Nitartha Digital Library
Tibetan
 
previousམངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ལས་ཐམས་ཅད་ཤེས་པ་ཉིད་གྱི་སྐབས་ཀྱི་འགྲེལ་བ།no next

མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ལས་ཐམས་ཅད་ཤེས་པ་ཉིད་གྱི་སྐབས་ཀྱི་འགྲེལ་བ།


JLD017_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ལས་ཐམས་ཅད་ཤེས་པ་ཉིད་གྱི་སྐབས་ཀྱི་འགྲེལ་བ་བཞུགས་སོ།


JLD017_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་སྤང་བྱ་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ་གསུམ། འབྲེལ་བརྗོད་པས་མཚམས་སྦྱར། གཞི་ཤེས་ཀྱི་ཆོས་རྒྱས་པར་བཤད། སྐབས་བསྡུ་བའོ། །དང་པོ་ནི། ལམ་ཤེས་ཀྱི་འོག་ཏུ་ཐམས་ཅད་ཤེས་པ་ཉིད་འཆད་དེ། གཞི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་ཤེས་པའི་གཞི་ཤེས་མེད་པར་ལམ་གསུམ་ལེགས་པར་ཡོངས་སུ་ཤེས་པའི་ལམ་ཤེས་མེད་པས་སོ། །དེ་ཡང་ལམ་ཤེས་དང་གཞི་ཤེས་གཉིས་སྤང་གཉེན་ཡིན་པས་གཉེན་པོ་ནི་སྤང་བྱ་ལ་ལྟོས་ནས་འཇོག་པ་དང༌། སྤང་བྱ་མ་ཤེས་ན་ལམ་ཤེས་དེ་གང་གི་གཉེན་པོ་ཡིན་པ་ཡང་མི་རྟོགས་པས་སོ། །མདོའི་འབྲེལ་ནི། སྔར་བཤད་པའི་ཡུམ་དེ་སྲིད་ཞིའི་མཐའ་ལ་མི་གནས་པར་རབ་འབྱོར་གྱིས་བསྟན་པའོ། །གཉིས་པ་ལ་དྲུག །གཞི་ཤེས་


JLD017_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་བཞིན། ཉེ་རིང་དུ་འཇོག་པའི་རྒྱུ་མཚན། སྤང་བྱ་དང་གཉེན་པོའི་རབ་དབྱེ། ཇི་ལྟར་ཉམས་སུ་ལེན་པའི་ཚུལ། དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ། མཁྱེན་པ་གསུམ་གྱི་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ལས། དང་པོ་ནི། བྱང་སེམས་ཀྱི་གཞི་ཤེས་ཀྱི་ཡུམ་ནི་ཚུ་རོལ་དང་ཕ་རོལ་སྲིད་པ་དང་ཞི་བའི་མཐའ་ལ་གནས་པ་མིན་ཞིང་སྲིད་ཞི་དེ་དག་གི་བར་དེ་ལས་གཞན་ནའང་མི་གནས་པར་འདོད་པ་ཡིན་ཏེ། སྲིད་ཞི་ལ་མངོན་ཞེན་གྱི་དམིགས་པ་དང་བྲལ་བའི་ཕྱིར་ཏེ། དུས་གསུམ་གྱི་ཆོས་རྣམས་མཉམ་པ་ཉིད་སྤྲོས་བྲལ་དུ་ཤེས་པའི་ཕྱིར་ཏེ། བྱང་ཆེན་རྣམས་ཀྱི་ཡུམ་ནི་ཚུ་རོལ་གྱི་མཐར་མ་ལགས་ཕ་རོལ་གྱི་མཐར་མ་ལགས་གཉིས་ཀྱི་བར་ན་ཡང་མི་དམིགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་


JLD017_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། ཞེས་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དུས་གསུམ་གྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་རོ། ཞེས་སོ། །རྩ་བའི་རྟགས་ནི་ཤིན་ཏུ་རྣམ་པར་ཞེས་པའི་དོན་ཏེ་འདི་ནི་ཉི་སྣང་ལེ་བརྒྱད་མ་རྣམ་འགྲེལ་གྱི་དགོངས་པའོ། །གཉིས་པ་ལ་གཉིས། རྗེས་འགྲོའི་སྒོ་ནས་བསྟན་པའི་ཐེག་ཆེན་དང༌། ལྡོག་པའི་སྒོ་ནས་བསྟན་པའི་ཐེག་དམན་གྱི་གཞི་ཤེས་སོ། །དང་པོ་ནི། རྟེན་སངས་རྒྱས་དང་བྱང་སེམས་ཀྱི་རྒྱུད་ལ་ཉེ་བར་གྱུར་པ་སྟེ་ཡོད་པར་འདོད་པའི་ཡང་དག་པའི་ཡུམ་གང་ཡིན་པ་དེ་ནི་སྲིད་ཞི་ལ་ཞེན་ནས་མི་གནས་པ་ཡིན་ཏེ། སོ་སྐྱེས་བགྲོད་ཅིང་མཐོང་བས་ཚུ་རོལ་གྱི་མཐའ་འཁོར་བ་བདག་རྟག་པ་ལ་སོགས་པར་ལྟ་བས་སམ་རྒྱུན་མི་འཆད་པས་རྟག་པའི་མཚན་ཉིད་དང༌། སོ་སྐྱེས་བགྲོད་མི་ནུས་ཤིང་མི་མཐོང་བས་ཕ་རོལ་གྱི་མཐའ་མྱ་ངན་ལས་འདས་པ་བདག་ལ་སོགས་པར་མི་ལྟ་བས་སམ་ཕུང་པོའི་རྒྱུན་ལོག་པས་ཆད་པའི་མཚན་ཉིད་དང༌། འཁོར་འདས་དེ་དག་གི་བར་ན་ཡང་མི་གནས་པའི་ཕྱིར་ཏེ། རིམ་པ་ལྟར་སྲིད་པ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་དེར་མཐའ་གཅིག་ཏུ་གནས་པའི་ཉེས་དམིགས་མཐོང་བ་དང༌། སེམས་ཅན་མ་ལུས་པ་ལ་དམིགས་པའི་སྙིང་རྗེས་གཞན་དོན་བྱེད་པ་དང༌། དེ་གཉིས་ལས་གཞན་གནས་བྱའི་དངོས་པོར་མེད་པའི་ཕྱིར་རོ། །ཡང་དག་པའི་ཡུམ་དེ་རྟེན་དེ་གཉིས་ལ་ཉེ་བ་ཅི་ཞེ་ན། དེ་གཉིས་ཀྱི་གཟུགས་སོགས་དུས་གསུམ་པའི་ཆོས་རྣམས་སྐྱེ་བ་མེད་པའི་རྣམ་པར་མཉམ་པ་ཉིད་དུ་རྟོགས་པས་སོ། །འདི་ཁ་ཅིག་སྔར་ལྟར་མི་སྦྱོར་


JLD017_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུས་གསུམ་ཞེས་སོགས་སྲིད་ཞི་ལ་མི་གནས་པའི་རྒྱུ་མཚན་དུ་འགོད་པ་ནི་དོན་མིན་ཏེ། དངོས་བསྟན་འདིས་དུས་གསུམ་ཞེས་སོགས་ཉེ་བ་དང་ཤུགས་བསྟན་དུ་དེ་ཉན་རང་ལ་ཡུམ་རིང་པོའི་རྒྱུ་མཚན་དུ་མ་སྦྱར་ན། འོག་ཏུ་དུས་གསུམ་མཉམ་ཉིད་དུ་རྟོགས་པ་ཡོད་མེད་ཀྱི་རྒྱུ་མཚན་གྱིས་ཐེག་པ་ཆེ་ཆུང་ལ་ཡུམ་ཉེ་རིང་དུ་འཇོག་པ་མི་འཐད་ཅེས་རྩོད་པ་ཇི་ལྟར་འབྲེལ་སྨྲ་དགོས་སོ། །གཉིས་པ་ནི། ཡང་དག་པའི་ཡུམ་དང་རིང་བར་གྱུར་པའི་ཉན་ཐོས་དང་སོགས་པས་རང་རྒྱལ་གྱི་རྒྱུད་ལ་ཡོད་པ་རང་གི་རྟོགས་པ་གང་ཟག་དང༌། གཟུང་བའི་བདག་མེད་རྟོགས་ཙམ་གྱི་ཉི་ཚེ་བའི་ཡུམ་ནི། འཁོར་འདས་ལ་ཞེན་ནས་གནས་པ་ཡིན་པར་ཤེས་པར་བྱའོ། །རྒྱུ་མཚན་ནི། འཁོར་བ་རྒྱུན་གྱིས་འཇུག་པས་དེ་དངོས་པོ་ཡིན་པ་དང་མྱང་འདས་ཕུང་པོ་འགགས་པ་ཡིན་པས་དེ་ལ་དངོས་པོ་མེད་པར་དམིགས་པ་སྟེ་ཞེན་པ་ཉིད་ཀྱིས་སོ། །དེའི་རྒྱུ་མཚན་ཡང༌། གཞན་དོན་བྱེད་པའི་སྙིང་བརྩེ་བ་དང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་བྲལ་བའི་ཕྱིར་རོ། །དེ་གཉིས་ལ་ཡུམ་རིང་བ་ཅི་ཞེ་ན། གཟུགས་སོགས་དུས་གསུམ་པའི་ཆོས་རྣམས་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར་རོ། །རྟོགས་དཀར། ཉན་ཐོས་ཀྱི་ལུགས་ལ་མྱང་འདས་ནི་དོན་དམ་པར་ཡོད་པའི་དངོས་པོ་ཡིན་ཏེ། རྟག་པ་ཡིན་པའི་ཕྱིར་རོ། །འཁོར་བ་ནི་དངོས་པོ་མེད་པ་སྟེ། སྤང་བྱ་ཡིན་པས་སོ་ཞེས་དངོས་པོར་དམིགས་པ་མྱང་འདས་ལ་སྦྱར་བ་ནི་འདི་དང་རྒྱན་སྣང་དུ་སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར་རོ་ཞེས་སྙིང་རྗེ་དང་བྲལ་བ་སྔོན་ལ་བྱུང་བས་དེ་དང་མྱང་འདས་སྦྱར་དགོས་ལ།


JLD017_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོར་དམིགས་པ་ཡང་སྔོན་ལ་བྱུང་བས་སོ་སྙམ་དུ་བསམས་སོ། །དེ་ནི་མ་ཡིན་ཏེ། སྔར་འཁོར་འདས་གཉིས་ལ་རྟག་ཆད་དུ་བཤད་པ་དང༌། འདིར་ཡང་འོག་ཏུ་འཁོར་བ་དང་ཞེས་སྔོན་ལ་བྱུང་བས་སྙིང་བརྩེ་བ་དང་བྲལ་བ་སྔོན་ལ་བྱུང་ཡང་སྡེབ་སྦྱོར་གྱི་ངོར་ཡིན་པས་ཤེར་སྒྲོན་ལྟར་ཤེས་རབ་དང་བྲལ་བ་དང་པོར་གདོན་ནོ། །འོ་ན་ཚུ་རོལ་ཞེས་སོགས་འདིར་གཞི་ཤེས་དེ་ལྟ་བུ་སྒྲས་མ་ཟིན་པས་འཆད་པ་སྐབས་མ་ཡིན་ཞེ་ན། ཀུན་ཤེས་པ་འཆད་པའི་སྐབས་ལས་ཏེ་སྐབས་སུ་ཐེག་ཆེན་གྱི་གཞི་ཤེས་འཁོར་འདས་བར་གསུམ་དུ་མི་གནས་པ་དང༌། མཉམ་ཉིད་དུ་རྟོགས་པར་དངོས་སུ་བསྟན་པ་དེ་ལས་བཟློག་སྟེ་ཤུགས་ལ་བསྟན་པས་ཤུགས་བསྟན་ལ་ཡོད་དོ། །འདིར་ཉེ་རིང་དུ་འགྱུར་པའི་ཡུམ་འབྲས་ཡུམ་ལ་འདོད་པ་ནི་རྒྱ་ཆུངས་ཏེ། ཚིགས་བཅད་འདིས་ཟིན་པའི་ཡུམ་དེ་བྱང་སེམས་ལ་ཡོད་པར་མདོ་འགྲེལ་ཐམས་ཅད་ལས་གསུངས་པས་སོ། །དེས་ན་རྒྱལ་བའི་ཡུམ་ཞེས་འབྱུང་ཡང་སྲས་ཀྱི་གཙོ་བོ་བརྗོད་པ་ཡིན་ནོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། འཕྲོས་དོན་དཔྱད་པའོ། །དང་པོ་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་པོ་ནི། དུས་གསུམ་མཉམ་ཉིད་དུ་རྟོགས་པ་ཡོད་མེད་ཀྱི་རྒྱུ་མཚན་གྱིས་ཇི་ལྟར་ན་ཉན་ཐོས་དང་སོགས་པས་རང་རྒྱལ་ལ་ཡང་དག་པའི་ཡུམ་རིང་བ་དང༌། བྱང་སེམས་དང་སོགས་པས་སངས་རྒྱས་ལ་རིང་བའི་ཅིག་ཤོས་ཉེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། གཞི་རྟེན་འབྲེལ་གྱི་དོན་རྟོགས་པ་དེ་ཡང་། ཉན་ཐོས་སོགས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པ་མ་ཡིན་ནམ་སྟེ་ཡིན་པས་སོ། །ཁྱབ་པ་ཡོད་དེ། ཡུམ་ལ་ཉེ་བར་འཇོག་པའི་རྒྱུ་མཚན་དུས་


JLD017_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཉམ་ཉིད་དུ་ཤེས་པའི་དོན་ནི་གཞི་རྟེན་འབྲེལ་གྱི་དོན་རྟོགས་པ་ཁོ་ན་ཡིན་ཞིང་དེ་ལས་གཞན་དུ་མེད་པས་སོ། །ཡང་ནི་སྡེབ་སྦྱོར་གྱི་ངོར་སྔོན་ལ་བྱས་ཀྱང༌། དོན་ཐོབ་ལ་ཐམས་ཅད་ལ་ཡང་ཞེས་པ་འདིར་སྦྱར་རྒྱུ་ཡིན་ལ་དེ་ལྟར་ན་བྱང་སེམས་ཁོ་ནར་མ་ཟད་པའོ། །མཉམ་ཉིད་དུ་ཤེས་པའི་དོན་དེ་ལྟར་ཡིན་པའི་རྟགས་གྲུབ་སྟེ། ཐམས་ཅད་ཀྱིས་འདོད་པར་བྱ་བས་ལུགས་ཏེ་ཀླུ་སྒྲུབ་ཀྱིས་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ཉིད་ཐུབ་པ་ཁྱོད་སྟོང་པ་ཉིད་དུ་བཞེད་ཅེས་འབྱུང་བའི་ཕྱིར་རོ། །དོན་ནི། རྟེན་འབྲེལ་དེ་སྟོང་ཉིད་སྤྲོས་བྲལ་དུ་ལུང་གིས་གྲུབ་པས་དེ་རྟོགས་པ་ཡང་སྤྲོས་བྲལ་ལམ་མཉམ་ཉིད་རྟོགས་པར་འགྲུབ་སྙམ་པའོ། །འདིར་ལུང་ཁུངས་རྩ་ཤེ་ལ་མཛད་པ་དང༌། མཉམ་ཉིད་དུ་རྟོགས་པ་དེ་ཡང་ཞེས་གསུང་པ་ནི་དོན་མིན་ནོ། །དེ་ལྟར་གཞི་རྟེན་འབྲེལ་རྟོགས་པ་ཁྱད་མེད་དུ་ཡོད་པས་ཉེ་རིང་འོང་བ་མི་འཐད་ཅེ་ན། གཉིས་པ་ལ་གཉིས། རྩ་བ་དང༌། འགྲེལ་བའོ། །དང་པོ་ལ་གཉིས། ཐེག་དམན་རིང་བ་དང༌། ཐེག་ཆེན་ཉེ་བར་བསྟན་པའོ། །དང་པོ་ནི། ཤུགས་བསྟན་གྱི་གཞི་ཤེས་དེ་ནི་ཡང་དག་པའི་ཡུམ་ལ་རིང་སྟེ། རྣམ་མཁྱེན་གྱི་ཐབས་མ་ཡིན་པས་སོ། །དེ་ཡང་མཚན་མར་དམིགས་ཤིང་ཞེན་པའི་སྒོ་ནས་སམ་རྒྱུ་མཚན་གྱིས་ཡིན་ཏེ། ཐེག་པ་ཆེན་པོའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་ཡུམ་འདི་ལ་དམིགས་པའི་ཚུལ་དུ་ཤེས་པར་བགྱིད་ན་ཡུམ་འདི་འདོར་བར་འགྱུར་རིང་དུ་བགྱིད་དོ། ཞེས་དང༌། རབ་འབྱོར་མིང་


JLD017_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་ཆགས་སོ་མཚན་མ་ལས་ཀྱང་ཆགས་སོ། ཞེས་སོ། །འདོར་བ་དང་རིང་དུ་བྱེད་པ་ནི་དེའི་ཚེ་དང་ཕྱིས་ཀྱི་ཚེའོ། །གཉིས་པ་ནི། དངོས་བསྟན་གྱི་གཞི་ཤེས་དེ་ནི་ཞེས་སོགས་ཏེ་སྔར་ལས་བཟློག་སྟེ་སྦྱར་ཞིང་བཤད་པ་ནི་མདོ་ལས་ཏེ། ཡུམ་འདི་ལེགས་པར་བཤད་པ་དང་ལེགས་པར་མཐར་ཕྱིན་པའི་བར་ནི་ངོ་མཚར་ཆེའོ། ཞེས་སོ། །བཤད་པ་དང་མཐར་ཕྱིན་པའི་བར་ནི་ཉན་རང་གི་ལུང་རྟོགས་ལས་བཟློག་སྟེ་གསུངས་པ་དང༌། ཡོན་ཏན་རབ་ཀྱི་མཐར་ཕྱིན་པར་རྟོགས་པའོ། །གཉིས་པ་ལ་གསུམ། ཉན་རང་རིང་བ་དང༌། ཐེག་ཆེན་ཉེ་བར་བསྟན་པ་དང༌། བསྟན་པ་དེའི་དོན་བསྡུ་བའོ། །དང་པོ་ནི། ཉན་རང་དེ་དག་ལ་རྒྱལ་བའི་ཡུམ་སྲིད་ཞིའི་མཐའ་ལ་མི་གནས་པའི་གཉེན་པོ་གཞི་ཤེས་དེ་རིང་བར་གྱུར་པ་སྟེ་མེད་དེ། ཉན་ཐོས་ལ་སོགས་པ་དངོས་པོའི་ངོ་བོ་སྟེ་ཡིན་ལུགས་མི་ཤེས་པ་རྣམས་ལ་གཟུགས་སོགས་རང་བཞིན་མེད་པར་རྟོགས་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་མེད་དེ་དེའི་ཕྱིར། རྟགས་གྲུབ་སྟེ། གཟུགས་སོགས་ཀྱི་དངོས་པོ་མཚན་མ་དང་ལྡན་པར་རྟོགས་པ་སྟེ་དེ་ལ་བདེན་པར་ཞེན་པས་སོ། །ཁྱབ་པ་ཡོད་དེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་དངོས་པོ་རྟ་གླང་སོགས་སྣང་བ་ལ་སྒྱུ་མའི་རྟ་གླང་དེའི་རང་གི་ངོ་བོ་མི་བདེན་པར་མི་ཤེས་པས་རྟ་གླང་གི་དངོས་པོ་མངོན་པར་ཞེན་སྟོབས་ཀྱིས་རྟ་གླང་གི་ངོ་བོ་ཉིད་མེད་པར་མི་སྣང་བ་བཞིན་དུའོ། །རྟགས་ཕྱི་མ་གྲུབ་སྟེ། ཕྱིའི་རྐྱེན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་དགེ་བའི་བཤེས་གཉེན་དང་སོགས་པས་དེ་ལྟ་བུའི་གྲོགས་དང་བྱང་ཆུབ་སྒྲུབ་པའི་ཐབས་ལ་མཁས་པ་དང་བྲལ་བའི་ཕྱིར་རོ། །དགེ་བཤེས་


