་ནི་འབྱུང་གི་བར། །ཐེག་པ་རྣམས་ལ་ཐུག་པ་མེད། །སེམས་ནི་ཡོངས་སུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བ་མེད། །ཐེག་པའི་རྣམ་གཞག་ཡོད་མིན་ཉིད། །ཐེག་པ་གཅིག་ཏུ་ང་སྨྲའོ། །བྱིས་པ་རྣམས་ཡོངས་དྲང་དོན་དུ། །ཐེག་པ་ཐ་དད་ང་སྨྲའོ། ཞེས་དང༌། པད་དཀར། བདེན་པ་པོའི་ལེའུ་ལ་སོགས་པའི་མདོ་རྣམས་ཀྱི་རྗེས་སུ་འབྲང་ངོ༌། །གཉིས་པ་ལ་གཉིས།


JLD017_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱིས་མདོའི་དོན་ཇི་ལྟར་བཤད་པ། རྗེས་འཇུག་གིས་དེ་ལ་རྩོད་པ་སྤངས་པའི་ཚུལ་ལོ། །དང་པོ་ནི། བྱང་ཆུབ་སེམས་འགྲེལ་ལས། ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོར་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ་རྣམས་ལ། །ངལ་བསོའི་དོན་དེ་དེ་ཉིད་མིན། ཞེས་དང༌། དཔེ་མེད་པར་བསྟོད་པ་ལས་ཀྱང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་དབྱེར་མ་མཆིས་ཀྱང༌། །ཁྱོད་ཀྱིས་སེམས་ཅན་གཞུག་ཕྱིར་དུ། །ཐེག་པ་གསུམ་དུ་གསུངས་པའོ། ཞེས་སོ། །དེ་ལ་སྔ་མས་ནི་ཉན་རང་རྣམས་མཐར་ཐེག་ཆེན་དུ་འཇུག་དགོས་པས་ཐེག་གསུམ་དྲང་དོན་དང༌། ཕྱི་མས་ནི་དེ་ཁོ་ན་ཉིད་ཀྱི་དོན་མ་རྟོགས་ན་སྲིད་པ་ལས་འདའ་བའི་ཐེག་པ་མཚན་ཉིད་པར་མི་རུང་ལ། དེ་ཁོ་ན་ཉིད་ལ་དབྱེར་མེད་པས་དེ་རྟོགས་པའི་བློ་ལ་ཡང་རྟོགས་ཚུལ་ཐ་དད་མེད་པའི་ཕྱིར། ཐེག་ཆེན་དང་ཐེག་དམན་གཉིས་རྟོགས་ཚུལ་ཐ་དད་པའི་སྒོ་ནས་ཐེག་གསུམ་དུ་གསུངས་པ་དྲང་དོན་དུ་བསྟན་ཏེ་དྲང་དོན་དུ་འཇོག་ཚུལ་གཉིས་གསུངས་སོ། །ཕྱི་མ་འདི་ཉན་རང་གི་ཐེག་པས་ཆོས་རང་བཞིན་མེད་པར་རྟོགས་པའི་ཁུངས་སུ་ཡང་འགྱུར་རོ། །དེ་ཡང་པད་དཀར་སོགས་ནས་གསུངས་པ་ངེས་དོན་དང༌། དགོངས་འགྲེལ་སོགས་ནས་གསུངས་པ་དྲང་དོན་དུ་འགྲེལ་པའི་ལུགས་སོ། །གཉིས་པ་ནི། རྣམ་རིག་པ་རྣམས་ཀྱིས་དྲངས་པའི་ལུང་གནོད་བྱེད་དུ་མི་འགྱུར་ཏེ། ཐང་ཅིག་ཙམ་རིགས་སོ་སོར་ངེས་པ་ལ་དགོངས་ནས་ཐེག་གསུམ་དུ་གསུངས་ཀྱི་


JLD017_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དུ་ངེས་པའི་རྒྱུ་མཚན་གྱིས་མིན་པའི་ཕྱིར་ཏེ། ལང་གཤེགས་ལས། རིགས་མེད་པར་གསུངས་པ་ལ་ཡང་ནམ་ཞིག་ནས་སངས་རྒྱས་ཀྱི་མཐུས་དགེ་རྩ་སློང་བར་གསུངས་པའི་ཕྱིར་རོ། །རིགས་པས་ཀྱང་སྒྲུབ་པར་མི་ནུས་ཏེ། སྒྲུབ་པ་དང་མོས་པ་ཐ་དད་པའི་སྒོ་ནས་ཐེག་གསུམ་དུ་ངེས་པར་འདོད་ན། དེའི་ཚེ་སེམས་ཅན་རྣམས་ལ་བསྒྲུབ་ཚུལ་དང་མོས་ཚུལ་བགྲང་ལས་འདས་པ་ཡོད་པའི་ཕྱིར་ཐེག་པའི་བྱེ་བྲག་དཔག་ཏུ་མེད་པ་ཁས་བླང་དགོས་པར་འགྱུར་རོ། །སྒྲུབ་ཚུལ་དང་འདོད་པའི་བྱེ་བྲག་ངེས་པ་ཡང་མ་གྲུབ་སྟེ། གཞན་ལ་ཕན་པར་འདོད་པའི་བསམ་པ་ཅན་ཁ་ཅིག་སྡིག་གྲོགས་དང་ཕྲད་པ་ལ་སོགས་པའི་སྒོ་ནས་གཞན་སྡུག་བསྔལ་བ་ལ་མངོན་པར་དགའ་བ་ཅན་དུ་འགྱུར་བར་སྣང་ལ། དེ་བཞིན་དུ་གཞན་སྡུག་བསྔལ་བ་ལ་མངོན་པར་དགའ་བ་དེ་དག་ཀྱང་དགེ་བའི་བཤེས་གཉེན་དང་ཕྲད་པ་ལ་སོགས་པའི་སྒོ་ནས་དེ་ལས་བཟློག་པ་ཉིད་དུ་འགྱུར་བར་མཐོང་བའི་ཕྱིར། ཇི་ལྟར་ན་མ་ངེས་པའི་སྒྲུབ་ཚུལ་འདོད་པ་ཐ་དད་པ་ལས་རིགས་གསུམ་དང་དེ་ལས་ཀྱང་ཐེག་པ་གསུམ་དུ་ངེས་པ་འགྲུབ། དགྲ་བཅོམ་པའི་སྐྱེ་བ་ཆད་པར་འདོད་པ་ཡང་མི་རིགས་ཏེ། ཡུམ་དང་དཔལ་ཕྲེང་དུ། ལས་ཉོན་གྱི་སྐྱེ་འཆི་ཆད་ཀྱང་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་འཆི་ཡོད་པ་དང༌། དེ་དག་གི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡང་དྲང་དོན་དུ་གསུངས་པའི་ཕྱིར་རོ། །དེས་ན་སྲིད་པ་གསུམ་གྱི་ཉོན་མོངས་སྤངས་པས་ཁམས་གསུམ་དུ་སྐྱེ་བ་ལྡོག་གི་དག་པའི་ཞིང་གི་པདྨའི་སྦུབས་སུ་རྫུས་ཏེ་སྐྱེས་ནས་ཟག་མེད་ཀྱི་དབྱིངས་ལ་གནས་པ་ནི་མི་ལྡོག་


JLD017_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གོ །འདི་དག་དང་མཐུན་པར་འཕགས་པས་ཀྱང་ཁྱབ་པའི་འགྲེལ་པར་ཐེག་གསུམ་དྲང་དོན་དུ་གསུངས་ལ། སློབ་དཔོན་འདིས་ཀྱང་དེའི་རྗེས་སུ་འབྲངས་ནས་མདོ་སྔ་མ་དྲང་དོན་དང་ཕྱི་མ་ངེས་དོན་དུ་བཞེད་ཅིང༌། འཕགས་པ་ནཱ་ག་རྫུ་ནའི་ཞལ་སྔ་ནས་དང་དེའི་ལུགས་ཀྱི་རྗེས་སུ་འབྲང་བ་ཐེག་པ་གཅིག་གི་ཚུལ་དུ་སྨྲ་བ་རྣམས་ཀྱིས་ཀྱང་གསུངས་པ་ནི། བྱང་ཆུབ་རྣམ་པ་གཉིས་ཐོབ་ནས། །སྲིད་པས་སྐྲག་ཡིད་དེ་དག་ནི། །ཚེ་ཟད་ལ་དགའ་མྱ་ངན་ལས། །འདས་ཐོབ་འདུ་ཤེས་ཅན་དུ་འགྱུར། །དེ་ལ་མྱ་ངན་འདས་ཡོད་མིན། །འོན་ཀྱང་སྲིད་གསུམ་ཁམས་སུ་ནི། །སྐྱེ་བ་དེ་ལ་ཡོད་མ་ཡིན། །ཟག་མེད་དབྱིངས་ནས་དེ་དག་ཀྱང༌། །མི་ཤེས་ཉོན་མོངས་མི་སྤང་ཕྱིར། །ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་ནས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ཏེ། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། ཞེས་བཤད་པ་ཡིན་ནོ། ཞེས་དྲངས་ནས་དེ་ཉིད་ལ་ཚད་མར་མཛད་དོ། །དག་ལྡན་དང་གྲགས་ཆར། མདོ་སྔ་ཕྱི་གཉིས་རིམ་པ་ལྟར་ཞི་བགྲོད་དང༌། ཡོངས་སུ་འགྱུར་བ་ལ་འདོད་པ་ནི་མི་འགྲིག་སྟེ། འོན་ཀྱང་དེ་དག་ཅེས་གཞི་གཅིག་ལ་གསུངས་པ་དང༌། ཁོ་བོ་ནི་བར་ཆད་མི་བྱེད་ཅེས་སྔར་གྱི་དེ་དྲང་དོན་དུ་མདོ་ཉིད་ལས་གསལ་བའི་ཕྱིར་རོ། །དེ་ལྟར་ཐེག་པའི་དྲང་ངེས་ལ་ནི་ཤིན་རྟ་ཆེན་པོ་རྣམས་ཀྱང་ལུགས་ཐ་དད་པར་སྣང་ཞིང་བློ་གསལ་རྣམས་ཀྱིས་བསམ་པར་བྱ་བའི་གནས་ཡིན་པའི་ཕྱིར་འདིར་ས་བོན་ཙམ་ཞིག་བཀོད་ཀྱི། རྒྱས་པར་ནི་དབུས་སེམས་ཀྱི་


JLD017_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལུགས་རྒྱ་མཚོ་ལྟ་བུ་རྣམས་དང༌། མཁས་མཆོག་པད་མའི་ངང་ཚུལ་གྱི་གསུང་ལས་ཤེས་པར་བྱའོ། །གཉིས་པ་ནི། དགོངས་འགྲེལ་གྱི་འགྲེལ་ཆེན་རྒྱ་ནག་མ་ལས། དགྲ་བཅོམ་པ་ཐེག་ཆེན་དུ་ལྡོག་པའི་ཚེ་ས་བརྒྱད་པར་འཇུག་པར་བཤད་ཀྱང་ཚོགས་ལམ་ནས་འཇུག་པ་འཐད་གསུང་པ་ལྟར། ཚིག་གསལ་ལས་ཀྱང༌། ཉན་ཐོས་དང་རང་སངས་རྒྱས་དེ་དག་ཞི་བའི་དབྱིངས་ནས་ལངས་ཏེ། ལམ་མཆོག་ཤེས་པར་བྱེད་པ་ན་སྐབས་དང་པོ་ནས་བསྟན་པའི་སེམས་བསྐྱེད་པ་ཐོག་མ་དང་གཉིས་པ་དང་གསུམ་པ་དང་པོར་བྱས་ཏེ། ཞེས་པ་ལྟར་ཁས་བླང་ངོ༌། །འོ་ན་འདི་དག་ཟག་མེད་ཀྱི་དབྱིངས་ནས་ལྡང་བའི་ཚུལ་དང༌། དུས་ཇི་ལྟར་ཙམ་གྱིས་བྱང་ཆུབ་ཐོབ་ཅེ་ན། ལྡང་ཚུལ་ནི། ལང་གཤེགས་ལས། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་བའི་བར་དུ་མི་སད་དོ། །དཔེར་ན་སྐྱེས་བུ་མྱོས་པ་ནི། །མྱོས་འགྱུར་མེད་ན་སངས་པ་ལྟར། །དེ་བཞིན་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཤེས་བྱ་བ་འཐོབ། ཅེས་པ་ལྟར་རོ། །དུས་ཇི་ཙམ་གྱིས་བྱང་ཆུབ་འཐོབ་པ་ནི། ཐུབ་དགོངས་ལས། གཉིས་པོ་དེ་དག་ཀྱང་བསྐལ་པ་གྲངས་མེད་པ་བཞི་མངོན་པར་རྫོགས་ནས་ཡང་དག་པར་རྫོགས་པར་སངས་རྒྱས་པ་ཉིད་འབའ་ཞིག་གོ །ཞེས་དང༌། དགེ་བའི་ལྷས། འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་ཉན་ཐོས་དག་ལས་ཀྱང་བྱང་ཆུབ་སེམས་དཔའ་ཐ་ན་བསྐལ་པ་གྲངས་མེད་པ་བཞི་བཅུས་མྱུར་པར་འགྱུར་རོ་ཞེས་ཏེ། སྔ་མ་ལྟར་ན་གྲངས་མེད་གཅིག་དང༌། ཕྱི་མ་ལྟར་ན་གྲངས་མེད་བཞི་བཅུས་བྱང་


JLD017_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ལས་བུལ་ལོ། །གསུམ་པ་ནི། རྒྱན་སྣང་དུ་ཁ་ཅིག་ན་རེ། གང་འདི་སངས་རྒྱས་ཀྱི་རིགས་འདི་ཐོག་མ་མེད་པ་ཡིན་པའམ་སངས་རྒྱས་རེ་རེ་བྱུང་བ་ན་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདའ་མོད་ཀྱི་དེ་ལྟར་ན་ཡང་འཁོར་བ་ལ་ཟད་པ་མེད་པས་མཐའ་ཡས་པའི་ཕྱིར་ནམ་མཁའ་དང་འདྲ་སྟེ། རི་བོ་ལ་སོགས་པའི་སྒྲིབ་གཡོགས་དུ་མ་ཡོད་ཀྱང་ནམ་མཁའ་ལ་ནི་ཡོངས་སུ་ཟད་པ་མེད་དོ། ཞེས་ཟེར་རོ་ཞེས་མཐའ་མེད་ཀྱི་ལུགས་དང༌། གཞན་དག་ན་རེ། གང་གཉེན་པོའི་ཆོས་དང་ཕྲད་པ་ན་འབྲི་བའི་ཆོས་ཅན་དུ་སྣང་བ་དེ་ནི་གཉེན་པོའི་ཕྱོགས་ཤིན་ཏུ་འཕེལ་བ་ན་ཤིན་ཏུ་འགྲིབ་པར་འགྱུར་བ་སྲིད་པ་ཡིན་ཏེ། དཔེར་ན་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །འཁོར་བ་ཡང་བདག་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་མངོན་དུ་གྱུར་པ་ན་འགྲིབ་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བའི་རང་བཞིན་ཀྱི་གཏན་ཚིགས་ཀྱི་སྟོབས་ཀྱིས་འཁོར་བ་རྒྱུན་ཆད་པ་ཡིན་ནོ་ཞེས་འདོད་དོ་ཞེས་མཐའ་ཡོད་ཀྱི་ལུགས་གཉིས་མཛད་དོ། །འགྲེལ་པ་ཆེ་ཆུང་གཉིས་སུ་ཡང་སྐྱེ་བོ་ཐམས་ཅད་ཅེས་འབྱུང་བས་སློབ་དཔོན་འདི་ནི་ཕྱོགས་ཕྱི་མ་བཞེད་པར་མངོན་ནོ། །ཨ་བྷྱས་ཀྱང་ཕྱི་མའི་སྦྱོར་བ་འདི་བཀོད་ནས། འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། ཞེས་བྱ་བ་ལ་སོགས་པའི་ལུང་ལས་ཀྱང་ངོ༌། ཞེས་ལུང་རིགས་གཉིས་ཀས་མཐའ་ཡོད་དུ་སྒྲུབ་པར་བྱེད་དོ། །འདིར་གང་གཟུང་ཞེ་ན། ཕྱིས་ཀྱི་མཁས་པ་ཆེན་པོ་དག་འཁོར་བ་ལ་མཐའ་ཡོད་མེད་གཉིས་ཀ་


JLD017_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་གསུངས་ཤིང༌། དེ་ལ་བརྟེན་ནས་གྲུབ་མཐའ་འཛིན་པ་རྣམས་ཀྱིས་མཐའ་ཡོད་མེད་གཉིས་ཀ་བསྟན་བཅོས་སུ་བཤད་ལ། ཕྱོགས་གཉིས་ཀ་ལ་སྒྲུབ་བྱེད་ཡོད་ཀྱང་འཁོར་བ་ལ་མཐའ་ཡོད་མེད་འདྲི་ན་ལན་མི་གདབ་ཅེས་མདོ་ལས་གསུངས་པ་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་སྟོང་རྒྱུ་ཆོས་ཅན་འཁོར་བ་ཡིན་པར་བཤད་པས། སྤྱི་མཚན་ལ་མཐའ་མེད་ཀྱི་གྲུབ་མཐའ་སྐྱེང་བདེ་བར་བཞེད་པ་ལྟར་ཁས་བླང་ལ། འོན་ཀྱང་མཐའ་ཡོད་ལ་ལན་མི་གདབ་པ་བཞིན་དུ་མཐའ་མེད་ལ་ཡང་གསུངས་པས་དེ་ནི་སྒྲུབ་བྱེད་དུ་ཡང་མི་ཆེའོ། །དེ་ལ་མཐའ་ཡོད་རྣམས་ཀྱིས་བཀོད་པའི་རིགས་པ་ནི། རྣམ་འགྲེལ་ལས། འགྲིབ་དང་ཕུལ་བྱུང་བསྟེན་པ་ཀུན། །མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར། །དེ་གོམས་པ་ལས་བདག་འགྱུར་བས། །ལ་ལར་ཟག་པ་ཟད་པར་འགྱུར། ཞེས་པའི་དོན་དུ་སྣང་ལ། དེ་ཡང་ཤེས་རྒྱུད་ལ་ལར་ཆགས་སོགས་ཀྱི་ཉེས་བྲལ་འབྱུང་སྲིད་པ་ཙམ་དུ་སྒྲུབ་པ་ཡིན་ཞིང༌། མཐའ་ཡོད་ལ་ནི་སེམས་ཅན་རེ་རེ་ཞིང་འཚང་རྒྱ་ངེས་སུ་སྒྲུབ་དགོས་ལ། དེ་འབྱུང་དུ་རུང་བས་དེར་འགྱུར་བར་མ་ངེས་པའི་ཕྱིར་སྒྲུབ་བྱེད་དུ་མི་འགྲོའོ། །དེས་ན་འཁོར་བ་ལ་མཐའ་ཡོད་པའི་སྒྲུབ་བྱེད་མཐར་ཐུག་པ་ནི་དྲི་མ་བློ་བུར་བ་དང་སེམས་ཀྱི་རང་བཞིན་འོད་གསལ་ཡིན་པས་རྐྱེན་དང་ཕྲད་ན་སྒྲིབ་པ་སྤང་རུང་གཉེན་པོ་སྐྱེ་རུང་ཙམ་ཞིག་ཡིན་ལ་དེ་ཙམ་གྱིས་འཁོར་བ་ལ་མཐའ་ཡོད་པར་སྒྲུབ་མི་ནུས་ཏེ། འབྲས་བུ་འབྱུང་རུང་འབྱུང་ངེས་ལ་


JLD017_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་ཕྱིར་ཏེ། དཔེར་ན་ས་བོན་རྟགས་སུ་བཀོད་ནས་མྱུ་གུ་སྐྱེ་ངེས་སུ་སྒྲུབ་པ་བཞིན་ནོ། །གཞན་ཡང་སངས་རྒྱས་བྱང་སེམས་རེ་རེས་ཀྱང་སེམས་ཅན་དུ་མ་ཞིག་མྱང་འདས་ལ་འགོད་པའི་ཕྱིར། འཁོར་བ་སྟོངས་པར་འགྱུར་ཏེ། སྣོན་པ་མེད་ལ་འགྲིབ་པ་དང་བཅས་པའི་ཕྱིར་དཔེར་ན་འབྲུའི་ཕུང་པོ་བཞིན་ཞེས་སྨྲ་བ་ཡང་མི་རིགས་ཏེ། སེམས་ཅན་ཉུང་དུ་སོང་བའི་བྲི་བ་མ་གྲུབ་པའི་ཕྱིར་ཏེ། མང་ཉུང་དུ་འགྲོ་བའི་གཞི་ལ་ནི་འདི་ཙམ་ཞེས་ཚད་ངེས་པ་ཅན་ཞིག་དགོས་ལ། སེམས་ཅན་ཀྱི་ཁམས་ལ་ནི་དེ་མ་གྲུབ་པའི་ཕྱིར། དཔེར་ན་ནམ་མཁའ་བཞིན་ནོ། །དོན་འདི་ལ་དགོངས་ནས་སྡུད་པར། མ་རིགས་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་དང༌། བཟང་སྤྱོད་དུའང༌། ནམ་མཁའི་མཐས་གཏུགས་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ནོ། ཞེས་སོ། །དེས་ན་འགྲོ་བ་ཐམས་ཅད་འཚང་རྒྱ་བར་གསུངས་པ་ནི། རྐྱེན་དང་ཕྲད་ན་དེར་འགྱུར་རུང་ཡོད་པ་ལ་དགོངས་ཏེ། ཐོགས་མེད་ཀྱིས། ཐོགས་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། ཞེས་པའི་མདོ་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་རྣམ་པར་དག་རུང་ཡོད་པ་ལ་དགོངས་པ་ཡིན་པར་བཤད་པ་བཞིན་ནོ། །གཉིས་པ་ནི། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི། ཉོན་མོངས་པ་རྣམས་ལ་རང་དབང་ཐོབ་པར་བྱས་ནས་དུས་ཡུན་རིང་པོར་བྱང་ཆུབ་སྒྲུབ་པར་བྱེད་དེ། ལམ་ཤེས་ཀྱིས་འཁོར་བར་སྐྱེ་བ་ལེན་པའི་


JLD017_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཉོན་མོངས་པ་ལམ་གྱི་གནས་སྐབས་ཀྱི་རྣམ་པ་ཐམས་ཅད་དུ་ཆེད་དུ་གཉེར་ནས་སྤངས་པ་མིན་པ་སྟེ་སྤོང་བར་མི་བྱེད་པ་ཞེས་བྱ་བ་ནི་དེའི་རྒྱུད་ཀྱི་ལམ་ཤེས་ཀྱི་རང་བཞིན་ནམ་ངང་ཚུལ་ཡིན་པའི་ཕྱིར་ཏེ། འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་ཞུགས་པ་ཉིད་ཀྱིས་སོ། །སྔ་མ་ལ་ཁྱབ་པ་ཡོད་དེ། གཞན་དུ་ན་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་མི་འགྱུར་བའི་ཕྱིར་རོ། །འདིར་སེམས་བསྐྱེད་པ་ཞེས་པ་སེམས་བསྐྱེད་ལ་བཟུང་ནས་ངོ་བོ་དང་བྱེད་ལས་སེམས་བསྐྱེད་དང༌། རྒྱན་སྣང་དུ་ལམ་ཤེས་ཀྱི་བཤད་པ་གཉིས་ཕན་ཚུན་མཚོན་པའི་དོན་དུ་འཆད་པ་ནི་མིན་ཏེ། འདིར་རུང་བ་ཡུལ་ངེས་ཁྱབ་པ་གསུམ་ག་ལ་ལམ་ཤེས་སྦྱར་བས་ལྷག་མ་གཉིས་ལ་ཡང་སྦྱར་དགོས་ཏེ། རྒྱུ་མཚན་ཁྱད་པར་མེད་པས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་པས་སེམས་བསྐྱེད་ཀྱི་ཡིན་པར་སྦྱོར་ན། རྒྱན་སྣང་དུ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ལམ་ཤེས་པ་ཉིད་ཀྱིས་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤོང་བར་མི་བྱེད་པ་ཞེས་བྱ་བ་འདིའི་རང་བཞིན་ཡིན་པས་ཞེས་འབྱུང་བས་དེ་ལ་ཡང་ཐལ་བར་འགྱུར་རོ། །འོ་ན་མི་སྤོང་བའི་ཉོན་མོངས་དེ་གང་ཞེ་ན། འདིའི་ལན་ལ་གཉིས། སྐྱེ་བ་ལེན་པའི་རྒྱུ་བསྟན། དེ་བརྒལ་ལན་གྱིས་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ལས་བསྟན་བཅོས་ནས་བཤད་པ་ནི། ཉི་སྣང་ལས། བག་ལ་ཉལ་ཐམས་ཅད་ནས་ཐམས་ཅད་དུ་མེད་པ་ནི་མ་རིག་པ་དང་ལྟ་བའི་ཟག་པས་བསྡུས་པའི་བག་ལ་ཉལ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་བསམ་བཞིན་དུ་སྲིད་པ་ལེན་པའི་ཕྱིར།


JLD017_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དང་སྲིད་པའི་ཟག་པས་བསྡུས་པ་ནི་མ་ཡིན་ནོ། ཞེས་གསུངས་ལ། བག་ལ་ཉལ་དེ་གཉིས་ཀྱང་འདོད་པ་དང་ཁམས་གོང་གི་འདོད་ཆགས་གཉིས་ཀྱི་གནས་ངན་ལེན་ལ་བཤད་པས་དེ་ལ་འདོད་དགོས་སོ། །གཉིས་པ་མདོ་ནས་བཤད་པ་ལ་ཡང་གཉིས་ལས། བློ་གྲོས་རྒྱ་མཚོས་ཞུས་པ་ལས་འབྱུང་བ་ནི། ཇི་སྐད་དུ། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང༌། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང༌། སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མི་སྐྱོ་བ་དང༌། དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང༌། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་དང༌། ཆོས་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་དང༌། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྦྱོར་བ་རྣམས་མི་འདོར་བ་སྟེ། ཞེས་གསུངས་པ་འདི་བརྒྱད་དོ། །འདི་དག་ནི་དགེ་རྩ་ཡིན་ན་ཉོན་མོངས་མིན་པས་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་ཞེས་པ་མི་འཐད་པར་དྲིས་པ་ནི། དེ་ཉིད་ལས། བཅོམ་ལྡན་འདས་གང་གི་ཚེ་དགེ་བའི་རྩ་བ་ལགས་ན་དེ་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི། ཞེས་པའོ། །ལན་དུ་ཉོན་མོངས་དངོས་མིན་ཀྱང་དེའི་མིང་གིས་འདོགས་པའི་རྒྱུ་མཚན་ནི། དེ་དང་བྱེད་ལས་མཚུངས་པས་ཡིན་ཏེ། ཉོན་མོངས་པས་ཁམས་གསུམ་དུ་སྦྱོར་བ་འདིས་ཀྱང་དེར་སྦྱོར་བས་


JLD017_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དངོས་ལ་གནོད་བྱེད་ནི། སེམས་ཉེ་བར་ཉོན་མོངས་པར་བྱེད་མི་ནུས་པས་སོ། ཞེས་གསུངས་པ་ནི། བློ་གྲོས་རྒྱ་མཚོ་འདི་ལྟར་དེ་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ལ། "ཁམས་གསུམ་པ་་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། ཞེས་དང༌། ཇི་སྲིད་ཁམས་གསུམ་པར་ཀུན་ཏུ་སྦྱོར་བས་ཡིན་གྱི་སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ། ཞེས་སོ། །བཏགས་པའི་དགོས་པ་ནི། མདོ་ལས་མ་ཟིན་ཀྱང་འདི་ཡིན་ཏེ། བྱང་སེམས་ནི་གཞན་དོན་ལྷུར་ལེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཏེ། གཞན་དོན་དུ་སྲིད་པར་ཉིང་མཚམས་སྦྱོར་བའི་ཕྱིར་རང་དོན་དུ་ཉོན་མོངས་པ་ཡང་མི་སྤོང་བར་ཤེས་པའོ། །གཉིས་པ་དཔལ་ཕྲེང་གི་མདོ་ལས་འབྱུང་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བ་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། ཞེས་པ་སྟེ། འདིས་ཀྱང་ཟག་བཅས་ཀྱི་ལས་ཉོན་ལ་མི་འདོད་དོ། །དེ་ལ་མ་རིག་པའི་བག་ཆགས་ཀྱི་ས་ནི། བསྡུ་བ་ལས། དེ་བཞིན་གཤེགས་པའི་ཡེ་ཤེས་ཉག་གཅིག་གིས་སྤོང་བར་བཤད་པའི་ཟག་བཅས་ཀྱི་གནས་ངན་ལེན་ཕྲ་མོ་སྟེ། དེའི་དཔེ་ལ་སྔ་རབས་པ་དག །གླ་རྩི་བླུགས་པའི་སྣོད་ན་དེ་མེད་ཀྱང་


JLD017_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མནམ་པ་བཞིན་དུ་ཉོན་མོངས་དང་ཉེ་ཉོན་རྣམས་སྤངས་ཀྱང་དེ་དག་གི་རྟེན་བྱས་པའི་བག་ལ་ཉལ་ལོ་ཞེས་འཆད་དོ། །ཟག་མེད་ཀྱི་ལས་ནི་ཉོན་མོངས་དང་མ་འདྲེས་ལ་སྲིད་པའི་རྒྱུར་གྱུར་པའི་སེམས་པ་སྟེ་སྔར་བསྟན་པ་བརྒྱད་པོ་ལྟ་བུར་མངོན་ནོ། །གཉིས་པ་ལ་གཉིས། བཏགས་པའི་མཐའ་དགག །གནས་པའི་དོན་དགོད་པའོ། །དང་པོ་ནི། བོད་སྔ་རབས་པ་ཁ་ཅིག་ཉོན་མོངས་མི་སྤོང་བའི་དོན་ནི། བྱང་སེམས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ལ་སྲིད་པར་སྐྱེ་བ་ལེན་དགོས་ལ་དེ་ལ་ཡང་རྒྱུ་ཉོན་མོངས་དགོས་པས་དེ་རྩབས་དང་རུ་མ་བཞིན་དུ་འཇོག་པ་ཡིན་ནོ་ཟེར་བ་དང༌། ཨ་དུ་ལ་དྷ་ཤ་ནི། ཉོན་མོངས་ལ་སྡུག་བསྔལ་བསྐྱེད་པ་དང༌། གཉེན་པོ་སྐྱེ་བའི་གེགས་བྱེད་པ་དང༌། སྲིད་པར་སྐྱེ་བ་ལེན་པ་དང༌། རང་གི་རིགས་འདྲ་སྐྱེད་པའི་ནུས་པ་བཞི་ཡོད་པ་ལས། དང་པོ་གཉིས་སྤོང་ཞིང་ཕྱི་མ་གཉིས་མི་སྤོང་ཞེས་འདོད་པ་ལ། ཉན་ཐོས་ཀྱིས་དེ་གང་གིས་སྤོང༌། ཉོན་མོངས་ཀྱི་རྩ་བ་མ་རིག་པ་དང་འཛིན་སྟངས་འགལ་བའི་གང་ཟག་གི་བདག་མེད་ལ་གོམས་པས་ཤེ་ན། འོ་ན་བྱང་སེམས་ཀྱིས་དེའི་སྟེང་དུ་ཆོས་ཀྱི་བདག་མེད་ལ་ཡང་གོམས་པར་བྱས་པས་འཇོག་པར་འདོད་ཀྱང་སྤོང་དགོས་ཏེ། འགལ་ཟླ་སྟོབས་ལྡན་གྲུབ་པས་སོ། །གཞན་ཡང་ལམ་ཤེས་ཟག་བཅས་སུ་བཤད་པའི་ཟག་པ་དེ་ཡང་མ་རིག་པ་དང་སྲེད་པ་སོགས་ལ་འདོད་དགོས་པས་སངས་རྒྱས་ལ་ཡང་ཡོད་དགོས་ཏེ། དེ་ལམ་ཤེས་ཀྱིས་ནི་རྣམ་པ་ཐམས་ཅད་དུ་མི་སྤོང་ལ་གཉེན་པོ་


JLD017_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་མེད་པས་སོ། །གཞན་ཡང་སྐྱེ་བ་ལེན་པ་ལ་རྒྱུ་མ་རིག་པ་དང་སྲེད་སོགས་དགོས་ན། ཉན་རང་དགྲ་བཅོམ་ཐེག་ཆེན་དུ་ཞུགས་པས་སྲིད་པ་ཇི་ལྟར་འཛིན། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱིས་སོ་ཞེ་ན། བྱང་སེམས་ལ་དེ་གར་སོང༌། དེས་ན་བྱང་སེམས་ཀྱི་དེ་ནི་སྙིང་རྗེ་དང་སྨོན་ལམ་དང་སེམས་བསྐྱེད་སོགས་ཀྱི་དགེ་རྩ་ཉིད་ཡིན་ལ། དེ་ཡང་ཉོན་མོངས་དང་བྱེད་ལས་མཚུངས་པས་དེར་བཏགས་པའོ་ཞེས་སྔོན་གྱི་མཁས་པ་བྱང་ཡེ་གསུང་བ་ནི། "མདོ་འབྲེལ་གྱི་་གནད་མཁྱེན་པའི་བཤད་པར་སྣང་ཡང་ཕྱི་རབས་པ་དག་གིས་ལེགས་བཤད་དུ་མ་གོའོ། །དེ་ལ་འདི་སྐད་ཀྱང་བརྗོད་པར་བྱ་སྟེ། གལ་ཏེ་སྐྱེ་བ་དེའི་རྒྱུ་ལས་ཉོན་མཚན་ཉིད་པ་ཡིན་ན། བྱང་སེམས་འཕགས་པ་དེ་དག་ལས་དབང་གིས་སྐྱེ་བར་ཐལ་བ་དང༌། སྐྱེ་བ་བླངས་པ་དེ་ལ་འགྲོ་བ་དེ་དང་དེའི་སྡུག་བསྔལ་གྱིས་གནོད་པར་འགྱུར་ན། དེ་ཡང་མི་རིགས་ཏེ། རྒྱུད་བླ་མར། འཕགས་པས་འཆི་དང་རྒ་བ་དང༌། །ན་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། ཅེས་དང༌། འགྲེལ་པར་ཡང༌། འཁོར་བ་ནི་འདིར་ཟག་པ་མེད་པའི་དབྱིངས་ན་ཁམས་གསུམ་པའི་གཟུགས་བརྙན་ཡིན་པར་འདོད་དོ། །དེ་ནི་ཟག་པ་མེད་པས་མངོན་པར་འདུས་བྱས་པའི་ཕྱིར་འཁོར་བ་ཡིན་ལ། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པའི་ཕྱིར་མྱ་ངན་ལས་འདས་པ་ཡང་དེ་ཉིད་དེ། ཞེས་པས་སོ། །གཞན་ཡང་བློ་གྲོས་རྒྱ་མཚོའི་མདོ་ལས་བསྟན་

ཤོག་ལྷེབ་ ༧༠༡ ནས་ ༨༠༠ བར།


JLD017_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་རྒྱུ་དང༌། འདིར་བསྟན་པའི་ཉོན་མོངས་གཅིག་ཏུ་སྒྲིག་པ་དང་ཉོན་མོངས་བཏགས་པ་བ་མིན་པར་འདོད་པ་ནི་ཤིན་ཏུ་ཡང་འགལ་ལོ། །གཉིས་པ་ནི། འཕགས་པ་དང་སློབ་དཔོན་གྱིས་བྱང་སེམས་དང་ཉན་རང་གིས་ཉོན་མོངས་མི་སྤོང་བ་དང་སྤོང་བར་གསུངས་པའི་དོན་ཅི། ཉོན་མོངས་པ་དེ་ཡང་གང་ཞེ་ན། དེའི་དོན་ནི་སྤྱིར་ཉོན་མོངས་པ་དང་བྱེ་བྲག་ཏུ་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་མི་སྤོང་བ་ནི་སྐྱེ་བ་ལེན་པ་ལ་ཉོན་མོངས་རྒྱུར་དགོས་ནས་མི་སྤོང་བར་བཤད་པ་མ་ཡིན་ཏེ། དེ་དག་སྤང་བྱ་མ་ཡིན་ན་ཉོན་མོངས་ཡིན་པར་འགལ་ལ། ཡིན་ན་ཡང་ལམ་ཤེས་ཀྱིས་མི་སྤོང་ཞིང་དེ་ལས་གཞན་པའི་གཉེན་པོ་ཡང་མེད་པའི་ཕྱིར། སངས་རྒྱས་ས་ན་ཡང་ཡོད་པར་འགྱུར་བ་དང༌། འདིའི་སྐྱེ་རྒྱུ་ལ་ཉོན་མོངས་མཚན་ཉིད་པ་དགོས་ན་མདོ་གཉིས་དང་འགལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཉོན་མོངས་ཀྱི་འབྲས་བུ་སྲིད་པ་ལ་སྐྲག་ནས་དེ་བློས་འདོར་བ་ཉན་ཐོས་ལྟར་མ་ཡིན་པར་གཞན་དོན་དུ་སྲིད་པར་ཉིང་མཚམས་སྦྱོར་བ་དོན་དུ་གཉེར་བ་ལ་བསམས་ནས་ཉོན་མོངས་མི་སྤོང་བར་བཤད་དེ། མདོར་ན་དེའི་འབྲས་བུ་དང་འདྲ་བའི་སྲིད་པ་མི་སྤོང་བ་ལ་དེ་མི་སྤོང་བར་བཏགས་པ་ཙམ་མོ། །དེ་ལྟ་མ་ཡིན་ན། མ་རིག་པའི་བག་ལ་ཉལ་མ་ལུས་པར་སྤངས་ན་འདོད་སྲེད་ཀྱི་བག་ལ་ཉལ་མ་སྤངས་པ་འགལ་ཏེ། རྒྱུ་ལོག་ན་འབྲས་བུ་ལྡོག་པའི་ཕྱིར་རོ། །ཉི་སྣང་ལས་ཀྱང་ཡོངས་སུ་འཛིན་པའི་ཤེས་རབ་དང་སྙིང་རྗེ་དག་གིས་གོ་རིམ་བཞིན་དུ་བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བར་ཤེས་པར་བྱ་བས་


JLD017_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདི་ནི་གནས་ཉིད་དུ་གསུངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི། །སྲིད་པར་དགའ་བར་བྱེད་པ་སྟེ། ཞེས་སྙིང་རྗེས་བྱང་སེམས་རྣམས་སྲིད་པ་ལས་མི་གྲོལ་བར་བྱེད་པར་གསུངས་པས་སྙིང་རྗེ་ཉིད་སྲིད་པར་སྐྱེ་བའི་རྒྱུ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། ཞེས་པ་ལྟར་རོ། །གཞན་ཡང་བྱང་སེམས་ཀྱིས་ཐབས་ཤེས་ཀྱིས་ཉོན་མོངས་ལ་དབང་དུ་བྱས་པས་ཉེས་པ་མི་སྐྱེད་ཅིང་ལམ་སྒྲུབ་པའི་གྲོགས་སུ་ཡང་འགྱུར་བས་ཉན་ཐོས་ལྟར་མཐའ་གཅིག་ཏུ་མི་མཐུན་པར་བཟུང་ནས་མི་སྤོང་བ་ཡང་ཉོན་མོངས་མི་སྤོང་བའི་དོན་ཡིན་ནོ། །དེ་ལྟར་ན་ས་ཐོབ་ཀྱི་སྐྱེ་བ་ལེན་པའི་རྒྱུ་བཤད་པ་འདི་ནི་མདོ་དང༌། འཕགས་པ་ཀླུ་སྒྲུབ། འཕགས་པ་ཐོགས་མེད། འཕགས་གྲོལ། སློབ་དཔོན་རྣམས་ཀྱི་དགོངས་པ་གཅིག་ཏུ་དྲིལ་བའི་མདོ་འགྲེལ་གྱི་དགོངས་པ་སྟེ། བྱང་སེམས་སྙིང་རྗེས་ཞི་བ་ལ་མི་གནས་པའི་གནད་མཐར་ཐུག་པའོ། །གསུམ་པ་ནི། སྲིད་པར་སྐྱེ་བ་གཞན་དོན་དུ་མི་སྤོང་བ་དེ་ལྟ་བུའི་རང་བཞིན་ཅན་ལམ་ཤེས་ཀྱི་བྱེད་ལས་ནི་སེམས་ཅན་འཁོར་དུ་ཡོངས་སུ་མ་བསྡུས་པ་ཡོངས་སུ་སྡུད་པ་དང་སོགས་པས་དེ་སྨིན་པ་དང་གྲོལ་བར་བྱེད་པས་དེ་ནི་དེའི་བྱེད་པ་ཡིན་ནོ། །རྒྱུ་མཚན་ནི། རང་དོན་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་དང༌། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་ཐབས་ལ་མཁས་པ་སྙིང་རྗེ་ཆེན་པོ་དང་ལྡན་པས་སོ། །དེའི་འོག་ཏུ་ཞེས་པ་བཤད་པའི་རིམ་པ་སྟོན་པ་ཡིན་པས་གོང་མ་གསུམ་ལ་ཡང་སྦྱར་རོ། །གཉིས་པ་ལ་གསུམ། ཉན་ཐོས་


JLD017_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རང་རྒྱལ་དང༌། བྱང་སེམས་ཀྱི་ལམ་མོ། །དང་པོ་ལ་གཉིས། ལམ་གྱི་ངོ་བོ་དང༌། དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ་གསུམ་ལས། དང་པོ་ནི། གོང་གི་ཚུལ་དེ་ལྟར་ལམ་ཤེས་ཀྱི་རྟེན་དང་སོགས་པས་བྱེད་ལས་ཀྱི་བར་བརྗོད་ནས་ཉན་ཐོས་ཀྱི་ལམ་གསུངས་སོ། །ལམ་ཤེས་ཀྱི་སྐབས་སུ་ཉན་ཐོས་ཀྱི་ལམ་འཆད་པ་མི་རིགས་ཤེ་ན། སྐྱོན་མེད་དེ། ལམ་ཤེས་ཀྱི་སྐབས་སུ་བྱང་སེམས་ཀྱིས་རང་ལམ་ཐམས་ཅད་རྫོགས་པར་སྐྱེད་དགོས་ཤིང་ལམ་གཞན་ཐམས་ཅད་རྫོགས་པར་ཤེས་པར་བྱ་དགོས་པས་སོ། །ལམ་ཤེས་ཀྱི་སྐབས་ཞེས་པ་སྐབས་དང་སྦྱར་ལ་སྒོམ་པ་དང་བཤད་པའི་སྐབས་གཉིས་ཀ་ལ་གཟུང་ངོ༌། །མདོ་འབྲེལ་ནི། བརྒྱ་བྱིན་གྱིས་རབ་འབྱོར་ལ་ཡུམ་གང་ཞེས་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་མདོ་དང་སྦྱར་བ། ལམ་དེ་མདོ་བསྟན་བཅོས་ནས་གསུངས་ཚུལ་ལོ། །དང་པོ་ནི། ཤེས་པར་བྱའོ། །གང་དུ་ན། ལམ་ཤེས་ཉིད་སྒོམ་པའི་ཚུལ་ལ་སྟེ་སྐབས་སུ་ནིའོ། །གང་ན། ཉན་ཐོས་ཀྱི་ལམ་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཏུ་རྟོགས་པ་འདིའོ། །གང་གི་སྒོ་ནས་ན། འཕགས་པའི་བདེན་པ་བཞི་དག་གི་རྣམ་པ་ཁྱད་ཆོས་བཅུ་དྲུག་པོ་རྟོགས་པར་བྱེད་པ་ན་མི་དམིགས་པར་རྟོགས་པའི་སྒོ་ནས་སོ། །མི་དམིགས་པར་རྟོགས་པ་ནི་མཚོན་པ་སྟེ་མདོ་ནས་གསུངས་པའི་སྦྱོར་བའི་དུས་ཀྱི་སེམས་བསྐྱེད་དང་མཇུག་གི་བསྔོ་བ་དང་བཅས་པའོ། །འདིར་བཞི་ལས་སྡུག་ཀུན་གཉིས་ཀྱི་རྣམ་པ་ལ་དམིགས་པ་ནི། བྱང་ཆེན་གྱིས་རྣམ་མཁྱེན་ཉིད་དང་ལྡན་པའི་


JLD017_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་གཟུགས་ནི་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །སྡུག་བསྔལ་བ་ཉིད་དང༌། བདག་མེད་པ་ཉིད་དང༌། ཞི་བ་ཉིད་དང༌། ནད་ཉིད་དང༌། འབྲས་ཉིད་དང༌། ཟུག་རྔུ་ཉིད་དང༌། སྡིག་པ་ཉིད་དང༌། ཕ་རོལ་ཉིད་དང༌། འཇིག་པའི་ཆོས་ཅན་ཉིད་དང༌། གཡོ་བ་ཉིད་དང༌། རབ་ཏུ་འཇིག་པ་ཉིད་དང༌། འཇིགས་པ་ཉིད་དང༌། འགོ་བའི་ནད་ཉིད་དང༌། ཉེ་བར་འཚེ་བ་ཉིད་དུ་ཡིད་ལ་བྱའོ། ཞེས་སོ། །དེ་ལ་དང་པོའི་བཞི་ཚན་གཉིས་ཀྱིས་ནི་སོ་སོའི་རྣམ་པ་བརྒྱད་དང་དེ་ནས་བདུན་གྱིས་དེ་གཉིས་ཀྱི་ཐུན་མོང་གི་རྣམ་པ་བསྟན་ཏོ། །འགོག་པའི་རྣམ་པ་ལ་དམིགས་པ་ནི། རྣམ་མཁྱེན་ནས་ཚུལ་གྱིས་མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནི་བདག་མེད་པ་ཉིད་དུ་ཡིད་ལ་བྱའོ། །ཞི་བ་ཉིད་དང༌། དབེན་པ་ཉིད་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་ཉིད་དང༌། སྨོན་པ་མེད་པ་ཉིད་དང༌། མངོན་པར་འདུ་བྱ་བ་མེད་པ་ཉིད་དུ་ཡིད་ལ་བྱའོ། ཞེས་སོ། །དེ་ལ་སྡུག་ཀུན་འགགས་པ་ནི་འགོག་པ་ཡིན་ལ། ཡན་ལག་བཅུ་གཉིས་ཀྱང་སྡུག་ཀུན་གྱི་རང་བཞིན་ཡིན་པས་དེ་འགགས་པ་འགོག་པར་འཐད་ཅིང་དེ་ཡང་དང་པོ་གསུམ་གྱིས་རྣམ་པ་དང་པོ་གསུམ་དང་དེ་ནས་བཞིས་ངེས་འབྱུང་གི་རྣམ་པ་བསྟན་ཏེ། གསུམ་ནི་ཇི་ལྟར་དང་ཐ་མ་ནི་གང་ངེས་འབྱུང་ཡིན་པས་སོ། །ལམ་བདེན་གྱི་རྣམ་པ་ལ་དམིགས་པ་ནི། བྱང་ཆེན་རྣམ་མཁྱེན་ནས་ཚུལ་གྱིས་དྲན་པ་ཉེ་བར་བཞག་པ་བཞི་སྒོམ་མོ། ཞེས་པ་སྟེ། དེ་བཞིན་དུ་ཕྱོགས་མཐུན་ལྷག་


