Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

36 occurrences of དེའི་འོག་ཏུ་
[Clear Hits]


24  collapse section
  
 
ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།
 
 
 
 
 
expand section
 


36 occurrences of དེའི་འོག་ཏུ་
[Clear Hits]

 
previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


JLD017_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སོ། ཞེས་དང༌། ཀུན་བཏུས་དང་ཡུམ་གྱི་མདོར་ཡང༌། དེ་བཞིན་ཉིད་ཀྱི་མིང་གི་རྣམ་གྲངས་སུ་དེ་ལྟར་གསུངས་པ་དང༌། རྒྱན་སྣང་ལས་ཀྱང་ཡང་དག་པའི་མཐའ་ནི་ཆོས་ཀྱི་དབྱིངས་ཡིན་ལ། དེ་སྟོན་པར་བྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་སྐད་ཅེས་བྱའོ་ཞེས་དང༌། རྒྱུད་བླ་ལས་ཀྱང༌། ཡང་དག་མཐའ་ནི་འདུས་བྱས་ཀྱི་རྣམ་པ་ཐམས་ཅད་དབེན་པ་སྟེ། ཞེས་འབྱུང་བའི་ཕྱིར་སྤྲོས་པ་དང་མཚན་མ་ཐམས་ཅད་ཀྱིས་སྟོང་པའི་ཞི་བའི་དབྱིངས་མྱང་འདས་ཙམ་ལ་བྱའོ། །དེ་མངོན་དུ་བྱས་པའི་དོན་ཡང་ཟབ་མོ་བརྒྱད་ཀྱི་གསུམ་པར་བཤད་པ་ལྟར་ཞི་བ་ཕྱོགས་གཅིག་པ་དེ་ཉིད་ལ་ཆེས་ཆེར་བྱས་ནས་རྟག་ཏུ་དེ་ལ་མཉམ་པར་བཞག་ནས་གནས་པ་ཡིན་གྱི། དེ་མངོན་སུམ་དུ་རྟོགས་པ་ཙམ་ནི་མ་ཡིན་ནོ། །སློབ་ལམ་དུ་དེ་ལྟར་ཞུགས་ན་ཆད་པའི་མཐར་ལྟུང་སྟེ། ཚོགས་ཡོངས་སུ་མ་རྫོགས་པར་རང་ཉིད་ཞི་བའི་དབྱིངས་སུ་རྟག་ཏུ་གནས་པ་ན་རྗེས་ཐོབ་ལ་གཟུགས་ཀྱི་སྐུ་སྣང་ནས་དོན་མཛད་པ་མེད་པའི་ཕྱིར་རོ། །རྫོགས་སྨིན་སྦྱངས་ན་ནི་ཞི་བའི་དབྱིངས་ལ་རྟག་ཏུ་གནས་ཀྱང་ལྷུན་གྲུབ་ཏུ་གཟུགས་སྐུ་གཉིས་ཀྱིས་གཞན་དོན་མཛད་པའི་ཕྱིར་ཞི་བར་མི་ལྟུང་ངོ༌། །དེའི་ཕྱིར་ས་བརྒྱད་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་བསྐུལ་ན་མྱ་ངན་ལས་འདའ་བར་གསུངས་པ་ཡང་དེ་ལ་དགོངས་


JLD017_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེས་ན་མཚན་མ་མེད་པའི་དབྱིངས་དེ་ཉིད་མངོན་དུ་བྱེད་པའི་དུས་ཀྱིས་མི་གནས་པ་དང་ཆད་པའི་མྱང་འདས་གཉིས་སུ་འགྱུར་བའི་ཚུལ་འདི་ནི་ཁོ་བོས་ལེགས་པར་བརྟགས་པའོ། །ཡུམ་གསུམ་གྱི་གནོད་འཇོམས་ལས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྤྱོད་ཡུལ་བྱང་ཆུབ་སེམས་དཔའི་སས་བསྡུས་པ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཐམས་ཅད་ཤེས་པ་ཉིད་ཀྱི་སྤྱོད་ཡུལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ནི་ཡང་དག་པའི་མཐའ་ཞེས་བྱའོ། །རྣམ་མཁྱེན་ཉིད་ཀྱི་སྤྱོད་ཡུལ་སངས་རྒྱས་ཀྱི་སར་གཏོགས་པ་ཆོས་ཀྱི་སྐུ་ནི་ཆོས་ཀྱི་དབྱིངས་ཞེས་བྱའོ། ཞེས་པ་ནི་དེ་གསུམ་ལ་ཞེན་པ་མེད་དོ་ཞེས་མདོར་འབྱུང་བ་མཁྱེན་གསུམ་གྱི་ཡུལ་དང་གྲངས་སྒྲིག་པ་ཙམ་ཡིན་གྱི་དེ་དག་ལ་ངེས་ནས་བཞེད་པ་མ་ཡིན་པར་འགྲེལ་པ་དེ་ཉིད་ལས་གསལ་ལོ། །གསུམ་པ་ལ་གཉིས་ལས། དྲི་བ་ནི་བཅོམ་ལྡན་འདས་ནས་ལགས་ཀྱི་བར་རོ། །ལན་ནི་མེ་ལྕེ་ཟླུམ་པ་དང་ཁ་དོག་སྨུག་པ་ལྟ་བུའི་ངོ་བོ་ནི་རྣམ་པ་དང༌། འབྲས་བུ་དུ་བ་ལྟ་བུ་རྟགས་དང་རྒྱུ་བུད་ཤིང་ལྟ་བུའི་མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པ་སྟེ་མཚོན་ནས་སྟོན་པའི་རྣམ་པ་ངོ་བོ་རྟགས་འབྲས་བུ་མཚན་མ་རྒྱུ་དེ་དག་མ་ལུས་པ་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ་དེའི་ཕྱིར་སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་གཤེགས་པ་དེ་བཞིན་དུ་ཕྱིན་པ་དང༌། ཆོས་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མཁྱེན་པས་དེ་བཞིན་གཤེགས་པ་ཉོན་མོངས་པའི་དགྲ་བཅོམ་པས་དགྲ་བཅོམ་


JLD017_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་ནོར་བར་ཐུགས་སུ་ཆུད་ཅིང་མངོན་པར་བྱང་ཆུབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་རྟོགས་ནི་རྣམ་མཁྱེན་ཞེས་བྱའོ། །གཉིས་པ་ནི། མཁྱེན་གསུམ་གྱིས་མངོན་རྟོགས་མཐའ་དག་བསྡུས་པར་ཡུམ་བར་མ་ལས་གསུངས་པ་དེ་བཞིན་དུ་མདོར་བསྡུས་པ་བརྒྱད་སྟོང་པ་ལས་ཀྱང་གསུངས་སོ། །ཇི་ལྟར་ན་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་པར་བྱ་ཞེས་བྱ་བ་དང་སོགས་པས་དེ་བཞིན་དུ་རང་རྒྱལ་བྱང་སེམས་སངས་རྒྱས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཞེས་སོ། །ལུང་དེ་ཤེས་བྱེད་དུ་འགྲོ་བའི་ཚུལ་ནི་ཉེར་ཞི་ལ་སོགས་པ་རང་རང་གི་བཞེད་པ་རྣམས་ནི་སྐབས་འདི་ཡི་ས་ཡིན་ལ་ཤེར་ཕྱིན་ནི་མཁྱེན་གསུམ་མོ། །དེས་ན་གང་ཟག་དེ་དག་གི་མངོན་རྟོགས་མཁྱེན་གསུམ་དུ་གྲུབ་སྟེ། དེ་དག་གི་བཞེད་པ་སྒྲུབ་པའི་ཡུམ་ཡིན་པས་སོ། །གསུམ་པ་ནི། རྒྱས་པ་སྟོང་ཕྲག་བརྒྱ་བ་ལས་ཀྱང་གསུངས་སོ། །ཇི་ལྟར་ན་རྒྱུན་ཞུགས་ལ་སོགས་པ་བཞི་དང༌། ས་བཅུ་དང༌། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཐོབ་པར་འདོད་པས་ཀྱང་ཞེས་ཕྱེ་ནས་རྒྱ་ཆེར་གསུངས་ཏེ་འདིར་ཡང་སྔར་ལྟར་སྦྱར་རོ། །ཉི་ཁྲིའི་བཤད་པ་གཉིས་སུ་བསྡུས་རྒྱས་ཤེས་བྱེད་དུ་མེད་ཀྱང་འདིར་སློབ་དཔོན་གྱིས་བསྣན་ཏེ་དྲངས་པ་ནི་བསྟན་བཅོས་ཡུམ་གསུམ་གའི་རྒྱན་དུ་འཆད་འདོད་ནས་ཡིན་ནོ། །འོ་ན་ཡུམ་བསྡུས་འབྲིང་རྒྱས་པའི་ཁྱད་པར་ཇི་འདྲ་བ་ཞེ་ན། བརྗོད་བྱ་ཕུང་པོ་


JLD017_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་བསྡུས་ཤིང་རྗོད་བྱེད་ཚིག་ཀྱང་བསྡུས་པ་དང་པོ་དང༌། དོན་རྒྱས་ལ་ཚིག་ཅུང་ཞིག་བསྡུས་པ་བར་མ་དང༌། གཉིས་ཀ་རྒྱས་པ་ཐ་མ་སྟེ་དེ་ཡང་འགྲེས་རྐང་བརྒྱ་རྩ་བརྒྱད་དུ་ཕྱེ་ནས་སྟོན་པའོ། །དེ་ལ་ཀུན་ནས་ཉོན་མོངས་ཀྱི་ལྔ་བཅུ་རྩ་གསུམ་ནི། ཕུང་པོ་ལྔ། དབང་པོ་དྲུག །ཡུལ་དྲུག །རྣམ་པར་ཤེས་པ་དྲུག །རེག་པ་དྲུག །ཚོར་བ་དྲུག །ཁམས་དྲུག །རྟེན་འབྲེལ་བཅུ་གཉིས་སོ། །རྣམ་བྱང་གི་ཕྱོགས་ཀྱི་ལྔ་བཅུ་རྩ་ལྔ་ནི། སྤྱོད་པའི་ལམ་ཕར་ཕྱིན་དྲུག །ལྟ་བའི་ལམ་སྟོང་ཉིད་བཅོ་བརྒྱད། རྣལ་འབྱོར་གྱི་ལམ་ཆོས་སུམ་ཅུ་རྩ་བདུན། ཞི་གནས་ཀྱི་ལམ་ལ་འཕགས་པའི་བདེན་པ་བཞི། བསམ་གཏན་བཞི། ཚད་མེད་པ་བཞི། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི། རྣམ་པར་ཐར་པ་བརྒྱད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །ལྷག་མཐོང་གི་ལམ་ལ་རྣམ་ཐར་སྒོ་གསུམ་མོ། །ཡོན་ཏན་ཁྱད་པར་ཅན་གྱི་ལམ་ལ་མངོན་པར་ཤེས་པ་ཏིང་ངེ་འཛིན། གཟུངས་ཀྱི་སྒོ་རྣམས་སོ། །འབྲས་བུའི་ལམ་ལ་སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། བྱམས་པ་ཆེན་པོ། སྙིང་རྗེ་ཆེན་པོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །གང་ཟག་གི་ལམ་ལ་རྒྱུན་ཞུགས། ལན་ཅིག་ཕྱིར་འོང༌། ཕྱིར་མི་འོང༌། དགྲ་བཅོམ་པ། རང་སངས་རྒྱས། ཐམས་ཅད་ཤེས་པ་ཉིད། ལམ་གྱི་རྣམ་པ་ཤེས་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །གསུམ་པ་ལ་གསུམ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་ངོས་གཟུང་བའོ། །དང་པོ་


JLD017_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མདོ་ནས་མཁྱེན་གསུམ་གསུངས་པ་དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་དམིགས་པ་གཟུགས་ལ་སོགས་པའི་ཆོས་ཕུང་པོ་ལྔའམ་བདེན་པ་བཞི་ལ་དམིགས་ནས། རྣམ་པ་མི་རྟག་པ་ལ་སོགས་པ་བཅུ་དྲུག་གི་རྟེན་ཅན་ཏེ་ཡུལ་ཅན་དེས་ཡུལ་དེ་རྟོགས་པའི་འབྲས་བུ་གང་ཟག་གི་བདག་ཏུ་རྨོངས་པ་སྤངས་པའམ་སྤོང་བར་བྱེད་པ་ཅན་ནོ། །གཉིས་པ་ནི། ལམ་ཤེས་པ་ཉིད་ནི་དམིགས་པ་ལམ་གསུམ་ལ་དམིགས་ནས་རྣམ་པ་ཐེག་པ་སྟེ་ལམ་གསུམ་པོ་ཐམས་ཅད་ཀྱི་རྟོགས་རིགས་སྐྱེད་ཅིང་ཤེས་པར་བྱས་པའི་སྒོ་ནས་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་གཞན་དོན་དུ་ངེས་པར་འབྱུང་ཞིང་ཇི་སྲིད་གཞན་དོན་མཐར་མ་ཕྱིན་པ་དེ་སྲིད་དུ་རང་དོན་དུ་ཡང་དག་པའི་མཐའ་དེ་ཁོ་ན་ཉིད་མངོན་དུ་མི་བྱེད་པའི་རྟེན་ཅན་ཏེ་ཡུལ་ཅན་རྣམ་པ་དེས་དམིགས་པ་དེ་རྟོགས་པའི་འབྲས་བུ་སེམས་ཅན་འཁོར་དུ་མ་བསྡུས་པ་སྡུད་པ་དང་སོགས་པས་བསྡུས་པ་སྨིན་པ་དང་སྨིན་པ་གྲོལ་བ་དང་གྲོལ་བ་མཐར་ཕྱིན་པར་བྱེད་པ་ཅན་ནོ། །དེ་ལྟར་ན་ངེས་པར་འབྱུང་བ་ཡིན་གྱིས་ལམ་ཐམས་ཅད་རྫོགས་པར་བྱ་བ་ལ་སོགས་པ་བསྟན་ཏེ་ཤེས་རབ་བོ། །དེ་ཁོ་ན་ཉིད་མངོན་དུ་མི་བྱེད་པས་ནི་ཡང་དག་མཐའ་མངོན་དུ་མི་བྱ་བའི་དོན་བསྟན་ཏེ་སྙིང་རྗེའོ། ཞེས་འབྲོམ་འཆད་དོ། །ཚིག་གསལ་དུ་ཡང་ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་ཞེས་པ་ནི་གདུལ་བྱའི་དབང་གིས་ཐེག་པ་གསུམ་ཆར་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་པ་སྟེ། ཇི་སྐད་དུ། དགེ་སློང་དག་ང་ལན་སྟོང་དུ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདའ་


JLD017_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བས་མྱ་ངན་ལས་འདའོ། །ལན་སྟོང་དུ་ནི་རང་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་པ་དང༌། ཐེག་པ་རླབས་པོ་ཆེས་ནི་སྐྲག་འགྱུར་ཞིང༌། །འདི་ནི་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་འདི་དག་ཉན་ཐོས་འགྱུར། །རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན། ཞེས་པ་སྟེ། རྒྱུ་མཚན་དེ་དག་གཙོ་བོར་བྱས་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་བསྟན་པ་མཛད་དེ་དེ་ལ་འདྲིས་པ་ཙམ་དུ་བྱ་བའི་ཕྱིར་རོ། ཞེས་སོ། །ཡང་དེ་ལས། དེ་ཁོ་ན་ཉིད་ནི་གང་ཟག་ལ་བདག་མེད་པའི་མཐའ་ཞི་བ་ཉིད་དེ་དེ་མངོན་དུ་མི་བྱེད་པ་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་མི་སྤོང་བའི་ཕྱིར་ཏེ། དེ་མ་སྤངས་ན་མྱ་ངན་ལས་མི་འདའ་སྟེ། དེའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་ཉན་ཐོས་ཀྱི་ལམ་ནི་ཞེས་པ་ནས་མ་བསྟན་ནོའི་བར་དྲངས་པ་དང༌། གསེར་གླིང་པས་ཀྱང་ཉན་རང་གི་མྱང་འདས་ལ་དེ་ཁོ་ན་ཉིད་དུ་བཤད་པ་ནི་མི་འཐད་དེ། འདི་དང་སྔར་བཤད་པའི་ཡང་དག་པའི་མཐའ་གཉིས་གཅིག་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རྣམ་མཁྱེན་ནི་དམིགས་པ་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ལ་དམིགས་ནས་རྣམ་པ་གདོད་མ་ནས་སྐྱེ་བ་མེད་པར་རྟོགས་པའི་རྟེན་ཅན་དེ་ཡུལ་ཅན་དེའི་འབྲས་བུ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་འཆད་པར་འབྱུང་བའི་གཞན་དོན་དང་ཡང་དག་པ་ཉིད་ཀྱི་མཐའ་རྟོགས་པ་སྟེ་མངོན་དུ་བྱས་པ་དང་བག་ཆགས་ཟད་པ་རྣམས་སྲིད་


JLD017_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཚམས་སྦྱོར་བ་མེད་པའི་ཕྱིར་བག་ཆགས་ཉིད་མཚམས་སྦྱོར་བའམ། ཡང་ན་བག་ཆགས་ཀྱིས་མཚམས་སྦྱོར་བ་ཞེས་གསུམ་པའི་བསྡུ་བ་སྟེ། དེ་ལྟ་བུའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཟད་པར་སྤངས་པ་ཅན་ནི་རང་དོན་ནོ། །གསེར་གླིང་པས། རྣམ་རྟོག་གཅིག་ནས་གཅིག་ཏུ་བརྒྱུད་པ་མཚམས་སྦྱོར་བའི་དོན་དང༌། བདག་མེད་མངོན་སུམ་དུ་བྱས་པ་ཡང་དག་མཐའ་མངོན་དུ་བྱས་པའི་དོན་དུ་འཆད་དོ། །དེ་ལྟར་ན་དམིགས་རྣམ་གཉིས་ནི་སྔར་གྱི་མདོའི་དོན་ཡིན་ལ། འབྲས་བུའི་ནི་མཆོད་བརྗོད་དུ་བཤད་པའི་སྲས་རྣམས་ཀྱི་བཞེད་པའོ། །གལ་ཏེ་དོན་གཉིས་གྲུབ་པ་དེ་རྣམ་མཁྱེན་གྱི་ངོ་བོ་ཡིན་པས་འབྲས་བུ་ཇི་ལྟར་འཐད་ཅེ་ན། རྒྱུན་ཆགས་པར་འཇུག་པས་སྔ་མ་སྔ་མ་ཕྱི་མ་རྣམས་ཀྱི་རྒྱུར་འཐད་དོ། །བཞི་པ་ནི། མངོན་པར་རྟོགས་པའི་རྒྱན་གྱིས་ནི་མཁྱེན་གསུམ་བསྟན་ན་ཐེག་གསུམ་གྱི་མངོན་པར་རྟོགས་པ་རིལ་རྫོགས་པར་བསྟན་པ་ཡིན་གྱི་ཕྱོགས་རེ་ལས་མི་སྟོན་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་འཐད་པ་སྟེ་གྲུབ་པ་ཡིན་ཏེ། མཁྱེན་གསུམ་དུ་མངོན་རྟོགས་ཐམས་ཅད་འདུས་པ་དེ་ལྟ་བས་ནའོ། །རྒྱན་གྱིས་ནི་གཞི་གཉེན་རྣམ་པ་མཐའ་དག་བརྗོད་བྱར་བསྡུས་པས་ཡུམ་གྱི་རྒྱན་དུ་བྱེད་ཀྱི་ཕྱོགས་རེ་ཙམ་བསྡུས་པ་མིན་ཞེས་བྱ་བ་འདི་གྲུབ་སྟེ། རེ་རེ་བ་མདོ་ཡི་བརྗོད་བྱ་ཡིན་ན་སྐྱོན་གསུམ་ཡོད་པར་བསྟན་པ་དེ་ལྟ་བས་ནའོ། །འདི་སྔར་གྱི་ལན་གཉིས་ཀའི་དོན་བསྡུ་ཡིན་ལ། རིལ་དང་རྫོགས་པ་གཉིས་སྨོས་པ་ནི་བསྣན་པའི་ཆེད་