JLD017_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དང་ཞེས་རྒྱན་སྣང་དུའོ། །གཉིས་པ་ནི། བྱང་སེམས་དེ་དག་ལ་ཡུམ་འདི་ཡང་དག་པར་ཉེ་བར་འགྱུར་ཏེ། བྱང་སེམས་རྣམས་ལ་ནི་གཟུགས་སོགས་ཀྱི་ཆོས་ཡོངས་སུ་ཤེས་པར་བྱེད་པ་ན་ཡུལ་དེ་ཉིད་མཉམ་པ་ཉིད་སྤྲོས་བྲལ་དུ་ཡོངས་སུ་ཤེས་པར་བྱེད་པ་དེ་ཡོད་པ་ཡིན་ཏེ་དེའི་ཕྱིར། རྟགས་གྲུབ་སྟེ། གཟུགས་སོགས་ལ་བདེན་པའི་དངོས་པོར་མངོན་པར་ཞེན་པའི་འཁྲུལ་པའི་མཚན་མ་བསལ་བ་སྟེ་དེ་དག་མི་དམིགས་པར་རྟོགས་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། སྒྱུ་མ་མཁན་ཞེས་སོགས་སྔར་ལས་བཟློག་སྟེ་སྦྱར་རོ། །ཤེར་སྒྲོན་དུ་སྔ་མ་སྒྱུ་མའི་ལྟད་མོ་བས་བདེན་པར་བཟུང་བ་དང༌། ཕྱི་མ་སྒྱུ་མ་མཁན་གྱིས་རྫུན་པར་ཤེས་པའི་དཔེར་བཤད་དོ། །རྟགས་ཕྱི་མ་གྲུབ་སྟེ། དུས་རིང་མོ་བསྐལ་པ་གྲངས་མེད་པ་ཞིག་ནས་ཕྱིའི་རྐྱེན་ཐེག་ཆེན་དགེ་བའི་བཤེས་གཉེན་ཡང་དག་པར་མགུ་བར་བྱས་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཅན་ཏེ་ལྡན་ཞིང༌། ནང་གི་རྐྱེན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་བརྟེན་པའི་ཐོས་པ་དང་སོགས་པས་བསམ་པ་དང་སྒོམ་པའི་ཤེས་པ་སྐྱེད་པའི་ཐབས་ལ་མཁས་པ་ཡིན་པས་སོ། །ལན་འདི་གཉིས་ཀྱི་དོན་མདོར་བསྡུ་ན། ཡུལ་སྤྲོས་བྲལ་ཡིན་ཀྱང་བློས་སྤྲོས་བྲལ་དུ་རྟོགས་མ་རྟོགས་ཡོད་པས་ཉེ་རིང་གི་ཁྱད་པར་གྲུབ་ཅེས་པའོ། །གསུམ་པ་ནི། ཐབས་ཞེས་སོགས་ཏེ། ཐབས་མ་ཡིན་པས་རིང་བ་དང་ཞེས་སོགས་ཀྱི་དོན་བཤད་པའོ། །འདི་གཉིས་མདོ་ལས་འཕྲོས་ཚུལ་ནི། སྔ་མར་བསྟན་པའི་ཡུལ་ལ་མཚན་མར་བཟུང་མ་བཟུང་གི་ཉེས་དམིགས་དང་ཕན་ཡོན་བསྟན་


JLD017_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་གསུངས་སོ། །གཉིས་པ་ནི། འདིར་ཉན་རང་གིས་ཆོས་རང་བཞིན་མེད་པར་རྟོགས་པར་འདོད་པ་དེ་གང་ཞེ་ན། དབུ་མ་པ་ཁ་ཅིག་འདོད་ཅེས་གྲགས་ཀྱང་དེ་ལྟར་འདོད་པའི་དབུ་མ་པ་དག་གིས་རྒྱུ་མཚན་འདི་ལྟར་བཀོད་ནས་བསྒྲུབས་པ་མི་སྣང་ངོ༌། །ཅི་ཉན་རང་གིས་ཀྱང་ཆོས་ཀྱི་བདག་མེད་རྟོགས་པར་འདོད་པ་ཡོད་དམ་ཞེ་ན། འདི་ལ་གཉིས། མདོ་དག་ནས་གསུངས་པའི་ཚུལ་དང༌། བསྟན་བཅོས་རྣམས་ནས་ཇི་ལྟར་བཀྲལ་བའོ། །དང་པོ་ལ་གཉིས་ལས། ཆོས་ཀྱི་བདག་མེད་མ་རྟོགས་པའི་ཚུལ་ནི། མྱང་འདས་དཔལ་འཕྲེང་ལང་གཤེགས་དགོངས་འགྲེལ་ལ་སོགས་པ་དུ་མ་ཞིག་ཏུ་གསུངས་ཏེ་འདི་ནི་གྲགས་ཆེ་བས་ཁུངས་སུ་མ་བྲིས་སོ། །གཉིས་པ་ཆོས་རང་བཞིན་མེད་པར་རྟོགས་པར་གསུངས་པ་ནི་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི། སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་སྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ནི་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་


JLD017_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ་ཞེས་དང༌། ཡུམ་ལས་ཀྱང་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཡུམ་ལ་བསླབ་པ་བྱ་ཞེས་སོགས་གསུངས་པས་སོ། །དེ་ལ་དང་པོས་ནི་ས་བདུན་པ་མ་ཐོབ་བར་དུ་རྟོགས་པས་ཉན་རང་རྣམས་ཟིལ་གྱིས་གནོན་མི་ནུས་པར་གསུངས་པས་ཉན་རང་ལ་རང་བཞིན་མེད་རྟོགས་ཡོད་དེ། གཞན་དུ་ན་དེས་ཅིའི་ཕྱིར་མི་གནོན། གཉིས་པས་ཀྱང་ཉན་རང་ལ་ཆོས་རང་བཞིན་མེད་རྟོགས་ཡོད་པར་བསྟན་ཏེ། ཡུམ་ཉིད་ཉན་རང་གི་བྱང་ཆུབ་ཀྱི་རྒྱུར་གསུངས་ཤིང་རྟག་མི་རྟག་བདག་ཡོད་མེད་གང་དུ་ཞེན་ཀྱང་ཡུམ་ལ་མི་སྤྱོད་པར་གསུངས་པས་སོ། །ཡུམ་ལས་ཉན་རང་གི་ཤེས་རབ་ཀྱིས་བྱང་སེམས་ཀྱི་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་མི་འགྲོ་བར་གསུངས་པས་ནི་མི་གནོད་དེ། དེའི་རྒྱུ་མཚན་དུ་སེམས་བསྐྱེད་ཀྱི་ཁྱད་པར་བསྟན་གྱི་ཤེས་རབ་ཀྱི་ཁྱད་པར་མ་བསྟན་པས་སོ། །ཉན་ཐོས་ལས་བསྟན་པའི་མདོ་ལས་ཀྱང༌། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། ཞེས་ཉན་ཐོས་རྣམས་ཀྱིས་ཉོན་སྒྲིབ་སྤང་བའི་ཕྱིར་དུ་བསྟན་ཏོ། །གཉིས་པ་ལ་གཉིས། མདོ་དང་པོ་དང༌། གཉིས་པའི་རྗེས་འབྲང་ངོ༌། །དང་པོ་ནི། མདོ་སྡེའི་རྒྱན་ལས། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང༌། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། །


JLD017_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། ཞེས་ཐེག་ཆེན་སེམས་བསྐྱེད་སྤངས་པ་ལ་དེ་ཉིད་མཆོག་ཆོས་ཀྱི་བདག་མེད་མཐོང་བའི་བདེ་བ་དང་བྲལ་བར་གསུངས་ཤིང༌། བྱམས་ཆོས་གཞན་ལས་ཀྱང་སྒྲས་ཟིན་ལ་རང་རྒྱལ་ལ་ཁྱད་པར་ཙམ་མ་གཏོགས་པ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་བཤད་པ་མེད་དོ། །དེའི་རྗེས་སུ་འབྲངས་ནས་ཐོགས་མེད་སྐུ་མཆེད་དང་བློ་གྲོས་བརྟན་པ་ལ་སོགས་པའི་གཞུང་དུ་ཡང་ཆོས་ཀྱི་བདག་མེད་ཉན་རང་གིས་རྟོགས་པར་བཤད་པ་མི་སྣང་ངོ༌། །དབུ་མ་པའི་སློབ་དཔོན་ལ་ཡང༌། སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་དང༌། ཞི་འཚོ་དཔོན་སློབ་དང༌། འཕགས་སེང་རྗེས་འབྲང་དང་བཅས་པའི་ཕར་ཕྱིན་པ་རྣམས་ཀྱིས་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པར་གསུངས་ཏེ། ཕྱོགས་འདི་ལ་ནི། རྒྱ་བོད་ཀྱི་མཁས་པ་ཤིན་ཏུ་མང་ངོ༌། །ཡུམ་གྱི་རྒྱན་འདི་ལས་ཉན་རང་གི་སྦྱོར་ལམ་གྱི་སྐབས་སུ་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཅན་གསུངས་པ་ལྟར་སྣང་ཡང་སྤྱིའི་ཁོག་ལ་མི་འགྲིག་གོ །གཉིས་པ་ལ་གསུམ། སློབ་དཔོན་གྱི་ལུང་དགོད། ལུང་གི་དོན་བཤད། དེ་ལ་རྩོད་པ་སྤང་པའོ། །དང་པོ་ནི། རིགས་པ་དྲུག་ཅུ་པ་ལས། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་མི་བཟད་འབྱུང༌། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ལས་འབྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་བས་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱུང༌། །གང་གིས་དེ་ཤེས་འགྱུར་ཞེ་ན། །རྟེན་ཅིང་འབྲེལ་འབྱུང་མཐོང་བ་སྟེ། །བརྟེན་ནས་སྐྱེ་བ་མ་སྐྱེས་ཞེས། །ཡང་དག་མཁྱེན་པའི་


JLD017_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གིས་གསུངས། ཞེས་དང༌། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུ་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང༌། །དུས་གསུམ་ཉིད་དུའང་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང༌། ཞེས་སྔ་མས་དངོས་པོར་ཞེན་པ་ཡོད་ན་ཆགས་སོགས་རྣམས་འཇུག་པ་དང༌། དེ་མེད་ན་དེ་དག་ལྡོག་པར་གསུངས་ལ། ཕྱི་མས་དེ་ཡོད་ན་ངར་འཛིན་འཇིག་ལྟ་ཡོད་ལ་ཉོན་མོངས་དེ་ལས་དེ་བསླང་བའི་་ལས་དང༌། དེ་གཉིས་ལས་སྲིད་པར་སྐྱེ་བའི་རྗེས་འགྲོ་དང་དེ་དག་བདག་གཞན་དང་དུས་གསུམ་གྱི་ངོ་བོར་མ་གྲུབ་པར་མཐོང་བས། ངར་འཛིན་སོགས་དེ་དག་ལྡོག་པར་གསུངས་པས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བསྟན་ཏེ། ཉན་རང་དགྲ་བཅོམ་རྣམས་འཇིག་ལྟ་དང་ཆགས་སྡང་སོགས་མ་ལུས་པར་སྤངས་པ་དང༌། ལས་ཉོན་གྱི་དབང་གིས་མི་སྐྱེ་བ་བཞེད་པའི་ཕྱིར་ཏེ། སེམས་འགྲེལ་ལས། མི་ཤེས་ཉོན་མོངས་མིན་སྤངས་ཕྱིར། ཞེས་དང༌། འོན་ཀྱང་སྲིད་གསུམ་ཁམས་སུ་ནི། །སྐྱེ་བ་དེ་ལ་ཡོད་མ་ཡིན། ཞེས་པས་སོ། །རིན་ཆེན་ཕྲེང་བ་ལས་གསུངས་པ་བྱང་སེམས་ཀྱི་དབང་དུ་བྱས་པར་ཡང་འཆད་མི་ནུས་ཏེ། དེ་ལས་སྔར་ལྟར་གསུངས་ཤིང༌། ལེན་པ་མེད་པར་མྱ་ངན་ལས་འདའ་བར་


JLD017_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་མཐར། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང༌། །མཐོང་ནས་བྱང་ཆུབ་ངེས་པར་འདོད། ཅེས་པས་སོ། །གཞན་ཡང༌། ཐེག་པ་ཆེ་ལ་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེའི་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། ཞེས་ཐེག་ཆེན་དབུ་མ་པས་གདོད་མ་ནས་སྐྱེ་བ་མེད་པ་ལ་སྟོང་པར་བརྗོད་པ་དང༌། ཉན་ཐོས་སྡེ་པས་དངོས་པོ་རྣམས་རང་གི་ངོ་བོ་ལ་མི་གནས་པའི་ཟད་པ་ལ་སྟོང་པ་ཉིད་ཅེས་བརྗོད་པ་གཉིས་རང་བཞིན་གྲུབ་ན་ཟད་པ་མི་འཐད་པས་དོན་གཅིག་པར་རིན་ཕྲེང་ལས་གསུངས་པ་དང༌། རྩ་ཤེ་ལས་ཀྱང༌། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏྱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པ་མཛད། ཅེས་ཀ་ཏ་ཡ་ན་ལ་གདམས་པའི་ཐེག་དམན་གྱི་མདོར་ཡོད་མེད་ཀྱི་མཐའ་བྲལ་བསྟན་པས་ཉན་རང་ལ་ཆོས་རང་བཞིན་མེད་པ་རྟོགས་པ་ཡོད་པར་བསྟན་ཏོ། །གཉིས་པ་ནི། དཔལ་ལྡན་ཟླ་གྲགས་ཀྱིས་སྔར་གྱི་མདོ་རྣམས་དང་སློབ་དཔོན་གྱི་བསྟན་བཅོས་རྣམས་ཤེས་བྱེད་དུ་དྲངས་ནས་ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་བཞེད་པར་འཆད་དེ། འཇུག་འགྲེལ་ལས། ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པ་ཤེས་པ་ཡང་ཡོད་དོ། ཞེས་གསལ་བར་ངེས་ཏེ། དེ་ལྟ་མ་ཡིན་ན་དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང༌། རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་


JLD017_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པར་འགྱུར་ལ་ཞེས་སོགས་གསུངས་ནས་སྔར་གྱི་ལུང་དྲངས་ཏེ་སྔར་ལྟར་དགོངས་པ་བཤད་དོ། །སྤྱོད་འཇུག་ལས་ཀྱང༌། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། ཞེས་བྱེ་སྨྲ་སོགས་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཏུ་རྟོགས་པ་ཙམ་དེས་གྲོལ་བར་འགྱུར་ལ་དེའི་ཕྱིར་དངོས་པོ་རྣམས་རང་བཞིན་མེད་པར་མཐོང་བས་ཅི་བྱ་ཞེས་རྩོད་པའི་ལན་དུ། སྟོང་ཉིད་མ་རྟོགས་ན་ཉོན་མོངས་བཅོམ་པའི་དགེ་སློང་མེད་པ་སོགས་རྒྱས་པར་གསུངས་ཤིང༌། འགྲེལ་ཆེན་ལས་ཀྱང་རྡོ་རྗེ་གཅོད་པ་སོགས་ཀྱི་མདོ་དྲངས་ནས་བདེན་པ་བཞི་མི་རྟག་སོགས་སུ་བསྒོམས་པས་ཉོན་མོངས་མི་ལྡོག་ཅིང་སྲིད་པར་སྐྱེ་བ་མི་འཆད་པ་རྒྱས་པར་གསུངས་ནས་ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཆེས་གསལ་བར་བསྒྲུབས་སོ། །རྩ་བ་ལས་ཀྱང༌། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། ཅེས་སྒྲིབ་པ་གཉིས་ཀའི་གཉེན་པོ་ལ་ཆོས་རང་བཞིན་མེད་པར་རྟོགས་པ་དགོས་པར་གསུངས་སོ། །དེ་ལྟར་སྤྱོད་འཇུག་ལས་བྱེ་སྨྲ་དང་མདོ་སྡེ་པ་འདོད་པ་ལྟར་གྱི་མི་རྟག་སོགས་ཀྱི་ལམ་དེ་ལས་གཞན་ཉན་རང་ལ་མེད་ན་དེ་ལ་ཉོན་མོངས་སྤོང་པ་སོགས་མེད་པར་ཐལ་བའི་གནོད་པ་བརྗོད་ནས། རང་ལུགས་ལ་དེ་དག་གི་ལམ་ཡང་སྟོང་ཉིད་རྟོགས་པའི་ལམ་དུ་བཞེད་པ་འཆད་མི་ཤེས་པར་གཞུང་དེ་ལས་ཉན་རང་ལ་འཕགས་པ་མེད་པར་བསྟན་ཅེས་པ་ནི་རང་གི་དེ་ཁོ་ན་ཉིད་སྟོན་པ་སྟེ། འདིར་ནི་མངས་སུ་དོགས་པས་མ་སྤྲོས་སོ། །བདུན་བརྒྱ་པའི་འགྲེལ་པ་ལས་ཀྱང༌། སྐྱེ་བ་མེད་པར་མཉམ་པ་ཉིད་མཐོང་བ་ཁོ་ན་ཡང་དག་པར་དགྲ་


JLD017_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། གནས་དང་བཅས་པའི་སེམས་ཡོད་པ། །ཉོན་མོངས་དུག་ཆེན་ཅིས་མི་འབྱུང༌། །ཐ་མལ་འདུག་པའང་ཉོན་མོངས་པའི། །སྦྲུལ་གདུག་རྣམས་ཀྱིས་ཟིན་པར་འགྱུར། །སྡུག་ཅེས་པ་ལས་ཆགས་པ་འགྱུར། །དེ་ལས་བཟློག་པས་འདོད་ཆགས་བྲལ། །སྒྱུ་མའི་སྐྱེས་བུ་ལྟར་དབེན་བར། །མཐོང་ན་མྱ་ངན་འདས་པར་འགྱུར། ཞེས་བཤད་དོ། །ཕུང་པོ་ལ་སོགས་པ་ཡང་དག་པར་མ་སྐྱེས་པ་རྣམས་ལ་མི་རྟག་པའི་རྣམ་པར་བསྒོམས་པས་འདོད་ཆགས་ལ་སོགས་པ་ཞི་བར་འགྱུར་བ་དེ་ནི་ཡང་དག་པ་མ་ཡིན་ཏེ། ཉན་ཐོས་རྣམས་ཐེག་པ་ཆེན་པོ་ལ་གཟུང་པར་དགོངས་ནས་དེ་སྐད་བཤད་པ་ཡིན་ནོ་ཞེས་སོ། །དེ་ལྟར་ན་དཔལ་ལྡན་ཟླ་གྲགས། ཛ་ཡ་ཨ་ནན་ཏ། སློབ་དཔོན་ཞི་བ་ལྷ། ཤེར་འབྱུང༌། དགེ་བ་ལྷ། བི་མ་ལ་མི་ཏྲ་རྣམས་ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་པར་བཞེད་དོ། །གསུམ་པ་ནི། འོ་ན་མདོ་དང་བྱམས་པས་ཉན་རང་གིས་ཆོས་བདག་མེད་མ་རྟོགས་པར་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན། འོ་ན་ལུང་གཞན་ལས། ཁུར་ཁྱེར་བ་ཡི་གང་ཟག་ཡོད། །རྟག་གམ་མི་རྟག་བརྗོད་མི་བྱ། ཞེས་བརྗོད་དུ་མེད་པའི་གང་ཟག་ཡོད་པར་གསུངས་པ་ཡང་ཇི་ལྟར་དྲང༌། དེ་ནི་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བར་བྱ་བའི་ཕྱིར་གསུངས་པས་དགོངས་པ་ཅན་ནོ་ཞེ་ན། འོ་ན་རང་བཞིན་མེད་པར་བསྟན་པ་ལ་སྐྲག་པའི་དོན་སྨྲ་ལ་སོགས་པ་རྣམས་དྲང་བའི་དོན་དུ་རེ་ཞིག་མི་རྟག་སོགས་གང་ཟག་གི་བདག་མེད་ཀྱིས་གྲོལ་བར་གསུངས་སོ། །དེ་ལྟར་ན་ཉན་རང་ལ་མི་རྟག་སོགས་ཀྱི་ལམ་རྣམ་པར་