JLD017_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་སྙོམས་འཇུག་གསུམ་དང༌། སྟོབས་ནས་མ་འདྲེས་པའི་བར་ལ་གསུངས་ཏེ། འདིས་ནི་ལམ་གྱི་རྣམ་པ་བསྟན་ཏེ། ཕྱོགས་མཐུན་སོགས་དེ་རྣམས་ནི་ཐར་པར་ཕྱིན་བྱེད་ཡིན་པས་སོ། །ཡང་ཐོག་མ་སྔར་བཞིན་ལ་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་ཞེས་དང་དེ་བཞིན་དུ་ལྷག་མ་ལྔ་ལ་གསུངས་པས་ནི་རིགས་པ་བསྟན་ཏེ། ཕྱིན་དྲུག་གིས་ནི་རྟོགས་བྱ་མ་ལུས་པ་རྟོགས་པ་ཡིན་ལ་རིགས་པའི་་དོན་ཡང་དེ་ཡིན་པས་སོ། །ཡང་བྱང་ཚེ་ཆོས་གང་གིས་ཆོས་རྣམས་སྦྱོར་བར་བྱེད་པ་དང༌། ཆོས་ཀྱིས་ཆོས་རྣམས་སྙོམས་པར་བྱེད་པ་དང༌། ཡོངས་སུ་རྫོགས་པར་བྱེད་པ་དང༌། ཡོངས་སུ་རྒྱས་པར་བྱེད་པ་ལ་སོ་སོར་བརྟགས་པས་བདག་མེད་པ་ན་ཆོས་ཐམས་ཅད་ནི་འདི་ཙམ་སྟེ་བདག་གམ་བདག་གི་བ་དང་བྲལ་བའོ། ཞེས་གསུངས་ནས་དེའི་འཐད་པར་བྱང་ཆུབ་དང༌། དགེ་རྩ་དང༌། ཡོངས་སུ་བསྔོ་བའི་སེམས་གསུམ་མི་འགྲོགས་པ་དང༌། དེའི་འཐད་པར་དེ་གསུམ་ཕན་ཚུན་གཅིག་ལ་གཅིག་མེད་པའི་ཕྱིར་ཞེས་གསུངས་ཏེ། འདིས་སྒྲུབ་པའི་རྣམ་པ་བསྟན་ཏེ། ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་པ་ནི་དེའི་དོན་ཡིན་ལ་འདིས་ཀྱང་དེ་བསྟན་པས་སོ། །ཡང་བཙུན་པ་རབ་འབྱོར་ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔོ་བའི་སེམས་དང་འགྲོགས་པ་མ་ཡིན། ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་


JLD017_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔོ་བའི་སེམས་ལ་མེད་ཅིང་མི་དམིགས་ཞེས་དྲིས་པའི་ལན་དུ། དེ་དག་སེམས་མིན་པས་གཅིག་གིས་གཅིག་བསྔོ་མི་ནུས་པར་བསྟན་ཏེ། འདིས་མངོན་ཞེན་མེད་པར་ཐར་པར་འགྲོ་བ་བསྟན་པས་ངེས་འབྱིན་བསྟན་ཏོ། །མདོ་སྦྱོར་ཚུལ་འདི་ནི་ཉི་སྣང་ལེ་བརྒྱད་མ་རྣམ་འགྲེལ་རྣམས་ཀྱི་དགོངས་པ་ཡིན་ལ། ཤཱནྟི་པས་རྟེན་འབྲེལ་བཅུ་གཉིས་འགགས་པར་བསྟན་པ་ལ་གང་འགོག་པ་དང་། གང་གིས་འགོག་པ་གཉིས་སུ་བྱས་ནས་འགོག་ལམ་གཉིས་ཀ་ལ་བདུན་བདུན་སྦྱར་ནས་རྣམ་པ་ཉེར་དགུར་བཤད་དེ། ཟླ་འོད་དུ་ཡང་འགོག་པའི་བདུན་ཐོབ་བྱ་དང་ལམ་གྱི་བདུན་ཐོབ་བྱེད་དུ་བཤད་དོ། །གཉིས་པ་ལ་གསུམ། མདོའི་སྒྲས་ཟིན་གྱིས་ཇི་ལྟར་བསྟན་པ་དང༌། དོན་དེ་རྩ་བས་ཇི་ལྟར་བསྡུས་པ་དང༌། དེ་གཉིས་འགྲེལ་བྱེད་རྣམས་ཀྱིས་ཇི་ལྟར་སྦྱར་བའོ། །དང་པོ་ནི། གཟུགས་སོགས་ཀྱི་ཆོས་རྣམས་ལ་མི་རྟག་སོགས་ཀྱི་རྣམ་པར་ཡིད་ལ་བྱའོ་ཞེས་གསུངས་ལ་དེ་ཡང་ཡིད་ལ་བྱེད་པ་པོ་བྱང་སེམས་དང༌། ཀུན་སློང་ཐེག་དམན་འདོད་པ་དང༌། མ་འདྲེས་པའི་རྣམ་མཁྱེན་ཡིད་བྱེད་དང་ཡིད་ལ་བྱེད་ཚུལ་མི་དམིགས་པའི་རྣམ་པར་ཡིད་ལ་བྱ་བར་གསུངས་ཤིང༌། ལམ་བདེན་གྱི་མདོར་དོན་དམ་པའི་བསྔོ་བ་ཡང་བཤད་པས་དེ་གོང་དུ་བླངས་པས་མཐར་བསྔོ་བ་ཡང་གསུངས་སོ། །དེས་ན་འདིའི་སྒྲས་ཟིན་ལ་ཉན་ཐོས་ཀྱི་ལམ་མེད་དེ། ཡོད་ན་མི་རྟག་སོགས་སུ་ཡིད་ལ་བྱེད་པ་ལ་འདོད་དགོས་ན། དེ་ནི་སྔར་ལྟར་རྟེན་ཀུན་སློང་ཡིད་བྱེད་མཐར་བསྔོ་ཚུལ་རྣམས་བྱང་སེམས་འབའ་ཞིག་དང་འབྲེལ་བར་གསུངས་པས་སོ། །དེས་ན་མདོའི་དངོས་བསྟན་ནི་ཡུལ་ཅན་ལམ་ཤེས་ཉིད་དོ། །འདི་


JLD017_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁ་ཅིག་དེ་མི་འཐད་དེ། ལམ་ཤེས་ཀྱི་ཡུལ་ནི་ཉན་ཐོས་ཀྱི་ལམ་ཡིན་དགོས་ལ། འདིར་ནི་བདེན་བཞིའི་རྣམ་པ་ཉིད་བཤད་པས་སོ་ཞེས་སུན་འབྱིན་པ་ནི་ལྟར་སྣང་ཡིན་ཏེ། དེའི་ལམ་ཤེས་པར་བྱེད་པ་ན་ཡང་དམིགས་ཡུལ་འདི་ལ་རྣམ་པ་འདི་ལྟར་དམིགས་པ་ཞིག་ཅེས་ཤེས་པར་བྱེད་ཀྱི་ཡུལ་དང་བྲལ་བའི་ཡེ་ཤེས་ཡན་གར་བ་དེའི་དམིགས་རྣམ་བཅད་པར་མི་ནུས་པ་དང་དམིགས་རྣམ་མ་བཅད་པར་ཡང་ཤེས་པའི་རབ་དབྱེ་རྟོགས་པར་མི་ནུས་པས་སོ། །གཉིས་པ་ནི། རྗེ་བཙུན་གྱིས་མི་རྟག་སོགས་སུ་ཡིད་ལ་བྱ་བའི་གཞི་རྣམས་བདེན་བཞི་དང༌། གང་གི་ངོ་བོར་ཡིད་ལ་བྱ་རྒྱུ་རྣམས་བདེན་བཞིའི་རྣམ་པ་བཅུ་དྲུག་དང༌། ཡིད་ལ་བྱེད་དུས་ལམ་ཤེས་ཀྱི་སྐབས་དང་ཤེས་པར་བྱ་རྒྱུ་དེ་ཉན་ཐོས་ཀྱི་ལམ་ཡིན་པར་བསྡུས་སོ། ་།ཤེས་པར་བྱེད་པ་པོ་བྱང་སེམས་ཡིན་ཡང་སླ་བར་དགོངས་ནས་མ་བསྡུས་སོ། །དེ་ལྟར་ན་མདོའི་དོན་འདིར་བཀྲལ་ཏེ། མི་རྟག་སོགས་བཅུ་དྲུག་ཏུ་ཡིད་ལ་བྱེད་པ་ནི་ཉན་ཐོས་ཀྱི་ལམ་སྟེ་ཤེས་པར་བྱ་རྒྱུའོ། །བདེན་བཞིའི་རྣམ་པ་རྣམས་མི་དམིགས་པར་ཡིད་ལ་བྱེད་པ་ནི་ལམ་ཤེས་ཀྱིས་ལམ་དེ་ཤེས་པར་བྱེད་པའི་སྒོའམ་ཐབས་སོ། །རྩ་བའི་གཞུང་ཡང་ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་དུ་ཤེས་པར་བྱ། ཞེས་སྦྱར་བས་ཡུལ་དང་གཞུང་སོར་བཞག་པས་ཡུལ་ཅན་བསྟན་པར་འགྱུར་རོ། །མདོའི་སྒྲས་ཟིན་ལ་རྣམ་པ་


JLD017_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཤེས་རྒྱུ་དང༌། མི་དམིགས་པ་ཤེས་ཚུལ་ལ་སྦྱར་ཡང༌། བསྟན་བཅོས་སུ་ཉན་ཐོས་ཀྱི་ལམ་ཤེས་པར་བྱ་རྒྱུ་དང་རྣམ་པ་རྣམས་མི་དམིགས་པར་རྟོགས་པ་ཤེས་ཚུལ་ལ་མཛད་དོ། །དེ་ལྟར་བྱུང་ཡང་མི་མཐུན་པར་མི་བསམ་སྟེ། མངོན་རྟོགས་ཀྱི་དོན་ནི། མདོའི་ནང་དུ་གབ་པས་དེ་འགྲེལ་པ་ལ་རྗེ་བཙུན་ཉིད་ཚད་མ་ཡིན་པས་སོ། །གསུམ་པ་ནི། ཉི་སྣང་ལས། ཉན་ཐོས་ཀྱི་ལམ་གྱི་བདེན་པ་བཞི་ལ་དམིགས་པའི་རྣམ་པ་བཅུ་དྲུག་གི་རྣམ་པར་བཞག་པ་བཤད་ཟིན་ཏོ། ཞེས་བདེན་བཞི་ལ་མི་རྟག་སོགས་ཙམ་དུ་ཡིད་ལ་བྱེད་པ་ཉན་ཐོས་ཀྱི་ལམ་དང་མི་དམིགས་པའི་ཚུལ་གྱིས་བདེན་པའི་རྣམ་པ་ཡིད་ལ་བྱེད་པ་ནི་ཐེག་དམན་འདོད་པ་དང༌། མ་འདྲེས་པའི་རྣམ་མཁྱེན་ཡིད་བྱེད་དང་འབྲེལ་བར་གསུངས་ཤིང་རྣམ་འགྲེལ་དུ་ཡང་དེ་ལྟར་རོ། །རྒྱན་སྣང་ལས་ཀྱང༌། དེ་ལྟར་རིམ་པ་འདིས་ཐེག་པ་ཆེན་པོར་རྣམ་པ་ལ་ལ་རྣམ་གྲངས་ཀྱིས། ལ་ལ་རང་གི་ངོ་བོ་ཉིད་དུ་བསྟན་པས་ཉན་ཐོས་ཀྱི་ལམ་མ་ཡིན་པ་ཉིད་དུ་ཐལ་བར་མི་འགྱུར་རོ། ཞེས་ཉན་ཐོས་ཀྱི་ཐེག་པར་རྣམ་པ་བཅུ་དྲུག་དང༌། ཐེག་པ་ཆེན་པོར་རྣམ་པ་སོ་གསུམ་བཤད་པ་གཉིས་གྲངས་མ་མཐུན་པས་འདིར་བསྟན་དེའི་ལམ་མ་ཡིན་ནམ་སྙམ་པའི་དོགས་གཅོད་མཛད་པ་དང༌། དག་ལྡན་ལས་ཀྱང༌། འདིར་རྣམ་པ་ཉི་ཤུ་རྩ་དགུ་ནི་ཉན་ཐོས་ཀྱི་ལམ་ཡིན་ཏེ། དེའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ནི་དེ་དག་མི་དམིགས་པས་ལམ་ཤེས་པ་ཉིད་ལ་འཇུག་སྟེ། སྔར་ཡང་བྱང་ཆུབ་ཆེན་པོ་ལ་སྨོན་པའི་ཕྱིར་དང་ཕྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་


JLD017_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ཕྱིར་རོ། ཞེས་དང་པོར་སེམས་བསྐྱེད་དང་མཐར་རྣམ་མཁྱེན་དུ་སྟོབ་པའི་བསྔོ་བ་དང་ལྡན་པས་དངོས་གཞིའི་ཚེ་མི་དམིགས་པར་རྟོགས་པས་ལམ་ཤེས་སྒོམ་པ་ལ་འཇུག་པ་དང༌། རྣམ་པ་ཉེར་དགུ་རྟོགས་པ་ཉན་ཐོས་ཀྱི་ལམ་ལ་གསུངས་པའི་ཕྱིར་རོ། །དེས་ན་སྤྱིར་བྱང་སེམས་ལ་མི་རྟག་སོགས་བཅུ་དྲུག་རྟོགས་པའི་རྣམ་པ་ཡོད་ཀྱང་སྐབས་འདིར་ནི་མི་རྟག་སོགས་སུ་མི་དམིགས་པ་ཆོས་ལ་བདག་མེད་པའི་རྣམ་པ་ཅན་ཡིན་པས་དེ་བྱང་སེམས་དང༌། མི་རྟག་སོགས་སུ་དམིགས་པ་གང་ཟག་ལ་བདག་མེད་པའི་རྣམ་པ་ཅན་ཡིན་པས་ཉན་ཐོས་ལ་བཞག་གོ །ཁ་ཅིག་འདིར་ཉན་ཐོས་རང་རྒྱུད་པའི་ལམ་བསྟན་པ་བཀག་ནས། དམིགས་ཡུལ་གྱི་ཉན་ཐོས་ཀྱི་ལམ་ཞིག་བསྟན་གསུང་བ་བྱིས་པ་འདྲིད་པའི་ཚིག་སྟེ། བསྟན་པ་དེ་ཉན་ཐོས་ཀྱི་ལམ་མིན་ན་དེའི་ལམ་བསྟན་པར་འདོད་པ་ཉམས་ལ། ཡིན་ན་ཉན་ཐོས་རང་རྒྱུད་པའི་ལམ་དུ་འགྱུར་རོ། །གལ་ཏེ་བྱང་སེམས་ཀྱིས་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་ཚེ་དེ་ལ་ཉན་ཐོས་ཀྱི་ལམ་ཟེར་ན་དེ་ལ་ཡང་ཡིན་མིན་བརྟགས་ན་འཇིག་གོ །འདི་ཉན་ཐོས་ཀྱི་ལམ་དུ་འདོད་ན་སྦྱོར་ལམ་ཡང་འདོད་དགོས་ལ། དེ་ལྟ་ན་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཅན་དུ་གསུངས་པ་འགལ་ཞེ་ན། མི་འགལ་ཏེ། བདེན་པའི་དམིགས་རྣམ་ཅན་དུ་གསུངས་པས་འདི་དང་དམིགས་རྣམ་མཚུངས་སོ། །ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ལྟར་བསྟན་པ་ནི། མདོའི་ཚིག་


JLD017_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱུང་ཚོད་བསྡུས་པ་ཡིན་ལ། དེ་ཡང་གང་ཟག་ལ་བདག་མེད་པའི་སྟེང་ནས་བཀྲལ་དགོས་ཏེ། ཉན་ཐོས་འཕགས་ལམ་གྱི་རྒྱུའི་དབང་དུ་བྱས་པས་སོ། །དཔེར་ན། དེ་ནི་མཚན་མར་དམིགས་སྒོ་ནས། ཞེས་པའི་མདོ་དང་རང་རྒྱལ་ལམ་གྱི་རྟེན་གྱི་སྐབས་སུ་བྱང་སེམས་ཀྱིས་ཡུམ་འདི་འདོར་བ་དང་ལེན་པ་ལ་བྱང་སེམས་ཕྱིར་མི་ལྡོག་པ་རྣམས་བསྟན་པ་ཉན་རང་ལ་སྦྱར་དགོས་པ་བཞིན་ནོ། །ཡང་ན་རྩ་བས་བསྟན་པའི་རྣམ་པ་བཞི་བྱང་སེམས་ཀྱིས་ཉན་ཐོས་ཀྱི་སྦྱོར་ལམ་ཤེས་པར་བྱེད་པའི་རྣམ་པ་ལ་བྱའོ། །གསུམ་པ་ལ་གཉིས། ཤེས་པར་བྱ་བའི་ལམ། དེ་ཤེས་པར་བྱེད་པའི་ཚུལ་ལོ། །དང་པོ་ལ་གཉིས། ཀུན་ཉོན་དང༌། རྣམ་བྱང་གི་བདེན་པ་གཉིས་ཀྱི་རྣམ་པའོ། །དང་པོ་ལ་གཉིས། སོ་སོ་བ་དང༌། ཐུན་མོང་གི་རྣམ་པའོ། །དང་པོ་ལ་གཉིས། སྡུག་བསྔལ་དང༌། ཀུན་འབྱུང་གི་རྣམ་པའོ། །དང་པོ་ནི། བདེན་པ་བཞིའི་རྣམ་པ་བསྟན་དགོས་པ་དེ་ལ་སྟེ་དེའི་ནང་ནས་དང་པོར་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་ནི་མདོར་གསུངས་པའི་གོ་རིམ་བཞིན་དུ་བརྗོད་པར་བྱའོ། །འདི་འོག་མ་རྣམས་ལ་ཡང་སྦྱར་རོ། །གང་ཞེ་ན། སྐྱེ་ཞིང་འཇིག་པས་མི་རྟག་པ་དང༌། ཟག་པ་དང་བཅས་ཤིང་འཕགས་པ་རྣམས་དང་མི་མཐུན་པའམ་དེའི་ངོར་མི་འདོད་པའི་རྣམ་པར་སྣང་བས་སྡུག་བསྔལ་བ་དང༌། དོན་གཞན་གྱི་བདག་གིས་སྟོང་པས་བདག་མེད་པ་དང༌། ངོ་བོར་གྱུར་པའི་བདག་མེད་པས་བདག་མེད་དེའི་མཚན་ཉིད་དེ་རང་བཞིན་ཞི་བའི་རྣམ་པ་སྟེ་དེ་ལྟར་


JLD017_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའོ། །འདིར་གཞུང་ལས་སྟོང་པ་དང་བདག་མེད་པ་སྟེ་དེ་དག་གི་མཚན་ཉིད་ཞི་བའི་རྣམ་པ་བཞི་དག་དང་ཞེས་པ་ནི་མ་དག་སྟེ། འགྲེལ་ཆེན་གཉིས་དང་མདོ་གང་དང་ཡང་མི་མཐུན་པས་སོ། །དེས་ན་རྟོགས་དཀར་སྟོང་པའི་མཚན་ཉིད་ཀྱི་བདག་མེད་པ་དང་དེའི་མཚན་ཉིད་ཞི་བའི་རྣམ་པ་ཞེས་བསྒྱུར་བ་ལྟར་གཟུང་ངོ། །དེ་ལྟར་ན་བདག་མེད་དང་ཞི་བ་གཉིས་སྟོང་པ་དང༌། བདག་མེད་ཀྱི་རྣམ་གྲངས་སོ། །ཤཱནྟིས། ཐ་མ་གཉིས་བདག་དང་བདག་གི་བ་མེད་པ་ལ་བཤད་ཀྱང་མངོན་པ་ནས་གོང་མ་བཤད་དོ། །བདག་མེད་ངོ་བོའི་རྣམ་པར་མི་བྱེད་པ་ཅི་ཞེ་ན། མདོ་ནས་དེ་བཞི་པར་བཤད་ན་དེ་ལྟར་ཡིན་ཀྱང་གསུམ་པར་བཤད་པ་ལ་དགོངས་སོ། །གཉིས་པ་ནི། ཀུན་འབྱུང་བའི་བདེན་པའི་ངོ་བོའི་རྣམ་པ་བཞི་ལས། དང་པོ་ནི། སྡུག་བསྔལ་གྱི་རྩ་བའི་རྒྱུ་ཡི་ངོ་བོ་ཉིད་ཡིན་པས་ནད་ལྟ་བུ་དང༌། གཉིས་པ་ནི། སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་བའི་ངོ་བོ་ཉིད་ཀྱིས་འབྲས་ལྟ་བུ་དང༌། གསུམ་པ་ནི། སྡུག་བསྔལ་དྲག་པོ་འཕྲལ་དུ་སྐྱེ་བའི་ངོ་བོ་ཉིད་ཀྱིས་ཟུག་རྔུ་ལྟ་བུ་དང༌། བཞི་པ་ནི། སྡུག་བསྔལ་བརྒྱུད་མར་འབྱུང་བས་ཤིན་ཏུ་འཇོམས་པའི་རྐྱེན་གྱི་ངོ་བོ་ཉིད་ཀྱིས་སྡིག་པ་ལྟ་བུའི་རྣམ་པ་བཞི་རྣམས་སོ། །དེ་ལྟར་ནད་ལ་སོགས་པ་བཞིས་ནི་དཔེའི་སྒོ་ནས་དེ་བཞི་བསྟན་ཏོ། །གཉིས་པ་ནི། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དེ་དག་ཉིད་ལ་སོ་སོར་ཏེ་རེ་རེ་ལ་ཡིད་འབྱུང་བ་འདོད་ཆགས་དང་བྲལ་བ་འགོག་


JLD017_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པ་གསུམ་ཡོད་པ་ལས། དང་པོའི་མཚན་ཉིད་དེ་ངོ་བོ་ནི་ཕྱིར་རྒོལ་བས་ཕ་རོལ་དང༌། ཕྱིར་རྒོལ་བས་འཇིག་པའི་ཆོས་ཅན་ཡིན་པས་འཇིག་པའི་ཆོས་ཅན་གྱི་རྣམ་པའི་ངོ་བོ་ཉིད་དག་སྟེ་གཉིས་སོ། །ཕྱིར་རྒོལ་གནོད་པར་ཞུགས་པས་ཕ་རོལ་དགྲ་ལྟ་བུ་དང༌། གནོད་པས་འཇིགས་ཤིང་ཡིད་བརྟན་དུ་མི་རུང་བས་འཇིག་པའི་ཆོས་ཅན་ཞེས་ཀྱང་ཟེར་རོ། །འདི་གཉིས་སུ་ཡིད་ལ་བྱས་པས་སྡུག་ཀུན་ལ་ཡིད་འབྱུང་བར་འགྱུར་ཏེ། མི་སྐྱོ་བ་ནི་དེ་ལ་རིང་དུ་གནས་པ་དང་སྐྱོན་དང་ལྡན་པར་མ་མཐོང་བས་ཡིན་ལ་འདིས་མི་གནས་པ་དང་གནོད་པར་མཐོང་བས་སོ། །གཉིས་པའི་ངོ་བོ་ནི་རང་གི་ངོ་བོར་རིང་དུ་མི་གནས་པས་སམ་དགྲ་བཅོམ་ཀྱི་ལམ་རྣལ་མས་རྩད་ནས་སྤོང་བས་གཡོ་བ་དང༌། འཇིག་རྒྱུ་ལ་མ་ལྟོས་པར་རང་གིས་འཇིག་པའམ་སྐབས་སུ་བབ་པ་ངོ་སྐལ་གྱི་གཉེན་པོས་འཇིག་པས་རབ་ཏུ་འཇིག་པའི་རྣམ་པ་དག་སྟེ་གཉིས་སོ། །འདི་གཉིས་སུ་ཡིད་ལ་བྱས་པས་སྡུག་ཀུན་ལ་ཆགས་པ་དང་བྲལ་བར་འགྱུར་ཏེ། ཆགས་པ་ནི་མི་འབྲལ་བའི་རྣམ་པ་ཅན་ཡིན་ལ་འདིས་མྱུར་དུ་འབྲལ་བར་རྟོགས་པས་སོ། །གསུམ་པའི་རང་གི་ངོ་བོ་ནི་འདི་ཕྱི་གཉིས་སུ་གནོན་པའི་གནས་སུ་གྱུར་པས་འཇིགས་པ་དང༌། སྲིན་པོ་ལ་སོགས་པའི་སེམས་ཡོད་ཀྱི་ཉེར་འཚེའི་ཡུལ་དུ་གྱུར་པས་འགོ་ནད་ལྟ་བུ་དང༌། འབྱུང་བ་འཁྲུག་པ་དང་ཐོག་འབབ་པ་སོགས་སེམས་མེད་ཀྱི་གནོད་གནས་ཡིན་པས་ཉེ་བར་འཚེ་བའི་རྣམ་པ་རྣམས་ཏེ་གསུམ་མོ། །འདི་གསུམ་དུ་ཡིད་ལ་བྱས་པའི་སྒོ་


JLD017_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྡུག་ཀུན་གཉིས་འགོག་པར་འགྱུར་ཏེ། མི་འདོར་བ་ནི་དེའི་ཉེས་པ་མ་མཐོང་བས་ཡིན་ལ་འདི་དག་གི་ཉེས་དམིགས་མཐོང་བའི་ཕྱིར་རོ། །འོ་ན་སྡུག་ཀུན་ལ་རྣམ་པ་དེ་གསུམ་ཡོད་པར་ཅིས་ཤེ་ན། ལུང་ལས་སོ་ཞེས་སྟོན་པ་ནི། དེ་གཉིས་ལ་འཕགས་པ་ཉན་ཐོས་རྣམས་ཡིད་འབྱུང་བ་སྟེ་སྐྱོ་བར་བྱ་བ་དང༌། འདོད་ཆགས་དང་བྲལ་བ་སྟེ། ཡུལ་ལ་རྒྱབ་ཀྱིས་ཕྱོགས་པར་བྱ་བ་དང༌། འགོག་པ་སྟེ་ཟག་བཅས་ཀྱི་སེམས་སེམས་བྱུང་མི་རྒྱུ་བའམ་ཕྲ་བར་འཇུག་པའི་གནས་སྐབས་གསུམ་པོ་དེའི་ཕྱིར་དུ་ཞུགས་པ་སྟེ་ལམ་ཉམས་སུ་ལེན་པ་དང་ལྡན་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་ན་དེས་གྲུབ་བོ། །གང་ལས་འབྱུང་ན་རྟོགས་དཀར་ཉན་ཐོས་ཀྱི་ལུང་ལས་ཞེས་ཟེར་ཡང༌། རྣམ་གྲངས་བསྡུ་བ་ལས། ཡིད་འབྱུང་བ་ནི་མཐོང་བའི་ལམ་ལའོ། །འདོད་ཆགས་དང་བྲལ་བ་ནི་སྒོམ་པའི་ལམ་ཡོངས་སུ་རྫོགས་པ་དག་ལའོ། །འགོག་པ་ནི་ཕུང་པོ་ཐམས་ཅད་འགོག་པའོ། །ཡིད་འབྱུང་བ་དང་འདོད་ཆགས་དང་བྲལ་བ་ལ་ཞུགས་པ་ནི་དེ་གཉིས་ཀྱི་སྦྱོར་བ་ལ་གནས་པ་རྣམས་ཡིན་ནོ། །འགོག་པ་ལ་ཞུགས་པ་ནི་མི་སློབ་པ་རྣམས་ཡིན་ནོ། ཞེས་སོ། །དེ་ལ་སྒོམ་ལམ་ཡོངས་སུ་རྫོགས་པ་ནི་སྒོམ་ལམ་ཐ་མ་ཡིན་ལ། སྦྱོར་བ་ལ་གནས་པ་ནི་རིམ་པ་ལྟར་སྦྱོར་ལམ་དང་མཐོང་ལམ་ལ་མངོན་ནོ། །འདི་ལ་བྱང་ཡེས། ཉན་ཐོས་རྣམས་མཐོང་ལམ་དུ་སྡུག་ཀུན་གྱི་སྐྱོན་མངོན་སུམ་དུ་མཐོང་བས་ཡིད་འབྱུང་བ་ཡིན་པས་སྦྱོར་ལམ་དུ་དེའི་ཕྱིར་ཞུགས།


JLD017_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ལམ་དུ་དེ་དག་སྤང་རུང་དུ་མཐོང་ནས་ཅི་རིགས་པར་སྤོང་ཞིང་རྒྱབ་ཀྱིས་ཕྱོགས་པར་བྱེད་པས་འདོད་ཆགས་དང་བྲལ་བས་ཡིན་པས་མཐོང་ལམ་དུ་དེའི་ཕྱིར་ཞུགས། མི་སློབ་ལམ་ན་ལྷག་བཅས་སུ་ཀུན་འབྱུང་དང་ལྷག་མེད་དུ་སྡུག་བསྔལ་འགོག་པ་ཡིན་པས་སྒོམ་ལམ་དུ་དེའི་ཕྱིར་ཞུགས་ཞེས་འཆད་པ་ནི། དང་པོ་གཉིས་སྦྱར་དུ་རུང་ཡང་ཐ་མ་འདི་རྣམ་གྲངས་བསྡུ་བ་དང་འགལ་བས་མི་འཐད་དོ། །འདིར་ལུང་འདི་འདྲེན་པའི་རྒྱུ་མཚན་ནི། མདོ་ནས་གསུངས་པའི་རྣམ་པ་བཅོ་ལྔ་པོ་དེ་བདེན་བཞིའི་རྣམ་པ་ལ་ནི་སྦྱར་དགོས་ལ། ཟག་མེད་གཉིས་ལ་མི་འགྲིག་པས་ཟག་བཅས་གཉིས་ལ་སྦྱར་བ་ན་དེ་གཉིས་ཀྱི་ངོ་བོའི་རྣམ་པ་བརྒྱད་ལ་རེ་རེ་སྦྱར་ཟིན་པའི་རྗེས་སུ་བདུན་ལུས་པ་སྡུག་ཀུན་གཉིས་ལ་ཐུན་མོང་དུ་སྦྱོར་བར་དགོངས་པ་ན། སྦྱར་བའི་གཞི་གཟུང་བའི་ཕྱིར། དེ་གཉིས་ལ་རྣམ་པ་དེ་གསུམ་ཡོད་པར་ལུང་གིས་སྒྲུབ་དགོས་པས་ལུང་འདི་དྲངས་པ་ཡིན་ཏེ་འདི་ཡང་དང་པོར་འཕགས་པས་མཛད་དོ། །ལུང་འདི་འདྲེན་དགོས་པའི་རྒྱུ་མཚན་དང༌། གང་གི་ཤེས་བྱེད་དུ་དྲངས་པ་རྣམས་ནི་ཊཱི་ཀ་རྩོམ་པ་རྣམས་ཀྱི་བློ་ལ་གསལ་པོར་མ་ཤར་པས་ཞིབ་པར་བྲིས་སོ། །ཤཱནྟི་པས་ནད་ཀྱི་རྣམ་པ་ལ་སོགས་པ་བཅུ་གཅིག་པོ་དེ་ཀུན་བདེན་ཉིད་ལ་སྦྱོར་ཏེ། དེ་ཡང་དང་པོ་བཞི་དང་དེ་ནས་བཞི་དང་དེ་ནས་གསུམ་གྱིས་རིམ་པ་ལྟར་དེ་སྤང་དགོས་པ་དང༌། སྤང་ནུས་པ་དང༌། མྱུར་དུ་སྤང་དགོས་པར་བསྟན་པར་འཆད་དོ། །གཉིས་པ་ལ་གཉིས། འགོག་པ་དང་ལམ་གྱི་རྣམ་པའོ། །དང་པོ་ནི།


JLD017_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པའི་བདེན་པའི་ངོ་བོའི་རྣམ་པ་བཞི་ལས། འགོག་པའི་རང་གི་ངོ་བོ་བདག་འཛིན་གྱི་ཉོན་མོངས་སམ་སྡུག་བསྔལ་གྱི་དངོས་པོ་མེད་པའི་ཕྱིར་བདག་མེད་པ་དང༌། སྡུག་བསྔལ་ལམ་ཉོན་མོངས་ཞི་བའི་ཕྱིར་ཞི་བ་དང༌། གྱ་ནོམ་པའི་བདག་ཉིད་བདེ་གཙང་གི་དངོས་པོ་ཡིན་པས་སམ་མི་གཙང་བས་དབེན་པའི་ཕྱིར་དབེན་པ་དང༌། ངོ་བོའི་རྣམ་པ་ངེས་པར་འབྱུང་བ་རྟག་ཕན་གྱི་མཚན་ཉིད་ནི་བདག་དང་བདག་གི་བ་དང་བྲལ་བས་སྟོང་པ་དང༌། འདུས་བྱས་ཀྱི་མཚན་མ་དང་བྲལ་བས་མཚན་མ་མེད་པ་དང༌། ཁམས་གསུམ་པ་ལ་སྨོན་པ་ཟད་པས་སྨོན་པ་མེད་པ་དང༌། མ་འོངས་པའི་སྐྱེ་འགྱུར་གྱི་ལས་མངོན་པར་འདུ་མི་བྱེད་པས་མངོན་པར་འདུ་བྱེད་པ་མེད་པའི་རྣམ་པ་དག་སྟེ། དང་པོ་གསུམ་ཇི་ལྟར་དང་ཐ་མ་གང་ངེས་འབྱུང་ངོ་། །དེ་ལ་འདིའི་ངེས་འབྱུང་ནི་ཐོབ་བྱ་ཡིན་ལ། ཇི་ལྟར་དང་གང་གི་དོན་ནི་ཇི་ལྟར་ན་ངེས་འབྱུང་ཞེས་འཐོབ་ཚུལ་དང༌། ངེས་འབྱུང་གང་ཞེས་ངོ་བོ་གཉིས་ལ་བཤད་པར་བྱའོ། །གཉིས་པ་ནི། ལམ་གྱི་བདེན་པའི་རྣམ་པ་བཞི་ནི། ཐར་པར་ཕྱིན་པར་བྱེད་པས་ལམ་དང༌། ཉོན་མོངས་ཀྱི་གཉེན་པོ་བྱེད་པས་རིགས་པ་དང༌། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པས་སྒྲུབ་པ་དང༌། བདག་ཏུ་མངོན་པར་མ་ཞེན་པས་མྱང་འདས་རྟག་གནས་སུ་འགྲོ་བས་ངེས་པར་འབྱིན་པ་སྟེ་རྣམ་པ་ཞེས་གོང་མ་ཀུན་ལ་ཡང་སྦྱར་རོ། །གཉིས་པ་ནི། ཡོངས་སུ་ཤེས་པར་བྱའོ། །གང་ན་སྡུག་ཀུན་སོ་སོའི་རྣམ་པ་བརྒྱད་ཐུན་མོང་དུ་བཅུ་བཞི་འགོག་པའི་བདུན་ལམ་གྱི་བཞི་སྟེ་རྣམ་པ་སོ་


JLD017_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྟོགས་པའི་ཡུལ་ཅན་གྱི་རྣམ་པ་རྣམས་སོ། །འདིར་རྟོགས་དཀར་ངེས་འབྱུང་གི་བཞི་གཅིག་ཏུ་བྱས་ནས་སུམ་ཅུར་དང༌། ཤེར་འབྱུང་གིས་སྡུག་ཀུན་གཉིས་ལ་ལྷག་པ་བདུན་དང༌། འགོག་པ་ལ་མཚན་མེད་སྨོན་མེད་འདུ་བྱ་བ་མེད་པ་གསུམ་ལྷག་པར་བྱས་ནས་ལྷག་པ་བཅུ་ཐུན་མོང་མ་ཡིན་པའམ་མི་འདྲ་བ་བཞི་བཞི་སྟེ་བཅུ་དྲུག་དང་བཅས་པས་ཉེར་དྲུག་ཏུ་འདོད་པ་ནི་འགྲེལ་ཆེན་གཉིས་ཀྱི་དགོངས་པར་མི་སྣང་ངོ། །གང་གིས་ན། བྱང་སེམས་སོགས་སོ། །གང་དུ་ན། ལམ་སོགས་སོ། །གང་གི་སྒོ་ནས་ན་སྦྱོར་བའི་དུས་སུ་སེམས་བསྐྱེད་དེ། མཇུག་ཏུ་བསྔོ་བ། དངོས་གཞིའི་དུས་སུ་དེ་དག་གི་ངོ་བོ་ཉིད་ཅིར་ཡང་མི་དམིགས་པར་རྟོགས་པའི་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་སོ། །གང་ཡིན་པར་ན། ཉན་ཐོས་སོགས་སོ། །འདི་ལ་ཤཱནྟིས་ཉན་ཐོས་ཀྱི་མཐོང་ལམ་དུ་བཤད་པའི་རྗེས་སུ་ཨ་བྷྱས་འབྲངས་ཀྱང་ལམ་གསུམ་ག་དགོས་ཏེ། བྱང་སེམས་ཀྱིས་ཉན་ཐོས་ཀྱི་ལམ་འབྲས་བུ་དང་བཅས་པ་ལ་མཁས་པར་བྱ་དགོས་པས་སོ། །ཚུལ་ནི། མདོ་བསྟན་བཅོས་སུ་ཤེས་པར་བྱེད་ཚུལ་བསྟན་པ་དེ་ལྟར་རོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། འབྲས་བུ་ཉན་ཐོས་ཀྱི་འཕགས་ལམ་བརྗོད་ནས་དེའི་འོག་ཏུ་དེའི་རྒྱུ་ངེས་ཆ་གསུངས་ཏེ། བདེན་པ་བཞི་ཡོངས་སུ་ཤེས་པ་སྟེ་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་ལམ་ལ་ནི་དེའི་རྒྱུ་ངེས་ཆ་རྟོགས་པ་སྟེ་ཐོབ་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་སོ། །གཉིས་པ་ནི། འཕགས་པ་ཉན་ཐོས་ཀྱི་ལམ་གྱི་རྒྱུ་སྦྱོར་ལམ་ལ་ནི་བཞི་ཡོད་པ་ལས་


JLD017_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གཟུགས་སོགས་རང་རང་གིས་སྟོང་པའི་ཕྱིར། དེ་དག་གིས་སྟོང་ཉིད་རྣམས་དབྱེར་མེད་པར་བསྟན་པས་བཤད་པའི་དྲོ་བ་ནི། ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང༌། ཀཽ་ཤི་ཀ་ཚོར་བ་དང་འདུ་ཤེས་དང༌། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ༌། །བྱང་སེམས་ནི་བྱང་སེམས་ཀྱིས་སྟོང་ངོ༌། །ཀཽ་ཤི་ཀ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང༌། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དང༌། བྱང་སེམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། ཞེས་སོ། །གཉིས་པ་གཟུགས་སོགས་དེ་དག་རང་གི་ངོ་བོར་མི་དམིགས་པས་དེ་དག་ལ་སྤྱིར་མི་གནས་པས་བཤད་པ་ནི་རྩེ་མོར་གྱུར་པ་དག་ཏུ་འདོད་དེ། ཀཽ་ཤི་ཀ་འདི་ལ་བྱང་ཆེན་གྱིས་དམིགས་པའི་ཚུལ་གྱིས་གཟུགས་ལ་གནས་པར་མི་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ། ཞེས་སོ། །གསུམ་པ་གཟུགས་སོགས་དེ་དག་ལ་རྟག་པ་དང་མི་རྟག་པ་ལ་སོགས་པའི་ཚུལ་གྱིས་གནས་པ་བཀག་པ་སྟེ་མི་གནས་པར་བསྟན་པས་བཤད་པའི་བཟོད་པ་ནི། དམིགས་པའི་ཚུལ་གྱིས་གཟུགས་རྟག་ཅེས་བྱ་བར་གནས་པར་མི་བྱའོ། ཞེས་དང༌། དེ་བཞིན་དུ་མི་རྟག་པ་དང༌། བདེ་སྡུགབདག་ཡོད་མེད། ཞི་མ་ཞི། དབེན་མི་དབེན། སྟོང་མི་སྟོང༌། མཚན་མ་ཡོད་མེད། སྨོན་པ་ཡོད་མེད་ཅེས་བྱ་


JLD017_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བར་གནས་པར་མི་བྱ་བར་གསུངས་སོ། །བཞི་པ་རབ་དགའ་སོགས་ས་བཅུ་དག་ལས་བརྩམས་པ་སྟེ་དེ་ཐོག་མར་བྱས་ནས་ནི་མི་གནས་པའི་ཚུལ་རྒྱས་པར་བསྟན་པ་ཡིས་བཤད་པའི་ཆོས་ཀྱི་མཆོག་ཏུ་གྱུར་པ་ནི། ཀཽ་ཤི་ཀ་གཞན་ཡང་བྱང་ཆེན་གྱིས་ས་དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། ཞེས་སོ། །ཆོས་དེ་དག་ལ་གནས་པར་མི་བྱ་བ་ཅིའི་ཕྱིར་ཞེ་ན། སངས་རྒྱས་སོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཐམས་ཅད་མ་དམིགས་པའི་ཕྱིར་རོ་ཞེས་པའོ། །འདི་བཞི་ཀ་ལ་རྒྱུ་མཚན་དུ་སྦྱོར་བ་ཉི་སྣང་གི་དགོངས་པ་ཡིན་ལ། དེ་ལ་ཡང་རྐང་པ་གཉིས་པས་ཡུལ་མི་དམིགས་པ་དང༌། ཐ་མ་གཉིས་ཀྱིས་ཡུལ་ཅན་གྱི་མ་དམིགས་པའི་སྒྲུབ་བྱེད་བསྟན་པས་གཉིས་ཀ་ཡང་ཐམས་ཅད་ལ་སྦྱར་ན་ལེགས་སོ། །ཤཱནྟིས་འཕགས་པ་ཉན་ཐོས་ལམ་ཡིན་ནོ་ཞེས་ཐ་མར་འདོན་ནོ། །མདོ་དེ་དག་གིས་སྦྱོར་ལམ་བཞི་བསྟན་པའི་རྒྱུ་མཚན་ནི་དེ་དག་གིས་དེ་བཞི་ཤེས་པའི་ལམ་ཤེས་བསྟན་ལ་ཡུལ་དེ་བཞི་ལ་ཁྱད་པར་དུ་གྱུར་པའི་རིམ་པ་བཞི་ཡོད་པ་ལྟར། མདོ་ཚན་པ་བཞི་པོ་དེར་ཡང་རིམ་པ་ལྟར་ཡུལ་སྟོང་ཉིད་དུ་བསྟན་པ་ཙམ་དང༌། ཡུལ་ལ་སྤྱིར་མངོན་ཞེན་ཙམ་དང་བྱེ་བྲག་གི་མངོན་ཞེན་དུ་མ་དང་དེ་ལས་ཀྱང་རྣམ་གྲངས་མང་བའི་མངོན་ཞེན་གྱི་ཆ་བཀག་པའི་རིམ་པ་བཞི་གསུངས་པ་དང་ཆ་མཚུངས་པའི་


JLD017_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་གྱིས་ཡིན་ནམ་སྙམ་མོ། །གསུམ་པ་ནི། སྐྱེ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གང་ན། ཉན་ཐོས་ཀྱི་ངེས་ཆ་བཞི་དང་དེ་ཤེས་པའི་ལམ་ཤེས་གཉིས་སོ། །གང་ལ་ན། ཉན་ཐོས་དང་བྱང་སེམས་ལའོ། །ཡུལ་གང་ལ་རྣམ་པ་གང་གིས་དམིགས་པས་སྦྱོར་ལམ་སྐྱེ་ན། བདེན་པ་བཞིའི་དམིགས་པ་ལ་མི་རྟག་སོགས་བཅུ་དྲུག་ཏུ་དམིགས་པ་ལ་བརྟེན་ནས་སོ། །ལམ་ཤེས་སྐྱེ་བའི་དམིགས་པ་གང་ན། ཉན་ཐོས་ཀྱི་སྦྱོར་ལམ་ཡུལ་དང་བཅས་པའོ། །དེའི་རྣམ་པ་གང་ན། རྟོགས་བྱ་གཟུགས་སོགས་དང༌། རྟོགས་པ་པོ་བྱང་སེམས་ཀྱི་སྟོང་པ་ཉིད་རྣམས་ཕན་ཚུན་གཅིག་ལ་གཅིག་ཐ་དད་པ་མེད་པར་མདོ་ལས་ཇི་སྐད་དུ་བསྟན་པ་ཞེས་བྱ་བའི་རྣམ་པ་དེས་དམིགས་པས་དྲོད་སྐྱེ་བར་ཤེས་སོ། །ཇི་སྐད་དུ་བསྟན་པ་ཞེས་པ་ནི་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ཐ་དད་མེད་པའི་རྒྱུ་མཚན་ནི། གཟུགས་སོགས་ཕུང་པོ་དང་བྱང་སེམས་རྣམས་རང་རང་གི་ངོ་བོས་སྟོང་པའི་ཕྱིར་རོ། །གཟུགས་ལ་སོགས་པ་སྔ་མ་དྲོད་དུ་བསྟན་པ་བཞིན་དུ་རང་རང་གི་ངོ་བོར་མི་དམིགས་པའི་ཕྱིར་ན། དེ་དག་ལ་སྤྱིར་དམིགས་པའི་ཚུལ་གྱིས་གནས་པ་བཀག་པ་ཞེས་བྱ་བའི་རྣམ་པས་དམིགས་པས་རྩེ་མོ་སྐྱེ་བར་ཤེས་སོ། །རྩེ་མོ་རང་གི་ངོ་བོས་སྟོང་པས་མི་གནས་པར་བསྟན་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ལ་རྟག་མི་རྟག་སོགས་ཁྱད་པར་གྱི་ཆོས་སུ་དམིགས་པའི་ཚུལ་གྱིས་གནས་པ་བཀག་པ་ཞེས་བྱ་བའི་རྣམ་པས་དམིགས་


JLD017_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཟོད་པ་སྐྱེ་བར་ཤེས་སོ། །ཁྱད་ཆོས་སུ་ཞེན་པ་ཇི་ལྟ་བུ་བཀག་ཅེ་ན། གཟུགས་སོགས་ལ་དམིགས་པའི་ཚུལ་གྱིས་རྟག་ཅེས་གནས་པར་བྱ་བ་མ་ཡིན་མི་རྟག་ཅེས་གནས་པར་བྱ་བ་མ་ཡིན་ནོ་ཞེས་གསུངས་པའི་ཚུལ་གྱིས་སོ། །འདིར་རྟག་མི་རྟག་གཉིས་ལ་མ་ཡིན་ཞེས་དགག་སྒྲ་འབྱུང་བ་ནི་མདོ་དང་རྩ་བ་རྒྱན་སྣང་རྣམས་དང་མི་མཐུན་པས་འགྱུར་འདི་མི་བདེའོ། །གང་དག་འགྲེལ་ཚིག་འདི་སོར་བཞག་བཞིན་དུ་གཞུང་འདི་ཁྱད་ཆོས་སུ་ཞེན་ཚུལ་ལ་འཆད་པ་ནི། ཞིབ་ཏུ་མ་དཔྱད་པ་ཡིན་ཏེ། རྟག་མི་རྟག་གི་མཐའ་བཀག་པ་དེ་དེ་གཉིས་ཀྱི་མཐར་ཞེན་པ་ལ་སྦྱར་བས་སོ། །ས་རབ་ཏུ་དགའ་བ་ལ་སོགས་པའི་ཡུལ་རྣམས་ལ་ཞེན་ནས་མི་གནས་པ་སྟེ་གནས་བྱར་མི་རུང་བ་རྒྱས་པར་མདོ་ལས་ཇི་སྐད་དུ་བསྟན་པ་ཞེས་བྱ་བའི་རྣམ་པ་དེས་དམིགས་པས་ཆོས་མཆོག་སྐྱེ་བར་ཤེས་པ་ཡིན་ནོ། །དེ་དག་ལ་ཞེན་ནས་གནས་བྱར་མེད་པ་གང་གི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་བླ་མེད་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་རྣམས་བདེན་པར་རྡུལ་ཙམ་ཡང་མ་གཟིགས་པས་སོ། །ཁྱབ་པར་ཡོད་དེ། ཞེས་བྱ་བའམ་དེ་ལྟ་བུ་དེ་ནི་ཤེས་བྱ་ཀུན་ལ་ཚད་མར་གྱུར་པའི་སྐྱེས་བུས་མ་དམིགས་པའི་གཏན་ཚིགས་ཀྱིས་འཐད་པ་ཡིན་པས་སོ། །བརྒྱད་སྟོང་པར་ཉན་ཐོས་ཀྱི་ཞུགས་གནས་བརྒྱད་དང་རང་རྒྱལ་དང་སངས་རྒྱས་ཀྱི་ས་སྟེ་བཅུ་ལ་བཤད་དོ། །དེ་དག་གི་དོན་མདོར་བསྡུ་ན། བྱང་སེམས་ཀྱིས་ལམ་