JLD017_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ལྟར་ན་སྔར་བཤད་པ་ལྟར་སློབ་དཔོན་གྱིས་མཆོད་བརྗོད་ཀྱི་ཚིགས་བཅད་འདི་བཤད་ཐབས་ལྔས་བཀྲལ་བ་ནི་གཞན་ཡང་དེ་ལྟར་འཆད་པའི་དཔེའོ། །གཉིས་པ་ལ་གསུམ། དགོས་པ་དང༌། བསྡུས་པ་དང༌། ཚིག་གི་དོན་ནོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཀུ་མ་རི་ལ་ན་རེ། དགོས་འགྲེལ་ངག་ལ་བརྟེན་ནས་དགོས་སོགས་བཞི་ཡོད་པ་ལ་ཚད་མའི་ངེས་པ་སྐྱེས་ནས་འཇུག་པ་དགོས་པའོ་ཞེས་ཟེར་རོ། །གཞན་དག་ནི། བསྟན་བཅོས་འདི་ནི་བརྩམ་པར་བྱ་བ་མ་ཡིན་ཏེ། དགོས་པ་སོགས་དང་མི་ལྡན་པའི་ཕྱིར་བྱ་རོག་སོ་རྟོག་གི་བསྟན་བཅོས་བཞིན་ཞེས། རྩོམ་པའི་སྐབས་འགོག་པ་ལ། གང་དགོས་སོགས་བཞི་དང་ལྡན་པ་ནི་བརྩམ་པར་བྱ་བ་ཡིན་ཏེ་དཔེར་ན་གསོ་དཔྱད་ཀྱི་བསྟན་བཅོས་བཞིན། བསྟན་བཅོས་འདི་ཡང་དགོས་སོགས་བཞི་དང་ལྡན་ནོ་ཞེས་དོགས་པ་འགོག་པས་རྩོམ་པའི་སྐབས་འགོག་པ་བཟློག་པ་ནི་དགོས་པའོ། ཞེས་ཟེར་རོ། །བྲམ་ཟེ་ཆེན་པོ་བདེ་བྱེད་དགའ་བ་དང༌། བུད་དྷ་ཤྲཱི་ནི། དགོས་འབྲེལ་བཀོད་པས་གཞུང་གི་ཡི་གེ་མཛེས་པར་བྱས་པ་དགོས་པའོ་ཞེས་ཟེར་རོ། །སློབ་དཔོན་ཆོས་མཆོག་ནི་ངག་ལ་བརྟེན་ནས་དོན་མི་འགྱུར་གྱི་དོགས་པ་བཞི་བསལ་ནས་དོན་འགྱུར་གྱི་ཐེ་ཚོམ་བཞི་བསྐྱེད་པ་དགོས་པར་བཞེད་དོ། །གཉིས་པ་ནི། དེ་ལ་དང་པོ་ནི་མི་འཐད་དེ། སྐྱེས་བུ་ཙམ་ཞིག་གི་ཚིག་ལ་འཁྲུལ་བ་སྲིད། སྐྱེས་བུ་ཁྱད་ཅན་ཚད་མས་རྟོགས་མི་ནུས། སྐྱེས་བུས་མ་བྱས་པའི་ཚིག་ལ་ཚད་མས་གནོད་པ་དང༌། ཁྱད་


JLD017_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་ཚིག་དོན་ལ་འབྲེལ་བ་གཉིས་ཚད་མས་མ་གྲུབ་པའི་ཕྱིར་ངག་ཙམ་ལས་བརྗོད་བྱ་ལ་ཚད་མའི་ངེས་པ་སྐྱེ་བ་མི་འཐད་དོ། །གཉིས་པ་དང་གསུམ་པ་ཡང་སྔ་མ་དག་འགོག་མོད། འོན་ཀྱང་དགོས་སོགས་བཞི་དང་ལྡན་པར་བསྟན་པ་ན་རྩོམ་པ་ལ་དོན་མེད་དམ་སྙམ་པའི་དོགས་པ་བཟློག་ནས་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པའི་ཕྱིར་གཉིས་པ་དགག་མི་རིགས་སོ། །གསུམ་པ་ལ་མཛེས་པ་ཁོ་ན་དགོས་པར་འདོད་ན་དགག་རིགས་ཏེ། དེ་གཙོ་བོའི་དགོས་པ་མིན་པས་སོ། །མཛེས་པ་ཕལ་བའི་དགོས་པར་འདོད་ན་མི་རུང་བ་མེད་དེ། དགོས་འབྲེལ་བཀོད་པས་ཀྱང་རབ་ཏུ་བྱེད་པའི་ལུས་མཛེས་པར་བྱེད་ནུས་པས་སོ། །འོན་ཀྱང་མཛེས་པ་དགོས་པར་འཆད་པ་སྐབས་སུ་མ་བབ་བོ། །དེས་ན་འདི་ཡི་དགོས་པ་ནི་སློབ་དཔོན་ཆོས་མཆོག་དང་སློབ་དཔོན་འདིའི་བཞེད་པ་ལྟར་ལེགས་ཏེ། བསྟན་བཅོས་འདི་ལ་བརྗོད་བྱ། དགོས་པ། ཉིང་དགོས། འབྲེལ་བ་བཞི་ཕལ་ཆེར་༔མེད་དམ་སྙམ་པའི་དོན་མི་འགྱུར་གྱི་དོགས་པ་བཞི་བསལ་ནས། དེ་བཞི་ཕལ་ཆེར་ཡོད་ལས་ཆེ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་བཞི་སྐྱེད་དེ་རྟོག་ལྡན་བསྟན་བཅོས་ལ་འཇུག་པ་སྟེ། ཇི་སྐད་དུ། གང་ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། ཞེས་པ་ལྟར་རོ། །དེ་ཡང་དབང་བརྟུལ་ལ་ངེས་པ་དང༌། དབང་རྣོན་ལ་ཐེ་ཚོམ་དུ་སྐྱེ་ཞིང་རྣམ་བཅད་ཀྱང་དེ་དང་འདྲའོ། །ཐེ་ཚོམ་ལས་བསྟན་བཅོས་ལ་འཇུག་པའི་ཚུལ་ཡང་ཇི་ལྟར་ཞེ་ན། བསྟན་བཅོས་ལུས་ཀྱི་


JLD017_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་བསྟན་བཅོས་ལ་དགོས་སོགས་བཞི་ཡོད་པར་དགོས་འབྲེལ་གྱི་ངག་གིས་དམ་བཅས་པ་ན་རྟོག་ལྡན་དག་ཐེ་ཚོམ་སྐྱེ་ལ། དེ་སྐྱེས་པ་ན་འདི་སྙམ་དུ་ངག་འདིས་ཇི་ལྟར་དམ་བཅས་པ་ལྟར་བསྟན་བཅོས་ལ་ཞུགས་ཏེ་ཡོད་མེད་བརྟགས་ལ་ཡོད་ན་ནི་འཇུག་ཅིང་མེད་ན་ནི་ལྡོག་པར་བྱའོ་སྙམ་དུ་བསམས་ནས་འཇུག་པར་འགྱུར་བར་ལུས་ཀྱི་སྔོན་དུ་དགོས་འབྲེལ་གྱི་ངག་དགོད་ཀྱི་བར་དང་མཐར་ནི་མ་ཡིན་ནོ། །དེ་ལྟ་ན་མཆོད་བརྗོད་ཀྱི་སྔོན་དུ་ཡང་ཅིའི་ཕྱིར་མ་བཀོད་ཅེ་ན། དེ་ནི་མི་རིགས་ཏེ་སྐྲ་བྲེགས་ནས་ཚེས་གྲངས་རྟོག་པ་ལྟར་ལས་བརྩམས་ནས་ཕྱག་འཚལ་བ་ནི་ཚུལ་དང་མི་མཐུན་པའི་ཕྱིར་རོ། །གཞན་ཡང་མཆོད་བརྗོད་ཀྱིས་དང་བ་སྐྱེད་ལ་དེ་ལས་ཀྱང་བསྟན་བཅོས་ཀྱི་བརྗོད་བྱ་སོགས་ལ་ཞིབ་ཏུ་དཔྱོད་པ་འཇུག་པས་དགོས་འབྲེལ་གྱི་ངག་མཆོད་བརྗོད་ཀྱི་འོག་ཏུ་བཀོད་དོ། ཞེས་སློབ་དཔོན་ཆོས་བཤེས་འཆད་དེ་ཤིན་ཏུ་ལེགས་སོ། །གཉིས་པ་ལ་གསུམ། དགོས་འབྲེལ་བཞི་ངོས་བཟུང༌། དེ་དག་ངག་གིས་བསྟན་པའི་ཚུལ། བསྟན་བྱ་བཞིར་གྲངས་ངེས་པའོ། །དང་པོ་ལ་གསུམ། ངག་ཙམ་དང༌། དགོས་འབྲེལ་ངག་དང༌། བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ལོ། །དང་པོ་ནི། བདེན་ཚིག་ཐམས་ཅད་ལ་དགོས་འབྲེལ་བཞི་རྩིར་རུང་སྟེ། དོན་བདེན་པ་སྟོན་པའི་ངག་གིས་བསྟན་བྱ་ནི་བརྗོད་བྱ་ཡིན་ལ། དེ་ལས་དེ་རྟོགས་པ་དགོས་པ། དེ་ལས་སྐྱེས་བུའི་དོན་གྲུབ་པ་ཉིང་དགོས། དེ་དག་སྔ་ཕྱི་འབྲེལ་བ་ནི་འབྲེལ་བའོ། །གཉིས་པ་ནི། བརྗོད་བྱ། དགོས་


JLD017_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཉིང་དགོས། འབྲེལ་བ་བཞི་ནི་བརྗོད་བྱ། ངག་ལས་རྟོག་ལྡན་ལ་ཐེ་ཚོམ་མམ་ངེས་པ་སྐྱེས་པ་དགོས་པ། དེ་ལས་བསྟན་བཅོས་ལ་འཇུག་པ་ཉིང་དགོས། དེ་དག་སྔ་མ་མེད་ན་ཕྱི་མ་མི་འབྱུང་བའི་ཆ་ནི་འབྲེལ་པའོ། །གསུམ་པ་ནི་གཞུང་དུ་སྟོན་ནོ། །གཉིས་པ་ནི། གཙོ་བོ་དང་ཕལ་བ་ལ་དངོས་བསྟན་དང་ཤུགས་བསྟན་དུ་བྱེད་པ་ལྟར་ན་ཉིང་དགོས་དངོས་དང་གཞན་རྣམས་ཤུགས་ལ་བསྟན་ཏོ། །སྒྲས་ཟིན་མ་ཟིན་ལ་བྱེད་ན་འབྲེལ་པ་ཤུགས་ལ་དང་གཞན་གསུམ་དངོས་སུ་བསྟན་ཏོ། །གསུམ་པ་ནི། རྟོག་ལྡན་བསྟན་བཅོས་ལ་འཇུག་པའི་གེགས་བཞི་སྟེ། འདི་ལྟར་འདི་ལ་དགོས་པ་མེད་པ་དང༌། ཡོད་ཀྱང་དེ་སྒྲུབ་མི་ནུས་པ་དང༌། ནུས་ཀྱང་དེ་དམ་པས་འདོད་བྱ་མིན་པའི་ཕྱིར་དང༌། ཡིན་ཀྱང་དེ་སྒྲུབ་པའི་ཐབས་སླ་བ་གཞན་ཡོད་སྙམ་པའམ་ཡང་ན་དེ་འདི་ལ་མ་འབྲེལ་ལོ་སྙམ་པའོ། །དེ་ལ་རིམ་པ་ལྟར་བྱ་རོག་སོ་རྟོག་ལྟ་བུ་མིན་པར་སྤྱིར་དགོས་པ་ཡོད་པ་དང༌། དགོས་པ་དེ་ཡང་འཇོག་པོའི་གཙུག་རྒྱན་ལེན་པའི་བསྟན་བཅོས་ལྟ་བུ་མིན་པར་སྒྲུབ་ནུས་པ་དང༌། སྒྲུབ་ནུས་ཀྱི་དགོས་པ་དེ་ཡང་མ་བག་མར་ལེན་པ་ལྟ་བུ་མིན་པར་སྐྱེས་བུའི་དོན་མཆོག་དང༌། དགོས་པ་མཆོག་དེ་སྒྲུབ་པའི་ཐབས་ཀྱང་བསྟན་བཅོས་ལ་མ་འབྲེལ་བ་མཐོ་རིས་ཀྱི་དོན་དུ་ཕྱུགས་ཀྱི་མཆོད་སྦྱིན་བྱེད་པ་ལྟ་བུ་མིན་པར་བསྟན་བཅོས་འདི་ལ་འབྲེལ་བར་མཐོང་བ་ཙམ་གྱིས་འཇུག་པས་བཞིར་གྲངས་ངེས་ཏེ། དེ་ལས་མང་མི་དགོས་ལ་ཉུངས་ན་མི་འདུས་པས་སོ། །ཇི་ལྟར་ཞེ་ན། སྤྱིར་འབྲས་


JLD017_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དེའི་ཆེད་དུ་འཇུག་པ་ལ་དོན་དེ་ཐོབ་ན་རང་གི་དགོས་པ་སྒྲུབ་ནུས་ཁྱད་པར་ཅན་ཞིག་ཏུ་མཐོང་དགོས་ལ། དེ་ལ་མི་འཇུག་པ་ལ་གཉིས་ཏེ། ཡང་ན་སྤྱིར་དོན་དེ་སྒྲུབ་མི་ནུས་པ་དང༌། ཡང་ན་སྒྲུབ་ནུས་ཀྱང་བསྟན་བཅོས་འདི་ལས་སྒྲུབ་མི་ནུས་པར་མཐོང་ནས་མི་འཇུག་གོ །དེ་ལ་སྤྱིར་དགོས་པ་ཡོད་པ་དང༌། ཁྱད་པར་དུ་འདོད་བྱ་མཆོག་གི་ཉིང་དགོས་དང་ལྡན་པར་བསྟན་པས་དེའི་དོན་དུ་འཇུག་པའི་བློ་སྐྱེ་ལ། དེ་ཡང་བརྗོད་བྱ་འདི་ལྟ་བུ་ཞིག་རྟོགས་པས་སྒྲུབ་ནུས་སོ་ཞེས་དང༌། ཐབས་དེ་ཡང་བསྟན་བཅོས་འདི་ལ་ཡོད་དོ་ཞེས་བསྟན་པ་ན་འགལ་རྐྱེན་གཉིས་པོ་དེ་ལྡོག་པས་བཞིས་ཆོག་ལ་གང་རུང་གཅིག་མེད་ན་ཡང་རྟོག་ལྡན་གྱི་འཇུག་པ་ལྡོག་པས་ཉུངས་ན་མི་ནུས་སོ། །དེ་ལྟར་འབྲས་བུ་དེ་ནི་འདོད་ལ་དེའི་ཐབས་ཀྱང་བསྟན་བཅོས་སུ་མཐོང་ཡང་འཇུག་པར་མི་བྱེད་ན། གྲོལ་བ་དོན་དུ་གཉེར་བའི་ཕྱིར་དུ་བསྟན་བཅོས་ལ་འཇུག་པ་ལ་དད་པས་ཅི་ཞིག་བྱ་སྟེ། ད་དུང་ཡི་གེའི་ཕྱི་མོ་སློབ་པའི་ཁང་བུར་གཞུག་པར་རིགས་སོ། །བུད་དྷ་ཤྲཱི་ནི་འདིས་ནི་བརྗོད་པར་བྱ་བ་མེད་པ་དང༌། སྒྲུབ་པར་མི་ནུས་པ་དང༌། འདོད་པར་བྱ་བ་མ་ཡིན་པ་དང༌། འབྲེལ་བ་མེད་པ་ཞེས་བྱ་བའི་མཐའ་བཞི་རྣམ་པར་བསལ་བ་ཉིད་ཡིན་ནོ། ཞེས་བརྗོད་བྱ་དང་དགོས་པ་གཉིས་སྔར་བཤད་པ་ལས་བཟློག་ནས་འཆད་ཀྱང་འགྲིག་པར་མ་མཐོང་ངོ༌། །ཁ་ཅིག་ན་རེ། བདེ་མཆོག་སྟོད་འགྲེལ་དུ་རྗོད་བྱེད་ཕུན་སུམ་ཚོགས་པ་དང་ལྔ་གསུངས་པ་དང༌ཀ་ཤིས། བརྗོད་བྱ་དགོས་པ་འབྲེལ་བ་གསུམ་དུ་བསྟན་པས་མང་ཉུང་ཁེགས་པའི་གྲངས་


JLD017_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་མིན་ཞེས་འཆད་ཀྱང༌། མི་འཐད་དེ། རྟོག་ལྡན་གྱི་འཇུག་པ་ལ་རྗོད་བྱེད་སྒྲིག་ལེགས་པ་ཙམ་གཙོ་བོ་མིན་པ་དང་གསུམ་དུ་བསྟན་པ་ནི་དགོས་པ་གཉིས་བསྡུས་ནས་བསྟན་པར་འདོད་པའི་ཕྱིར་རོ། །གསུམ་པ་ལ་གསུམ་ལས། སྦྱར་བ་ནི། མཆོད་བརྗོད་ཀྱི་འོག་ཏུ་དགོས་འབྲེལ་གྱི་ངག་དགོད་པ་ལ་འབྲེལ་ཅི་ཞིག་ཡོད་ཅེ་ན། མཆོད་བརྗོད་ཀྱི་ཤུགས་ལ་མཁྱེན་གསུམ་སྟོན་པའི་བསྟན་བཅོས་རྩོམ་པར་དམ་བཅས་པ་ན། མཁྱེན་གསུམ་གྱིས་དངོས་བརྒྱད་བསྡུས་པའི་ཕྱིར་དོན་གྱིས་ན་དངོས་བརྒྱད་སྟོན་པའི་ཕྱིར་དུ་རྩོམ་པར་དམ་བཅས་སོ། །དེ་ལ་མོས་པ་དང་ཤེས་རབ་དམན་པའི་གང་ཟག་གཉིས་ལས། སྐྱེ་བོ་བློ་གྲོས་དམན་པ་དག་བཅོམ་ལྡན་འདས་འཕགས་པ་མ་རྒྱལ་བ་སྟེ་རྒྱལ་དཀའ་བའི་སྤང་བྱ་ལས་རྒྱལ་བ་བྱམས་པས་ཡང་མངོན་རྟོགས་བརྒྱད་པོ་དེ་བསྟན་པ་ལ་དོན་ནམ་དགོས་པ་ཅི་ཞིག་ཡོད་དེ་མེད་དོ་སྙམ་དུ་དོགས་པ་སྐྱེ་བས་དེ་བསལ་བའི་ཕྱིར་དང༌། དགོས་འབྲེལ་ངག་གི་བརྗོད་བྱའི་དོན་དགོས་སོགས་བཞི་ལ་ཕལ་ཆེར་ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པ་ཉིད་ཀྱིས་ཏེ་ཆེད་དུ་མ་ཕམ་པ་རང་གི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་བརྗོད་པར་བྱ་བ་དངོས་བརྒྱད་དང༌། དགོས་པ་དེ་བདེ་བླག་ཏུ་རྟོགས་པ་དང༌། དགོས་པའི་ཡང་དགོས་པ་ཆོས་སྐུ་དང་འབྲེལ་བ་སྒྲས་མ་ཟིན་པས་དགོས་པ་ཡོད་པར་དོན་གྱི་ཁོང་ན་ཡོད་པ་རྣམས་གསུངས་པ་ཡིན་ནོ། །ཏེ་ནི་རྩ་བ་འདྲེན་པ་སྟེ་གཞན་དུ་ཡང་དེ་ལྟར་རིག་པར་བྱའོ། །དེ་ལྟར་དོགས་


JLD017_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མཚན་ཡང་བཅོམ་ལྡན་འདས་རྒྱས་པ་དང་འབྲིང་དང་མདོར་བསྡུས་པ་ལ་དད་པའི་སེམས་ཅན་དབང་བོ་རྟུལ་འབྲིང་རྣོ་གསུམ་ལ་ཕན་འདོགས་པར་བཞེད་པའི་ཐུགས་རྗེ་ཅན་དེ་ཉིད་ཀྱིས་རྒྱལ་བའི་ཡུམ་རྒྱས་འབྲིང་དེ་དང་བསྡུས་པ་དེ་ལས་མངོན་རྟོགས་བརྒྱད་ཀྱི་རིམ་པ། ཤེར་ཕྱིན་གྱི་དོན་མཐའ་དག་གསལ་བར་མཛད་ཟིན་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར་ན། གདུལ་བྱ་གསུམ་པོ་གང་གི་དོན་དུ་ཡང་རྩོམ་མི་དགོས་ཏེ། དེ་དག་གི་དོན་མཛད་ཟིན་པའི་ཕྱིར་རོ་སྙམ་དུ་བསམས་ནས་སོ། །ཐེ་ཚོམ་སྐྱེས་པ་ལ་དགོས་པ་ཅི་ཞེ་ན། རྟོག་ལྡན་བསྟན་བཅོས་ལ་འཇུག་པའི་ཡན་ལག་གམ་རྒྱུར་འགྱུར་རོ། །འདིར་དགོས་སོགས་བཞི་དང་ལྡན་པའི་བསྟན་བཅོས་ཀྱི་རང་བཞིན་དང༌། དེའི་སྒྲ་བཤད་པ་གཉིས་ཀྱི་ཚུལ་ཅུང་ཟད་ཅིག་དཔྱད་པར་བྱའོ། །དང་པོ་ལ་གཉིས། ལུགས་གཞན་བསྟན་པ་དང༌། འཐད་ཕྱོགས་ངོས་གཟུང་བའོ། །དང་པོ་ནི། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། ཞེས་པའི་གང་སྤེལ་དུ་མིང་ཚིག་ཀྱང་མཚོན་པ་ཙམ་སྟེ། གཉིས་ཀས་ཀྱང་མིང་ཚིག་ཡི་གེའི་ཚོགས་གསུམ་ག་བཀའི་རང་བཞིན་དུ་འདོད་པ་དང༌། དེ་གཉིས་ཀྱང་རིམ་པ་ལྟར་ལྡན་མིན་མེད་པ་དང་ཡོད་པར་འདོད་པའི་ཡིན་ནོ་ཞེས་བཤད་དོ། །དེའི་དོན་ནི་ཚོགས་གསུམ་གའི་རང་བཞིན་དུ་འདོད་པ་གཉིས་ཀ་མཐུན་ཀྱང་གཅིག་ནི་ཚོགས་གསུམ་སྒྲ་སྤྱིའི་ཕྲེང་བར་འདོད་པས་ལྡན་མིན་དང༌། གཅིག་ནི་དེ་གསུམ་ངག་