JLD017_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས་ཆོས་ཀྱི་བདག་མེད་མ་རྟོགས་པར་བསྟན་པའི་དགོངས་གཞི་ནི་བདག་མེད་དེ་རྫོགས་པར་སྒོམ་པ་མེད་པའོ། །དགོས་པ་ནི་སྨྲས་ཟིན་ཏོ། །དངོས་ལ་གནོད་བྱེད་ནི། གལ་ཏེ་ཆོས་སུ་ཞེན་པ་དང་བཅས་པའི་མི་རྟག་སོགས་བཅུ་དྲུག་ལས་དེ་དག་ལ་ལམ་གཞན་མེད་ན། དེ་དག་གིས་ཉོན་མོངས་པ་རྩད་ནས་སྤངས་པ་དང་འཕགས་པ་མཚན་ཉིད་པར་ཁས་བླང་དུ་མི་རུང་སྟེ། ལམ་དང་ཉོན་མོངས་གཉིས་ཀ་དམིགས་ཡུལ་ཕུང་པོའི་ཆོས་གཅིག་ལ་དམིགས་ནས་དེའི་གནས་ལུགས་ལ་ལོག་པར་ཞུགས་པར་མཚུངས་པ་དང༌། བདེན་བཞིའི་རང་བཞིན་ལས་བློ་གོལ་བའི་ཕྱིར་བདེན་པ་ཇི་ལྟ་བ་བཞིན་དུ་མཐོང་བ་མིན་པའི་ཕྱིར་རོ། །གཞན་ཡང་ཆགས་སོགས་ཉོན་མོངས་ནི་ཕུང་པོ་ལ་བདེན་འཛིན་གྱི་རྒྱུ་ཅན་ཡིན་ལ་དེ་དག་གིས་ཕུང་པོ་ལ་ཐམས་ཅད་དུ་བདེན་པར་འཛིན་ན་རྒྱུ་མ་ལོག་པས་འབྲས་བུ་མ་ལུས་པ་ཇི་ལྟར་ལྡོག །དེས་ན་ལུང་ལས་ཆོས་ཀྱི་བདག་མེད་རྟོགས་མ་རྟོགས་གཉིས་ཀ་ལ་བཤད་ལ། ལུང་གཉིས་ཀས་ཀྱང་ཉན་རང་ལ་ཉོན་མོངས་སྤངས་པ་དང་སྲིད་པ་ལས་གྲོལ་བ་དང༌། ལས་ཉོན་ཀྱི་དབང་གིས་མི་སྐྱེ་བ་ཡོད་པ་ངེས་དོན་དུ་འདོད་པའི་ཕྱིར་མ་རྟོགས་པར་བཤད་པ་དྲང་དོན་དུ་བྱ་ཞིང༌། རྟོགས་པ་ངེས་དོན་དུ་བྱ་སྟེ། མི་རྟག་སོགས་ལས་གཞན་པའི་ལམ་མེད་པ་ཡིན་ན་ཉོན་མོངས་སྤངས་པ་སོགས་མི་སྲིད་པས་དེའི་སྒྲ་ཇི་བཞིན་པ་ལ་རིགས་པས་གནོད་ལ། ཕྱི་མའི་སྒྲ་ཇི་བཞིན་པ་ལ་རིགས་པའི་གནོད་པ་མེད་པས་སོ། །གནོད་པ་རྒྱས་པར་ནི་འཇུག་ཊཱིཀ་དང་སྤྱོད་འཇུག་གི་འགྲེལ་ཆེན་ལས་བལྟའོ། །གལ་ཏེ་ཉན་རང་ལ་ཆོས་ཀྱི་བདག་


JLD017_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྟོགས་པ་ཡོན་ན་ཐེག་ཆེན་དང་ཁྱད་མེད་དུ་འགྱུར་རོ་ཞེ་ན། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། ཞེས་ལན་མཛད་ཅིང༌། ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་པ་ཡང་མེད་དོ་ཞེས་བཤད་དོ། །ཁྱད་པར་འདི་དག་ཤེས་ན་ཉན་རང་ལ་འཕགས་པ་མཚན་ཉིད་པ་འོང་མི་འོང་གི་དོགས་པ་ཡང་ལྡོག་པར་འགྱུར་རོ། །མདོར་ན། ཉན་རང་རྣམས་ཀྱི་ཡུལ་ལ་མངོན་ཞེན་མི་སྤོང་ན་དེ་དག་ལ་འཕགས་པ་མི་འོང་ཞེས་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་པར་འདོད་པ་རྣམས་སྨྲའོ། །ཆོས་ཀྱི་བདག་མེད་མ་རྟོགས་པར་འདོད་པ་དག་གིས་ཀྱང་དེ་བཞིན་ཉིད་རྟོགས་པར་ནི་འདོད་དེ། བསྡུ་བ་ལས། ཡང་དག་པའི་ཤེས་པ་གཅིག་ཏུ་འཇིག་རྟེན་ལས་འདས་པ་གང་ཞེ་ན། གང་གིས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་ཉིད་རབ་ཏུ་རྟོགས་པར་བྱེད་པའོ། ཞེས་པས་སོ། །གཞན་ཡང་ཉན་རང་དགྲ་བཅོམ་པས་གང་ཟག་གི་བདག་མེད་རྫོགས་པར་རྟོགས་པའི་ཕྱིར་དེ་བཞིན་ཉིད་རྟོགས་ཏེ། ཀུན་བཏུས་ལས། ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཞེ་ན། བདག་མེད་པ་གཉིས་དང༌། ཞེས་པ་དང༌། དབུས་མཐའ་ལས་ཀྱང༌། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། ཅེས་སྟོང་ཉིད་བཅུ་དྲུག་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཀྱི་སྟོང་པ་ཉིད་གཉིས་བཤད་པ་དང༌། རིགས་ཀྱི་སྐབས་སུ་ཡང་དེ་བཞིན་ཉིད་ལ་རྟོགས་ཚུལ་ཐ་དད་པ་གསུམ་ཡོད་པས་རིགས་ཐ་དད་པ་གསུམ་དུ་བཞག་པ་དང༌། ཤཱནྟི་པས་ཀྱང་ནམ་མཁའ་ཐ་


JLD017_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་མེད་ཀྱང་ལམ་གྱི་དབྱེ་བས་ཐ་དད་དེ། བྱའི་ལམ་དང༌། བསེ་རུའི་ལམ་དང་། ཉི་མའི་ལམ་བཞིན་ནོ་ཞེས་རིགས་ཐ་དད་པ་གསུམ་གྱི་དཔེར་བརྗོད་དུ་བསྟན་པའི་ཕྱིར་ཏེ། རྩལ་ཆེ་ཆུང་ཙམ་མ་གཏོགས་པ་འདི་དག་ཐམས་ཅད་ཀྱིས་ནམ་མཁའ་ལ་བགྲོད་པར་ཁས་བླང་དགོས་པའི་ཕྱིར་རོ། །གཞན་ཡང་འདི་དག་གི་མཉམ་གཞག་ན་མི་རྟག་སོགས་སུ་བདེན་ནོ་སྙམ་པའི་རྟོགས་པ་མངོན་གྱུར་མེད་དེ། རྣམ་འབྱོར་མངོན་སུམ་ཡིན་པས་སྒྲ་རྟོག་དང་བྲལ་བའི་ཕྱིར་ཏེ། ཚད་མའི་མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། ཞེས་རྣལ་འབྱོར་མངོན་སུམ་གྱིས་བདེན་བཞིའི་ཆོས་རྣམས་མིང་དང་མ་འདྲེས་པར་ཡུལ་དུ་བྱེད་པར་གསུངས་པ་དང༌། ཀུན་བཏུས་ལས་ཀྱང༌། འཇིག་རྟེན་ལས་འདས་པའི་ཤེས་པས་བདེན་པའི་རྣམ་པ་ལ་འཇུག་པ་ན་མི་རྟག་པའི་དོན་མཐོང་གི་མི་རྟག་པ་ཉིད་དོ་ཞེས་བྱ་བར་ནི་མ་ཡིན་ནོ། །མི་རྟག་པ་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་རྣམ་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ལ་གསུམ། གཞི་ལམ་དང༌། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན། དེ་དག་གི་མཇུག་བསྡུ་བའོ། །དང་པོ་ལ་གཉིས། སྤང་བྱ་དང༌། གཉེན་པོའོ། །དང་པོ་ལ་གསུམ་ལས། དང་པོ་ནི། གོང་གི་ཚུལ་དེ་ལྟར་ཉན་ཐོས་དང་སོགས་པས་རང་རྒྱལ་ཡུམ་ལ་རིང་བར་གྱུར་པའི་སྒྲུབ་པ་སྟེ་སྒྲུབ་བྱེད་མཚན་མར་དམིགས་པ་ཉིད་གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་པར་སྟོན་ཏོ། །ཉན་ཐོས་ལ་སོགས་པའི་ཡུམ་ཞེས་འབྱུང་ཡང་སྔར་ཉན་རང་གཉིས་རིང་བར་བསྟན་གྱི་དེའི་ཡུམ་རིང་


JLD017_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་བསྟན་པས་དེ་ལྟར་བཤད་དོ། །མདོའི་འབྲེལ་ནི། བྱང་ཆེན་གྱི་ཆགས་པ་དང་བཅས་མ་བཅས་གང་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ནི། གཟུགས་དང་སོགས་པས་རྣམ་ཤེས་ཀྱི་བར་གྱི་ཕུང་པོ་དང་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་སྟོང་ངོ་ཞེས་མཚན་མར་འདུ་ཤེས་པ་དང༌། དུས་གསུམ་དུ་གཏོགས་པའི་ཆོས་རྣམས་ལ་དེ་དག་ཏུ་མཚན་མར་འདུ་ཤེས་པ་དང༌། སྦྱིན་པ་དང་སོགས་པས་ལྷག་མ་ལྔ་དང་བྱང་ཆུབ་ཀྱི་ཕྱོགས་སོ་བདུན་དང༌། རྣམས་ཞེས་པ་མང་པོའི་ཚིག་ནི་སོགས་ཀྱི་དོན་ཡིན་པས་དེས་བསྡུས་པ་རྣམ་མཁྱེན་གྱི་བར་ལ་སྤྱོད་པ་སྟེ་ལམ་དུ་མཚན་མར་འདུ་ཤེས་པ་ནི་མི་མཐུན་པའི་ཕྱོགས་སོ། །དེ་ལ་དང་པོ་ནི་ལམ་གྱི་ཡུལ་དང༌། ཕྱི་མ་ནི་ལམ་ལ་ཆགས་པ་དང༌། དང་པོ་ལ་ཡང་སྔ་མས་ནི་ཕུང་པོ་སོགས་ལ་དོན་གཞན་གྱི་བདག་གིས་སྟོང་པར་ཞེན་ལ་ཕྱི་མས་ནི་དེ་ལ་དུས་སུ་ཞེན་ཏེ། བྱང་ཆེན་ཐབས་མི་མཁས་པས་གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། ཞེས་པ་ནས་རྣམ་མཁྱེན་གྱི་བར་ལ་དེ་ལྟར་དང༌། གཞན་ཡང་བྱང་ཆེན་ཐབས་མི་མཁས་པས་འདས་པའི་ཆོས་རྣམས་ལ་འདས་པའི་ཆོས་རྣམས་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། ཞེས་དང་གཞན་གཉིས་ལ་ཡང་དེ་ལྟར་དང༌། གཞན་ཡང༌། བྱང་ཆེན་དམིགས་པའི་ཚུལ་གྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་བ་ནས་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་ན་ཆགས་པའོ། ཞེས་རྣམ་མཁྱེན་གྱི་བར་ལ་གསུངས་པ་སྟེ་དེ་ཡང་སྤང་བྱ་གསུམ་དང་རིམ་པ་ལྟར་རོ། །གྲགས་ཆར། ཉན་ཐོས་ལ་སོགས་པས་གཟུང་འཛིན་གྱི་ཕུང་པོ་བདག་གིས་བྱ་ནི་


JLD017_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་བརླབས་པར་ཤེས་པ་དང༌། དེ་དག་དེས་སྟོང་པར་ཤེས་པ་དང་དུས་གསུམ་གཅིག་དང་སོ་སོར་འཛིན་པ་དང༌། སེར་སྣ་སོགས་དང་སྦྱིན་སོགས་དང༌། ཆོས་སོ་བདུན་ལ་ཆགས་པའི་སྤང་གཉེན་ཏེ། དེ་དག་ཀྱང་བྱང་སེམས་ཀྱི་མི་མཐུན་ཕྱོགས་སོ་ཞེས་འཆད་པ་ནི་མདོ་དང་མི་མཐུན་ནོ། །གསུམ་པ་ནི། གཟུགས་སོགས་ཕུང་པོ་ལྔ་དང་དུས་གསུམ་པའི་ཆོས་མི་རྟག་སོགས་བདེན་པའི་དངོས་པོར་མ་གྱུར་པ་ཐམས་ཅད་ལ་དེར་དམིགས་པ་ཉིད་ཀྱིས་མུ་སྟེགས་བྱེད་གཞན་གྱིས་ཀུན་བཏགས་པའི་བདག་དང་སོགས་པས་མཐོང་བ་པོའི་བར་གྱི་ཕུང་སོགས་སྟོང་པ་ཉིད་དུ་ལྟ་བ་དང༌། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་རྣམ་བྱང་གི་འགྲེས་ལ་ཚོགས་སྦྱོར་ན་ཡོད་པ་ཟག་བཅས་དང༌། མི་སློབ་པའི་ལམ་ན་ཡོད་པ་ཟག་མེད་དང༌། མཐོང་སྒོམ་ན་ཡོད་པ་ཟག་པ་དང་བཅས་མ་བཅས་གཉིས་ཀའི་ངོ་བོ་སྤྱད་བྱའི་དངོས་པོ་བདེན་པར་མ་གྱུར་པ་ཐམས་ཅད་ལ་ལམ་གྱི་དངོས་པོར་དམིགས་པ་ཉིད་ཀྱིས་སྒྲུབ་པ་སྟེ་སྤྱད་བྱའི་ལམ་དུ་མཚན་མར་འདུ་ཤེས་པ་ནི། གཉེན་པོ་གཞི་ཤེས་ཀྱི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ནི་བདག་འཛིན་གྱི་གཉེན་པོ་ཡིན་པས་སྤང་བྱ་མིན་ཞེ་ན། བདག་འཛིན་སོགས་དེ་དག་གི་གཉེན་པོ་ཡིན་ན་ཡང་གཟུགས་སོགས་ཀྱི་རང་བཞིན་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཉིད་ཀྱིས་གང་ཟག་གི་བདག་མེད་རྟོགས་པའི་སྤང་བྱ་མ་ཡིན་ཀྱང་ཆོས་རང་བཞིན་མེད་རྟོགས་ཀྱི་སྤང་བྱར་མི་འགལ་ལོ། །ཟག་བཅས་སོགས་གསུམ་ལ་རིམ་པ་ལྟར་འཆིང་བ་ཀུན་ལྡན་གྱི་སོ་སྐྱེ་འཕགས་པ་རྣམས་ཀྱི་


JLD017_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་འཇིག་རྟེན་པའི་ལམ་གྱིས་ས་འོག་མའི་ཉོན་མོངས་ཆེན་པོ་ལྟ་བུ་ཕྱོགས་གཅིག་སྤངས་པའི་སོ་སྐྱེ་ལ་རིགས་བྱིན་བཞེད་ལ། ཕུང་ལྔ་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་ཆོས་སོ་བདུན་ནོ་ཞེས་འབུམ་པ་འཆད་དོ། །འདིར་ནི་ཟག་བཅས་ཞེས་སོགས། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ་ཞེས་པའི་འགྲེལ་པར་བྱ་དགོས་ལ་དེ་དག་ལ་ཡང་སྔར་བཤད་པ་ལྟར་ལམ་གྱི་གནས་སྐབས་གསུམ་ཡོད་པར་བཤད་པ་སྔ་མ་ཉིད་དགོངས་པའོ། །རྒྱན་སྣང་དུ་ཡང་ཟག་པ་ཡོད་མེད་སོགས་ཕུང་པོ་དང་དུས་ལ་སྦྱར་བ་ལྟར་སྣང་ཡང་དགོངས་པ་འདི་ལྟར་བླང་ངོ༌། །གཉིས་པ་ལ་གསུམ་ལས། དང་པོ་ནི། བྱང་སེམས་རྣམས་ཀྱི་ཡུམ་ལ་ཉེ་བའི་རྒྱུ་མཚན་མཚན་མར་མི་དམིགས་པ་ནི་སྤང་བྱ་ལས་བཟློག་སྟེ་གཉེན་པོ་ཡིན་པར་སྟོན་ཏོ། །གཉིས་པ་ལ་གཉིས། སྤྱིར་ལྟ་སྒོམ་དང༌། སྤྱོད་པ་ལ་ལྟོས་པའི་སྤང་གཉེན་ནོ། །དང་པོའི་སྤང་བྱ་ནི་སྔར་བཤད་པ་དེ་ཡིན་ལ། གཉེན་པོ་ནི་ཕུང་ལྔ་ལ་གཟུགས་ལ་སོགས་པའོ་ཞེས་ཞེན་པ་དང་དུས་གསུམ་ལ་འདས་སོགས་སོ་སྙམ་པའི་ཞེན་པ་མེད་པ་དང༌། སྦྱིན་པ་དང་སོགས་པས་རྣམ་མཁྱེན་གྱི་བར་ལ་ངར་འཛིན་པ་སྟེ་བདག་གིས་འདི་ལ་སྤྱད་པ་དང་འདི་ཐོབ་པར་བྱའོ་སྙམ་པའི་མངོན་ཞེན་མེད་པ་སྟེ། བྱང་ཆེན་ཐབས་མཁས་པས་ཡུམ་ལ་སྤྱོད་པའི་ཚེ་འདི་སྙམ་དུ་གཟུགས་ལ་གཟུགས་ཞེས་བྱ་བར་འདུ་ཤེས་པ་མེད་དོ་ཞེས་དང༌། འདས་པའི་ཆོས་རྣམས་ལ་འདས་པའི་ཆོས་རྣམས་ཞེས་བྱ་བར་འདུ་ཤེས་པ་མེད་དོ་ཞེས་དང་། བྱང་ཆེན་ཐབས་མཁས་པས་ཡུམ་ལ་སྤྱོད་པའི་ཚེ་འདི་སྙམ་དུ་བདག་གིས་སྦྱིན་པ་ཞིག་བྱིན་འདི་ལ་སྦྱིན་པ་བྱིན་སྦྱིན་པ་འདི་ལྟ་བུ་ཞིག་


JLD017_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ནོ་ཞེའམ། ཞེས་པ་ནས་བདག་གིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་ཞེའམ་བདག་གིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེའམ། བདག་གིས་ནི་རྣམ་མཁྱེན་ཐོབ་པར་བྱའོ་སྙམ་དུ་སེམས་པ་མེད་དེ་ཞེས་པ་སྟེ། སྤང་བྱ་གསུམ་དང་གྲངས་བཞིན་ནོ། །དེ་ཡང་རྐང་པ་དང་པོ་འདིས་སྤང་བྱ་དང་པོ་གཉིས་ཀྱི་གཉེན་པོ་མ་ཟིན་ཀྱང་ཤུགས་ལ་བསྟན་པའོ། །གཉིས་པའི་སྤང་བྱ་ནི། བསྔོ་བར་བྱེད་པའི་སེམས་དང་བསྔོ་བྱའི་དགེ་བ་ལ་མཚན་མར་ཞེན་ནས་བྱང་ཆུབ་ཏུ་བསྔོ་བའི་མཚན་བཅས་ཀྱི་སྤྱོད་པ་ཡིན་ལ། དེ་ཡང་རྐང་པ་ཕྱི་མ་གཉིས་ཀྱིས་གཉེན་པོ་གསུངས་པའི་ཤུགས་ལ་བསྟན་ཏེ། བྱང་ཆེན་སེམས་སུ་འདུ་ཤེས་པ་དང༌། སྦྱིན་པར་འདུ་ཤེས་པ་དང༌། ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་འདུ་ཤེས་པ་དང་སངས་རྒྱས་བཅོམ་ལྡན་འདས་སུ་འདུ་ཤེས་པ་དང་སངས་རྒྱས་ལ་སྐྱེད་པའི་དགེ་རྩ་གང་དག་ཏུ་འདུ་ཤེས་ནས་དགེ་རྩ་དེ་དག་མངོན་པར་བསྡུས་ཏེ་གཅིག་ཏུ་བསྡོམས་ཤིང་གཞལ་ནས་བླ་མེད་རྫོགས་བྱང་དུ་བསྔོ་བར་བྱེད་པ་འདི། ཀཽ་ཤི་ཀ་བྱང་ཆེན་རྣམས་ཀྱི་ཆགས་པ་སྟེ། ཞེས་སོ། །གཉེན་པོ་ནི། རང་ཉིད་ཀྱིས་བདག་ནི་སྦྱིན་པ་སྦྱིན་པའོ་ཚུལ་ཁྲིམས་སྲུང་བའོ། ཞེས་སོགས་སུ་དེར་རློམ་པ་བཀག་ནས་སྤྱོད་པ་དེ་ལྟ་བུ་ལ་གདུལ་བྱ་གཞན་དག་ཀྱང་སྦྱོར་བར་བྱེད་པ་དེའི་སྒོ་ནས་རང་གཞན་གྱི་ཆགས་པའི་མཐའ་ཐམས་ཅད་འགོག་པ་སྟེ། ཇི་ལྟར་བྱང་ཚེ་བདག་ནི་སྦྱིན་པ་སྦྱིན་པའོ་ཞེས་པ་ནས་བདག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྒོམ་མོ། །བདག་ནི་བྱང་