JLD017_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྒོམ་པའི་སྐབས་སུ་ཉན་ཐོས་ཀྱི་སྦྱོར་ལམ་དེ་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཏུ་དམིགས་པ་ལ་བརྟེན་ནས་སྐྱེའོ་ཞེས་སྔར་གྱི་རྣམ་པ་བཞི་པོ་དེའི་སྒོ་ནས་མི་དམིགས་པར་ཤེས་པར་བྱེད་ཅེས་པ་སྟེ། རྒྱན་སྣང་ལས་བྱང་ཆུབ་སེམས་དཔའ་དྲོ་བ་རྟོགས་པར་བྱ་བའི་དོན་དུ་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དང༌། ཞེས་པ་ནས། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་དབྱེར་མེད་པར་བསྒོམ་པར་བྱའོ། ཞེས་པ་དང༌། རྩེ་མོ། རྟོགས་པར་བྱ་བའི་ཕྱིར། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་དུ་མི་དམིགས་པར་བསྒོམ་པར་བྱའོ། ཞེས་དང༌། བཟོད་པ་རྟོགས་པར་བྱ་བའི་ཕྱིར། གཟུགས་སོགས་ལ་རྟག་པ་དང་མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པས་དམིགས་པའི་ཚུལ་གྱིས་གནས་སྐབས་ཐམས་ཅད་དུ་གནས་པར་མི་བྱའོ། ཞེས་དེ་ལྟར་བསྒོམ་པར་བྱའོ། ཞེས་གསུངས་ཤིང༌། འོག་གི་མཐོང་ལམ་བཤད་ཟིན་པའི་མཐར་བྱང་སེམས་ཀྱི་སྦྱོར་ལམ་མི་འཆད་པའི་རྒྱུ་མཚན་དྲིས་པའི་ལན་དུ་སྐབས་དང་པོར་བཤད་ཟིན་པའི་སྦྱོར་ལམ་ལ་ཁ་འཕངས་ཤིང་འདི་དང་འོག་གི་སྦྱོར་ལམ་ལ་ཁ་མ་འཕངས་པའི་ཕྱིར་རོ། །འཕགས་པས་ཀྱང་སྦྱོར་ལམ་རྣམས་ཀྱི་ཟློས་སྤོང་གི་སྐབས་སུ་རྣམ་མཁྱེན་དུ་གསུངས་པའི་བྱང་སེམས་ཀྱི་ངེས་ཆ་དང༌། ལམ་ཤེས་སུ་གསུངས་པའི་ཉན་ཐོས་ཀྱི་ངེས་ཆ་དང༌། རང་རྒྱལ་ལམ་དུ་གསུངས་པའི་ངེས་ཆ་ཞེས་གསུངས་པས་སྦྱོར་ལམ་འདི་གཉིས་ཐེག་དམན་ལ་མཛད་དོ། །འོན་ཀྱང་དེར་རྣམ་པ་འདི་དག་སྦྱོར་


JLD017_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དེ་གཉིས་ཀྱི་རྣམ་པར་གསུངས་པའི་དགོངས་པ་ནི། གང་ཟག་གི་བདག་གི་རང་བཞིན་དུ་གྱུར་པའི་ཆོས་དེ་དང་དེ་དག་ངོ་བོས་སྟོང་པ་སོགས་སུ་བྱས་ནས་གང་ཟག་གི་བདག་མེད་ཀྱི་དམིགས་རྣམ་ཅན་དུ་བཤད་དོ། །མདོ་ལས་ཡུམ་གང་དེ་ལ་ཇི་ལྟར་གནས་པར་བྱ་བ་གཉིས་དྲིས་པའི་ལན་དུ་རིམ་པ་ལྟར་འབྲས་བུ་ཉན་ཐོས་ཀྱི་ལམ་དང་སྦྱོར་ལམ་འདི་གཉིས་གསུངས་ལ། གནས་པར་བྱ་བ་ནི་ཡིད་ལ་ཇི་ལྟར་བྱེད་པ་ཡིན་པས་དེ་ཡང་གོང་དུ་མི་དམིགས་པའི་ཚུལ་གྱིས་ཞེས་ཟུར་ཙམ་འབྱུང་བ་འདིར་རྒྱས་པར་བསྟན་པས་ལམ་ཤེས་གཙོ་བོར་བསྟན་ཅིང༌། ཤེས་བྱ་སྦྱོར་ལམ་ནི་འཕགས་ལམ་དང་མི་རྟག་སོགས་སུ་དམིགས་རྣམ་མཚུངས་པས་དེ་སྔར་བསྟན་པས་འདི་དྲོད་སོགས་ཀྱི་མིང་ཙམ་མ་གཏོགས་པ་དམིགས་རྣམ་གསལ་བར་མ་བཤད་པ་འགྲེལ་པས་ཁ་བསྐངས་ནས་བཀྲལ་ལོ། །གཉིས་པ་ལ་གཉིས། སྤྱི་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་བདུན། རིགས་པ་དང༌། ལམ་དང༌། ཡང་དག་པར་འགྲུབ་པ་དང༌། ཚོགས་བསོག་པ་དང༌། གནས་པ་དང༌། རྒྱུ་བ་དང༌། སྒྲ་བཤད་པའོ། །དང་པོ་ནི། ཁྱད་པར་གསུམ་དང་ལྡན་པ་སྟེ། དང་པོ་ནི། རང་བཞིན་གྱིས་ཉོན་མོངས་པ་ཤས་ཆུང་བ་སྟེ། དེས་ན་དེའི་སེམས་འདུ་འཛི་ལ་མི་དགའ་ཞིང་གཅིག་པུ་ལ་དགའོ། །གཉིས་པ་ནི་སྙིང་རྗེ་ཤས་ཆུང་བས་ཏེ། དེས་ན་དེའི་སེམས་ཆོས་སྟོན་པ་དང་སེམས་ཅན་གྱི་དོན་བྱ་བ་ལ་མི་འཇུག་གི་སེམས་ལས་ཆུང་ངུར་གནས་སོ། །གསུམ་པ་ནི་དབང་པོ་འབྲིང་དུ་གྱུར་ཅིང་ང་རྒྱལ་སྤྱོད་པ་


JLD017_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཏེ། དེས་ན་སློབ་དཔོན་མེད་ཅིང་འགྲན་ཟླ་མེད་པར་བྱང་ཆུབ་པར་འདོད་པའོ། །ཁྱད་པར་འདི་བླ་མ་རྣམས་ཀྱིས་བསེ་རུ་ལྟ་བུ་གཅིག་པུ་ལ་སྦྱར་ཡང༌། ས་ཡི་དངོས་གཞིར་གསལ་ཁ་མེད་ཅིང་ལམ་དང་འགྲུབ་པ་ལ་ཡང་གསུམ་གསུམ་དུ་བྱས་ནས་བསེ་རུ་ལྟ་བུ་དང་ཚོགས་སྤྱོད་ལ་ཐུན་མོང་དུ་གསུངས་ཤིང༌། གནས་པ་དང་རྒྱུ་བ་གཉིས་ལ་མི་འདྲ་བའི་ཁྱད་པར་སོ་སོར་གསུངས་པའི་ཕྱིར། ཐུན་མོང་གི་རྣམ་གཞག་ཏུ་གསལ་ལོ། །འོན་ཀྱང་གཅིག་པུ་ལ་དགའ་བ་ནི་ཚོགས་སྤྱོད་ལ་དོར་རོ། །གཉིས་པ་ནི། གང་ཟག་དེས་ལམ་ལ་སློབ་ཚུལ་ཇི་ལྟ་བུ་ཞེ་ན། ལམ་ལ་ཡང་གསུམ་ལས། ལམ་དང་པོ་ནི། རང་སངས་རྒྱས་ཀྱི་རིགས་ལ་གནས་ནས་བསྐལ་བ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱས་ཏེ་རང་བྱང་ཆུབ་ཏུ་རྒྱུད་སྨིན་པར་བྱེད་ཅིང་ཕྱིས་རང་གི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱེད་པ་སྟེ། དྲུག་ནི་ཕུང་པོ། སྐྱེ་མཆེད། ཁམས། རྟེན་འབྲེལ། གནས་དང་གནས་མ་ཡིན་པ། བདེན་པ་རྣམས་ལ་མཁས་པའོ། །འདི་ནི་བསེ་རུའི་ལམ་མོ། །འདི་ལ་ཁ་ཅིག་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་བསྐལ་བ་བརྒྱའི་བར་དུ་ཐོས་བསམ་བྱས་ཤིང་ད་དུང་སྐྱེ་བ་ལེན་པར་ཤེས་པ་ན་སྔར་གྱི་ལམ་སྦྱངས་ནས་འཆི་འཕོ་ཀར་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་དུ་སྐྱེ་བ་དང༌། དེར་ཡང་གཞན་ལ་མ་ལྟོས་པར་རང་གིས་ཐོབ་པའི་ཤེས་རབ་ཀྱིས་ལམ་བགྲོད་པ་དང༌། བྱང་ཆུབ་ཐོབ་པ་ན་ཡང་


JLD017_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་ལ་ངག་གིས་མིན་པར་ལུས་ཀྱིས་སྙིང་བརྩེ་བར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་གསུམ་འདེབས་ཤིང༌། ཤི་འཕོས་ནས་ཞིང་སྟོང་པར་གླིང་གསུམ་གྱི་སྐྱེས་པ་དམངས་རིགས་མིན་པ་གཅིག་ཏུ་སྐྱེས་ཏེ། ཁྱིམ་ནས་ཁྱིམ་མེད་པར་རང་བྱུང་གིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དུར་ཁྲོད་དུ་ཕྱིན་ཏེ། རུས་པ་འདི་ཅི་ལས་བྱུང་བསམས་པས་མ་རིག་པ་ནས་རྒ་ཤིའི་བར་རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་རྟོགས་པའི་དོན་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་བསྒོམས་པས་ལམ་ཕྱི་མ་བཞི་ཚེ་གཅིག་ལ་མངོན་དུ་བྱེད་དོ་ཞེས་འཆད་དོ། །ལམ་གཉིས་པ་ནི། སངས་རྒྱས་འབྱུང་བ་མཉེས་པར་བྱས་ཤིང་སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང་ཚུལ་བཞིན་ཡིད་ལ་བྱས་པ་ལ་བརྟེན་ནས་སྔར་མ་སྐྱེད་པའི་སྦྱོར་ལམ་དང་པོ་གསུམ་སྐྱེད་ནས་ཚེ་དེ་ལ་ཆོས་མངོན་པར་རྟོགས་པར་བྱ་བའམ། དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱེད་མི་ནུས་ལ། ཕྱིས་དེ་གཉིས་ཐོབ་པར་བྱ་བའི་ཕྱིར་དངོས་པོ་དྲུག་ལ་མཁས་པར་བྱེད་པའོ། །སའི་དངོས་གཞིར་བཟོད་པ་འདི་ལ་གསལ་ཁ་མེད་ཀྱང་བླ་མ་རྣམས་བཟོད་འབྲིང་མན་ཆད་སྐྱེད་པ་ལ་བཞེད་དེ། དེ་ཡང་བཟོད་ཆེན་ནས་ཆོས་མཆོག་དང་མཐོང་ལམ་བར་མ་ཆད་དུ་སྐྱེ་ལ་འདིས་ཚེ་དེ་ལ་མཐོང་ལམ་སྐྱེད་མི་ནུས་པས་སོ་སྙམ་པའོ། །ལམ་གསུམ་པ་ནི། རྒྱུ་སྔར་དང་འདྲ་བ་ལ་བརྟེན་ནས་ཆོས་མངོན་པར་རྟོགས་པར་བྱེད་ཅིང་དགེ་སྦྱོང་གི་འབྲས་བུ་ནི་འཐོབ་ལ། དགྲ་བཅོམ་ནི་འཐོབ་མི་ནུས་པས་འདས་ལམ་གྱིས་ཕྱིས་དེ་ཐོབ་པར་བྱ་བའི་ཕྱིར་དངོས་པོ་དྲུག་ལ་མཁས་པར་བྱེད་


JLD017_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འབྲས་བུ་ནི་དང་པོ་གཉིས་གང་རུང་ཡིན་གྱི་ཕྱིར་མི་འོང་མིན་ཏེ། མངོན་པའི་སྤྱི་སྐད་ལ་ཕྱིར་མི་འོང་ཐོབ་ནས་འདོད་པར་ཉན་མོངས་ཀྱི་དབང་གིས་སྐྱེ་མི་སྲིད་པ་འདི་སྤང་བྱ་ལྷག་མའི་དབང་གིས་འདོད་པར་སྐྱེ་དགོས་པས་སོ། །འདི་ལ་བོད་རྣམས་རིམ་པ་ལྟར་དབང་པོ་འབྲིང་གི་འབྲིང་དང་འབྲིང་གི་རྟུལ་པོ་དང༌། ཚོགས་སྤྱོད་ཆེ་ཆུང་གི་ཐ་སྙད་བྱེད་དོ། །བསྟན་བཅོས་ལས་ནི་སྦྱོར་ལམ་སྔོན་དུ་བཏང་ཞིང་འབྲས་བུ་སྔོན་དུ་མ་བཏང་བའི་ཚོགས་སྤྱོད་དང༌། དེ་གཉིས་ཀ་སྔོན་དུ་བཏང་བའི་ཚོགས་སྤྱོད་ཅེས་འབྱུང་སྟེ། ཀུན་བཏུས་ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་སྐྱེད་པ་དང་སྐྱེད་པ་དང་སྔོན་འབྲས་བུ་མ་ཐོབ་པ་དང་ཐོབ་པ་ཡང་རུང་སྟེ། སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ཀྱིས་ལམ་མངོན་དུ་བྱས་ནས་བསེ་རུ་ལྟ་བུར་གྱུར་ཏེ་གཅིག་པུར་གནས་པའམ། རང་རྒྱལ་བར་གྱུར་ཏེ། ཚོགས་དང་སྤྱོད་པ་གང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ་ཞེས་སྦྱོར་ལམ་མ་སྐྱེད་པས་ལམ་མངོན་དུ་བྱས་ནས་བསེ་རུ་ལྟ་བུར་གྱུར་ཏེ་གཅིག་པུར་གནས་པ་དང༌། ལྷག་མས་ལམ་མངོན་དུ་བྱས་ནས་རང་རྒྱལ་དུ་གྱུར་ནས་ཚོགས་དང་སྤྱོད་པར་གསུངས་པས་སོ། །གསུམ་པ་ནི། ལམ་གསུམ་པོ་དེ་ལ་བསླབས་པས་འབྲས་བུ་འགྲུབ་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལ་ཡང་གསུམ་ལས། འགྲུབ་ཚུལ་དང་པོ་ནི། བསྐལ་པ་བརྒྱར་ཚོགས་བསགས་པའི་འོག་ཏུ་སངས་རྒྱས་མི་འབྱུང་བ་ན་སློབ་དཔོན་མེད་པར་བྱང་ཕྱོགས་སོ་བདུན་བསྒོམས་ནས་ཉོན་མོངས་ཐམས་ཅད་སྤངས་པའི་དགྲ་


JLD017_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ཐོབ་པར་བྱེད་དོ། །འགྲུབ་པ་གཉིས་པ་དང་གསུམ་པ་ཡང༌། སྔར་ལམ་གཉིས་ཀྱི་སྐབས་སུ་བཤད་པའི་རྒྱུ་རྐྱེན་དེ་དང་དེས། སངས་རྒྱས་མི་འབྱུང་བ་ན་སློབ་དཔོན་ལ་མ་ལྟོས་པར་ཆོས་སོ་བདུན་བསྒོམས་ནས་རིམ་པ་ལྟར་ཆོས་མངོན་པར་རྟོགས་པར་བྱེད་ཅིང་དགྲ་བཅོམ་པའི་བར་དུ་ཐོབ་པར་བྱེད་པ་དང༌། འབྲས་བུ་ལྷག་མ་ནས་དགྲ་བཅོམ་གྱི་བར་ཐོབ་པར་བྱེད་དོ། །འདིའི་ལྟར་ན་བསེ་རུ་ལྟ་བུ་ལ་ཡང་བསྐལ་པ་བརྒྱར་ཚོགས་བསགས་ནས་དེའི་འོག་ཏུ་དངོས་པོ་དྲུག་ལ་མཁས་པར་སྦྱངས་དེ་ནས་ཚེ་འཕོས་པའི་ཕྱི་མ་དེ་ཉིད་ལ་ལམ་ལྷག་མ་བཞི་སྐྱེད་པར་བཞེད་ཀྱི། མཛོད་པ་ལྟར་གདན་ཐོག་གཅིག་ལ་ངེས་པར་སྐྱེད་པ་མི་འདོད་དོ། །ལྷག་མ་གཉིས་ཀྱང་སྔར་བཞིན་དངོས་པོ་དྲུག་ལ་མཁས་པར་སྦྱངས་པའི་ཚེ་ཕྱི་མ་དེ་ལ་བཟོད་འབྲིང་ནས་དགྲ་བཅོམ་གྱི་བར་དང་ཕྱིར་འོང་ངམ་ཕྱིར་མི་འོང་ནས་དགྲ་བཅོམ་གྱི་བར་སྐྱེད་པར་བཞེད་དེ། སྲིདཔ་ཐ་མ་པའི་ཚེ་གཅིག་ལ་ལམ་མང་བ་དང་འབྲིང་བ་དང་ཉུང་བ་བསྐྱེད་ནུས་པའི་སྒོ་ནས་འདི་དག་གི་ཁྱད་པར་བསྟན་ཏོ། །འདི་གསུམ་ལ་ཡང་སྤང་བྱ་ཅིག་ཅར་དང་རིམ་གྱིས་སྤོང་བ་གཉིས། ཕྱི་མ་ལ་ཡང་མཐོང་ལམ་གྱི་སྔོན་དུ་དང༌། བཅུ་དྲུག་པ་རྫོགས་རྗེས་སུ་སྒོམ་སྤང་སྤོང་ཚུལ་གསུངས་པའི་རྣམ་གཞག་མ་མཐོང་ཡང༌། བྱང་ས་ལས། རང་རྒྱལ་བ་ནི་ཉན་ཐོས་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཉན་ཐོས་རྣམས་དང་ལམ་གྱིས་རང་བཞིན་མཚུངས་པའི་ཕྱིར། ཞེས་བཤད་པས་ཞུགས་གནས་བརྒྱད་ཀ་རྩིར་རུང་ཞིང་སྤང་བྱ་ཡང་རིམ་གྱིས་སྤོང་ཞིང་དེ་ཡང་བཅུ་དྲུག་པའི་རྗེས་སུ་


JLD017_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་སྤང་རྣམས་སྤོང་སྙམ་མོ། །དང་པོ་ལ་མཛོད་ལས་ནི། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། ཞེས་སྲིད་པ་ཐ་མ་པའི་ཚེ་མཐོང་ལམ་གྱི་སྔོན་དུ་སྲིད་རྩེའི་ཉེར་སྡོགས་ཐོབ་ནས་ཅི་ཡང་མེད་པ་མན་ཆད་ལ་ཆགས་པ་དང་བྲལ་ཞིང༌། བསམ་གཏན་གྱི་མཐའ་བཞི་པ་ལ་བརྟེན་ནས་ལམ་ལྷག་མ་བཞི་སྟན་གཅིག་ལ་མངོན་དུ་བྱེད་ཅིང་དེའི་ཚེ་མཐོང་སྤང་རྣམས་དང་སྲིད་རྩེའི་སྒོམ་སྤང་དགུ་ཙམ་ཞིག་སྤོང་བར་བཤད་དེ། འདིའི་ལྟར་ན་ཆགས་བྲལ་སྔོན་སོང་ཡིན་ཞིང་ཕྱིར་མི་འོང་ཞུགས་གནས་ཀྱང་འོང་ངོ༌། །བཞི་པ་ནི། དེ་གསུམ་གྱིས་ཚོགས་གསོག་པའི་དུས་ནི་མཛོད་ལས། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། ཞེས་དང༌། ས་ལས་ཀྱང་དེ་ལ་བསྐལ་པ་བརྒྱར་ཚོགས་སོགས་པར་གསུངས་ནས་གཞན་གཉིས་ལ་བཤད་པ་མེད་དོ། །སྔ་མ་རྣམས་ན་རེ། ཕྱི་མ་གཉིས་ལ་བརྒྱ་ཡི་སུམ་གཉིས་དང་སུམ་ཆ་ཞེས་ཟེར་ལ། ཁ་ཅིག་ནི་ཉིས་བརྒྱ་དང་སུམ་བརྒྱའོ་ཞེས་ཟེར་ཏེ། སྔ་མས་ནི་དེ་གསུམ་ཕྱི་མ་ཕྱི་མ་རྣམས་སྲིད་པ་ཐ་མ་པའི་ཚེ་བསྐྱེད་བྱའི་ལམ་གྲངས་ཉུང་བ་ལ་བསམས་པར་སྣང་ལ། ཕྱི་མས་ནི་དེ་དག་མཆོག་འབྲིང་དམན་གསུམ་ཡིན་པས་སྙམ་དུ་བསམས་ཏེ་སྒྲུབ་བྱེད་མེད་པས་དོར་བར་བྱའོ། །འོ་ན་གང་ཞེ་ན། ས་ལས་མི་འདྲ་བའི་ཁྱད་པར་ཕྲ་མོ་རྣམས་ཀྱང་བསྟན་ལ། ཚོགས་གསོག་པའི་དུས་བསེ་རུ་ལྟ་བུ་ལ་བཤད་ནས་གཞན་གཉིས་ལ་མི་འདྲ་བ་མ་བཤད་པ་དང༌། དྲིན་ལན་བསབ་པ་


JLD017_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རང་སངས་རྒྱས་རྣམས་ནི་བསྐལ་པ་ཆེན་པོ་བརྒྱས་ཚར་ཕྱིན་པར་འགྱུར་རོ་ཞེས་སྤྱིར་གསུངས་པས་ཐམས་ཅད་ཀྱང་དུས་མཚུངས་གསུང་བ་ལྟར་འཐད་དོ། །བསྐལ་པ་ལ་བྱང་ཡེས་བར་བསྐལ་དུ་བཤད་པ་ནོར་ཏེ། ས་ལས་གསལ་ཁ་མེད་ཀྱང་མཛོད་འགྲེལ་ལས། བསྐལ་པ་ཆེན་པོ་བརྒྱར་བྱང་ཆུབ་ཀྱི་ཚོགས་དག་ལ་སྤྱད་པས་བསེ་རུ་ལྟ་བུར་འགྱུར་རོ། ཞེས་པས་སོ། །དེ་གསུམ་ལས་ཕྱི་མ་གཉིས་ནི་ཉན་ཐོས་ཀྱི་རིགས་ཅན་མ་ངེས་པ་འགའ་ཞིག་རང་རྒྱལ་དུ་སོང་བ་ཡིན་པར་མཛོད་འགྲེལ་ལས། རང་སངས་རྒྱས་རྣམས་ནི་རྣམ་པ་གཉིས་ཏེ། ཚོགས་ཤིང་སྤྱོད་པ་དང་བསེ་རུ་ལྟ་བུ་རྣམས་སོ། །དེ་ལ་ཚོགས་ཤིང་སྤྱོད་པ་རྣམས་ནི་ཉན་ཐོས་ཀྱི་རིགས་སུ་གྱུར་པ་སྔོན་དུ་འགྲོ་བའི་རང་རྒྱལ་བ་རྣམས་ཞེས་བྱའོ། ཞེས་དང༌། དེའི་འགྲེལ་བཤད་དུ། གང་དག་གིས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྐྱེད་ལ། སངས་རྒྱས་ཀྱི་བསྟན་པ་ནུབ་པ་དང་བདག་ཉིད་ཀྱིས་འདིར་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་དེ་དག་ནི་ཚོགས་ཤིང་སྤྱོད་པ་ཡིན་ལ་ཞེས་སོ། །སྦྱོར་ལམ་ཙམ་སྐྱེད་པའི་སོ་སྐྱེ་སྔོན་དུ་བཏང་བའི་རང་རྒྱལ་ཡང་ཡོད་པར་གཞན་དག་ཟེར་ཞེས་མཛོད་འགྲེལ་ལས་འཆད་དོ། །དེ་ལྟར་གསུངས་ཀྱང་ས་ཡི་དངོས་གཞིའི་རང་ལུགས་ལ་ལམ་གཞན་སྔོན་དུ་མ་སོང་བའི་རང་རྒྱལ་ལ་ཡང་དེ་གསུམ་འབྱེད་པར་མངོན་ལ། དེ་ཡང་དང་པོ་རིགས་ངེས་པ་དང་ཕྱི་མ་གཉིས་མ་ངེས་པར་ཀུན་བཏུས་ལས། རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཞེ་ན། རང་སངས་རྒྱས་ཀྱི་ཆོས་ཉིད་ངེས་པའམ་མ་ངེས་པ་ལ་


JLD017_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དང༌། ཞེས་སོ། །ལྔ་པ་ལ་ཐུགས་དང༌། ལུས་ཀྱི་གནས་པ་གཉིས་ལས། དང་པོ་ནི། ཆོས་ཟབ་མོ་ལ་མོས་པ་དང་རྟེན་འབྲེལ་ཟབ་མོ་ལ་སོ་སོར་རྟོག་པ་ལྷུར་ལེན་པ་དང༌། རྣམ་ཐར་སྒོ་གསུམ་ཡིད་ལ་བྱེད་ཅིང་གནས་པ་ནི་གསུམ་ག་ལ་འདྲའོ། །གཉིས་པ་ནི། བསེ་རུ་ལྟར་སྤྱོད་པ་ནི་གཅིག་པུ་ལ་དགའ་ཞིང་གཅིག་པུར་གནས་ལ། ལྷག་མ་གཉིས་ནི་དེ་ལས་བཟློག་ནས་ཚོགས་དང་གནས་པར་འགྱུར་རོ། །དྲུག་པ་ནི་དེ་དག་ཐམས་ཅད་ཀྱང་གྲོང་ངམ་གྲོང་རྡལ་གང་དུ་རྟེན་ཅིང་གནས་ཀྱང་རུང་སྟེ། ལུས་ཤིན་ཏུ་བསྲུངས་པ་དང༌། དབང་པོ་རྣམས་ཤིན་ཏུ་བསྡམས་པ་དང་དྲན་པ་ལ་ཤིན་ཏུ་གནས་པས་གྲོང་ལ་སོགས་པར་བསོད་སྙོམས་ལ་འཇུག་སྟེ། དམན་པ་རྣམས་ལ་བརྩེ་བར་བྱེད་པ་ན་ཡང་ལུས་ཀྱིས་ཡིན་གྱི། ངག་གིས་ནི་མ་ཡིན་ཏེ། དེ་དག་ཀྱང་ལུས་ཀྱིས་ཆོས་སྟོན་གྱི། ངག་གིས་མི་སྟོན་པའི་ཕྱིར་དང་ཞེ་འགྲས་པ་རྣམས་བཟློག་པའི་ཕྱིར་རྫུ་འཕྲུལ་དུ་མ་སྟོན་པར་མཛད་དོ། །བདུན་པ་ལ་གཉིས་ལས། སྤྱིའི་སྒྲ་བཤད་པ་ནི། མཛོད་འགྲེལ་ལས། ལུང་མེད་པར་བདག་གཅིག་པུའི་ཕྱིར་སངས་རྒྱས་པས་རང་སངས་རྒྱས་ཏེ། ཞེས་པ་ལྟར་ཡིན་ལ། བྱེ་བྲག་ཏུ་དང་པོའི་སྒྲ་བཤད་པ་ནི། འགྲེལ་བཤད་ལས། བསེ་རུ་ལྟ་བུ་ཡིན་ཞེས་བྱ་བ་ནི་ཇི་ལྟར་བསེ་རུ་དག་གཉིས་པ་མེད་པ་དེ་བཞིན་དུ་དེ་དག་ཀྱང་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང༌། རང་སངས་རྒྱས་གཞན་དག་དང་མི་འདྲེ་བར་གནས་པས་ན་བསེ་རུ་ལྟ་བུ་རྣམས་ཞེས་


JLD017_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། ཞེས་པ་ལྟར་རོ། །ཕྱི་མ་གཉིས་ལ་ནི་བོད་སྔ་མ་རྣམས་ཚོགས་ན་སྤྱོད་པས་ཚོགས་སྤྱོད་ཅེས་འཆད་ཀྱང༌། གཞུང་རྣམས་ལས་ཚོགས་དང་སྤྱོད་པ་དང་ཚོགས་ཤིང་སྤྱོད་པ་ཞེས་པ་ལྟར་ཡིན་ཏེ། གྲོགས་དང་ལྷན་ཅིག་ཏུ་སྤྱོད་པས་སོ། །གཉིས་པ་ལ་གསུམ། བགྲོད་པ་པོ་རྟེན་གྱི་ཁྱད་པར། བགྲོད་པར་བྱ་བ་ལམ་གྱི་ངོ་བོ། དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ་གཉིས། ཁྱད་པར་དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དམན་མཆོག་གི་རིམ་པ་ལྟར་ན། ཉན་ཐོས་ཀྱི་ལམ་གྱི་མཇུག་ཐོགས་སུ་རང་སངས་རྒྱས་ཀྱི་ལམ་གྱི་ངོ་བོ་བརྗོད་པར་རིགས་མོད་ཀྱི་འོན་ཀྱང་རེ་ཞིག་ཉན་ཐོས་ལས་རང་རྒྱལ་ཁྱད་ཞུགས་པ་ཉིད་དུ་སྒྲུབ་པ་གསུངས་ཏེ། དགོས་པ་ནི། ཉན་རང་གཉིས་ལ་མི་འདྲ་བའི་ཁྱད་པར་མེད་ན་དེའི་ལམ་ཉན་ཐོས་ལས་ལོགས་སུ་འཆད་མི་རིགས་ལ། ཁྱད་པར་དུ་བྱེད་ཆོས་གང་གིས་ན་རང་རྒྱལ་དེ་དག་གི་ལམ་ཉན་ཐོས་ཀྱི་ལམ་ལས་གཞན་ཡིན་པར་འགྱུར་བ་ཉན་ཐོས་རྣམས་ལས་རང་རྒྱལ་དེ་དག་ཁྱད་པར་དུ་འཕགས་ན་ཚུལ་ཇི་ལྟར་འཕགས་པ་ཡིན་སྙམ་པའི་དོགས་པ་བསུ་བར་ཏེ་དེ་བསལ་བའི་ཕྱིར་རོ། །མདོ་འབྲེལ་ནི། སྦྱོར་ལམ་དུ་ཆོས་རྣམས་ལ་གནས་པ་དང་མི་གནས་པ་དང་བྲལ་བ་ཡུམ་ལ་གནས་པར་གསུངས་པ་ན་འཁོར་གྱི་ནང་ན་ལྷའི་བུ་ཁ་ཅིག་གནོད་སྦྱིན་གྱི་སྐད་ལ་སོགས་པ་ནི་ཤེས་པར་ནུས་ཀྱི། རབ་འབྱོར་གྱིས་ཡུམ་ལ་གནས་པར་གསུངས་པ་ནི་མ་ཡིན་ནོ་སྙམ་པ་དང་དེའི་བསམ་པ་རིག་ནས་


JLD017_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །གཉིས་པ་ནི། རང་བྱུང་རང་སངས་རྒྱས་རྣམས་སྲིད་པ་ཐ་མ་པའི་ཚེ་གཞན་ལ་མ་ལྟོས་པར་བདག་ཉིད་ཀྱིས་རང་གིས་བྱང་ཆུབ་རྟོགས་པའི་ཕྱིར་དེ་ལ་གཞན་གྱིས་བསྟན་མི་དགོས་པ་ནི། དེ་ནས་ཡང་འཁོར་དེ་རྣམས་ལས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། གང་གནོད་སྦྱིན་རྣམས་ཀྱི་སྐད་དང༌། ཞེས་པ་ནས། གནོད་སྦྱིན་རྣམས་ཀྱིས་རབ་ཏུ་བསྙད་པ་གང་ཡིན་པ་དེ་དག་ནི་སྨྲས་པར་གྱུར་ན། ཤེས་པར་རུང་གི་གང་འཕགས་པ་རབ་འབྱོར་ཡུམ་འཆད་པ་དང་རབ་ཏུ་བརྗོད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དེ་ནི་ཤེས་པར་མི་རུང་ངོ༌། །དེ་ནས་ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་ལྷའི་བུ་དེ་དག་ལ་སྨྲས་པ། ལྷའི་བུ་དག་གང་སྨྲས་པ་དེ་ཤེས་པར་མི་རུང་ངམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། འཕགས་པ་རབ་འབྱོར་ཤེས་པར་མི་རུང་ངོ༌། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་འདི་ལྟར་ཡི་གེ་གཅིག་ཀྱང་མ་བརྗོད་ཀྱི་གང་མ་བརྗོད་པ་དེ་ནི་ཐོས་པར་མི་རུང་ངོ༌། །གང་ཐོས་པར་མི་རུང་བ་དེ་ནི་ཤེས་པར་མི་རུང་ངོ༌། ཞེས་སོ། །དེ་ལ་རབ་འབྱོར་གྱིས་ཉེ་བར་བསྟན་པའི་དོན་མི་རིག་པ་དེ་ནི་ཤེས་པ་ཟབ་པ་ཡིན་ལ། ཡི་གེ་གཅིག་ཀྱང་མ་བརྗོད་པ་ནི་མ་བརྗོད་པ་ཟབ་པ་ཡིན་ནོ། ཞེས་གསུངས་སོ། །དེའི་དོན་ཡང་མཉམ་གཞག་ཏུ་བརྗོད་པའི་ཡུལ་མ་ཡིན་པའི་དོན་རྟོགས་པ་ནི་ཤེས་པ་ཟབ་སྟེ་གཞན་གྱིས་རང་ལ་བསྟན་མི་དགོས་པའོ། །རྗེས་ཐོབ་


JLD017_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ངག་གི་འབྲས་རྟགས་ལས་གཞན་གྱིས་མི་རྟོགས་པ་ནི་མ་བརྗོད་པ་ཟབ་པ་སྟེ། རྩ་བའི་ཡང་སྒྲས་བསྡུས་པ་གཞན་ལ་རང་གིས་བསྟན་མི་དགོས་པའོ། །ཟབ་པ་སྔ་མ་ལ་ནི་ཕྱི་མས་ཀྱང་ཁྱབ་ལ་དེ་ལ་ནི་སྔ་མས་མ་ཁྱབ་བོ་ཞེས་གསུང་བ་ལྟར་རོ། །ཟབ་པ་དེ་གཉིས་དང་ལྡན་པའི་ཕྱིར་བསེ་རུ་ལྟ་བུའི་རང་རྒྱལ་གྱི་ཡེ་ཤེས་ཟབ་པ་ནི། ཀྱེ་མ་འཕགས་པ་རབ་འབྱོར་འདི་ནི་ཡུམ་གསལ་བར་བྱེད་པ་སྟེ་ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན་པར་བྱེད་ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་སྟོན་པར་བྱེད་པའོ། ཞེས་པའོ། །དེ་ལ་ཟབ་པ་ནི། གཞན་གྱི་སྒྲ་ལས་བདེན་བཞིའི་རྣམ་པ་བཅུ་དྲུག་རྟོགས་པའི་ཕྱིར་ཉན་ཐོས་ཀྱི་ཡེ་ཤེས་སོ། །དེ་བས་ཟབ་པ་ནི་རང་གི་རྟོགས་པའི་རྐྱེན་འདི་ཙམ་གྱིས་ཁྱད་པར་དུ་བྱས་པའི་རང་རྒྱལ་གྱི་ཡེ་ཤེས་སོ། །ཕྲ་བ་ནི་ཉོན་སྒྲིབ་ཙམ་སྤངས་པའི་འབྲས་བུ་ཉིད་ཀྱིས་ན་ཉན་ཐོས་ཀྱི་ཤེས་པའོ། །དེ་བས་ཕྲ་བ་ནི། ཤེས་སྒྲིབ་གཟུང་རྟོག་སྤངས་པས་ལྷག་པའི་རང་རྒྱལ་གྱི་ཡེ་ཤེས་སོ། །བརྒྱད་སྟོང་པར་རིང་བ་བས་ཀྱང་ཆེས་རིང་བ་ཞེས་ཀྱང་འབྱུང་བས་དེ་ལ་རིང་བ་ནི་མུ་སྟེགས་ཀྱི་སྤྱོད་ཡུལ་མ་ཡིན་པས་ཉན་ཐོས་ཀྱི་ཤེས་པའོ། །ཆེས་རིང་བ་ནི་ཉན་ཐོས་ཀྱི་ཡུལ་མིན་པས་རང་རྒྱལ་གྱི་ཡེ་ཤེས་སོ། །ཉི་སྣང་དང་ལེ་བརྒྱད་མ་གཉིས་ཀར་བསྟན་མི་དགོས་པ་དང་ཡེ་ཤེས་ཟབ་པའི་མདོ་གཉིས་སྦྱར་བས་དེའི་ལྟར་ན་རྐང་པ་ཐ་མ་གཉིས་ཡེ་ཤེས་ཟབ་པ་དང༌། དང་པོ་གཉིས་བསྟན་མི་དགོས་པའི་དོན་ཅན་དུ་འཆད་ཅིང༌། ཁྱད་པར་དུ་ཉི་སྣང་ལས་ཡེ་ཤེས་ཟབ་པའི་མདོའི་སྔོན་དུ་


JLD017_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

གང་གང་ཞེས་སོགས་ཀྱི་ཚིགས་བཅད་བླངས་ནས་འཆད་དོ། །འགྲེལ་པ་འདི་ལྟར་ན་རང་ལ་གཞན་གྱིས་བསྟན་མི་དགོས་པ་རྐང་པ་དང་པོ་གཉིས་དང་རང་གིས་སྟོན་པ་སྒྲ་ལ་མི་ལྟོས་པ་ཐ་མ་གཉིས་ཀྱིས་བསྟན་ཏོ། །ཁ་ཅིག་ཟབ་པ་ཉིད་དུ་བརྗོད་པ་གོང་མ་ལ་ཡང་སྦྱོར་ཡང་རྒྱན་སྣང་དང་བསྟུན་ན་ཕྱི་མ་ཉིད་ལ་སྦྱོར་བ་འཐད་དོ། །ཤེར་སྒྲོན་དུ། རྩ་བའི་ཡང་སྒྲས་ཁྱད་པར་ཕྱི་མ་འཕངས་པར་བྱས་ནས་ཟབ་པ་གཉིས་ཀ་ལ་བཤད་དོ། །གསུམ་པ་ལ་གཉིས། ལམ་བགྲོད་པ་དང་ཆོས་སྟོན་པའི་ཁྱད་པར་རོ། །དང་པོ་ནི། ཉན་ཐོས་ལས་རང་རྒྱལ་ཁྱད་ཞུགས་པ་ཉིད་གཅིག་སྟེ་དང་པོ་ཡིན་ནོ། །གང་ན། རང་རྒྱལ་སྲིད་མཐའ་བ་དེ་དག་ལ་བྱང་ཆུབ་མངོན་དུ་བྱེད་པ་སངས་རྒྱས་དང་སོགས་པས་བྱང་སེམས་ཉན་ཐོས་ཀྱིས་བསྟན་པ་ལ་ལྟོས་མི་དགོས་ཞེས་བྱ་བ་ནིའོ། །རྒྱུ་མཚན་ནི། རང་སངས་རྒྱས་རྣམས་ནི་སྲིད་མཐའི་ཚེ་སློབ་དཔོན་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་བདག་ཉིད་ཀྱིས་རང་གི་ཐོབ་བྱའི་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་ཏེ་དེའི་ཕྱིར་རོ། །དེ་ལྟར་འགྱུར་བའི་རྒྱུ་ནི། སྔོན་བསྐལ་པ་ཆེན་པོ་བརྒྱར་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་པའི་ཐོས་པ་དང་སོགས་པས་བསམ་པ་དང་སྨོན་ལམ་ལ་སོགས་པའི་དགེ་རྩ་མངོན་པར་འདུ་བྱས་ཤིང་སྐྱེད་པའི་མཐུས་སོ། །བྱང་ཆུབ་མངོན་དུ་བྱེད་པ་སློབ་དཔོན་གྱིས་བསྟན་པ་ལ་མི་ལྟོས་པས་ཉན་ཐོས་ལས་ཁྱད་ཞུགས་པར་ཇི་ལྟར་འགྲུབ་ན། ལུང་ལས་ཉན་ཐོས་རྣམས་ནི་སྲིད་མཐའི་ཚེ་ཡང་གཞན་


JLD017_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྒྲས་བསྟན་པ་ལ་ལྟོས་ནས་རང་གི་བྱང་ཆུབ་རྟོགས་པར་འགྱུར་ཞེས་འབྱུང་བའི་ཕྱིར་རོ། །ལུང་གང་ལས་ན། བྱང་སེམས་ཀྱི་སྡེ་སྣོད་ལས། ཉན་ཐོས་རྣམས་ནི་རྣམ་གྲོལ་སྒྲ་ཕྱིར་འགྲོ། ཞེས་པ་ལྟ་བུ་སྟེ་དེའི་ཕྱིར་འདི་དག་ལ་སློབ་མ་ཞེས་ཀྱང་བརྗོད་དེ། ངེས་པར་སློབ་དཔོན་དགོས་པས་སོ། །འདིར་གཞན་དག་ཀྱང་ཞེས་སོགས་ནི་ཆོས་སྟོན་པའི་འཕགས་གཞི་ཡིན་པས་འོག་ཏུ་འབྲེལ་ལ་རྒྱན་སྣང་ལས་ཀྱང་འདི་གཉིས་ཕྲལ་ནས་གོང་འོག་ཏུ་གསུངས་པ་ལྟར་བྱ་སྟེ། འདིར་ལྷན་ཅིག་ཏུ་གསུངས་པ་ནི་ཚིག་ཚོགས་སྐྱུང་བ་ལ་དགོངས་སོ། །གཉིས་པ་ནི། ཉན་ཐོས་ལས་རང་རྒྱལ་ཁྱད་ཞུགས་པ་ཉིད་གཉིས་པ་ཡིན་ནོ། །གང་ན། རང་རྒྱལ་དེ་དག་གི་ཡེ་ཤེས་གདུལ་བྱ་གཞན་གྱིས་སྒྲ་ལས་མི་རྟོགས་ཤིང་སྒྲ་མེད་ལས་རྟོགས་པའི་ཟབ་པ་ཉིད་ནིའོ། །རྒྱུ་མཚན་ནི། སྒྲར་བརྗོད་པ་མེད་པའི་ཆོས་སྟོན་པས་གདུལ་བྱ་གཞན་དག་མངོན་མཐོའི་ལམ་དགེ་བ་བཅུ་དང་སོགས་པས་ངེས་ལེགས་ཀྱི་ལམ་བདག་མེད་རྟོགས་པ་ལ་འཇུག་པར་བྱེད་དེ་དེའི་ཕྱིར་རོ། །དེའི་རྒྱུ་གང་ན། རང་རྒྱལ་དེ་དག་གིས་རང་གིས་ཐོབ་པའི་ཡེ་ཤེས་གཟུང་རྟོག་སྤངས་པས་གཟུང་མེད་རྟོགས་པ་དང་སོགས་པས་དེའི་རྒྱུ་ཚོགས་བསགས་ཤིང་སྨོན་ལམ་བཏབ་པའི་མཐུས་སོ། །རང་གི་གདུལ་བྱས་བསྟན་བྱའི་དོན་གོ་བ་སྒྲ་ལ་མི་ལྟོས་པས་ཉན་ཐོས་ལས་ཁྱད་ཞུགས་པར་ཇི་ལྟར་འགྱུར་ན། ཉན་ཐོས་རྣམས་ནི་འཆད་པ་པོས་སྒྲར་བརྗོད་པའི་ཆོས་བསྟན་པའི་སྒོ་ནས་ཉན་པ་པོ་རྣམས་ཀྱིས་འཆད་པ་པོའི་ཤེས་


JLD017_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩལ་བརྗོད་འདོད་རྟོགས་པར་བྱེད་ནའི་་ཕྱིར་ཏེ། དེ་རྣམས་ནི་ཚིག་ཏུ་བརྗོད་པ་དང་བཅས་པའི་ཆོས་བསྟན་པས་གདུལ་བྱ་གཞན་དག་དགེ་བ་ལ་འཇུག་པར་བྱེད་པ་ཡིན་པས་སོ། །འདི་ནི་རྒྱན་སྣང་གི་དགོངས་པ་སྟེ། འགྲེལ་པ་འདིའི་ཡང་དགོངས་པ་མཐར་ཐུག་པའོ། །ལུགས་ལས་དང་འབྱུང་ཞེས་པ་འདིར་ཡང་སྦྱར་ལ་ཀྱང་ནི་ཉན་ཐོས་རང་གི་བྱང་ཆུབ་ཐོབ་པ་སྒྲ་ལ་ལྟོས་པར་མ་ཟད་པའོ། །ཁ་ཅིག་སྒྲ་མེད་དུ་སྟོན་ན་བསྟན་བྱ་སྒྲ་ལས་མི་རྟོགས་པའི་ཁྱབ་སྒྲུབ་ཏུ་གཞུང་འདི་སྦྱོར་བ་ནི། སློབ་དཔོན་གྱིས་ཁྱད་ཆོས་གཉིས་ཀྱི་སྐབས་སུ་ཁྱད་གཞི་ཉན་ཐོས་ཀྱི་ལམ་བགྲོད་ཚུལ་དང༌། ཆོས་སྟོན་ཚུལ་དེ་སྔོན་ལ་བཀོད་ནས་དེ་ལས་ཁྱད་ཞུགས་པར་སྒྲུབ་པ་མ་མཁྱེན་པའོ། །གཞན་ཡང་རིགས་བྱིན་གྱིས། ཉན་པ་པོ་རྟག་ཏུ་ངུ་ལ་སོགས་པས་འཆད་པ་པོ་ཆོས་འཕགས་ལ་སོགས་པའི་ཤེས་པའི་ནུས་པ་ཁོང་དུ་ཆུད་པར་བྱེད་ཅེས་པ་ཡང་སྐབས་དོན་མ་མཁྱེན་པ་སྟེ། ཉན་ཐོས་རྣམས་ཀྱིས་སྒྲ་བཅས་སུ་བཤད་པ་དང་ཉན་པའི་སྒོ་ནས་ཉན་ཐོས་འཆད་པ་པོའི་ཤེས་པ་རྟོགས་པར་བྱེད་པར་འཆད་དགོས་པ་ལ་བྱང་སེམས་ཀྱིས་སྒྲ་བཅས་སུ་བཤད་ཉན་བྱེད་ཚུལ་ལ་སྦྱར་བས་སོ། །གཉིས་པ་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་པོ་ནི། སྒྲ་མེད་པ་དང་ཆོས་སྟོན་པ་གཉིས་འགལ་བར་བསམས་ནས་ཇི་ལྟར་ན་སྒྲ་མེད་པའི་ཆོས་སྟོན་པ་རུང་སྟེ། དེ་གཉིས་འགལ་བའི་ཕྱིར་སྙམ་པའི་དོགས་པ་ཁོང་ན་གནས་པ་བསུ་བར་བཞེད་ནས་གསུངས་སོ། །ཡང་ནི་གོང་དུ་རང་རྒྱལ་ཉན་ཐོས་ལས་