JLD017_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གི་རིག་བྱེད་ཀྱི་སྒྲ་རང་མཚན་ལ་འདོད་པས་གཟུགས་ཀྱིས་བསྡུས་པའོ། །དེས་ན་མིང་ཡིན་ན་འདུ་བྱེད་དང༌། ཚིག་ཡིན་ན་གཟུགས་སུ་འདུས་ཞེས་ངེས་པར་མི་བྱའོ། །རྒྱལ་པོ་སྲས་སུ་ཡང་གང་སྤེལ་དང་མཐུན་པ་ལས་ཁྱད་པར་དུ་ཆོས་མངོན་པ་བ་རྣམས་བཀའི་ངོ་བོ་གཟུགས་དང་འདུ་བྱེད་གཉིས་ཀར་འདོད་ཅེས་འཆད་དོ། །དེ་གཉིས་ལས་སྔ་མ་བྱེ་སྨྲ་དང་ཕྱི་མ་མདོ་སྡེ་པའི་འདོད་པ་དང་མཐུན་ཏེ། སྡེ་པ་གཉིས་ཀས་ཀྱང༌། བཀའི་ངོ་བོ་ཚོགས་གསུམ་དུ་འདོད་དགོས་ལ། དེ་གསུམ་ཡང་བྱེ་སྨྲ་ལྡན་མིན་རྫས་གྲུབ་དང༌། མདོ་སྡེ་པ་སྒྲ་རང་མཚན་པ་ལ་འདོད་པར་བཤད་པས་སོ། །ལུགས་དེ་གཉིས་ཀྱིས་ནི་བསྟན་བཅོས་བེམ་པོའི་ངོ་བོར་འདོད་ལ། རྟོག་གེ་བ་རྣམས་ནི་དངོས་ཀྱི་རྗོད་བྱེད་སྒྲ་སྤྱི་དང་ཞེན་པའི་རྗོད་བྱེད་སྒྲ་རང་མཚན་པར་འདོད་དོ། །གཉིས་པ་ལ་གཉིས། བཀའ་དང་བསྟན་བཅོས་ཀྱི་མཚན་གཞིའོ། །དང་པོ་ནི། ཆོས་སྟོན་པ་པོར་སྣང་བ་གཟུགས་སྐུ་གཉིས་དང༌། དེས་བསྟན་པར་སྣང་བ་གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་ནི་གདུལ་བྱའི་གཞན་སྣང་འབའ་ཞིག་ལ་འཇོག་པས་བཀའ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུས་བདག་རྐྱེན་དང་གདུལ་བྱའི་རྒྱུད་དག་པས་རྒྱུའི་རྐྱེན་བྱས་པ་ལ་བརྟེན་ནས་གདུལ་བྱ་དེའི་ཤེས་པ་མིང་ཚིག་ཡི་གེའི་རྣམ་པ་དེ་དང་དེར་སྣང་བ་ཉིད་ཡིན་པའི་ཕྱིར། ཉན་པ་པོའི་རྒྱུད་དང་འབྲེལ་གྱི། སངས་རྒྱས་ཀྱི་རྒྱུད་དང་མ་འབྲེལ་ཏེ། གཞན་དུ་ན། སངས་རྒྱས་ལ་ནང་གི་ཤེས་པ་ཕྱི་རོལ་གྱི་སྒྲར་


JLD017_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པའི་མ་རིག་པ་ཡོད་པས་སྒྲིབ་པ་མ་ལུས་པ་སྤངས་པ་མི་སྲིད་པས་སོ། །ཉན་པ་པོའི་རྣམ་རིག་དེ་ཡང་སངས་རྒྱས་ཀྱི་མཐུ་ལས་བྱུང་བའི་ཕྱིར་དེས་བྱས་པར་བཞག་སྟེ། དཔེར་ན་རྨི་ལམ་ན་སྔགས་ལ་སོགས་པ་ལྷའི་མཐུས་རྙེད་པའི་རྣམ་རིག་ཉིད་རང་གི་ཤེས་པ་ཡིན་ཀྱང་ལྷས་བྱས་ཞེས་བརྗོད་པ་བཞིན་ཏེ། བཤད་སྦྱར་ལས། རྐྱང་པ་དང་ཚིགས་སུ་སྦྱར་བའི་སྒྲར་སྣང་བ་འདོད་པའི་དོན་གྱི་རྣམ་པའི་རྗེས་སུ་འཇུག་པ་ཉན་པའི་རྣམ་པར་རིག་པའི་ཚོགས་སོ། །གལ་ཏེ་དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔའ་དེ་ཇི་ལྟར་བཤད་དེ་ཉན་པའི་རྣམ་པར་རིག་པ་ནི་དེས་མ་བཤད་དོ་ཞེ་ན། དེའི་དབང་གིས་བྱུང་བའི་ཕྱིར་དེ་སྐད་ཅེས་བྱ་སྟེ་ལྷ་ལ་སོགས་པའི་དབང་གིས་རྨི་ལམ་ན་བསྟན་བཅོས་དང་སྔགས་ལ་སོགས་པ་རྙེད་པ་བཞིན་ནོ། ཞེས་དང༌། རྒྱན་སྣང་ལས་ཀྱང༌། སངས་རྒྱས་ཀྱི་ཆོས་བསྟན་པ་ནི་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་རྟོག་པ་རང་གི་རྣམ་པ་ལ་ཕྱི་རོལ་གྱི་རང་བཞིན་དུ་སྒྲོ་བཏགས་ནས་འཇུག་པའི་ཕྱིར། དེ་མ་ཡིན་ལ་དེར་འཛིན་པས་རང་ཉིད་མ་རིག་པའི་རང་བཞིན་ཡོད་ན་སྒྲིབ་པ་མ་ལུས་པ་སྤངས་པ་མི་སྲིད་པ་དེ་བས་ན་རྟག་ཏུ་མཉམ་པར་བཞག་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་མཐུས་མོས་པ་ཇི་ལྟ་བ་བཞིན་དུ་སྐལ་བ་དང་ལྡན་པ་རྣམས་ལ་མ་འཆོལ་བར་རང་གི་ཤེས་པའི་སྣང་བ་སྟོན་པར་སྣང་བ་ཉེ་བར་སྐྱེ་སྟེ། དེ་བས་ན་རྣམ་པ་དེ་ལྟ་བུའི་རྟོགས་པའི་རྗེས་སུ་འབྲངས་ནས་དེ་རྣམས་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པར་རྣམ་པར་


JLD017_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གོ །ཞེས་དང༌། དེ་བས་ན་གདུལ་བྱའི་ཤེས་པ་སྒྲར་སྣང་བའི་རང་བཞིན་ཉིད་ཡིན་པས་བསྟན་པ་ཉན་པ་པོའི་སྐྱེ་བོ་དང་འབྲེལ་བ་ཡིན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་བདག་པོ་ལས་སྐྱེས་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ཡིན་ནོ་ཞེས་བྱས་ནས་མཆོད་པར་བྱ་བ་དེ་བཞིན་དུ། ད་ལྟར་བའི་ཆོས་སྨྲ་བ་རྣམས་ཀྱིས་སྟོན་པ་ཡང་བཅོམ་ལྡན་འདས་ལས་བརྒྱུད་ནས་འོངས་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་སྐྱེས་པའི་ཕྱིར་མཆོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ཞེས་སོ། །དེ་བཞིན་དུ་ཉི་ཤུ་པའི་འགྲེལ་བཤད་དང་རྒྱུད་གཞན་གྲུབ་པའི་འགྲེལ་པར་ཡང་ཚིགས་བཅད་དང་རྐྱང་པའམ་ལྷུག་པའི་རྣམ་པའམ་མིང་ཚིག་ཡི་གེའི་རྣམ་པར་སྣང་བའི་ཤེས་པ་ཉིད་ལུང་དུ་བཤད་དོ། །གཉིས་པ་ནི། དབུས་མཐའི་འགྲེལ་བཤད་ལས། མིང་དང་ཚིག་དང༌ཡི་གེའི་ཚོགས་སུ་སྣང་བའི་རྣམ་པར་རིག་པ་རྣམས་ནི་བསྟན་བཅོས་སོ། །ཡང་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པ་རྣམས་ནི་བསྟན་བཅོས་སོ། ཞེས་གཉིས་བྱུང་བའི་སྔ་མ་ནི་བསྟན་བཅོས་ཙམ་ཞིག་དང་ཕྱི་མ་ནི་ཁྱད་པར་ཅན་གྱི་ངོས་འཛིན་ནོ། །དེ་ཡང་སོ་སྐྱེ་དང་ས་བཅུ་པ་ལ་ཐུག་གི་འཕགས་པ་ལ་ནི་གདུལ་བྱ་དང་གཉིས་ཀའི་སྣང་བ་ལ་བསྟན་བཅོས་བཞག་སྟེ། ས་བཅུ་པ་བ་ལ་ཡང་རང་གི་ཤེས་པ་ཉིད་ལོངས་སྐུར་སྣང་བ་ལ་ཕྱི་རོལ་གྱི་སངས་རྒྱས་དང་མིང་ཚིག་སོགས་སུ་སྣང་བ་ལ་ཕྱི་རོལ་གྱི་དེ་


JLD017_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་གསུང་དུ་ཞེན་པ་ཡོད་པས། ཞེན་པ་ཕྲ་མོ་ཡོད་པ་དེ་སྲིད་དུ་ཉན་པ་པོ་ལ་མིང་ཚིག་ཇི་ལྟར་སྣང་བ་ལྟར་འཆད་པ་པོ་ལ་ཡང་དེ་དང་རྗེས་སུ་མཐུན་པར་འབྱུང་བས་སོ། །དེས་ན་སྒྲ་སྤྱིའི་ཕྲེང་བ་ལ་འདོད་ན་བསྟན་བཅོས་དངོས་མེད་དུ་འགྱུར་བས་སྐྱེས་བུས་མ་བྱས་པར་འགྱུར་བས་རིག་བྱེད་པའི་སྨྲ་བ་ཁས་བླངས་དགོས་སོ། །ངག་གི་སྒྲ་རང་མཚན་པ་ལ་འདོད་ན་ཡང་ངག་ཏུ་མ་ཐོན་ན་བསྟན་བཅོས་མ་བརྩམས་པ་དང་བསེ་རུ་ལྟ་བུས་ཀྱང་གདུལ་བྱ་ལ་ཆོས་མ་བསྟན་པར་འགྱུར་རོ། །གཉིས་པ་ནི། ཅིའི་ཕྱིར་བསྟན་བཅོས་ཞེས་བྱ་ཞེ་ན། སློབ་མའི་རྒྱུད་འཆོས་པའི་ཕྱིར་ཏེ། དེ་ཡང་སློབ་མའི་རྒྱུད་ལ་བསླབ་པ་གསུམ་བསྐྱེད་ནས་ལུས་ངག་ཡིད་གསུམ་ཚོགས་པར་དབྱུང་དུ་མི་རུང་བ་ལས་བཟློག་པ་དང༌། དབྱུང་དུ་རུང་བའི་ལས་ལ་འཇུག་པར་བྱེད་པའོ། །དེ་ལྟར་ན་ངེས་ཚིག་གི་དོན་འདི་དག་ཚང་བ་དང༌། ལུང་རྣམ་འབྱེད་ལས་ཀྱང༌། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་ནི། །མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི། །སྟོན་དང་བསྟན་པ་ཉིད་ཡིན། ཞེས་དང༌། རྣམ་བཤད་རིག་པར་ཡང༌། དོན་དམ་པར་སངས་རྒྱས་ཀྱི་གསུང་ཉིད་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་ཞེས་འབྱུང་བས་རྒྱལ་བའི་བཀའ་ཡང་བསྟན་བཅོས་སུ་འདོད་པར་བྱའོ། །བསྟན་པ་ནི། འགྲེལ་པ་འདི་དང་དེའི་འགྲེལ་བཤད་གཉིས་དང༌། ཤེར་སྒྲོན་ལས་ནི་གཞུང་འདི་དགོས་སོགས་བཞི་སྟོན་པ་ལ་སྦྱར་ལ། འཕགས་པ་དང༌། ཤཱནྟི་རད་ཀིར་ཀུ་མཱ་ར་ཤྲཱི་རྣམས་ཀྱི་འགྲེལ་པ་དང་བསྡུས་དོན་དུ་དགོས་པ་


JLD017_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ལ་སྦྱར་རོ། །དེ་ལ་བུད་དྷ་ཤྲཱི་ནི་རྐང་པ་དང་པོ་གསུམ་གྱིས་བརྗོད་བྱ་དང༌། ཆོས་སྤྱོད་ནས་མཐོང་འགྱུར་གྱི་བར་གྱིས་ཉིང་དགོས་དང༌། ཕྱིར་ཞེས་པ་ནས་དགོས་པ་ཡིན་གྱི་བར་གྱིས་དགོས་པ་བསྟན་ཞིང་འབྲེལ་པ་ནི་བརྗོད་བྱ་བསྟན་པ་དེ་རྟོགས་པའི་དོན་དུ་ཡིན་ལ་དེ་རྟོགས་པས་ནི་མཐར་ཐུག་པར་འགྱུར་རོ་ཞེས་དངོས་སུ་བསྟན་པའི་ཤུགས་ལ་ཐབས་དང་ཐབས་བྱུང་དུ་འབྲེལ་བར་བཞེད་དོ། །ཚིག་གསལ་དུ་ཡང་མཐའི་དགོས་པའི་སྒྲས་དགོས་པ་གཉིས་ཀ་བསྟན་པར་བྱས་ནས་གཅོད་མཚམས་དེ་དང་འདྲ་བར་བཤད་དོ། །རྟོགས་དཀའི་སྣང་བར་དགོས་པ་གཉིས་དངོས་སུ་བསྟན་པའི་ཤུགས་ལ་འབྲེལ་པ་དང་བརྗོད་བྱ་བསྟན་པར་འཆད་པ་ནི་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། བརྗོད་བྱ་དངོས་སུ་བསྟན་པར་བཞེད་པའི་ཕྱིར་རོ། །སྔ་མ་ལ་ཡང་དོན་གྱི་འབྲེལ་ལ་བརྗོད་བྱ་ལ་སྦྲེལ་རུང་ཡང་རྐང་པའི་གཅོད་མཚམས་ཅུང་མིན་ནོ། །དེ་ལྟར་ན་རྐང་པ་དང་པོ་གཉིས་ཀྱིས་བརྗོད་བྱ་དང༌། གཞན་རྣམས་བུད་དྷ་ཤྲཱི་དང་ཚིག་གསལ་གྱིས་བཤད་པ་ལྟར་འགྲེལ་པ་འདི་ཡང་བཞེད་དོ། །གཞུང་འདི་གཙོ་བོའི་དོན་དུ་བྱས་ན་དགོས་པ་འཆད་པ་ལ་འབྲེལ་ཀྱང་འདིའི་ངག་གི་དོན་རྫོགས་པར་བཤད་ན་བརྗོད་བྱ་དང་འབྲེལ་པ་བསྟན་པར་ཡང་བཤད་ནུས་པས་སློབ་དཔོན་འདི་ཡི་བཤད་པ་ནི་ཡོངས་སུ་རྫོགས་པའི་བཤད་པ་སྟེ། འདི་ལ་བཞི་ལས་བརྗོད་བྱ་ནི། སྟོན་པ་སངས་རྒྱས་ཀྱིས་ཡུམ་འདི་ལས་བཤད་པའི་རྣམ་མཁྱེན་སངས་རྒྱས་ཁོ་ནའི་ལམ་གང་ཡིན་པ་དང་


JLD017_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མཚོན་པའི་ལྷག་མ་བདུན་དང་བཅས་པའོ། །ཉིང་དགོས་ནི། བྱང་སེམས་ལས་གཞན་གྱིས་མྱོང་བ་མ་ཡིན་པའི་རྣམ་མཁྱེན་དེ་བློ་དང་ལྡན་པ་བྱང་སེམས་ཀྱིས་ཡུམ་གྱི་མདོ་ཡི་དོན་དངོས་བརྒྱད་ཇི་བཞིན་དུ་ངེས་པའི་བདག་ཉིད་བྱང་ཆུབ་ཀྱི་སེམས་དང་ཆོས་ཏེ་སྒྲུབ་པའི་སྤྱོད་པ་ཕར་ཕྱིན་བཅུ་ཤེས་བཞིན་དང་བཅས་པའི་དྲན་པ་ལ་བཞག་ནས་ས་བཅུ་བགྲོད་དེ་མཐོང་བ་སྟེ་མངོན་དུ་བྱེད་པར་འགྱུར་བའོ། །དགོས་པ་ནི། ཉིང་དགོས་ཀྱི་ཕྱིར་དུ་མདོ་ཡི་བརྗོད་བྱ་རྣམས་རྒྱན་ལ་བརྟེན་ནས་བདེ་བླག་ཏུ་སྟེ་ཚེགས་ཆུང་ངུས་རྟོགས་པ་ཞེས་བྱ་བ་ནི་རྒྱན་རྩོམ་པའི་དགོས་པ་ཡིན་ནོ། །འབྲེལ་པ་ནི། ཤུགས་ཀྱིས་ཏེ་དེ་ཡང་རྩོམ་པའི་དགོས་པ་ཞེས་པས་དགོས་པ་དང་བསྟན་བཅོས་འབྲེལ་པར་དང༌། ཕྱིར་ཞེས་པས་དགོས་པ་གཉིས་འབྲེལ་པར་འཕངས་སོ། །དག་ལྡན་དུ་ནི་རྣམ་མཁྱེན་ནི་སངས་རྒྱས་ཏེ་སྐྱེས་བུའི་དོན་གྱི་མཆོག་སྟེ། རྒྱན་ལས། སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་དུ་ཡང་དག་བསྟན། ཞེས་པ་ལྟར་རོ། །དེ་ཡང་བཙལ་བར་བྱ་བས་ལམ་ཡིན་གྱི་ཚོལ་བར་བྱེད་པས་ནི་མ་ཡིན་པའོ། །དོན་དེ་སྟོན་པས་མདོ་འདི་ལས་བཤད་པ་གང་ཡིན་པ་བྱང་ཆུབ་སེམས་དཔའ་ལས་གཞན་གྱིས་མྱོང་བ་མ་ཡིན་པ་དེ་ནི། བློ་ལྡན་ཀུན་ཏུ་མངོན་བྱ་བ། ཞེས་བཏོན་ནས་བློ་ལྡན་ཏེ་བྱང་སེམས་ཀྱིས་མངོན་དུ་བྱ་བའི་དོན་ཏེ་བསྟན་བཅོས་འདི་ལས་གསལ་བ་ཉིད་དུ་ཤེས་ནས་ཞེས་བྱ་བར་དགོངས་པ་སྟེ་དེ་ནི་རྩོམ་པའི་


JLD017_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་དགོས་པའོ། །མདོ་ཡི་དོན་བསྟན་བཅོས་འདི་ལས་ངེས་པར་གྱུར་པ་དེ་དྲན་པ་ལ་བཞག་ནས། བདེ་བླག་ཏུ་ནི་རབ་སྒྲུབ་པ། ཞེས་བཏོན་ནས་སྒྲུབ་པ་སྟེ་ཉམས་སུ་ལེན་པ་ནི་རྩོམ་པའི་གཙོ་བོ་མིན་པའི་དགོས་པའོ། །ཐབས་གང་གིས་སྒྲུབ་ན་དབུས་མཐའ་ལས། ཡི་གེ་འདྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། ཅེས་པ་ལྟར་ཆོས་ཏེ་མདོ་ཡི་སྤྱོད་པ་བཅུ་ཡི་བདག་ཉིད་ཀྱིས་སོ་ཞེས་འཆད་དོ། །འདི་ནི་ཆེན་པོ་དག་གི་གསུང་ཡིན་ཡང་ཆེས་མི་འཐད་དེ། མངོན་རྟོགས་ཤེས་པའི་དགོས་པ་དང་དེ་རྒྱུད་ལ་སྐྱེས་པའི་དགོས་པ་གཉིས་གོ་བཟློག་པ་དང་གཙོ་བོ་དང་གཙོ་བོ་མ་ཡིན་པའི་དགོས་པ་གཉིས་ཀྱང་འཆོལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། མདོ་ནས་མངོན་རྟོགས་ཀྱི་རིམ་པ་བསྟན་ཟིན་པས་འདི་བརྩམས་པ་དོན་མེད་དོ་ཞེས་པའི་རྩོད་པ་ཁོང་ན་གནས་པའི་ལན་དུ་མདོ་ནས་བདེ་བླག་ཏུ་རྟོགས་མི་ནུས་ལ། བསྟན་བཅོས་ལས་དེ་ལྟར་ནུས་པས་དགོས་པ་ཡོད་ཅེས་པ་གཞུང་གི་དོན་དུ་སྣང་བ་ལ། བདེ་བླག་ཏུ་རྟོགས་པ་ཉམས་ལེན་ལ་བཤད་ཅིང༌། བློ་དང་ལྡན་པས་མཐོང་བའི་དོན་མངོན་རྟོགས་རྒྱུད་ལ་སྐྱེས་པ་ཡིན་པ་ལ་གོ་བ་ཙམ་གྱི་དགོས་པར་བཤད་པས་སོ། །གཞན་ཡང་བསྟན་བཅོས་བརྩམས་པ་མངོན་རྟོགས་ཤེས་པར་བྱ་བ་ཙམ་གྱི་ཆེད་མིན་གྱི་ལམ་རྒྱུད་ལ་སྐྱེད་པའི་ཆེད་ཡིན་པ་ལ། མངོན་རྟོགས་