JLD017_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟར་བྱང་ཆེན་གྱིས་གཞན་ལ་ཡང་དག་པར་བསྟན་པར་བྱ། ལེན་དུ་གཞུག་པར་བྱ། གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་སྟེ། ཞེས་སོ། །དེ་བཞིན་ཡང་རིམ་པ་ལྟར་ཀུན་ཏུ་རྨོངས་པ་དང་བདག་མེད་པ་དང་ཀུན་ཏུ་ཞུམ་པ་དང་ཡང་དག་པར་ཞུགས་པའི་གདུལ་བྱ་ལའོ། །རྐང་པ་གསུམ་པ་དང་པོའི་མཐར་ཡང་སྦྱར་རོ། །དེ་ལྟར་ན་རྐང་པ་དང་པོས་གཉེན་པོ་དང་པོ་གཉིས་དང༌། རྐང་པ་ཕྱི་མ་གཉིས་ཀྱིས་སྤང་བྱ་ཤུགས་ལ་བསྟན་ནས་གཉེན་པོ་དངོས་སུ་སྟོན་པའི་སྤང་གཉེན་ཚན་པ་གཉིས་སུ་སྦྱར་བ་འདི་ཉི་སྣང་རྣམ་འགྲེལ་ལེ་བརྒྱད་མ་གསུམ་གྱི་དགོངས་པ་མཐར་ཐུག་པ་ཡིན་མོད། གངས་ཅན་པ་རྣམས་ལ་ནི་སོ་སོར་ཕྱེ་ནས་འཆད་ཤེས་པ་ཉིན་མོའི་རྒྱུ་སྐར་བཞིན་ནོ། །གསུམ་པ་ནི། འཁོར་གསུམ་རྣམ་པར་དག་པ་སྟེ་དེར་དམིགས་པ་དང་བྲལ་བས་སྦྱིན་སོགས་ལ་སྤྱོད་པ་པོ་དང་ཐོབ་པ་པོའི་བདག་མེད་པར་རྟོགས་པས་སམ་རྟོགས་ནས་རང་དེ་ལ་གནས་ཤིང་གདུལ་བྱ་གཞན་དེ་ལ་སྦྱོར་བ་ནི་ཉན་རང་གི་ལམ་ལྟར་རེས་འགའ་བའི་གཉེན་པོ་མིན་པར་རྣམ་པ་ཐམས་ཅད་དུ་གཉེན་པོ་ཡིན་ཏེ། བླང་བར་བྱ་བ་འབའ་ཞིག་ཡིན་པའི་ཕྱིར་ཏེ་གཟུགས་སོགས་ཀྱི་གནས་ལུགས་ལ་ཡང་དག་པར་ཞུགས་པའི་ཕྱིར་དང་ཆགས་པ་མངོན་ཞེན་གྱི་ཚོགས་ཀྱི་གནས་ས་བོན་ཐམས་ཅད་གཉེན་པོས་བཀག་པའམ་ཞེན་བྱའི་གཞི་ཐམས་ཅད་ཤེས་རབ་ཀྱིས་བཀག་པ་སྟེ་མ་དམིགས་པས་སོ། །མདོ་ལས་སྤང་གཉེན་འདི་དག་སོ་སོར་ཡོད་ཀྱང་འགྲེལ་པ་འདིས་གཉེན་པོ་རྣམས་གཅིག་ཏུ་མཛད་ཅིང་སྤང་བྱ་དང་པོའི་གཉེན་པོ་མ་


JLD017_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པར་གསུངས་པ་ནི། རིམ་པ་ལྟར་ཚིག་ཚོགས་སྐྱུང་བ་དང་ཤུགས་ཀྱིས་གོ་ནུས་པ་ལ་དགོངས་པའོ། །གཉིས་པ་ལ་བཞི། ཆགས་པའི་ངོ་བོ། ཆགས་པ་ཡིན་པའི་རྒྱུ་མཚན། ཆགས་པའི་གཉེན་པོ། རྒྱུ་མཚན་ལས་འཕྲོས་དོན་ནོ། །དང་པོ་ལ་གཉིས་ལས། དང་པོ་ནི། རྒྱལ་བ་དང་སོགས་པས་དེ་དག་གི་བར་གསུམ་གྱི་དགེ་བ་ལ་རིམ་པ་ལྟར་མཚན་མར་ཡིད་ལ་བྱས་ཏེ་མཆོད་པ་དང་བྱང་ཆུབ་ཏུ་བསྔོ་བ་ནི་ཆགས་པ་ཕྲ་མོ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་མེད་རྫོགས་བྱང་དུ་ཞུགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་མར་ཡིད་ལ་བྱེད་ན་རབ་འབྱོར་ཇི་ཙམ་མཚན་མར་གྱུར་པ་དེ་ཙམ་དུ་ཆགས་པའོ། ཞེས་དང༌། རྒྱལ་བ་རྣམས་ཀྱི་བར་གསུམ་གྱི་དགེ་བ་ལ་དེ་ལྟར་ཡིད་ལ་བྱས་ནས་བསྔོ་ན་ཡང་དེ་ལྟར་གསུངས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ལ་མཚན་མར་ཡིད་ལ་བྱས་ནས་ལུས་ཀྱིས་ཕྱག་འཚལ་བ་དང་སོགས་པས་ངག་གིས་བསྟོད་པ་སོགས་ནི། བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ནོ། །གཉེན་པོ་ཡིན་པས་དེར་འགལ་ཞེ་ན། བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་ལས་སྒྲིབ་སོགས་འགའ་ཞིག་གི་གཉེན་པོ་ཡིན་མོད་ཀྱི་རྣམ་པ་ཐམས་ཅད་དུ་གཉེན་པོ་མིན་པས་སྐྱོན་མེད་དེ། ཆགས་པ་སྟེ་ཞེན་པ་ཕྲ་མོའི་ངོ་བོ་ཉིད་ཀྱིས་སོ། །བམ་པོ་གསུམ་པ་ནི་འཆད་འགྱུར་རོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། ཆགས་པ་ཕྲ་མོ་མི་མཐུན་ཕྱོགས་ཡིན་པའི་རྒྱུ་མཚན་ཇི་ལྟར་ཞེ་ན། ཡང་ནི་ངོ་བོར་མ་ཟད་རྒྱུ་མཚན་ཡང་འཆད་པའོ། །གཉིས་པ་ནི། ཆོས་ཀྱི་ལམ་


JLD017_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཏེ། ལམ་ནི་དེའི་རིགས་ཏེ། ཡུམ་ནི་ཟབ་པོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར། ཞེས་སོ། །འདིས་ཆོས་ཐམས་ཅད་རང་བཞིན་མེད་པའི་སྤྲོས་བྲལ་དུ་གསུངས་པས་དེ་བཞིན་གཤེགས་པ་སོགས་ལ་རང་བཞིན་དུ་དམིགས་པ་ཞེན་པ་ཕྲ་མོར་བསྟན་ཏོ། །གསུམ་པ་ནི། ཟབ་པ་རྩ་བའི་རྟགས་དང་ངོ་བོས་སྟོང་པ་རྟགས་སྒྲུབ་ཏུ་སྦྱར་ལ་བཤད་དོ། །ཡང་ནི་གཟུགས་སོགས་ལ་དམིགས་པ་མི་མཐུན་ཕྱོགས་ཡིན་པར་མ་ཟད་པའོ། །གསུམ་པ་ལ་གསུམ་ལས། དང་པོ་ནི། དེ་ཆགས་པ་ཕྲ་མོ་ཡིན་པ་འོ་ན་སྤང་བྱ་དེ་གཉེན་པོ་གང་གིས་ཚུལ་ཇི་ལྟར་སྤོང་ཞེ་ན། གཉིས་པ་ནི། ཆོས་རྣམས་རང་བཞིན་མེད་པར་རང་བཞིན་གཅིག་པར་ཤེས་པས་ནི་ཆགས་པ་སྤོང་སྟེ། དེ་ནི་འདི་ལྟར་ཆོས་ཀྱི་རང་བཞིན་གཉིས་མ་ཡིན་ཏེ། རབ་འབྱོར་ཆོས་ཀྱི་རང་བཞིན་གཅིག་ཏུ་ཟད་དོ། །ཆོས་ཀྱི་རང་བཞིན་གང་ཡིན་པ་རང་བཞིན་མ་ཡིན་ནོ། །གང་རང་བཞིན་མ་ཡིན་པ་དེ་ནི་རང་བཞིན་ནོ། །གང་རང་བཞིན་ཡིན་པ་དེ་ནི་མངོན་པར་འདུས་མ་བྱས་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆེན་གྱིས་ཆོས་ཀྱི་རང་བཞིན་གཅིག་པུ་རང་བཞིན་མ་ཡིན་པ་མངོན་པར་འདུས་མ་བྱས་པ་ཤེས་ཤིང་མཐོང་ན་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་སོ། །གསུམ་པ་ནི། ཤེས་པ་ཡུལ་ཅན་དང་ཤེས་བྱ་ཡུལ་རྣམས་མཉམ་པ་ཉིད་དུ་གཅིག་པར་སོགས་སོ། །མཉམ་ཉིད་དུ་གཅིག་པར་ཤེས་ཚུལ་ཇི་ལྟ་བུ་ཞེ་ན། གཟུགས་སོགས་ཀྱི་ཆོས་ཐམས་ཅད་རང་བཞིན་གཅིག་པ་ཁོ་ནར་ཤེས་པ་སྟེ་ཤེས་ཚུལ་དེ་ཡང་འདི་ལྟ་སྟེ་རང་བཞིན་མེད་པ་ཞེས་བྱ་བར་


JLD017_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་ཤེས་པའོ། །བཞི་པ་ལ་གཉིས། ཟབ་པ་དང༌། རྟོགས་དཀའ་བས་རྒྱུ་མཚན་ནོ། །དང་པོ་ལ་གསུམ་ལས། དང་པོ་ནི། ཆོས་རྣམས་རང་བཞིན་གྱིས་ཏེ་གདོད་མ་ནས་སྤྲོས་བྲལ་གྱི་ཟབ་པ་ཡིན་པའི་རྒྱུ་མཚན་ཇི་ལྟར་ཏེ་གང་གི་ཕྱིར་ཞེ་ན། ཡང་ནི་ཆགས་ཕྲའི་རྒྱུ་མཚན་བཤད་པར་མ་ཟད་པ་སྟེ་ཡང་འོག་མ་ལ་ཡང་རིག་པར་བྱའོ། །གཉིས་པ་ནི། མཐོང་བ་སོགས་ཏེ། ཡུམ་ནི་རྟོགས་པར་དཀའ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཡུམ་ནི་སུས་ཀྱང་མ་མཐོང་མ་ཐོས་མ་ངེས་རྣམ་པར་མ་ཤེས་མངོན་པར་སངས་མ་རྒྱས་པ་ཡིན་ནོ། ཞེས་སོ། །གསུམ་པ་ནི། རྣམ་པར་ཤེས་པ་ནི་ཡུལ་ཅན་གྱི་བློ་ཐམས་ཅད་དོ། །བཤད་པ་ནི་མདོ་ལས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། རང་བཞིན་དེ་བློས་ཡུལ་དུ་བྱར་མི་ནུས་པའི་ཚུལ་དེ་ལྟར་རྟོགས་པར་དཀའ་བ་ཉིད་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ནའོ། །གཉིས་པ་ནི། གཟུགས་ལ་སོགས་ཞེས་སོགས་ཏེ། ཡུམ་ནི་བསམ་གྱིས་མི་ཁྱབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཡུམ་ནི་སུས་ཀྱང་རྣམ་པར་མ་ཤེས་ཏེ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པས་མ་ཤེས་སོ། ཞེས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་མ་ཤེས་སོ། ཞེས་སོ། །མདོ་འདི་ལྟར་ན་གཟུགས་ལ་སོགས་པས་ཞེས་བྱེད་པ་པོའི་ཚིག་ཡོད་ན་དག་པར་མངོན་ཡང་གཟུགས་ལ་སོགས་པ་མི་ཤེས་ཞེས་དེ་དག་གི་རང་བཞིན་ཤེས་བྱའི་ཡུལ་དུ་འགོག་པ་


JLD017_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་ཆེན་གཉིས་ཀྱི་དགོངས་པར་སྣང་བས་ཕན་ཚུན་མཚོན་པ་ཡིན་གསུང་བ་ལྟར་བྱ་ཞིང་མདོ་ནས་ཤེས་པ་པོ་དང་བསྟན་བཅོས་ནས་ཤེས་བྱ་བཀག་པས་མདོ་བསྟན་བཅོས་མི་མཐུན་ཞེས་པའི་བདུད་ཚིག་སྨྲ་བར་མི་བྱའོ། །གཞན་ཡང་ཉི་སྣང་རྣམ་འགྲེལ་དག་ལྡན་གསུམ་དུ་གཟུགས་ནས་མ་འདྲེས་པའི་བར་དུ་ཞེས་མདོ་འདྲེན་ནོ། །གསུམ་པ་ནི། རང་བཞིན་དེ་ནི་རྟོགས་སོགས་སོ། །རྒྱུ་མཚན་ནི། བསམ་པའི་ཡུལ་ལས་འདས་པ་ཉིད་དུ་འདོད་དེ་དེའི་ཕྱིར་རོ། །དེ་ཡང་རྒྱུ་མཚན་གང་གི་ཕྱིར་ན་གཟུགས་ནས་མ་འདྲེས་པའི་རྣམ་པའི་བར་གྱི་རང་བཞིན་དེ་ཡོངས་སུ་མི་ཤེས་པ་དེ་དངོས་ཡུལ་དུ་བྱར་མེད་པས་སོ། །གསུམ་པ་ལ་གསུམ་ལས། དང་པོ་ནི། གོང་གི་ཚུལ་དེ་ལྟར་མི་མཐུན་པའི་ཕྱོགས་དང་སོགས་པས་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་གཉིས་བརྗོད་ཟིན་ནས་དེའི་འོག་ཏུ་དེ་དག་གི་མཇུག་བསྡུ་བར་གསུངས་སོ། །གཉིས་པ་ནི། ཤེས་པར་བྱའོ། །གང་ན་མི་མཐུན་པ་ནས་མ་ལུས་པའོ། །གང་དུ་ན། ཀུན་ཤེས་པ་ཉིད་ལ་སྟེ་སྐབས་སོ། །ཇི་ལྟར་ན་སྔར་ཇི་སྐད་བཤད་པའི་ཚུལ་དེ་ལྟར་རོ། །གསུམ་པ་ནི། ཤེས་པར་བྱའོ། །གང་ན་མི་མཐུན་པའི་ཕྱོགས་དང་གཉེན་པོའི་རབ་ཏུ་དབྱེ་བའོ། །དེ་གཉིས་གང་གི་ཡིན་ཞེ་ན། ཉན་ཐོས་དང་སོགས་པས་རང་རྒྱལ་གྱི་ལམ་ནི་དང་པོ་དང༌། བྱང་སེམས་དང་སོགས་པས་སངས་རྒྱས་ཀྱི་ལམ་ནི་གཉིས་པའོ། །གང་དུ་ན་ཐམས་ཅད་སོགས་སོ། །ཇི་ལྟར་ན་གཟུགས་སོགས་ཕུང་པོ་ཞེས་སོགས་དང༌། སྦྱིན་ལ་སོགས་ལ་ཞེས་པར་སྤང་གཉེན་ཇི་སྐད་བཤད་པའི་ཚུལ་དེ་ལྟར་གྱིས་སོ། །བཞི་པ་ལ་གཉིས། སྦྱོར་བའི་ངོ་བོ་དང༌། རྣམ་པའོ། །


JLD017_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གསུམ་ལས། དང་པོ་ནི། གོང་གི་ཚུལ་དེ་ལྟར་མི་མཐུན་པའི་ཕྱོགས་དང་སོགས་པས་གཉེན་པོ་གཉིས་བརྗོད་ཟིན་ནས་དེའི་འོག་ཏུ་སྦྱོར་བའི་ལམ་གསུངས་ཏེ། སྤང་གཉེན་དེ་དག་གི་མཚན་ཉིད་ཤེས་ནས་དེ་དག་མི་དམིགས་པར་རྣམ་པར་སྒོམ་པའི་སྦྱོར་བ་གང་ཡིན་ཞེ་ན། དེའི་ལན་དུ་བསྟན་དགོས་པས་སོ། །སྦྱོར་བའི་ལམ་ཞེས་པ་ཡུལ་དེ་དང་དེ་ལ་མི་དམིགས་པར་སྦྱོར་བའི་རྣལ་འབྱོར་ཙམ་ལ་ཟེར་གྱི་ལམ་ལྔའི་ཡ་གྱལ་ནི་མ་ཡིན་ནོ། །ཚིག་དེས་འཁྲུལ་བ་སྐྱེད་པའི་ཀུ་མ་ར་ཤྲཱི་ན་རེ། དེ་ལ་སྦྱོར་བ་ནི་དྲོད་དང་རྩེ་མོའི་དབང་པོ་བཅུའོ། །མཉམ་པ་ཉིད་ནི་བཟོད་པ་དང་ཆོས་མཆོག་གི་སྟོབས་བཅུའོ་ཞེས་ཟེར་བ་ལ་ནི་ཤེས་བྱེད་མེད་ཅིང༌། རྣམ་བཞི་དེའི་མཉམ་ཉིད་ནི་སྦྱོར་བའི་སྒོམ་ཚུལ་ལ་གསུངས་པས་དེ་གཉིས་ས་མཚམས་མི་གཅིག་པ་ལ་གནོད་བྱེད་ཡོད་དོ། །ཁ་ཅིག་ཤེར་འབྱུང་གིས་ནུས་པའི་རྒྱུ་སྦྱོར་བ་རྣམ་པ་བཅུ་ཡོད་ན་འབྲས་བུ་མཐོང་བའི་ལམ་འབྱུང་བས་ཞེས་བཤད་པ་དང༌། སྦྱོར་བའི་མཉམ་པ་ཉིད་སོ་སོར་རྟོགས་ནས་མཐོང་བའི་ལམ་སྒོམ་དགོས་ཞེས་འབྱུང་བས་སྦྱོར་ལམ་ཡིན་པར་འདོད་པ་ཡང་མི་འཐད་དེ། དེ་ནི་མཚམས་སྦྱོར་གྱི་རིམ་པ་ཙམ་སྟོན་པ་ཡིན་གྱི་དེར་ངེས་ནས་མིན་ཏེ། གཞན་དུ་ན་ལས་དང་པོ་པ་དེ་ལྟར་གདམས་ངག་ཐོབ་པ་ལ་ངེས་པར་འབྱེད་པའི་ཡན་ལག་འབྱུང་བས་ཞེས་གསུངས་པས། གདམས་ངག་ཚོགས་ལམ་ཁོ་ནར་བཞག་དགོས་པར་འགྱུར་ཏེ་དེ་ལྟ་བུ་མང་ངོ་། །དེས་ན་གཞི་ཤེས་ཀྱི་སྦྱོར་བ་འདི་ནི་ལྟ་སྒོམ་སྤྱོད་འབྲས་ཡུལ་ཡུལ་ཅན་དང་བཅས་པ་