JLD017_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་བྱེད་པའི་ཆོས་གང་སྙམ་པའི་དོགས་པ་བསུ་བར་མ་ཟད་དོགས་པ་འདི་ཡང་བསུ་བའོ། །འཕགས་པས་ནི་གཞན་གྱིས་བསྟན་མི་དགོས་པའི་མདོར་ཚིག་གིས་བརྗོད་པ་མེད་བཞིན་དུ་ཡང་ཆོས་སྟོན་པར་བཀྲལ་ནས་དེ་རྩོད་དོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། སྣང་ངོ༌། །གང་ལ་ན། རང་རྒྱལ་གྱི་གདུལ་བྱ་གང་བརྗོད་བྱའི་དོན་ནི། གང་དང་གང་ལ་རང་རང་གི་མོས་པ་ཇི་ལྟ་ཇི་ལྟར་ཉན་འདོད་པ་དེ་དང་དེ་ལའོ། །གང་ན། བསྟན་བྱའི་དོན་དེ་དང་དེའོ། །ཇི་ལྟར་ན། བརྗོད་པའི་སྒྲ་མེད་ཀྱང་བརྗོད་བྱ་དེ་ཉན་པ་པོས་ཇི་ལྟར་ཉན་འདོད་པ་དེ་ལྟར་རོ། །དེའི་ཕྱིར་སྒྲ་མེད་ཀྱང་ཆོས་སྟོན་པར་མི་འགལ་ལོ། །འདི་ལ་མདོ་མེད་དོ། །གཉིས་པ་ནི། སྒྲ་མེད་ཀྱང་ཆོས་སྟོན་པ་མི་འགལ་ཏེ། དཔེར་ན་སངས་རྒྱས་བཞིན་ནོ། །འདི་ལ་གཉིས། རྒྱུ་དུས་ཀྱི་སྨོན་ལམ་འདེབས་ཚུལ་དང༌། འབྲས་དུས་སུ་སྨོན་ལམ་གྲུབ་ཚུལ་མཚུངས་པར་བསྟན་པའོ། །དང་པོ་ནི། འོ་ན་སངས་རྒྱས་ཀྱིས་དེ་ལྟར་ཆོས་སྟོན་པའི་རྒྱུ་གང་ན། དེའི་རྒྱུར་ཚོགས་བསགས་ཤིང་སྨོན་ལམ་བཏབ་པ་སྟེ། དེ་ཡང་སྨོན་ལམ་བཏབ་པའི་ཚུལ་ནི། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན་བདག་སངས་རྒྱས་སུ་གྱུར་ནས་བརྗོད་པའི་སྒྲ་ལ་ལྟོས་པ་མེད་པར་ཆོས་སྟོན་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ལྟར་འདེབས་པའི་རྒྱུ་མཚན་ནི། ཚིག་ཏུ་བརྗོད་པ་ནི་ཡིད་ཕྱི་རོལ་ཏུ་རྣམ་པར་གཡེང་བྱེད་ཡིན་ལ་དེ་ཡང་རྒྱུད་འཁྲུག་པ་སྟེ་མ་ཞི་བར་བྱེད་པ་ཡིན་པས་ཉེས་པ་དེ་མཐོང་ནས་སོ། །དེ་གཡེང་བ་ཡིན་པ་ཡང་རྟོག་


JLD017_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

པས་ངོ་བོ་ལ་རྣམ་པར་མ་བརྟགས་སྤྱོད་པས་ཁྱད་པར་ལ་རྣམ་པར་མ་དཔྱད་པར་ཚིག་ཏུ་མི་སྨྲ་བ་སྟེ་སྨྲ་བར་མི་ནུས་ཏེ། རྟོག་དཔྱོད་ངག་ཀུན་སློང་ཡིན་པས་སོ། །ཁ་ཅིག་བརྗོད་པ་ནི་ནང་གི་བརྗོད་པ་རྟོག་དཔྱོད་ལ་འདོད་པ་དོན་མིན་ཏེ། ཉི་སྣང་ལས། ཆོས་སྟོན་པ་ནི་བརྗོད་པའི་རང་བཞིན་ཡིན་པས་རྣམ་པར་གཡེང་བ་ཆེན་པོར་འགྱུར་ལ། ཞེས་གསུངས་ལ་སློབ་དཔོན་གྱིས་ཀྱང་དེ་བཀོད་པས་སོ། །སྔར་གྱི་སྨོན་ལམ་འདེབས་ཚུལ་དེ་ལྟར་རང་རྒྱལ་གྱིས་ཀྱང་བཏབ་པ་དེ་བས་ན་སངས་རྒྱས་དང་རང་རྒྱལ་གཉིས་སྒྲ་མེད་དུ་ཆོས་སྟོན་པའི་རྒྱུ་སྨོན་ལམ་འདེབས་ཚུལ་འདྲ་བའི་ཕྱིར་སྒྲ་མེད་ཀྱང་ཆོས་སྟོན་པ་ཞེས་བྱའོ་ཞེས་སྦྲེལ་ལོ། །རྒྱན་སྣང་དུ། སངས་རྒྱས་དང་མཚུངས་པར་རང་སངས་རྒྱས་རྣམས་ཀྱིས་ཀྱང་དེ་ལྟར་བཏབ་པ་ཡིན་ནོ། ཞེས་པ་འདི་ལྟར་འབྱུང་ངོ༌། །གཉིས་པ་ནི། སྣང་བར་འགྱུར་རོ། །གང་ལ་ན་གདུལ་བྱ་གང་ཞིག་བསྟན་བྱའི་དོན་གང་ལ་རྣམ་པ་ཇི་ལྟར་ཉན་འདོད་པ་དེའི་ཡིད་ཀྱི་རྣམ་པར་ཤེས་པ་ལའོ། གང་ན། བསྟན་བྱའི་དོན་དེའོ། །ཇི་ལྟར་ན། སྒྲ་མེད་ཀྱང་ཇི་ལྟར་བསྟན་འདོད་ཀྱི་རྣམ་པའམ་ཚུལ་དེ་ཁོ་ན་ལྟར་རོ། །རྒྱུ་གང་གིས་ན། སྔོན་གྱི་སྨོན་ལམ་དང་སོགས་པས་གཟུགས་མེད་་རྟོགས་པའི་ཡེ་ཤེས་ཀྱི་མཐུས་སོ། །གནས་སྐབས་གང་དུ་ན། སངས་རྒྱས་ཀྱིས་སྔོན་སྨོན་ལམ་བཏབ་ནས་ཕྱིས་བྱང་ཆུབ་པ་ན་དེའི་མཐུས་སྒྲ་མེད་ཀྱང་གདུལ་བྱའི་རྒྱུད་ལ་ཇི་ལྟར་བསྟན་འདོད་པའི་དོན་དེ་ལྟར་སྣང་བར་བྱེད་ནུས་པ་དེ་བཞིན་དུ་སངས་


JLD017_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སུ་མ་ཟད་རང་སངས་རྒྱས་ཉིད་ཀྱི་བྱང་ཆུབ་ཐོབ་པའི་གནས་སྐབས་ན་ཡང་དེ་ལྟར་རོ། །དེ་བས་ན་སྒྲ་མེད་ཀྱང་ཆོས་སྟོན་པ་མི་འགལ་ཞེས་བྱ་སྟེ། ཆོས་སྟོན་པ་ཞེས་པའི་སྒྲའི་དོན་ནི་བརྗོད་པའི་སྒྲ་ཡོད་དམ་མེད་ཀྱང་བླའི་འདི་ལྟར་བརྗོད་བྱའི་ཆོས་གོ་བ་གདུལ་བྱ་ཉན་པའི་རྣམ་པར་ཤེས་པ་ལ་ཤིན་ཏུ་སྟེ་ལེགས་པར་དང་པོར་བསྐྲུན་ཞིང་ཕྱིས་གོང་ནས་གོང་དུ་སྐྱེད་པ་ཞེས་བྱ་བ་འདི་ཙམ་ཞིག་ཡིན་པའི་ཕྱིར་རོ། ཞེས་པ་ནི་ཁྱབ་པ་སྒྲུབ་པའོ། །སྐབས་འདིའི་དཔེ་ནི་ཡང་སྒྲས་ཁོང་ནས་འཕངས་པའོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། དེ་ལྟར་ཉན་ཐོས་ལས་རང་རྒྱལ་ཁྱད་ཞུགས་པ་བརྗོད་ནས་རྣལ་མ་སྟེ་དཀྱུས་མ་རང་སངས་རྒྱས་ཀྱི་ལམ་གྱི་ངོ་བོ་གསུངས་སོ། །ཇི་ལྟར་ན། ཉན་ཐོས་ལས་ཁྱད་ཞུགས་པ་རང་རྒྱལ་རྣམས་ཀྱི་ལམ་ནི་ཉན་ཐོས་ལས་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པས་ལམ་ཡང་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་སྟོན་ཏོ། །རྒྱུ་མཚན་ནི། རྒྱུ་ལམ་ཁྱད་པར་ཅན་མ་ཡིན་ན་འབྲས་བུའི་དུས་སུ་དེ་མངོན་དུ་བྱས་ཚུལ་དང་ཆོས་སྟོན་ཚུལ་གྱི་ཁྱད་པར་གཉིས་མི་འཐད་པས་སོ། །གཉིས་པ་ནི། ཤེས་པར་བྱའོ། །གང་ན། བསེ་རུ་ལྟ་བུས་མཚོན་པའི་རང་རྒྱལ་ཐམས་ཅད་ཀྱི་ལམ་མོ། །གང་གིས་དང་གང་དུ་ཤེས་པར་བྱ་བ་ནི། ཉན་ཐོས་ཀྱི་སྐབས་བཞིན་ནོ། །ཚུལ་ནི། བརྟེན་པ་སྤངས་རྟོགས་ཀྱི་ཁྱད་པར་གཉིས་དང༌། རྟེན་རིགས་ཀྱི་ཁྱད་པར་གསུམ་གྱིས་ཡང་དག་པར་བསྡུས་པར་རོ། །དང་པོ་ལ་ཡང་བདག་མེད་གཉིས་ཀྱི་དབང་དུ་བྱས་པའི་ཁྱད་པར་ཡོད་ཀྱང༌། གང་ཟག་གི་


JLD017_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་ཀྱི་རྟོགས་ཚུལ་ནི་ཉན་ཐོས་དང་མཚུངས་པས་དེ་བཤད་ཟིན་པ་ལ་དགོངས་ནས་འདིར་རྗེ་བཙུན་གྱིས་མ་གསུངས་པ་སློབ་དཔོན་གྱིས་ཇི་སྐད་བཤད་པའི་ཞེས་འགྲེལ་པར་ཁ་བསྐང་བ་མཛད་དོ། །ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་སྤངས་རྟོགས་ལ་ཡང་སྤངས་པའི་ཁྱད་པར་གྱིས་རྟོགས་པའི་ཁྱད་པར་གོ་སླ་བར་དགོངས་ནས་སྤངས་པའི་ཁྱད་པར་ཙམ་ཞིག་གསུངས་སོ། །དེ་ལ་གཟུང་རྟོག་སྤངས་པ་དང་འཛིན་རྟོག་མ་སྤངས་པའི་ཁྱད་པར་གཉིས་ལས། དང་པོ་ཕྱི་རོལ་གྱི་གཟུང་བ་རང་བཞིན་མེད་པར་རྟོགས་པས་གཟུང་བ་ཕྱི་རོལ་གྱི་དོན་ནམ་ཡུལ་ལ་བདེན་པར་ཞེན་པའི་རྟོག་པ་སྤངས་པ་ནི། ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། ཞེས་པ་ནས་རྣམ་མཁྱེན་གྱི་བར་ལ་ཟབ་པ་དང་ཕྲ་བ་བཀག་པའོ། །འདིས་གཟུང་བས་སྟོང་པའི་རང་བཞིན་དེ་རང་རྒྱལ་གྱི་བློ་ལ་ལྟོས་ཏེ་ཟབ་པ་དང་ཕྲ་བ་མིན་པར་བསྟན་པ་ནི་དེ་དེས་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་རོ། །གཉིས་པ་ནང་གི་ཤེས་པ་རང་བཞིན་མེད་པར་མ་རྟོགས་པས་འཛིན་པ་ཡུལ་ཅན་དུ་སྣང་བ་ལ་བདེན་ཞེན་གྱི་རྟོག་པ་མི་སྤོང་བ་ནི། རབ་འབྱོར་གྱིས་སྨྲས་པ་ལྷའི་བུ་དག་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ་ཆོས་ཉན་པ་དེ་དག་ཀྱང་སྒྱུ་མ་ལྟ་བུའོ། །སེམས་ཅན་དེ་དག་ནི་སྤྲུལ་པ་ལྟ་བུ་སྟེ་ཆོས་ཉན་པ་དེ་དག་ཀྱང་སྤྲུལ་པ་ལྟ་བུའོ། །ལྷའི་བུ་དག་གཟུགས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། ཞེས་སོ། །འདི་དག་གིས་དཔེར་ན་སྒྱུ་མ་དང་


JLD017_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ནི་ཡུལ་མེད་ཀྱང་དེར་སྣང་བའི་རྣམ་རིག་ཡོད་པ་ལྟར་རང་རྒྱལ་དེ་དག་གིས་ཡུལ་རང་བཞིན་མེད་པར་རྟོགས་ཀྱང་འཛིན་པ་མེད་པ་མ་རྟོགས་པར་བསྟན་ཏོ། །ཁྱད་པར་དེ་གཉིས་ཀྱིས་རང་རྒྱལ་གྱི་ལམ་དེ་ཉན་ཐོས་ལས་ཁྱད་པར་དུ་འཕགས་པ་དང་ཐེག་ཆེན་ལས་དམན་པའི་ཁྱད་པར་བསྟན་ཏོ། །གལ་ཏེ་སུམ་ཅུ་པར། གཟུང་བ་མེད་པས་དེ་འཛིན་མེད། ཅེས་པ་ལྟར་ཡིན་པས་གཟུང་རྟོག་སྤོང་ན་འཛིན་རྟོག་མི་སྤོང་བ་འགལ་ཞེ་ན། དོན་འདི་ལ་ཚིག་གསལ་ལས། རང་སངས་རྒྱས་འདི་དག་གིས་ནི་སྣོད་ཀྱི་འཇིག་རྟེན་རྣམས་འཇིག་པ་དང་འཆགས་པའི་དབང་གིས་རྟོགས་པར་སླ་བ་དང༌། སེམས་ཅན་གྱི་འཇིག་རྟེན་པའི་ཡང་ལུས་ནི་རབ་ཏུ་འཇིག་པས་བདག་མེད་པར་རྟོགས་པས། ཞེས་དང༌། འཛིན་པའི་ངོ་བོ་ཕུང་པོ་ལྷག་མ་བཞི་པོ་ནི་མ་ཡིན་ནོ། །འཁོར་བ་རྣམས་སུ་རྒྱུན་རབ་ཏུ་བསྟན་པས་བདག་མེད་ཅེས་དེ་དག་གི་ཡེ་ཤེས་མི་འཇུག་གོ །ཞེས་གཟུང་བ་གཟུགས་ཕུང་དང་འཛིན་པ་ཕུང་པོ་ལྷག་མ་བཞི་ལ་རྒྱུན་བརྟན་མི་བརྟན་ཡོད་པས་རྟོགས་དཀའ་སླ་ཡོད་པའི་ཕྱིར་རྟོགས་མ་རྟོགས་ཀྱི་ཁྱད་ཡོད་པར་འཆད་དོ། །དེ་ལྟར་འཆད་ཀྱང་སློབ་དཔོན་གྱི་བཞེད་པ་ནི་རྒྱན་སྣང་དུ། རང་གི་མཚན་ཉིད་ཀྱི་དངོས་པོ་ཡོད་ན་དེ་འཛིན་པར་བྱེད་པ་རྣམས་པར་རྟོག་པ་མེད་པའི་ཤེས་པའི་རང་གི་མཚན་ཉིད་སྐྱེ་ཞིང་དེ་མེད་པར་མ་ཡིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དངོས་པོའི་ཆོས་ཉིད་ཡིན་ན། ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པ་འཛིན་པར་བྱེད་པའི་རྣམ་པར་རྟོག་


JLD017_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་པ་འགག་བཞིན་པས་འཕངས་པའི་རང་གི་རྒྱུད་ཀྱི་བག་ཆགས་སད་པ་ལས་སྐྱེ་བའི་ཕྱིར། འཛིན་པའི་རྣམ་པར་རྟོག་པ་ལ་ནི་གཟུང་བའི་རྣམ་པར་རྟོག་པ་ཡོད་པ་ཁོ་ན་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདི་ཡོད་པ་མ་ཡིན་ནོ། ཞེས་སོ། །དེའི་དོན་ནི་གཟུང་བ་རང་མཚན་དུ་ཡོད་ན་རང་མཚན་རྣམ་རྟོག་ལ་མི་སྣང་བས་དེ་འཛིན་པའི་རྟོག་མེད་མ་འཁྲུལ་བའི་འཛིན་པ་ཡོད་ལ། དེ་ཡང་དེ་ལྟ་བུའི་གཟུང་བ་མེད་ན་མེད་པ་ཡིན་ཀྱང༌། གཟུང་བར་སྣང་བའི་འཛིན་པ་ནི་ཐོག་མེད་ནས་བརྒྱུད་པའི་རང་གི་རྣམ་རྟོག་སྔ་མས་བཞག་པའི་བག་ཆགས་ལས་སྐྱེས་པས་ན། གཟུང་བ་རང་བཞིན་མེད་པར་རྟོགས་པས་འཛིན་པ་ཡང་དེ་ལྟར་རྟོགས་དགོས་པའི་ངེས་པ་མེད་དོ། །རྟེན་གྱི་ཁྱད་པར་ལ་གཉིས། སྒྲུབ་པ་པོའི་རྟེན་གྱི་གང་ཟག་དང༌། སྒྲུབ་པའི་དམིགས་པ་ཆོས་ཉིད་ཀྱི་རྟེན་ནོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཉན་ཐོས་ཆེན་པོ་དེ་དག་དང་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སམ། བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ་བསམ་པ་ཡོངས་སུ་རྫོགས་པའམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་སངས་རྒྱས་བྱོན་པ་མང་པོ་ལ་དགེ་བའི་རྩ་བ་སྐྱེད་པ་དག་གམ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་རིགས་ཀྱི་བུ་དང་རིགས་


JLD017_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུ་མོ་དག་ཡུམ་འདི་ལྟར་ཟབ་པ། ཞེས་པ་ནས། འདི་ལྟར་མཁས་ཤིང་མཛངས་པས་རིག་པར་བྱ་བ་འདི་ལེན་པར་འགྱུར་ཏ། ཞེས་སོ། །བརྒྱད་སྟོང་པར། ཚེ་དང་ལྡན་པ་དག་ཕྱིར་མི་ལྡོག་པའི་བྱང་ཆེན་རྣམས་སམ། ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་རྣམས་སམ། དགྲ་བཅོམ་པ་ཟག་པ་ཟད་པ་གང་ཡིན་པ་དེ་དག་ཡུམ་འདི་ལྟར་བཤད་པ་འདི་ལ་ཡང་དག་པར་འཛིན་པར་འགྱུར་རོ། ཞེས་ཡུམ་འདི་ལྟར་བསྟན་པ་འདི་ལ་སུ་དག་ཡང་དག་པར་འཛིན་པར་འགྱུར་ཞེས་རབ་འབྱོར་ལ་དྲིས་པ་དང༌། ཀུན་དགའ་བོ་ལ་ལན་དུ་སྨྲས་སོ། །སྡུད་པ་ལས། རྒྱལ་སྲས་བདེན་ལ་མཁས་དང་ཕྱིར་མི་ལྡོག་པ་དང༌། །དགྲ་བཅོམ་དྲི་མ་བསལ་ཞིང་སོམ་ཉི་སྤངས་པ་དང༌། །བཞི་པ་དགེ་བའི་བཤེས་ཀྱིས་ཡོངས་སུ་ཟིན་པའོ། ཞེས་སོ། །དེ་ལྟར་ཉི་ཁྲི་ལས་གང་ཟག་ལྔ་དང༌། བརྒྱད་སྟོང་པར་གསུམ་དང༌། སྡུད་པར་བཞི་གསུངས་ཤིང་དེ་ཡང་དང་པོར་བདེན་མཐོང་བཤད་དོ། །འོ་ན་བླང་བྱའི་ཡུལ་དེ་གང༌། ལེན་མཁན་གྱི་གང་ཟག་དེ་དག་ཀྱང་ཇི་འདྲ་བ་ཞེ་ན། ཉི་སྣང་དང་རྣམ་འགྲེལ་དུ་ཡུམ་ལེན་པར་བསྟན་པ་རྣམས་རང་སངས་རྒྱས་བསྟན་པར་བཤད་པ་ཙམ་ལས་གཞན་ཉི་ཁྲིའི་འགྲེལ་པ་རྣམས་སུ་བཤད་པ་མེད་དོ། །རྒྱན་སྣང་ལས། དང་པོ་ནི། སྤངས་པ་ཁྱད་པར་གཉིས་ལྡན་གྱི་རང་རྒྱལ་གྱི་ལམ་དང༌། གཉིས་པ་ནི། ཕྱིར་མི་ལྡོག་པ་ནི་རང་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་སྦྱོར་ལམ་པ་ཡིན་ལ་དེ་ཉིད་རང་གི་བྱང་ཆུབ་འདོད་པས་བྱང་སེམས་སངས་རྒྱས་མི་


JLD017_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་ཞིང་དུ་ལུས་ཀྱིས་ཆོས་བསྟན་ནས་སེམས་ཅན་གྱི་དོན་བྱེད་འདོད་པས་སེམས་དཔའ་ཆེན་པོའོ། །ལྟ་བ་ཕུན་ཚོགས་ནི་ཤེས་རབ་ཀྱི་ལྟ་བ་བར་མ་དང་ལྡན་པ་སྟེ། ཐེག་འབྲིང་གི་ཤེས་རབ་བོ། །དགྲ་བཅོམ་པ་ཟག་ཟད་ནི་མཐོང་ལམ་གྱིས་མཐོང་སྤང་གི་ཟག་པ་རྣམས་སྤངས་པས་མཆོད་པར་འོས་པ་སྟེ། མཐོང་ལམ་པའོ། ཞེས་འཆད་ལ། ཡང་དེ་ཉིད་ལས། ཚིག་གསུམ་གྱིས་ནི་རང་བྱང་ཆུབ་ལ་གོ་རིམ་བཞིན་དུ་ཡང་དག་པར་བསྒྲུབས་པའི་རིགས་དང་ཆོས་ཉིད་ཀྱིས་ཐོབ་པའི་རིགས་དང་དེ་ཉིད་ལ་ངེས་པའི་རིགས་ཀྱི་གང་ཟག་ཅེས་བཤད་པ་ཡིན་ནོ། ཞེས་དང་པོ་ཡང་དག་པར་བསྒྲུབས་པའི་རིགས་ཀྱི་གང་ཟག་དང༌། བར་པ་ཆོས་ཉིད་ཀྱིས་ཐོབ་པའི་རིགས་ཀྱི་དང༌། ཐ་མ་རང་རྒྱལ་དུ་ངེས་པའི་རིགས་ཀྱི་གང་ཟག་ལ་བཤད་ཅིང༌། ལྟ་བ་ཕུན་ཚོགས་ལམ་གང་ལ་གནས་གསལ་ཁ་མེད་དོ། །གལ་ཏེ་རིགས་དེ་དག་ཀྱང་རྒྱས་འགྱུར་དང༌། རང་བཞིན་དུ་གནས་པ་དང༌། ལམ་གང་དུ་ཕྱིར་མི་ལྡོག་ཐོབ་པའི་རིགས་ཡིན་པས་གསུམ་པ་འདིའི་དང་པོ་ལ་སྦྱར་བས་ཆོག་ཀྱང་མ་སྦྱར་བ་དང༌། དང་པོ་གཉིས་གོ་རིམས་བཟློག་ནས་བཤད་པ། ལམ་ཐ་མ་གཉིས་ལ་གནས་པ་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། ཉི་ཁྲི་དང་བརྒྱད་སྟོང་པའི་གང་ཟག་གཉིས་པ་གཉིས་དོན་གཅིག་ཡིན་ཞིང་དེ་སྡུད་པར་བཤད་པའི་དང་པོ་དང་ཡང་གཅིག་ཡིན་ཏེ། སྡུད་འགྲེལ་ལས། དེ་ལ་ཤེས་རབ་འབྲིང་གི་ལྟ་བ་དང་ལྡན་པས་ཀུན་རྫོབ་


JLD017_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོན་དམ་པའི་དབྱེ་བ་ཡོངས་སུ་ཤེས་པའི་མཁས་པ་ནི་རྒྱལ་སྲས་སོ། ཞེས་བརྒྱད་སྟོང་པའི་གང་ཟག་གཉིས་པའི་བཤད་པ་འདི་ལ་མཛད་ཅིང་ཕྱིར་མི་ལྡོག་པ་རང་རྒྱལ་སྦྱོར་ལམ་པ་ལ་བཤད་པས། ལྟ་བ་ཕུན་ཚོགས་ཀྱི་གང་ཟག་ཚོགས་ལམ་པར་བརྟག་ནུས་པའི་ཕྱིར་རིགས་དང་པོ་གཉིས་ཀྱི་གོ་རིམས་འཆོལ་པ་མེད་དོ། །ཕྱིར་མི་ལྡོག་གི་རིགས་སྦྱོར་ལམ་ནས་ཐོབ་ཀྱང་མཐོང་ལམ་ནས་ཁྱད་པར་ཅན་དུ་གྱུར་པའི་ཕྱིར་དེར་བཞག་པ་མི་འགལ་ལོ། །ཡང་དེ་ཉིད་ལས། ཐམས་ཅད་ཀྱིས་མཆོད་པས་ན་དགྲ་བཅོམ་པ་སྟེ་མཐོང་བའི་ལམ་ལ་སོགས་པ་དེ་ཉིད་ཀྱིས་གཟུང་བའི་རྣམ་པར་རྟོག་པ་སྤངས་པས་རིམ་པ་ཇི་ལྟ་བ་བཞིན་དུ་དྲི་མ་བསལ་བ་དང་། དེ་ཉིད་ཀྱིས་ཆོས་ཉིད་མངོན་སུམ་དུ་བྱས་པས་ཐེ་ཚོམ་མེད་པའི་ཕྱིར། སོམ་ཉི་སྤངས་པ་ནི་གསུམ་པའོ། ཞེས་མཐོང་ལམ་ལ་སོགས་ཀྱི་སྒྲ་སྦྱར་བས་མཐོང་ལམ་པ་མཚོན་པ་ཙམ་ཡིན་པས་ལམ་ཐ་མ་གཉིས་ལ་གནས་པ་ཡང་བཤད་དོ། །སྡུད་པའི་དཀའ་འགྲེལ་དུ། གང་ཟག་དང་པོ་མཐོང་ལམ་པ་ལ་སྦྱར་བ་ནི་སློབ་དཔོན་དང་མི་མཐུན་ནོ། །དེ་ལྟར་གང་ཟག་བཞི་ལས་དང་པོ་གསུམ་ནི་རང་རྒྱུད་དང༌། ཐ་མས་ནི་གཞན་རྒྱུད་དུ་གཏོགས་པའི་རྟེན་བསྟན་ཏོ། ཞེས་ཀྱང་འཆད་དོ། །དགེ་བཤེས་ཀྱིས་ཟིན་པས་ནི་རྒྱལ་བ་ལ་བྱ་བ་བྱས་པ་སོགས་ཀྱང་མཚོན་ཏེ་དེ་དག་ནི་ཀུན་ལ་སྦྱར་རོ། །ཁ་ཅིག་སྦྱོར་ལམ་པ་ཚོགས་སྤྱོད་ཆེ་བ་དང་ཚོགས་སྤྱོད་ཆུང་བའི་མཐོང་ལམ་དང་པོ་བཅོ་ལྔ་ལ་གནས་པ་ནི་བདེན་མཐོང་དང༌། བཅུ་དྲུག་པ་ལ་གནས་པ་དགྲ་བཅོམ་དང༌། རྒྱལ་བ་ལ་བྱ་བ་


JLD017_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་སོགས་བསེ་རུ་ལྟ་བུའི་ཚོགས་ལམ་པར་བཞེད་དོ། །སྐབས་འདིའི་ལམ་འཕགས་ལམ་ཡིན་པས་སྦྱོར་ལམ་པ་སོགས་སྤྱིར་རྟེན་མཚན་ཉིད་པ་ཡིན་ཀྱང་འདིར་ནི་ཞར་བྱུང་དུ་ཤེས་པར་བྱའོ། །གཉིས་པ་ནི། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་ལྷ་ནས་བརྩམས་ཏེ། འོག་མིན་གྱི་བར་གྱི་ལྷ་དེ་དག་གིས་ལྷ་རྫས་ཀྱི་མེ་ཏོག་མན་དྷ་ར་བ་མང་པོ་མངོན་པར་སྤྲུལ་ཏེ། མེ་ཏོག་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆེན་དང༌། དགེ་སློང་གི་དགེ་འདུན་རྣམས་དང༌། གནས་བརྟན་རབ་འབྱོར་དང༌། ཡུམ་འདི་ལ་མངོན་པར་གཏོར་བར་གྱུར་ཏོ། ཞེས་བྱ་བ་ལ་སོགས་པའོ། །འདི་དག་གིས་ནི་སྤྲུལ་པའི་མེ་ཏོག་རང་བཞིན་མེད་ཀྱང་མ་བརྟགས་པའི་ངོར་ཡུལ་དུས་རང་བཞིན་སོ་སོར་ངེས་པར་སྣང་ཞིང་མཆོད་པའི་བྱ་བ་བྱེད་པ་ལྟར་སྣང་བ་དེ་བཞིན་དུ། རང་རྒྱལ་གྱི་དེ་བཞིན་ཉིད་ཀྱང་དངོས་པོར་གྱུར་པའི་རྟེན་དུ་མ་གྲུབ་ཀྱང་ཐ་སྙད་དུ་དེ་རྟོགས་པ་ལ་བརྟེན་ནས་རྟོགས་པའི་ཆོས་སོ་སོར་ངེས་པ་འཐོབ་པའི་རྟེན་དུ་རུང་བར་ཤུགས་ཀྱིས་མཚོན་ནས་བསྟན་པས་ཆོས་ཉིད་ཀྱི་རྟེན་བསྟན་པའོ། །དག་སྙིང་ཟླ་འོད་རྣམས་སུ་ཕྱི་མ་འདི་གཅིག་པུ་རང་རྒྱལ་གྱི་རྟེན་དང་སྦྱོར་ཡང༌། སློབ་དཔོན་འདིས་གང་ཟག་དང་དེ་བཞིན་ཉིད་ཀྱི་རྟེན་གཉིས་མཛད་པ་མདོའི་དོན་ནོ། །གསུམ་པ་ནི། བྱང་ཆུབ་སེམས་དཔས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་


JLD017_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་ཆོས་རྟོགས་པར་ཏེ་ཐོབ་པར་མི་དམིགས་པའི་ཚུལ་གྱིས་ཤེས་པར་བྱའི་རྣམ་པ་ཐམས་ཅད་དེ་ཆ་ཐམས་ཅད་ནས་མངོན་དུ་བྱ་བའི་ཚུལ་གྱིས་ཤེས་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཡུལ་དེ་ནི་རང་སངས་རྒྱས་ཀྱི་ལམ་མོ། །ཁྱད་ཆོས་དུ་དང་ལྡན་ན། རང་སངས་རྒྱས་ཀྱི་ལམ་ལ་སྟེ་ལམ་དུ་ཉན་ཐོས་ཀྱི་སྐབས་སུ་ཇི་སྐད་བཤད་པའི་བདེན་པ་བཞི་མི་རྟག་སོགས་བཅུ་དྲུག་ཏུ་སྒོམ་པ་ཁོ་ན་སྟེ་མི་སྒོམ་པ་རྣམ་པར་བཅད་པ་དང༌། གཟུགས་སྒྲ་ལ་སོགས་པའི་གཟུང་བའི་དངོས་པོ་རྣམས་སྒྱུ་མ་བྱེད་པས་སྤྲུལ་པ་ཇི་ལྟ་བ་བཞིན་དུ་ཐ་སྙད་དུ་སྒྱུ་མ་ལྟ་བུའི་རྒྱུ་ལས་སྐྱེས་ཤིང༌། ཡང་དག་པར་ན་སྐྱེ་བ་མེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་བསྒོམས་པས་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་སྤོང་བ་དང༌། ཆོས་ཐམས་ཅད་རང་བཞིན་མེད་པར་གོམས་པར་མ་བྱས་པས་འཛིན་པའི་དོན་གྱི་རྣམ་པར་རྟོག་པ་དག་མི་སྤོང་བ་དང༌། རང་སངས་རྒྱས་ཀྱི་ཐེག་པས་བསྡུས་པའི་རྟེན་པའི་ཆོས་ལམ་གྱི་གཞིའམ། རྟེན་བྱེད་པའི་རིགས་གཉིས་ཀྱི་ཁྱད་པར་ཏེ། དེ་གསུམ་གྱིས་རིམ་པ་ལྟར་ཉན་ཐོས་དང་སངས་རྒྱས་ལས་དང་རྟོགས་པའི་རྒྱུ་ཁྱད་པར་དུ་འཕགས་པ་སྟེ་ཁྱད་པར་དུ་བྱེད་དོ། །འདིར་རང་རྒྱལ་གྱི་ལམ་མཚན་ཉིད་པ་དངོས་སུ་བསྟན་ནས་དེ་མི་དམིགས་པར་རྟོགས་པའི་ལམ་ཤེས་ཤུགས་ལ་བསྟན་ཏོ། །གསུམ་པ་ལ་གསུམ་ལས། དང་པོ་ནི། རང་རྒྱལ་གྱི་འཕགས་ལམ་གྱི་འོག་ཏུ་དེའི་རྒྱུ་ངེས་ཆ་གསུངས་ཏེ། ངེས་ཆ་ཐོབ་ན་ཇི་སྐད་བཤད་པའི་འཕགས་ལམ་སྐྱེ་བས་སོ། །


JLD017_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། མིང་དུ་བཏགས་པ་ཡང་མི་འདོར་ལ་ཆོས་ཉིད་དང་མི་འགལ་བར་སྟོན་པའི་རྣམ་པས་ཤེས་པར་བྱ་བའི་དྲོད་ནི། གཟུགས་ནི་བཏགས་པ་ཙམ་མོ་བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ། ཞེས་སོ། །གཟུགས་སོགས་ལ་འགྲིབ་པ་མེད་པ་ལ་སོགས་པས་ཕྱེ་བ་སྟེ་དེས་ཁྱད་པར་དུ་བྱས་པའི་རྣམ་པས་རྟོགས་པར་བྱ་བ་རྩེ་མོར་གྱུར་པ་ནི། གཟུགས་འཕེལ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། ཞེས་སོ། །གཟུགས་སོགས་ནང་སྟོང་པ་ཉིད་ནས་སོགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡིན་པས་ཡོངས་སུ་མི་འཛིན་པའི་རྣམ་པས་རྟོགས་པར་བྱ་བ་བཟོད་པ་ནི། འདི་ལྟར་གཟུགས་ཡོངས་སུ་གཟུང་དུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ཀྱིས་གཟུགས་ཡོངས་སུ་བཟུང་དུ་མེད་པས་སོ། ཞེས་སོ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི་རྣམ་པ་ཅན་གྱིས་རྟོགས་པར་བྱ་བ་ཆོས་མཆོག་ནི། བྱང་ཚེ་གཟུགས་ཀྱི་སྐྱེ་བ་མི་མཐོང་འགག་པ་དང་བླང་བ་དང་དོར་བ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་སོགས་པ་དང་འབྲི་བ་དང་འགྲིབ་པ་དང་འཕེལ་པ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱི་རང་བཞིན་གྱིས་མེད་པས་སོ། ཞེས་སོ། །མདོ་འདི་དག་གིས་ངེས་ཆ་བཞི་བསྟན་པ་ཡང་སྔར་བཤད་པ་ལྟར་རམ།


JLD017_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་གོང་གི་མདོ་ལམ་གྱི་ངོ་བོ་དང༌། འོག་གི་མདོ་མཐོང་ལམ་ལ་སྦྱར་བ་ལ་རྒྱུ་མཚན་སྣང་བ་ན། བར་གྱི་འདི་ལྟ་བུ་ལ་རྒྱུ་མཚན་གསལ་བར་མེད་ཀྱང་འོས་མེད་ཀྱི་རིགས་པས་ཤེས་པར་བྱེད་པར་ཆོས་ཤེས་འཆད་དེ། འདི་འདྲ་བའི་རིགས་རྣམས་ལ་དྲན་པར་བྱའོ། །གསུམ་པ་ནི་སྐྱེ་བ་ཡིན་ནོ། །གང་ན། ངེས་ཆ་བཞི་དང༌། དེ་ཤེས་པའི་ལམ་ཤེས་གཉིས་སོ། །གང་ལ་ན། རང་སངས་རྒྱས་དང་བྱང་སེམས་ལའོ། །སྦྱོར་ལམ་སྐྱེ་བའི་དམིགས་རྣམ་གང་ན། བདེན་པ་བཞིའི་དམིགས་པ་ལ་མི་རྟག་སོགས་བཅུ་དྲུག་ཏུ་དམིགས་པ་ལ་བརྟེན་ནས་སོ། །ལམ་ཤེས་ཀྱི་དམིགས་པ་གང་ན། སྦྱོར་ལམ་ཡུལ་བཅས་སོ། །རྣམ་པ་གང་ན། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་རང་རང་གི་མིང་གི་བརྡ་ལས་བྱུང་བའི་བཏགས་པ་ཐ་སྙད་ཀྱི་རྣམ་པར་བཞག་པ་དང༌། དེ་དག་གི་རང་བཞིན་བརྗོད་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་གཉིས་མི་འགལ་བར་རབ་ཏུ་སྟོན་པ་སྟེ་རྟོགས་པའི་རྣམ་པས་དམིགས་པས་དྲོད་སྐྱེ་བར་ཤེས་པ་ཡིན་ནོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་ཤེས་པར་བྱའོ། །གཟུགས་སོགས་ལ་དོན་དམ་པར་སྔར་ཡོད་འགྲིབ་པ་དང་སྔར་མེད་འཕེལ་པ་མེད་པ་ལ་སོགས་པར་རྟོགས་པའི་དོན་དུ་སློབ་པ་ཞེས་བྱ་བའི་རྣམ་པ་དང༌། རང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ནང་དང་ཕྱི་དང་སོགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡིན་པས་གཟུགས་སོགས་ལ་བདེན་པར་ཡོངས་སུ་མི་འཛིན་པའི་རྣམ་པ་དང༌། གཟུགས་སོགས་ལ་དང་པོར་སྐྱེ་བ་


JLD017_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐར་འགག་པ་ལ་སོགས་པ་མེད་པ་ཞེས་བྱ་བའི་རྣམ་པས་སོ། །མདོར་ན་བྱང་སེམས་ཀྱིས་ལམ་ཤེས་སྒོམ་པའི་ཚེ་རང་རྒྱལ་གྱི་སྦྱོར་ལམ་བཞི་བདེན་བཞི་ལ་མི་རྟག་སོགས་བཅུ་དྲུག་ཏུ་དམིགས་པ་ལ་བརྟེན་ནས་སྐྱེའོ་ཞེས་རྣམ་པ་འདི་བཞིའི་སྒོ་ནས་མི་དམིགས་པར་ཤེས་པའོ། །གསུམ་པ་ལ་གཉིས། སྤྱིའི་མཚམས་སྦྱར་བ་དང༌། སོ་སོའི་ངོ་བོ་བཤད་པའོ། །དང་པོ་ནི། དམན་མཆོག་གི་རིམ་པ་དང་བསྟུན་ནས་རང་རྒྱལ་གྱི་ལམ་གྱི་མཇུག་ཐོགས་སུ་བྱང་ཆུབ་སེམས་དཔའི་ལམ་གྱི་ངོ་བོ་འཆད་དོ། །མདོའི་འབྲེལ་ནི། བརྒྱ་བྱིན་གྱིས་ཡུམ་གང་ནས་བཙལ་བ་དྲིས་པ་དང༌། ཤཱ་རིའི་བུས་རབ་འབྱོར་གྱི་ལེའུ་ལས་བཙལ་བར་གསུངས་པ་ལས་འཕྲོས་ནས་གསུངས་སོ། །གཉིས་པ་ལ་གཉིས། མཐོང་ལམ་དང༌། སྒོམ་ལམ་མོ། །དང་པོ་ལ་གཉིས། སྤྱི་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གཉིས། མཐོང་ལམ་སྐྱེ་བའི་རྟེན། བརྟེན་པ་མཐོང་བའི་ལམ་མོ། །དང་པོ་ལ་གཉིས། ལུས་རྟེན་དང༌། སེམས་རྟེན་ནོ། །དང་པོ་ནི། སྒྲ་མི་སྙན་པ་མ་གཏོགས་པའི་མི་དང་འདོད་ལྷའི་རྟེན་ལ་སྐྱེ་སྟེ། ངན་སོང་དང་སྒྲ་མི་སྙན་པ་རྣམས་ནི་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་ལ་ཁམས་གོང་མ་རྣམས་ལ་སྐྱོ་བ་མེད་ཅིང་མི་སྐྱོ་བར་ཡང་དང་པོར་བདེན་པ་རྟོགས་པར་བྱེད་མི་ནུས་པའི་ཕྱིར་ཏེ། བསྡུ་བ་ལས། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་གོང་མར་སྐྱེས་པས་ཀྱང་དང་པོར་བདེན་པ་རྣམས་


JLD017_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་མི་རྟོགས་ཏེ། འདི་ལྟར་གནས་དེ་དག་ནི་སྐྱོ་བར་འགྱུར་དཀའ་བ་ཡིན་པས། རེ་ཞིག་སྐྱོ་བ་ཆུང་ངུས་ཀྱང་བདེན་པ་རྣམས་མངོན་པར་མི་རྟོགས་ན་གང་ན་སྐྱོ་བ་ཆུང་ངུ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། ཞེས་དང༌། མཛོད་ལས། གོང་ན་མཐོང་ལམ་མེད། །མི་སྐྱོ། ཞེས་ལུང་རིགས་ཀྱིས་བསྒྲུབས་པ་ལྟར་རོ། །གཉིས་པ་ནི། བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ཏེ། བསྡུ་བར། བདེན་པ་མངོན་པར་རྟོགས་པ་ནི་བསམ་གཏན་རྣམས་ཁོ་ན་དང་བསམ་གཏན་དང་པོའི་ཉེར་སྡོགས་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཀྱང་མངོན་པར་རྟོགས་པར་འགྱུར་གྱི། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་ནི་མ་ཡིན་ཏེ། འདི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པའི་ལམ་ནི་ཞི་གནས་ཤས་ཆེ་བ་ཡིན་ལ། ལྷག་མཐོང་ཤས་ཆུང་བ་ཡིན་པས་ལྷག་མཐོང་ཆུང་བའི་ལམ་གྱིས་ནི། བདེན་པ་རྣམས་མངོན་པར་རྟོགས་པར་མི་ནུས་པའི་ཕྱིར་རོ། ཞེས་སོ། །ཐེག་ཆེན་ནི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ཞེས་ཀྱང་འཆད་དོ། །གཉིས་པ་ལ་གསུམ། མཐོང་ལམ་གྱི་སྐད་ཅིག་མ་དུར་བཤད་པ་དང༌། མཐོང་སྤང་སྤོང་ཚུལ་ཇི་ལྟར་བསྟན་པ་དང༌། སྐད་ཅིག་མ་དུར་སྐྱེ་བ་དཔྱད་པའོ། །དང་པོ་ནི། སྡེ་པ་རྣམས་ལ་གྲངས་མང་ཉུང་འདོད་ཚུལ་དུ་མ་བཤད་ཀྱང༌། གྲགས་ཆེ་བ་ལ་མཛོད་དུ། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། ཞེས་བཅོ་ལྔར་བཤད་པ་དང༌། ཡུམ་གྱི་


JLD017_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་འདི་དང་ཀུན་བཏུས་ལ་སོགས་པར་སྐད་ཅིག་བཅུ་དྲུག་ཏུ་བཤད་པའོ། །གཉིས་པ་ལ་གཉིས། བཤད་ཚུལ་དགོད། འཐད་མི་འཐད་བསམ་པའོ། །དང་པོ་ལ་གཉིས། ཆོས་མངོན་པ་ནས་ཇི་ལྟར་བཤད་པ་དང༌། རྗེས་འབྲང་གིས་ཇི་ལྟར་བཀྲལ་བའི་ཚུལ་ལོ། །དང་པོ་ནི། མཛོད་དུ་ཆོས་བཟོད་བཞི་འདོད་པའི་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་དང༌། ཆོས་ཤེས་བཞི་དེའི་རྣམ་གྲོལ་ལམ་དང༌། རྗེས་བཟོད་བཞི་ཁམས་གོང་གི་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་དང་རྗེས་ཤེས་བཞི་དེའི་རྣམ་གྲོལ་ལམ་དུ་བཤད་དོ། །ཀུན་བཏུས་ཀྱི་ལུགས་ཀྱིས་སྡུག་བསྔལ་ཆོས་བཟོད་ཀྱིས་ཁམས་གསུམ་གའི་སྡུག་བསྔལ་མཐོང་སྤང་སྤོང་ཞིང༌། སྡུག་བསྔལ་ལ་ཆོས་ཤེས་ཀྱིས་རྣམ་གྲོལ་ལམ་མངོན་དུ་བྱེད་ལ་ལྷག་མ་གསུམ་གྱི་ཆོས་བཟོད་ཆོས་ཤེས་ཀྱང་དེ་བཞིན་ནོ། །སྡུག་བསྔལ་རྗེས་བཟོད་ཀྱིས་སྡུག་བསྔལ་ཆོས་བཟོད་ཆོས་ཤེས་གཉིས་ལ་དམིགས་ནས་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་འཛིན་ལ། སྡུག་བསྔལ་རྗེས་ཤེས་ཀྱིས་རྗེས་བཟོད་ལ་དམིགས་ནས་སྔར་ལྟར་འཛིན་པའོ་ཞེས་ངེས་པར་བྱེད་པ་སྟེ། ལྷག་མ་གསུམ་གྱི་རྗེས་བཟོད་དང་རྗེས་ཤེས་ཀྱང་དེ་བཞིན་ནོ། །དེས་ན་རྗེས་བཟོད་རྗེས་ཤེས་གཉིས་སྤང་བྱའི་གཉེན་པོར་མ་བཤད་དེ། ཀུན་བཏུས་ལས། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་གང་ཞེ་ན། སྔར་རྣམ་པར་དཔྱད་པའི་དབང་དུ་བྱས་ནས་སོ་སོ་རང་ལ་མངོན་སུམ་དུ་


JLD017_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཟག་པ་མེད་པའི་ཤེས་རབ་སྟེ། གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །ཆོས་ཤེས་པ་གང་ཞེ་ན། ཤེས་པ་གང་གིས་བཟོད་པའི་མཇུག་ཐོགས་སུ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་འདི་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་སོ་སོ་རང་ལ་མངོན་སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་བོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པ་གང་ཞེ་ན། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དེ་ངེས་པར་འཛིན་པའོ། །བདེན་པ་ལྷག་མ་རྣམས་ལ་ཡང་བཟོད་པ་དང་ཤེས་པ་རྣམས་ཅི་རིགས་སུ་སྦྱར་བ་ཤེས་པར་བྱའོ། ཞེས་སོ། །དེ་ལྟར་ན་ཡེ་ཤེས་དེ་དག་གི་ཡུལ་ནི་ཆོས་བཟོད་ཆོས་ཤེས་ཀྱིས་བདེན་པའི་ཆོས་ཉིད་ལ་དམིགས་པས་གཟུང་བ་དང༌། རྗེས་བཟོད་རྗེས་ཤེས་ཀྱིས་ཡུལ་ཅན་ཡེ་ཤེས་ལ་དམིགས་པས་འཛིན་པའི་ཡུལ་ཅན་ཡིན་ལ། སྐད་ཅིག་གི་ཚད་ནི་ཇི་ཙམ་གྱིས་རང་ཡུལ་རྟོགས་པ་རྫོགས་པའི་བར་ཏེ། བྱ་རྫོགས་ཡིན་གྱི་དུས་མཐའི་སྐད་ཅིག་ནི་མ་ཡིན་ཏེ། དེ་ནི་ཐ་སྙད་དུ་མི་རུང་བས་སོ། །ཡེ་ཤེས་དེ་དག་གི་ངོ་བོ་ཡང་མིང་གི་མཚན་མ་དང་མ་འདྲེས་པ་ཡིན་ཏེ། ཀུན་བཏུས་ལས། དེ་ལ་ཆོས་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་གཟུང་བ་རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་འཛིན་པ་