JLD017_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་གཙོ་བོ་དང༌། མདོ་དོན་ཉམས་སུ་ལེན་པ་གཙོ་བོ་མིན་པར་བཤད་པ་ནོར་རོ། །དེས་ན་མཚམས་སྦྱོར་གྱི་དོགས་པ་སེལ་བ་གཙོ་བོ་ཡིན་ཡང༌། བརྩམས་པའི་དགོས་པའི་གཙོ་བོ་ནི་མངོན་རྟོགས་རྒྱུད་ལ་སྐྱེས་པ་ཡིན་པས་དོགས་པ་སེལ་བ་ཙམ་མིན་ནོ། །དེའི་ཕྱིར་བདག་ཉིད་ཆེན་པོ་བཟང་པོའི་ཞབས་ཀྱི་བཞེད་པ་འགྲེལ་བཤད་གཉིས་དང༌། བསྡུས་དོན་གཉིས་དང་བུད་དྷ་ཤྲཱིས་བཤད་པ་ལྟར་རྐང་པ་ཕྱི་མ་གཉིས་ཀྱིས་མདོ་དོན་ཤེས་པའི་དགོས་པ་བསྟན་ལ། དེའི་གོང་དུ་བསྟན་པའི་དགོས་པ་ནི། རྟོགས་པ་རྒྱུད་ལ་སྐྱེས་པའི་དགོས་པ་རུ་བཤད་ནས་ཕྱི་མ་ཕལ་པ་དང་སྔ་མ་གཙོ་བོའི་དགོས་པར་བྱའོ། །དགོས་པ་དེ་གཉིས་ལ་དངོས་དང་བརྒྱུད་པའི་དགོས་པ་ཞེས་གཞོན་ནུ་དཔལ་ལོ། །བཤད་པ་ནི་མཚམས་སྦྱོར་དུ་གསུངས་ཞེས་པའི་བསྟན་བྱ་དགོས་སོགས་བཞི་དང་སྟོན་བྱེད་ཀྱི་ཚིག་ནི་ཞེས་བྱ་བ་སྟེ་འདས་མ་ཐག་ཏུ་བཀོད་པ་འདི་ཡིན་ནོ། །ལུས་རྣམ་གཞག་ལ་ཡང་དེ་ལྟར་རོ། །འདི་ལ་བཞི། བརྗོད་བྱ། འབྲེལ་པ། ཉིང་དགོས། དགོས་པའོ། །དང་པོ་ནི། བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་ནི་འདི་ཡི་བརྗོད་བྱའོ། །གང་ལས་ན། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་རྣམ་པ་གསུམ་ཆར་ལས་སོ། །གང་གིས་ན། མདོ་ལས། བདུད་བཅོམ་འཇིགས་མེད་སྐལ་བ་བཟང་བོ་དང༌། །སྲིད་པར་འགྲོ་ལས་འདས་དང་ཤེས་རབ་དང༌། །ཁུར་དང་བྲལ་ཞིང་ཡོན་ཏན་དཔག་མེད་སྣོད། །ཡོན་ཏན་འདི་དག་རབ་རྒྱས་བཅོམ་ལྡན་འདས། ཞེས་པ་ལྟར། བཅོམ་


JLD017_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དང་པོར་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནམ་མཁའ་ལ་འགྲོ་བ་ལ་སོགས་པས་ཕ་རོལ་ཟིལ་གྱིས་གནོན་ཞིང༌། དེ་ནས་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་ཁམས་དང་བསམ་པ་དང་བག་ལ་ཉལ་མཁྱེན་ནས་སེམས་ཀྱི་རྒྱུ་བ་བསྟན་པས་དད་པར་བྱེད། དེ་ནས་གསུང་རྗེས་སུ་མཐུན་པའི་གདམས་ངག་སྦྱིན་པའི་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་ལམ་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་སོ། །གང་ན། མངོན་རྟོགས་བརྒྱད་ཀྱི་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་ཀྱིས་ཐུགས་སུ་ཆུད་པའི་ལམ་ནིའོ། །གལ་ཏེ་བསྟན་བཅོས་ཀྱི་བརྗོད་བྱ་ལ་དངོས་པོ་བརྒྱད་དུ་ཡོད་པ་མ་ཡིན་ནམ་ཅིའི་ཕྱིར་རྣམ་མཁྱེན་ཉིད་བཤད་ཅེ་ན། ཉེས་པ་མེད་དེ། དང་པོ་འདིས་མངོན་རྟོགས་ལྷག་མ་བདུན་པོ་ཐམས་ཅད་ཉེ་བར་མཚོན་པ་ཡིན་ལ། མཚོན་བྱེད་འདི་ཉིད་བསྟན་པ་ཡང་ལྷུར་ལེན་པ་སྟེ་བརྗོད་བྱའི་གཙོ་བོ་ཡིན་པས་བསྟན་ནོ། །རྒྱན་སྣང་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་ཕྱིན་ཅི་མ་ལོག་པ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཆོས་རྣམས་ཐོབ་པར་བྱེད་པའི་ལམ་མ་ལུས་པ་ཞེས་དངོས་པོ་བརྒྱད་ཀ་དང་ལམ་གཞི་མཐུན་པར་གསུངས་པ་ནི་འདི་དང་ཅུང་མི་མཐུན་ལ། ལམ་དང་རྣམ་མཁྱེན་སོ་སོར་འཆད་པ་གཉིས་ཀའི་དགོངས་པ་མིན་ནོ། །དེ་ལྟར་ན་བློ་ལ་དངོས་བརྒྱད་ཀྱི་རྣམ་པ་སྣང་བ་ནི་དངོས་དང༌། རྣལ་འབྱོར་པ་སོ་སོའི་རྒྱུད་ལ་སྐྱེས་པའི་མངོན་


JLD017_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་རྣམས་ནི་ཞེན་པའི་བརྗོད་བྱའོ། །གཉིས་པ་ནི། བྱམས་པས་འབྲེལ་པར་མཛད་པ་ནི་འདི་ཡི་འབྲེལ་པའོ། །གང་འབྲེལ་པར་མཛད་ན། རྗོད་བྱེད་རྒྱན་དང་བརྗོད་བྱ་ལམ་དང་འབྲས་བུ་མ་ལུས་པ་གཉིས་སོ། །ཚུལ་ཇི་ལྟར་ན་དངོས་བརྒྱད་ཤེས་བྱའི་ཐབས་དང་རྒྱན་ཤེས་བྱེད་ཀྱི་ཐབས་ཀྱིས་ཏེ་དེས་བསྒྲུབ་པར་བྱ་བའི་བྱ་བྱེད་ཀྱི་ཚུལ་གྱིས་སོ། །འདི་ནི་མཚོན་པ་ཙམ་སྟེ་ཉིང་དགོས་དགོས་པ་དང༌། དེ་བརྗོད་བྱ་དང་རྗོད་བྱེད་ལ་རག་ལས་པའི་ཆ་ཐམས་ཅད་དོ། །སྔོན་གྱི་མཁས་པ་དག་མདོ་ཡི་བརྗོད་བྱ་དང་རྗོད་བྱེད་སངས་རྒྱས་ཀྱིས་འབྲེལ་པར་མཛད་པ་བསྟན་བཅོས་ཀྱི་བརྗོད་བྱ་ཞེས་གཞུང་འདི་བརྗོད་བྱ་ལ་སྦྱོར་ཡང༌། འབུམ་པས། རྩ་བར་ཤུགས་བསྟན་གྱི་འབྲེལ་པ་འགྲེལ་པས་བཤད་པར་འཆད་པ་ལེགས་ཏེ། གཞན་དུ་ན་འབྲེལ་པ་ལ་སོགས་པ་བསྙད་ནས་ཞེས་པ་མ་འབྲེལ་པར་འགྱུར་རོ། །འབྲེ་ཆེན་པོའི་བཞེད་པ་འདིས་ཤེས་རབ་སྒྲོན་མེར་ཡང་འཁྲུལ་པ་སྐྱེད་དོ། །གསུམ་པ་ནི། མངོན་སུམ་དུ་བྱེད་པར་འགྱུར་རོ། །གང་ན་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པའི་མུ་སྟེགས་བྱེད་དང་དེའི་ཅིག་ཤོས་ནང་པའི་ལམ་གྱིས་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་ཉན་རང་དགྲ་བཅོམ་པ་དང༌། སོགས་པས་ཉན་རང་སློབ་པ་མཐུན་རྐྱེན་ཆོས་ཐམས་ཅད་བདག་མེད་པ་སྟེ་ངོ་བོ་ཉིད་མེད་པར་རྟོགས་པ་ལ་གོམས་པར་མ་བྱས་ཤིང་འགལ་རྐྱེན་དངོས་པོ་ལ་མཚན་མར་བཟུང་བ་རྣམས་ཀྱིས་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་གསུམ་གྱིས་དང་པོ་དང་བར་


JLD017_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཐ་མར་རིམ་གྱིས་མ་མྱངས་པའི་རྣམ་མཁྱེན་དེའོ། །འདི་མངོན་དུ་བྱ་བར་བསྟན་པ་ན་འོག་གི་རྣམ་པ་ཐམས་ཅད་ཅེས་པ་མངོན་དུ་བྱ་རྒྱུར་མི་བཤད་དེ། ཟློས་པར་འགྱུར་བས་སོ། །ཚིག་གསལ་དུ་ནི་འདིས་དོན་གྱི་བརྗོད་བྱའི་ཆེ་བ་བསྟན་པར་བྱས་ནས་བརྗོད་བྱ་ལ་སྦྱར་རོ། །རྒྱན་སྣང་ལས། ཇི་སྐད་བཤད་པའི་བརྗོད་པར་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ལམ་སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པ་འཁོར་བ་ཐོག་མ་མེད་པ་ནས་དངོས་པོ་ལ་མངོན་པར་ཞེན་པའི་དུག་གིས་བསམ་པའི་རྒྱུད་མ་རུངས་པར་བྱས་པ། དངོས་པོ་མ་ལུས་པ་བདག་མེད་པ་སྒོམ་པ་ལ་གོམས་པར་མ་བྱས་པ་རྣམས་ཀྱིས་རྟོགས་པར་མ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་ལས། ཐོས་པའི་ཤེས་པས་བདེ་བླག་ཏུ་ངེས་པར་བཟུང་སྟེ་ཤིན་ཏུ་གསལ་བར་ཉམས་སུ་མྱོང་བས་བསྐྱེད་པའི་བག་ཆགས་ལས་བྱུང་བའི་དྲན་པའི་ཤེས་པ་ལ་བཞག་ནས་ཞེས་མ་མྱངས་པ་དེ་ཐོས་པས་ཡུལ་དུ་བྱས་པ་དང་སྦྲེལ་ནས་འཆད་པ་ནི་འདི་དང་མི་མཐུན་ནོ། །དེ་ལྟར་བསྟན་པ་ཡང་ཡུམ་དོན་དྲན་པའི་དྲན་ཤེས་སྐྱེད་བྱེད་ནི་ཡུམ་ཐོས་པའི་ཤེས་རབ་ཡིན་ལ་ཐོས་བྱུང་གིས་ཀྱང་འདི་ཡི་བརྗོད་བྱ་ཡུལ་དུ་བྱ་དགོས་པ་ལ་དགོངས་སོ། །དེས་ན་རྒྱན་སྣང་དུ་བརྗོད་བྱའི་སྐབས་སུ་གང་ཟག་བཞིའི་རྒྱུད་ཀྱིས་བསྡུས་པའི་དངོས་པོ་བརྒྱད་བཤད་པ་དེ་ཉིད་མ་མྱངས་པར་བསྟན་པས་དེའི་ལྟར་ན་ཉན་རང་མི་མྱོང་བའི་གང་ཟག་ཏུ་མི་འདོད་དོ། །གང་གིས་ན་བདེན་པ་གཉིས་


JLD017_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་སྦྱིན་སོགས་ཀྱི་དགེ་རྩ་སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རང་དང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པ་སངས་རྒྱས་སྒྲུབ་པ་ཅི་ལ་ཡང་མ་རེག་པ་སྟེ་གཞན་དྲིང་ལ་མི་ལྟོས་པར་བྱང་ཆུབ་ཏུ་ཆས་པ་དག་ཁོ་ནས་སོ། །ཚིག་གསལ་ནི། བྱང་སེམས་ཞེས་པ་སྤྱིར་སེམས་བསྐྱེད་པ་ཐམས་ཅད་ཡིན་ལ་ཁྱད་པར་དུ་རིགས་ལ་གནས་པའི་བཅུ་གསུམ་པོ་ཡིན་ཏོ། །དེ་དག་ནི་བྱང་ཆུབ་ཏུ་ངེས་པའི་ཕྱིར་རོ་ཞེས་འཆད་དོ། །གང་ལ་བརྟེན་ནས་ན། གཟུགས་སོགས་ཇི་སྙེད་པའི་ཆོས་རྣམས་ཀྱི་དབྱིངས་ཆོས་རྣམས་མཐའ་ཡས་པ་ལྟར་དབྱིངས་ཀྱང་དེ་ལས་གཞན་དུ་མི་དམིགས་པས་ཀུན་ཏུ་འགྲོ་བ་དེ་སྔར་མ་མཐོང་བ་མངོན་སུམ་དུ་རྟོགས་པའི་མཚན་ཉིད་དེ་ངོ་བོ་ཉིད་དུ་གྱུར་པའི་ས་དང་པོ་རབ་ཏུ་དགའ་བ་དང་སོགས་པས་ཆོས་ཀྱི་སྤྲིན་གྱི་བར་བཅུ་རྟོགས་པ་སྟེ་ཐོབ་པའི་རིམ་པས་ཏེ་དེ་ནི་ཉེ་རྒྱུའོ། །ཚིག་གསལ་དུ་ནི། རྟོགས་པའི་རིམ་པའི་དོན་ནི་ས་རྣམས་རང་གི་རྟོགས་པ་ཙམ་གྱིས་བཞག་གི་ལྷ་གནས་ལྟར་མཐོ་དམན་མེད་ཅེས་འདོད་དོ། །ཚུལ་ཇི་ལྟར་ན། ཉིང་དགོས་ཏེ་རྣམ་པ་ཐམས་ཅད་དེ་ཡོངས་སུ་རྫོགས་པར་རོ། །ཚིག་གསལ་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་འཆད་དོ། །ས་དེ་དག་ཀྱང་ཐབས་གང་གིས་འཐོབ་ན། སྤྱོད་པ་ལ་འཇུག་པ་ལས། ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམ་དང་སྒོམ་པ་ཡང༌། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། ཞེས་འབྱུང་བའི་ཕྱིར། བག་ཆགས་ལས་བྱུང་བའི་དྲན་པའི་ཤེས་པ་


JLD017_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ཤེས་བཞིན་དང་ལྡན་པ་ལ་ལེགས་པར་ཏེ་ཚེ་རབས་གཞན་དུ་ཡང་མི་བརྗེད་པར་བཞག་ནས་སོ། །བག་ཆགས་དེ་གང་གིས་བཞག་ན། བསྟན་བཅོས་འདི་མཉན་པ་ལས་དེའི་ཚིག་དོན་ཉམས་སུ་མྱོང་བ་ཤིན་ཏུ་གསལ་བ་སྟེ་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་དང་བྲལ་བའི་སྒོ་ནས་ཡུམ་གྱི་མིང་དོན་སེམས་ལ་གསལ་བར་བྱས་པའི་ཤེས་རབ་གསུམ་གྱིས་བཞག་གོ །གང་བཞག་ན་ཤེར་ཕྱིན་གྱི་མདོ་ཡི་དོན་མ་ལུས་པའོ། །དེ་ཡང་གླེང་གཞི་ལ་སོགས་པའི་གཞུང་དང་སྙིང་པོའི་དོན་རྣམས་ལས་གང་འཇོག་ན། དང་པོ་ནི་མིན་ཏེ། རྟོགས་པ་ཡིད་ལ་བྱེད་པ་ན་ལུང་ནི་གཟིངས་དང་འདྲ་བ་དང་རྣམ་གཡེང་ཡིན་པས་དམན་པའི་ཕྱིར་རོ། །གཉིས་པ་ནི། མངོན་རྟོགས་ཀྱི་ནང་དུ་འདུས་པས་དེས་ན་མངོན་རྟོགས་བརྒྱད་དང་དེ་ཡི་བདག་ཉིད་དེ་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་བར་གྱི་ཆོས་རྣམས་དང་མི་འབྲལ་བར་འཇུག་པ་བསམ་པ་བྱང་ཆུབ་ཀྱི་སེམས་དང་བསམ་པ་དེས་ཟིན་པའི་སྦྱོར་བ་བྱང་ཆུབ་སྒྲུབ་པའི་སྤྱོད་པ་བཅུ་རྣམས་སོ། །བཅུ་གང་ཞེན། སྦྱིན་པ་དང་སོགས་པས་ཕར་ཕྱིན་ལྷག་མ་དགུའོ། །དེ་ལྟར་ན་འགྲེལ་བཤད་གཉིས་དང་ཤེར་འབྱུང་གིས་ཆོས་སྤྱོད་བཅུ་ཕར་ཕྱིན་བཅུ་ལ་བཤད་པ་ནི་རྩ་འགྲེལ་འདི་གཉིས་ཀྱི་དགོངས་པ་སྐྱོན་མེད་པ་སྟེ། བྱང་སེམས་ཀྱི་སྤྱོད་པའི་མཆོག་ནི་བཅུ་པོ་འདི་ཡིན་པས་སོ། །སྔོན་གྱི་མཁས་པ་དག་རྒྱན་སྣང་ལས། སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་ཡི་དོན་བྱང་ཆུབ་ཀྱི་སེམས་དང་གདམས་ངག་


JLD017_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སྒྲུབ་པའི་ཚུལ་གནས་སྐབས་བརྒྱད་ཀྱི་དབྱེ་བས་ཕྱེ་བ་ཞེས་པས་ཆོས་སྤྱོད་བཅུ་རྣམ་མཁྱེན་གྱི་ཆོས་བཅུ་ལ་བཤད་པར་འདོད་པ་ནི་མི་འཐད་དེ། ལུང་དེས་དོན་བདུན་ཅུ་པོ་ཐམས་ཅད་འཛིན་ཏེ་གནས་སྐབས་བརྒྱད་ཀྱི་དབྱེ་བས་ཞེས་པས་སོ། །དེ་ལྟར་ན་དྲན་པ་ལ་བཞག་པའི་དོན་ནི་ཐོས་པའི་དོན་མི་བརྗེད་པར་བྱེད་པ་ཡིན་པས་ཉམས་ལེན་གྱི་དམིགས་རྣམ་མི་བརྗེད་པར་འཛིན་པ་ཡིན་ནོ། །དེ་ལྟར་མ་བརྗེད་པར་བཟུང་ནས་བསམ་བྱུང་གིས་སེམས་པར་བྱེད་ཅིང་སྒོམ་བྱུང་གིས་གོམས་པར་བྱས་པ་ལས་ས་བཅུ་ཡི་རྟོགས་པ་འགྲུབ་པ་སྟེ་རིང་རྒྱུའོ། །བཞི་པ་ནི། རྟོགས་པར་འགྱུར་བ་ནི་བསྟན་བཅོས་རྩོམ་པའི་དགོས་པ་ཡིན་ནོ། །གང་རྟོགས་ན། ཤེར་ཕྱིན་གྱི་མདོ་ཡི་དོན་དྲན་པ་ལ་བཞག་བྱར་མངོན་པར་འདོད་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་འཇུག་པའི་སྤྱོད་པའོ། །འཇུག་པའི་སེམས་ཕར་ཕྱིན་བཅུ་ནི་ཇི་ལྟར་སྨོན་པ་སྒྲུབ་པས་སྒྲུབ་པའི་སྤྱོད་པའོ། །སོགས་པས་ཆོས་སྐུ་ཕྲིན་ལས་དང་བཅས་པ་ནི་གྲུབ་པའི་སྤྱོད་པ་སྟེ་དེ་ལྟར་ཐེག་ཆེན་གྱི་སྤྱོད་པ་གསུམ་གྱི་མཚན་ཉིད་དོ། །གང་གི་ཕྱིར་འདོད་པ་བསྐྱེད་ན། དགོས་པའི་ཡང་དགོས་པའི་ཆེད་དུ་ཞེས་འཆད་མོད། འོན་ཀྱང་བདེ་བླག་ཏུ་རྟོགས་པ་དེ་གང་གི་ཕྱིར་ཡིན་ན། དགོས་པའི་ཡང་དགོས་པའི་ཆེད་དུ་ཞེས་བྱ་སྟེ་དགོས་པ་ནི་ཉིང་དགོས་ཀྱི་ཆེད་ཡིན་པའི་ཕྱིར་རོ། །གང་གིས་ན། རྒྱན་གྱི་གདུལ་བྱ་རྣམས་ཀྱིས་སོ། །ཇི་ལྟར་ན། བདེ་བླག་ཏུ་སྟེ་ཚེགས་ཆུང་ངུར་རོ། །དེ་ལྟར་ན་དོན་འདི་ཡིན་ཏེ། ཡུམ་གསུམ་ལས་དངོས་བརྒྱད་གསལ་བར་