JLD017_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཚན་མར་འཛིན་པའི་གཉེན་པོར་སྒོམ་པ་རྩ་འགྲེལ་གྱི་དགོངས་པ་ཡིན་པས་ཇི་སྲིད་མཚན་མ་དེ་དག་སྐྱེ་བ་དེ་སྲིད་དུ་སྒོམ་དགོས་པར་ཚོགས་ལམ་ནས་ས་བཅུ་པའི་བར་ལ་བཞག་གོ །དེའི་ཕྱིར་ས་བདུན་པའི་བར་དུ་སྒོམ་པར་བཞེད་པ་ཡང་མི་འཐད་དོ། །མདོ་འབྲེལ་ནི། བྱང་ཆེན་གྱིས་ཡུམ་ལ་ཇི་ལྟར་སྤྱད་པར་བྱ་བ་རབ་འབྱོར་གྱིས་དྲིས་པའི་ལན་དུ་སྟོན་པས་གསུངས་སོ། །གཉིས་པ་ནི། གཞི་ཤེས་ཀྱི་སྦྱོར་བ་ནི་དབྱེ་གཞིའོ། །དབྱེ་གྲངས་ནི་བྱ་དཀའ་རྣམ་གསུམ་ལ་བྱ་དཀའ་བའི་སྦྱོར་བ་ཞེས་གཅིག་ཏུ་བྱས་ནས་བཅུའོ། །འབྱེད་པའི་རྒྱུ་མཚན་ནི་ཡུལ་བཅུར་ཡོད་པའི་སྒོ་ནས་སོ། །འདི་དག་གཅིག་དང་ཐ་དད་པ་ནི་སྦྱོར་བ་བཅུ་མངོན་ཞེན་རེ་རེ་དོར་ནས་གོང་ནས་གོང་དུ་འཕེལ་བར་ཤེར་འབྱུང་འདོད་ཀྱང༌། རིགས་བྱིན་གྱིས་ཡུལ་གྱི་སྒོ་ནས་འདིའི་དབྱེ་བ་འདོད་པ་ལྟར་ངོ་བོ་གཅིག་གོ །འཆད་ཚུལ་ལ་ཉི་སྣང་ལས་སྤྱོད་པ་བཀག་པའི་སྦྱོར་བ་དང་ཞེས་པ་དང་པོ་བཞི་ཉིད་ལ་སྦྱོར་བ་མདོའི་ཚིག་ཟིན་དང་མཐུན་ཏེ། མདོ་ལས་གཟུགས་སོགས་དང་རྟག་མི་རྟག་སོགས་དང༌། དེ་རྫོགས་མ་རྫོགས་དང་དེ་ཆགས་བཅས་ཆགས་མེད་ལ་དེ་ལྟར་མི་སྤྱོད་ན་ཡུམ་ལ་སྤྱོད་ཅེས་བཞི་པོ་དེ་ལ་སྤྱོད་པ་བཀག་གི་ལྷག་མ་རྣམས་ལ་དངོས་སུ་དེ་མ་བཀག་པས་སོ། །རྣམ་འགྲེལ་དང་ཤཱནྟི་ཡང་དེ་དང་མཐུན་ནོ། །འགྲེལ་པ་འདིར་རྐང་པ་དེ་ཐམས་ཅད་ཀྱི་མཐར་སྦྱར་ཏེ། ཤེར་སྒྲོན་དུ་ཡང་དེ་ལྟར་རོ། །ཉི་སྣང་གིས་མདོ་ཚིག་དང་བསྟུན་ལ་སློབ་དཔོན་གྱིས་དོན་ཐོབ་ལ་དགོངས་པས་འགལ་བ་མེད་དོ། །འོ་ན་བཅུ་པོ་དེ་གང་ཞེ་ན། གཟུགས་


JLD017_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་སྦྱོར་བ་ནི། བྱང་ཚེ་གལ་ཏེ་གཟུགས་ལ་མི་སྤྱོད་ན་ཡུམ་ལ་སྤྱོད་དོ། ཞེས་སོ། །གཟུགས་སོགས་དེ་མི་རྟག་པ་ལ་སོགས་པའི་སྦྱོར་བ་ནི། གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་མི་སྤྱོད་ན་ཡུམ་ལ་སྤྱོད་དོ་ཞེས་སོ། །གཟུགས་སོགས་དེ་རྫོགས་མ་རྫོགས་ཀྱི་སྦྱོར་བ་ནི། བྱང་ཚེ་གཟུགས་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཡུམ་ལ་སྤྱོད་པའོ། ཞེས་རྣམ་མཁྱེན་གྱི་བར་ལ་དེ་ལྟར་རོ། །གཟུགས་སོགས་དེ་ལ་ཆགས་མེད་ཀྱི་སྦྱོར་བ་ནི། བྱང་ཚེ་གཟུགས་ཆགས་པ་དང་བཅས་པ་དང་མ་ཆགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཡུམ་ལ་སྤྱོད་པའོ། ཞེས་སོ། །གཞན་དུ་མི་འགྱུར་བའི་སྦྱོར་བ་ནི། ཡུམ་ཟབ་མོ་འདི་བསྟན་ཀྱང་མི་འགྲིབ་མ་བསྟན་ཀྱང་མི་འགྲིབ་བསྟན་ཀྱང་མི་འཕེལ་མ་བསྟན་ཀྱང་མི་འཕེལ་ལོ། ཞེས་སོ། །བྱེད་པ་པོ་མེད་པའི་སྦྱོར་བ་ནི་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་བསྟན་ཀྱང་དེ་བཞིན་མ་བསྟན་ཀྱང་དེ་བཞིན་ནོ་ཞེས་སོ། །བྱ་དཀའ་བ་རྣམ་པ་གསུམ་གྱི་སྦྱོར་བ་ནི། གང་གིས་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་བགོས་པ་དེ་དག་ནི་ནམ་མཁའ་ཡོངས་སུ་དགྲོལ་བར་འཚལ་བའོ་ཞེས་དང༌། སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་འཚལ་བ་དེ་དག་ནི་ནམ་མཁའ་བར་སྣང་ལ་འདེགས་པར་འཚལ་བའོ། ཞེས་དང༌། བྱང་ཆེན་གང་སེམས་ཅན་རྣམས་ཀྱི་སླད་དུ་བླ་མེད་རྫོགས་བྱང་དུ་འཚལ་བ་དེ་དག་ནི་བརྩོན་འགྲུས་ཆེན་པོ་ཐོབ་པའོ་ཞེས་དེའི་འཐད་པར་སྟོང་གསུམ་འདི་དེ་བཞིན་གཤེགས་པས་འདམ་བུའི་ཚལ་ལ་སོགས་པ་བཞིན་


JLD017_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིང་བསྐལ་པའམ་དེ་ལས་ལྷག་པར་གནས་ནས་ཆོས་སྟོན་ཏེ། དེ་བཞིན་གཤེགས་པ་རེ་རེས་ཀྱང་སེམས་ཅན་མྱ་ངན་ལས་འདས་ཀྱང་དེ་ལ་བྲི་གང་མེད་པས་སོ། ཞེས་པ་སྟེ་འདི་གསུམ་གྱིས་བྱ་དཀའ་བ་གསུམ་རིམ་པ་ལྟར་གསུངས་སོ། །འབྲས་བུ་ཡོད་པའི་སྦྱོར་བ་ནི། དེ་ནས་དགེ་སློང་གཞན་ཞིག་གིས་འདི་སྙམ་དུ་གྱུར་ཏེ། གང་ལ་ཆོས་གང་ཡང་སྐྱེ་བའམ་འགག་པ་མེད་ལ་ཚུལ་ཁྲིམས་ཀྱི་ཕུང་པོར་གདགས་སུ་ཡོད་ཅེས་པ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་གདགས་སུ་ཡོད་པའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་སོ། །འདིར་ཁ་ཅིག་ཅེས་མིང་མ་བསྟན་པར་ཟད་ཀྱི་ཕུང་པོ་ལྔ་ལ་སོགས་པའི་རྟོགས་པ་རྣམས་ཡོད་པར་བསྟན་པས་འཁོར་གཞན་གྱིས་ཀྱང་སྐལ་པ་དང་འཚམ་པར་རྟོགས་པ་ཐོབ་པ་ཡོད་པར་སྟོན་ཏོ། །གཞན་ལ་རག་མ་ལས་པའི་སྦྱོར་བ་ནི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཇི་སྐད་དུ་བསྟན་པའི་ཡུམ་ལ་གནས་ན་དེ་ཉིད་དེའི་བསྲུང་བ་དང་བསྐྱབ་པ་དང་སྦ་བར་འགྱུར་རོ། ཞེས་སོ། །ཤེས་བྱེད་སྣང་བ་རྣམ་བདུན་ཤེས་པའི་སྦྱོར་བ་ནི། བྱང་ཆེན་ཡུམ་ལ་སྤྱོད་པ་ན་ཇི་ཙམ་གྱིས་རྨི་ལམ་སྒྱུ་མ་སྨིག་རྒྱུ་སྒྲ་བརྙན་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང་སྤྲུལ་པ་ལྟ་བུར་ཆོས་ཐམས་ཅད་ཤེས་པར་འགྱུར་ཞེས། རབ་འབྱོར་ལ་བརྒྱ་བྱིན་གྱིས་དྲིས་པའི་ལན་དུ་བདུན་པོ་དེ་ལ་རློམ་པ་བཞི་མེད་ན་དེ་ལྟར་ཤེས་སོ། ཞེས་སོ། །གསུམ་པ་ལ་གཉིས། དངོས་བསྟན་སེམས་དཔའི་རྣལ་འབྱོར། དེས་ཤུགས་ལ་འཕངས་ཚུལ་ལོ། །དང་པོ་ནི། དངོས་སུ་བསྟན་ཏོ། །གང་ན། ཡུལ་དེ་དང་དེ་ལ་སྦྱོར་བའི་བྱང་སེམས་ཀྱི་སྦྱོར་བ་རྣམ་པ་བཅུའོ། །


JLD017_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་སྒོ་ནས་ན། རྗེས་སུ་འགྲོ་བའི་སྒོ་ནས་སོ། །ཡུལ་ལ་སྦྱོར་ཚུལ་ཇི་ལྟ་བུ་ཞེ་ན། གཟུགས་དང་སོགས་པས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་སྟེ་དངོས་པོར་ཞེན་པ་བསལ་བའི་སྒོ་ནས་མ་ཞེན་པའི་རྣམ་པས་སྦྱོར་རོ། །ལྷག་མ་དགུ་ལ་ཡང་དེ་ལྟར་རོ། །གཟུགས་ནས་རྣམ་མཁྱེན་གྱི་བར་དེ་དག་ཉིད་ཀྱི་ཁྱད་པར་མི་རྟག་པ་དང་སྟོང་པ་ཉིད་དང་བདེ་སྡུག་ལ་སོགས་པ་དང་གཟུགས་སོགས་དེ་དག་སོ་སོར་ཏེ་རེ་རེ་ལ་མ་རྫོགས་པ་དང་རྫོགས་པ་དང་འདི་གཉིས་ཀྱི་དོན་ནི་རྒྱན་སྣང་དུ། མཚན་ཉིད་ཀྱིས་སྟོང་པའི་ཕྱིར། བཏགས་པའི་གཟུགས་ནི་ཡོངས་སུ་མ་རྫོགས་པའོ། །ཡོན་ཏན་གྱི་ཚོགས་དང་ལྡན་པའི་ཕྱིར། ཆོས་ཉིད་ཀྱི་གཟུགས་ནི་རབ་ཏུ་རྫོགས་པའོ། ཞེས་པའི་རྗེས་སུ་འབྲངས་ནས་རྟོགས་དཀའ་ཤེར་སྒྲོན་དུ་ཡང་དེ་ལྟར་བཤད་དོ། །དོན་ནི། ཀུན་བཏགས་དང་ཡོངས་གྲུབ་བློས་ཡུལ་དུ་བྱས་པ་ན་ཡོན་ཏན་མི་སྐྱེ་བ་དང་སྐྱེ་བའི་ཕྱིར་ཡོན་ཏན་གྱི་རྟེན་དུ་མ་རྫོགས་པ་དང་རྫོགས་པའོ་ཞེས་སྔ་མ་དག་འཆད་ཀྱང་མཚན་ཉིད་ཀྱིས་སྟོང་པ་མ་རྫོགས་པའི་རྒྱུ་མཚན་དུ་གསུངས་པས་དགོངས་པ་མིན་ནོ། །འོ་ན་གང་ཞེ་ན་རྟོགས་དཀར། མཚན་ཉིད་སྟོང་པ་ཉིད་ཀྱིས་བཏགས་པ་དང་ཡོན་ཏན་གྱི་ཚོགས་དང་ལྡན་པའི་ཕྱིར། ཆོས་ཉིད་ཀྱི་གཟུགས་ནི་སོ་སོར་མ་རྫོགས་པ་དང་རྫོགས་པ་ཉིད་དེ། གཟུགས་ལ་སོགས་པ་ཚང་བ་ཉིད་དང་མ་ཚང་བ་ཉིད་ཅེས་པ་ལྟར། ཚང་མ་ཚང་དོན་ལ་མི་གནས་པ་དང་གནས་པ་ལ་བྱ་སྟེ། དེ་ལྟར་ན་བཏགས་པའི་གཟུགས་ནི་རྟོག་པས་གཟུགས་སུ་སྒྲོ་བཏགས་པ་ཙམ་ཡིན་པས་མཚན་ཉིད་དམ་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་དོན་ལ་མེད་པའོ། །ཆོས་ཉིད་ཀྱི་གཟུགས་ནི་གཟུགས་


JLD017_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་བཞིན་རྟོག་པས་བཏགས་པས་སྟོང་པ་དེ་ཉིད་ཡིན་ཏེ། དེ་ནི་རང་བཞིན་གྱིས་དག་པའི་ཡོན་ཏན་དབྱེར་མེད་པར་གནས་པའི་ཕྱིར་ཚང་བའམ་དོན་ལ་གནས་པ་ཞེས་ཐ་སྙད་དུ་བྱའོ། །རྣམ་པར་བཏགས་པའི་གཟུགས་གཞན་དབང་ནི་རྫོགས་མ་རྫོགས་དཔྱད་པའི་གཞི་ཉིད་ཡིན་པས་མ་བསྟན་པ་མེད་དེ། ཀུན་བཏགས་ཀྱི་སྒྲོ་གདགས་གཞི་དང་ཡོངས་གྲུབ་ཀྱི་ཆོས་ཅན་ཡིན་པས་སོ། །ཚུལ་འདི་ནི་རྣམ་མཁྱེན་གྱི་བར་ལ་ཡང་སྦྱར་ཏེ། མདོར་ན་གཟུགས་སོགས་ལ་ངོ་བོ་ཉིད་གསུམ་དུ་མི་ཞེན་ན་ཡུམ་ལ་སྤྱོད་པའོ། །འབུམ་གྱི་གནོད་འཇོམས་སུ་ནི། ཀུན་བཏགས་ཀྱི་གཟུགས་དངོས་པོར་མ་གྲུབ་པས་ཡོངས་གྲུབ་མ་ཡིན་ནོ་ཞེས་བྱ་བར་མི་རྟོག་ན་ཡུམ་ལ་སྤྱོད་དོ་ཞེས་འཆད་ཀྱང་མདོ་ཡི་འགྲེལ་པ་ལ་རྒྱན་སྣང་ཉིད་ལེགས་སོ། །མངོན་ཞེན་གྱིས་དམིགས་པ་ཡོད་མེད་ཀྱི་ཆགས་བཅས་དང་ཆགས་པ་མེད་པ་དང༌། ཚིག་གི་སྒོ་ནས་བསྟན་མ་བསྟན་གྱིས་འཕེལ་འགྲིབ་ཀྱི་སྒོ་ནས་གཞན་དུ་མི་འགྱུར་བའི་གཙོ་བོའི་ཡུམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། བསྔགས་པ་དང་དེ་མིན་བརྗོད་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སོགས་སུ་བྱེད་པ་པོ་མེད་པ་ཉིད་ཆོས་རྣམས་ཀྱི་རང་བཞིན་དང༌། བྱ་དཀའ་བ་ཉིད་གསུམ་ལ་སྔར་ལྟར་དང༌། དེ་དག་གང་ན་སེམས་ཅན་གྱི་ཆེད་དུ་རྣམ་མཁྱེན་ཐོབ་པར་བྱ་དགོས་ཀྱང་ནམ་མཁའ་གྲོལ་འདོད་པ་ལྟར་དོན་དམ་པར་དེའི་དོན་དུ་ཤེས་རབ་སོགས་ཀྱི་སྒོམ་པ་ཁྱད་པར་དུ་འགྲོར་མེད་ཅིང་ཐ་སྙད་དུ་སེམས་ཅན་མི་ཟད་པའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ནང་ནས་རྣམ་མཁྱེན་གྱི་བདག་ཉིད་ནི་ཆེད་དུ་བྱ་བའི་སྒོ་ནས་བྱ་དཀའ་བ་ཉིད་དང༌། སེམས་ཅན་གྱི་ཕྱིར་དུ་ལམ་


JLD017_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྒྱུད་ལ་སྦྱོར་བའམ་སྐྱེ་དགོས་ཀྱང་ནམ་མཁའ་བར་སྣང་ལ་འདེགས་འདོད་པར་ལྟར་དོན་དམ་པར་བསྐྱེད་བྱར་མེད་ཅིང་ཐ་སྙད་དུ་སེམས་ཅན་མི་ཟད་པའི་ཕྱིར། མཁྱེན་གསུམ་གྱི་ནང་ནས་ལམ་ཤེས་ཀྱི་བདག་ཉིད་ནི་རྒྱུད་ལ་སྦྱོར་བའི་ཚུལ་གྱིས་བྱ་དཀའ་བ་ཉིད་དང༌། གཞི་ཤེས་ཀྱིས་འདུལ་བའི་སེམས་ཅན་ལ་དེ་ཤེས་པར་བྱས་ནས་སྟོན་དགོས་ཀྱང་དོན་དམ་པར་བསྟན་བྱ་སོགས་མ་གྲུབ་ཅིང་ཐ་སྙད་དུ་སེམས་ཅན་མི་ཟད་པའི་ཕྱིར་མཁྱེན་གསུམ་གྱི་ནང་ནས་གཞི་ཤེས་ཀྱི་བདག་ཉིད་ནི་སྟོན་པར་བྱེད་པའི་ཚུལ་གྱིས་བྱ་དཀའ་བ་ཉིད་དོ། །དེ་ལྟར་ན་བྱ་དཀའ་རྣམ་པ་གསུམ་སྦྱོར་བ་ཞེས་པ་བྱ་དཀའ་བའི་སྦྱོར་བ་རྣམ་པ་གསུམ་ཞེས་པར་བཏོན་ནས་བྱ་དཀའ་བ་གསུམ་ཡུལ་དང་སྦྱོར་བ་ཡུལ་ཅན་དུ་བཤད་ཀྱི་གཞི་མཐུན་པར་མི་བྱ་སྟེ། རྣམ་མཁྱེན་དང་ཐེག་དམན་གྱི་གཞི་ཤེས་འདིའི་སྦྱོར་བར་འགལ་བས་སོ། །རྟོགས་དཀར་རྣམ་པ་ཐམས་ཅད་དང་ལམ་དང་གཞི་རྣམས་དེ་ཁོ་ན་ཉིད་དུ་མེད་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་ལ་འབད་པས་དེའི་བདག་ཉིད་ཅན་གྱི་ཆེད་དུ་བྱ་བ་ལ་སོགས་པས་ནི། སྒྲུབ་པར་དཀའ་བ་ཉིད་ཡིན་པར་སྦྱོར་བ་དཀའ་བ་རྣམ་པ་གསུམ་དང་ཞེས་མཁྱེན་པ་གསུམ་གྱི་ཡུལ་དོན་དམ་པར་མེད་ཀྱང་ཡུལ་ཅན་གསུམ་ལ་འབད་པ་དཀའ་ཞེས་འཆད་ལ། ཤེར་སྒྲོན་དུ་ཡང༌། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཆེད་དུ་བྱ་བ་དང་སྦྱོར་བ་དང་རྟོགས་པར་བྱ་བ་རྣམ་པ་གསུམ་དེ་ཁོ་ནར་བྱ་དཀའ་བ་