JLD017_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་སོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལ་ཡང་མཚན་མ་མེད་པར་གནས་པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ། ཞེས་དང༌། སེམས་ཀྱི་སྐད་ཅིག་ནི་ཤེས་བྱ་ལ་ཤེས་པ་སྐྱེ་བ་ཡོངས་སུ་རྫོགས་པར་རིག་པར་བྱའོ། ཞེས་སོ། །གཉིས་པ་ནི། དཔལ་ལྡན་ཟླ་གྲགས་ཀྱིས་མཛད་ཟེར་བའི་ཕུང་པོ་ལྔའི་རབ་བྱེད་ལས་སྤང་བྱའི་གྲངས་གཉེན་པོས་སྤོང་ཚུལ་རྣམས་མཛོད་ཇི་ལྟ་བ་བཞིན་དུ་འབྱུང་ངོ༌། །སློབ་དཔོན་འདིས་སྤང་བྱའི་གྲངས་ལ་སོགས་པ་རྣམས་ཀུན་བཏུས་ཇི་ལྟ་བ་བཞིན། ཐེག་ཆེན་མཐོང་ལམ་གྱི་སྐབས་སུ་གསུངས་སོ། །ཐུབ་དགོངས་ཀྱི་ལེའུ་གཉིས་པར། སྤང་བྱའི་གྲངས་གཉེན་པོས་སྤོང་ཚུལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་དུ་འགྱུར་ཚུལ་དང་པོ་བཅོ་ལྔ་མཐོང་ལམ་བཅུ་དྲུག་པ་སྒོམ་ལམ་གྱི་རྣམ་གཞག་མཛོད་ལྟར་བཤད་ནས། ལེའུ་གསུམ་པར་སྤང་བྱའི་གྲངས་ཀུན་བཏུས་ལྟར་དང་གཉེན་པོས་སྤོང་ཚུལ་དང་ལམ་གཉིས་སུ་འཇོག་ཚུལ་རྣམས་མཛོད་ལྟར་བྱས་སོ། །འཇུག་ཊཱིཀ་ཏུ་རང་ལུགས་ལ་ཀུན་བཏུས་ལྟར་བཤད་ནས་གཞན་གྱིས་ནི་གཞན་དུ་འཆད་དེ། ཞེས་གཞན་འདོད་བཀོད་པ་ནི་ཐུབ་དགོངས་ཀྱི་ལེའུ་གསུམ་པའི་དོན་དེར་སྣང་ངོ༌། །གཉིས་པ་ནི། བསྡུ་བར་ཁམས་གོང་འོག་གི་མཐོང་སྤང་གི་གཉེན་པོ་ཐ་དད་པར་བཤད་པ་ནི་སྔར་ཁམས་གོང་འོག་གི་བདེན་པ་སོ་སོར་གཏན་ལ་དབབ་པའམ། ཡང་ན་གོང་འོག་གི་སྤང་བྱ་སྤོང་བའི་བྱེད་ལས་ཀྱི་སྒོ་ནས་


JLD017_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཤེས་དང་རྗེས་ཤེས་ཕྱོགས་མཐུན་དུ་བཤད་དོ། །ཆོས་བཟོད་ཉིད་ཁམས་གསུམ་གའི་མཐོང་སྤང་གི་གཉེན་པོར་གསུངས་པའི་རྗེས་སུ་བཟང་པོའི་ཞབས་ལ་སོགས་པ་མཁས་པ་དུ་མ་ཞིག་གིས་འབྲངས་སོ། །དེ་ལ་ཨ་བྷྱས་སྤང་བྱ་ཀུན་བཏུས་ལྟར་བྱས་ནས་སྤོང་ཚུལ་མཛོད་བཞིན་འཆད་པ་ནི། ཐུགས་རྩིངས་པ་སྟེ། ཀུན་བཏུས་ཀྱི་ལུགས་དང་འགལ་བས་སོ། །ཕུང་པོ་ལྔའི་རབ་བྱེད་ཅེས་པ་དེར་ནི་ཆོས་གསུམ་ལ་ཕལ་ཆེར་བྱེ་སྨྲའི་འདོད་པ་བཀོད་པའི་བཤད་པ་བྱས་ཤིང༌། དཔལ་ལྡན་ཟླ་གྲགས་ནི་དོན་སྨྲ་གཉིས་ཀྱི་རྣམ་གཞག་རྣམས་ཀུན་རྫོབ་ཀྱི་རྣམ་གཞག་ཙམ་དུ་གྲུབ་པར་འདོད་པ་ལ་ཡང་དགག་པ་མཛད་པས་འདི་དེས་མཛད་པ་མིན་པ་ལ་མངོན་པ་འོག་མའི་རྒྱུས་ཡོད་གཅིག་གིས་ཁ་གཡར་དུ་སྣང་ངོ༌། །གསུམ་པ་ལ་གསུམ། འདོད་པ་དགོད། འཐད་ཕྱོགས་བསྟན། ལུང་ནས་གསུངས་ཚུལ་ལོ། །དང་པོ་ལ་གཉིས་ལས། ལུགས་དང་པོ་ནི། འབྲས་བུའི་མངོན་རྟོགས་ལ་ལྟོས་ནས་མཐོང་ལམ་སྐད་ཅིག་མ་གཅིག་ཡིན་ལ། སོ་སོར་རྟོགས་པའི་མངོན་རྟོགས་ལ་ལྟོས་ནས་སྐད་ཅིག་མ་བཅུ་དྲུག་གོ་ཞེས་ཟེར་རོ། །དེ་ལ་དང་པོའི་དོན་ནི་བདེན་བཞི་ལ་རིམ་པ་ལྟར་ཤེས་པ་དང་སྤོང་བ་དང་མངོན་དུ་དང༌། སྒོམ་པར་བྱེད་པ་ནི་མཐོང་ལམ་གྱི་བྱ་བའི་ལམ་ཡིན་པས་དེའི་འབྲས་བུ་ཡིན་ལ། དེའི་དབང་དུ་བྱས་ན་སྐད་ཅིག་གཅིག་ཡིན་ཏེ། སྡུག་བསྔལ་མཐོང་བའི་ཚེ་སྡུག་བསྔལ་མཐོང་སྤང་སྤོང་ལ་དེ་ཀུན་འབྱུང་ཡིན་པས་ཀུན་འབྱུང་ཡང་སྤོང་ངོ༌། །དེ་སྤངས་པ་འགོག་པ་ཡིན་པས་འགོག་པ་ཡང་


JLD017_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་བྱེད་དོ། །དེ་ཡང་ལམ་སྒོམ་པ་མེད་ན་མེད་པས་དེ་དག་དུས་གཅིག་གོ །གཉིས་པའི་དོན་ནི་དེ་ལྟར་གཅིག་ཡིན་ཀྱང་བདེན་པ་རེ་རེ་ལ་སྒྲོ་འདོགས་ཀྱི་རྣམ་པ་མི་འདྲ་བ་བཅད་ནས་རྗེས་སུ་ངེས་པ་སྐྱེས་པའི་རིམ་པ་ལ་ལྟོས་ནས་བཅུ་དྲུག་ཏུ་བཞག་པའོ་ཞེས་པའོ། །དེ་ལྟར་བདེན་བཞི་ལ་ངེས་པ་འདྲེན་ཚུལ་གྱི་སྒོ་ནས་བཅུ་དྲུག་རིམ་ཅན་དུ་འབྱུང་ལ། ཤེས་སྤོང་ལ་སོགས་པའི་བྱ་བ་བྱེད་ཚུལ་གྱི་སྒོ་ནས་རིམ་པ་མེད་པས། འདིའི་ལྟར་ན་མཐོང་ལམ་ལ་ཞུགས་གནས་ཀྱི་རྣམ་གཞག་རྣམས་ཀྱང་རུང་བ་ཡིན་ནོ། །ལུགས་གཉིས་པ་ནི། སོ་སོར་རྟོགས་པའི་མངོན་རྟོགས་ལ་ཡང་སྐད་ཅིག་གཅིག་ཡིན་ཏེ། ཆོས་མཐའ་དག་དངོས་པོ་མེད་པའོ་ཞེས་བསྒོམས་པས་སྒོམ་པ་མཐར་སོན་པ་ན། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། ཅེས་པའི་ཚུལ་གྱིས་བདེན་པ་བཞི་ཀའི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཟག་མེད་ཀྱི་ཡེ་ཤེས་སྐྱེ་བས་སླར་ཡང་མ་མཐོང་བ་མཐོང་བར་བྱ་བ་མེད་པའི་ཕྱིར་རོ། །སྤང་བྱ་སྤོང་ཚུལ་ཡང་འཇིག་ལྟ་དང་ཆགས་སོགས་ཀྱི་ཉོན་མོངས་དངོས་པོར་མངོན་པར་ཞེན་པས་ཀུན་ནས་བསླང་ལ། དེ་ལས་གྲོལ་བ་ནི་ཞེན་པ་ལྟར་མེད་པར་མཐོང་བ་ལས་ཡིན་པའི་ཕྱིར། དེ་ལ་ཡང་རིམ་པ་མེད་དོ། །གཉིས་པ་ནི། ལུགས་ཕྱི་མ་མི་འཐད་དེ། དེ་ལྟར་ན་སྐད་ཅིག་མ་གཅིག་ལ་མཐོང་ལམ་གྱི་རྟོགས་བྱའི་རྣམ་པ་ཐམས་ཅད་རྫོགས་པས་རྣམ་པ་ལྷག་མའི་སྒོ་


JLD017_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཐོང་ལམ་སྒོམ་པ་མེད་པའི་ཕྱིར། མཐོང་ལམ་ལ་ཞུགས་གནས་ཀྱི་རྣམ་བཞག་ཇི་ལྟར་རུང༌། གཞན་ཡང༌། གཟུགས་ཆོས་མཐུན་པ་མཐོང་བ་ལས། །ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། ཞེས་པ་ལྟར་བདེན་བཞིའི་དེ་ཉིད་མཐོང་བ་ཙམ་གྱིས་བཟློག་ཕྱོགས་སུ་སྒྲོ་འདོགས་པར་མི་བྱེད་ན། སོ་སོར་རྟོགས་པའི་མངོན་རྟོགས་ལ་སྐད་ཅིག་གཅིག་ཏུ་འགྱུར་ཡང༌། གང་གི་ཚེ་འཁྲུལ་པའི་རྒྱུ་འགའ་ཞིག་ལས་བཟློག་ཕྱོགས་སུ་སྒྲོ་འདོགས་པའི་རྣམ་པ་གཞན་དག་ཡོད་པའི་ཕྱིར། དེ་དྲུངས་ནས་དབྱུང་བའི་དོན་དུ་རྣམ་པ་གཞན་དག་གིས་སྒོམ་པ་གཞན་ཡང་ཡོད་པའི་ཕྱིར། རྒྱུན་ཞུགས་ཞུགས་པ་དང་འབྲས་གནས་ཀྱི་གནས་སྐབས་ཀྱང་འཐད་པ་ཡིན་ནོ། །དེ་བས་ན་རྣམ་པར་ཤེས་པས་བདེན་བཞིའི་དེ་ཁོ་ན་ཉིད་ཀྱི་རྣམ་པ་ཐམས་ཅད་བཟུང་ཡང༌། ཆ་གང་ལ་གོམས་པ་གསལ་པ་ལ་སོགས་པའི་མཐུས་སྒྲོ་བཏགས་པའི་རྣམ་པ་སེལ་ནུས་པ་དེ་ཉིད་དེའི་གེགས་སུ་གྱུར་པའི་སྒྲིབ་པ་སེལ་པས་དེ་ལ་ཚད་མ་ཡིན་གྱི་ཆ་གཞན་ལ་མིན་ཏེ། སྔོན་པོ་དང་སྐད་ཅིག་མ་མཐོང་བར་ཁྱད་པར་མེད་ཀྱང་སྔོ་མིན་དུ་སྒྲོ་འདོགས་སེལ་གྱི་རྟག་འཛིན་སེལ་མི་ནུས་པ་བཞིན་ནོ། །མཐོང་ཡང་ངེས་པ་མི་འདྲེན་ན། འཕགས་པ་དང་སོ་སྐྱེ་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་ཀྱང་བརྗོད་པར་མི་བྱ་སྟེ། རྣམ་པ་ཅི་ཙམ་ཞིག་གསལ་བས་དེ་དག་གི་ཤེས་པ་འཁྲུལ་པའི་


JLD017_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དང་གཏན་བྲལ་བ་དེས་དེ་དག་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །འདོད་པ་དགོད་པ་དང༌། དེ་འཐད་མི་འཐད་དཔྱད་པའི་བརྒལ་ལན་འདི་དག་རྒྱན་སྣང་དུ་འབྱུང་སྟེ། འདི་ལྟར་ན་བདེན་བཞིའི་དེ་ཁོ་ན་ཉིད་ལ་ཆ་མེད་པས་མཐོང་བའི་ཚེ་མཐའ་དག་མཐོང་ཡང་མཐོང་བ་ལ་ངེས་པ་འདྲེན་པས་མ་ཁྱབ་པའི་ཕྱིར། སྒྲོ་འདོགས་བསལ་ཞིང་ངེས་པ་བསྐྱེད་པའི་ཕྱིར་དུ་རྣམ་པ་བཅུ་དྲུག་གིས་མཐོང་ལམ་སྒོམ་པར་བཞེད་པས་མཉམ་བཞག་ལ་བཟོད་ཤེས་བཅུ་དྲུག་རིམ་ཅན་དུ་སྐྱེ་ཡང༌། ཡུལ་དེ་བཞིན་ཉིད་རྟོགས་ཚུལ་མི་མཐུན་པ་མེད་པ་རྒྱུན་གཅིག་ཡིན་པས་སྐད་ཅིག་གཅིག་དང་རྟོགས་ཚུལ་མི་འདྲ་བར་བཤད་པ་བཅུ་དྲུག་ནི་རྗེས་ཐོབ་ཀྱི་ངེས་པ་འདྲེན་ཚུལ་ལ་བཞག་གོ །དེའི་ཕྱིར་རྒྱན་སྣང་དུ། བདེན་པ་རྣམས་ཀྱི་མངོན་པར་རྟོགས་པ་ནི་གཅིག་པའི་ཕྱིར་ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ། །དེ་ལས་གཞན་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུའི་བར་ནི། མཆོག་གི་དོན་ལ་སོགས་པར་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར། སྒོམ་པའི་ལམ་ཡིན་པར་བཤད་དོ། ཞེས་པ་ནི། ས་བཅུའི་དབང་དུ་བྱས་ནས་ས་གཉིས་པ་ནས་གཟུང་བ་ཡིན་གྱི་སྡུག་བསྔལ་ལ་ཆོས་ཤེས་ནས་མིན་ཏེ། ཀུན་ཏུ་འགྲོ་དོན་དུ་རྟོགས་པ་ལ་སོགས་པ་རྗེས་ཀྱི་ཚེ་ངེས་པ་འདྲེན་ཚུལ་ལ་བཤད་ཅིང༌། ཆོས་ཤེས་ཀྱི་ཚེ་མཆོག་གི་དོན་ལ་ངེས་པ་འདྲེན་པར་མི་བཞེད་པའི་ཕྱིར་རོ། །སློབ་དཔོན་གྱིས་


JLD017_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པ་འདི་རྣམས་ཁུངས་སུ་བྱས་ནས་འཇུག་ཊཱིཀ་ཏུ་བཀོད་པ་ནི་འདིའི་བཞེད་པ་མ་ནོར་བར་བཤད་ལ། ཐུབ་དགོངས་སུ་སོ་སོར་རྟོགས་པའི་མངོན་རྟོགས་ལ་སྐད་ཅིག་གཅིག་ཏུ་བཤད་ནས་མདོ་དང་རིགས་པ་དྲུག་ཅུ་པའི་ལུང་ཤེས་བྱེད་དུ་དྲངས་ཏེ། དེ་ལྟ་ན་ཞུགས་པ་ལ་སོགས་པ་མཐོང་ལམ་དེ་བཞག་ཏུ་མི་རུང་བར་བརྩད་པའི་ལན་དུ། མཐོང་སྤང་སྒྲོ་འདོགས་ཡོད་པས་ངེས་པ་འདྲེན་མི་ནུས་པ་ལ་སོགས་པ་རྒྱན་སྣང་གི་བཤད་པ་ཇི་བཞིན་དུ་བཀོད་ཅིང༌། དེ་ཁོ་ན་ཉིད་མ་ལུས་པ་མཐོང་ཡང་ངེས་པ་ལ་ལྟོས་ནས་ཀུན་ཏུ་འགྲོ་དོན་དུ་རྟོགས་པར་བཤད་པའི་སློབ་དཔོན་གྱི་ལུང་ཤེས་བྱེད་དུ་འདྲེན་པ་ནི་ཤིན་ཏུ་འཁྲུལ་ཏེ། རྒྱན་སྣང་དུ་སྔར་བཤད་པ་ལྟར་སོ་སོར་རྟོགས་པའི་མངོན་རྟོགས་ལ་སྐད་ཅིག་གཅིག་ཏུ་འདོད་ན་ཞུགས་པ་སོགས་མི་འཐད་པར་གསུངས་ཤིང་གཞན་ཡང་མཐོང་བ་ཙམ་ནས་སྒྲོ་འདོགས་མི་སྐྱེ་ཞིང་ངེས་པ་སྐྱེ་ན། སོ་སོར་རྟོགས་པའི་མངོན་རྟོགས་ལ་དེར་འགྱུར་ཡང༌། སྒྲོ་འདོགས་སྐྱེ་ཞིང་ངེས་པ་མི་སྐྱེ་བའི་ཕྱིར། དེའི་དོན་དུ་རྣམ་པ་གཞན་གྱིས་མཐོང་ལམ་སྒོམ་པ་ཡོད་པས་རང་ལུགས་ལ་ཞུགས་གནས་འཐད་ཅེས་གསུངས་པས་འདོད་པ་དེ་ལ་གནོད་བྱེད་དུ་བཀོད་པ་སྒྲུབ་བྱེད་དུ་དྲངས་པས་སོ། །གཞན་ཡང་ཐུབ་དགོངས་སུ། ཆོས་ཤེས་ལ་སོགས་པ་སྐད་ཅིག་མ་བཅོ་ལྔ་པོ་རྣམས་ཀྱང་མཐོང་བའི་ལམ་མོ་ཞེས་པ་ནི་ཐ་སྙད་དུ་བཤད་པ་ཁོ་ནའོ། །སྒོམ་པའི་ལམ་དུ་གསུངས་པས་ཀྱང་འདི་རྣམས་མཐོང་བའི་ལམ་བཏགས་པ་བའོ་ཞེས་གསལ་བར་བྱས་སོ། །གཞན་དུ་ན་


JLD017_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟ་ཆེན་པོ་རྣམས་ཀྱིས་ཐེག་པ་ཆེན་པོར་མཐོང་བའི་ལམ་སྐད་ཅིག་བཅུ་དྲུག་གོ་ཞེས་མང་དུ་བསྟན་པ་དང་ཇི་ལྟར་མི་འགལ་ཞེས། དེ་ལས་གཞན་སྐད་ཅིག་གཉིས་པ་ཞེས་སོགས་ཀྱི་ལུང་གིས་ཐ་མ་བཅོ་ལྔ་སྒོམ་ལམ་དུ་གསུངས་པར་བསམས་ནས་དེ་དག་བཏགས་པ་བ་ཡིན་ཏེ། གལ་ཏེ་མཐོང་ལམ་བཏགས་པ་བ་མ་ཡིན་ན་དངོས་ཀྱང་མ་ཡིན་པས་མཐོང་ལམ་བཅུ་དྲུག་ཏུ་གསུངས་པ་དང་འགལ་ལོ་ཞེས་བཤད་པ་ནི། རང་ཉིད་ཀྱིས་ཚད་མར་བྱས་པའི་རིགས་པ་དྲུག་ཅུ་པ་རྩ་འགྲེལ་དང་སློབ་དཔོན་འདིའི་བཞེད་པར་མི་སྣང་སྟེ། ཕྱི་མ་ནི་བརྗོད་ཟིན་ལ་སྔ་མ་ནི་འཆད་པར་འགྱུར་རོ། །གསུམ་པ་ལ་གཉིས་ལས། དབུ་མ་ནས་བཤད་པ་ནི་རིགས་པ་དྲུག་ཅུ་པར། ཆོས་ཤེས་པ་ཡི་མཇུག་ཐོགས་སུ། །འདི་ལ་བྱེ་བྲག་ཡོད་ན་ནི། །དངོས་པོ་ཤིན་ཏུ་ཕྲ་བ་ཡང༌། །གང་གིས་སྐྱེ་བར་རྣམ་བཏགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། ཞེས་པའི་འགྲེལ་པར། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་དམིགས་པའི་ཆོས་ཤེས་པས་བདེན་པ་གསུམ་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ངོ་བོ་ཉིད་ཀྱིས་མ་སྐྱེས་པས། མྱ་ངན་ལས་འདས་པ་ཡང་དེའི་ངོ་བོ་ཉིད་ཡིན་པར་མཐོང་བས་མངོན་པར་རྟོགས་པ་གཅིག་ཏུ་ཟད་དོ། །གལ་ཏེ་དེ་ལྟ་ན་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔར་ཇི་ལྟར་བཞག །སྡེ་པ་ཁ་ཅིག་ནི་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔར་


JLD017_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་ཀྱི་མངོན་པར་རྟོགས་པ་གཅིག་ཏུ་ཟད་པར་འདོད་དེ། དེ་དག་གི་འདོད་པ་དང་བཤད་པ་འདི་མི་འགལ་ལོ། །གང་དག་སྐད་ཅིག་མ་བཅོ་ལྔར་འདོད་པ་དེ་དག་གི་ལྟར་ན་ཡང༌། དེ་ལྟ་བུས་འདུལ་བའི་སྐྱེ་བོ་ལ་དེ་བསྟན་པས་ཕན་གདགས་པའི་ཕྱིར། ཤེས་པའི་ངོ་བོ་གཅིག་ལ་ཆར་ཕྱེ་ནས་ཆ་བཅོ་ལྔར་རྣམ་པར་བཞག་གོ །ཞེས་གསུངས་སོ། །དེའི་དོན་ནི། རྟེན་འབྲེལ་གྱི་ཆོས་ལ་སྐྱེ་འགག་མེད་པར་ཤེས་པས་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་གསུམ་གྱི་རང་བཞིན་ཡང་སྐྱེ་འགག་མེད་པར་རྟོགས་ལ། རང་བཞིན་དེ་ཡང་འགོག་པའི་རང་བཞིན་ཡིན་པས་བདེན་པ་བཞིའི་རང་བཞིན་ཅིག་ཅར་རྟོགས་ཀྱི། ཆོས་ཤེས་ཀྱི་མཇུག་ཏུ་རྟོགས་པའི་རྣམ་པ་ཅི་འདྲ་བའི་ཚུལ་གྱིས་རིམ་ཅན་དུ་རྟོགས་པ་མིན་ནོ། །དེའི་ཕྱིར་མངོན་རྟོགས་གཅིག་ཏུ་ཟད་དོ། །འོན་ཀྱང་སྐད་ཅིག་བཅོ་ལྔའམ་བཅུ་དྲུག་ཏུ་བཞག་པ་ནི་སྤྲོས་པ་ལ་དགའ་བ་རྣམས་ལ་ཕན་གདགས་པའི་ཕྱིར་བཞག་སྟེ། བདེན་བཞིའི་རང་བཞིན་ལ་མི་སྐྲག་པས་ཆོས་བཟོད་ཚུལ་བཞིན་དུ་རིག་པས་ཆོས་ཤེས། རྗེས་ཤེས་ཀྱི་ཚེ་ཡང་དེ་ལྟར་མི་སྐྲག་ཅིང་རིག་པའི་ནུས་པ་དང་ལྡན་པས་རྗེས་བཟོད་དང་རྗེས་ཤེས་སོ་ཞེས་བཞེད་དོ། །བསྡུ་བ་ལས་གསུངས་ཚུལ་ནི། ཇི་སྐད་དུ། བསྟན་པ་གནས་པ་རྒྱས་པ་རྣམ་པར་བཞག་པ་སྤྲོས་པ་དང་བཅས་པ་དང༌། དོན་དམ་པ་རྣམ་པར་བཞག་པ་སོ་སོ་རང་རིག་པ་སྤྲོས་པ་མེད་པའོ། །དེ་ལ་རྣམ་པར་བཞག་པ་དང་པོའི་དབང་དུ་བྱས་ནས་ཆོས་ཤེས་


JLD017_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་དང་མཐུན་པའི་སེམས་བཞི་དང༌། རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་བཞི་དང༌། དུས་ཇི་སྲིད་དུ་སེམས་བརྒྱད་པོ་དེ་དག་འབྱུང་བར་འགྱུར་བའི་དུས་དེ་སྲིད་དུ་དེའི་མཇུག་ཐོགས་སུ་ཡོངས་སུ་བསྒོམས་པའི་སེམས་ཞི་གནས་འབའ་ཞིག་ལ་ཞུགས་པ་གཅིག་ཀྱང་འབྱུང་བར་འགྱུར་ཏེ། དེ་དག་བསྡུས་ན་སེམས་དགུར་འགྱུར་བས་དེ་དག་གིས་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཞེས་ཆོས་ཤེས་ཀྱི་ཕྱོགས་མཐུན་ཆོས་བཟོད་བཞི་དང་རྗེས་ཤེས་ཕྱོགས་མཐུན་རྗེས་བཟོད་བཞི་སྟེ་བརྒྱད་དང༌། ཞི་གནས་ཀྱི་སེམས་གཅིག་སྟེ་དགུས་ཞེས་འབྱུང་ཡང་ཤེས་པ་ཡོད་པས་བཅུ་དྲུག་གི་རྣམ་གཞག་གོ །ཡང་དེ་ཉིད་ལས། རྣམ་པར་བཞག་པ་གཉིས་པའི་དབང་དུ་བྱས་ནས་དེ་བཞིན་ཉིད་ཤེས་པ་དང་མཚུངས་པར་ལྡན་པ་གཅིག་ཁོ་ནས་སེམས་ཀྱི་རང་བཞིན་ལས་བརྩམས་ཏེ་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་དེ་བཞིན་ཉིད་ཀྱི་ཡུལ་ཅན་གྱི་སེམས་གཅིག་གིས་རྫོགས་པར་བཤད་ཅིང༌། དེ་ཡང་དང་པོ་བསྟན་པ་གནས་པའི་ཕྱིར་དུ་གདུལ་བྱའི་ངོར་བཤད་པ་སྤྲོས་བཅས་དང༌། གཉིས་པ་ནི། རྣལ་འབྱོར་པའི་རྒྱུད་ལ་སྐྱེས་པའི་ཚུལ་ངེས་དོན་སྤྲོས་མེད་ཀྱི་རྣམ་གཞག་ཏུ་མཛད་ཅིང༌། ཀུན་བཏུས་འགྲེལ་པར་ཡང་བཅུ་དྲུག་ཏུ་བཤད་པ་རྣམ་གཞག་ཙམ་དུ་མཛད་དོ། །དེ་ལྟར་ན་ཕྱི་མའི་བཞེད་པ་སྔར་བཤད་པའི་སློབ་དཔོན་གྱི་དགོངས་


JLD017_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གཅིག་ཏུ་བྱས་ནས་ཁས་བླངས་ན་རེ་ཞིག་ལ་བསྐྱང་བདེའོ། །གཉིས་པ་ལ་གསུམ། མཐོང་ལམ་གྱི་ངོ་བོ་མདོར་བསྟན། སྒོམ་ཚུལ་གྱི་རྣམ་པ་རྒྱས་པར་བཤད། རྣམ་པ་མ་བཤད་པར་འདོད་པ་དགག་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། བཤད་དོ། །གང་ན། མཐོང་བའི་ལམ་འདི་ཕྱིའི་ཕན་ཡོན་དང་བཅས་པ་འདིའོ། །གང་གི་སྒོ་ནས་ན་ཟག་བཅས་ཀྱི་བདེན་པ་གཉིས་དང་ཟག་མེད་ཀྱི་བདེན་པ་གཉིས་ཏེ་བཞི་ལ་བཟོད་ཤེས་ཀྱི་སྐད་ཅིག་མ་རྣམ་པ་བཞི་བཞིར་བསྟན་པའི་སྒོ་ནས་སོ། །གང་དུ་ན། ལམ་ཤེས་ཉིད་ལ་སྟེ་སྐབས་སུའོ། །གཉིས་པ་ནི། མཐོང་བའི་ལམ་ཕན་ཡོན་ཆེན་པོ་ཡིན་ནོ་ཞེས་བརྗོད་དོ། །གང་ན་བསྒོམ་པར་བྱ་བ་ནིའོ། །འདི་ལ་བཞི་ལས་གང་གིས་ན། བྱང་སེམས་མཐོང་ལམ་པས་སོ། །གང་དུ་ན། ལམ་ཤེས་པའི་སྐབས་སུའོ། །གང་ན། ཕྱིར་མི་ལྡོག་པ་སོགས་ཚེ་འདིའི་ཡོན་ཏན་དང་སྐྱེ་བ་དྲན་པ་སོགས་ཚེ་གཞན་གྱི་ཡོན་ཏན་དག་དང་ལྡན་པ་འདིའོ། །གང་དང་ལྡན་ན། བཟོད་པའི་སྐད་ཅིག་མ་གཉིས་དང་ཤེས་པའི་སྐད་ཅིག་མ་གཉིས་ཏེ་བཞི་པོ་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་སོ་སོར་ཏེ་རེ་རེ་དང་ཡུལ་དང་ཡུལ་ཅན་དུ་འབྲེལ་པ་དག་དང་ལྡན་པ་ཡིན་ནོ། །སྐད་ཅིག་མ་བཞི་གང་ན་ཆོས་ཤེས་པ་སོགས་སོ། །ཚུལ་ནི། མི་དམིགས་པར་རྟོགས་པའི་སྒོ་ནས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། བཅུ་དྲུག་པོ་དེ་རྣམས་སྒོམ་ཚུལ་གྱི་རྣམ་པ་ཇི་ལྟ་བུར་བསྒོམ་པར་བྱ་ཞེ་ན། དེའི་ལན་དུ་གསུངས་སོ། །གཉིས་


JLD017_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ལམ་ཤེས་པ་ཉིད་ཀྱི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་དག་ཡིན་ནོ། །དེ་གང་ན། རྟོགས་བྱའི་རྣམ་པ་བསྟན་པས་ཤུགས་ལ་འཕངས་པའི་སྡུག་བསྔལ་གྱི་སྐད་ཅིག་མ་བཞི་ནི། དེ་བཞིན་ཉིད་ནས་ཚད་མེད་ཀྱི་བར་ཏེ། དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་དེ་བཞིན་ཉིད་མི་དམིགས་སོ། ཞེས་དང༌། གཟུགས་ཆེན་པོ་ཉིད་ཡིན་པའི་ཕྱིར། བྱང་ཆེན་རྣམས་ཀྱི་ཕར་ཕྱིན་དེ་ནི་ཆེན་པོའོ། ཞེས་དང༌། གཟུགས་ལ་ཚད་མ་མེད་པའི་ཕྱིར། བྱང་ཆེན་རྣམས་ཀྱི་ཕར་ཕྱིན་འདི་ནི་ཚད་མ་མེད་པའོ། ཞེས་དང༌། གཟུགས་ཚད་མེད་པའི་ཕྱིར། བྱང་ཆེན་གྱི་ཕར་ཕྱིན་འདི་ཚད་མེད་པའོ། ཞེས་སོ། །དེ་ལ་ཚད་ནི་ཤཱནྟི་དང་ཨ་བྷྱས་འདི་ཙམ་ཞེས་གྲངས་ཀྱིས་མི་ཆོད་པ་ལ་བཤད་ལ། ཉི་སྣང་ལས་ནི། ཚད་ཅེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པ་ལ་བརྟེན་པའི་དབྱིབས་ལ་བརྗོད་དེ་གཟུགས་ཅན་མ་ཡིན་པ་རྣམས་ལ་ནི་ཚད་ཀྱི་མཚན་ཉིད་ཡོད་པ་མ་ཡིན་ནོ། ཞེས་གསུངས་ལ། རྒྱན་སྣང་ལས། གཟུགས་ཅན་རྣམས་ལ་ནི་རྡུལ་ཕྲ་རབ་ཀྱི་དབྱིབས་ཚད་ཡིན་ལ་གཟུགས་ཅན་མ་ཡིན་པ་ལ་ནི་མཚན་ཉིད་ཚད་ཡིན་ནོ། ཞེས་མི་མཐུན་པ་འབྱུང་ཡང་འགྱུར་སྔ་མ་ལྟར་ལེགས་ཏེ། ཚད་ནི་བོང་ཚད་ཡིན་ལ་ལུས་ཅན་མ་ཡིན་པ་ལ་ནི་དེ་མེད་པའི་ཕྱིར་རོ། །གཟུགས་ཅན་གྱི་ཚད་ལ་ཡང་མངོན་པ་ནས་རྡུལ་ཕྲ་རབ་ལ་དབྱིབས་མེད་པར་བཤད་པས་དེ་ལ་བརྟེན་པའི་ཚད་ནི་དབྱིབས་


JLD017_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་ཡང་རང་གི་ལུས་ཀྱིས་གོ་ས་གང་ནོན་ཙམ་ལ་བྱའོ། །རྟོགས་བྱ་དང་ཕན་ཡོན་དང་སྲིད་ཞིའི་མཐར་ལྟུང་བ་འགོག་པའི་རྣམ་པ་བཞིས་བསྟན་པའི་ཀུན་འབྱུང་གི་སྐད་ཅིག་མ་བཞི་ནི། མཐའ་མེད་ནས་བྱམས་སོགས་ཀྱི་བར་ཏེ། གཟུགས་མཐའ་ཡས་པའི་ཕྱིར་བྱང་ཆེན་རྣམས་ཀྱི་ཕར་ཕྱིན་འདི་ནི་མཐའ་ཡས་པའོ། ཞེས་དང༌། བཅོམ་ལྡན་འདས་བདག་གིས་ཀྱང་བྱང་ཆེན་གང་ཡུམ་འདི་དང་མ་བྲལ་བར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱའོ། ཞེས་དང༌། བྱང་ཆེན་རྣམས་ཀྱི་ཡུམ་འདི་ནི་གཟུགས་མི་ལེན་མི་འདོར་བའི་ཚུལ་དང༌། ཞེས་དང༌། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཤིན་ཏུ་བསྒོམས་པའི་ཕྱིར་རོ། ཞེས་སོ། །དེར་གནས་གཟུགས་ལ་སོགས་པ་ལ། སངས་རྒྱས་ཉིད་དུ་ངེས་འཛིན། ཞེས་པ་ནི་མདོའི་ཚིག་ཟིན་དང་བསྟུན་ན་གཟུགས་སོགས་མི་དམིགས་པར་རྟོགས་པའི་ཆོས་ཤེས་དེར་གནས་པའི་བྱང་སེམས་ཀྱི་ཕུང་པོ་ལ་གཞན་གྱིས་སངས་རྒྱས་སུ་གཟུང་དུ་རུང་བའི་ཕན་ཡོན་བསྟན་ལ། གྲགས་ཆར་གཟུགས་ལ་སོགས་པ་ཞེས་པའི་ཚིག་ནི་ཐམས་ཅད་དུ་ཚིག་རྐང་ལ་སྦྱར་བར་བྱའོ། ཞེས་གོང་འོག་གི་རྟོགས་བྱའི་རྣམ་པ་ཐམས་ཅད་ལ་སྦྱོར་བར་འདོད་དོ། །སྐད་ཅིག་མ་བརྒྱད་པ་འདིར་བྱམས་སོགས་སྒོམ་པར་གསུངས་པ་ནི། འདིར་སྡུག་ཀུན་གྱི་སྐྱོན་རྫོགས་པར་རིག་ཅིང་དགུ་པར་འགོག་པའི་ཡོན་ཏན་མཐོང་བ་ན་སྲིད་པར་


JLD017_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་གཞན་དོན་བྱེད་པ་དོར་ནས་ཞི་བ་ལ་གཞོལ་བས་དེ་དགག་པའི་ཕྱིར་ཡིན་ནོ། །རྟོགས་བྱ་དང་འབྲས་བུ་འཐོབ་པའི་ཕན་ཡོན་དང་གཉེན་པོ་སྡུད་པའི་བྱེད་ལས་དང་ཕྱི་ནང་གི་གནོད་པ་སེལ་བའི་ཕན་ཡོན་གྱི་རྣམ་པས་བསྟན་པའི་འགོག་པའི་སྐད་ཅིག་མ་བཞི་ནི། སྟོང་ཉིད་ནས་ནད་ཀུན་སེལ་གྱི་བར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་པའི་ཕྱིར་རོ། ཞེས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་བར་ལ་དེ་བཞིན་དུ་སྦྱར་ནས། ཡུམ་འདྲི་བ་སོགས་ལ་འཇིགས་པ་དང་རེངས་པར་མི་འགྱུར་བའི་རྒྱུར་གསུངས་སོ། །དེ་ལ་མི་འདོད་པ་ཐོག་ཏུ་བབ་ཀྱིས་དོགས་པ་ནི་འཇིགས་པ་དང༌། དེ་བསལ་ཐབས་མི་སྒྲུབ་པ་ནི་རེངས་པའོ། །ཤཱནྟིས་སྟོང་ཉིད་ཁྱབ་པ་དང་ཞེས་བཏོན་ནས་སྟོང་ཉིད་བཅུ་དྲུག་མཐོང་བ་ལ་བྱེད་དོ། །བྱང་ཆེན་ཡུམ་འདི་འཛིན་པའམ། ཞེས་པ་ནས་ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་གིས་མཐོང་བའི་ཆོས་འདི་ལ་ཡོན་ཏན་འདི་དག་ཡོངས་སུ་འཛིན་པར་འགྱུར་ཞིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང༌། ཞེས་དང༌། ཡུམ་ཟབ་མོ་ཡོངས་སུ་བཟུང་ན་ཕར་ཕྱིན་དྲུག་པོ་ཐམས་ཅད་ཡོངས་སུ་གཟུང་བར་འགྱུར་བ་ནི་འདི་ལྟ་སྟེ་སྦྱིན་པའི་ཕར་ཕྱིན་དང༌། ཞེས་དང༌། ཡུལ་འདི་ལ་སེམས་རྣམ་པར་གཡེངས་པའམ་བརྒལ་བའམ་བརྩད་པའམ་འགལ་བར་


JLD017_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་འོང་བར་མི་ནུས་ཏེ། དེའི་འོག་ཏུ་དེ་དག་ལ་ཡོན་ཏན་འབྱུང་བར་འགྱུར་བ་ནི་ཡུམ་འདི་མཉན་པའི་རིམ་གྱིས་ཐེག་པ་གསུམ་གྱིས་ངེས་པར་བྱུང་ནས་སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ། ཞེས་སོ། །ཡུལ་ལ་ཞེན་པ་ཞི་བ་དང༌། གཞན་གྱིས་བསྲུང་བའི་ཕན་ཡོན་དང༌། བདག་གཞན་དགེ་བ་ལ་འགོད་པ་དང༌། དེའི་དགེ་བ་རྫོགས་བྱང་དུ་བསྔོ་བའི་རྣམ་པ་བཞིས་བསྟན་པའི་ལམ་གྱི་སྐད་ཅིག་མ་བཞི་ནི། མྱང་འདས་ནས་བསྔོ་བའི་བར་ཏེ། ཡུམ་ནི་ཆོས་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་སྟེ་རྣམ་པར་འཕེལ་པར་བྱེད་པ་མ་ཡིན་ནོ། ཞེས་དང༌། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡུམ་འདི་འཛིན་ཞིང་འཆང་བ་དང༌། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་མཛད་དེ། ཞེས་དང༌། བདག་ཀྱང་སྲོག་གཅོད་པ་སྤོང་བར་འགྱུར་གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་བསྐུལ་བར་འགྱུར། ཞེས་དང༌། བྱང་ཆེན་ཕྱིན་དྲུག་ལ་སྤྱོད་པའི་ཚེ་སྦྱིན་པ་ཡོངས་སུ་གཏོང་བ་གང་ཡིན་པ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་མི་དམིགས་པའི་ཚུལ་གྱིས་བླ་མེད་རྫོགས་བྱང་དུ་ཡོངས་སུ་བསྔོ་བར་བྱེད་དོ། ཞེས་སོ། །དེ་ལ་སྲུང་བ་སོགས་གསུམ་ནི་རིམ་པ་ལྟར་ལྷས་བྱས་པ་དང༌། འབྱུང་བ་ལས་གྱུར་པ་དང༌། ནང་གི་བར་ཆད་སེལ་བའོ། །གསུམ་པ་ལ་གཉིས། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་བཞི། སྡུག་


JLD017_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་བདེན་གྱི་རྣམ་པའོ། །དང་པོ་ནི། སྡུག་བསྔལ་གྱི་སྐད་ཅིག་མ་བཞིས་སྡུག་བསྔལ་གྱི་བདེན་པ་རྟོགས་པར་བྱེད་ཚུལ་གྱི་རྣམ་པ་དག་ཡིན་ནོ། །དེ་གང་ན། རིམ་པ་ལྟར་དོན་དམ་པའི་ཚུལ་གྱིས་ཏེ་དོན་དམ་པར་ནི་རང་བཞིན་ཐ་དད་མེད་པས་སྡུག་བདེན་གྱི་དེ་བཞིན་ཉིད་དང༌། དེ་རྟོགས་པའི་སངས་རྒྱས་ཤེར་ཕྱིན་དེ་དག་ལ་རྟེན་སོགས་མེད་པས་དེའི་ཕྱིར་ཡུལ་ཡུལ་ཅན་དེ་དག་ཕན་ཚུན་གཅིག་ཐ་དད་ཀྱིརྣམ་གྲངས་ཀྱིས་གནས་པར་ཁས་མི་ལེན་པ་སྟེ་བླང་བྱར་མེད་པ་དང༌། རྩ་བར་ཕན་ཚུན་རྟགས་ལ་སྦྱར་བ་འགྲེལ་པས་དམ་བཅའ་ལ་སྦྱོར་བ་ནི་མཚོན་པའོ། །སྡུག་བདེན་གྱི་གཟུགས་སོགས་སྐྱེ་འཇིག་གནས་གསུམ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པ་ཉིད་ཀྱིས་ཆེན་པོ་དང༌། ཆོས་ཤེས་སུ་ཡུལ་གཟུགས་སོགས་མཐའ་དབུས་མི་དམིགས་པར་བསྟན་པ་དེ་བཞིན་དུ་སྡུག་བདེན་གྱི་གཟུགས་སོགས་དེ་དག་འཇལ་བྱེད་ཀྱི་ཚད་མ་ཡུལ་ཅན་ཡང་དེ་ཁོ་ནར་དམིགས་སུ་མེད་པ་དང༌། རྗེས་བཟོད་ཀྱི་སྔ་མ་ཆོས་ཤེས་སུ་བསྟན་པ་བཞིན་དུ་ནམ་མཁའ་ལྟར་ཚད་མེད་པའི་ཆོས་དབྱིངས་ཀྱི་ངོ་བོ་ཡིན་པ་ཉིད་ཀྱིས་སྡུག་བདེན་གྱི་གཟུགས་སོགས་དེ་དག་གཟུགས་ཅན་ཡིན་མིན་གཉིས་ཀྱི་ཚད་མེད་པའོ། །གཉིས་པ་ནི། ཀུན་བདེན་གྱི་སྐད་ཅིག་མ་བཞིས་ཀུན་འབྱུང་བའི་བདེན་པ་རྟོགས་པར་བྱེད་ཚུལ་གྱི་རྣམ་པ་དག་ཡིན་ནོ། །དེ་དག་གང་ན། རིམ་པ་ལྟར་


JLD017_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་གི་གཟུགས་སོགས་ལ་བདེན་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རྟག་ཆད་ཀྱི་མཐའ་དང་སོགས་པས་ཡོད་མེད་ཀྱི་མཐའ་ལ་སོགས་པ་མེད་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་ཀྱི་ཡུམ་ལ་གནས་པ་ནི་དོན་དམ་པར་ཆོས་དབྱིངས་སྤྲོས་བྲལ་གྱི་ངོ་བོ་ཡིན་པ་ཉིད་ཀྱིས་དེ་དང་དེ་བཞིན་གཤེགས་པའི་རང་བཞིན་དབྱེར་མེད་པའི་ཕྱིར། ཀུན་འབྱུང་གི་གཟུགས་སོགས་ཀྱི་རང་བཞིན་ལ་དེ་བཞིན་གཤེགས་པའི་རང་བཞིན་དུ་ངེས་པར་འཛིན་པ་སྟེ་དེར་རྟོགས་པ་དང༌། འདི་ནི་རྒྱན་སྣང་གི་དགོངས་པ་སྟེ་རྩ་བར་བཤད་པ་དང་གཉིས་ཀ་ཤེས་པར་བྱའོ། །ཆོས་ཤེས་ལ་གནས་པས་ནི་དེ་བཞིན་གཤེགས་པར་བཟུང་བའི་སྒོ་ནས་ཀུན་འབྱུང་ལ་དམིགས་པར་བསྟན་པ་དེ་བཞིན་དུ་ཀུན་འབྱུང་གི་ཡུལ་ཅན་གྱི་ཡུམ་དེ་ལ་གནས་པས་ནི་ཀུན་འབྱུང་གི་ཆོས་ཐམས་ཅད་ལ་བླང་དོར་མེད་པར་སྒོམ་པ་དང་སོགས་པས་སྐྱེ་འགག་མེད་པར་སྒོམ་པ་དང༌། བདེན་པའི་ངོ་བོ་ཉིད་མེད་པར་མོས་པ་སྔོན་དུ་འགྲོ་བ་སྟེ་དེས་ཟིན་པའི་ཚད་མེད་པ་བཞི་བསྒོམ་པར་བྱ་བའོ། །གསུམ་པ་ནི། འགོག་པའི་སྐད་ཅིག་མ་བཞིས་འགོག་པའི་བདེན་པ་རྟོགས་པར་བྱེད་ཚུལ་གྱི་རྣམ་པ་དག་ཡིན་ནོ། །དེ་གང་ན། རིམ་པ་ལྟར་གཟུགས་སོགས་ཀྱི་ངོ་བོ་གཉུག་མ་སྟེ་གདོད་མ་ནས་རང་བཞིན་ཏེ་རང་གི་ངོ་བོ་ཁོ་ནས་སྟོང་པའི་སྟོང་པ་ཉིད་བཅུ་དྲུག་བསྒོམས་པ་དང༌། ཆོས་ཀྱི་དབྱིངས་དང་མི་ཟད་ཅིང་གྲངས་མེད་པར་མཉམ་པའི་དགེ་བའི་རྩ་བ་རྣམས་ཀྱི་འབྲས་བུ་དེ་བཞིན་གཤེགས་པ་ཉིད་འཐོབ་པ་དང་རྒྱན་སྣང་དུ།


JLD017_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་སུ་བསྔོས་པའི་དགེ་བ་ཞེས་འབྱུང་སྟེ། དེའི་ལྟར་ན་མི་ཟད་པར་བསྔོས་པའོ། །འགོག་པའི་རྗེས་བཟོད་ཀྱི་ཤེར་ཕྱིན་དུ་གཉེན་པོ་རྣམ་བྱང་གི་རིགས་རྣམས་རྣམ་པ་ཐམས་ཅད་དུ་སྟེ་རྫོགས་པར་བསྡུས་པ་དང༌། འགོག་པ་ལ་རྗེས་ཤེས་ཀྱི་ཡུམ་དེ་ཉིད་ཀྱིས་ཏེ་དེ་ཁོ་ནས་ཡ་ང་བ་སོགས་ཕྱི་དང་ནང་སོགས་ནང་གི་འཚེ་བ་རབ་ཏུ་ཞི་བར་བྱེད་པའོ་ཞེས་པའོ། །བཞི་པ་ནི། ལམ་བདེན་གྱི་སྐད་ཅིག་མ་བཞིས་ལམ་གྱི་བདེན་པ་རྟོགས་པར་བྱེད་ཚུལ་གྱི་རྣམ་པ་བཞི་དག་ཡིན་ནོ། །དེ་དག་གང་ན། རིམ་པ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་རྟོགས་པའི་ཡུམ་སྒོམ་པ་ཁོ་ནས་གཟུགས་སོགས་དང་མྱང་འདས་གཉིས་ཀྱི་བར་ལ་མངོན་པར་ཞེན་པ་ཞི་བར་བྱེད་པ་དང༌། ཤེས་རབ་དང་ཐབས་མཁས་ཀྱི་ཡུམ་འཛིན་པ་སོགས་ལ་ཞུགས་པ་ལ་སངས་རྒྱས་དང་ལྷ་རྣམས་ཀྱིས་རང་གི་རྐྱེན་དང་སེམས་ཅན་དུ་བགྲང་བའི་རྐྱེན་དང༌། ཕ་རོལ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་རྐྱེན་ལས་བྱུང་བའི་གནོད་པ་ལས་སམ་མཐོང་ཆོས་དང་སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་མི་དགེ་བའི་ལས་གསུམ་ལས་རིམ་པ་ལྟར་སྲུང་བ་སོགས་མཛད་པ་དང༌། ཡུམ་ཡོངས་སུ་བཟུང་བའི་སྟོབས་ཀྱིས་འཚང་རྒྱ་བ་ཉིད་དུ་མངོན་པར་འདོད་པས་སྲོག་གཅོད་སྤོང་བ་ལ་སོགས་པའི་རྣམ་མཁྱེན་གྱི་རྒྱུ་ལ་བདག་ཉིད་གནས་ནས་གདུལ་བྱ་གཞན་དག་དེ་ལ་འགོད་པ་དང༌། སྦྱིན་སོགས་ཀྱི་དགེ་རྩ་མི་ཟད་པར་བྱེད་འདོད་པས་དྲན་