JLD017_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཟིན་ཀྱང་རྒྱན་བརྩམས་པ་དོན་མེད་དུ་མི་འགྱུར་ཏེ། མདོ་ལས་ནི་དུས་རིང་མོ་ཞིག་གིས་གོ་བར་སྐྱེད་ལ་བསྟན་བཅོས་ལས་ནི་དུས་ཐུང་ངུ་དང་ཚེགས་ཆུང་ངུས་དངོས་བརྒྱད་རྟོགས་པར་བྱེད་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །གཉིས་པ་ལ་གསུམ། རྒྱས་པ་ལ་དད་པ་ལ་བརྒྱད། འབྲིང་ལ་དད་པ་ལ་དྲུག །བསྡུས་པ་ལ་དད་པ་ལ་གསུམ་དུ་དབྱེ་བའོ། །དང་པོ་ལ་གཉིས། ལུས་རྣམ་པར་བཞག་པ་དང༌། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་བཞི། མཚམས་སྦྱར་ཏེ་ལུས་དགོད། དགོས་པ་ཅན་གྱི་ལུས་ཉིད་བཤད། ལུས་ཀྱིས་བསྡུས་པའི་དོན། ཚིག་དོན་མི་འཆད་པའི་རྒྱུ་མཚན་ནོ། །དང་པོ་ནི་སྔར་བཤད་པ་དེ་ལྟར་འབྲེལ་པ་ལ་སོགས་པ་བཞི་བསྙད་ནས་ དེའིའོགཏུ next hit་ཚིག་ལེའུར་བྱས་པ་བཅོ་ལྔས་ཤེར་ཕྱིན་ཡུམ་གྱི་ལུས་རྣམ་པར་བཞག་པ་གསུངས་སོ། །ཇི་ལྟར་ན། དང་པོ་གཉིས་ཀྱིས་མདོ་དང་ལྷག་མ་བཅུ་གསུམ་གྱིས་རྒྱས་པར་བསྟན་པའི་ཚུལ་གྱིས་སོ། །དགོས་པ་ནི། འཆད་ཉན་སླ་བའི་ཕྱིར་ཏེ། དེ་ཡང་དཀྱུ་ས་བསྟན་པའི་རྟ་ཚམ་ཚོམ་མེད་པར་རྒྱུག་པ་ལྟར་ཉན་པའི་གདུལ་བྱ་རྣམས་ཀྱིས་རྒྱས་བཤད་ཀྱི་དོན་ཚན་རྣམས་མ་འཛིངས་པའི་སྒོ་ནས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང༌། དཀྱུ་ས་མཐོང་བའི་ཁ་ལོ་པས་རྟ་ལེགས་པར་ཚར་གཅོད་ནུས་པ་ལྟར་རྒྱས་བཤད་དུ་བསྟན་བཅོས་ཀྱི་དོན་རྣམ་པར་དབྱེ་བར་བྱས་པ་མ་འཛིངས་པའམ་མ་འཁྲུགས་པ་ཉིད་ཀྱིས་འཆད་པ་པོས་བཤད་པར་བྱ་སླ་བར་བྱམས་པས་གཟིགས་


JLD017_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སོ། །ཡང་ནི་དགོས་པ་སྔ་མར་མ་ཟད་པའོ། །འདིར་ལུས་རྣམ་བཞག་ལ་གསུམ། ལུས་ཀྱི་མཚན་ཉིད། དབྱེ་བ། ངེས་ཚིག་གོ །དང་པོ་ནི། ཡན་ལག་དུ་མ་ཚོགས་པ་སྟེ། ཇི་སྐད་དུ། ཚོགས་དང་ལུས་དང་འདུས་པ་ནི། །རྣམ་གྲངས་དག་སྟེ་ཞེས་པ་ལྟར་རོ། །གཉིས་པ་ནི། རིགས་ཐིགས་ཀྱི་འགྲེལ་པར། རབ་ཏུ་བྱེད་པའི་ལུས་ནི་གཉིས་ཏེ་སྒྲ་དང་དོན་ཏོ་ཞེས་པ་ལྟར་ཚིགས་བཅད་བཅོ་ལྔ་ནི་རྗོད་བྱེད་དང༌། དངོས་བརྒྱད་དམ་དོན་བདུན་ཅུ་ནི་བརྗོད་བྱའི་ལུས་སོ། །གསུམ་པ་ནི། ངོ་བོ་ཉིད་དུ་གྲུབ་པ་དང་བསགས་པ་དང༌། ཡན་ལག་ལ་ཁྱབ་པ་དང༌། དེའི་རྟེན་བྱེད་པས་ལུས་སོ། །གཉིས་པ་ལ་གཉིས། ལུས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། གྲངས་ཀྱི་སྒོ་ནས་ཡུམ་གྱི་དབྱེ་བ། དབྱེ་བ་མིང་གིས་ཁྱད་པར་དུ་བྱས་པའི་ཚུལ་ལོ། །དང་པོ་ལ་གསུམ། ཚིག་གི་དོན་བཤད། བརྒྱད་ཚན་གསུམ་གྱི་ཁྱད་པར་དཔྱད། ཤེར་ཕྱིན་གྱི་དངོས་བཏགས་བསྟན་པའོ། །དང་པོ་ནི། མཆོད་བརྗོད་དུ་བརྗོད་བྱ་ལ་བསྟོད་ཕྱག་བྱས་པའི་ཤེར་ཕྱིན་དེ་ཇི་ལྟར་བྱས་པས་འཆད་ཅེ་ན། ཤེར་ཕྱིན་དེ་ནི་དངོས་པོ་བརྒྱད་དུ་ཕྱེ་བའི་ཚུལ་གྱིས་སོ། །དེར་ཕྱེ་ནས་འཆད་པ་ཅི་ཞེ་ན། ཡུམ་དོན་རྫོགས་པར་ནི་བཤད་དགོས་ལ་དེ་ལྟར་བཤད་ན་ཡང་དག་པ་སྟེ་མ་ལུས་པར་བཤད་པར་འགྱུར་བས་སོ། །མདོ་འདི་ལས་མ་ལུས་པ་ཇི་ཞིག་སྟོན་ཞེ་ན། ཞེས་དྲིས་ནས། ལན་དུ་ལམ་འབྲས་ཀྱི་ཤེར་ཕྱིན་ནི་ཡང་དག་པ་སྟེ་མ་ལུས་པར་བཤད་དོ། །མ་ལུས་པ་གང་ན་དངོས་པོ་བརྒྱད་དོ་ཞེས་ཤཱནྟི་པས་འཆད་དོ། །གང་ན་


JLD017_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གཙོ་བོར་བྱས་པའི་ལམ་དང་འབྲས་བུའི་ཤེར་ཕྱིན་ནོ། །གང་གིས་ན། དངོས་པོ་བརྒྱད་ཀྱིས་སོ། །ཇི་ལྟར་ན། ཇི་ལྟ་ཇི་སྙེད་ཀྱི་དོན་རྣམས་ཡང་དག་པར་བཤད་ཅེས་བུད་དྷ་ཤྲཱིས་སོ། །དེ་ལྟར་གསུམ་ལས་དང་པོའི་མཚམས་སྦྱོར་ཚུལ་ནི་འགྲེལ་པ་དང་རྣམ་འགྲེལ་གཉིས་ཀྱི་དགོངས་པའོ། །གཉིས་པ་ཡང་བསྟན་བཅོས་འདིས་ཡུམ་དོན་མ་ལུས་པར་སྟོན་ན། ཡུམ་གྱི་མདོ་ལས་བཤད་པའི་མ་ལུས་པ་ཅི་སྟོན་ཞེས་དྲིས་ནས། ལན་དུ་བསྟན་བཅོས་ཀྱིས་འདི་སྟོན་ཞེས་སྦྱར་ན་འབྲེལ་གྱི། གཞན་དུ་ན་མདོས་འདི་ལྟར་བཤད་ཅེས་པ་སྐབས་དང་འབྲེལ་དཀའོ། །གཉིས་པ་ནི། འོ་ན་དངོས་པོ་མངོན་རྟོགས་སྐབས་གསུམ་ལ་ཁྱད་ཡོད་དམ་མེད་ཅེ་ན། འདི་ལ་ཁ་ཅིག་དངོས་པོ་བརྒྱད་ཀྱིས་བཤད་ཅེས་པས་འཁྲུལ་གཞི་བྱས་ནས་གཞུང་དང་དོན་གཉིས་ཀ་དངོས་བརྒྱད་དུ་འདོད་པ་དང༌། དོན་བསྡུས་སྒྲོན་མེར། མངོན་རྟོགས་རྣམ་པ་བཞི་ཡིན་ཏེ། །མཁྱེན་པ་གསུམ་དང་ཆོས་སྐུ་ལ། །མངོན་སུམ་རྟོགས་པས་མངོན་རྟོགས་ཏེ། །སྦྱོར་བ་བཞི་ནི་མངོན་ཕྱོགས་ཡིན། །འཕགས་པ་ཐོགས་མེད་དེ་ལྟར་བཞེད། །རྣམ་པར་གྲོལ་སྡེའི་གཞུང་གིས་ནི། །མངོན་རྟོགས་རྣམ་པ་བཞི་ཡིན་ཏེ། །སྦྱོར་བ་བཞི་པོ་ཁོ་ན་སྟེ། །མཁྱེན་པ་གསུམ་དང་ཆོས་སྐུ་ནི། །ཡུལ་དང་འབྲས་བུ་དག་ཏུ་འདོད། །གསེར་གླིང་ཤཱནྟི་རྣམ་གཉིས་ཀྱིས། །མངོན་རྟོགས་བདག་ཉིད་བདུན་ཡང་སྟེ། །ཤེས་རབ་ཕ་རོལ་ཕྱིན་བདག་འདོད། །འབྲས་བུ་ཆོས་སྐུ་མཛད་པ་ཡིན། །བརྒྱད་ཀ་མངོན་རྟོགས་སེང་བཟང་དང༌། །


JLD017_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བུད་དྷཱ་ཤྲཱི་ནི་ཛྙཱ་ནའང་བཞེད། ཅེས་འཆད་པ་རྣམས་ཇི་ལྟ་བ་བཞིན་མིན་ཏེ། སྐད་ཅིག་སྦྱོར་འཕགས་པ་ཁོ་ནའི་རྟོགས་པར་རྩ་བ་ལས་ཆེས་གསལ་ཞིང་གཞན་གསུམ་ལ་འཕགས་པའི་མངོན་རྟོགས་ཡོད་པར་ཡང་བཞེད་དགོས་པས་དེ་ལ་འཕགས་པ་ཐོགས་མེད་འཁྲུལ་པ་ག་ལ་སྲིད། གྲོལ་སྡེའི་དགོངས་པའང་མིན་ཏེ། ཉི་སྣང་ལས། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་ཐམས་ཅད་ཤེས་པ་ཉིད་དང༌། ལམ་ཤེས་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མངོན་པར་རྟོགས་པ་མཐའ་དག་བསྡུས་པའི་ཕྱིར། ཞེས་དང༌། མངོན་དུ་ཕྱོགས་པ་ཞེས་འབྱུང་བས་དོན་སྤྱི་ཙམ་རྟོགས་པ་ལ་ཡང་མི་འདོད་དེ། སྐད་ཅིག་མ་ལ་ཡང་ཐལ་ཆེས་པས་སོ། །དེས་ན་འདི་ཡི་འཁྲུལ་གཞི་ནི། འཕགས་པས་དངོས་བརྒྱད་བགྲངས་པ་ན་དང་པོ་གསུམ་དང་ཐ་མ་ལ་མངོན་རྟོགས་ཀྱི་སྒྲ་མ་སྦྱར་ཞིང༌། བར་པ་བཞི་ལ་སྦྱར་བ་ཙམ་གྱིས་བྱས་སོ། །དག་ལྡན་དུ། དང་པོ་བདུན་མངོན་རྟོགས་སུ་བཤད་ནས་བརྒྱད་པ་མངོན་རྟོགས་ཀྱི་འབྲས་བུ་ཡིན་པས་དེ་ཞེས་བྱའོ། ཞེས་བཞེད་པ་ཡང་མི་འཐད་དེ། དེ་ལྟ་ན་རྣམ་མཁྱེན་ལ་ཡང་མཚུངས་པ་དང་སངས་རྒྱས་ལ་མངོན་རྟོགས་མེད་པར་ཐལ་ལོ། །དེའི་ཕྱིར་དོན་བསྡུས་སྒྲོན་མེར། མངོན་རྟོགས་ཤེས་རྒྱུད་རིམ་པ་སྟེ། །དངོས་པོ་བརྒྱད་ནི་བརྗོད་བྱ་ལ། །སྐབས་ནི་རྗོད་བྱེད་ཤཱནྟི་གསུངས། ཞེས་པ་ནི་ཤཱནྟི་པའི་གཞུང་ལ་གསལ་ཁ་མི་སྣང་ཡང་དེ་བཞིན་དུ་འདོད་པར་བྱའོ། །གསུམ་པ་ལ་གཉིས། འདོད་


JLD017_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགོད་པ་དང༌། དེའི་འཐད་ཕྱོགས་བསྟན་པའོ། །དང་པོ་ལ་གསུམ། གནོད་འཇོམས་དང༌། ཕྱོགས་གླང་རྗེས་འབྲང་དང་བཅས་པ་དང༌། དེ་ལས་གཞན་པའི་ལུགས་སོ། །དང་པོ་ནི། ཡུམ་གསུམ་གནོད་འཇོམས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་དེ་ལ་དོན་དམ་པར་ན་སྨོན་ལམ་དང༌། བརྩོན་འགྲུས་བརྩམས་པ་དང༌། ཉོན་མོངས་པ་དང༌། ལས་དང་། སྡུག་བསྔལ་དང་། འཁོར་བ་དང༌། རྣམ་པར་རྟོག་པ་དང༌། ཡོན་ཏན་དང༌། ཤེས་པར་བྱ་བ་དང༌། རྣམ་པ་འདི་དགུའི་ཕ་རོལ་ཏུ་སོན་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོགས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ནས་དེའི་རྗེས་ལ་ཐོབ་པ་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་སྒྲུབ་པའི་ཡེ་ཤེས་རྣམས་ཀྱང་དེའི་རྒྱུ་ལས་བྱུང་བའི་ཕྱིར། འབྲས་བུ་ལ་རྒྱུར་བཏགས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བསྟན་ཏོ། ཞེས་འབྱུང་ཞིང་གཞན་ཡང་ཉན་རང་དགྲ་བཅོམ་པའི་ཡེ་ཤེས་རྣམས་ཤེར་ཕྱིན་གྱི་འབྲས་བུ་དང༌། གཞུང་རྣམས་ཤེར་ཕྱིན་གྱི་རྒྱུ་ཡིན་པས་རྒྱུ་དང་འབྲས་བུའི་མིང་གིས་བཏགས་པ་དང༌། མོས་སྤྱོད་ནས་ས་ཆོས་ཀྱི་སྤྲིན་གྱི་བར་གྱི་བྱང་སེམས་ཀྱི་རྟོགས་པ་ཐམས་ཅད་ཀྱང་ཤེར་ཕྱིན་གྱི་མིང་ཙམ་འཇུག་པའི་བཏགས་པ་བར་བཤད་ཅིང༌། འབུམ་གྱི་གནོད་འཇོམས་ལས་ཀྱང་དེ་ཇི་ལྟ་བར་བཤད་


JLD017_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མན་ངག་རྗེས་འབྲང་དུ་ཡང་གནོད་འཇོམས་གཉིས་དང་མཐུན་པར་བཤད་དོ། །འདིར་སྔ་མ་རྣམས་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་འཁྲུལ་ནས་ཤེར་ཕྱིན་དངོས་རྒྱུན་མཐའི་ཡེ་ཤེས་ལ་བཞེད་པར་འཆད་པ་ནི་དགོངས་པ་མིན་ཏེ། ཤེར་ཕྱིན་དངོས་བཏགས་རྣམས་བཤད་པའི་འཕྲོས་ཉིད་ནས་གནོད་འཇོམས་གཉིས་དང་མན་ངག་རྗེས་འབྲང་དུ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བརྗོད་པ་འདི་རྣམས་ལས་འདིར་ནི་སངས་རྒྱས་ཀྱི་སར་གཏོགས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་འབྱུང་ཞིང༌། ཁྱད་པར་དུ་ཕྱི་མ་ལས། འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡང་དག་པར་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ་ཞེས་འབྱུང་བ་དང༌། གནོད་འཇོམས་ཀྱི་སྐབས་གཞན་དུ་ཡང་རྡོར་ཏིང་རྣམ་མཁྱེན་གྱི་ཡེ་ཤེས་ལ་བཤད་པ་དང༌། ས་བཅུ་པ་མན་ཆད་ཀྱི་རྟོགས་པ་བཏགས་པ་བར་བཤད་པའི་ཕྱིར་རོ། །དེས་ན་འདི་ཡི་དགོངས་པ་ནི། སྟོང་ཉིད་ཀྱི་བཤད་པའི་སྐབས་སུ་སངས་རྒྱས་ཀྱི་རྡོར་ཏིང་ཡུལ་གང་ལ་ཡང་མི་དམིགས་པར་བཤད་པས་སངས་རྒྱས་ཀྱི་ས་ལ་མཉམ་གཞག་རྡོར་ཏིང་སྣང་མེད་དང༌། རྗེས་ཐོབ་སྣང་བཅས་གཉིས་ལས་ཕྱི་མའི་རྟོག་བཅས་དང་རྟོག་མེད་ཀྱི་ཡེ་ཤེས་བཞི་རྣམས་ནི་ཤེར་ཕྱིན་བཏགས་པ་བ་ཡིན་ལ་སྔ་མ་མཚན་ཉིད་པར་བཞེད་དོ། །གཉིས་པ་ནི། རྒྱན་སྣང་ལས། སངས་རྒྱས་བཅོམ་


JLD017_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། དེ་ཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ན་ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང་མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཏགས་པའོ། །དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། ཞེས་བཤད་པ་ཡིན་ནོ་ཞེས་སོ། །ཚིག་གསལ་དུ་ནི་ངོ་བོ་ཉིད་དང༌། དེ་ལ་བརྟེན་པའི་ཤེར་ཕྱིན་གཉིས་ལས། དང་པོ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཆོས་ཅན་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། མདོ་ལས། ཤེར་ཕྱིན་ཡི་གེ་མ་ཡིན་ཏེ་དེ་ལ་སུ་ཡང་སྟོན་པ་དང་ཉན་པ་དང་ཤེས་པར་བྱེད་པ་མེད་དོ་ཞེས་སོ། །འདི་མ་རྟོགས་ན་ཤེས་རབ་ཡིན་ཀྱང་ཕ་རོལ་ཏུ་ཕྱིན་པར་ག་ལ་འགྱུར། དེའི་ཕྱིར་སེམས་བྱུང་དགེ་བ་ཁྱད་པར་ཅན་གྱི་འདུས་བྱས་ལ་ཤེར་ཕྱིན་དུ་བཞག་པ་ཡང་དེ་རྟོགས་པའི་མཐུས་ཡིན་ནོ། །གཉིས་པ་ནི། རྟེན་དུ་གྱུར་པའི་སྙིང་མེད་ན་བརྟེན་པ་སེམས་མི་གནས་ལ། དེ་མེད་ན་དབང་པོ་དང་བཅས་པའི་ལུས་མི་གནས་པས་སྙིང་དེ་རབ་ཏུ་གཅེས་པ་ལྟར། དེ་བཞིན་ཉིད་མེད་ན་ཡང་མི་རྟོག་པའི་ཡེ་ཤེས་དམིགས་པ་གང་ལ་བརྟེན་ནས་ཀྱང་མི་སྐྱེ་ལ། དེ་མེད་ན་དེ་ཐོབ་པའི་ཆེད་དུ་སྦྱོར་བའི་ལམ་དང་གཞུང་དག་ཀྱང་མེད་པར་འགྱུར་རོ། །དེས་ན་དེ་གསུམ་ཡང་རང་བཞིན་ལ་བརྟེན་པ་


JLD017_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་དག་ལས་ཀྱང་མི་རྟོག་ཡེ་ཤེས་ནི་ཤེར་ཕྱིན་གྱི་གཙོ་བོ་སྟེ། རང་བཞིན་དང་ཐ་མི་དད་པ་དང་ལམ་དང་གཞུང་ཡང་དེའི་ཆེད་དུ་སྦྱོར་བའི་ཕྱིར་རོ་ཞེས་བཤད་ནས་སྔར་གྱི་ལུང་དྲངས་སོ། །འདིས་ཀྱང་ལུང་དེའི་དོན་གཙོ་ཕལ་ལ་འདོད་དོ། །གསུམ་པ་ནི། དག་ལྡན་ལས། ཤེས་པའི་རབ་ཡིན་པས་ན་ཤེས་རབ་སྟེ་སྟོང་པ་ཉིད་ལ་དམིགས་པའི་ཕྱིར་རོ། །ཤེས་རབ་ཀྱང་དེ་ཡིན་ལ་ཕ་རོལ་ཡང་ཡིན་པས་ན་ཤེས་རབ་ཀྱི་ཕ་རོལ་ལོ། །ཕྱིན་པ་ནི་འགྲོ་བ་སྟེ་ཕ་རོལ་ཏུ་སོན་པའོ། །གང་གི་ཕ་རོལ་ཞེ་ན། འཕགས་པ་བྱང་ཆུབ་སེམས་དཔའི་ནི་རྣམ་པར་རྟོག་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནི་དག་པའི་ཡང་ངོ༌། །སྦྱོར་བའི་ལམ་ལ་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེའི་རྒྱུ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ལ་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེའི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། ཞེས་དང༌། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། རྣམ་པར་གཡེང་བའི་རྣམ་པར་རྟོག་པ་བཅུའི་གཉེན་པོའོ་ཞེས་སོ། །འདིས་ནི་ས་བཅུའི་མཉམ་གཞག་རྣམས་ཤེར་ཕྱིན་མཚན་ཉིད་པ་དང་སོ་སྐྱེ་དང་སངས་རྒྱས་ཀྱི་ས་བཏགས་པ་བར་བཞེད་དོ། །དེ་ལྟར་བཞེད་པའི་རྒྱུ་མཚན་ཡང་སེམས་བསྐྱེད་པའི་ལེའུར་འདི་དང༌། འདི་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱ་ཞེས་དུ་མ་ཞིག་གསུངས་པའོ། །དེ་ནས་ཤཱ་རིའི་བུས། ཤེར་ཕྱིན་ལ་ཇི་ལྟར་སྤྱད་པར་བགྱི་ཞུས་པའི་ལན་དུ་སྒྲུབ་པ་ལ་གདམས་པའི་མདོ་བཀའ་སྩལ་ནས་རྣམ་གཡེང་གི་རྣམ་རྟོག་