JLD017_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་སྤྱོད་པ་དང༌། ཞེས་འབྱུང་ཡང་བྱ་དཀའ་བའི་དཀའ་ཚུལ་ནི། བདེན་གཉིས་ཀྱི་སྒོ་ནས་སྔར་བཤད་པ་ཉིད་མདོ་དང་འགྲེལ་ཆེན་རྣམས་ཀྱི་དགོངས་པ་ལ་འགྲིག་གོ །གྲགས་ཆར། སྦྱོར་བ་དཀའ་བ་རྣམ་གསུམ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་རྣམས་རྟོགས་པར་བྱ་བའི་ཕྱིར་གོ་ཆའི་དཀའ་སྤྱོད་དང་འཇུག་པའི་དཀའ་སྤྱོད་དང་སྟོན་པའི་མཚན་ཉིད་ཀྱི་བྱེད་པའི་དཀའ་སྤྱོད་དོ། ཞེས་བྱ་བ་ནི་བྱ་དཀའ་བ་གསུམ་དང་སྦྱོར་བ་གསུམ་གཞི་མཐུན་པར་འདོད་པའོ། །ཤཱནྟི་དང་ཨ་བྷྱས་འདི་གསུམ་གསུམ་དུ་བྱས་སྦྱོར་བ་བཅུ་གཉིས་སུ་བྱེད་དོ། །ཡུམ་ལ་བསླབས་པས་རང་རང་གི་སྐལ་པ་ཇི་ལྟར་བ་བཞིན་དུ་འབྲས་བུ་འཐོབ་པས་འབྲས་ཡོད་འདོད་པ་སྟེ་འབྲས་བུ་འཐོབ་པས་མི་སྟོང་པ་ཉིད་དང༌། ཡུམ་གྱི་རྣལ་འབྱོར་ལ་བརྩོན་པའི་གང་ཟག་ལ་དེ་ཉིད་བསྲུང་བའི་མཆོག་ཡིན་པས་བསྲུང་བ་གཞན་གྱི་རྐྱེན་གྱིས་མི་འགྲོ་བ་སྟེ་རག་མ་ལས་པ་དང༌། ཤེས་པ་ལ་སྣང་བའི་སྣང་བ་བདུན་ལ་སྔར་ལྟར་དང༌། དེ་དག་གང་ན་འདི་ལ་བཞི། གང་ལ་སྣང་ན། སེམས་དཔའི་རྗེས་ཐོབ་ལའོ། །གང་ན། ཕྱི་ནང་གི་དངོས་པོ་འདིའོ། །ཇི་ལྟར་ན། རྨི་ལམ་ལྟ་བུའོ། །རྒྱུ་མཚན་ནི་བག་ཆགས་ཀྱི་གཉིད་ཀྱིས་རྣམ་ཤེས་དེ་དང་དེར་ཡོངས་སུ་འགྱུར་བར་སྣང་བའོ། །ཁྱད་པར་བཞི་པོ་དེ་འོག་མ་རྣམས་ལ་ཡང་སྦྱར་རོ། །མ་རིག་པའི་སྔགས་དང་སྨན་མཉམ་དུ་འཚོགས་པ་ལས་བྱུང་བས་སྒྱུ་མ་དང༌། བདེན་པར་སྣང་ཡང་མེད་པའི་ཕྱིར་འགལ་བ་སྣང་བས་སྨིག་རྒྱུ་དང༌། རྐྱེན་ལ་རག་ལས་ཏེ་སྣང་བས་སྒྲ་བརྙན་དང་ཤེས་བྱའི་ཚུལ་གཟུགས་བརྙན་འཇོག་བྱེད་ལྟ་བུའི་ནང་གི་


JLD017_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་ཀྱིས་ཇི་ལྟར་འཕངས་པ་ལས་མ་འཕོས་པའམ་མི་འདའ་བར་སྣང་བས་མིག་ཡོར་དང༌། འདི་ལ་མདོར་གཟུགས་བརྙན་ཞེས་དང༌། རྒྱན་སྣང་དུ་མིག་ཡོར་ཞེས་གསུངས་ལ། དེ་ཡང་གནོད་འཇོམས་ཆུང་བར་རབ་རིབ་ཅན་ལ་སྐྲ་ཤད་འཛག་པར་སྣང་བ་ལ་བཤད་ཅིང་བག་འདྲའི་རྩེད་མོའོ་ཞེས་བཤད་སྦྱར་ལས་འབྱུང་བས་ཁ་ཅིག་མགལ་མེ་མྱུར་དུ་བསྐོར་བ་སོགས་ལ་འཆད་དོ། །གནས་པར་བྱ་བའི་རྟེན་མེད་པར་སྣང་བས་དྲི་ཟའི་གྲོང་ཁྱེར་དང༌། ལུས་ངག་གི་བྱེད་པ་དེ་ཁོ་ནར་རྒྱུ་དང་བྲལ་བར་སྣང་བས་སྤྲུལ་པ་སྟེ་བདུན་ནོ། །བདུན་པོ་འདིའི་སྒོ་ནས་ཆོས་ཐམས་ཅད་འདི་དག་དང་མཚུངས་པར་བྱང་སེམས་ཀྱིས་ཤེས་པར་བྱེད་པས་ཤེས་བྱེད་སྣང་བ་བདུན་ཞེས་བྱའོ། །སྦྱོར་བ་བཅུ་པོ་འདི་རྗེས་ཐོབ་གཙོ་ཆེ་སྟེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ༌། །དེའི་རྗེས་ལ་ཐོབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་ལ་སོགས་པ་དང་མཚུངས་པར་མཐོང་ངོ༌། ཞེས་གསུངས་པས་སོ། ཞེས་གསུང་བ་ནི། སློབ་དཔོན་གྱིས་འདི་བདུན་ཡུལ་དུ་བྱས་ནས་དེ་ལ་ཞེན་པ་འགོག་པར་བཤད་པ་ལྟར་ན་མི་འགྲིག་པ་ལྟར་སྣང་ཡང༌། མདོ་ནས་བྱང་སེམས་ཀྱིས་ཆོས་ཤེས་པར་བྱེད་ཚུལ་ལ་གསུངས་ཤིང༌། དེ་སློབ་དཔོན་གྱིས་ཀྱང་བཞེད་དགོས་པས་ལེགས་བཤད་དུ་སྣང་ལ། སྙིང་པོ་མཆོག་ཏུ་ཡང་སྐབས་འདིར་མདོ་དེ་


JLD017_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས་བཤད་པ་མཛད་པའི་དོན་དུ་ཡང་སྣང་ངོ༌། །དེས་ན་སློབ་དཔོན་གྱིས་ཡུལ་དུ་མཛད་པ་ནི། ཆོས་རྣམས་དེ་དག་དང་མཚུངས་པར་ཤེས་པར་བྱེད་པ་ན་ཡང་དེ་དག་ཏུ་ཞེན་ན་དེ་ཡང་དགག་དགོས་པ་ལ་དགོངས་སོ། །གཉིས་པ་ནི། སྦྱོར་བ་ཡིན་ནོ་ཞེས་བསྟན་ཏོ། །ཇི་ལྟར་ན། སྔར་ཇི་སྐད་དུ་ཞེན་སྤྱོད་བཀག་ནས་སྒོམ་མོ། ཞེས་བསྟན་པ་ལས་བཟློག་སྟེ་ཞེན་ནས་སོ། །གང་ཟག་གང་གི་ན། ཉན་ཐོས་དང་སོགས་པས་རང་རྒྱལ་རྣམས་ཀྱི་སྦྱོར་བ་ནིའོ། །ཚིག་གང་གིས་ན། བྱང་སེམས་ཀྱི་སྦྱོར་བ་བཅུ་མི་དམིགས་པར་སྒོམ་མོ་ཞེས་རྗེས་འགྲོའི་སྒོ་ནས་དངོས་སུ་བསྟན་པས་དེའི་ཤུགས་ཀྱིས་ནའོ། །མཉམ་ཉིད་ལ་ཡང་ཤུགས་བསྟན་འདི་ལྟར་སྦྱོར་བ་ཀུ་མ་ར་ཤྲཱི་འཆད་པ་ནི་འཐད་དོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། སྦྱོར་བ་བཤད་པའི་འོག་ཏུ་སྦྱོར་བའི་མཉམ་པ་ཉིད་གསུངས་ཏེ། ཡུལ་ཡུལ་ཅན་མཉམ་པ་ཉིད་དུ་རྟོགས་པའི་སྒོ་ནས་སྦྱོར་བ་སྒོམ་དགོས་པས་སོ། །མདོའི་འབྲེལ་ནི་སྣང་བ་རྣམ་བདུན་ལ་རློམ་པ་བཀག་པ་ལ་འཕྲོས་ནས་སོ། །གཉིས་པ་ནི། སྦྱོར་བ་དེའི་མཉམ་ཉིད་ཡིན་ནོ། །གང་ན། གཟུགས་དང་སོགས་པས་རྣམ་མཁྱེན་གྱི་བར་ལ་གཟུགས་སུ་དང་གཟུགས་ཀྱིས་དང་གཟུགས་བདག་གི་ཞེས་དང་གཟུགས་ལ་རློམ་པ་སྟེ་ཞེན་པ་མེད་པ་དེ་ལྟ་བུ་རྣམ་པ་བཞི་སྟེ། གཞན་ཡང་བྱང་ཚེ་གཟུགས་རློམ་སེམས་སུ་མི་བྱེད་གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གིས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་རྣམ་མཁྱེན་གྱི་བར་ལ་དེ་ལྟར་རོ། །དེ་ལ་གཟུགས་དོན་དམ་པར་མ་གྲུབ་པས་


JLD017_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཟུགས་སོ་ཞེས་དང༌། གཟུགས་འདིས་དངོས་པོ་འདི་ལྟ་བུ་ཞིག་སྒྲུབ་པོ་ཞེས་དང༌། གཟུགས་ལ་ཕན་གནོད་འདི་ལྟ་བུ་ཞིག་བྱ་ཞེས་མི་རློམ་པར་གནོད་འཇོམས་ཆུང་བར་བཤད་ལ། གསུམ་པ་ལ་ཆེ་བར་རྗེ་ཁོལ་གྱི་དངོས་པོར་མི་རློམ་པར་བཤད་དོ། །གསུམ་པ་ནི། ཡུལ་ཡུལ་ཅན་སོ་སོར་མ་གྲུབ་པར་མཉམ་པ་ཉིད་དུ་རྟོག་པ་ཡིན་ནོ། །གང་ན། གཟུགས་དང་སོགས་པ་རྣམ་མཁྱེན་གྱི་བར་ལ་དེ་དང་དེའོ་ཞེས་ངོ་བོ་ལ་མངོན་པར་ཞེན་པ་དང༌། སྔོན་པོ་དང་སོགས་པས་སེར་པོ་དང་བདེ་སྡུག་ལ་སོགས་པའི་གཟུགས་སོགས་ཀྱི་ཐ་སྙད་ཀྱི་རྒྱུ་མཚན་མ་ལ་རློམ་པ་དང༌། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ་ཞེས་པ་ལྟར་གཟུགས་སོགས་ཀྱི་དབྱེ་བའི་སྤྲོས་པ་ལ་རློམ་པ་དང༌། ངེས་འབྱེད་ཆ་མཐུན་སོགས་རྟོགས་པའི་རློམ་པ་བཀག་པས་རྟོགས་པ་པོ་དང་ཤེས་བྱའི་ཆོས་རྣམས་མི་དམིགས་པ་ནིའོ། །རྒྱུ་མཚན་ནི། སྦྱོར་བཅུའི་མཉམ་པ་ཉིད་ཡིན་པས་སོ། །ལྔ་པ་ལ་གཉིས། མཚམས་སྦྱར་བ་དང༌། དོན་བཤད་པའོ། །དང་པོ་ནི། མཉམ་པ་ཉིད་ཀྱི་འོག་ཏུ་མཐོང་བའི་ལམ་འཆད་དོ། །སྦྱོར་བའི་མཉམ་པ་ཉིད་བཞི་པོ་སོ་སོར་ཏེ་མ་འདྲེས་པར་རྟོགས་ནས་མཐོང་བའི་ལམ་སྒོམ་དགོས་པས་སོ། །མདོའི་འབྲེལ་ནི། མཉམ་པ་ཉིད་རྫོགས་པ་དང་སངས་རྒྱས་ཀྱི་མཐུས་འདོད་གཟུགས་ཀྱི་ལྷའི་བུ་ཐམས་ཅད་འཁོར་དུ་འདུས་པ་དང༌། དེ་དག་གིས་ཕྱོགས་བཅུ་ཐམས་ཅད་དུ་སངས་རྒྱས་སྟོང་གིས་ཡུམ་འདི་ཡི་གེ་དང་མིང་འདི་ཉིད་དང༌། རབ་འབྱོར་དང་བརྒྱ་བྱིན་གྱིས་ཞུ་བ་བྱས་ནས་སྟོན་པ་མཐོང་བར་བྱས་སོ། །དེ་ནས་


JLD017_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པས་རབ་འབྱོར་ལ་བྱམས་པ་ལ་སོགས་པ་བསྐལ་བཟང་ལ་འཚང་རྒྱ་བ་དེ་དག་ཐམས་ཅད་ཀྱང་ས་ཕྱོགས་འདི་ཉིད་དུ་སངས་རྒྱས་ཏེ་ཡུམ་སྟོན་པར་གསུངས་པའི་ཚེ། བྱམས་པས་ཇི་ལྟར་སྟོན་པ་རབ་འབྱོར་གྱིས་དྲིས་པའི་ལན་དུ་གསུངས་སོ། །དེ་ལ་སངས་རྒྱས་སྟོང་དང་བྱམས་པ་སོགས་བསྐལ་བཟང་གི་སངས་རྒྱས་རྣམས་རྣམ་པ་འདི་ལྟར་ཆད་ལྷག་མེད་པར་ཡུམ་སྟོན་པར་གསུངས་པས་ནི་མཐོང་ལམ་ལ་སྐད་ཅིག་མ་བཅུ་དྲུག་ལས་གཞན་མེད་པར་བྱ་བ་ལ་དབང་པོ་བསྟན་པའི་ཆེད་དོ། །འཁོར་བ་འཇིག་སོགས་འདས་པ་མ་སྨོས་པ་ནི། དེའི་བསྟན་པ་རྫོགས་པར་ཤེས་པར་བྱ་བའི་དོན་ནོ། །བྱམས་པ་ལ་སོགས་པ་མ་འོངས་པ་བརྗོད་པ་ནི་སེམས་ཅན་གྱི་དོན་གྱི་དགོས་པ་བསྟན་པའི་ཕྱིར་རོ། །གྲངས་སྟོང་གི་ངེས་པ་མཛད་པ་ནི། མི་མཇེད་དུ་བསྐལ་པ་བཟང་པོ་ལ་སངས་རྒྱས་སྟོང་ཉིད་དུ་གྲགས་པས་དགག་སྒྲུབ་མེད་པར་བྱ་བའི་ཕྱིར་རོ། །ཤཱནྟི་པས་ནི། བསྐལ་བཟང་གི་སངས་རྒྱས་སྟོང་དང་ཕྱོགས་བཅུའི་སངས་རྒྱས་སྟོང་ཕྲིན་ལས་མཉམ་པར་བསྟན་པའི་ཕྱིར་རོ་ཞེས་འཆད་དོ། །གཉིས་པ་ལ་གསུམ། མཐོང་ལམ་མདོར་བསྟན། རྣམ་པ་རྒྱས་པར་བཤད། སྒོམ་ལམ་མི་སྟོན་པའི་འཐད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི་གོ་བར་ཟད་དོ། །གཉིས་པ་ནི། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་བསྟན་པའི་མཐོང་བའི་ལམ་ཡིན་ནོ། །གང་ན། སྐད་ཅིག་སོགས་སོ། །བཅུ་དྲུག་ཏུ་ཇི་ལྟར་ཞེ་ན། བདེན་པ་བཞི་པོ་སོ་སོར་ཏེ་རེ་རེ་ལ་ཆོས་ཤེས་པའི་བཟོད་པ་ནས་རྗེས་སུ་ཤེས་པ་སྟེ་སྐད་ཅིག་བཞི་བཞིར་བྱས་པ་དེ་ལྟར་རོ། །འདི་ལ་ཉི་ཁྲི་དང་བརྒྱད་


JLD017_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་འགྲེལ་པ་རྣམས་ཀྱིས་མདོ་མ་སྦྱར་རོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། ཡེ་ཤེས་བཅུ་དྲུག་གིས་བདེན་བཞི་རྟོགས་པར་བྱེད་ཚུལ་གྱི་རྣམ་པ་གང་ཡིན་ཞེ་ན། གཉིས་པ་ལ་གཉིས། བཤད་པ་དང༌། བསྡུ་བའོ། །དང་པོ་ནི། གཟུགས་རྟག་ཅེས་པ་ནས་ཤེས་པ་སྐྱེ་བ་མེད་པའི་བར་རོ། །གཉིས་པ་ནི། ཀུན་ཤེས་ཞེས་པའོ། །སློབ་དཔོན་འདིས་རྣམ་པ་དང་པོ་ལ་གཟུགས་རྟག་མ་ཡིན་མི་རྟག་མ་ཡིན། ཞེས་འབྱུང་བ་རྣམ་པ་ལྷག་མ་རྣམས་ལ་ཡང་བཟློག་ཟླའི་མཐའ་དང་བྲལ་བར་སྟོན་པའི་མཚོན་བྱེད་དུ་དགོངས་ནས་སྒྲོ་འདོགས་སོ། །གཉིས་དང་བྲལ་བའི་རྣམ་པ་གསུངས་སོ། །གསུམ་པ་ལ་གཉིས། དངོས་བསྟན་བྱང་སེམས་དང༌། ཤུགས་བསྟན་ཉན་རང་གི་མཐོང་ལམ་མོ། །དང་པོ་ལ་གཉིས། སོ་སོར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ། ལམ་གྱི་རྣམ་པའོ། །དང་པོ་ནི། སྡུག་བསྔལ་གྱི་བདེན་པ་རྟོགས་པར་བྱེད་ཚུལ་གྱི་རྣམ་པ་བཞི་དག་ཡིན་ནོ། །དེ་གང་ན་དང་པོ་ནི་སྡུག་བདེན་གྱི་གཟུགས་ལ་སོགས་པ་རྣམས་རྟག་ཅིང་བརྟན་པ་དང༌། མི་རྟག་ཅིང་འཇིག་པའི་མཐའ་དང་བྲལ་བས་དེ་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ་ཞེས་བྱ་བའོ། །ཡང་གཉིས་ནི་ཕན་ཚུན་བསྡུ་བའོ། །རྟགས་གྲུབ་སྟེ། གཟུགས་སོགས་ངོ་བོ་ཉིད་མེད་པ་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ཐམས་ཅད་ཀྱི་རྟགས་སྒྲུབ་ཏུ་སྦྱར་རོ། །སྡུག་བསྔལ་ཡིན་མིན་སོགས་དང་བྲལ་བར་སྟོན་པ་ན་ཡང་རང་རང་