JLD017_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བྱམས་པའི་སྟོབས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ་ཞེས་པའོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ནི་ཞེས་ཐམས་ཅད་ཀྱི་མཐར་རོ། །གཉིས་པ་ནི། སྔར་བཤད་པ་དེ་ལྟ་བུ་བཅུ་དྲུག་ནི་ལམ་ཤེས་པ་ཉིད་ཀྱི་མཐོང་ལམ་གྱི་སྐད་ཅིག་མ་དག་ཡིན་ནོ། །རྒྱན་སྣང་དུ་རྣམ་པ་བཅུ་དྲུག་པོ་དེའི་སྒོ་ནས་ཆོས་ཐམས་ཅད་ལ་དམིགས་པས་ཡེ་ཤེས་བཅུ་དྲུག་སྐྱེ་བར་བསྟན་པ་ལ། གལ་ཏེ་ཆགས་སོགས་ཀྱི་རྩ་བ་ནི་དངོས་པོ་ལ་མངོན་ཞེན་ཡིན་ལ། དེ་དང་འགལ་བ་ཡང་དངོས་པོ་རང་བཞིན་མེད་པར་གོམས་པ་ཡིན་ཏེ། དེ་བས་ན་དེ་མེད་པར་སྔར་བཤད་པའི་རྣམ་པ་དེ་དག་གི་སྒོ་ནས་དམིགས་པས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པར་ཇི་ལྟར་འགྱུར་ཞེས་པའི་ལན་དུ། རྣམ་པ་བཅུ་དྲུག་ནི་གདུལ་བྱ་འཁོར་དུ་ཉེ་བ་ལ་ཕན་པའི་ཕྱིར་བཤད་ཀྱི། ངེས་པའི་དོན་དུ་ན་གཞུང་དེ་དག་གིས་རྣམ་པ་བཅུ་དྲུག་རྟེན་འབྲེལ་ཡིན་པར་བསྟན་པས་དེ་ལ་སྤྲོས་བྲལ་དུ་གོམས་པར་བྱས་པས་མཐོང་ལམ་སྐྱེ་བར་འགྱུར་བ་ཡིན་ཏེ། སྐབས་གཞན་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། ཞེས་འཆད་དོ། །གསུམ་པ་ལ་གཉིས། ཁས་བླངས་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། རྒྱན་གྱི་ཊཱིཀ་བྱེད་ཀྱི་སློབ་དཔོན་ཁ་ཅིག་ནི། ལམ་ཤེས་ཀྱི་མཐོང་ལམ་གྱི་སྐབས་འདིར་བདེན་དང་ཞེས་སོགས་མདོར་བསྟན་གྱི་ཚིག་ལེའུར་བྱས་པའི་དོན་མཐོང་ལམ་བཅུ་དྲུག་ཉེ་བར་མཚོན་པ་སྟེ། འཆད་པ་ལྷུར་ལེན་པ་སྟེ། གཙོ་བོར་བྱེད་པའི་རྒྱས་བཤད་ཀྱི་གཞུང་དེ་བཞིན་ཉིད་དང་ཞེས་སོགས་ཀྱིས་ལམ་ཤེས་


JLD017_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་སྐད་ཅིག་མ་ཞེས་སྨོས་ཀྱི་རྣམ་པའོ་ཞེས་མ་སྨོས་པའི་ཕྱིར། མཐོང་ལམ་ལ་བདེན་པ་ལ་དམིགས་ཚུལ་གྱི་རྣམ་པ་ཇི་སྙེད་ཡོད་པའི་དོན་ནི་མ་བཤད་པར་མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཚིག་ལེའུར་བྱས་པར་ཉེ་བར་མཚོན་པ་སྟེ་བཤད་པ་ཉི་ཚེ་བ་ཁོ་ན་མཛད་པར་ཟད་དེ། སྔར་བཤད་པའི་དམིགས་པ་དང་ནི་རྣམ་པ་དང་ཞེས་སོགས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མ་བཤད་པ་གཟུགས་རྟག་མ་ཡིན་ཞེས་སོགས་ཀྱི་མཐོང་ལམ་གྱི་དོན་བརྗོད་བྱར་བྱེད་པ་ཅན་གྱི་ཚིག་ལེའུར་བྱས་པ་རྣམས་སུ་རྣམ་པ་མ་བཤད་པར་ཡེ་ཤེས་ཀྱི་སྐད་ཅིག་དང་ཆེ་འབྲིང་གི་དོན་བསྟན་པ་དེ་བཞིན་དུ་བལྟ་བར་བྱའོ་ཞེས་ཟེར་ཏེ། རྣམ་པ་རྣམས་རྣམ་ཀུན་ཏུ་སྟོན་པས་སོ་སྙམ་དུ་བསམས་པའོ། །འདི་ནི་དེ་བཞིན་ཉིད་དང་ཞེས་སོགས་འདིར་རྣམ་པ་མ་བཤད་པར་མ་ཟད་པའོ། །ངེས་ཆ་མཐའི་གསལ་བྱེད་དུ་བྱས་ནས་མ་བཤད་པ་ལ་ཡང་སྦྱོར་དགོས་པ་ལྟར་སྣང་ཡང་སློབ་དཔོན་ཆོས་ཤེས་མཛད་པ་ལྟར་མ་བཤད་པ་མཐོང་ལམ་ལ་བྱའི་ངེས་ཆ་ལ་མི་བྱ་སྟེ། བྱེད་ན། དྲོ་བ་རྣམས་ཀྱི་དམིགས་པ་འདིར། ཞེས་སོགས་ལ་བྱ་དགོས་ན་དེར་ནི་སྦྱོར་ལམ་བཞིས་བདེན་བཞི་ལ་རྣམ་པ་འདི་ལྟར་དམིགས་སོ་ཞེས་མ་བཤད་པའི་ཕྱིར་རོ། །རྟོགས་དཀར་ཉན་ཐོས་སོགས་ཀྱི་མཐོང་ལམ་ཇི་སྙེད་བཤད་པ་ལ་ཆོས་བཟོད་སོགས་སྐད་ཅིག་མ་བཅུ་དྲུག་ཉི་ཚེ་མཚོན་ཞིང་སྦྱར་བར་ཟད་པས་འདིར་ཡང་བྱང་སེམས་ཀྱི་མཐོང་ལམ་


JLD017_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པ་སྨོས་ཞེས་སྦྱར་བར་མི་བྱའོ་ཞེས་འཆད་ཅིང༌། ཡང་དེ་ཉིད་ལས། བཤད་པ་དང་མ་བཤད་པའི་རབ་ཏུ་བྱེད་པ་མ་ལུས་པ་ནི་མཐོང་བའི་ལམ་སྟོན་པར་བྱེད་པ་ཡིན་ལ་དེ་ཡང༌། དེ་བཞིན་ཉིད་དང་སངས་རྒྱས་དག །ཅེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་རྣམས་དང་སྦྱར་བར་བལྟའོ། ཞེས་འབྱུང་སྟེ། འདིའི་ལྟར་ན་གཞུང་ཉིད་ལ་བཤད་པ་དང་མ་བཤད་པའི་རབ་ཏུ་བྱེད་པ་མ་ལུས་པ་ཞེས་པ་ཡོད་པར་གསལ་ཏེ། དེ་གཉིས་ཀ་ཡང་འགྲེལ་པ་ཆེ་ཆུང་གཉིས་དང་མི་མཐུན་ནོ། །གཉིས་པ་ལ་གཉིས། རིགས་པ་དང༌། ལུང་གིས་དགག་པའོ། །དང་པོ་ནི། རྣམ་པ་མ་བསྟན་པར་འདོད་པ་ལས་གཞན་སློབ་དཔོན་དང་དེའི་ཕྱོགས་པ་དག་ན་རེ། དེ་བཞིན་ཉིད་དང་ཞེས་དག་གིས་ནི་མཉམ་གཞག་ཏུ་མཐོང་ལམ་རིམ་གྱིས་སྒོམ་པའི་རིམ་པ་དང་སོགས་པས་མཉམ་པར་མ་བཞག་པའི་དུས་ན་ཇི་ལྟར་ཡིད་ལ་བྱ་བའི་རིམ་པ་མ་བསྟན་པར་འགྱུར་ཏེ། བདེན་པ་ལ་དམིགས་ནས་སྒོམ་ཚུལ་གྱི་རྣམ་པ་མ་བསྟན་པའི་ཕྱིར་རོ། །འདོད་ན། མཐོང་ལམ་གྱི་དམིགས་རྣམ་གོང་ནས་གོང་དུ་བགྲོད་པའི་མངོན་རྟོགས་ཀྱི་རིམ་པ་རྒྱ་ཆེན་པོར་མ་ཟད་ཅུང་ཟད་ཀྱང་མ་བསྟན་པར་འགྱུར་ལ། མངོན་རྟོགས་རྒྱན་ཞེས་པའི་ཚིག་ལེའུར་བྱས་པའི་སྒྲ་དོན་ཡང་ཇི་ལྟར་བཤད་པར་བྱ། རྟོགས་དཀའ་ལས། མངོན་རྟོགས་གསུངས་པའི་རིམ་པ་ལྟར་སྒོམ་ཞིང་བསླབ་པའི་གོ་རིམས་དང་སོགས་པས་སྒོམ་པ་རབ་ཀྱི་མཐར་ཕྱིན་པ་སངས་རྒྱས་འགྲུབ་པ་མ་བཤད་པས་སེམས་བསྐྱེད་སོགས་དང་ལམ་དང་དེའི་རབ་ཀྱི་མཐའ་སངས་


JLD017_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཉིད་འགྲུབ་པའི་མངོན་རྟོགས་ཀྱི་གོ་རིམས་ཅུང་ཟད་ཀྱང་མ་བཤད་པའི་ཕྱིར། མངོན་རྟོགས་ཁྲིགས་ཆགས་སུ་འབྲེལ་བར་བསྟན་པའི་གོ་རིམ་མེད་པའི་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་ལྟར་འཆོལ་བར་འགྱུར་རོ། ཞེས་འཆད་དེ་འགྲིག་པར་མ་མཐོང་ངོ༌། །གཉིས་པ་ནི། རིགས་པས་གནོད་པ་ལས་གཞན་ལུང་གིས་གནོད་པ་ཡང་ཡོད་དེ། ཇི་ལྟར་ན། དམིགས་པ་དང་ནི་རྣམ་པ་དང༌། ཞེས་བྱ་བ་དང་སོགས་པས། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་པའི་ཚིགས་སུ་བཅད་པའི་དོན་ཇི་ལྟར་དྲང་སྟེ་ཅི་ལྟར་བཤད་དུ་རུང་སྟེ་མི་རུང་ངོ་ཞེས་ཟེར་རོ། །ཀྱང་ནི་རྣམ་པ་མ་བསྟན་ན་དེ་བཞིན་ཉིད་དང་སངས་རྒྱས་ཞེས་སོགས་ཀྱི་གཞུང་གིས་མངོན་རྟོགས་ཀྱི་རིམ་པ་ཅུང་ཟད་ཀྱང་མ་བཤད་པས་དོན་བཤད་དུ་མེད་པར་མ་ཟད་པའོ། །རྟོགས་དཀར་ལུང་དེས་དྲོད་སོགས་དམིགས་རྣམ་གྱི་སྒོ་ནས་ཉན་ཐོས་ལས་ཁྱད་པར་བསྟན་པ་དེ་ཡང་མེད་པར་འགྱུར་ཞེས་ཟེར་རོ། །མདོར་ན་དམིགས་བྱེད་ཀྱི་རྣམ་པ་གང་གི་སྒོ་ནས་དམིགས་བྱ་བདེན་པ་ལ་དམིགས་ན་ཡེ་ཤེས་བཅུ་དྲུག་སྐྱེ་བའི་ཚུལ་དེ་བསྟན་པར་སློབ་དཔོན་བཞེད་ཅིང་ཕྱོགས་སྔ་ལས་ནི་མ་བསྟན་པར་འདོད་པ་ཡིན་ནོ། །ཕྱོགས་སྔ་འདི་འཕགས་པའི་བཞེད་པར་སྨྲ་བ་ནི་རྒྱན་སྣང་མ་མཐོང་བས་ནོངས་ལ། མདོར་བསྟན་དུ་ཡུལ་བདེན་བཞི་བསྟན་ལ་དེ་ལ་དམིགས་ཚུལ་གྱི་རྣམ་པ་ཡང་བསྟན་དགོས་པས་སློབ་དཔོན་གྱི་བཞེད་པ་འདི་ལེགས་ཏེ། དེའི་ཕྱིར་ཆེན་པོ་དག་འདི་ལ་ལེགས་ཆར་མི་མཛད་པ་ནི་མི་འཐད་དོ། །


JLD017_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་གཉིས། མཚམས་སྦྱར་བ་དང༌། དོན་དངོས་བཤད་པའོ། །དང་པོ་ནི། སྐྱེ་རིམ་དང་བསྟུན་ན་མཐོང་ལམ་གྱི་མཇུག་ཐོགས་སུ་སྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་ནོ། །གཉིས་པ་ལ་གཉིས། སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་པའི་ལམ་མོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེ་ལྟར་ཡིན་ན་ཡང་དེ་མ་བརྗོད་པར་རེ་ཞིག་སྒོམ་ལམ་དེའི་བྱེད་པ་གསུངས་ཏེ། རྒྱུ་མཚན་དང་དགོས་པ་ནི་རིམ་པ་ལྟར་བྱེད་པ་དེ་སྒོམ་ལམ་ལས་བརྗོད་པར་བྱ་བ་ཉུང་བ་སྟེ་བཤད་གཞི་ཆུང་བ་དང༌། གདུལ་བྱ་སྒོམ་ལམ་གྱི་འབྲས་བུ་བྱེད་པ་བསྟན་པ་ལ་བྲོད་པ་སྐྱེད་ནས་རྒྱུ་སྒོམ་ལམ་ལ་གཞོལ་བ་ཉིད་དུ་ཞུགས་པ་སྟེ་དེ་ལ་གཞུག་པའི་ཕྱིར་རོ། །ཚིག་གསལ་ལས། གདུལ་བྱ་བརྗོད་པར་བྱ་བ་ཉུང་བ་ཉིད་དང་འབྲས་བུ་ལ་གཞོལ་བར་ཞུགས་པར་བྱ་བའི་ཕྱིར་ཞེས་བཏོན་ནས་གདུལ་བྱ་གང་སྒོམ་ལམ་གྱི་བྱེད་རྒྱུ་ལ་གནས་པར་བརྗོད་དུ་རུང་བ་ནི་ཆེས་ཉུང་སྟེ་དཀོན་ནོ། ཞེས་ལམ་འདི་རྙེད་དཀའ་བར་བསྟན་པ་དང༌། འབྲས་བུ་སྒོམ་ལམ་ལ་མོས་པ་སོགས་ཡིད་བྱེད་གསུམ་གྱི་འཇུག་པར་འདོད་པས་དེའི་རྒྱུ་བྱེད་པ་དྲུག་པོ་འདིར་གཞོལ་བར་བྱའོ་ཞེས་ལམ་སྐྱེ་བའི་རྒྱུ་བསྟན་པས་དེ་དག་ལ་གདམས་པར་འཆད་པ་ནི་དོན་མིན་ཏེ། འདི་ནི་བྱེད་པའི་མཚན་ཉིད་དང་འདྲ་བར་འབྲས་བུ་ལ་བཞེད་པས་སོ། །ཤཱནྟིས་མདོ་ཉུང་བས་དང་པོར་བྱེད་པ་འཆད་པར་འདོད་དེ། དེ་ལྟར་ན་རྗོད་བྱེད་ཉུང་བས་སོ། །མདོའི་འབྲེལ་ནི། ལམ་ལ་རྗེས་ཤེས་སུ་ཡུམ་གྱིས་བྱང་སེམས་རྣམས་ཀྱིས་རང་གི་


JLD017_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་རིག་པར་བྱས་ནས་ལམ་ལ་སློབ་པར་གསུངས་པ་ལ་འཕྲོས་ནས་སོ། །གཉིས་པ་ནི། བྱེད་པ་ནི་དྲུག་གོ །གང་ན་ཀུན་ནས་དུལ་ཞེས་སོགས་སོ། །དེ་དྲུག་ཀྱང་གཉིས་སུ་འདུ་སྟེ་རང་དང་གཞན་རྒྱུད་དུ་གཏོགས་པའི་བྱེད་པ་ལྔ་དང་གཅིག་གོ །དང་པོ་ལ་ཡང་གནས་སྐབས་ཀྱི་བྱེད་པ་བཞི་དང་མཐར་ཐུག་གི་གཅིག་གོ །བཞི་ལ་ཡང་ནང་དུ་སེམས་དུལ་བས་ཕྱི་རོལ་དུ་གཞན་ལ་འདུད་པ་དང༌། ནང་དུ་ཆགས་སོགས་ཞི་བས་ཕྱི་རོལ་གྱི་གནོད་པས་མི་རྫི་བའོ། །འདི་དག་ཀྱང་ཤཱནྟིས་ཟག་མེད་སྒོམ་ལམ་གྱི་བྱེད་པར་འཆད་དོ། །གསུམ་པ་ནི། ཉོན་མོངས་པའི་རྣམ་པ་ཐམས་ཅད་ལ་དབང་དུ་བྱས་པའི་སྒོ་ནས་ལམ་གྱི་རྣམ་པའི་གནས་སྐབས་ཐམས་ཅད་དུ་རང་གི་སེམས་ལ་རང་དབང་ཉིད་དུ་བྱེད་པ་ནི། ཡུམ་འདི་དེ་ལྟར་བྱང་ཆེན་རྣམས་ཡོངས་སུ་དུལ་བ་དང་ང་རྒྱལ་མ་མཆིས་པའི་དོན་དུ་ཉེ་བར་གནས་པ་ནི་ངོ་མཚར་ཆེའོ། ཞེས་སོ། །དུལ་པའི་རྗེས་ལ་ཁྱད་ཞུགས་པ་ཐོབ་པ་ལ་རློམ་པ་བཀག་པས་དགེ་བའི་བཤེས་གཉེན་དང་སོགས་པས་གྲོགས་དམ་པ་སོགས་སྐྱེ་བོ་ཐམས་ཅད་ལ་འདུད་པ་ནི། བྱང་ཆེན་འཇིག་རྟེན་ལས་འདས་པའི་ཆོས་ལ་སྤྱོད་ཅིང་སྦྱིན་པ་གཏོང་བ་ན་སྦྱིན་པ་ཡང་མི་དམིགས་གཏོང་བ་ཡང་མི་དམིགས་ལེན་པ་ཡང་མི་དམིགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཡུམ་ལ་སྤྱོད་པའི་བྱང་ཆེན་ཡོངས་སུ་དུལ་བ་དང་ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་པར་འགྱུར་རོ། ཞེས་སོ། །གོང་དུ་དུལ་བ་


JLD017_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདིར་འདུད་པ་གཙོ་བོར་བསྟན་ཏོ། །གཉེན་པོ་སྟོབས་ལྡན་ཐོབ་པས་བདག་གཞན་གྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཟིལ་གྱིས་གནོན་པ་ནི། བདག་གི་འདོད་ཆགས་ཀྱི་མཚོན་དང་འདོད་ཆགས་ཀྱི་མདའ་ཡང་བཅོམ། གཞན་གྱི་འདོད་ཆགས་ཀྱི་མཚོན་དང་འདོད་ཆགས་ཀྱི་མདའ་ཡང་བཅོམ་ཞེས་སོ། །ཡུམ་གཟུང་བས་ཕ་རོལ་གྱིས་བྱས་པའི་དུག་མཚོན་ལ་སོགས་པས་གནོད་པ་རྗེས་སུ་སྒྲུབ་པའི་ཡུལ་མ་ཡིན་པ་ནི། དེ་ལ་ལ་ལ་ཞིག་གིས་དུག་གཏོར་ཏམ་བྱེད་བྱས་སམ་མེའི་འོབས་སུ་གཏོར་ཏམ་མཚོན་གྱིས་བཏབ་བམ་དུག་བླུད་དམ་ཆུར་བོར་ཡང་རུང་སྟེ་དེ་དག་ཐམས་ཅད་ཀྱིས་དེ་ལ་གནོད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟ་སྟེ་ཡུམ་འདི་ནི་རིག་སྔགས་ཆེན་མོའོ། ཞེས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པ་སྟེ་ཐོབ་ནས་ཆོས་ཐམས་ཅད་ལ་ལྟ་བ་ནི། བླ་མེད་རྫོགས་བྱང་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་ལྟ་བར་འགྱུར་རོ། ཞེས་སོ། །ཤེར་སྒྲོན་དུ་བྱང་ཆུབ་ལ་ཉེ་བ་ལ་བཤད་དོ། །སྒོམ་ལམ་པ་གང་དུ་གནས་པའི་རྟེན་གྱི་ཡུལ་ས་ཕྱོགས་ལ་ལྷ་ལ་སོགས་པས་མཆོད་པར་བྱ་བའི་གནས་ཉིད་དུ་བཟུང་ནས་ཕྱག་འཚལ་བ་ལ་སོགས་པས་མཆོད་པ་བྱེད་པ་ནི། ཡུམ་འདི་ཉིད་ཀྱིས་སའི་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བར་བྱས་པས་མེ་ཏོག་དང་སྤོས་དང་ཞེས་པ་ནས་བཀུར་སྟི་བྱ་བར་འགྱུར་རོ། ཞེས་སོ། །ཞེས་བྱ་བ་ནི་ཐམས་ཅད་ཀྱི་མཐར་རོ། །འདིར་མཆོད་རྟེན་དུ་གྱུར་པ་ཞེས་མདོ་ལས་གསུངས་པ་ལ། ཁ་ཅིག་ནི་ཕྱག་


JLD017_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པས་བསོད་ནམས་གསོག་པའི་རྒྱུར་གྱུར་པའི་ཕྱིར། མཆོད་རྟེན་གཞན་དང་མཉམ་པར་གྱུར་པ་ལ་མཆོད་རྟེན་ཞེས་བྱ་སྟེ། དཔེར་ན་ཕ་དང་འདྲ་བ་ལ་ཕར་གྱུར་པ་བཞིན་ནོ་ཞེས་ཟེར་རོ། །བཙུན་པ་ཟླ་བ་ནི། གང་ཟག་གི་བདག་མེད་ཙམ་སྟོན་པ། ཆོས་གང་རྒྱུས་བྱུང་དེ་དག་གི །ཞེས་སོགས་ཀྱིས་བྱིན་གྱིས་བརླབས་པའི་ས་ཕྱོགས་ཀྱང་མཆོད་རྟེན་ཡིན་ན། དངོས་པོ་མཐའ་དག་རང་བཞིན་མེད་པར་སྟོན་པའི་ཡུམ་འཛིན་པ་སོགས་དང་ལྡན་པའི་ཕྱོགས་ནི་ཆེས་མཆོད་རྟེན་ཡིན་ཏེ། དཔང་པོ་ཉིད་ལ་དཔང་པོར་གྱུར་པ་ཞེས་པ་བཞིན་ནོ། ཞེས་ཟེར་བའི་ཕྱི་མ་འདི་ལེགས་སོ། །དེ་ལྟར་ན་ཀུན་ནས་དུལ་བའི་བྱེད་པ་ནས་རྟེན་གྱི་བྱེད་པའི་བར་བྱེད་པ་རྣམ་པ་དྲུག་བཤད་པ་ཡིན་ནོ། །གཉིས་པ་ལ་གཉིས། མཚམས་སྦྱར། སོ་སོའི་ངོ་བོའོ། །དང་པོ་ནི། འབྲས་བུ་བྱེད་པ་བསྟན་པའི་འོག་ཏུ་རྒྱུ་སྒོམ་པའི་ལམ་འཆད་དེ། དེ་ཡང་རྣམ་པ་གཉིས་སུ་ཕྱེ་ནས་སོ། །ཇི་ལྟར་ན་ཟག་པ་ཞེས་སོགས་སོ། །ཡང་ནི་སྒོམ་ལམ་གྱི་ངོ་བོ་ཙམ་ཞིག་བཤད་བྱར་བཀོད་པར་མ་ཟད་དབྱེ་བ་ཡང་འགོད་པའོ། །ཟག་པ་དང་བཅས་མ་བཅས་ཀྱི་དོན་གང་ཞེ་ན། ལམ་ཤེས་དང་གཞི་ཤེས་ལ་ཟག་བཅས་དང་ཟག་མེད་དུ་བཤད་པ་ནི་མི་གཟུང་སྟེ། ཟག་མེད་ལ་ཡང་ཐལ་བས་སོ། །དེས་ན་གཉིས་སྣང་གི་རྟོག་པ་དང་བཅས་པའི་རྗེས་ཐོབ་དང༌། དེ་མེད་པའི་མཉམ་གཞག་ལ་བཞེད་དེ། ཚིག་གསལ་ལས། ཟག་པ་དང་བཅས་


JLD017_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཟག་པ་མེད་པའི་བྱེ་བྲག་ནི་རྣམ་པར་རྟོག་པ་དང་བཅས་པ་དང་དེ་དང་བྲལ་བ་གཙོ་བོར་གྱུར་པའོ། །འདིར་བསྡུས་པའི་དོན་ནི་མོས་པ་དང་བསྔོ་བ་དང་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་དག་ནི་དག་པ་འཇིག་རྟེན་པའི་གནས་སྐབས་རྗེས་ཀྱི་ཡེ་ཤེས་ཀྱིས་སྦྱོར་བ་ཡིན་ལ། མངོན་པར་སྒྲུབ་པ་ནི་མཉམ་པར་བཞག་པའི་ཡེ་ཤེས་སོ། ཞེས་པ་ལྟར་རོ། །རྟོག་པ་དེ་ཡང་ཟག་པའི་རྒྱུ་ཡིན་པས་དེར་བཞག་པར་འཆད་དོ། །གཉིས་པ་ལ་གཉིས། ཟག་བཅས་དང༌། ཟག་མེད་ཀྱི་སྒོམ་ལམ་མོ། །དང་པོ་ལ་གསུམ། དབྱེ་བ་བསྟན་ཏེ་མཚམས་སྦྱར། ཕྱེ་བ་སོ་སོའི་རང་བཞིན་བཤད། བྱེད་ལས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས། དངོས་དང༌། ས་མཚམས་བསྟན་པའོ། །དང་པོ་ནི། ཟག་བཅས་ཟག་མེད་གཉིས་ཡོད་པ་དེའི་ཕྱིར་དམན་མཆོག་གི་རིམ་པས་སྒོམ་ལམ་ཟག་བཅས་འཆད་ལ། དེ་ལ་ཡང་མོས་པ། བསྔོ་བ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ཞེས་བྱ་བ་ཡིད་བྱེད་གསུམ་ཡོད་དོ། །དེ་ལྟར་འབྱེད་པའི་རྒྱུ་མཚན་ནི། དགེ་རྩ་གསོག་པ་དང་མི་ཟད་པ་དང་འཕེལ་བར་བྱེད་པས་ཡིན་ནོ། །ཤེར་འབྱུང་ནི་སྦྱོར་དངོས་རྗེས་གསུམ་གྱི་དབྱེ་བས་ཕྱེ་བར་འདོད་དོ། །འདི་གསུམ་དངོས་པོ་ཐ་དད་པ་སྟེ། འཛིན་སྟངས་ཐ་དད་པས་ཕྱེ་བའི་ཕྱིར་རོ། །གཉིས་པ་ནི། ཀུ་མ་ར་ཤྲཱིས། མོས་པ་ནི་ས་གཉིས་པ་དང་གསུམ་པ་དང་བཞི་པས་བསྡུས་སོ། །བསྔོ་བ་ནི་ས་ལྔ་པ་དང་དྲུག་པ་དང་བདུན་པས་བསྡུས་སོ། །རྗེས་སུ་ཡི་རང་བ་ནི་ས་བརྒྱད་པ་དང་དགུ་པས་བསྡུས་སོ། ཞེས་དང་ཐུབ་


JLD017_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ། དེ་ལ་དྲོད་གསུམ་པོ་རིམ་པ་ཇི་ལྟ་བར་ཆུང་ངུ་དང་འབྲིང་དང་ཆེན་པོའི་མོས་པའི་རང་བཞིན་ལ་སླར་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་མོས་པ་དགུ་རྣམས་རང་གི་དོན་གྱིས་ཏེ། ཞེས་དང༌། རྩེ་མོ་གསུམ་པོ་དེ་ལྟ་བུའི་རང་བཞིན་ལ་དེ་ལྟ་བུའི་མོས་པ་དགུ་རྣམས་རང་གཞན་གྱི་དོན་གྱི་སྟེ། ཞེས་དང༌། བཟོད་པ་གསུམ་པོ་དེ་ལྟ་བུའི་རང་བཞིན་ལ་དེ་ལྟ་བུའི་མོས་པ་དགུ་རྣམས་གཞན་གྱི་དོན་གྱི་སྟེ་ཞེས་འབྱུང་ཞིང༌། ཆོས་མཆོག་གསུམ་ལ་ཡི་རང་དང་བསྔོ་བ་དང་བྱེད་པ་དྲུག་འཇོག་གོ །དེ་ལ་དང་པོ་མི་འཐད་དེ། དེ་ལྟར་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་བསྔོ་བ་དང་ཡི་རང་ས་གཉིས་པ་ནས་ཡོད་པ་དང་མོས་པ་ས་ལྔ་པ་ཡན་ཆད་ལ་ཡོད་པ་ལ་གནོད་བྱེད་མེད་པས་སོ། །གཉིས་པ་ཡང་མི་འཐད་དེ། འཕགས་པས་གཞན་དོན་མོས་པ་སྦྱོར་བ་བར་ཆད་མེད་པ་ལ་བཤད་ལ་སྦྱོར་ལམ་ན་དེ་འགལ་བ་དང༌། བྱེད་པ་ཡང་འཕགས་པའི་དགོངས་པས་སྒོམ་ལམ་གཉིས་ཀའི་བྱེད་པར་བཞེད་ཅིང་སྒོམ་ལམ་འཕགས་ལམ་ཉིད་ལ་འདོད་ཅིང་སོ་སྐྱེའི་ས་ལ་མི་བཞེད་དེ། དེ་ལ་སྒོམ་ལམ་གྱི་ཐ་སྙད་བྱས་པ་འཕགས་པ་དང་སློབ་དཔོན་སུས་ཀྱང་མ་མཛད་པས་སོ། །ཤེར་སྙིང་རྒྱ་ཆེར་འགྲེལ་ལས་ཀྱང༌། སྤྱད་པ་ནི་རྣམ་པ་མང་སྟེ་སོ་སོ་སྐྱེ་བོའི་ས་སྦྱོར་བའི་ལམ་ལ་ནི་མོས་པའི་སྤྱད་པའོ། །དེ་ལ་མོས་པའི་སྤྱད་པ་ནི་རྣམ་པ་གསུམ་སྟེ། རང་གི་དོན་དང༌། གཞན་གྱི་དོན་དང༌། རང་གཞན་གྱི་དོན་ཏེ་རེ་རེ་ལ་ཡང་སོ་སོར་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་


JLD017_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགུ་དགུ་སྟེ་དེ་ལྟར་ན་མོས་པ་ཉི་ཤུ་རྩ་བདུན་ནི། ཞེས་འཆད་དེ། འདི་ཡང་རྗེ་བཙུན་གྱིས་མོས་པ་སོགས་སྒོམ་ལམ་དུ་གསུངས་ནས། མཐོང་ལམ་དང་སྐྱེ་རིམ་གྱིས་གསུངས་པ་དང་འགལ་ལོ། །དེས་ན་རང་ལུགས་ནི། ཚིག་གསལ་ལས། ཁ་ཅིག་ནི་འདིར་རང་གི་དོན་ནི་ས་རིང་དུ་སོང་བའི་བར་དུའོ། །ས་མི་གཡོ་བ་ནས་བརྩམས་ཏེ་ནི་གཞན་གྱི་དོན་དེས་དེ་ལ་རང་གི་དོན་དུ་ཞི་བ་ལ་གནས་པ་ལས་གཞན་གྱི་དོན་ཁོ་ནར་སླར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསླང་བའི་ཕྱིར་རོ། །ས་བཅུ་པ་ལ་ནི་རང་དང་གཞན་གཉིས་ཀའི་དོན་ཏེ་ས་འདི་ལ་གནས་པ་ནི་རྒྱུ་མཚན་འདིས་ན་སངས་རྒྱས་ཞེས་བསྟན་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་པཎྜི་ཏ་ཞིག་གིས་འདོད་པ་བསྟན་པ་ལྟར་འཐད་དོ། །འོན་ཀྱང་འདི་ལས་ས་བརྒྱད་པ་ལ་གཞན་དོན་དང༌། བཅུ་པ་ལ་གཉིས་དོན་བཞག་པ་ནི་འགྱུར་རམ་ཡི་གེ་མ་དག་པར་གསལ་ཏེ། རྒྱུ་མཚན་དེ་རྣམས་ཀྱིས་ཤེས་སོ། །དེས་ན་དེ་གོ་བཟློག་ནས་བརྒྱད་དགུ་གཉིས་ལ་གཉིས་དོན་བཅུ་པ་ལ་གཞན་དོན་བཞག་གོ །དང་པོའི་རྒྱུ་མཚན་ནི། རྒྱན་སྣང་དུ། བདག་ཏུ་ང་རྒྱལ་བའི་ས་བོན་མ་ཟད་པ་ཉིད་ཀྱིས་དང་པོ་ཁོ་ནར་རང་གི་དོན་གྱི་མོས་པ་རྣམ་པ་དགུ་བསྟན་ནས། ཞེས་འབྱུང་ལ། ས་བདུན་པའི་བར་དུ་ཉོན་ཡིད་འཇུག་པས་དེ་དེར་གཞག་གོ །བསྔོ་བ་དང་ཡི་རང་གཉིས་ནི་ས་དགུ་ཀ་ལ་བཞག་གོ །གཉིས་པ་ལ་གསུམ། མོས་པ། བསྔོ་བ། ཡི་རང་ངོ༌། དང་པོ་ལ་གཉིས། དངོས་དང༌། ཕན་ཡོན་ནོ། །དང་པོ་ལ་གསུམ་ལས། དང་པོ་ནི། གསུམ་པོ་


JLD017_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀྱི་ནང་ནས་སྒོམ་ལམ་དང་པོ་མོས་པ་ཡིད་ལ་བྱེད་པ་ཞེས་བྱ་བ་གསུངས་སོ། །མདོའི་འབྲེལ་ནི། བྱེད་པ་དྲུག་པར་ཡུམ་གྱིས་ས་ཕྱོགས་མཆོད་པའི་གནས་སུ་བྱས་པར་གསུངས་པ་ལ་འཕྲོས་ནས་ཡུམ་དང་སངས་རྒྱས་ཀྱི་སྐུ་གདུང་ལ་མཆོད་པ་བསོད་ནམས་གང་ཆེ་ཞེས་ཞུས་པའི་ལན་དུ་གསུངས་སོ། །གཉིས་པ་ལ་བཞི། རྩ་བ། ཡན་ལག །ཉིང་ལག་གི་དབྱེ་བ་དང༌། དོན་བསྡུ་བའོ། །དང་པོ་ནི། མོས་པ་ནི་རྣམ་པ་གསུམ་དུ་ཤེས་པར་བྱའོ། །གང་ན་རང་གི་ཞེས་སོགས་སོ། །དེ་ལྟར་འབྱེད་པའི་རྒྱུ་མཚན་ལ་གཞོན་ནུ་དཔལ་གྱིས་ཆོས་ལོངས་སྤྲུལ་གསུམ་གྱི་རྒྱུ་བྱེད་པའི་སྒོ་ནས་ཕྱེ་བར་འཆད་ཀྱང་གནས་དོན་ནི་འགྲེལ་པ་ལྟར་རོ། །གཉིས་པ་ནི། དེ་ཡང་སོགས་སོ། །གསུམ་པ་ནི། ཆུང་ངུའི་སོགས་སོ། །བཞི་པ་ནི། དེ་ལྟར་ན་སོགས་སོ། །འདི་དག་ཀྱང་ཇི་ལྟར་ཤེས་པར་བྱ་ཞེ་ན། འདི་ལ་བཞི། མོས་པའི་ཡུལ། མོས་པའི་ངོ་བོ། མོས་པའི་རྒྱུ། མོས་པའི་བྱེད་ལས་སོ། །དང་པོ་ནི། རྒྱན་སྣང་དུ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། ཞེས་བྱ་བའི་ཚུལ་གྱིས་གཙོ་བོར་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ཉིད་ཡུམ་ཡིན་ནོ། །དེ་བས་ན་དེ་སྟོན་པར་བྱེད་པའི་རྒྱལ་བའི་ཡུམ་ལ་མཆོད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ལ་མཆོད་པའི་ཕྱིར་བསོད་ནམས་མང་དུ་སྐྱེ་བ་ཡིན་ནོ། ཞེས་གསུངས་ལ། དག་ལྡན་ལས། གང་ལ་མོས་ཤེ་ན། མདོ་ལས་བསྟན་པའི་བཅོམ་


JLD017_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་མ་ལ་འདྲི་བ་དང་ཀློག་པ་ལ་སོགས་པ་དེའི་སྤྱོད་པ་དང༌། མེ་ཏོག་ལ་སོགས་པ་ནས་མར་མེའི་མཐར་ཐུག་པ་དེའི་མཆོད་པ་ལའོ། ཞེས་གཞུང་གི་ཡུམ་འདི་འདྲི་ཀློག་བྱེད་པ་དང༌། དེ་ལ་མེ་ཏོག་སོགས་ཀྱིས་མཆོད་པ་ལ་མོས་པས་དེ་མོས་ཡུལ་དུ་འཆད་པ་ནི། མདོའི་ཚིག་ཟིན་དང་མཐུན་ཡང་ངེས་པར་ན་ལམ་དང་འབྲས་བུ་ལ་མོས་པ་གཙོ་བས་སྔ་མ་ལེགས་སོ། །གཉིས་པ་ལ་གཉིས་ལས། སྤྱིའི་ངོ་བོ་ནི། འདིའི་ངོ་བོ་ཉིད་ནི་ངེས་པར་བྱས་པའི་དངོས་པོ་ལ་ངེས་པར་འཛིན་པའོ། ཞེས་ཚིག་གསལ་ལས། འབྱུང་བ་ནི་ཀུན་བཏུས་སུ་སེམས་བྱུང་མོས་པ་ངོས་བཟུང་བ་དང་གཅིག་ཏུ་བསམས་སོ། །དག་ལྡན་ལས། མོས་པ་ནི་དད་པ་དང་འདུན་པ་སྟེ་ཡིད་ཆེས་པ་དང་འདོད་པའི་མཚན་ཉིད་དོ། ཞེས་ཡིད་ཆེས་ཀྱི་དད་པ་དང་ཡུལ་དེ་འདོད་པ་ལ་བཤད་དོ། །བྱེ་བྲག་གི་ངོ་བོ་ནི། ཉི་སྣང་ལས། རང་གི་དོན་གྱི་མོས་པ་ནི་གང་གིས་རང་གི་དོན་ཉིད་སྒྲུབ་པར་བྱེད་ཅིང་གཞན་གྱི་དོན་ཡང་ཆེད་དུ་བྱ་བའི་རང་བཞིན་གྱིས་བྱེད་པའོ། །རང་དང་གཞན་གྱི་དོན་ནི་གང་གིས་གཉིས་ཀའི་དོན་སྒྲུབ་པར་བྱེད་པའོ། །གཞན་གྱི་དོན་ནི་གང་གིས་གཞན་ཁོ་ནའི་དོན་དུ་འགྱུར་བ་སྟེ། ཞེས་བསམ་པ་གཞན་དོན་དང་མ་བྲལ་ཡང་སྦྱོར་བའི་ཁྱད་དང༌། གཉིས་པ་ལ་ནི་སྦྱོར་བ་བར་ཆད་དང་བཅས་པའོ། །གསུམ་པ་ལ་ནི་སྦྱོར་བ་བར་ཆད་མེད་པ་ཡིན་ནོ་ཞེས་སྦྱོར་བ་རྒྱུན་ལྡན་དུ་འཇུག་མི་འཇུག་གི་ཁྱད་པར་གསུངས་པའོ། །གསུམ་པ་ནི། ལུང་རིགས་རྣམ་དག་གོ །བཞི་པ་ནི། སྔ་མ་ལྟར་ན་གྲུབ་མཐའ་


JLD017_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐེ་ཚོམ་བཟློག་པ་ཡིན་ལ་ཕྱི་མ་ལྟར་ན་ཡིད་མི་ཆེས་པ་དང་མི་འདོད་པ་བཟློག་ནས་ཡུམ་ལ་ངེས་ཤེས་དང་དོན་གཉེར་ཆེན་པོར་འགྱུར་བའོ། །གསུམ་པ་ལ་ཡང་སྔར་ལྟར་བཞི་ལས། དང་པོ་ལ་བཞི་ལས། དབྱེ་གཞི་ནི། སྒོམ་ལམ་མོས་པ་ཙམ་གྱི་ངོ་བོའོ། །ཡང་ན་ཟག་བཅས་སྒོམ་ལམ་ལ་གསུམ་དུ་ཕྱེ་བར་མ་ཟད་པའོ། །དབྱེ་ངོ་ནི། རང་དོན་གཉིས་དོན་གཞན་དོན་མོས་པ་རྣམ་པ་གསུམ་མོ། །འབྱེད་པའི་རྒྱུ་མཚན་ནི། བསམ་པས་གཞན་དོན་ལ་དམིགས་པར་ཁྱད་པར་མེད་ཀྱང་སྦྱོར་བས་རང་གི་དོན་ལ་སྟེ་དོན་དུ་དང་རང་གཞན་གཉིས་ཀའི་དོན་དུ་དང་གདུལ་བྱ་གཞན་གྱི་དོན་དུ་ཡུམ་ལ་དམིགས་པ་ཉིད་གསུམ་དུ་ཡོད་པས་སོ། །ཡུམ་ལ་མོས་པའི་དགོས་པ་ནི། རང་དང་གཉིས་ཀ་དང་གཞན་གྱི་དོན་དུ་ཇི་ལྟར་མོས་པ་སྒོམ་པ་བཞིན་དགེ་བའི་ཆོས་དོན་ཕུན་ཚོགས་གསུམ་མཐོང་བ་སྟེ་ཐོབ་པའི་རྟེན་ནམ་རྒྱུ་བྱེད་པའོ། །དགོས་པ་ལ་རྩོད་པ་སྤང་བ་ནི། འོ་ན་མོས་པ་གསུམ་པོ་དེ་བསྒོམས་མ་ཐག་ཏུ་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། རང་ཇི་ལྟར་མོས་པ་བཞིན་དུ་དོན་གསུམ་པོ་དེ་ཐོབ་པའི་རྟེན་བྱེད་པའི་ཕྱིར་ཞེ་ན། ཉེས་པ་མེད་དེ། དེ་ལྟར་ན་ཡང་དང་པོར་མོས་པ་བསྒོམས་མ་ཐག་ཏུ་དོན་གསུམ་མངོན་དུ་མི་བྱེད་དེ། མོས་ཡུལ་ཀྱི་ཡུམ་ལ་མོས་པ་ཙམ་སྒོམ་པའི་རྒྱུའི་ལམ་གྱི་དབང་དུ་བྱས་པ་ལས་ཏེ་དེའི་ཕྱིར་རོ། །རྒྱན་སྣང་དུ། དེ་བས་ན་ཇི་ལྟར་མོས་པ་བཞིན་དུ་མཐོང་བའི་དགེ་བའི་ཆོས་ཀྱི་རྟེན་སྒོམ་པའི་ལམ་གྱི་དབང་དུ་བྱས་པ་ཡིན་པས་དང་པོ་མངོན་དུ་མི་བྱེད་


JLD017_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་མོས་པ་བརྗོད་པར་བྱའོ། །དེ་ཡང་རང་གི་དོན་དང་རང་དང་གཞན་གྱི་དོན་དང་གཞན་གྱི་དོན་ཞེས་བྱ་བ་རྩ་བའི་དབྱེ་བས་རྣམ་པ་གསུམ་ཡོད་པ་ལ། ཞེས་སོ། །ཇི་ལྟར་མོས་པ་བཞིན་དེ་བདག་མེད་པ་ལས་མ་འདས་པར་རམ་བདག་མེད་རྟོགས་པ་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ལམ་ཉིད་དུ་ཐུགས་སུ་ཆུད་པའི་དགེ་བའི་ཆོས་ནི་འདོད་ཆགས་མེད་པ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་སེམས་བསྐྱེད་པ་ལ་སོགས་པ་སྟེ། དེའི་རྟེན་ནམ་གཞི་ཡིན་ནའང་དང་པོར་ཏེ་ཐོག་མར་མངོན་སུམ་དུ་མི་བྱེད་པའི་ངོ་བོ་ནི་དོན་གསུམ་གྱི་ཕྱིར་དུ་སེམས་བསྐྱེད་སོགས་ལ་མངོན་ཞེན་གྱི་རྣམ་པས་དམིགས་པའོ། །དེས་དེ་དག་མངོན་དུ་མི་བྱེད་པའི་རྒྱུ་མཚན་གང་ལས་ཤེ་ན། སྒོམ་པའི་ལམ་གྱི་དབང་དུ་བྱས་པ་ལ་སྟེ། རྒྱུ་ལ་གོམས་པར་བྱེད་པའི་གནས་སྐབས་ཡིན་པས་སོ། །ཁྱབ་པ་ཡོད་དེ། རབ་ཀྱི་མཐར་ཐུག་པ་མ་ཐོབ་པར་སློབ་པའི་དུས་སུ་སངས་རྒྱས་ཀྱིས་བརྙེས་པའི་སེམས་བསྐྱེད་སོགས་མཐའ་དག་མངོན་དུ་བྱ་བ་ནི་སུ་ལ་ཡང་ཡོད་པ་མ་ཡིན་པས་སོ་ཞེས་པ་ནི་རིགས་བྱིན་གྱི་དགོངས་པའོ། །སུ་ག་ཏ་ཤྲཱིས། ཆོས་ཉིད་དང་པོར་མངོན་དུ་མི་བྱེད་དེ། ཆོས་མཆོག་མན་ཆད་ཀྱི་སྒོམ་ལམ་གྱི་དབང་དུ་བྱས་པས་ཟག་བཅས་འདི་དག་ནི་འཇིག་རྟེན་པའི་ཡིན་ནོ་ཞེས་ཟེར་བ་དང༌། འབུམ་པས། མངོན་དུ་བྱེད་དུས་ནི་གཉིས་ཏེ་མཐོང་ལམ་གྱི་ཚེ་ཆོས་དབྱིངས་དང༌། སངས་རྒྱས་ཀྱི་ས་ལ་ཆོས་སྐུ་སྔར་མ་མཐོང་མངོན་དུ་བྱེད་པ་གཉིས་ལས་འདི་སྒོམ་ལམ་གྱི་དབང་དུ་བྱས་པས་