JLD017_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་གཉེན་པོ་བྱེད་པ་ཞིག་ཤེར་ཕྱིན་ལ་བརྩོན་པར་གསུངས་སོ། །དེས་ན་ཤེར་ཕྱིན་མདོ་ལས་རྟོག་པ་བཅུའི་གཉེན་པོ་མཚན་ཉིད་པར་བཤད་ལ། མོས་སྤྱོད་ཀྱིས་རྟོག་པ་དེ་དག་གི་གཉེན་པོ་བྱེད་མི་ནུས་ཤིང་སངས་རྒྱས་ལ་ཡང་གཉེན་པོའི་བྱ་བ་དང་བྲལ་བའི་ཕྱིར་ཤེར་ཕྱིན་བཏགས་པ་བའོ་སྙམ་དུ་བསམས་སོ། །ཚུལ་འདི་ཡང་ཐེག་བསྡུས་ལས། རྣམ་པར་གཡེང་བ་བཅུ་པོ་འདི་དག་གི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཐའ་དག་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་བཅས་པར་རིག་པར་བྱའོ། ཞེས་པའི་རྗེས་སུ་འབྲངས་པར་མངོན་ནོ། །ཡེ་ཤེས་ཞབས་ཀྱིས་ཤེས་རབ་ནི་སྤྱིར་ན་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ནོ། །དེའི་ཕ་རོལ་ནི་མོས་པ་སྤྱོད་པའི་གནས་སྐབས་ན་ནི་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པ་ཡིན་ནོ། །རབ་ཏུ་དགའ་བ་ལ་སོགས་པའི་གནས་སྐབས་ན་ནི་རྟོག་པ་ཐམས་ཅད་ཀྱིས་དབེན་པ་ཡིན་ནོ། །དེ་ལྟ་བས་ན་གང་དག་དེ་ལྟ་བུའི་ཕ་རོལ་དེའི་བདག་ཉིད་དུ་གྱུར་པ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་གསུངས་སོ། །བི་མ་ལ་མི་ཏྲས་ནི། དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་རྣམ་པར་དག་པའི་མཚན་ཉིད་ཆོས་ཀྱི་སྐུ་ཡིན་ནོ། །དེ་ལས་གཞན་པ་ནི། སེམས་བསྐྱེད་པ་དང༌། གོ་ཆ་དང༌། འཇུག་པ་དང༌། ཚོགས་དང༌། ངེས་པར་འབྱུང་བའི་སྒྲུབ་པའི་མཚན་ཉིད་རྒྱུའི་བདག་ཉིད་དོ། ཞེས་


JLD017_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེ་ལ་གང་གི་ཚེ་རྒྱུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱ་ན་ནི་ཡུལ་གྱི་བདུན་པ་ཡིན་ནོ། །གང་གི་ཚེ་འབྲས་བུ་ལ་བྱ་ན་ནི་རྒྱུ་མཚན་གྱི་བདུན་པ་ཡིན་ནོ། ཞེས་སོ། །དེས་ན་དོན་དམ་པའི་ཤེར་ཕྱིན་ནི་འབྲས་བུ་དང་གཞན་རྣམས་རྒྱུའི་ཤེར་ཕྱིན་དུ་མཛད་ནས་སྔ་མ་ལ་བྱེད་ན། རྒྱུ་མཚན་གྱི་བདུན་པ་ཞེས་པ་ནི་ཤིང་གི་ཆེད་དུ་ཆུ་འདྲེན་པ་ལ་དེ་ལ་ཆུ་འདྲེན་ཞེས་པ་ལྟར་དགོས་ཆེད་ཡིན་ལ། ཕྱི་མ་ལ་བྱེད་ན། ཡུལ་གྱི་བདུན་པ་ཞེས་པ་ནི་ཤིང་ལ་བྱ་གནས་ཞེས་པ་ལྟར་གནས་གཞི་ཡིན་ནོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་ཞེས་པའི་དོན་འབྲེལ་བའི་ཚུལ་ཡིན་ནོ། །དེ་ལྟར་ན་འདི་དང་སྔ་མ་གཉིས་ཀ་ཡང་སློབ་ལམ་ན་ཤེར་ཕྱིན་མཚན་ཉིད་པ་བཞེད་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་འདོད་པ་ཐ་དད་པ་དེ་དག་ལས་འདིར་གང་ཞིག་གཟུང་ཞེ་ན། དེ་ལ་ཕྱོགས་གླང་དང་སློབ་དཔོན་གྱི་བཞེད་པ་སྔོན་དང་ཕྱིས་ཀྱི་ཊཱིཀ་བྱེད་ཁ་ཅིག་གཞུང་ལམ་བཏགས་པ་བ་དང་འབྲས་བུ་ཤེར་ཕྱིན་མཚན་ཉིད་པ་ཡིན་པས་སློབ་ལམ་ན་ཤེར་ཕྱིན་ཡོད་པར་བཤད་པ་བཏགས་པ་བ་ལ་དགོངས་ཤིང་མཚན་ཉིད་པ་སངས་རྒྱས་ས་ན་ཡོད་པར་བཞེད་དོ། །དགོངས་པ་བཙལ་ན་ནི་མཚན་བཏགས་ཀྱི་དོན་དུ་མི་སྣང་གི་གཙོ་ཕལ་ལ་བཞེད་པར་སྣང་སྟེ། བརྒྱད་སྟོང་དོན་བསྡུས་ཀྱི་འགྲེལ་པ་ལས། འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་དོན་རྣམ་པ་གཉིས་སུ་བསྟན་ཏེ། གཙོ་བོ་དང་ཕལ་པའོ། །དེ་ལ་གཙོ་བོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཕལ་པ་ནི་གཞུང་དང་ལམ་


JLD017_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རང་བཞིན་ནོ། ཞེས་དང༌། རྒྱན་སྣང་ལས་ཀྱང༌། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། ཞེས་བྱ་བའི་ཚུལ་གྱིས་གཙོ་བོར་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་པས་སོ། །དེ་ལྟ་ན་ཡང་གཞུང་སྟོང་ཕྲག་བརྒྱ་པ་ལྟ་བུ་ནི་སྔར་བཤད་པ་ལྟར་གདུལ་བྱའི་རྒྱུད་ཀྱི་རྣམ་རིག་མིང་ཚིག་ཏུ་སྣང་བ་ཙམ་ཡིན་པས་ཤེར་ཕྱིན་མཚན་ཉིད་པ་མིན་ནོ། །དེས་ན་ལམ་ནི་ཕལ་པ་ཡིན་ཀྱང་མཚན་ཉིད་པར་མི་འགལ་ཏེ་མི་ཕལ་བ་བཞིན་ནོ། །འོ་ན་ལམ་ཇི་ལྟ་བུ་ཞིག་ལ་འདོད་ཅེ་ན། འདི་ལ་གསུམ། ཤེར་ཕྱིན་གྱི་མཚན་ཉིད། ས་མཚམས། ངེས་ཚིག་གོ །དང་པོ་ལ་གཉིས། གང་ལ་བརྟེན་པའི་མཚན་གཞི། དེ་ལ་བརྟེན་པའི་མཚན་ཉིད་དོ། །དང་པོ་ནི། ཁ་ཅིག་ཐེག་པ་གསུམ་གྱི་ལམ་ལྔ་ཀ་ཤེར་ཕྱིན་མཚན་ཉིད་པར་སྨྲ་བ་ནི། ཤེར་ཕྱིན་ལ་བསྟོད་པ་ལས། སངས་རྒྱས་རྣམས་དང་རང་སངས་རྒྱས། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི། །ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ། །གཞན་ཞེས་བགྱི་བ་མ་མཆིས་ངེས། ཞེས་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་འདོད་པ་ལྟར་ན་དེ་ལ་ཤེར་ཕྱིན་ཡོད་པ་མི་འགལ་ཡང་བྱམས་ཆོས་རྣམས་ཀྱི་སྒྲས་ཟིན་ཚོད་དང༌། འཕགས་པ་དང་སློབ་དཔོན་གྱིས་ཉན་རང་གིས་ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པར་མ་བཤད་ཅིང་མི་བཞེད་པས་འདིར་ཁས་མི་བླང་ངོ༌། །དེས་ན་ཐེག་ཆེན་གྱི་འཕགས་ལམ་གསུམ་གྱིས་ཆོས་ཐམས་


JLD017_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རང་བཞིན་མེད་པར་རྟོགས་པའི་ཆ་རྣམས་མཚན་གཞིར་གཟུང་ངོ༌། །གཉིས་པ་ནི། ཆོས་ཐམས་ཅད་སྤྲོས་བྲལ་དུ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་གང་མི་གནས་པའི་མྱང་འདས་སུ་ཕྱིན་པའམ་ཕྱིན་བྱེད་དོ། །དེ་ལྟར་ཡང་ཡུམ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། ཞེས་དང༌། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། ཞེས་སོ། །གཉིས་པ་ལ་གཉིས། བཏགས་པའི་མཐའ་དགག །གནས་པའི་དོན་དགོད་པའོ། །དང་པོ་ནི། ཁ་ཅིག་ན་རེ་སློབ་ལམ་རྣམས་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་ཡོད་པས་ཤེར་ཕྱིན་ནི་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་དེ། དེའི་དོན་ནི་ཤེས་པ་རབ་ཀྱི་མཐར་ཕྱིན་ཡིན་པས་སོ། ཞེས་ཟེར་རོ། །འདི་མི་འཐད་དེ། དེ་ལྟ་ན་ཕར་ཕྱིན་གཅིག་ཀྱང་སློབ་ལམ་ན་མེད་དགོས་པས། ཤེར་ཕྱིན་གཅིག་པུའི་ས་མཚམས་སུ་མ་ཟད་ཕར་ཕྱིན་ཐམས་ཅད་ཀྱི་ས་མཚམས་ཀྱང་དེ་ལྟར་འདོད་པར་གྱིས་ཤིག །དེ་ཡང་འདོད་སྙམ་ན། བྱང་འཕགས་ཀྱི་ཐབས་ཤེས་གཉིས་བསླབ་པ་གསུམ་ཚོགས་གཉིས་ཐམས་ཅད་ཀྱང་ཕྱིན་དྲུག་ལ་འཇོག་པས་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ས་ཁོ་ནར་ཁས་ལོངས་ཤིག །ཤེར་ཕྱིན་མེད་པའི་ཕྱིར་ཕར་ཕྱིན་དང་པོ་ལྔ་ཡང་མེད་དགོས་ཏེ། དང་པོ་ལྔར་ཕར་ཕྱིན་གྱི་མིང་འཐོབ་པ་ཆོས་རང་བཞིན་མེད་རྟོགས་


JLD017_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤེར་ཕྱིན་ཀྱིས་ཟིན་པའི་མཐུ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཡུམ་ལས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བྲལ་ན་འཁོར་བསྒྱུར་གྱི་མིང་མི་འཐོབ་བོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེར་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། ཞེས་སོ། །ཡང་སློབ་ལམ་ན་བླ་མེད་བྱང་ཆུབ་ཏུ་བགྲོད་པ་དང་སྦྱིན་སོགས་ལྔ་རྣམ་མཁྱེན་དུ་མ་ནོར་བར་འཁྲིད་བྱེད་ཀྱི་འཕགས་ལམ་མེད་པ་དང༌། ཕར་ཕྱིན་བཅུ་རྫོགས་པས་ས་བཅུ་རྫོགས་པ་མི་འཐད་པར་འགྱུར་ཏེ། ཤེར་ཕྱིན་མེད་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། སྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། ཞེས་དང༌། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། ཞེས་འབྱུང་ལ་ཕྱི་མ་ནི་གཞུང་ཉིད་ལས་གསལ་ལོ། །གལ་ཏེ་དེ་དག་བཏགས་པ་བ་ལ་དགོངས་སོ་ཞེ་ན། མི་འཐད་དེ། དངོས་ལ་གནོད་བྱེད་མེད་པའི་ཕྱིར་ཏེ། ལུང་གིས་དངོས་བཏགས་སུ་གསུངས་པའི་དོན་ནི་བཤད་ཟིན་ལ། སློབ་ལམ་རྣམས་ལ་གོང་དུ་འགྲོར་ཡོད་པས་ཤེར་ཕྱིན་མིན་པའི་རིགས་པས་གནོད་པ་ཡང་མིན་ཏེ། དེ་ལྟ་ན་ཕར་ཕྱིན་དང་པོ་ལྔ་ལ་ཡང་གསུངས་པར་འགྱུར་རོ། །འདོད་པར་


JLD017_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་ནུས་ཏེ། གཞན་དུ་ན་སློབ་ལམ་ན་སྤྱད་པར་བྱ་བའི་ཕར་ཕྱིན་མེད་པས་སྤྱོད་པ་པོ་བྱང་འཕགས་མེད་པར་ཧ་ཅང་ཐལ་ལོ། །དེ་ལྟར་སློབ་ལམ་ན་ཤེར་ཕྱིན་ཡོད་པར་ཐེག་བསྡུས་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་མི་གནས་པའི་ཚུལ་གྱིས་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། ཞེས་སོ། །དེ་ལྟར་ན་སློབ་ལམ་དང་ཤེར་ཕྱིན་འགལ་བར་འདོད་པ་དག་གིས་བདེ་བར་གཤེགས་པ་ཀུན་གྱི་གཤེགས་ཤུལ། རྒྱལ་བ་རྣམས་ཀྱི་ཟག་མེད་ཀྱི་ཕུང་པོ་སྐྱེད་བྱེད། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐར་ལམ་ཚོལ་བའི་མིག་གཅིག་པུ་དེ་ཉིད་སྤངས་པས། དེ་བཞིན་གཤེགས་པ་རྣམས་ཀྱི་ཡུམ་འཚོ་བ་དང་ཕྲལ་ཞིང་རྒྱལ་སྲས་རྣམས་ཀྱི་མིག་ཉམས་པར་བྱས་པ་ཡིན་ནོ། །གཉིས་པ་ནི། སྤྱིར་བསྟན་བཅོས་རྣམས་ལ་འདོད་པ་དུ་མ་ཡོད་པས་དེ་དག་ཕྱོགས་གཅིག་ཏུ་སྒྲིག་མི་ནུས་པས་རང་གང་འཆད་པའི་གཞུང་དེ་ཉིད་ཚད་མར་བྱེད་དགོས་སོ། །དེ་ལ་རྒྱན་འདིར་ས་དྲུག་པར་ཕྱིན་དྲུག་རྫོགས་པས་སྤང་བྱ་དྲུག་སྤངས་པ་དང༌། ཚུ་རོལ་ཕ་རོལ་མཐའ་ལ་མིན། ཞེས་སོགས་འབྱུང་བས་སློབ་ལམ་ན་ཤེར་ཕྱིན་མཚན་ཉིད་པ་ཡོད་ལ། ཡུམ་བར་མ་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་གཉིས་གསུངས་པ་ལྟར། དབུ་མ་


JLD017_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པ་ལས་ཀྱང་བཤད་པའི་ཕྱིར། ལམ་དང་པོ་གཉིས་ལ་ཕར་ཕྱིན་གྱི་སྒྲ་འཇུག་ཀྱང་མཚན་ཉིད་པ་མིན་ནོ། །དེས་ན་རྗེ་བཙུན་གྱི་གཞུང་དང་དེ་འགྲེལ་པ་ལ་ཚད་མར་གྱུར་པའི་ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྩོད་མེད་རྣམས་སུ་སློབ་ལམ་དུ་ཤེར་ཕྱིན་ཡོད་པར་བཤད་པ་མ་གཏོགས་མེད་པར་བཤད་པ་མེད་ལ། འདིའི་རྩ་བའི་མདོ་རྣམས་སུ་ཡང་ཤེར་ཕྱིན་བྱང་སེམས་ཀྱི་ཁྱད་ཆོས་སུ་དུ་མ་ཞིག་གསུངས་པས་དེའི་རྗེས་སུ་འབྲངས་ནས་བཤད་དོ། །གསུམ་པ་ནི། མདོ་རྒྱན་ལས། དོན་དམ་ཤེས་པའི་ཕྱིར་བཤད་དོ། ཞེས་དང་། ཤཱནྟི་པས་ཀྱང༌། ཤེས་པའི་རབ་ཡིན་པས་ན་ཤེས་རབ་སྟེ་སྟོང་པ་ཉིད་ལ་དམིགས་པའི་ཕྱིར་རོ། ཞེས་དང༌། ཤེར་སྙིང་རྒྱ་འགྲེལ་ལས་ཀྱང༌། ཀུན་དགའ་བོ་ཤེས་རབ་གང་གིས་དགེ་བའི་རྩ་བ་རྣམས་བསྔོ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་དེ་དམ་པ་ཡིན་ནམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དམ་པ་ལགས་སོ། །བདེ་བར་གཤེགས་པ་དམ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་བས་ན་དམ་པ་ཡིན་པའི་ཕྱིར་ཤེར་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་པར་འགྱུར་རོ། ཞེས་གསུངས་སོ། །དེ་ལས་གཞན་ལ་ནི་ངེས་པའི་ཚིག་རིགས་པ་མ་ཡིན་ཞིང་སྒྲ་སྦྱར་བ་ཡང་དཀའ་ལ་བཅོམ་ལྡན་འདས་ཀྱི་ངེས་པའི་ཚིག་དང་ཡང་འགལ་བར་འགྱུར་རོ། ཞེས་སོ། །དེས་ན་ཆོས་རབ་ཏུ་རྣམ་འབྱེད་ལ་བཤད་ཀྱང་ཤེར་ཕྱིན་ལ་གཙོ་བོ་ཡིན་པས་བརྗོད་ཀྱི་


JLD017_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བྱུང་ཤེས་རབ་ཁོ་ནར་འདོད་པར་མི་བྱའོ། །གཉིས་པ་ལ་ལྔ། དངོས་བརྒྱད་ཀྱི་མཚན་ཉིད། གྲངས་ངེས་པ། གོ་རིམས་ངེས་པ། ས་མཚམས། ཟློས་པ་སྤང་བའོ། །དང་པོ་ལ་བརྒྱད་ཀྱི་དང་པོ་རྣམ་མཁྱེན་ནི། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མ་ལུས་པ་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་མཁྱེན་པའོ། །དེ་ལྟར་ཡང་མདོ་ལས། རྣམ་པ་གང་དག་ཅེས་སོགས་དང་རྣམ་པ་ནི་ཞི་བའོ་ཞེས་གསུངས་པས་རིམ་པ་ལྟར་ཀུན་རྫོབ་དང་དོན་དམ་པའི་རྣམ་པ་མཁྱེན་པར་བསྟན་ཏོ། །དབྱེ་ན་ཇི་ལྟ་ཇི་སྙེད་ཀྱི་རྣམ་མཁྱེན་གཉིས་སོ། །གཉིས་པ་ལམ་ཤེས་ཉིད་ནི། ལམ་གསུམ་རང་བཞིན་མེད་པར་རྟོགས་ཤིང་རྫོགས་སྨིན་སྦྱངས་ནས་ཡང་དག་མཐའ་མངོན་དུ་བྱེད་པའི་སློབ་ལམ་མོ། །དབྱེ་ན་ལམ་ཤེས་པའི་ལམ་ཤེས་གསུམ་མོ། །གསུམ་པ་ཐམས་ཅད་ཤེས་པ་ཉིད་ནི། གཞི་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པར་རྟོགས་པའི་ཉི་ཚེ་བའི་མཁྱེན་པའོ། །དབྱེ་ན་ཉན་རང་གི་གཞི་ཤེས་གཉིས་སོ། །དེ་ནས་ཞེས་པ་བརྒྱད་པོ་འདིའི་གོ་རིམས་སྟོན་པའི་ཚིག་གོ །བཞི་པ་རྣམ་ཀུན་མངོན་རྫོགས་རྟོགས་པ་ནི། མཁྱེན་གསུམ་གྱི་རྟོགས་པ་ལ་རང་དབང་ཐོབ་པར་བྱ་བའི་ཕྱིར་དུ་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པའི་སེམས་དཔའི་རྣལ་འབྱོར་རོ། །དབྱེ་ན་སྦྱོར་བ་ཉི་ཤུའོ། །ལྔ་པ་རྩེ་མོར་ཕྱིན་པ་ནི། རྣམ་རྫོགས་སྦྱོར་བ་ལ་བརྟེན་ནས་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པ་ལ་དབང་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་རོ། །དབྱེ་ན་རྩེ་མོ་བདུན་ནོ། །དྲུག་པ་མཐར་གྱིས་པ་ནི། མཁྱེན་གསུམ་གྱི་ཤེས་རྣམ་ཅིག་ཅར་དུ་