JLD017_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐབས་ཀྱི་བདེན་པ་དང་སྦྱར་བར་བྱའོ། །འདིར་བྱང་ཆེན་བྱམས་པ་བླ་མེད་རྫོགས་བྱང་དུ་མངོན་པར་སངས་རྒྱས་ནས་གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། ཞེས་སོ། །གཉིས་པ་ནི། ཚོར་བ་ཡིད་དུ་མི་འོང་བའི་སྡུག་བསྔལ་དང་དེ་མེད་པའི་སྡུག་བསྔལ་མ་ཡིན་པའི་མཐའ་དང་བྲལ་བ་ཉིད་ཀྱིས་བཅིངས་ཐར་མེད་པའི་ཕྱིར། རྟག་ཆད་ཀྱི་མཐའ་ལས་འདས་པའམ་དེ་དང་བྲལ་བ་སྟེ་གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ་ཞེས་སོ། །གསུམ་པ་ནི་དོན་གཞན་གྱི་བདག་གིས་སྟོང་པ་དང་དེ་མིན་པའི་མི་སྟོང་པའི་མཐའ་དང་བྲལ་བའི་ཕྱིར། མཐའ་དེ་གཉིས་ཀྱིས་རྣམ་པར་དག་པ་སྟེ། གཟུགས་ཡོངས་སུ་དག་པའི་ཕྱིར་ཡུམ་ཡོངས་སུ་དག་པའོ། ཞེས་སོ། །བཞི་པ་ནི། ངོ་བོར་གྱུར་པའི་བདག་དང་དེ་མེད་པའི་བདག་མེད་པའི་ངོ་བོ་ཉིད་མ་ཡིན་པ་ཉིད་ཀྱིས་རང་གཞན་ལས་མ་སྐྱེས་པ་དང༌། དེ་མེད་པས་མ་འགགས་པ་དང༌། ཆགས་སོགས་ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང༌། དེ་མེད་པའི་རྣམ་པར་བྱང་བ་མ་ཡིན་པ་དང་སོགས་པས་ཉམས་འཕེལ་མི་རིགས་པ་སྟེ། གཟུགས་ཀྱི་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པ་ནི་གཟུགས་ཡོངས་སུ་དག་པའོ། ཞེས་སོ། །གཉིས་པ་ནི། སྡུག་བསྔལ་ཀུན་འབྱུང་བའི་བདེན་པ་རྟོགས་པར་བྱེད་ཚུལ་གྱི་རྣམ་པ་བཞི་དག་ཡིན་ནོ། །དེ་དག་གང་ན། དང་པོ་ནི་སྡུག་བསྔལ་གྱི་བྱེད་རྒྱུ་དང་དེ་མེད་པའི་རྒྱུ་མ་ཡིན་པ་གསོག་སྟེ་རྫུན་པ་ཉིད་ཀྱི་ཕྱིར་ནམ་མཁའ་དང་འདྲ་


JLD017_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་ནམ་མཁའ་ལྟར་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པའི་ཕྱིར་ཡུམ་ཡོངས་སུ་དག་པའོ། ཞེས་སོ། །གཉིས་པ་ནི་སྡུག་བསྔལ་ཀུན་འབྱུང་བ་དང་དེ་མེད་པའི་ཀུན་འབྱུང་བ་མེད་པ་དང་མི་ལྡན་པ་སྟེ་བྲལ་བའི་ཕྱིར། ཆགས་སོགས་ཉོན་མོངས་པ་དང་ཁྲོ་བ་དང་ཁོན་འཛིན་སོགས་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་སྟེ། ནམ་མཁའ་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་གོས་པ་མེད་པའི་ཕྱིར་ཡུམ་ཡོངས་སུ་དག་པའོ། ཞེས་སོ། །གསུམ་པ་ནི་དེའི་ཚེ་དང་ཡུན་རིང་པོའི་སྡུག་བསྔལ་རབ་ཏུ་སྐྱེ་བ་དང་དེ་མེད་པའི་རབ་ཏུ་མི་སྐྱེ་བ་དང་མ་འབྲེལ་བ་སྟེ་དེ་གཉིས་དང་བྲལ་བའི་ཕྱིར་ཡོངས་སུ་འཛིན་པ་ལས་གྲོལ་བ་སྟེ། ནམ་མཁའ་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གཟུང་དུ་མེད་པའི་ཕྱིར་ཡུམ་ཡོངས་སུ་གཟུང་དུ་མེད་པའོ་ཞེས་སོ། །བཞི་པ་ནི་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྐྱེན་དང་དེ་མེད་པའི་རྐྱེན་མ་ཡིན་པ་ལས་རྣམ་པར་གྲོལ་བའི་ཕྱིར། རང་གི་ངོ་བོ་སྒྲས་བརྗོད་དུ་མེད་པ་སྟེ། དཔེར་ན་ནམ་མཁའ་ལ་བྲག་ཆ་གཉིས་ཀྱི་སྒྲ་ཇི་ལྟ་བ་དེ་བཞིན་དུ་རབ་འབྱོར་ནམ་མཁའ་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཐ་སྙད་མེད་པའི་ཕྱིར་ཡུམ་ཡོངས་སུ་དག་པའོ། ཞེས་སོ། །སྒྲ་བརྙན་གཉིས་དཔེར་མཛད་པ་ནི། འཆད་ཉན་གཉིས་ཀྱིས་ལན་འདེབས་པ་དང་འདྲི་བའི་ཐ་སྙད་གཉིས་དང་ཚུལ་བསྟུན་པའི་དོན་དུའོ། །གསུམ་པ་ནི། འགོག་པའི་བདེན་པ་རྟོགས་པར་བྱེད་ཚུལ་གྱི་


JLD017_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཞི་དག་ཡིན་ནོ། །གང་ན། དང་པོ་ནི་རྒྱུ་མཚན་གང་གི་ཕྱིར་ཉོན་མོངས་པ་དང་བྲལ་བའི་འགོག་པ་དང༌། དེ་མེད་པའི་འགོག་པ་མེད་པ་དང་མ་འབྲེལ་བ་སྟེ་གཉིས་དང་བྲལ་བ་དེའི་ཕྱིར། འགོག་བདེན་གྱི་དོན་ཉོན་མོངས་དང་བྲལ་བ་དེ་ཚིག་ཏུ་བརྗོད་པས་འགྲོ་བ་གཞན་གྱི་རྒྱུད་དག་ལ་སྦྱིན་དུ་མེད་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བརྗོད་དུ་མེད་པའི་ཕྱིར་ཡུམ་ཡོངས་སུ་དག་པའོ་ཞེས་སོ། །འདིས་བརྗོད་པ་བཀག་པས་དེའི་སྒོ་ནས་གཞན་ལ་སྦྱིན་པ་ཡང་བཀག་གོ །གཉིས་པ་ནི་ཡང་དག་པར་ན་སྡུག་བསྔལ་ཞི་བ་དང་དེ་མེད་པའི་མ་ཞི་བའི་མཐའ་གཉིས་མེད་པས། དམིགས་པ་མེད་པར་བྱེད་པ་སྟེ་མི་དམིགས་པར་ཤེས་པར་བྱ་བ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དམིགས་སུ་མེད་པའི་ཕྱིར་ཡུམ་ཡོངས་སུ་དག་པའོ། ཞེས་སོ། །གསུམ་པ་ནི་བདེ་གཙང་གིས་གྱ་ནོམ་པ་དང་དེ་མེད་པའི་གྱ་ནོམ་པ་མ་ཡིན་པའི་མཐའ་གཉིས་དང་བྲལ་བའི་ཕྱིར། ཤིན་ཏུ་རྣམ་པར་དག་པ་སྟེ་རྟག་ཆད་ཀྱི་མཐའི་དྲི་མ་ལས་འདས་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཡུམ་ཡོངས་སུ་དག་པའོ། ཞེས་སོ། །བཞི་པ་ནི་ངེས་པར་འབྱུང་བ་མྱང་འདས་དང་དེ་མེད་པའི་ངེས་པར་འབྱུང་བ་མ་ཡིན་པ་མེད་པ་ཉིད་ཀྱིས་ཏེ། མཐའ་དེ་གཉིས་དང་བྲལ་བར་རྟོགས་ན། མིག་གི་ནད་ལ་སོགས་པའི་ནད་ཐམས་ཅད་མི་སྐྱེ་ཞིང་ལྷ་དུ་མ་ཕྱི་བཞིན་དུ་འབྲང་བ་ལ་སོགས་པའི་ཕན་ཡོན་དུ་མ་སྐྱེད་པའོ། །རྟོགས་དཀར་ཕྱི་ནང་གི་མུ་སྟེགས་པའི་ལྟ་བ་འཇིག་པ་ནད་མི་སྐྱེ་བའི་དོན་དུ་འདོད་པ་མདོ་དང་མི་མཐུན་ནོ། །མདོ་ནི་བཅོམ་


JLD017_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དེ་ལ་མིག་གི་ནད་འབྱུང་བར་མི་འགྱུར་རོ་རྣ་བའི་ནད་དང༌། སྣའི་ནད་དང༌། ལྕེའི་ནད་དང༌། ལུས་ཀྱི་ནད་འབྱུང་བར་མི་འགྱུར་རོ། །ཡིད་ཀྱི་ནད་འབྱུང་བར་མི་འགྱུར་རོ། །ཡན་ལག་མ་ཚང་བར་མི་འགྱུར་རོ། །ལུས་རྒས་པ་དང་འཁོགས་པར་མི་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་མི་བདེ་བ་སྤངས་ནས་དུས་བྱེད་པར་འགྱུར་རོ། ཞེས་དང༌། ལྷ་རྣམས་ཀྱང་དེའི་ཕྱི་བཞིན་འབྲང་བ་དང༌། ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་དག་ལ་ཆོས་བསྟན་པས་བསོད་ནམས་ཆེས་འཕེལ་བ་དང་དེའི་འཐད་པར་དེའི་ཚེ་དེར་ལྷ་རྣམས་མཆོད་པ་དང་ལྟ་བ་དང་ཉེ་བར་གནས་པར་གསུངས་པའོ། །བཞི་པ་ནི། ལམ་གྱི་བདེན་པ་རྟོགས་པར་བྱེད་ཚུལ་གྱི་རྣམ་པ་བཞི་དག་ཡིན་ནོ། །དེ་དག་གང་ན། དང་པོ་ནི་ཐར་པར་འཁྲིད་པའི་ལམ་དང་དེ་མེད་པའི་ལམ་མ་ཡིན་པའི་མཐའ་གཉིས་དང་བྲལ་བའི་ཕྱིར་ཏེ་བྲལ་བར་རྟོགས་པ་ན། ངན་སོང་གསུམ་དུ་སྐྱེ་བ་ཆད་ཅིང་བདེ་འགྲོར་སྐྱེ་བ་འཛིན་པ་དང་རྣམ་པར་བྱང་བའི་ཆོས་ཀུན་གྱི་རྒྱུ་བྱེད་ནུས་པ་སྟེ། ཡུམ་རིན་པོ་ཆེ་འདི་བསྟེན་པར་གྱུར་ན་སེམས་ཅན་དམྱལ་བ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། ཞེས་སོ། །འདི་དང་འགོག་པའི་རྣམ་པ་ཐ་མ་གཉིས་ཕན་ཡོན་གྱི་རྣམ་པས་བསྟན་ཏོ། །གཉིས་པ་ནི་ཉོན་མོངས་ཀྱི་གཉེན་པོ་བྱེད་པའི་རིགས་པ་དང་དེ་མེད་པའི་རིགས་པ་མ་ཡིན་པ་དང་མ་འདྲེས་པ་སྟེ་བྲལ་བའི་ཕྱིར། འབྲས་བུ་མངོན་དུ་བྱ་བའི་ཐབས་ལ་འཁོར་གསུམ་དུ་རྣམ་པར་མི་རྟོག་པ་ཉིད་དེ། ཕར་ཕྱིན་རིན་པོ་ཆེ་དེ་ལ་ནི་ཆོས་གང་ཡང་སྐྱེ་བའམ་


JLD017_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པའམ་ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱེད་པའམ་ཡོངས་སུ་བཟུང་བའམ་འདོར་བ་མེད་དོ། ཞེས་རྟོག་པ་དེ་དག་མེད་པར་བསྟན་པའོ། །གསུམ་པ་ནི་སེམས་ཕྱིན་ཅི་མ་ལོག་པའི་སྒྲུབ་པ་དང་དེ་མེད་པའི་སྒྲུབ་པ་མ་ཡིན་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་གཟུགས་སོགས་ཆོས་ཐམས་ཅད་ཀྱི་མཚན་མ་སྔོ་སོགས་དང་མ་འབྲེལ་བ་སྟེ། ཕར་ཕྱིན་རིན་པོ་ཆེ་འདི་ཆོས་གང་གིས་ཀྱང་གོས་པ་མེད་པའོ་ཞེས་སོ། །ཤཱནྟི་པས་ངན་སོང་ཆད་དང་མི་རྟོག་དང༌། །འབྲས་བུ་མངོན་དུ་བྱ་བ་ལ། །མཚན་མ་དག་དང་མ་འབྲེལ་དང༌། ཞེས་འདོན་ནོ། །བཞི་པ་ནི་རྟག་ཕན་གྱི་གནས་སུ་འགྲོ་བའི་ངེས་འབྱིན་དང་དེ་མེད་པའི་ངེས་འབྱིན་མ་ཡིན་པའི་མཐའ་གཉིས་མེད་པ་ཉིད་ཀྱིས་བརྗོད་པར་བྱ་བའི་དངོས་པོའི་མཚན་ཉིད་ཤེས་བྱ་སྟེ་དོན་དང་རྗོད་པར་བྱེད་པའི་ངོ་བོའི་མཚན་ཉིད་སྒྲ་གཉིས་ལ་བརྗོད་བྱ་རྗོད་བྱེད་ཐ་དད་དུ་འཛིན་པའི་ཤེས་པ་སྐྱེ་བ་མེད་པ་སྟེ། བྱང་ཚེ་དེ་ལྟར་རྣམ་པར་མི་ཤེས་ཏེ་དེ་ལྟར་རྣམ་པར་རྟོག་པར་མི་བྱེད་ཅིང་དེ་ལྟར་མི་དམིགས་ཏེ་དེ་ལྟར་འཕྲོ་བར་ཡང་མི་བྱེད་ན་ཡུམ་ལ་སྤྱོད་ཡུམ་ལ་སྒོམ་པའོ། ཞེས་སོ། །ཤཱནྟི་པས། དངོས་དང་མིང་ནི་མིང་དོན་དང༌། །གཉིས་པོ་ལ་ཞེས་པ་དེ་བཞིན་ཉིད་དང་ཡེ་ཤེས་སོ་ཞེས་བཞེད་དོ། ཞེས་བྱ་བ་ནི་ཐམས་ཅད་ཀྱི་མཐར་རོ། །གཉིས་པ་ནི། སྒྲོ་འདོགས་སོ་གཉིས་དང་བྲལ་བ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཀུན་ཤེས་པ་ཉིད་ཀྱི་སྐད་ཅིག་མ་བཅུ་དྲུག་པོ་དེ་དག་ནི་བྱང་སེམས་རྣམས་ཀྱི་མཐོང་བའི་ལམ་ཡིན་ནོ། །དེ་ལྟར་ན་རྣམ་པ་ལ་ཡུལ་གྱི་དོན་རྣམ་དང་ཡུལ་ཅན་བཅུ་དྲུག་གིས་རྟོགས་ཚུལ་གྱི་


JLD017_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྣམ་གཉིས་གཉིས་ཡོད་པ་ཡིན་ནོ། །གཉིས་པ་ནི། མཐོང་བའི་ལམ་བསྟན་པ་ཡིན་ནོ། །གང་དུ་ན། ཀུན་ཤེས་པ་ཉིད་ལ་སྟེ་དེའི་སྐབས་སུའོ། །གང་ན། ཉན་ཐོས་དང་རང་རྒྱལ་རྣམས་ཀྱིས་སྒྲོ་འདོགས་སོ་གཉིས་དང་བྲལ་བ་དེ་ལས་བཟློག་པ་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་དག་ཏུ་ཞེན་ནས་བསྒོམ་པར་བྱ་བ་ནིའོ། །ཚིག་གང་གིས་ན། གཟུགས་རྟག་མ་ཡིན་ཞེས་སོགས་ཀྱིས་དངོས་སུ་བྱང་སེམས་ཀྱི་མཐོང་ལམ་རྗེས་འགྲོའི་སྒོ་ནས་བསྟན་པས་དེའི་ཤུགས་ཀྱིས་སོ། །གསུམ་པ་ལ་གཉིས། གཞན་དང༌། རང་གི་ལུགས་སོ། །དང་པོ་ནི། འདིར་མ་བསྟན་པའི་སྒོམ་ལམ་ནི་ཉན་ཐོས་ཀྱི་སྒོམ་ལམ་ཉི་ཚེ་ལ་བྱས་ནས་དེ་བྱང་སེམས་ཀྱིས་སྒོམ་པའི་ཡན་ལག་ཏུ་བསྟན་མི་རིགས་ལ་ཤེས་པའི་ཡན་ལག་ཏུ་མཐོང་ལམ་བསྟན་པ་ཉིད་ཀྱིས་ཆོག་ཅེས་གངས་ཅན་པ་རྣམས་འཆད་དོ། །ཐུབ་དགོངས་སུ་ཡང༌། བྱང་ཆུབ་སེམས་དཔས་ཤེས་པར་བྱ་ཡི་མངོན་དུ་བྱ་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་རྣམས་ཀྱི་སྒོམ་པའི་ལམ་བཅོམ་ལྡན་འདས་མར་མ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་གྱི་དོན་དུ་ནི་ཇི་ལྟར་མཐོང་བ་ཁོ་ནའི་དོན་ཡང་དང་ཡང་དུ་མངོན་དུ་ཕྱོགས་པར་བྱ་བ་ནི་བསྒོམ་པའི་ལམ་མོ་ཞེས་ཉེ་བར་བསྟན་ཏོ། །དེ་ལྟར་ན་ཡང་བཅོམ་ལྡན་འདས་མར་མ་གསུངས་པ་ནི་རྟོགས་པར་སླ་བ་ཉིད་ཀྱི་ཕྱིར་རོ། ཞེས་ཉན་ཐོས་ཀྱི་སྒོམ་ལམ་བྱང་སེམས་ལ་རང་དོན་དུ་བསྟན་མི་དགོས་ཤིང༌། གཞན་དོན་དུ་ནི་མཐོང་ལམ་གྱིས་མཐོང་བའི་དོན་གོམས་པར་བྱེད་པ་དེ་ཉིད་སྒོམ་


JLD017_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མོ་ཞེས་བསྟན་པས་ཆོག་པས་རྟོགས་སླ་བའི་ཕྱིར་མ་གསུངས་སོ་ཞེས་འདོད་དོ། །དེ་གཉིས་ཀ་ཡང་འཕགས་པ་དང་སློབ་དཔོན་གྱི་བཞེད་པ་མ་ཡིན་ནོ། །གཉིས་པ་ནི། འོ་ན་བཞེད་པ་གང་ན་སྤྱིར་གཞུང་འདིའི་རྣམ་གཞག་དང་པོར་འཕགས་པས་མཛད་ལ། དེའི་རྗེས་སུ་འབྲངས་ནས་སློབ་དཔོན་དང་རྣམ་འགྲེལ་གྱིས་ཀྱང་བཀོད་པ་ཡིན་ཏེ། ཉི་སྣང་ལས། ཡང་ཅིའི་དོན་གྱིས་ལམ་ཤེས་པ་ཉིད་བཞིན་ཐམས་ཅད་ཤེས་པ་ཉིད་ལ་སྒོམ་པའི་ལམ་ལོགས་ཤིག་པ་མེད་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའོ་ཞེས་གསུངས་པས་ན་འདི་ནི་གཞན་གཙོ་བོར་བྱེད་པའི་ཕྱིར་རོ། ཞེས་བྱ་བར་དགོངས་པ་ཡིན་ནོ། །གཞན་ཡང་རྒྱུན་དུ་ཞུགས་པ་ཞེས་པ་ནས་བཟོད་པ་གང་ཡིན་ཞེ་ན་ཞེས་སོགས་དྲངས་ཤིང་བཤད་དོ། །འདིའི་དགོངས་པ་ནི། གཞི་ཤེས་སུ་བྱང་སེམས་ཀྱི་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་དུ་སྣང་སྟེ། དེ་ཉིད་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་ཞེས་སོགས་དྲངས་ནས་དེའི་འོག་ཏུ་ཤེས་པ་དང་མཐོང་བའི་ཚིག་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་ལ་ནི་བྱང་ཆུབ་སེམས་དཔའི་སྒོམ་ལམ་ཡོད་པ་མ་ཡིན་པར་ཤེས་པར་བྱ་བའི་དོན་ཏེ། ཡང་རྒྱུ་ཅི་ཞིག་གི་ཕྱིར་དེ་ལ་འདིའི་སྒོམ་པའི་ལམ་བཀག་ཅེ་ན། རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤངས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། གཞན་གཙོ་བོར་བྱེད་པའི་ཕྱིར་རོ། ཞེས་བྱ་བའི་ཐ་ཚིག་གོ་