JLD017_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་མངོན་དུ་མི་བྱེད་ཅེས་ཟེར་བ་གཉིས་ནི་འབྱོར་བ་མ་ཡིན་ནོ་ཞེས་གསུང་པ་ནི་དེ་ཁོ་ན་བཞིན་ནོ། །ཁ་ཅིག་ནི་དགེ་བའི་ཆོས་ཞེས་པ་བསྟོད་བཀུར་བསྔགས་པ་ལ་འཆད་ཀྱང་བཤད་པ་སྔ་མ་ཉིད་གཞུང་གི་དོན་ལ་ཞུགས་སོ། །གཉིས་པ་ནི། དེ་དག་ཀྱང་ཞེས་སོགས་སོ། །གསུམ་པ་ནི། དེ་ཡང་ཞེས་སོ། །ཡང་དང་ཀྱང་ནི་སྔ་མ་ལ་གསུམ་དུ་མ་ཟད་པའོ། །བཞི་པ་ནི། མོས་པ་གསུམ་ལ་དགུ་དགུར་ཕྱེ་བ་དེ་ལྟར་ན་ཞེས་སོགས་སོ། །འདི་དང་ཕན་ཡོན་ལ་ཐམས་ཅད་ལ་མདོ་དྲངས་ན་འབྱམས་ཀླས་ཤིང་ཅུང་ཟད་ཙམ་གྱིས་རྟོགས་པ་སྐྱེད་མི་ནུས་པས་བཞག་གོ །གཉིས་པ་ལ་གསུམ་ལས། དང་པོ་ནི། མོས་པའི་འོག་ཏུ་དེའི་ཕན་ཡོན་བསྟོད་བཀུར་བསྔགས་པ་གསུངས་སོ། །ཇི་ལྟར་སྟོན་ན། སངས་རྒྱས་དང་སོགས་པ་བྱང་སེམས་ཀྱིས་བསྟོད་པ་ལ་སོགས་པ་མཛད་དོ་ཞེས་སོ། །གང་ལ་མཛད་ན། ཡུམ་ལ་སྔར་བསྟན་པ་དེ་ལྟར་སོགས་སོ། །གང་གི་ཕྱིར་ན། མོས་པ་གསུམ་པོ་དེ་སྒོམ་པའི་སོགས་སོ། །མདོའི་འབྲེལ་ནི། བརྒྱ་བྱིན་གྱིས་མོས་པར་བཤད་པའི་ཡུམ་དེ་ཡོན་ཏན་དུ་མ་དང་ལྡན་པར་བསྟན་པ་ལ་འཕྲོས་ནས་སོ། །གཉིས་པ་ནི། བསྟོད་པ་སོགས་སུ་འདོད་དོ། །གང་ལ་ན། ཡུམ་ལ་མོས་པའི་གནས་སྐབས་གསུམ་རྣམས་སུའོ། །གང་གིས་ན། དགུ་ཚན་གསུམ་གྱིས་སོ། །ཕན་ཡོན་གསུམ་པོ་འདི་མོས་པ་ལ་མཚོན་པ་ཙམ་ཡིན་པས་བསྔོ་བ་དང་ཡི་རང་ལ་ཡང་སྦྱར་ཞེས་བདག་ཉིད་ཆེན་པོ་འཆད་དོ། །


JLD017_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ་གཉིས། རྩ་བའི་དོན་དགྲོལ་བ། རང་བཞིན་ངོས་བཟུང་བའོ། །དང་པོ་ནི། དོན་གསུམ་གྱི་འབྱུང་གནས་སུ་ཇི་ལྟར་མོས་པ་བཞིན་དུ་མཐོང་བ་སྟེ་མངོན་དུ་བྱ་བའི་ཆོས་ཀྱི་མཚན་ཉིད་དམ་ངོ་བོ་ཉིད་ཀྱི་ཡུམ་ལ་ཞུགས་པའི་མོས་པ་ཡིད་ལ་བྱེད་པ་དང་པོ་དང་གཉིས་པ་དང་གསུམ་པ་སྟེ་གསུམ་ཡོད་པའི་དང་པོའི་གནས་སྐབས་དགུ་དག་ཏུ་རྣམ་པ་དགུས་གོང་ནས་གོང་དུ་སྟེ་རང་དོན་མོས་པ་དགུ་སྒོམ་པ་ལ་སྔ་མ་སྔ་མ་ལས་ལྷག་པའི་ཚུལ་དུ་མངོན་པར་དགའ་བར་བྱེད་ཅིང་བསྟོད་པར་འདོད་དོ། །དེ་བཞིན་དུ་གཉིས་པ་ལ་བཀུར་བ། གསུམ་པ་ལ་བསྔགས་པ་རྣམས་སྦྱར་རོ། །སོ་སོར་ནི་རེ་རེ་ལ་ཞེས་པའོ། །ཤེར་སྒྲོན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་མོས་པ་བཞིན་མཐོང་བའི་ཆོས་ཀྱི་མཚན་ཉིད་མོས་པ་ཡིད་ལ་བྱེད་པ་དང་པོ་ལ་བསྟོད་པ་དང༌། ཞེས་ཇི་ལྟར་ཞེས་སོགས་ཡུམ་ལ་མི་སྦྱོར་བར་མོས་པའི་ཁྱད་ཆོས་སུ་སྦྱར་རོ། །གཉིས་པ་ནི། བསྟོད་བཀུར་བསྔགས་གསུམ་མངོན་པར་དགའ་བའི་ཚུལ་གྱིས་ཡིན་པ་དེས་ན་བསྟོད་པ་ལ་སོགས་པ་འདི་དག་ནི་དོན་ཡང་དག་པ་སྟེ་མོས་པ་སྒོམ་མཁན་གྱི་ཡོན་ཏན་དོན་གནས་མ་ནོར་བ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཆ་དང་དེ་ལྟར་ངེས་ནས་བརྗོད་པའི་མཚན་ཉིད་དམ་ངོ་བོ་ཉིད་ཡིན་གྱི་གཅམ་བུ་སྟེ་ངག་སྙན་པ་ངོ་བསྟོད་ཀྱི་ངོ་བོ་ནི་མ་ཡིན་ནོ། །དེ་ལྟར་ན་ཚིག་གསལ་ལས། འདི་དག་ནི་ངག་སྙན་པ་ངོ་བསྟོད་ཀྱི་རང་བཞིན་མ་ཡིན་གྱི། ལེགས་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཐུགས་དགྱེས་པས་གནས་པ་ཁོ་ན་བསྟོད་པ་ལ་སོགས་པ་


JLD017_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཞེས་གསུངས་ཀྱང༌། ཉི་སྣང་ལས། དེ་ལྟར་ན་བསྟོད་པ་ལ་སོགས་པ་འདི་དག་ནི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཆའི་མཚན་ཉིད་ཡིན་གྱི་རིག་བྱེད་ཤེས་པ་རྣམས་ཀྱིས་དོན་བརྗོད་པ་ནི་བསྟོད་པ་ཡིན་ནོ་ཞེས་སྨྲས་པ་ལྟར་དོན་བརྗོད་པའི་མཚན་ཉིད་ནི་མ་ཡིན་ནོ། ཞེས་དང༌། ཡང་ཁ་ཅིག་ན་རེ། ཚད་ཕྱེད་དང་བཞི་པའི་ཨ་ནི་བཀུར་བ་ཡིན་ནོ་ཞེས་བརྗོད་པ་དེ་དག་གི་ལྟར་ན་ནི་སྒྲའི་ཚངས་པ་ནི་དམ་པ་ཡིན་ཞེས་བྱ་བ་དེ་ལྟ་བུ་བཀུར་བ་ཡིན་པར་འགྱུར་ན། འདིར་ནི་ཇི་སྐད་དུ་བརྗོད་པའི་རྟོགས་པའི་ཆའི་མཚན་ཉིད་ཡིན་ནོ། ཞེས་དང༌། མར་ལྟ་བུའི་ཚིག་རྗེས་སུ་བརྗོད་པ་གང་ཡིན་པ་དེ་ནི་དེ་དག་གི་བསྔགས་པ་བརྗོད་པ་ཡིན་ནོ། ཞེས་བརྗོད་པ་གང་ཡིན་པ་དེ་དག་གི་ལྟར་ན་ཡང་སྒྲར་གཏོགས་པ་ཁོ་ནར་འགྱུར་ན། འདིར་ནི་ཆ་དགུ་པའི་རྟོགས་པའི་མཚན་ཉིད་བསྔགས་པ་ཡིན་ནོ་ཞེས་པ་ལྟར་གཉིས་ཀའོ། །ཁ་ཅིག་ན་རེ་ཉི་སྣང་ལས། བྱང་ཆུབ་སེམས་དཔའ་རྣམས་ལ་སྤྲོ་བ་སྐྱེད་པ་རྣམས་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་པས་བསྔགས་པའི་དོན་ཡོངས་སུ་གསལ་བར་བྱེད་པ་ཡིན་ནོ་ཞེས་གསུངས་པས་ངག་ཙམ་ཡིན་ནོ་ཞེས་ཟེར་བ་ནི་མ་ཡིན་ཏེ། རྒྱན་སྣང་ལས། འཕགས་པ་རྣམ་པར་གྲོལ་བའི་སྡེས་བྱང་ཆུབ་སེམས་དཔའ་ལ་སྤྲོ་བ་སྐྱེད་པར་བྱེད་པ་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་ཡིན་པས་བསྟོད་པ་དང་བཀུར་བ་དང་བསྔགས་པའི་དོན་ཉེ་བར་སྡུད་པ་ཡིན་ནོ་ཞེས་བཤད་དོ། ཞེས་པ་


JLD017_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རབ་འབྱོར་གྱིས་བརྒྱ་བྱིན་ལ་ཁྱོད་ཀྱིས་བྱང་སེམས་ཀྱིས་ཐེག་པ་པ་རྣམས་ལ་མོས་པ་སྐྱེད་པ་ལེགས་སོ་ལེགས་སོ་ཞེས་གསུངས་པ་སོགས་འདི་གསུམ་གྱི་དོན་བསྡུ་ཡིན་ནོ་ཞེས་པའི་དོན་ཡིན་གྱི་འདི་གསུམ་ལེགས་སོ་ཞེས་པའི་ངག་ཙམ་དུ་སྟོན་པ་མིན་པས་སོ། །དེ་ཡང་ལེའུ་བརྒྱད་མར་འདི་གསུམ་གྱི་དོན་བསྡུའི་མདོ་སྦྱར་བ་མཐོང་བས་ཤེས་སོ། །ཤཱནྟིས་ནི་ངག་ཏུ་འདོད་དེ། སྙིང་པོ་མཆོག་ཏུ། དེ་ལ་ཡོན་ཏན་བརྗོད་པ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་བསྟོད་པ་དང་བཀུར་བ་བསྔགས་པ་ཡིན་ནོ། ཞེས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། མོས་པའི་འོག་ཏུ་ཟག་བཅས་བསྔོ་བ་ཡིད་ལ་བྱེད་པ་ཞེས་བྱ་བ་གསུངས་ཏེ། གོང་གི་ཚུལ་དེ་ལྟར་ཡུམ་ལ་མོས་པ་ལ་དེའི་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་འབྱུང་བས་སོ། །མདོའི་འབྲེལ་ནི། ཕན་ཡོན་དུ་ཡུམ་ཡོད་པས་མངོན་མཐོ་དང་ངེས་ལེགས་ཐམས་ཅད་ཡོད་པར་བསྟན་པ་དང༌། བྱམས་པས་བྱང་སེམས་ཀྱི་བསྔོ་བ་དང་ཉན་རང་གི་གཞི་གསུམ་གྱི་བསོད་ནམས་ཀྱི་ཁྱད་པར་བསྟན་པའི་སྒོ་ནས་གསུངས་སོ། །གཉིས་པ་ནི། བསྔོ་བ་ལ་ཁྱད་པར་དང་བྱེད་པ་དང་ངོ་བོ་སྟེ་གསུམ་མོ། །དང་པོ་ནི། རྐང་པ་དང་པོ་དང༌། གཉིས་པ་ནི་རྐང་པ་གཉིས་པ་དང༌། གསུམ་པ་ནི་རྐང་པ་ལྷག་མ་རྣམས་ཀྱིས་སྟོན་ཏེ་ངོ་བོ་ལ་བཅུ་གཅིག་གོ །འདི་ནི་འཕགས་པའི་དགོངས་པ་སྟེ་མདོ་ལ་ཤིན་ཏུ་འགྲིག་གོ །དེ་ལ་ཁྱད་པར་ནི་མདོར་བྱང་སེམས་ཀྱིས་དགེ་རྩ་སེམས་ཅན་ཀུན་དང་ཐུན་མོང་དུ་བྱས་ནས་བླ་མེད་བྱང་ཆུབ་ཏུ་མི་


JLD017_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་ཚུལ་གྱིས་བསྔོ་བ་དེ་སེམས་ཅན་ཐམས་ཅད་ཀྱི་དགེ་བ་དང་ཉན་རང་གི་དགེ་བ་ལས་རབ་ཅེས་བྱའོ་ཞེས་པ་ཡིན་ཞིང༌། བྱེད་པ་ནི་དེའི་འཐད་པར་ཉན་རང་རང་ཉིད་གཅིག་པུ་དུལ་བའི་ཆེད་དུ་གནས་ལ། བྱང་སེམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གནས་པར་གསུངས་པ་ཡིན་ཏེ། སེམས་ཅན་རྣམས་ལ་ཐེག་གསུམ་གྱིས་ངེས་པར་འབྱུང་བའི་ལམ་སྟོན་པའི་རྒྱུར་གྱུར་པས་སོ། །སློབ་དཔོན་འདི་དང་འགྲེལ་བྱེད་གཞན་རྣམས་ནི་དང་པོ་ཡང་བསྔོ་བ་གཅིག་ཏུ་བགྲངས་ནས་བཅུ་གཉིས་སུ་བྱེད་དོ། །གསུམ་པ་ནི། བསྔོ་བ་བྱེད་དོ། །གྲངས་དུ་ན། རྣམ་པ་བཅུ་གཉིས་སོ། །འདི་ལ་དྲུག་ལས། དང་པོ་གང་དུ་ན། བླ་མེད་སོགས་སོ། །གཉིས་པ་གང་གི་ཆེད་དུ་ན། སེམས་ཅན་སོགས་ཏེ། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང༌། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། ཞེས་པ་ལྟར་རོ། །གསུམ་པ་དགོས་པ་གང་གི་དོན་དུ་ན། མི་ཟད་སོགས་ཏེ། མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་སྐམས་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། ཅེས་པ་ལྟར་རོ། །བཞི་པ་གང་གིས་ན། ཡུལ་བཅུ་གཉིས་ལ་མ་ཞེན་པའི་རྣམ་པར་དམིགས་པའི་ཤེས་རབ་དང༌། སེམས་ཅན་ལ་ལམ་མ་ནོར་


JLD017_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྟོན་པའི་རྒྱུ་སྟེ་ཐབས་ཤེས་གཉིས་དང་ལྡན་པའི་ཡིད་བྱེད་བཅུ་གཉིས་རྣམས་ཀྱིས་སོ། །དེ་གང་ན་དང་པོ་བཅུ་གཉིས་མིང་དང་ཕྱི་མ་བཅུ་གཉིས་དོན་ཡིན་པས་མིང་དང་མིང་ཅན་རིམ་པ་བཞིན་དུ་སྦྱར་བར་བྱ་སྟེ། མོས་པའི་སྐབས་སུ་ཇི་སྐད་བཤད་པའི་མོས་ཡུལ་བྱང་ཆུབ་ལ་མོས་པ་ཡིད་ལ་བྱེད་པ་ཁྱད་པར་ཅན་ཞེས་བྱ་བ་དེ་ལྟར་མིང་དུ་བཏགས་པའི་བསྔོ་བ་ཡིད་ལ་བྱེད་པ་ནི། དེ་བཞིན་གཤེགས་པའི་བླ་ན་མེད་པའི་བྱང་ཆུབ་ཞེན་པའི་ཚུལ་གྱིས་མི་དམིགས་པར་སྒྱུ་མ་ལྟར་དམིགས་པ་དང༌། ཐེག་པ་གསུམ་གྱིས་གདུལ་བར་བྱ་བའི་སེམས་ཅན་རིགས་ཅན་གསུམ་ལ་རང་རང་གི་ལམ་ཉེ་བར་སྟོན་པའི་རྒྱུ་སྙིང་རྗེའི་ངོ་བོ་གཞན་ལ་ཕན་པའི་བྱེད་པ་གཉིས་དང་ལྡན་པས་སོ། །ལྷག་མ་རྣམས་ལ་ཡང་སྔ་མ་དང་ཕྱི་མ་རྣམས་ཀྱི་མཐར་འདི་ཁོ་ན་བཞིན་སྦྱར་རོ། །བྱང་ཆེན་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བླ་མེད་རྫོགས་བྱང་དུ་ཡོངས་སུ་བསྔོས་པ་འདི་ཉིད་རབ་ཅེས་བྱའོ། ཞེས་སོ། །མི་དམིགས་པའི་རྣམ་པ་ཅན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་སོགས་པས་ཏིང་ངེ་འཛིན་ཤེས་རབ་རྣམ་པར་གྲོལ་བ་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ལ་སོགས་པ་སྟེ། ཐེག་པ་ཆེན་པོའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ཇི་ལྟར་མཚན་མར་བྱས་ཏེ། བླ་མེད་རྫོགས་བྱང་དུ་ཡོངས་སུ་བསྔོ་བ་དེ་བཞིན་དུ་དངོས་པོ་དེ་དག་


JLD017_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

དང་དམིགས་པ་དེ་དག་དམིགས་སུ་ཡོད་པ་མ་ཡིན་ནོ། ཞེས་སོ། །འདི་ལ་རྒྱན་སྣང་དུ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་མི་དམིགས་པར་དམིགས་པའི་ཡིད་ལ་བྱེད་པས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། ཞེས་གསུངས་ཤིང༌། སྔ་མ་ལ་ཡང་བྱང་ཆུབ་མི་དམིགས་པར་དམིགས་པ་ཞེས་འབྱུང་བས་གཞུང་འདི་དང་རྒྱན་སྣང་གི་བསྔོ་བ་ཐ་མ་གསུམ་ལ་མི་དམིགས་པ་ལ་ཞེས་ཡུལ་དུ་བྱས་ཀྱང་མི་དམིགས་པར་ཞེས་ཡུལ་ཅན་གྱི་རྟོགས་ཚུལ་ལ་སྦྱར་ན་ལེགས་ཏེ། འདི་ཞེན་མེད་དུ་བསྟན་བཞེད་ནས་མཛད་ལ་བློས་མི་དམིགས་པར་མ་རྟོགས་ན་ཡུལ་མི་དམིགས་པ་ཡིན་ཀྱང་ཞེན་པར་བྱེད་པས་སོ། །ལུང་འདིས་ཁྱད་པར་ཅན་ལ་སོགས་པ་བསྔོ་བར་བྱེད་མཁན་ལ་མི་བྱེད་པར་བསྔོ་བའི་གྲངས་བཅུ་གཉིས་གང་ཞེས་པའི་ལན་དུ་སྦྱོར་བ་ཡང་བཀག་གོ །བདག་ལྟ་སོགས་མེད་པའི་ཕྱིན་ཅི་མ་ལོག་པ་ནི། གང་གིས་བསྔོ་བར་བྱེད་པའི་སེམས་ཏེ། གལ་ཏེ་བྱང་ཆེན་དེ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ལ་སེམས་ཀྱང་དེ་ལ་སངས་རྒྱས་སུ་འདུ་ཤེས་པར་མི་འགྱུར། ཉན་ཐོས་སུ་འདུ་ཤེས་པར་མི་འགྱུར། དགེ་བའི་རྩ་བར་འདུ་ཤེས་པར་མི་འགྱུར་ཞིང༌། སེམས་གང་གིས་ཡོངས་སུ་བསྔོ་བའི་སེམས་དེ་ལ་ཡང་སེམས་ཀྱི་འདུ་ཤེས་སུ་མི་འགྱུར་ན་དེ་ལྟར་ཡོངས་སུ་བསྔོ་བའི་བྱང་ཆེན་


JLD017_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད་དོ། ཞེས་སེམས་དང་ལྟ་བ་ལ་ཡང་དེ་ལྟར་སྦྱར་རོ། །དེ་གསུམ་ཡང་མཚན་མར་འཛིན་པའི་འདུ་ཤེས་དང༌། དམིགས་པར་འཛིན་པའི་འདུ་ཤེས་དང༌། ཡོངས་སུ་དཔྱོད་པའི་ལྟ་བ་གསུམ་གྱིས་དེ་མ་ཡིན་ལ་དེར་བཟུང་བའོ། །བསོད་ནམས་མངོན་པར་འདུ་བྱ་བ་དེ་དོན་དམ་པར་ཆོས་ཐམས་ཅད་ཀྱིས་དབེན་པར་ཤེས་པ་ནི། བདག་དང་སོགས་པས་གཞན་དང་ལྡན་པའི་རྣམ་རྟོག་སྟེ། བྱང་ཆེན་གྱིས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཕུང་ཁམས་སྐྱེ་མཆེད་ཀྱིས་དབེན་པར་ཤེས། ཞེས་སོ། །ཉན་ཐོས་དང་བཅས་པའི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བའི་ཚོགས་ཀྱི་རང་བཞིན་དྲན་ནས་སྒྱུ་མ་ལྟ་བུར་ཤེས་པ་ནི། ཉན་ཐོས་དང་བཅས་པའི་དུས་གསུམ་གྱི་སངས་རྒྱས་ཀྱི་དགེ་བ་སྟེ། བྱང་ཆེན་གྱིས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་གི་དགེ་རྩ་དེ་དག་ཐམས་ཅད་རྗེས་སུ་དྲན་པར་བྱས་ནས་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཡོངས་སུ་བསྔོ་བ་ཇི་འདྲ་བ་ཁོ་ནར་གང་གིས་ཡོངས་སུ་བསྔོ་བར་བྱེད་པའི་སེམས་ཀྱང་དེ་འདྲ་བ་ཁོ་ན་སྟེ། དེའི་རིགས་ཅན་དང་དེའི་རང་བཞིན་ཅན་ནོ་ཞེས་གལ་ཏེ་དེ་ལྟར་ཡོངས་སུ་ཤེས་ན་བླ་མེད་རྫོགས་བྱང་དུ་བསྔོས་པ་ཡིན་ནོ། ཞེས་སོ། །ཡུམ་གྱིས་སྦྱིན་སོགས་མི་དམིགས་པར་བསྔོ་བའི་ཐབས་ལ་མཁས་པ་དང་བཅས་པ་ནི། སྦྱིན་སོགས་དྲུག་སྟེ། བྱང་ཆེན་དེ་དག་གིས་ཡུམ་འདིར་ཐབས་མཁས་པ་ལ་བསླབ་པར་བྱའོ། །དེས་ན་ཡུམ་འདིར་བྱང་ཆེན་གྱི་ཐབས་


JLD017_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་རིག་པར་བྱ་སྟེ། ཡུམ་ལ་མ་བརྟེན་པར་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བསྔོ་བར་མི་ནུས་སོ། ཞེས་སོ། །འཁོར་གསུམ་དུ་དམིགས་པའི་མཚན་མ་མེད་པ་ནི། བར་གསུམ་གྱི་དགེ་བ་སོགས་ཀྱི་མཚན་མ་ནི་འཚང་རྒྱ་བའི་རྒྱུ་སྟེ། འདི་ལྟ་སྟེ་དཔེར་ན་ཟས་དུག་ཅན་དེ་དང་འདྲ་བར་དམིགས་པའི་འདུ་ཤེས་ཅན་ལ་ཡོངས་སུ་བསྔོ་བ་མེད་དོ། ཞེས་སོ། །སངས་རྒྱས་ཀྱིས་གནང་ཞིང་དགྱེས་པ་ནི་ཐེག་པ་གསུམ་གྱི་ལམ་ཐམས་ཅད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་ཡེ་ཤེས་བླ་ན་མེད་པས་དགེ་བའི་རྩ་བ་དེ་དག་གི་རིགས་གང་ཡིན་པ་དང་རང་བཞིན་གང་ཡིན་པ་དང༌། མཚན་ཉིད་གང་ཡིན་པ་མཁྱེན་ཅིང་ཆོས་ཉིད་གང་གིས་ཡོད་པ་དེ་བཞིན་དུ་བདག་གིས་ཀྱང་རྗེས་སུ་ཡི་རང་བར་བྱའོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་མཁྱེན་པ་དེ་བཞིན་དུ་བདག་གིས་བླ་མེད་རྫོགས་བྱང་དུ་ཡོངས་སུ་བསྔོའོ་ཞེས་དེ་ལྟར་བྱང་ཆེན་གྱིས་རྫོགས་བྱང་དུ་བསྔོ་བར་བྱ་སྟེ། ཞེས་སོ། །ཁམས་གསུམ་པར་མ་གཏོགས་པ་སྟེ་དེ་ལ་ཞེན་པ་མེད་པ་ནི་འདོད་པ་དང་སོགས་པས་གཟུགས་གཟུགས་མེད་ཀྱི་ཁམས་ཏེ། བྱང་ཚེ་གཟུགས་གང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་མ་གཏོགས་པ་དེ་ནི་འདས་པ་མ་ཡིན་མ་འོངས་པའང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མི་


JLD017_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་སོ། ཞེས་སོ། །བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བ་ཆུང་ངུ་ནི། དགེ་བ་བཅུ་དང་སོགས་པས་ཚད་མེད་བསམ་གཏན་གཟུགས་མེད་མངོན་ཤེས་ལྔ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་དགེ་བཅུའི་ལས་ཀྱི་ལམ་ཐོབ་པར་གྱུར། ཚད་མེད་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ན་ཞེས་རབ་འབྱོར་ལ་སེམས་ཅན་དེ་དག་བསོད་ནམས་མང་དུ་འཕེལ་ལམ། ཞེས་དྲིས་ཤིང་འཕེལ་བར་ལན་བཏབ་པ་ན་དེ་ལས་ཀྱང་མ་ཆགས་པས་དགེ་རྩ་བསྔོ་བ་བསོད་ནམས་ཆེས་འཕེལ་བར་གསུངས་པའོ། །བསོད་ནམས་ཆེན་པོ་འབྱུང་བའི་འབྲིང་ནི། སྟོང་གསུམ་སེམས་ཅན་རྒྱུན་ཞུགས་དང་སོགས་པས་རང་རྒྱལ་གྱི་བར་ཐོབ་པ་ལ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོས་མཆོད་པ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པར་གྱུར་ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང་དགྲ་བཅོམ་པར་གྱུར་ཏེ་ཞེས་དང༌། དེ་བཞིན་དུ་རང་རྒྱལ་དུ་གྱུར་པ་ལ་ཡང་གསུངས་ནས་སྔར་ལྟར་དྲིས་ལན་མཛད་པའོ། །འདིར་སྟོང་གསུམ་གྱི་སེམས་ཅན་གྱིས་རྒྱུན་ཞུགས་སོགས་ལ་མཆོད་པར་བཞེད་པ་ནི་མདོ་འགྲེལ་རྣམས་དང་མི་མཐུན་ནོ། །བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བ་ཆེན་པོ་ནི། སྟོང་གསུམ་གྱི་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ལ་གནས་པ་ལ་ཕྱོགས་


JLD017_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་སེམས་ཅན་གྱིས་མཆོད་པ་སྟེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བླ་མེད་རྫོགས་བྱང་དུ་ཡང་དག་པར་ཞུགས་པར་གྱུར་ཏེ། ཞེས་དེ་ལ་ཕྱོགས་བཅུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་ཡོད་པའི་སེམས་ཅན་ཐམས་ཅད་ཀྱིས་མཆོད་པ་ལ་སྔར་བཞིན་དྲིས་ལན་མཛད་པའོ། །ཐེག་པ་གསུམ་གྱིས་ཞེས་སོགས་འདི་དེའི་བྱེད་པ་ཞེས་པའི་འགྲེལ་པ་ཡིན་ལ་དེ་ཡང་བསྔོ་བ་ཐམས་ཅད་ཀྱི་མཇུག་ཏུ་སྦྱར་དགོས་ཏེ། རྒྱན་སྣང་དུ། སེམས་ཅན་ཐམས་ཅད་ལ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ལམ་ཉེ་བར་སྟོན་པའི་བྱ་བ་དང་ལྡན་པའི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་གཅིག་ཁོ་ན་འགའ་ཞིག་འགའ་ཞིག་ལ་མངོན་པར་ཞེན་པ་ཡིན་པས་དེའི་གཉེན་པོའི་དོན་དུ་ཇི་སྐད་དུ་བཤད་པའི་ཚུལ་གྱིས་སྐྱེ་བོ་བློ་དམན་པ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བ་རྣམ་པ་བཅུ་གཉིས་བྱས་པ་ཡིན་ལ། ཞེས་པས་སོ། །འདིས་ནི་བསྔོ་བ་ཐ་མ་གསུམ་ངོ་བོ་ཐ་དད་པར་འདོད་པ་ཡང་བཀག་ལ་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བ་ཡང་དཔེ་གསུམ་གྱི་སྟེང་ནས་དེ་ཉིད་ལས་གསུངས་པས་སོ། །ལྔ་པ་བསྔོ་རྒྱུ་ནི། མདོ་ལས་དེ་བཞིན་གཤེགས་པ་རྣམས་སེམས་བསྐྱེད་ནས་སངས་རྒྱས་ཀྱི་བར་དང༌། དེ་ནས་མྱ་ངན་ལས་འདས་ཀྱི་དང༌། དེ་ནས་དམ་པའི་ཆོས་ནུབ་པའི་བར་གྱི་དགེ་བ་དང༌། སེམས་ཅན་རྣམས་ཐེག་གསུམ་གྱིས་སྨིན་པར་བྱས་པ་དང༌།


JLD017_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མི་སློབ་ལ་སོགས་པ་འཇིག་རྟེན་ལས་འདས་མ་འདས་ཀྱི་དགེ་བ་ཐམས་ཅད་བསྔོ་བར་གསུངས་སོ། །འོན་ཀྱང་མདོ་ལས་འདི་དག་དང་པོར་བློས་གཅིག་ཏུ་བསྡོམས་ཤིང་དེ་ནས་རྗེས་སུ་ཡི་རང་བར་བྱས་ནས་དེའི་དགེ་བ་བསྔོ་བར་གསུངས་པས་གཞན་གྱི་དགེ་རྩ་བསྔོ་བར་གསུངས་པའི་དོན་ནི། ཕྲག་དོག་མེད་པའི་ཡི་རང་བྱས་པ་ན་བྱེད་པ་པོ་དང་མཚུངས་པར་ཐོབ་པའི་དགེ་བ་དེ་ཉིད་བསྔོ་བ་ལ་བཏགས་སམ་སྙམ་མོ། །སྔར་བསྔོ་བ་བཅུ་གཉིས་བྱེད་པར་བསྟན་པ་ནི། བསྔོ་བའི་གྲངས་ཡིན་གྱི་བསྔོ་རྒྱུ་མིན་པས་བསྔོ་བ་བཅུ་གཉིས་ཀྱིས་དེ་ཉིད་བསྔོའོ་ཞེས་འཁྲུལ་བར་མི་བྱའོ། །དྲུག་པ་ངོ་བོ་ནི། རྒྱན་ལས། བསྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། ཞེས་པ་ལྟར་དགེ་རྩ་བྱང་ཆུབ་ཏུ་སྟོབ་པར་བྱེད་པའི་སེམས་པ་དང༌། མི་ཟད་པར་འདོད་པའི་འདུན་པ་རྣམས་ཅི་རིགས་པ་སྟེ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱང་དགོས་སོ། །གསུམ་པ་ལ་གསུམ་ལས། དང་པོ་ནི། བསྔོ་བའི་འོག་ཏུ་ཟག་བཅས་གསུམ་པ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ཞེས་བྱ་བ་གསུངས་ཏེ། གོང་གི་ཚུལ་དེ་ལྟར་ལེགས་པར་བསྔོས་པའི་དགེ་བའི་དངོས་པོ་རྣམས་ཡི་རང་གིས་སྤེལ་བར་བྱ་བ་ཡིན་པས་སོ། །འདིར་བསྔོ་བའི་འོག་དང་སྡུད་པར་གོང་དུ་བསྟན་པ་ནི། བསྔོས་པའི་དགེ་བ་ཡི་རང་གིས་སྤེལ་བ་དང་ཡི་རང་གིས་དགེ་བ་བསྔོ་བ་གཉིས་ཕན་ཚུན་མཚོན་པར་འཆད་དོ། །མདོའི་འབྲེལ་ནི། དགེ་རྩ་རྣམས་གཅིག་ཏུ་བསྡུས་ནས་རྗེས་སུ་ཡི་རང་བྱ་བར་གསུངས་ན་ཅི་ཙམ་གྱིས་རྗེས་སུ་ཡི་རང་


JLD017_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གྱུར་པ་ཡིན་ཞེས་རབ་འབྱོར་གྱིས་དེ་བཞིན་གཤེགས་པ་ལ་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ནི། ཐབས་དག་གིས་དགེ་བའི་རྩ་བ་ལ་ཡི་རང་བ་དང༌། མི་དམིགས་པ་དག་གིས་དེ་ལ་ཡི་རང་བ་ནི། རྗེས་སུ་ཡི་རང་ཡིད་ལ་བྱེད་པ་སྒོམ་པ་ཡིན་པར་བསྟན་བཅོས་སམ་མདོ་འདིར་བརྗོད་དོ་ཞེས་སྦྱར་བས་དོན་དམ་དང་ཀུན་རྫོབ་ཡུལ་ཅན་གྱི་ཡི་རང་གཉིས་སུ་འགྱུར་ཏེ། དེ་ལྟར་མི་དམིགས་པའི་ཚུལ་གྱིས་བྱང་ཆེན་གྱིས་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་པ་དང༌། ཞེས་པ་ནས་ཡུམ་ལ་སྤྱོད་པའི་ཚེ་ཐབས་མཁས་དགེ་བའི་རྩ་བ་དེ་དག་བླ་མེད་རྫོགས་བྱང་དུ་བསྔོ་བར་བྱའོ། ཞེས་སོ། །གསུམ་པ་ནི། རྗེས་སུ་ཡི་རང་བ་བསྒོམ་པར་བྱ་བ་དག་ཡིན་ནོ། །གང་ལ་ན། དགེ་རྩ་རྣམས་སོ། །གང་གིས་ན། ཕྲག་དོག་ཟད་པའི་རབ་ཏུ་སོགས་སོ། །ཇི་ལྟར་ན། ཀུན་རྫོབ་ཏུ་ཐབས་མཁས་ཀྱིས་སྒྱུ་མ་ལྟ་བུར་དམིགས་ནས་དང་དོན་དམ་པར་ཤེས་རབ་ཀྱིས་ཅིར་ཡང་མི་དམིགས་པར་རྟོགས་པ་ཉིད་ཀྱིས་སོ། །གསུམ་པ་ནི། ཟག་བཅས་སྒོམ་ལམ་གསུམ་ཡོད་པ་དེ་ལ་སྟེ་དེའི་ནང་ནས་མོས་པ་ཡིད་ལ་བྱེད་པས་ནི། བསོད་ནམས་དུ་མ་མངོན་པར་འདུ་བྱེད་པ་སྟེ་སྐྱེད་པར་བྱེད་དེ། མདོ་ལས། བསམ་མི་ཁྱབ་ལ་དད་རྣམས་ཀྱི། །རྣམ་པར་སྨིན་པ་བསམ་མི་ཁྱབ། ཅེས་པ་ལྟར་ཡུལ་བླ་ན་མེད་པ་ལ་ཡིད་ཆེས་པའི་དད་པའོ། །འདུ་བྱེད་པའི་དཔེ་ནི། གསེར་གྱི་འབྱུང་ཁུངས་དག་ནས་གསེར་གྱི་གར་བུ་འབྱུང་བ་བཞིན་དུའོ། །


JLD017_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བ་ཡིད་ལ་བྱེད་པས་ནི་མོས་པས་བསྐྲུན་པའི་དགེ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་སྟེ་རྒྱུར་བྱེད་དེ། ཤེས་རབ་དང་སྙིང་རྗེས་དགེ་བ་རྣམས་རྫོགས་བྱང་དུ་སྟོབ་པའོ། །རྒྱུར་བསྒྱུར་བའི་དཔེ་ནི། གསེར་མགར་གྱིས་གསེར་སྦྲམ་སྐྱེས་བུའི་རྣ་རྒྱན་སོགས་སུ་བསྒྱུར་བ་བཞིན་དུའོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་ནི། ཡི་རང་སྒོམ་པ་པོ་རང་དང་དགེ་བ་སྒྲུབ་པ་པོ་གཞན་གྱིས་བསོད་ནམས་བྱ་བ་མཉམ་པ་ཉིད་འཐོབ་སྟེ། ཕྲག་དོག་ཟད་པའི་སྒོ་ནས་གཞན་གྱིས་བྱས་པ་ལ་རང་གིས་བྱས་པ་ལྟར་གྱི་དགའ་བ་སྒོམ་པས་སོ། །དེ་ཡང་བློ་མཉམ་ན་མཉམ་པོ་དང༌། མི་མཉམ་ན་ཡང་དེ་ལྟར་འཐོབ་ཅེས་འཆད་དོ། ཞེས་བྱ་བ་འདི་གསུམ་ནི་ཟག་བཅས་གསུམ་བྱེད་ལས་ཀྱི་སྒོ་ནས་དོན་བསྡུས་པ་ཡིན་ནོ། །འདི་དག་ནི་འཕགས་པས་མཛད་པའི་རྗེས་སུ་སློབ་དཔོན་འདི་རྣམ་འགྲེལ་ཤེར་སྒྲོན་རྣམས་ཀྱིས་ཀྱང་བཀོད་པའོ། །གཉིས་པ་ལ་གཉིས། ཐུན་མོང་གི་མཚམས་སྦྱར། སོ་སོའི་དོན་བཤད་པའོ། །དང་པོ་ནི། ཟག་བཅས་སྒོམ་ལམ་གྱི་འོག་ཏུ་དམན་མཆོག་གི་རིམ་པས་ཟག་མེད་སྒོམ་ལམ་འཆད་དེ། དེ་ལ་ཡོན་ཏན་མངོན་པར་སྒྲུབ་པ་དང་དྲི་མ་རྣམ་པར་དག་པར་བྱེད་པའི་སྒོམ་ལམ་གཉིས་སོ། །ཡང་ནི་སྔར་བཞིན་ནོ། །འབྱེད་པའི་རྒྱུ་མཚན་ལ་ཁ་ཅིག་ནི་སྤངས་རྟོགས་དང་གཞན་དག་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་དང༌། ལ་ལ་གཞན་དབང་གི་ཡུལ་ཅན་ཡོན་ཏན་སྒྲུབ་པ་དང་ཡོངས་གྲུབ་ཀྱི་ཡུལ་ཅན་དྲི་མ་སེལ་བ་གཉིས་ཡོད་པས་སོ་ཞེས་ཟེར་རོ། །དེ་ལ་དང་པོ་ལྟར་ན། རྣམ་དག་སྒོམ་ལམ་སྤངས་པ་ཡིན་


JLD017_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདུས་མ་བྱས་སུ་འགྱུར་ལ། དེ་ཡང་མི་འཐད་དེ། ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་འདི་ནི་སྒོམ་པའི་ལམ། ཞེས་སྒོམ་ལམ་དྲི་མ་དགུ་སེལ་བྱེད་དུ་གསུངས་སོ། །གཉིས་པ་ཡང་མི་རུང་སྟེ། ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི། ཞེས་སྤང་བྱ་དགུ་འཇོམས་བྱེད་དུ་གསུངས་ལ། རྣམ་གྲོལ་ལམ་གྱི་ཚེ་གཉེན་པོའི་བྱེད་པ་ཆད་པས་སོ། །དགེ་སྦྱོང་གི་ཚུལ་གྱིས་འབྲས་བུ་ཞེས་པ་དང་མི་འགལ་ཏེ། དེས་ནི་རྣམ་གྲོལ་ལམ་ཡོད་པ་ཙམ་དུ་བསྟན་གྱི་ངེས་པར་མིན་ཏེ། གཞན་དུ་ན་ས་དགུ་ཞེས་སོགས་དང་འགལ་བས་སོ། །དེས་ན་གཉིས་ཀ་ལ་ཡང་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཡོད་དོ། །གསུམ་པས་ནི། མཉམ་རྗེས་ལ་འདོད་པར་སྣང་བས་དེ་ཡང་མི་རུང་སྟེ། ཟག་བཅས་ཟག་མེད་གཉིས་ནི་མཉམ་རྗེས་ཀྱི་དབང་དུ་བྱས་པར་སྔར་བསྟན་པས་སོ། །དེས་ན་མཉམ་གཞག་ཟག་མེད་གཅིག་ཉིད་ཡུལ་རྟོགས་ཚུལ་གྱི་སྒོ་ནས་ཐོབ་བྱ་འགྲུབ་པར་བྱེད་པ་དང༌། སྤང་བྱ་འཇོམས་ཚུལ་གྱི་སྒོ་ནས་དྲི་མ་སེལ་བར་བྱེད་པ་གཉིས་ཀྱི་ལྡོག་པ་ནས་བསྟན་པས་འདི་གཉིས་དངོས་པོ་ཐ་དད་པར་མི་བསམ་མོ། །མདོའི་འབྲེལ་ནི། མི་དམིགས་པར་རྟོགས་པའི་ཡུམ་གྱི་དགེ་བ་བསྔོ་བ་དང༌། ཡི་རང་བྱ་བར་གསུངས་པ་ལ་འཕྲོས་ནས། ཤཱ་རིའི་བུས་ཡུམ་དེ་སྣང་བར་བྱེད་པ་དང་ཕྱག་བྱ་བར་འོས་པ་ལ་སོགས་པར་གསུངས་སོ། །གཉིས་པ་ལ་གཉིས། སྒྲུབ་པ་དང༌། རྣམ་དག་སྒོམ་ལམ་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། ཟག་


JLD017_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་གཉིས་ཡོད་ལ་དེའི་ཕྱིར་བཤད་པའི་རིམ་པས་དང་པོར་ཡོན་ཏན་མངོན་པར་སྒྲུབ་པའི་མཚན་ཉིད་ཀྱི་སྒོམ་ལམ་གསུངས་སོ། །གཉིས་པ་ནི། སྒྲུབ་པ་སྒོམ་ལམ་ལ་ཡང་གཉིས་ལས། གང་གིས་སྒྲུབ་བྱེད་ཀྱི་རང་བཞིན་ནི་དང་པོ་གསུམ་སྟེ། ངོ་བོ་དང་ཁྱད་པར་དང་བློའི་རྣམ་པའོ། །དེའི་ནི་སྒོམ་ལམ་དེའི་ཞེས་བཤད་དེ་ལུས་རྣམ་གཞག་ལ་བསྙག་དགོས་སོ། །གང་བསྒྲུབ་བྱ་ལ་ལྟོས་པའི་ནུས་པ་ནི། ཕྱི་མ་གཉིས་སྟེ། བྱང་སེམས་ཀྱི་གནས་སྐབས་ན་གཏོད་པ་དང་སངས་རྒྱས་ཐོབ་པར་བྱེད་པའོ། །གསུམ་པ་ནི། སྒྲུབ་པ་སྒོམ་ལམ་དེའི་ངོ་བོ་ཉིད་ནི། གཟུགས་སོགས་ཀྱི་ཆོས་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པ་སྤྲོས་པ་ཐམས་ཅད་དང་བྲལ་བར་མངོན་སུམ་དུ་མཐོང་བ་སྟེ། ཡུམ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་སྟོན་པར་བགྱིད་པའོ། ཞེས་སོ། །འདིར་སྣང་བར་བགྱིད་པ་ཞེས་སོགས་ཀྱི་མདོའི་དོན་དྲོད་སོགས་བཞི་དང་མཐོང་ལམ་བཅུ་དྲུག་དང༌། ཟག་བཅས་སྒོམ་ལམ་ལ་བཤད་ཅིང་སྡུག་བསྔལ་ལ་ཆོས་བཟོད་ཀྱིས་ཁམས་གསུམ་གྱི་རང་གི་མཐོང་སྤང་སྤངས་པས་ཁམས་གསུམ་ཐམས་ཅད་ཀྱི་རབ་རིབ་དང་བྲལ་བར་བགྱིད་པ་ལགས་སོ་ཞེས་པའི་མདོའི་བཤད་པ་མཛད་ནས་དེ་དག་ཀྱང་སྔོན་གྱི་སློབ་དཔོན་རྣམས་ཀྱི་ལུགས་སུ་རྒྱན་སྣང་དུ་འབྱུང་བ་ལ། ཨ་བྷྱས་སྐབས་འདིར་ཟག་མེད་སྒྲུབ་པ་སྒོམ་ལམ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་པས་དེ་དྲོད་སོགས་ཀྱི་གནས་སྐབས་སུ་ཇི་ལྟར་རིགས་ཞེས་པ་དང༌། ཁམས་གོང་མའི་མཐོང་སྤང་སྡུག་བསྔལ་

ཤོག་ལྷེབ་ ༨༠༡ ནས་ ༨༡༨ བར།


JLD017_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་བཟོད་ཀྱིས་སྤོང་བར་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྒྲུབས་པས་ཆོས་བཟོད་ཀྱིས་སྤོང་བ་ནི་ཤིན་ཏུ་ཡང་ངོ་མཚར་བར་བྱེད་པ་སྟེ་ཞེས་དགག་པ་སྨྲ་བ་ནི། རང་ཉིད་ཤིན་ཏུ་ངོ་མཚར་བར་སྟོན་པ་སྟེ་དེ་ཡང་མཐོང་ལམ་དུ་བརྗོད་ཟིན་ཏོ། །གཞན་ཡང་འདིའི་སྐབས་ཀྱི་མདོའི་དོན་སྒྲུབ་པ་སྒོམ་ལམ་ཁོ་ན་ཡིན་ན་སྟོབས་བཅུ་བགྱིད་པ་དང་མི་ཐུལ་བ་དང་མགོན་བགྱིད་པ་ལགས་སོ་ཞེས་པའི་སྐབས་འདིའི་མདོ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞིའི་བཤད་པ་རང་ཉིད་ཀྱིས་ཞིབ་པར་བྱས་པ་དང་ཇི་ལྟར་མི་འགལ། དེས་ན་ཡིད་ཕྲག་དོག་གིས་དཀྲུགས་ཀྱང་དྲན་པ་རྣལ་དུ་བཞག་སྟེ་སྨྲ་དགོས་སོ། །དེ་བཞིན་དུ་པཎྜི་ཏ་འདིས་སློབ་དཔོན་གྱིས་བརྒྱད་སྟོང་པའི་བཤད་པ་སྔ་ཕྱི་རྣམས་ལ་ནོར་བ་མང་པོ་སྣང་བ་ནི་བདག་གིས་ཚིག་མངས་སུ་དོགས་པས་མ་བྲིས་ལ། ལེགས་པར་ཤེས་པ་རྣམས་ཀྱིས་བརྟགས་ཏེ་དོར་བར་བྱའོ་ཞེས་ཟེར་བ་ཡང་སྔར་ལྟར་སྐྱོན་མེད་པ་ལ་ཕྲག་དོག་གིས་སྐྱོན་འཛིན་འདོད་པ་འབའ་ཞིག་གོ །སྒྲུབ་པ་སྒོམ་ལམ་གྱི་མཆོག་ཉིད་ནི། འདིས་མ་ཟིན་པར་ཕར་ཕྱིན་གཞན་ནམ་ཟག་བཅས་ཀྱིས་སངས་རྒྱས་མི་འཐོབ་པ་སྟེ། བྱང་ཆེན་རྣམས་ཀྱིས་ཡུམ་འདིས་ནི་སྦྱིན་པའི་ཕར་ཕྱིན་ཟིལ་གྱིས་གནོན་ཞེས་པ་ནས་བསམ་གཏན་གྱི་ཕར་ཕྱིན་ཟིལ་གྱིས་གནོན་ནོ་ཞེས་དམུས་ལོང་དུ་མ་ཡོད་ཀྱང་མིག་ལྡན་མེད་ན་གྲོང་དུ་འཇུག་མི་ནུས་པའི་དཔེས་གསུངས་སོ། །སྒོམ་ལམ་དེ་ཡིས་ཀུན་ལ་མངོན་པར་འདུ་མི་བྱེད་པ་ནི། ཀུན་བྱང་གི་