JLD017_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་རྟོགས་པ་བརྟན་པོར་བྱ་བའི་ཕྱིར་མཁྱེན་གསུམ་གྱི་རྣམ་པ་རྣམས་རིམ་གྱིས་སྒོམ་པའི་སེམས་དཔའི་རྣལ་འབྱོར་རོ། །དབྱེ་ན་མཐའ་གྱིས་པ་བཅུ་གསུམ་མོ། །བདུན་པ། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ནི། མཁྱེན་གསུམ་རིམ་གྱིས་སྒོམ་པ་མཐར་ཐུག་པའི་སེམས་དཔའི་རྣལ་འབྱོར་རོ། །ལྡོག་པས་དབྱེ་ན་བཞིའོ། །བརྒྱད་པ་ཆོས་ཀྱི་སྐུ་ནི། སྦྱོར་བ་བསྒོམས་པའི་འབྲས་བུ་མཐར་ཐུག་ཟག་མེད་ཀྱི་ཡན་ལག་དུ་མ་དང་ལྡན་པ་སྟེ། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་ཡིན། ཞེས་སོ། །དེའི་དོན་ནི། དེའི་དཀའ་འགྲེལ་དུ་ལུས་ནི་ཚོགས་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་ནི་ཆོས་རྣམས་ཀྱི་ཚོགས་ཞེས་བྱ་སྟེ་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་རོ། །ཅིའི་ཕྱིར་རྒྱུ་ཉིད་ཡིན་སྙམ་པ་ལ་བཤད་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་རོ་ཞེས་དང༌། དེ་ལྟ་བས་ན་འདིས་ནི་ཆོས་ཞེས་བྱ་བའི་སྒྲ་ནི་རིགས་པར་བརྗོད་པ་ཡིན། སྐུ་ཞེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་དུ་བརྗོད་པ་ཡིན་ནོ་ཞེས་སོ། །དབྱེ་ན་སྐུ་བཞིའོ། །དེ་རྣམ་བརྒྱད་ནི་ཚིག་ངེས་གཟུང་གི་སྙིང་པོ་ཅན་ནོ་ཞེས་པའི་ཚུལ་གྱིས་མངོན་རྟོགས་ནི་བརྒྱད་པོ་འདིར་ངེས་ཀྱི་མ་ཚང་བ་དང་ལྷག་པ་ནི་མིན་ནོ་ཞེས་པའོ། །གཉིས་པ་ནི། ཅིའི་ཕྱིར་དངོས་པོ་བརྒྱད་དུ་ངེས་ཤེ་ན། གང་ཟག་གཅིག་འཚང་རྒྱ་བ་ལ་ཤེས་


JLD017_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཡུལ་དང་ཉམས་སུ་ལེན་པའི་ལམ་དང༌། འབྲས་བུ་གསུམ་དུ་གྲངས་ངེས་ལ། དེ་ཡང་དང་པོ་ལ་མཁྱེན་གསུམ་དང༌། གཉིས་པ་ལ་སྦྱོར་བཞི་དང༌། གསུམ་པ་ལ་ཆོས་སྐུ་ངེས་པའི་ཕྱིར་ཏེ། དོན་བསྡུས་སྒྲོན་མེར། ཤེས་བྱའི་ཡུལ་དུ་མཁྱེན་པ་གསུམ། །སྒོམ་པའི་དུས་སུ་སྦྱོར་བ་བཞི། །འབྲས་བུའི་མཐར་ཐུག་ཆོས་ཀྱི་སྐུ། ཞེས་པ་ལྟར་རོ། །འོ་ན་ཤེས་བྱ་ལ་མཁྱེན་གསུམ་དུ་ངེས་པ་ཅི་ཞེ་ན། དཔེར་ན་ཚོང་པ་ཚོང་གི་ཁེ་ཐོས་ན་དེའི་ཐབས་ལ་འཇུག་པ་ལྟར། དང་པོར་འབྲས་བུ་ལ་བྲོད་པ་སྐྱེད་པའི་དོན་དུ་རང་གཞན་གྱི་དོན་གཉིས་དང་ལྡན་པའི་རྣམ་མཁྱེན་བསྟན་ཏོ། །དེ་ཐོས་ན་དེའི་ཐབས་ལ་འཇུག་པས་དེའི་ཐབས་ལ་ལམ་ཤེས་དང༌། དེའི་གོལ་ས་ཤེས་པ་ཡང་གཞི་ཤེས་ལ་རག་ལས་པས་དེ་ནས་གཞི་ཤེས་བསྟན་ཏེ། དེ་ཉིད་ལས། ཐོས་བསམ་དུས་སུ་འབྲས་བུ་དང༌། །རྒྱུ་དང་མི་མཐུན་ཕྱོགས་དག་ཏུ། །གཏན་ལ་ཕབ་པ་རྫོགས་པ་ཡིན། ཞེས་སོ། །འོ་ན་ཉམས་ལེན་ལ་སྦྱོར་བཞིར་ངེས་པ་ཅི་ཞེ་ན། མཁྱེན་གསུམ་གཏན་ལ་ཕབ་པ་ཙམ་གྱིས་མི་ཆོག་པས་དེ་ཉམས་སུ་ལེན་དགོས་ལ། དེ་ལ་ཡང་ལམ་གྱི་རྟོགས་པར་རང་རྒྱུད་ལ་མ་སྐྱེས་པ་སྐྱེད་པར་བྱེད་པ་དང་སྐྱེས་ཟིན་ཁྱད་པར་དུ་བྱེད་པ་གཉིས་སུ་ཡོད་པས་བཞིར་ངེས་ཏེ། རྣམ་ཀུན་ནི་མ་ཐོབ་པ་ཐོབ་བྱེད་ཡིན་ལ། རྩེ་མོ་ནི་ཐོབ་པའི་སྐབས་དང༌། མཐར་གྱིས་པ་ནི་ཐོབ་ཟིན་ཁྱད་པར་ཅན་དུ་སྐྱེད་བྱེད་དང༌། སྐད་ཅིག་མ་ནི་དེ་གྲུབ་པའི་སྐབས་ཙམ་ཡིན་པས་སོ། །འོ་ན་རྒྱུ་འབྲས། སྐོར་གཅིག་གིས་ཆོག་མོད་གཉིས་ཀྱིས་ཅི་བྱ་ཞེ་ན། དབང་དུ་བྱེད་པ་རྒྱུ་


JLD017_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་མེད་ན་འབད་མེད་ལྷུན་གྲུབ་ཀྱི་ཆོས་སྐུ་མི་འཐོབ་ལ། བརྟན་པ་རྒྱུ་འབྲས་མེད་ན་ཆོས་གཅིག་མངོན་དུ་བྱས་པ་ན་ཐམས་ཅད་མངོན་དུ་བྱེད་པའི་རྣམ་མཁྱེན་མི་འཐོབ་པས་གཉིས་ཀ་དགོས་སོ་ཞེས་སྔོན་གྱི་མཁས་པ་དག་འཆད་དོ། །འདི་ལྟར་ཡང་བཤད་ནུས་ཏེ། རྟོགས་པ་རྒྱུད་ལ་མ་སྐྱེས་ན་ཤེས་པ་ཙམ་གྱིས་སྤང་བྱ་འཇོམས་མི་ནུས་པས་དེ་སྐྱེད་པའི་ཐབས་རྣམ་ཀུན་དང༌། རྒྱུད་ལ་སྐྱེས་ནས་དབང་དུ་གྱུར་པ་ཉིད་རྩེ་མོ་ཡིན་པའི་ཕྱིར་རོ། །རྒྱུད་ལ་སྐྱེས་པ་དེ་ཡང་ཡིད་ལ་དམིགས་རྣམ་གསལ་བར་གསོས་མ་བཏབ་ན་སྐྱེད་པ་ཙམ་གྱིས་ལམ་མཐར་ཕྱིན་པར་མི་ནུས་པས་དེ་ལ་ནི་མཐར་སྐད་གཉིས་དགོས་ཏེ་རྒྱུ་འབྲས་ཡིན་པའི་ཕྱིར་རོ། །དེས་ན་བཞིར་ངེས་སོ་ཞེས་ཀྱང་བྱའོ། །དེ་ཉིད་ལས། སྒོམ་པའི་དུས་སུ་སྦྱོར་བ་དང༌། །གནས་སྐབས་འབྲས་བུ་བརྟེན་བྱེད་དང༌། །རྒྱུ་ཡི་མཐར་ཐུག་དག་གིས་རྫོགས། ཞེས་སོ། །མཐར་གྱིས་པས་མཁྱེན་གསུམ་རིམ་གྱིས་སྒོམ་པའི་དོན་ནི། སྦྱིན་པ་ལྟ་བུ་གཅིག་ཀྱང་ཚུལ་ཁྲིམས་ལ་སོགས་པའི་དཀར་ཆོས་གཞན་དང་རིམ་པ་ལྟར་སྦྲེལ་ནས་ཉམས་སུ་ལེན་པའོ། །སྐད་ཅིག་མ་ནི། དེ་ལྟར་ཡིད་ལ་བྱེད་པ་རིང་དུ་འདྲིས་པས་ཟད་མེད་གཅིག་མངོན་དུ་བྱས་པ་ན་ཐམས་ཅད་མངོན་དུ་བྱེད་ནུས་པ་སྟེ་མཐར་ཐུག་པའི་སྐབས་སོ། །རྣམ་ཀུན་ནི། གཙོ་བོར་མཉམ་གཞག་ན་སྙིང་པོའི་དོན་ལ་གོམས་པར་བྱས་ནས་མངོན་རྟོགས་སྐྱེད་བྱེད་ཡིན་ལ། མཐར་གྱིས་པ་ནི། གཙོ་


JLD017_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བོར་རྗེས་ཐོབ་ན་སྐྱེས་པ་དང་མ་སྐྱེས་པའི་མངོན་རྟོགས་ཡིད་ལ་བྱེད་པའི་སྒོམ་ཡིན་ནོ། །དེ་ལྟར་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སྦྱོར་བས་ཉམས་སུ་བླངས་པའི་འབྲས་བུ་ནི་ཆོས་སྐུ་གཅིག་པུར་ཟད་པས་གྲངས་ངེས་སོ། །གསུམ་པ་ནི། དོན་བསྡུས་སྒྲོན་མེར། གོ་རིམས་སྐྱེ་བའི་རིམ་པ་སྟེ། །དང་པོ་ཐོས་བསམ་བྱེད་པས་ན། །དེ་ཡི་ཡུལ་ནི་སྔོན་དུ་བཤད། །དེ་ཡང་དང་པོ་འབྲས་ཤེས་བྱེད། །དེ་ནས་རྒྱུ་དང་སྤང་བྱ་དག །རིམ་པ་བཞིན་དུ་གཏན་ལ་འབེབས། །སྦྱོར་བ་བཞི་ཡི་རིམ་པ་ཡང༌། །རྣམ་ཀུན་མངོན་རྫོགས་ཚོགས་ལམ་ནས། །ཡོད་པས་དང་པོར་བསྟན་པ་ཡིན། །དེ་ནས་གསུམ་པོ་རིམ་བཞིན་སྐྱེ། །དེ་ལྟར་དེ་ནི་གོ་རིམས་སོ། ཞེས་འབྱུང་ཡང་སྔོན་གྱི་མཁས་པ་རྣམས་ཀྱིས་མཁྱེན་གསུམ་བཤད་པ་དང་སྦྱོར་བཞི་དང་ཆོས་སྐུ་དོན་གྱི་རིམ་པའོ་ཞེས་གསུང་བ་ཉིད་འཐད་དོ། །དེ་ལ་བཤད་པའི་རིམ་པ་ནི་རིམ་པ་དེ་ལྟར་བཤད་ན་ཉན་པ་པོ་རྣམས་ཀྱིས་རྟོགས་སླ་བ་གཅིག་ཡིན་ལ། དོན་གྱི་རིམ་པ་ནི་རྒྱུ་འབྲས་ཀྱི་རིམ་པ་ཡིན་ནོ། །དེ་ལ་རྣམ་ཀུན་དང་རྩེ་མོ་ནི་རྒྱུ་འབྲས་ཡིན་ལ། རྩེ་མོ་དང་མཐར་གྱིས་པ་ནི་རྩེ་མོ་ཐོབ་པས་མཐར་གྱིས་པ་སྒོམ་པར་སློབ་དཔོན་གྱིས་བཤད་ཀྱང་བསམ་པས་འཕངས་པའི་འབྲས་བུ་མིན་ནོ། །བཞི་པ་ལ་གསུམ། མཁྱེན་གསུམ། སྦྱོར་བཞི། ཆོས་སྐུའི་ས་མཚམས་སོ། །དང་པོ་ནི། བྱང་སེམས་ལ་གཞི་ཤེས་དང་ལམ་ཤེས་དང་སངས་རྒྱས་ལ་མཁྱེན་པ་གསུམ་ག་མཚན་ཉིད་པ་ཡོད་པར་སྨྲ་བ་ནི་མི་འཐད་དེ།


JLD017_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བརྗོད་དུ་མཁྱེན་གསུམ་གྱི་རྟེན་དང་བྱེད་ལས་མི་འདྲ་བར་གསུངས་ཤིང༌། ལུས་རྣམ་གཞག་ཏུ་ཡང་། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། ཅེས་དང༌། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། ཅེས་དང༌། ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། ཅེས་རྟེན་ངེས་པ་ཅན་དུ་མཛད་པ་དང༌། མདོ་ལས་ཀྱང༌། རྟེན་སོ་སོའི་རྒྱུད་དང་འབྲེལ་བར་གསུངས་པའི་ཕྱིར་རོ། །དེས་ན་བྱང་སེམས་དང་སངས་རྒྱས་ལ་གཞི་ཤེས་ཡོད་པར་གསུངས་པ་ནི་གཉེན་པོ་གཞི་ཤེས་ལ་དགོངས་ཤིང་དེ་ནི་སྤང་བྱའི་སྒོ་ནས་མིང་བཏགས་པའོ། །བྱང་སེམས་ལ་རྣམ་མཁྱེན་གྱི་སྦྱོར་བ་བཤད་པ་ནི་དེའི་རྒྱུ་ལ་དགོངས་ཤིང༌། མཁྱེན་གསུམ་གྱི་མཚན་ཉིད་སོགས་བཤད་པ་ནི་སྐྱེ་མེད་གསུམ་སྒོམ་པའི་རྣལ་འབྱོར་ཡོད་པ་ལ་དགོངས་ལ། སངས་རྒྱས་ལ་མཁྱེན་གསུམ་གྱི་མཚན་ཉིད་སོགས་བཤད་པ་ནི་གཞི་གཉེན་རྣམ་པ་གསུམ་ཇི་ལྟ་བ་བཞིན་རྟོགས་པ་ཙམ་ལ་དགོངས་ཀྱི་མཚན་ཉིད་པ་མིན་ཏེ། དཔེར་ན་འཁྲུལ་པའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་ཡིན་ཀྱང་འཁྲུལ་ཤེས་སུ་མི་འགྲོ་བ་བཞིན་ནོ། །དེའི་ཕྱིར་རྟེན་ངེས་ལ་དེ་ཡང་ཐེག་པ་གསུམ་གྱི་ཚོགས་ལམ་ནས་བཟུང་སྟེ་མི་སློབ་ལམ་གྱི་བར་དུ་གཞི་ཤེས་དང་ལམ་ཤེས་གཉིས་སུ་བཞག་གོ །གང་དག་གཞི་ཤེས་དང་ལམ་ཤེས་ལ་འཕགས་པའི་རྟོགས་པས་ཁྱབ་པར་སྨྲ་བའི་ཤེས་བྱེད་དྲངས་པ་རྣམས་མི་འགྲོ་བ་དང༌། དེ་


JLD017_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་བྱེད་བསྟན་པ་ནི། ཡུམ་ངོས་བཟུང་བའི་སྐབས་སུ་རྒྱས་པར་བརྗོད་ཟིན་ལ། མཁྱེན་པ་དང་པོ་གཉིས་འཕགས་པའི་རྟོགས་པ་མིན་ན་རྣམ་མཁྱེན་ཀྱང་དེ་མིན་པ་མཚུངས་པར་སྨྲ་བས་ནི་དེ་གཉིས་ཀུན་མཁྱེན་གྱི་རྟོགས་པར་ཡང་འདོད་དགོས་ཏེ། རྣམ་མཁྱེན་དེ་ཡིན་པས་སོ། །ཡུམ་གསུམ་གནོད་འཇོམས་ལས་ཀྱང་ལམ་ཤེས་ཚོགས་སྦྱོར་ན་ཡོད་པར་བསྟན་ཏེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་ནི་འདི་ལ་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་ནས་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ་ས་ཆོས་ཀྱི་སྤྲིན་ལ་ཐུག་གི་བར་དུ་ཀུན་ཏུ་འགྲོ་བའི་དོན་དང་མཆོག་གི་དོན་ལ་སོགས་པ་རབ་ཏུ་རྟོགས་པས་དེ་བཞིན་ཉིད་རྣམ་པར་སྦྱོང་བ་ལ་ཞུགས་པ། གནས་གྱུར་པའི་རྒྱུར་གྱུར་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པའི་ཤེས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱེད་པ་སྟེ། ལམ་གྱི་རྣམ་པས་འཇུག་པའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། ཞེས་སོ། །གཞི་ཤེས་མཚན་ཉིད་པ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་པར་ཡང་ཡེ་ཤེས་ཞབས་ཀྱིས། འདི་མན་ཆད་ནི་བྱང་ཆུབ་གཞན་ཤེས་པར་བྱས་ནས་སྤང་བར་བྱ་དགོས་པས་ཐམས་ཅད་ཤེས་པ་ཉིད་ཀྱི་མཚན་ཉིད་དེ་ཞེས་སོ། །དེས་ན་འཕགས་པ་དང་སློབ་དཔོན་གྱིས་མཁྱེན་གསུམ་དུ་མངོན་རྟོགས་མཐའ་དག་འདུས་པའི་ཤེས་བྱེད་དུ་ཡུམ་བར་མ་དྲངས་པའི་དགོངས་པ་ཡང་ཐེག་པ་གསུམ་གྱི་ལམ་ཐམས་ཅད་མཁྱེན་གསུམ་དུ་


JLD017_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཚུལ་གྱིས་བསྡུ་བར་བཞེད་ནས་ཡིན་ནོ། །ལམ་ཤེས་ལ་ནི་སེམས་བསྐྱེད་སྔོན་དུ་འགྲོ་དགོས་པས་དེའི་སྐད་ཅིག་གཉིས་པ་ནས་ལམ་ཤེས་འདོད་པར་བྱའོ། །མདོར་ན་གཞི་ཤེས་དང་ལམ་ཤེས་ལ་འཕགས་པའི་རྟོགས་པས་ཁྱབ་པར་རྒྱན་གྱི་འགྲེལ་པ་གང་ནས་ཀྱང་མ་བཤད་དོ། །འོ་ན་གནོད་འཇོམས་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པའི་སར་གཏོགས་པ་ས་བཅུའི་རིམ་པས་ངེས་པར་འབྱུང་བ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་གྱི་བདག་ཉིད་ཀྱི་ཡེ་ཤེས་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། ཞེས་བྱ་བ་ཐམས་ཅད་མི་རྟག་པ་ལ་སོགས་པའི་རྣམ་པར་འཇུག་པ་བསྒོམས་པའི་རྒྱུ་ལས་བྱུང་བ་འཇིག་རྟེན་ལས་འདས་པའི་ལམ་གྱི་ཡེ་ཤེས་ལ་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། ཞེས་བཤད་པ་ཅི་ཞེ་ན། ལུང་དང་པོས་ནི་འཕགས་པ་ཁོ་ན་ལ་ཡོད་པར་མ་ཟིན་ལ། གཉིས་པའི་དོན་ནི་གཞི་ཤེས་ཀྱི་གཙོ་བོ་ལ་དགོངས་པ་ཡིན་ཏེ། ཐམས་ཅད་ཤེས་པ་ཉིད་ནི་ཉན་རང་རྣམས་ཀྱིའོ་ཞེས་པའི་འགྲེལ་པར་ཐམས་ཅད་ཤེས་པ་ཉིད་རྣམ་པ་གསུམ་གྱིས་ཞུགས་ནས་ཆོས་དང་རྗེས་སུ་རྟོགས་པའི་ཤེས་པའི་དབང་གིས་ཆོས་ཐམས་ཅད་ཀྱི་མཐར་གཏུགས་པའི་ཤེས་པ་ནི་ཐམས་ཅད་ཤེས་པ་ཞེས་བྱ་སྟེ། ཤེས་པ་


JLD017_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཤེས་པ་མ་ཡིན་གྱི། མཚན་ཉིད་གསུམ་དང་བདེན་པ་བཞིའི་སྒོ་ནས་ཆོས་ཐམས་ཅད་ལ་རྨོངས་པ་མེད་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་ལ་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ་ཞེས་བཤད་པ་བཞིན་ཏེ། དེར་ཡང་དང་པོར་མཐར་ཐུག་པའི་ཤེས་པ་ལ་གཞི་ཤེས་སུ་བཤད་ནས་ཕྱིས་ཐུན་མོང་དུ་བཤད་པ་ལྟར་རོ། །གཉིས་པ་ལ་བཞི། རྣམ་ཀུན། རྩེ་མོ། མཐར་གྱིས་པ། སྐད་ཅིག་མའི་ས་མཚམས་སོ། །དང་པོ་ནི། སྔོན་གྱི་མཁས་པ་དག་སློབ་དཔོན་གྱི་དགོངས་པ་ལ་སྦྱོར་བ་དང་པོ་གསུམ་ལ་ཁྱད་ཅན་ཡིན་མིན་གཉིས་གཉིས་སུ་བྱས་ནས། རྣམ་ཀུན་ཁྱད་པར་ཅན་མིན་པ་ཚོགས་ལམ་ནས་ས་བདུན་པའི་བར་དང༌། ཁྱད་པར་ཅན་ས་བརྒྱད་པ་ནས་དང༌། རྩེ་མོ་ལ་ཡང་དང་པོ་དྲོད་ནས་ས་བརྒྱད་པའི་བར་དང༌། གཉིས་པ་ས་དགུ་པ་ནས་བཅུ་པའི་དཀྱིལ་སྟོད་དང༌། མཐར་གྱིས་པ་དང་པོ་ཡང་དྲོད་ནས་ས་བཅུ་པའི་དཀྱིལ་སྟོད་དང༌། གཉིས་པ་བཅུ་པའི་སྨད་ནས་ཡོད་དོ། །དེ་དག་གི་ཤེས་བྱེད་ཀྱང་རིམ་པ་ལྟར་སྤྱིར་བསྒོམ་པར་བྱ་བའི་རྣམ་པ་རྣམས་ལས་དང་པོ་པ་ནས་ས་བཅུ་པའི་བར་ན་ཡོད་པ་དང༌། སྦྱོར་བ་ཉི་ཤུའི་ཐ་མ་ལ་མཆོག་ཏུ་རྣམ་པར་དག་པ་མཐར་ཐུག་པ་ཞེས་འབྱུང་བས་ས་བཅུ་པ་ན་ཡོད་པར་གསལ་ལ། དང་པོ་ལ་ལས་དང་པོ་པ་ཡང་དག་པ་མ་ཡིན་པའི་སྦྱོར་བ་བྱེད་པ་ཉིད་ཀྱིས་ཞེས་ཚོགས་ལམ་ན་ཡོད་པར་བཤད་པས་མ་མཐའི་མཚམས་བཟུང་བའི་ཕྱིར་བར་སྐབས་རྣམས་ན་ཡོད་པར་གསལ་ལོ། །