JLD017_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྣམ་འཕེལ་གྱི་ཐད་དུ་ཉན་རང་གི་ས་ལ་བྱང་སེམས་ཀྱི་སྒོམ་ལམ་མེད་པའི་རྒྱུ་མཚན་དུ་སྔར་ལན་དུ་དྲངས་པའི་མདོ་གཉིས་པ་བཀོད་པས་སོ། །རྒྱན་སྣང་དུ་ཡང་ཅིའི་ཕྱིར་ལམ་ཤེས་པ་ལ་ཇི་སྐད་བསྟན་པ་དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་ཡང་སྒོམ་པའི་ལམ་ལོགས་ཤིག་པ་མེད་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་བྱའོ། ཞེས་གསུངས་པས་མངོན་སུམ་དུ་བྱ་བ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་མ་བསྟན་ཏོ། །ཉན་ཐོས་ལ་སོགས་པ་ལ་ཡང་ཇི་ལྟར་མཐོང་བའི་དོན་ཉིད་ཡང་དང་ཡང་དུ་མངོན་དུ་བྱེད་པ་སྒོམ་པའི་ལམ་ཡིན་པས་གོ་སླ་བའི་ཕྱིར་མ་གསུངས་སོ་ཞེས་པའི་ལན་དང་པོ་ནི་ཉི་སྣང་དང་མཐུན་ལ་ཉན་ཐོས་ཞེས་སོགས་ཁ་བསྐང་ནས་བཤད་དོ། །ལན་དེ་གཉིས་ཀྱི་དོན་ཡང་རྟོགས་དཀའ་ལས། ལམ་ཤེས་པ་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དག་གི་སྒོམ་པའི་ལམ་སོ་སོར་མེད་ཅེ་ན། ཞེས་དྲིས་པའི་ལན་དུ་རྒྱན་སྣང་ལྟར་བཀོད་ནས་ལན་དང་པོ་བྱང་སེམས་ཀྱི་སྒོམ་ལམ་དང༌། གཉིས་པ་ཉན་ཐོས་ཀྱི་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་དུ་སྦྱར་བ་ཉིད་སློབ་དཔོན་གྱི་དགོངས་པའོ། །འགྲེལ་པ་འདིར་ནི་ཕྱི་མའི་རྒྱུ་མཚན་ལ་བཀོད་དོ། །ཚིག་གི་དོན་ནི། རྩོད་པ་སྔར་ལྟར་བཀོད་ནས་གཞི་ཤེས་ཀྱི་སྐབས་སུ་བྱང་སེམས་ལ་མཐོང་ལམ་ལས་ལོགས་པར་བྱང་སེམས་ཀྱི་སྒོམ་པའི་ལམ་ནི་མ་བསྟན་ཏོ། །རྒྱུ་མཚན་


JLD017_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལམ་ནི་བྱང་སེམས་ཀྱིས་མཚན་ཉིད་ཤེས་ནས་འདའ་བར་བྱ་བ་ཡིན་གྱི་བསྒོམས་ཏེ་མངོན་དུ་བྱ་བ་ནི་མ་ཡིན་པས་སོ། །རྟགས་གྲུབ་སྟེ། ཉན་ཐོས་ནས་བྱའོ་ཞེས་གསུངས་པས་སོ། །འོ་ན་ཉན་ཐོས་ཀྱི་སྒོམ་ལམ་མི་སྟོན་པ་ཅི་ཞེ་ན། མ་བསྟན་ཀྱང་གོ་སླ་བའི་ཕྱིར་ཏེ། གཟུགས་རྟག་མ་ཡིན་ཞེས་སོགས་ཀྱི་ཤུགས་ལ་མཐོང་ལམ་གསལ་བར་རྟོགས་ལ་དེ་རྟོགས་པ་ན་མཐོང་བའི་དོན་དེ་ཉིད་གོམས་པར་བྱེད་པ་སྒོམ་ལམ་མོ་ཞེས་ཤེས་པའི་ཕྱིར་རོ། །ཉི་སྣང་ལྟར་ན། ཉན་རང་གིས་གཞི་ཤེས་སུ་བྱང་སེམས་ཀྱི་སྒོམ་ལམ་མི་སྟོན་ཏེ། བྱང་སེམས་ནི་གཞན་དོན་གཙོ་བོར་བྱེད་པའི་སྒོ་ནས་ཉན་རང་གིས་ས་ལས་ཤེས་ནས་འདའོ་ཞེས་དང༌། ཉན་རང་གི་རྟོགས་པ་རྣམས་བྱང་སེམས་ཀྱི་མཐོང་ལམ་དུ་རྫོགས་པར་གསུངས་པའི་ཕྱིར་རོ། ཞེས་རྒྱུ་མཚན་གཉིས་སྦྱར་རོ། །དེས་ན་གནས་ནས་དང༌། ཤེས་ནས་འདའ་བ་གཉིས་ལས། ཉན་རང་གི་ས་ལ་དང་པོ་ལྟར་བྱང་སེམས་ཀྱིས་བྱེད་ན་སྒོམ་ལམ་སྟོན་རིགས་ཀྱང་ཕྱི་མ་བྱེད་པར་གསུངས་པའི་ཕྱིར། དེ་དག་གི་རྟོགས་རིགས་ས་དང་པོར་རྫོགས་པས་སྒོམ་ལམ་དུ་སླར་ཡང་ཐོབ་པར་བྱ་བ་མེད་པས་སོ་སྙམ་དུ་དགོངས་སོ། །འདིར་ཉན་རང་གིས་གཞི་ཤེས་ལ་བྱང་སེམས་ཀྱི་སྒོམ་ལམ་མེད་པར་སྟོན་པ་འཐད་ཀྱི་ཐེག་དམན་གྱི་སྒོམ་ལམ་མི་སྟོན་པར་འདོད་ན་འདིར་བསྟན་པའི་རྒྱུ་མཚན་འདི་མཐོང་ལམ་ལ་ཡང་འཇུག་པས་དེ་མི་སྟོན་པར་ཐལ་བ་སུས་ཀྱང་མི་བཟློགས་སོ། །དྲུག་པ་ལ་གསུམ་ལས། དང་པོ་ནི། གོང་གི་དེ་ལྟར་མཁྱེན་གསུམ་རྒྱས་པར་བསྟན་ནས་དེ་འོག་ཏུ་ཐམས་ཅད་མཁྱེན་


JLD017_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་གསུམ་མཇུག་བསྡུ་བ་གསུངས་སོ། །འོ་ན་མདོར་མཁྱེན་གསུམ་ལ་མཇུག་སྡུད་མཛད་ནས་མངོན་རྟོགས་གཞན་ལྔ་ལ་མི་གསུང་བ་ཅི་ཞེ་ན། མཁྱེན་གསུམ་ནི་མངོན་རྟོགས་བརྒྱད་ཀྱི་དོན་མཐའ་དག་སྡུད་པར་བྱེད་པ་ཉིད་ཀྱིས་གཙོ་བོ་ཡིན་པས་སོ། །དོན་ནི། མཁྱེན་གསུམ་ལ་འདི་ཙམ་གྱིས་བཤད་ཟིན་ཏོ་ཞེས་པའི་མཇུག་སྡུད་ཀྱི་རྫོགས་ཚིག་འོང་བ་ནི་དེར་མངོན་རྟོགས་ཐམས་ཅད་འདུས་པས་དེ་རྒྱས་པར་བཤད་པས་གཞན་རྣམས་ཀྱང་དོན་གྱིས་བཤད་ཟིན་པའོ་ཞེས་པའོ། །གཉིས་པ་ནི། ཡོངས་སུ་བསྟན་པ་ཡིན་ནོ། །གང་ན། གནས་སྐབས་གསུམ་པོ་དག་གོ །ཇི་ལྟར་ན་རྫོགས་པ་སྟེ་བཤད་ཟིན་པའོ། །སུའི་གནས་སྐབས་ཤེ་ན། སྔར་བཤད་པ་དེ་ལྟར་དང་པོ་གཞི་ཤེས་དང་གཉིས་པ་ལམ་ཤེས་དང་གསུམ་པ་རྣམ་མཁྱེན་གྱི་སྐབས་སོ། །དེ་ལྟར་ན་རྒྱས་བཤད་ཀྱི་ཚེ་རྣམ་མཁྱེན་ནས་ཡས་རིམ་གྱིས་གསུངས་ཀྱང༌། མཇུག་བསྡུ་བའི་ཚེ་དེ་ལས་བཟློག་སྟེ་མས་རིམ་གྱིས་བསྡུས་སོ། །ཚིག་གང་གིས་ན། འདི་ཞེས་པ། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་མི་ཐོབ་པར་བྱེད་པ་མ་ཡིན་དེ་བཞིན་དུ་སྦྱར་ནས་སྟོན་པར་བྱེད་པ་མ་ཡིན་མི་སྟོན་པར་བྱེད་པ་སྟེར་བར་འཕྲོག་པར་སྐྱེད་པར་འགོག་པར་ཆད་པར་རྟག་པར་དོན་གཅིག་པར་དོན་སྣ་ཚོགས་པར་འོང་བར་འགྲོ་བར་ཀུན་ནས་ཉོན་མོངས་པར། རྣམ་པར་བྱང་བར་འགྲིབ་པར་འཕེལ་བར་བྱེད་པ་མ་ཡིན། འདས་པར་མ་ཡིན། མ་འོངས་པར་མ་ཡིན། ད་ལྟར་བྱུང་བར་བྱེད་པ་མ་ཡིན་ནོ། ཞེས་བྱ་བ་འདིས་དང་པོ་གཞི་ཤེས་ཀྱི་


JLD017_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཡོངས་སུ་རྫོགས་པར་སྟོན་ཏེ། གཞི་ཤེས་ནི་གཞི་ཐམས་ཅད་པའི་ཡུལ་ཅན་ཡིན་པས་གཞིའི་ཆོས་ཐམས་ཅད་ལ་བཟློག་པའི་ཟླ་དང་བཅས་པ་གཉིས་གཉིས་ཀྱི་རྣམ་རྟོག་བཀག་པར་གསུངས་པས་སོ། །ཉི་སྣང་ལས་འདི་ལ་ཚིག་བཅུ་དགུ་ཞེས་འབྱུང་བས་དུས་གསུམ་པོ་གཅིག་ཏུ་སྡུད་པར་གསལ་ལོ། །ཡང་འདི་ཞེས་པ། རབ་འབྱོར་ཡང་ཡུམ་འདི་ནི་འདོད་པའི་ཁམས་ལས་ཤིན་ཏུ་འདའ་བར་བྱེད་པ་མ་ཡིན་གནས་པར་བྱེད་པ་མ་ཡིན། ཞེས་དང༌། དེ་བཞིན་དུ་ཁམས་གཞན་གཉིས་ལ་དང་སྦྱིན་པའི་ཕར་ཕྱིན་སྟེར་བར་བྱེད་པ་མ་ཡིན་སེར་སྣ་འཕྲོག་པར་བྱེད་པ་མ་ཡིན། ཞེས་པ་ནས། རྣམ་མཁྱེན་ཉིད་སྟེར་བར་བྱེད་པའམ་འཕྲོག་པར་བྱེད་པ་མ་ཡིན། ཞེས་པ་འདིས་གཉིས་པ་ལམ་ཤེས་ཀྱི་སྐབས་ཡོངས་སུ་རྫོགས་པར་སྟོན་ཏེ། ལམ་ཤེས་ནི་སྲིད་པས་བསྡུས་པའི་མི་མཐུན་པ་དང་མྱང་འདས་ཀྱིས་བསྡུས་པའི་གཉེན་པོ་ལ་བླང་དོར་གྱི་རྣམ་རྟོག་མེད་པ་ཡིན་ལ་འདིར་ཡང་དེ་ལྟར་བཀག་པར་གསུངས་པས་སོ། །ཉི་སྣང་ལས། ཁམས་གསུམ་ལས་འདའ་བར་བྱེད་པ་མ་ཡིན། མྱང་འདས་ཀྱི་དབྱིངས་ལ་གནས་པར་བྱེད་པ་མ་ཡིན། རྣམ་མཁྱེན་སྟེར་བར་བྱེད་པ་མ་ཡིན། ཉན་རང་གིས་འཕྲོག་པར་བྱེད་པ་མ་ཡིན་ཞེས་དྲངས་པའི་ཕྱི་མ་གཉིས་ནི་ལེ་བརྒྱད་མར་མེད་དོ། །ཡང་འདི་ཡིན་ཏེ། ཞེས་པ། རབ་འབྱོར་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པའམ་འཕྲོག་པར་བྱེད་པ་མ་ཡིན། དེ་བཞིན་དུ་སོ་སོ་སྐྱེ་བོའི་ཆོས་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་དང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་


JLD017_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་སྦྱར་ནས། དེའི་འཐད་པར་དེ་བཞིན་གཤེགས་པ་བྱུང་རུང་མ་བྱུང་རུང་ཆོས་ཉིད་དེ་གནས་པ་དང་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་ནས་གཞན་ལ་སྟོན་པ་ལ་སོགས་པར་གསུངས་པ་འདིས་གསུམ་པ་རྣམ་མཁྱེན་ཀྱི་སྐབས་ཡོངས་སུ་རྫོགས་པར་བསྟན་པ་ཡིན་ཏེ། རང་གཞན་གྱི་དོན་གྱིས་བསྡུས་པའི་རྣམ་པའི་ཆོས་ཐམས་ཅད་སྟེར་འཕྲོག་མེད་པར་མཉམ་པ་ཉིད་དུ་རྟོགས་པ་དང༌། རྟོགས་པ་ལྟར་གཞན་ལ་འཆད་པའི་རྒྱུ་རྣམ་མཁྱེན་ཡིན་པར་གསུངས་པས་སོ། །དེ་ལྟར་ན་སྐབས་གསུམ་པོ་དེ་རྫོགས་པར་སྟོན་པ་ནི་མདོ་དེ་གསུམ་ཡིན་ལ། རྫོགས་པར་སྟོན་པའི་དོན་ནི། དེ་དག་གིས་རྣམ་མཁྱེན་གྱི་ཆོས་བཅུ་ལ་སོགས་པ་མ་ལུས་པར་སྟོན་པ་ལ་མི་གཟུང་གི་མདོ་དེ་གསུམ་མཇུག་བསྡུ་ཡིན་པས་དེ་གསུམ་གྱིས་མཁྱེན་གསུམ་གྱི་སྐབས་རྒྱས་པར་བཤད་ཟིན་པར་སྟོན་པའི་དོན་ཏོ། །ཆེན་པོ་དག་གནས་སྐབས་གསུམ་ལེའུ་གསུམ་ལ་མཛད་ནས་དེས་མཁྱེན་གསུམ་བསྟན་པ་ཡང་སྔར་གྱི་མདོ་གསུམ་པོ་དེས་མཁྱེན་གསུམ་རྫོགས་པར་བསྟན་ཅེས་འཕགས་པའི་དགོངས་པར་འཆད་པ་ནི། དེའི་དགོངས་པ་མིན་ཞིང་ནང་འགལ་ཏེ། ཉི་སྣང་ལས་གནས་སྐབས་གསུམ་མཁྱེན་གསུམ་ལ་མཛད་ནས་དེ་རྫོགས་པར་སྟོན་བྱེད་མདོ་ཚན་པ་གསུམ་ལ་མཛད་པ་དང༌། མདོ་དེ་གསུམ་སྤྱོད་པ་ཁྱད་པར་ཅན་གྱི་ལེའུའི་ནང་དུ་ཡོད་པས་དེ་གསུམ་སྐབས་འདིའི་སྟོན་བྱེད་ཡིན་ན། ལེའུ་གསུམ་སྟོན་བྱེད་ཡིན་པ་འགལ་བས་སོ། །གཞན་ཡང་ལེའུ་གསུམ་ནི་རྒྱས་


JLD017_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཀྱི་མདོ་ཡིན་ལ་འདིར་ནི་མཇུག་བསྡུའི་མདོ་སྦྱར་དགོས་པས་དེ་གཉིས་མ་ཕྱེད་པའི་ཕྱིར་རོ། །འཁྲུལ་པ་དེ་དག་ཀྱང་རྫོགས་པར་བསྟན་ཅེས་པའི་རྫོགས་པར་བསྟན་ལུགས་མ་མཁྱེན་པས་ནོངས་སོ། །འདི་མ་ཕྱེད་པས་འགྲེལ་པར་ཡང་ལེའུ་གསུམ་གྱི་ཞེས་དྲུག་སྒྲ་དགོས་པ་ལ་ལེའུ་གསུམ་གྱིས་ཞེས་བྱེད་པ་པའོ་ཚིག་སྦྱར་ནས་གཞུང་མ་དག་པ་འདོར་མ་ནུས་སོ། །དེས་ན་བསྟན་བཅོས་སུ་མཁྱེན་གསུམ་རྫོགས་པར་བསྟན་ཅེས་པ་ཙམ་ལས་མེད་པའི་ཚིགས་བཅད་འདི་ལ། འགྲེལ་མཛད་རྣམས་ཀྱིས་མདོ་ཚན་པ་གསུམ་པོ་དེ་སྦྱར་ནས་མཇུག་སྡུད་ཀྱི་མདོ་ཡུམ་གྱི་རྒྱན་དང་སྦྱོར་བས་ན་མཇུག་བསྡུའི་དེས་མཇུག་ཇི་ལྟར་བསྡུས་དཔྱད་པ་ནི་གནད་ཀྱི་དོན་ཏོ། །སྡུད་པའི་ཚུལ་མས་རིམ་ནས་སྡུད་པ་དང་གནས་སྐབས་གསུམ་མཁྱེན་གསུམ་ལ་བྱེད་པ་ནི་ཤཱནྟི་ཡང་འཕགས་པ་དང་མཐུན་ནོ། །གསུམ་པ་ནི། ཡོངས་སུ་རྫོགས་པར་མཛད་པ་སྟེ་མཇུག་བསྡུས་པ་ཡིན་ནོ། །གང་ན། རབ་འབྱོར་མཐའ་གཉིས་རྣམ་དག་སྤྱོད་པ་ཁྱད་པར་ཅན་གྱི་ལེའུ་གསུམ་གྱི་དོན་རྣམ་པ་གསུམ་པོ་དེའོ། །དེ་ཡང་གང་ན། རྣམ་མཁྱེན་འདི་དང་ལམ་ཤེས་པ་ཉིད་འདི་དང་ཐམས་ཅད་ཤེས་པ་ཉིད་འདི་ལྟ་སྟེ་དེ་ལྟར་སྔར་བཤད་པ་གསུམ་པོའོ། །འོ་ན་མཁྱེན་པ་དང་པོ་གཉིས་ལ་འདི་ཞེས་པ་མི་འཐད་དེ། བཤད་མ་ཐག་པའམ་འཆད་འགྱུར་མིན་པས་ཤེ་ན། བཤད་མ་ཐག་པ་དངོས་མིན་ཀྱང་བཤད་མ་ཐག་པའི་ཚུལ་དུ་སྟེ་དེ་དང་འདྲ་བ་ཡིན་པས་ཉེས་པ་མེད་དོ། །དེ་ལྟར་ན་འགྲེལ་པས་འདི་དང་ཡང་འདི་དང་ཡང་འདི་ཡིན་དེ། དེ་ལྟར་གནས་སྐབས་གསུམ་གྱི་རྣམ་པ་གསུམ་རྫོགས་པར་མཛད་ཅེས་རྩ་བའི་


JLD017_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམ་དེ་ལྟར་མཛད་དོ། །གང་གིས་ན། སྔར་དྲངས་པའི་མདོ་གསུམ་གྱིས་སོ། །ཡས་རིམ་ནས་སྡུད་པ་འདི་ནི་བརྒྱད་སྟོང་པའི་མདོ་དང་སྦྱོར་ལུགས་ཡིན་ཏེ། རྒྱན་སྣང་དང་སྙིང་པོ་མཆོག་ཏུ་དེ་ལྟར་བཤད་ཅིང་སྔ་མས་མདོ་ཚན་པ་གསུམ་སོ་སོར་སྦྱར་རོ། །རྩ་འགྲེལ་འདི་དག་ལ་གངས་ཅན་པ་རྣམས་ཀྱིས་ངལ་བ་དུ་མ་བྱས་ཀྱང་དོན་ཇི་ལྟ་བ་བཞིན་དུ་ནི་རིང་མོ་ཞིག་ནས་གསལ་བར་གྱུར་ཏོ། །གསུམ་པ་ནི། སྔར་ལྟར་རོ། །ཤེར་ཕྱིན་གྱི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་མང་དུ་ཐོས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་ལས། སྐབས་གསུམ་པའི་བཤད་པའོ། །རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousམངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ལས་ཐམས་ཅད་ཤེས་པ་ཉིད་གྱི་སྐབས་ཀྱི་འགྲེལ་བ།no next