JLD017_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ཀྱི་ཁྱད་པར་སྐྱེ་འཇིག་དང་དམིགས་པ་མེད་པར་རྟོགས་ནས། སྦྱོར་བའམ་སྒྲུབ་པ་སྟེ། རྣམ་མཁྱེན་གྱི་བར་དུ་མངོན་པར་འདུ་བྱ་བ་མེད་པ་དང༌། སྐྱེ་བ་མེད་པ་དང་དངོས་པོ་མེད་པ་དང་འབྱུང་བ་མེད་པ་དང་དམིགས་པ་མེད་པ་དང་འཇིག་པ་མེད་པས་ཡུམ་མངོན་པར་བསྒྲུབ་པར་བྱའོ། ཞེས་སོ། །སྒོམ་ལམ་དེས་གཏོད་པར་བྱེད་པ་ནི། སྔར་གྱི་དེ་ལྟ་བུའི་ངོ་བོ་ཉིད་ལ་སོགས་པ་དང་ལྡན་པའི་ལམ་གྱི་ཡོན་ཏན་གྱི་ཆོས་རྣམས་མཚན་མར་མི་དམིགས་པ་ཉིད་དུ་རྣལ་འབྱོར་པ་སྒོམ་ལམ་པའི་རྒྱུད་ལ་སྐྱེད་པར་བྱེད་པ་སྟེ། ཇི་ལྟར་མི་དམིགས་པ་དང་མི་ལེན་པ་དང༌། མི་གནས་པ་དང་མི་འདོར་བ་དང་མངོན་པར་མ་ཆགས་པ་དེ་ལྟར་གཏོད་པར་བྱེད་དེ། ཞེས་སོ། །སྒོམ་ལམ་དེས་དོན་ཆེན་པོ་ཉིད་དུ་བྱེད་པ་ནི། ཐོབ་བྱའི་དོན་ནམ་འབྲས་བུ་ཆེན་པོ་སངས་རྒྱས་ཐོབ་པ་ཉིད་དུ་བྱེད་པའི་ཕྱིར་ཏེ། ཡུམ་འདི་ནི་ཕར་ཕྱིན་ཆེན་མོའོ། ཞེས་སོ། །གཉིས་པ་ལ་གཉིས། རྣམ་དག་གི་རྒྱུ་དང༌། རྣམ་དག་དངོས་སོ། །དང་པོ་ལ་གསུམ་ལས། དང་པོ་ནི། སྒྲུབ་པ་སྒོམ་ལམ་དེའི་འོག་ཏུ་ཟག་མེད་གཉིས་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་གསུངས་སོ། །ཇི་ལྟར་ན་མཐུན་རྐྱེན་གང་ཞིག་ཡོངས་སུ་བཟུང་བ་དང་འགལ་རྐྱེན་གང་ཞིག་བོར་བས་འཐོབ་པར་འགྱུར་བའི་རྣམ་དག་སྒོམ་ལམ་འདིའི་སྐྱེ་བའི་རྒྱུ་དང་མི་སྐྱེ་བའི་རྒྱུ་གང་ཞིག་ཡིན་སྙམ་པའི་ཐེ་ཚོམ་བསལ་བ་སྔོན་དུ་བཏང་བའི་སྒོ་ནས་སོ། །མདོའི་འབྲེལ་ནི། ཡུམ་ཟབ་མོ་འདི་ལ་མོས་པ་དེ་གང་ནས་འདིར་སྐྱེས། ཅི་ཙམ་ནས་རྫོགས་བྱང་དུ་ཞུགས། ཅི་ཙམ་ནས་དེ་བཞིན་གཤེགས་


JLD017_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་བསྙེན་བཀུར། ཅི་ཙམ་ནས་ཕྱིན་དྲུག་ལ་སྤྱད་ཅེས་ཤཱ་རིའི་བུས་སངས་རྒྱས་ལ་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ནི། འཇིག་རྟེན་ལས་འདས་པའི་སྒོམ་ལམ་དང་མཐོང་ལམ་གྱི་རྩ་བ་ནི་མོས་པ་ཡིན་ལ་དེའི་རྒྱུ་ནི་སངས་རྒྱས་བསྟེན་སོགས་ཡིན་པར་དག་ལྡན་ལས་སོ། །གསུམ་པ་ལ་གཉིས། སྐྱེ་བ་དང་མི་སྐྱེ་བའི་རྒྱུའོ། །དང་པོ་ནི། རྣམ་དག་སྒོམ་ལམ་སྐྱེ་བའི་རྒྱུ་དག་ཡིན་ནོ། །གང་ན། གསུམ་ལས་དང་པོ་ནི། སངས་རྒྱས་གྲངས་མེད་པ་ཡུན་རིང་པོར་བསྙེན་བཀུར་བའི་སྒོ་ནས་མཉེས་པར་བྱེད་པ་སྟེ། བྱང་ཆེན་དེ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་བསྙེན་བཀུར་ནས་འདིར་འོངས་ཤིང་སྐྱེས་པ་སྟེ། ཞེས་སོ། །གཉིས་པ་ནི། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་རྫོགས་པར་བྱེད་པ་སྟེ། བྱང་ཆེན་དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་ཚད་མེད་པ་ནས་བླ་མེད་རྫོགས་བྱང་དང་ཡང་དག་པར་ལྡན་པར་འགྱུར་བ་སྟེ་སེམས་དང་པོ་བསྐྱེད་པ་ནས་སྦྱིན་པའི་ཕར་ཕྱིན་ལ་སྤྱད། ཅེས་སོ། །གསུམ་པ་ནི། ཕྱིན་དྲུག་སྒྲུབ་པའི་ཚེ་མི་དམིགས་པར་རྟོགས་པའི་སྤྲོས་བྲལ་གྱི་ཞི་གནས་སྒོམ་པ་ལ་མཁས་པ་སྟེ། བྱང་ཆེན་གང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཡུམ་ཟབ་མོ་འདི་ལ་དེ་མི་དམིགས་པའི་ཚུལ་གྱིས་བརྩོན་པར་བྱེད་པ་དང༌། ཞེས་སོ། །གཉིས་པ་ནི། ཐེག་ཆེན་གྱི་ཆོས་ཀྱིས་ཕོངས་པའི་རྒྱུའམ་རྣམ་དག་སྒོམ་ལམ་མི་སྐྱེ་བའི་རྒྱུ་དག་ཡིན་


JLD017_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གང་ན་བཞི་ལས། དང་པོ་ནི། སྔོན་དགེ་རྩ་མ་བསགས་པས་བདུད་ཀྱིས་ཐིབས་ཀྱིས་ནོན་པ་སྟེ་བདུད་ཀྱིས་གནོད་པ་བྱས་ནས་དེའི་དབང་དུ་སོང་བའོ། །གཉིས་པ་ནི། ཐེག་ཆེན་གྱི་རིགས་མ་སྦྱངས་པས་ཆོས་ཟབ་མོ་སྤྲོས་བྲལ་ལ་མ་མོས་པའོ། །གསུམ་པ་ནི། ཆོས་ལ་བདག་མེད་པའི་དོན་ལ་མ་གོམས་པས་ཕུང་པོ་སོགས་ལ་དངོས་པོར་འཛིན་པ་སྟེ་ཞེན་པའོ། །བཞི་པ་ནི། དགེ་བའི་བཤེས་གཉེན་ལ་འདྲིས་པར་མ་བྱས་པས་མི་དགེ་བའི་གྲོགས་པོ་དང་འགྲོགས་ཤིང་དེའི་དབང་དུ་སོང་བ་སྟེ་སྐྱེས་བུ་གླེན་པ་དེ་དག་ནི་བདུད་ཀྱི་བྱིན་གྱིས་བརླབས་པར་འགྱུར་བ་དང༌། ཆོས་ཟབ་མོ་རྣམས་ལ་མོས་པ་མེད་ཅིང་དད་པར་མི་འགྱུར་བ་དང༌། ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པར་འགྱུར་བ་དང༌། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བས་ཞེ་སྡང་གི་སྤྱོད་པ་ཅན་བདག་བསྟོད་ཅིང་གཞན་སྨོད་པར་འགྱུར་བ་ཡིན་ཏེ། རབ་འབྱོར་རྣམ་པ་བཞི་པོ་དེ་དག་དང་ལྡན་ན་སྐྱེས་བུ་གླེན་པ་དེ་དག་ཡུམ་ཟབ་མོ་འདི་སྤོང་བར་འགྱུར་རོ། ཞེས་སོ། །འདི་དག་མདོ་ནས་ཡུམ་ཙམ་ཞིག་གི་མཐུན་རྐྱེན་དང་འགལ་རྐྱེན་དུ་གསུངས་པའི་དགོངས་པ་བསྟན་བཅོས་ཀྱིས་སྒོམ་ལམ་ལ་སྦྱར་ལ། དེ་ཡང་རྣམ་དག་གི་ཡིན་པར་འཕགས་པ་དང་སློབ་དཔོན་གཉིས་བཞེད་པ་ལྟར་ཡིན་ཏེ། གོ་རིམ་གྱིས་ཤེས་སོ། །དེ་སྦྱོར་བའི་རྒྱུ་མཚན་ནི། རྣམ་དག་འདི་ལམ་གཞན་དང་གཞུང་གི་ཡུམ་ལས་གཙོ་བོར་གྱུར་པས་གཙོ་བོའི་རྒྱུར་བསྟན་ཏོ། །ཤཱནྟིས་ནི་སྒྲུབ་པ་སྒོམ་ལམ་གྱི་ཡན་ལག་ལྔ་དང་དྲུག་པ་མོས་པའི་རྒྱུ་བདུན་པ་སྤོང་བའི་རྒྱུ་སྟེ་སྒྲུབ་པའི་ཡན་ལག་


JLD017_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཞེས་གཞུང་འདི་སྒྲུབ་པ་སྒོམ་ལམ་ལ་ཡར་གཅོད་དོ། །གཉིས་པ་ལ་གཉིས། རྣམ་དག་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། གོང་གི་དེ་ལྟར་འཐོབ་པའི་རྒྱུ་མཐུན་རྐྱེན་དང་མི་འཐོབ་པའི་རྒྱུ་འགལ་རྐྱེན་དག་བཤད་ནས་དེའི་འོག་ཏུ་སྐབས་སུ་བབ་པ་རྣམ་དག་གི་ངོ་བོ་གསུངས་སོ། །ཇི་ལྟར་ན། སྤྱིར་ཏེ་འཕགས་པ་རྣམས་ཀྱི་རྣམ་དག་སོ་སོར་མ་ཕྱེ་བར་སྟོན་ཏོ། །འདིར་རང་བཞིན་རྣམ་དག་དང་འོག་ཏུ་གློ་བུར་དྲི་བྲལ་བསྟན་པ་སྤྱི་དང་ཁྱད་པར་གྱི་དོན་དུ་བཞེད་པ་མ་ཡིན་ཏེ། འདིར་ཡང་གློ་བུར་དྲི་བྲལ་ཉིད་བསྟན་པས་སོ། །གཉིས་པ་ནི། འབྲས་བུ་དག་པ་ནི་གཟུགས་དང་སོགས་པས་རྣམ་མཁྱེན་གྱི་བར་དག་པ་ཉིད་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་འབྲས་བུ་དང་གཟུགས་སོགས་ཀྱི་དག་པ་དེ་གཉིས་ཐ་དད་མ་ཡིན་ཞིང་བཅད་དུ་མེད་པས་སོ། །དེས་ན་མདོར་གཟུགས་སོགས་དག་པ་འབྲས་བུ་དག་པར་བརྗོད་དོ། །གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། ཞེས་རྣམ་མཁྱེན་གྱི་བར་ལ་གསུངས་ནས། རབ་འབྱོར་གཞན་ཡང་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཡུམ་རྣམ་པར་དག་པ་ཡུམ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང༌། འབྲས་བུ་རྣམ་པར་དག་པ་དང༌། ཡུམ་རྣམ་པར་དག་པ་གང་ཡིན་པ་འདི་ལ་གཉིས་སུ་མེད་ཅིང་


JLD017_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། ཞེས་འབྱུང་ཞིང་རྣམ་མཁྱེན་གྱི་བར་ལ་ཡང་དེ་ལྟར་རོ། །དེས་ན་དག་པ་ཉིད་དེ་ཞེས་པ་ཡན་ཆད་ནི་འགྲེས་སྔ་མ་དང་དེ་གཉིས་ནས་མེད་པས་ཞེས་པ་ནི་འགྲེས་ཕྱི་མ་བསྡུས་ལ་དག་པར་བརྗོད་ཅེས་པ་མདོར་དེ་ལྟར་བསྟན་ཅེས་དོན་བསྡུས་པའོ། །འོན་ཀྱང་འགྲེས་ཕྱི་མའི་ཡུམ་དག་པ་བསྟན་བཅོས་ཀྱི་ཚིག་གིས་མ་ཟིན་ལ་མདོའི་སྒྲས་ཟིན་ལ་དག་པ་གསུམ་གཅིག་ཡིན་པ་རྒྱུ་མཚན་དང་གཉིས་མེད་སོགས་བཞི་དམ་བཅའ་ལྟར་བྱུང་ཡང་བསྟན་བཅོས་ལས་བཟློག་ནས་འཆད་དོ། །འདི་ཞིབ་པར་དཔྱད་ན་གསུམ་སྟེ། ཆོས་ཅན་དག་གཞི་གསུམ་གྱི་ངོ་བོ་དང༌། བསྒྲུབ་བྱ་དག་པ་གསུམ་གཅིག་ཡིན་པ་དང༌། སྒྲུབ་བྱེད་གཉིས་མེད་སོགས་བཞིར་ཕྱེ་བའི་དོན་བཤད་པའོ། །དང་པོ་ནི་དག་ལྡན་ལས། གང་གི་དག་པ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་སྒོམ་པའི་ལམ་གྱི་ཞེས་བྱ་བའི་དོན་ཏོ། ཞེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཉིད་ནི་དེའི་དམིགས་པ་དང་དེའི་འབྲས་བུ་རྣམ་པར་དག་པ་ཡིན་ཏེ། ཞེས་ཡུམ་སྒོམ་ལམ་གཟུགས་སོགས་དེའི་ཡུལ་འབྲས་བུ་དེའི་འབྲས་བུ་ལ་བཤད་དོ། །གྲགས་ཆ་ལས་འབྲས་བུ་ནི་བྱང་ཆུབ་སྟེ། ཞེས་སོ། །ཉི་སྣང་ལས་ནི། འཕགས་པའི་གང་ཟག་གང་ཡིན་པའི་དགེ་སྦྱོང་གི་འབྲས་བུ་གང་ཡིན་པའི་འབྲས་བུ་དེ་ནི་ཞེས་བར་ཆད་མེད་ལམ་གྱི་འབྲས་བུ་རྣམ་གྲོལ་ལམ་ལ་བཤད་ཅིང་དེའི་རྗེས་སུ་སློབ་དཔོན་དང་བུད་དྷ་ཤྲཱི་འབྲང་ངོ༌། །སློབ་དཔོན་གྱིས་འབྲས་བུ་དང་ཡུམ་གཉིས་གཅིག་ཏུ་འཆད་དེ། རྒྱན་


JLD017_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལས། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་ཡིན་ལ། ཞེས་པས་སོ། །གཉིས་པ་ནི། ཡུལ་ལ་ཞེན་པ་སྐྱེ་བ་དེ་སྲིད་དུ་མ་དག་པར་འཇོག་ལ་གང་གི་ཚེ་གཉེན་པོས་ཞེན་པ་སྤངས་པ་དེའི་ཚེ་དག་བྱའི་དྲི་མ་གཅིག་ལས་མེད་པས་ཡུལ་ཡུལ་ཅན་གཉིས་ཀ་ཡང་དྲི་མ་དེ་མི་སྐྱེ་བའི་དག་པ་ཡིན་མིན་དུ་ཁྱད་པར་མེད་པ་ནི་འཕགས་པ་དང་སློབ་དཔོན་གྱི་དགོངས་པའོ། །གསུམ་པ་ནི། གཉིས་མེད་ནི་གཟུང་འཛིན་གཉིས་སུ་མེད་པའོ། །གཉིས་སུ་བྱར་མེད་པ་ནི་ལྡེམ་པོར་དགོངས་པས་གཉིས་སུ་བྱར་མི་ནུས་པ་སྟེ་བློས་ཀྱང་གཟུང་འཛིན་གཉིས་སུ་བྱར་མི་ནུས་ཞེས་པའོ། །དབྱེར་མེད་པའམ་ཐ་མི་དད་པ་ནི་རང་བཞིན་མི་འདྲ་བ་དུ་མ་མེད་པའོ། །གཅད་དུ་མེད་པ་ནི་ཡན་ལག་གམ་ཆ་ཤས་དུ་མ་མེད་པའོ། །ཡང་ན་སྔ་མ་གཉིས་ཀྱིས་བསྟན་ནས་ཕྱི་མ་གཉིས་ཀྱིས་བཤད་པའོ། །གསུམ་པ་ནི། ཡུལ་ཅན་འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་དང་ཡུལ་གཟུགས་སོགས་རྣམ་པར་དག་པ་དེ་གཉིས་ནི་འཆད་འགྱུར་གྱི་དྲི་མ་དེས་དག་པ་ཡིན་མིན་དུ་ཁྱད་པར་མེད་པ་ཡིན་ནོ། །གང་གི་འབྲས་བུ་ཡིན་ན། དགེ་སྦྱོང་གི་ཚུལ་བར་ཆད་མེད་ལམ་གྱི་འབྲས་བུ་གང་ཡིན་པ་དེའོ། །འདིས་དེ་རྣམ་གྲོལ་ལམ་དུ་བསྟན་ཏོ། །བར་ཆད་མེད་ལམ་ཡང་སྐྱེ་འཕགས་གཉིས་ལ་ཡོད་པ་ལས་གང་སྙམ་ན། འཕགས་པའི་གང་ཟག་གིའོ། །རྣམ་པར་དག་ཚུལ་གང་ན། རང་རང་གི་ངོ་


JLD017_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་གྱི་མི་མཐུན་ཕྱོགས་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་དག་པའོ། །ཁྱད་པར་མེད་པའི་རྒྱུ་མཚན་གང་གི་ཕྱིར་ན། ཡུལ་ཡུལ་ཅན་དེ་དག་གི་རྣམ་པར་དག་པ་དེ་གཉིས་དག་བྱའི་དྲི་མ་གཅིག་པུ་དེས་དག་པ་ཡིན་མིན་དུ་རང་གི་མཚན་ཉིད་རྫས་ལ་ཐ་དད་པ་ཉིད་མ་ཡིན་ཞིང་སྤྱིའི་མཚན་ཉིད་ལྡོག་པ་ལ་ཡང་ཐ་དད་པར་གཅད་དུ་མེད་པ་ཉིད་ཡིན་ཏེ་དེའི་ཕྱིར་རོ། །རྟགས་གྲུབ་སྟེ། ཡུལ་ཅན་འབྲས་བུ་དང༌། ཡུལ་གཟུགས་སོགས་རྣམ་པར་དག་པར་འཇོག་པ་ནི་ཡུལ་ཅན་གྱིས་ཡུལ་གཟུགས་སོགས་ལ་བདག་ཏུ་མངོན་པར་ཞེན་པ་དང་སོགས་པས་བདག་གི་བར་ཞེན་པ་སོགས་དང་བྲལ་བས་རབ་ཏུ་ཕྱེ་བ་སྟེ་དེ་ཙམ་གྱིས་བཞག་པས་སོ། །དཔེར་ན་དགག་བྱ་གསེར་བུམ་གཅིག་གིས་དག་པའི་ཤར་ནུབ་ཀྱིས་ཕྱོགས་དག་གཞི་དེ་གཉིས་བུམ་པ་གཅིག་པུ་དེས་དག་པའི་དག་པ་ཡིན་མིན་དུ་ཁྱད་མེད་དེ། དགག་བྱ་གཅིག་ཡིན་པས་ཞེས་པ་བཞིན་ནོ། །དེས་ན་ཐེག་པ་ཆེན་པོ་འདིར་སེམས་ཀྱི་སྣང་བ་ཙམ་མ་གཏོགས་པ་ཕྱི་རོལ་ན་ཡུལ་མེད་པས་སེམས་དག་པ་ན་དེའི་སྣང་བ་ཡང་དག་པ་ཡིན་པས་སྣང་བ་མ་དག་པ་ནི་འཕགས་པ་རྣམས་ཀྱི་ངོས་ནས་མི་བཞག་གི་སེམས་ཅན་གྱི་ངོས་ནས་སོ། །སྔ་མ་རྣམས་འདིར་བྱང་སེམས་ཀྱི་ས་བཅུ་སངས་རྒྱས་ཀྱིས་སྟེ་བཅུ་གཅིག་ཉན་ཐོས་ལ་འབྲས་བུ་བཞིའི་རྣམ་གྲོལ་ལམ་བཞི་རང་རྒྱལ་ལ་འབྲས་བུ་དང་མཐའ་གཉིས་ཀྱི་གཉིས་དང་བཅུ་བདུན་ནོ་ཞེས་འཆད་ཀྱང་ཡིད་ཆེས་པའི་ཁུངས་མེད་ཅིང་དོན་ལ་ཡང་དེར་མ་ངེས་སོ། །རྒྱུ་མཚན་དེས་དག་པ་གཉིས་གཅིག་ཡིན་པར་བསྟན་པ་དེ་བས་ན་མདོ་ལས་རྣམ་པར་དག་


JLD017_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་དོ། །ཇི་ལྟར་ན། འབྲས་བུའི་དག་པ་གཟུགས་སོགས་ཀྱི་དག་པ་ཡིན་པ་དང་གཟུགས་སོགས་ཀྱི་དག་པ་འབྲས་བུའི་ཡིན་པ་དེ་ལྟར་རོ། །འདིར་ཡུལ་ཡུལ་ཅན་གྱི་དག་པ་ཕན་ཚུན་དུ་གཅིག་ཡིན་པར་བསྟན་པའི་དོན་གོང་གི་འཆད་ཚུལ་དེ་ལྟར་མ་བྱས་ན་དག་པ་དེ་གཉིས་ལ་ལྡོག་པ་ཡང་ཐ་དད་མེད་པར་འགྲེལ་ཆེན་རྣམས་ལས་བཤད་པ་འགྲིག་པར་དཀའོ། །གཉིས་པ་ལ་གཉིས། ལམ་གྱི་དབྱེ་བ་དངོས་དང༌། མཐར་ཐུག་པའི་ལམ་གྱི་ཁྱད་པར་རོ། །དང་པོ་ལ་གསུམ་ལས། དང་པོ་ནི། འཕགས་བཞིའི་རྣམ་པར་དག་པ་སྤྱིར་ཏེ་སོ་སོར་མ་ཕྱེ་བར་ཐུན་མོང་དུ་བརྗོད་ནས་དེའི་འོག་ཏུ་ཁྱད་པར་དུ་ཕྱེ་སྟེ་གསུངས་སོ། །གཉིས་པ་ནི། ཉོན་མོངས་པའི་སྒྲིབ་པ་ཉམས་པའི་ཕྱིར་སློབ་མ་ཉན་ཐོས་རྣམས་ཀྱི་དག་པ་སྟེ། དེ་ལྟར་ན་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཡོངས་སུ་དག་པ་དང༌། རྣམ་མཁྱེན་ཉིད་ཀྱི་བར་དུ་ཡོངས་སུ་དག་པ་གང་ཡིན་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། ཞེས་སོ། །ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་རྟོག་ཉམས་པའི་ཕྱིར་བསེ་རུས་མཚོན་པའི་རང་རྒྱལ་རྣམས་ཀྱི་དག་པ་སྟེ་དེ་ལྟར་ན་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམ་པར་དག་པ་དང༌། རྣམ་མཁྱེན་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་མཆད་པའོ་ཞེས་སོ། །རང་རྒྱལ་གཙོ་བོར་རྟེན་འབྲེལ་བསྒོམས་པས་འདིའི་རྣམ་དག་


JLD017_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་སྔར་བཤད་པ་གཉིས་དང་འཛིན་རྟོག་གསུམ་ཉམས་པའི་ཕྱིར། རྒྱལ་སྲས་བྱང་སེམས་རྣམས་ཀྱི་དག་པ་སྟེ། ཡུམ་རྣམ་པར་དག་པས་བསམ་གཏན་གྱི་ཕར་ཕྱིན་རྣམ་པར་དག་པ། ཞེས་སོ། །འདིར་ཕྱིན་དྲུག་གི་སྒོ་ནས་རྣམ་བྱང་གི་འགྲེས་ཐམས་ཅད་ལ་རྣམ་དག་གསུངས་ལ། བྱང་སེམས་ཀྱིས་ཀྱང་རྣམ་བྱང་མ་ལུས་པ་བསྒོམས་པས་དེ་བསྟན་པར་མངོན་ནོ། །སངས་རྒྱས་རྣམས་ཀྱི་རྣམ་དག་ནི་སྒྲིབ་པའི་རྣམ་པ་ཀུན་གྱིས་དག་པའི་ཤིན་ཏུ་བ་ཡིན་ནོ། །མཐའ་ནི་ཆ་སྟེ་དེ་ལ་གཉིས་དངོས་པོ་དང་དུས་ཀྱི་མཐའོ། །དེ་ལ་ཤེས་སྒྲིབ་སྤངས་པས་མཐའ་དང་པོ་དང་རྟག་ཏུ་ཆོས་ཀྱི་སྐུ་བརྙེས་པས་མཐའ་གཉིས་པ་ལས་འདས་པའི་ཕྱིར་ཏེ། མཐའ་ལས་རྒལ་བ་དང༌། མཐའ་ལས་ཤིན་ཏུ་སོང་བ་ཞེས་བྱ་བས་སོ། །འདིར་མཐའ་འདས་ཀྱི་བཤད་པ་འོང་བའི་རྒྱུ་མཚན་ནི་ཨནྟ་ཞེས་པ་ཤིན་ཏུ་དང་མཐའ་འདས་གཉིས་ཀ་ལ་འཇུག་པའི་རྒྱུ་མཚན་གྱིས་ཡིན་ཞེས་ལོཙྪ་བ་ཆེན་པོ་བློ་བརྟན་གྱིས་བཤད་པས་ཕྱི་མ་ལ་འཇུག་པའི་དབང་དུ་མཛད་ནས་འཕགས་པས་གསུངས་སོ། །རྣམ་དག་འདི་ལ་ཉི་ཁྲིའི་འགྲེལ་པ་བཞི་དང་བརྒྱད་སྟོང་པའི་འགྲེལ་པ་གསུམ་པོ་གང་ནས་མདོ་སྦྱར་བ་མེད་ལ། སྟོང་ཕྲག་བརྒྱ་པའི་བཤད་པ་དང་ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་གཉིས་ཀྱིས་མདོ་སྦྱར་བ་ནི་གཉིས་ཀ་ཡང་མི་མཐུན་ལ། ཕྱི་མས་ནི་བྱང་སེམས་ཀྱི་རྣམ་དག་གི་མདོ་རྣམ་དག་སྤྱིར་བསྟན་གྱི་མདོར་བྱས་ནས་རྣམ་དག་དང་པོ་གསུམ་ཤུགས་ཀྱིས་བསྟན་པར་འདོད་དོ། །


JLD017_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དག་འདི་ལ་མཐའ་འདས་ཞེས་སོགས་ཀྱི་མདོ་སྦྱོར་བ་ནི་མདོ་འགྲེལ་སུ་དང་མི་མཐུན་ནོ། །གསུམ་པ་ནི། དང་པོ་གཉིས་གཞི་ཤེས་དང་གསུམ་པ་ལམ་ཤེས་དང་བཞི་པ་རྣམ་མཁྱེན་གྱི་རྣམ་དག་ཡིན་ལ། བཞི་པ་ལ་ཉི་སྣང་དུ། མཐའ་ལས་འདས་པ་ནི་ཆོས་ཀྱི་དབྱིངས་ལ་བརྗོད་ལ་དེ་ལ་ཡོད་པས་ན་ཤིན་ཏུ་བའོ། ཞེས་དང་ཐུབ་དགོངས་སུ་ཡང༌། ཤིན་ཏུ་ནི་ཆོས་ཀྱི་དབྱིངས་ཡིན་ལ་དེ་ལ་ཡོད་པ་ནི་ཤིན་ཏུ་བའི་རྣམ་པར་དག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ་ཞེས་འབྱུང་བས། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ལས་བྱུང་བ་ཞེས་པའི་དོན་ནི་ཤིན་ཏུ་བས་ཏེ། ཆོས་དབྱིངས་ལ་ཡོད་པ་ལ་གོ་དགོས་ཤིང་གཞན་ནི་གོ་བར་ཟད་དོ། །གཉིས་པ་ལ་གཉིས། ལམ་གྱི་ཁྱད་པར་དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ལ་གཉིས། དྲི་བ་དང༌། ལན་ནོ། །དང་པོ་ནི། ལམ་ཤེས་ཀྱི་སྐབས་སུ་བྱང་སེམས་ཀྱི་རྣམ་དག་གཙོ་བོ་ཡིན་པས་དེ་སྨོས་པའི་ཞར་ལ་རྣམ་ཀུན་ཤིན་ཏུ་བ་ཞེས་སངས་རྒྱས་ཀྱི་རྣམ་པར་དག་པ་ཤིན་ཏུ་བ་དང་ཉོན་མོངས་ཤེས་བྱ་ཉམས་ཞེས་ཉན་ཐོས་དང་སོགས་པས་རང་རྒྱལ་གྱི་རྣམ་དག་ཤིན་ཏུ་བའི་ཅིག་ཤོས་ཕྱོགས་རེ་ཙམ་སྤངས་པའི་ཉི་ཚེ་བར་བཤད་པ་དེའི་རྒྱུ་མཚན་ཇི་ལྟ་བུ་ཡིན་ཞེ་ན། ཞེས་པ་སྟེ། དེ་ལྟར་འདྲི་བ་ཡང་ལམ་མཐར་ཐུག་པ་རེ་རེར་མཚུངས་པས་སོ་སྙམ་དུ་བསམས་སོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། ས་དགུ་


JLD017_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྤང་བྱའམ་གཉེན་པོའི་རྟེན་ཡིན་ཞེ་ན། རྒྱན་སྣང་ལས། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་ཞེས་སྨོས་པས་ན་འདོད་པའི་ཁམས་ལ་སོགས་པའི་ས་དགུ་པོའི་སྒོམ་པའི་ལམ་གཟུང་བར་བྱའོ། །གང་ཡང་འདོད་པ་ཁམས་དང་སྲིད་རྩེ་ན། །བྱང་ཆུབ་ལམ་གྱི་ལན་ལག་སྤངས། ཞེས་བརྗོད་པ་ནི་ཐབས་ལ་མི་མཁས་པ་ཡིན་པའི་ཕྱིར། ཉན་ཐོས་ཀྱི་དབང་དུ་བྱས་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །གཞན་ནི་མི་ལྕོགས་པ་མེད་པར་གནས་པ་ནས་བརྩམས་ཏེ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་མཐར་ཐུག་པའི་བར་གྱི་ས་དགུ་ནི་སྒོམ་པའི་ལམ་ཡིན་ནོ་ཞེས་འཆད་དོ། །འདོད་པའི་ཁམས་ལ་སོགས་པ་སྨོས་པ་ནི་དེར་ཡུམ་དོན་དམ་པར་གནས་པ་མེད་པར་སྟོན་པ་ལྷུར་ལེན་པ་ཡིན་གྱི། ས་དགུ་བཤད་པ་ནི་མ་ཡིན་ནོ་ཞེས་གཟུགས་མེད་དང་པོ་གསུམ་དང་བསམ་གཏན་ས་དྲུག་སྟེ་དགུ་དང༌། ཁམས་གསུམ་གྱི་ས་དགུ་ལ་བརྟེན་པའི་ལུགས་གཉིས་བཤད་ཅིང༌། རྣམ་ཀུན་ཏུ་ཡང་འདི་གཉིས་གདམ་ང་ཅན་དུ་མཛད་པའི་ཕྱི་མ་ནི་མངོན་པ་གོང་འོག་རྣམས་དང་མཐུན་ལ། སྔ་མ་ནི་སྲིད་རྩེ་ཆེས་མི་གསལ་བ་དང༌། འདོད་པ་ཆེས་མ་ཞི་བས་དེ་གཉིས་ལ་ཟག་མེད་བརྟེན་པ་མངོན་པ་ནས་འགོག་གོ །འོན་ཀྱང་སྔ་མས་ཟེར་བ་ལྟར་བྱང་སེམས་ཐབས་མཁས་པས་སྲིད་རྩེ་དང་འདོད་པའི་མི་གསལ་བ་དང༌། གཡེང་བས་མི་གནོད་པར་མངོན་པས་ལུགས་སྔ་མ་ཡང་མི་འཐད་པ་མེད་པར་སེམས་སོ། །སྤྱིར་དེ་ལྟར་ཡིན་ཀྱང་གཞུང་འདིར་


JLD017_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ས་དགུ་པོ་དེ་སྤང་བྱ་སྤོང་བའི་རྟེན་ལ་བཤད་ན་འགྲིག་གོ །དེ་ནི་སྒོམ་ལམ་གྱི་སེམས་རྟེན་ཡིན་ལ། ལུས་རྟེན་ནི་མ་སྐྱེས་པ་སྐྱེ་བའི་རྟེན་ལ་འདོད་པའི་ལྷ་མི་དགོས་ལ། སྐྱེས་ཟིན་གནས་པའི་རྟེན་ལ་བྱང་སེམས་འཕགས་པ་གཟུགས་མེད་དུ་མི་སྐྱེ་བས་གཟུགས་ཀྱི་རྟེན་དང༌། ཉན་ཐོས་ལ་ནི་གཟུགས་མེད་ཀྱི་རྟེན་ཅན་ཡང་ཡོད་དོ། །ཉན་ཐོས་ཀྱི་སེམས་རྟེན་ནི་ལུགས་ཕྱི་མ་ལྟར་བྱའོ། །གཉིས་པ་ནི། སངས་རྒྱས་ཀྱི་རྣམ་དག་ནི་ཤིན་ཏུ་བ་ཞེས་བྱ་སྟེ། འདོད་ཁམས་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བཞི་དག་སྟེ་ས་དགུ་ལ་བརྟེན་པའམ། ཁམས་གསུམ་གྱིས་བསྡུས་པའི་མི་མཐུན་པའི་ཕྱོགས་སྒོམ་སྤང་ཆེན་པོའི་ཆེན་པོ་དང༌། སོགས་པས་ཆུང་ངུའི་ཆུང་ངའི་བར་རྣམ་པ་དགུའི་གཉེན་པོའི་ངོ་བོར་གོ་རིམ་བཞིན་དུ་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་དགུ་ནི། སྒོམ་སྤང་གི་དྲི་མ་རྣམ་པ་ཐམས་ཅད་དེ་མ་ལུས་པ་དག་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། རྒྱུ་དེ་དྲི་མ་མཐའ་དག་དག་བྱེད་ཡིན་ན། འབྲས་བུ་དེ་དྲི་མ་མ་ལུས་པ་ལས་གྲོལ་དགོས་པས་སོ། །ཉན་རང་དགྲ་བཅོམ་གྱི་རྣམ་དག་ནི་དྲི་མ་མ་ལུས་པས་དག་པའི་ཤིན་ཏུ་བའི་ཅིག་ཤོས་ཉི་ཚེ་བའི་རྣམ་དག་ཅེས་བྱ་སྟེ། ས་དགུ་ལ་བརྟེན་པའི་སྒོམ་སྤང་ཆེ་འབྲིང་དགུའི་གཉེན་པོར་འབྱུང་བའི་ཉན་རང་གི་སྒོམ་ལམ་ཆུང་འབྲིང་དགུ་ནི་རྣམ་པ་ཐམས་ཅད་པའི་ཅིག་ཤོས་ཉོན་སྒྲིབ་ཙམ་དང༌། དེ་དང་གཟུང་རྟོག་ཙམ་གྱི་དྲི་མ་


JLD017_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རེ་བ་རྣམ་པར་དག་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། རྒྱུ་དེ་དྲི་མ་ཉི་ཚེ་བའི་གཉེན་པོ་ཡིན་ན་དེས་ཐོབ་པའི་འབྲས་བུ་ཡང་དྲི་མ་ཕྱོགས་རེ་ཙམ་ལས་གྲོལ་བ་ཡིན་པས་སོ། །ཁ་ཅིག་གཞུང་འདིས་བྱང་སེམས་ཀྱི་རྣམ་དག་དེ་ཉན་རང་ལས་ཤིན་ཏུ་བར་བསྟན་པར་འདོད་པ་དང༌། གཞན་དག་འདིས་བྱང་སེམས་ཀྱི་རྣམ་དག་ཤིན་ཏུ་བ་བཏགས་པ་བར་འཆད་པ་གཉིས་ཀ་མི་འཐད་དེ། མཚམས་སྦྱར་དུ་སངས་རྒྱས་དང་ཉན་རང་གི་རྣམ་དག་ཤིན་ཏུ་བ་ཡིན་མིན་དུ་བཤད་པའི་རྒྱུ་མཚན་དྲིས་པའི་ལན་དུ་བཤད་དགོས་པ་དྲིས་ལན་མ་འབྲེལ་བར་འགྱུར་ཏེ། བ་ལང་བ་མིན་གྱི་ཁྱད་པར་དྲིས་པ་ལ་རྟ་དང་མ་ཧེའི་མཆོག་དམན་དང་རྟ་མ་ཧེ་བཏགས་པ་བར་འཆད་པ་བཞིན་ནོ། །འདིར་སྒོམ་ལམ་དགུའི་མདོ་སྦྱར་ཡང་འབྱམས་ཀླས་བར་སྣང་བས་མ་དྲངས་སོ། །གཉིས་པ་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་པོ་ནི། སྒོམ་སྤང་ཆེ་རིམ་དགུའི་གཉེན་པོར་ཆུང་རིམ་ནས་འབྱུང་བའི་ཐེག་ཆེན་གྱི་སྒོམ་ལམ་དགུ་པོ་དེ་དྲི་མ་མཐའ་དག་དག་བྱེད་ཡིན་པའི་རྒྱུ་མཚན་གྱིས་ཇི་ལྟར་ན་དེ་དག་གི་འབྲས་བུ་སངས་རྒྱས་ཀྱི་རྣམ་དག་དེ་ཉེ་བར་མ་བཏགས་པའི་རྣམ་དག་ཤིན་ཏུ་བ་ཡིན་ཏེ་མ་ཡིན་པར་ཐལ། སྤང་གཉེན་གྱི་རིམ་པ་དེ་མི་འཐད་པའི་ཕྱིར་ཏེ། སྤང་བྱ་ཆེན་པོ་ཆེན་པོས་དང་ཆུང་ངུ་ཆུང་ངུས་གཞོམ་དགོས་པས་ཤེ་ནའོ། །དེ་ལྟར་ན་སློབ་དཔོན་གྱི་དགོངས་པས་རྩོད་པ་འདི་ལྟར་ཁོང་ནས་བཏོན་ནས་དེའི་ལན་དུ་རྩོད་པ་འདི་ཁྲུས་མཁན་གྱི་དཔེས་སྤངས་པའི་སྒོ་ནས་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་སྒྲུབ་སྟེ། དེས་ན་འདི་རྩོད་སྤོང་ཡིན་


JLD017_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒྲུབ་བྱེད་ནི་གོང་གི་ལས་ལྷག་པ་འདིར་ཅི་ཡང་མེད་དོ། །དོགས་པ་འདི་འོང་བའི་རྒྱུ་མཚན་ཡང་གོང་དུ་རྣམ་མཁྱེན་ཤིན་ཏུ་བ་དངོས་དང་ཉན་རང་གི་དེ་བཏགས་པ་བར་བཤད་པ་ན། ཁ་ཅིག་འདི་སྙམ་དུ་དེ་དག་གི་རྒྱུ་མཚན་ནི་རྒྱུ་སྒོམ་ལམ་གྱིས་སྤང་བྱ་མ་ལུས་པ་དང་ཕྱོགས་རེ་བ་འཇོམས་པས་ཡིན་ལ། འཇོམས་ཚུལ་ཡང་སྤང་བྱ་ཆེ་རིམ་དང་གཉེན་པོ་ཆུང་རིམ་ནས་ཡིན་པས་འདི་མི་འཐད་པའི་ཕྱིར་འབྲས་བུའི་ཁྱད་པར་འདི་ཡང་མི་འཐད་དོ་སྙམ་པ་སྟེ། ཕྱི་འགྲེལ་གྱི་སྤང་བྱ་ལ་ཀླན་ཀ་སོང་ཚུལ་གྱིས་ཤེས་ཏེ། དོགས་པ་འདི་འདྲ་བ་ཞིག་མ་བསླང་ན་འོག་གི་ལན་མ་འབྲེལ་བ་དང་ཟློས་པར་འགྱུར་རོ། །དོགས་པ་སློང་ཚུལ་འདི་མི་ཤེས་པར་གཞུང་འདིས་ཤིན་ཏུ་བ་བྱེ་བྲག་ཏུ་སྒྲུབ་པར་འདོད་པ་དང༌། སངས་རྒྱས་ཀྱི་རྣམ་དག་བྱང་སེམས་ཀྱི་རྣམ་དག་ལས་ལྷག་པར་སྒྲུབ་པར་འཆད་པ་རྣམས་ཀྱང་ངལ་བ་ཙམ་ཞིག་འབྲས་བུའོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། སློབ་དཔོན་གྱི་དགོངས་པ་འགྲེལ་པར་འཆད་ལ་འཕགས་པ་ལྟར་ན་གསུམ། གཉེན་པོ་བྱེད་ཚུལ། ཡུལ་རྟོགས་ཚུལ། དེ་ལ་རྩོད་སྤང་ངོ༌། །དང་པོ་ནི། སྒོམ་པའི་ལམ་ནི་ཁམས་གསུམ་གའི་སྒོམ་སྤང་གི་གཉེན་པོ་ཉིད་དུ་འདོད་དོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། ཞེས་སོ། །འདིས་སྔར་བཤད་པའི་གཉེན་པོ་བྱེད་ཚུལ་གྱི་དོན་བསྡུས་སོ། །


JLD017_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། འོ་ན་ཡུལ་ཇི་ལྟ་བུར་རྟོགས་ནས་གཉེན་པོ་བྱེད་ཅེ་ན། འཇལ་བྱེད་འཛིན་པ་དང་གཞལ་བྱ་གཟུང་བ་གཉིས་སོ་སོར་མ་གྲུབ་པར་མཉམ་པ་ཉིད་དུ་རྟོགས་ནས་སྤང་བྱ་སྤོང་སྟེ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་འཚལ་བ་མ་མཆིས་པའོ། ཞེས་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་རྣམས་བེམས་པོ་ཡིན་པའི་ཕྱིར་རོ། ཞེས་ཏེ། འཚལ་བ་ནི་ཤེས་པའོ། །བེམས་པོ་ནི་ཤེས་བྱའོ། །གསུམ་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྟན་པ་དེ་ལ་གལ་ཏེ་སྤང་གཉེན་གཉིས་སུ་ཡོད་པའི་སྒོ་ནས་སྤང་བྱ་ཆེ་རིམ་དང༌། གཉེན་པོ་ཆུང་རིམ་ནས་འགག་པ་དང༌། སྐྱེ་བ་མ་ཡིན་ནམ། ཇི་ལྟར་ན་གཉིས་མེད་པར་མཉམ་པ་ཉིད་ཡིན་ཞེ་ན། དོན་དམ་པར་སྒོམ་ལམ་གྱི་ཡུམ་གྱིས་རྣམ་མཁྱེན་ལ་ཕན་གནོད་གང་ཡང་མི་བྱེད་པས་རྟགས་མ་གྲུབ་ལ། ཐ་སྙད་དུ་ཁྱབ་པ་མ་གྲུབ་བོ། །འོ་ན་རྣམ་མཁྱེན་ལ་མི་ཕན་ན་ཚོགས་གཉིས་ལ་འབད་པས་ཅི་སྐྱེད་ཅེ་ན། སྒོམ་ལམ་གྱི་ཡུམ་གྱིས་དོན་དམ་པར་ཆོས་གང་ཡང་འབྲས་བུར་མ་གཟུང་བས་འདོད་ལ་ཐ་སྙད་དུ་སྔར་ལྟར་རོ། །ཆོས་གང་ཡང་མ་གཟུང་ན་ཐོབ་བྱ་ཐོབ་པ་དང༌། རྟོགས་བྱ་རྟོགས་པ་མེད་དོ་ཞེ་ན། དོན་དམ་པར་དེ་གཉིས་མེད་པས་འདོད་ལ། ཐ་སྙད་དུ་སྔར་ལྟར་རོ། །དེ་ལྟར་དེ་ལྟ་བུའི་ཀླན་ཀ་ལན་གསུམ་གྱིས་སྤངས་པའི་སྒོ་ནས་མཉམ་པ་ཉིད་རྟོགས་པའི་ལམ་ཁམས་གསུམ་གྱི་གཉེན་པོར་གྲུབ་པོ་ཞེས་པ་ནི་ཉི་སྣང་དང་ལེ་བརྒྱད་མ་གཉིས་ཀྱི་བཞེད་པ་རྫོགས་པར་བཀོད་པའོ། །གཉིས་པ་ནི། ཤིན་


JLD017_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བ་ཡིན་པར་རྣམ་པར་བཞག་གོ །གང་ན། སངས་རྒྱས་ཀྱི་རྣམ་པར་དག་པའོ། །གང་གི་སྒོ་ནས་ནི། སྤངས་པའི་སྒོ་ནས་སོ། །གང་ན། སྤང་བྱ་ཆེ་རིམ་དང༌། གཉེན་པོ་ཆུང་རིམ་ནས་འགག་སྐྱེ་བྱེད་པར་བསྟན་པ་དེ་ལ་གཉེན་པོ་ཆེན་པོའི་ཆེན་པོ་དང་སོགས་པས། མི་མཐུན་པའི་ཕྱོགས་ཀྱང་ཆེན་པོའི་ཆེན་པོ་དང༌། མི་མཐུན་པའི་ཕྱོགས་ནི་ཆུང་ངུའི་ཆུང་ངུ་དང་སོགས་པས་གཉེན་པོ་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པར་རིགས་སོ། ཞེས་བྱ་བའི་ཀླན་ཀའོ། །སེལ་བྱེད་གང་གིས་ན། དོན་དམ་པར་ཕན་གནོད་གང་ཡང་མེད་པའི་ལན་དང༌། ཀུན་རྫོབ་ཏུ་གོས་ལ་ཆགས་པའི་དྲི་མ་ཕྲ་མོ་བསལ་བར་བྱ་བ་ལ་བཙོ་བླག་མཁན་ཏེ་ཁྲུས་མཁན་ཆེ་ཐང་དུ་འབད་ཅིང་རྩོམ་བ་ཆེན་པོ་དགོས་ལ་རགས་པ་སེལ་བ་ལ་རྩོལ་བ་ཆུང་ངུས་ནུས་པའི་དཔེས་སོ། །དེས་རྩོད་པ་སྤངས་པའི་སྒོ་ནས་རྣམ་དག་དངོས་སུ་ཇི་ལྟར་འགྲུབ་ན། དཔེ་དེས་སྤང་གཉེན་གྱི་རིམ་པ་འཐད་པར་གྲུབ་པ་ན། སྒོམ་པའི་ལམ་རྣམ་དག་ཤིན་ཏུ་བའི་རྒྱུར་སྔར་ཇི་སྐད་དུ་བསྟན་པ་བཞིན་དུ་དགུ་པོ་དེ་སྒོམ་སྤང་གི་དྲི་མ་མཐའ་དག་གི་གཉེན་པོའི་ངོ་བོ་ཉིད་དུ་གྲུབ་པའི་ཕྱིར་ན་འགྲུབ་བོ། །ལམ་དེ་ཡང་ཇི་ལྟར་བུ་ཞེ་ན། ཁམས་གསུམ་པའི་རྣམ་པ་ཅན་གྱི་ཤེས་པ་དང༌། ཤེས་བྱ་ཡུལ་དག་བདེན་པར་མི་དམིགས་པར་རྟོགས་པ་ཉིད་ཀྱིས། དེ་གཉིས་མཉམ་པ་ཉིད་སྤྲོས་བྲལ་དུ་རྟོགས་པ་གང་ཡིན་པ་དེ་ཉིད་དོ། །རྒྱན་སྣང་དུ། སྒོམ་པའི་ལམ་སྐད་ཅིག་


JLD017_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐ་མ་ཞེས་པ་ནི་ཤིན་ཏུ་བའི་རྒྱུ་མཐར་ཐུག་པ་བསྟན་པ་དང༌། དེ་ཡང་སྤང་བྱ་ལྷག་མ་མཐའ་དག་གི་གཉེན་པོ་ཡིན་པས། དེའི་འབྲས་བུ་རྣམ་དག་དངོས་སུ་བསྟན་བཞེད་ནས་ཡིན་གྱི། དེ་གཅིག་པུ་འཛིན་འདོད་པ་ནི་མ་ཡིན་ནོ། །གསུམ་པ་ནི། ཤེས་རབ་སོགས་ཤེར་ཕྱིན་གྱི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་མང་དུ་ཐོས་པ། བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་ལས། སྐབས་གཉིས་པའི་འགྲེལ་བཤད་དོ། །


previousམངོན་པར་རྟོགས་པའི་རྒྱན་འབྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ལམ་ལམ་ཤེས་པ་ཉིད་ཀྱི་སྐབས་ཀྱི་འགྲེལ་པ།next