JLD017_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ས་གསུམ་གྱི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ལ་སྦྱོར་བ་དང་པོ་གསུམ་གྱི་ལམ་གསུམ་གྱི་ཐ་སྙད་ཀྱང་མཛད་པའི་ཕྱིར་རོ། །དེ་ལྟར་རྣམ་ཀུན་ལ་ཁྱད་ཅན་ཡིན་མིན་གཉིས་གྲུབ་པས་དེའི་འབྲས་བུ་རྩེ་མོ་ལ་ཡང་གཉིས་འགྲུབ་བོ། །མཐར་གྱིས་པ་ནི་རྩེ་མོ་ཐོབ་ནས་དེ་བརྟན་པའི་དོན་དུ་སྒོམ་པ་དང༌། མཐར་གྱིས་བྱ་བ་དང་བསླབ་པ་དང་མཐར་གྱིས་འཇུག་པ་རིམ་པ་ལྟར་ངེས་འབྱེད་དང༌། མཐོང་ལམ་སྒོམ་ལམ་གསུམ་ལ་སློབ་དཔོན་གྱིས་བཤད་པས་སོ་ཞེས་འཆད་དོ། །དེ་ལ་ཕྱི་མ་འདི་སློབ་དཔོན་གྱིས་གསུམ་ལ་སྦྱར་ནས་གསུངས་པ་མེད་ལ། སྤྱིར་ལམ་གསུམ་བཏགས་པ་བར་འདོད་པའི་ལུགས་ལ་ཡང་སྦྱོར་བ་དང་པོ་གསུམ་ལ་རྣམ་དབྱེ་དེ་ལྟ་བུ་ཞིག་དགོས་པར་སྣང་སྟེ། འདི་ནི་འཆད་པར་འགྱུར་རོ། །ཁྱད་ཅན་གྱི་དོན་ཡང་རྟེན་གྱི་ཁྱད་པར་རྣམ་པ་ཐམས་ཅད་དུ་ཕྱིར་མི་ལྡོག་པ་དང༌། སྦྱོར་བའི་ཁྱད་པར་སྐྱོན་ཐམས་ཅད་དང་བྲལ་བ་དང༌། ཡུལ་གྱི་ཁྱད་པར་སྟོབས་ལ་སོགས་པ་རྣམ་པ་མ་ལུས་པ་ཡུལ་དུ་བྱེད་པའོ་ཞེས་ཟེར་རོ། །ཐུབ་དགོངས་ནས། ཆོས་སྐུ་རྣམ་ཀུན་མངོན་རྫོགས་མཚན་ཉིད་པ་དང༌། སྦྱོར་བ་རྣམ་ཀུན་བཏགས་པ་བར་འཆད་ཀྱང༌། འདིར་ནི་གཞི་མཐུན་པའི་བསྡུ་བ་བྱས་ལ་ཚོགས་ལམ་ཆུང་ངུ་ནས་ས་བཅུ་རྒྱུན་མཐའི་བར་ན་ཡོད་དེ། བུད་དྷ་ཤྲཱིས། ལས་དང་པོ་པ་དང༌། སྦྱོར་བ་དང༌། མཐོང་བ་དང༌། སྒོམ་པའི་གནས་སྐབས་ཅན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཉིད་དང༌། ཞེས་དང༌། སྦྱོར་བ་ཉི་ཤུའི་


JLD017_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ས་མཚམས་ཀྱིས་ཤེས་སོ། །གལ་ཏེ་ས་བརྒྱད་པ་ཡན་ཆད་འབད་རྩོལ་ཉེ་བར་ཞི་བའི་སར་བཤད་པ་དང༌། རྒྱུན་མཐའི་རྗེས་སུ་རྩེ་སྦྱོར་མི་འབྱུང་བའི་ཕྱིར། དེ་དག་ལ་འབད་རྩོལ་གྱིས་སྒོམ་པའི་རྣམ་ཀུན་མེད་དོ་ཞེ་ན། མ་གྲུབ་སྟེ། མདོ་སྡེ་ས་བཅུ་པའི་ས་བརྒྱད་པར། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཁྱེད་ལ་མེད་ཀྱིས་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་རྩོམས་ཤིག །ཅེས་པ་དང༌། རྨི་ལམ་བསྟན་པ་ལས། ས་བརྒྱད་པ་ལ་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ལ་རྩོལ་བ་དང་བཅས་སོ། །དགུ་པར་སྤྱོད་པ་ལ་རྩོལ་བ་དང་བཅས་སོ། །བཅུ་པར་ཚད་མེད་པ་ལ་རྩོལ་བ་དང་བཅས་སོ། ཞེས་སོ། །དེས་ན་ས་བརྒྱད་པ་ཡན་ཆད་རྩོལ་བྲལ་གྱི་སར་བཤད་པའི་དགོངས་པ་ནི། བདག་གིས་སེམས་ཅན་འདི་ཡི་དོན་འདི་ལྟ་བུར་བྱའོ་སྙམ་དུ་གང་ཟག་ཏུ་རྟོག་པའི་རྩོལ་བ་ཞི་བ་ཙམ་ཡིན་ཏེ། ཉོན་ཡིད་གནས་གྱུར་པའི་ཕྱིར་རོ། །རྒྱུ་ཡོད་པ་ལ་འབྲས་བུ་ཡོད་པར་མ་ངེས་པས་རྒྱུ་མཐའི་རྗེས་སུ་རྩེ་སྦྱོར་མི་འབྱུང་ཡང༌། རྣམ་ཀུན་ཡོད་པ་མི་འགལ་ལོ། །གཉིས་པ་ནི། དྲོད་ནས་རྒྱུན་མཐའི་བར་ན་ཡོད་དོ། །ཁ་ཅིག་ན་རེ་ཚོགས་ལམ་ནས་ཡོད་ཟེར་རོ། །དེ་མི་འཐད་དེ། རྩེ་མོའི་དོན་ནི་རྣམ་ཀུན་གྱི་རྟོགས་པ་ལ་དབང་དུ་གྱུར་པ་ཡིན་ལ་དེ་ཡང་ཚོགས་ལམ་ན་ཐོས་བསམ་ཤས་ཆེ་བས་མ་ཐོབ་ཅིང་སྦྱོར་ལམ་ནས་སྒོམ་བྱུང་ཤས་ཆེ་བས་


JLD017_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐོབ་པ་འཐད་པས་སོ། །གཞན་ཡང་རྩ་བ་ལས་ཀྱང་རྩེ་མོ་བདུན་བཤད་པའི་ཐ་མ་དྲོད་ཡིན་པ་དང༌། འགྲེལ་ཆེན་གཉིས་ཀྱིས་ཀྱང་མ་བཀྲལ་བའི་ཕྱིར་རོ། །ཁ་ཅིག་རྩེ་སྦྱོར་ཐོབ་པ་ལ་དབང་རྣོན་གྱིས་ཁྱབ་པར་སྨྲ་བ་ཡང་མི་འཐད་དེ། དེ་ལྟ་ན་དབང་བརྟུལ་གྱིས་རྣམ་ཀུན་བསྒོམས་ནས་རྟོགས་པ་ལ་དབང་དུ་གྱུར་པ་མེད་པར་འགྱུར་རོ། །དེའི་ཕྱིར་རྩེ་མོ་དང་པོ་ཐོབ་པའི་རྟགས་དེ་ཕྱིར་མི་ལྡོག་གི་རྟགས་སུ་བཤད་ཀྱང་རྩེ་མོ་ཐོབ་པ་ལ་རྟགས་དེ་དག་ཐོབ་པས་ཁྱབ་པ་མེད་དོ། །གསུམ་པ་ནི། སློབ་དཔོན་ལྟར་ན་རྩེ་མོ་ཐོབ་ནས་སྒོམ་པར་མངོན་ཡང་དེ་སྦྱོར་བ་རྣམས་ཀྱི་གོ་རིམ་འཆད་པའི་ཡན་ལག་ཙམ་དུ་དགོངས་པ་བརྟག་ནུས་ཤིང༌། འཕགས་པས་བགྱི་བ་སྨོས་པ་ནི་སེམས་བསྐྱེད་པ་གཟུང་བའི་དོན་དུའོ། །བསླབ་པ་སྨོས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཤེས་པའི་དོན་དུའོ། །སྒྲུབ་པ་སྨོས་པ་ནི་མཐོང་བ་དང་སྒོམ་པའི་ལམ་ཤེས་པའི་དོན་དུའོ། །གསུམ་སྨོས་པ་ནི་མངོན་པར་རྟོགས་པའི་མཐར་གྱིས་པ་ཤེས་པར་བྱ་བའི་དོན་དུ་ཡིན་ནོ་ཞེས་འབྱུང་བས་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ། །དེ་ལྟར་ཐོས་བསམ་གྱིས་ཡུལ་དུ་བྱས་པའི་མངོན་རྟོགས་རིམ་གྱིས་ཡིད་ལ་བྱེད་པའི་མཐར་གྱིས་པ་ནི་ཚོགས་ལམ་ནས་གཙོ་ཆེ་བར་ཡོད་ལ། སྒོམ་བྱུང་གིས་ཉམས་སུ་མྱོང་བའི་མངོན་རྟོགས་ཡིད་ལ་བྱེད་པའི་མཐར་གྱིས་པ་ནི་དྲོད་ནས་ཡིན་ནོ། །བཞི་པ་ནི། ཆེ་བ་གང་དག་སྐད་ཅིག་མ་འདི་བཞི་ས་


JLD017_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ནས་བཅུ་པའི་བར་ལ་རིམ་པ་བཞིན་གཞག་གོ་གསུང་བ་ནི་མི་འཐད་དེ། འཕགས་པས་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མཐར་ཐུག་པ་ཡིན་ནོ། ཞེས་དང༌། དེ་ནས་ཁྱད་པར་དུ་འགྲོར་མེད་པས་ཞེས་དང༌། རྩ་བ་ལས་ཀྱང་དེ་མཐའ་ཞེས་འབྱུང་བའི་ཕྱིར་རོ། །དེས་ན་ས་བཅུའི་ཐ་མ་ལ་གཞག་གོ །སྐད་ཅིག་མའི་ཚད་འདི་ཇི་ཙམ་ཞེ་ན། ཚིག་གསལ་དུ། དུས་མཐའི་སྐད་ཅིག་རྡུལ་ཕྲན་གཅིག་གོ་ས་འཕོས་པའི་ཚད་དང༌། ཉན་ཐོས་རྣམས་ཀྱི་གྲུབ་མཐའ་ལ་གྲགས་པའི་སྐད་ཅིག་སེ་གོལ་གཅིག་གཏོགས་པའི་ཡུན་ལ་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་དུ་བགོས་པའི་ཆ་དང༌། བྱ་རྫོགས་ཀྱི་སྐད་ཅིག་དུས་དེ་ལ་བདག་གི་བྱ་བ་རྫོགས་སོ་ཞེས་པ་གསུམ་གང་ལ་བྱེད། དང་པོ་གཉིས་ལྟར་ན། ཡུན་ཐུངས་པས་སྒོམ་པ་རྫོགས་མི་ནུས་ལ། ཕྱི་མ་ལྟར་ན། དུས་ངེས་པ་མེད་དེ། བྱ་བ་རྫོགས་པའི་དུས་མི་ཤེས་པས་སོ་ཞེས་བཀོད་ནས་ལན་དུ་དང་པོ་གཉིས་ལྟར་ན་ཡང་ཉེས་པ་མེད་དེ། མཐའ་གཅིག་ཏུ་མི་བདེན་པ་དང༌། བསམ་པའི་དབང་ལ་རག་ལས་པ་དང༌། དབང་ཐོབ་པ་རྣམས་ཀྱིས་སྐད་ཅིག་ཀྱང་བསྐལ་པར་བྱིན་གྱིས་རློབ་ནུས་པའི་ཕྱིར་རོ། །འོན་ཀྱང་འདིར་ཕྱོགས་གསུམ་པ་ལ་བརྟེན་པར་བྱའོ། །འདི་ཡི་དུས་ལ་ཡང་གདུལ་བྱའི་དབང་གིས་ཇི་ཙམ་སྒོམ་གྱི་ངེས་པ་མེད་དེ། བདག་ཅག་གི་སྟོན་པ་སྙིང་པོ་བྱང་ཆུབ་ལ་བཞུགས་པའི་ཐོ་རངས་སངས་རྒྱས་ལ། པད་དཀར་ལས། དེ་བཞིན་གཤེགས་པ་མངོན་པར་ཤེས་པའི་ཡེ་ཤེས་


JLD017_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་བཙུན་མོའི་འཁོར་ནས་བྱུང་ཞིང་སྲས་བཅུ་དྲུག་སྤངས་ཏེ་བདུད་བཅོམ་ནས་བར་བསྐལ་ལྔ་བཅུར་སྐྱིལ་ཀྲུང་མ་བཤིག་པར་བཞུགས་ནས་གདོད་སངས་རྒྱས་སོ། །དེ་ཡང་གདུལ་བྱའི་སྣང་བ་ཙམ་ཡིན་གྱི་ངེས་དོན་ནི། ཁྱོད་བྱང་ཆུབ་པ་དང་དུས་གཅིག་ཁོ་ནར་བདུད་ཐམས་ཅད་ངེས་པར་བཅོམ་ལགས་སམ་ཞེས་པ་ལྟར་བྱང་ཆུབ་པ་དང་ཅིག་ཅར་དུ་བདུད་བཅོམ་མོ། ཞེས་བཤད་ནས་དེ་ལྟར་ཡུན་དེ་ཙམ་དུ་སྐད་ཅིག་སྦྱོར་སྒོམ་ཡང་མཐར་གྱིས་པར་མི་འགྱུར་བའི་རྒྱུ་མཚན་དུ་མ་དང་བཅས་པ་སྨྲ་བར་བྱེད་དོ། །ལུགས་དེ་ལ་ཕྱིས་ཀྱི་ཊཱིཀ་དག་ལེགས་ཆར་བྱེད་ཀྱང་ཁོ་བོ་ནི་འཐད་པར་མི་སེམས་ཏེ། ཐུན་མོང་མིན་པའི་ལུགས་ཀྱིས་འོག་མིན་དུ་སངས་རྒྱས་ནས་འདིར་བཙུན་མོའི་འཁོར་ནས་འབྱུང་བ་ལ་སོགས་པ་བསྟན་ནས་སངས་རྒྱས་པའི་ཚུལ་ཙམ་སྟོན་པར་འདོད་པས། ལུང་དེ་སྐད་ཅིག་སྦྱོར་ཐོབ་པའི་བྱང་སེམས་ཇི་ཙམ་ན་སངས་རྒྱས་པའི་ཤེས་བྱེད་དུ་མི་རུང་བའི་ཕྱིར་རོ། །གཞན་ཡང༌། ཆོས་མངོན་པ་བ་རྣམས་སེ་གོལ་གཅིག་གཏོགས་པའི་ཡུན་ལ་སྐད་ཅིག་དྲུག་ཅུ་རེ་ལྔ་འདའ་བར་འདོད་པར་མཛོད་འགྲེལ་ལས་བཤད་ཅིང་དེའི་ཆ་དང༌། གདགས་པར་བཤད་པའི་རྡུལ་གོ་ས་འཕོ་བ་གཉིས་ཀ་ཡང་དུས་མཐའི་སྐད་ཅིག་གི་ངོས་འཛིན་ཡིན་པས་དེ་གཉིས་དུས་མཐའི་སྐད་ཅིག་ཡིན་མིན་སོ་སོར་བགྲང་བ་དང༌། སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་འདའ་ཞེས་བཀོད་པ་ནོར་རོ། །དབང་ཐོབ་པ་རྣམས་ཀྱིས་སྐད་


JLD017_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བསྐལ་པར་བྱིན་གྱིས་རློབ་ནུས་པས་འགལ་བ་མེད་པར་ཡང་སྨྲ་མི་ནུས་ཏེ། དབང་ཐོབ་པའི་རྣམ་གཞག་བྱེད་ན་རྣམ་གཞག་ཐམས་ཅད་འཇིག་པར་འགྱུར་བས་སོ། །དེས་ན་སྐད་ཅིག་སྦྱོར་བྱ་རྫོགས་ཀྱི་སྐད་ཅིག་ཡིན་པས་རྒྱུན་དང་ལྡན་ཡང་སྔ་མ་ལས་ཕྱི་མ་ཁྱད་པར་དུ་འཕགས་པར་མི་བྱའོ། །གསུམ་པ་ནི། ཆོས་དབྱིངས་བསྟོད་པར། ཇི་ལྟར་མར་ངོའི་བཅུ་བཞི་ན། །ཟླ་བ་ཅུང་ཟད་གསལ་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལ། །ཆོས་ཀྱི་སྐུ་ཡང་ཅུང་ཟད་སྣང༌། །ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་འཕེལ་བར་མཐོང༌། །དེ་བཞིན་ས་ལ་བཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཇི་ལྟར་ཡར་ངོའི་བཅོ་ལྔ་ན། །ཟླ་བའི་དཀྱིལ་འཁོར་རྫོགས་པར་གསལ། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་པར་གསལ། ཞེས་ལམ་རྣམས་སུ་སྒྲིབ་པ་དག་པའི་རིམ་པས་ཆོས་སྐུ་ཡང་ཟླ་བའི་འཕེལ་ཚུལ་གྱིས་མཚོན་པར་བྱས་ནས་སློབ་ལམ་དུ་ཡང་ཡོད་པར་བཤད་ཀྱང༌། དེ་དང་འདིར་བཤད་ཆོས་སྐུ་དོན་མི་གཅིག་པས་འདི་ཡི་ས་མཚམས་ནི་སངས་རྒྱས་ཀྱི་ས་ཁོ་ནར་ཁས་བླངས་ཏེ། སྦྱོར་བཞི་བསྒོམས་པའི་འབྲས་བུ་མཐར་ཐུག་ཡིན་པའི་ཕྱིར་རོ། །ལྔ་པ་ལ་བཞི། མཁྱེན་གསུམ་དང་རྣམ་ཀུན་དང༌། རྣམ་མཁྱེན་དང་ལམ་ཤེས་དང༌། གཞི་ཤེས་དང༌། རྣམ་མཁྱེན་དང་ཆོས་སྐུ་ལ་ཟློས་པ་སྤང་བའོ། །དང་པོ་ནི། མཁྱེན་གསུམ་དང་རྣམ་ཀུན་སྟོན་པའི་གཞུང་རྣམས་ཟློས་པར་འགྱུར་ཏེ། རྣམ་ཀུན་ཏུ་ཡང་རྣམ་པ་སྦྱོར་བ་མཚན་


JLD017_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་མཁྱེན་པ་གསུམ་གསུམ་བཤད་པའི་ཕྱིར་ཞེ་ན། མི་ཟློས་ཏེ། མཁྱེན་གསུམ་ནི་རྣམ་པ་སོ་སོར་ངེས་པ་དང༌། རྣམ་ཀུན་ནི་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་པས་སོ། །དེའི་དོན་ནི་སྐབས་དང་པོ་གསུམ་དུ་བསྟན་པའི་མཁྱེན་གསུམ་ནི་གཞི་དང་ལམ་དང་རྣམ་པ་སྐྱེ་མེད་དེ་དེ་གསུམ་སོ་སོ་བ་དང༌། རྣམ་ཀུན་ཏུ་བསྟན་པ་ནི་སྐྱེ་མེད་ཀྱི་རྣམ་པ་གསུམ་པོ་དེ་བསྡུས་ནས་བསྒོམས་པས་མ་ལུས་པའི་ཡུལ་ཅན་ཡིན་ནོ། །རྣམ་གྲངས་གཅིག་ཏུ་ན་མཁྱེན་གསུམ་དུ་བསྟན་པ་ནི་མཚོན་བྱེད་དང་མཚོན་བྱའི་སྒོ་ནས་ཤེས་བྱར་བསྟན་པས་མཚན་ཉིད་པ་ཡིན་ལ། རྣམ་ཀུན་ཏུ་བསྟན་པ་ནི། ཉམས་ལེན་གྱི་སྒོ་ནས་བསྟན་པས་སྦྱོར་བའོ། །རྣམ་གྲངས་གཅིག་ཏུ་ན་མཁྱེན་གསུམ་དུ་བསྟན་པ་ནི་རང་བཞིན་གྱིས་ཉེ་བར་ཞི་བ་སྐྱེ་མེད་གསུམ་གྱི་རྣམ་པ་ཙམ་རྟོགས་པའི་ཡུལ་དུ་བསྟན་པ་ཡིན་ལ། རྣམ་ཀུན་ཏུ་བསྟན་པ་ནི་དྲི་མ་སྤོང་བའི་གཉེན་པོའི་ཕྱིར་སྐྱེད་པ་ཡིན་པས་མི་ཟློས་སོ་ཞེས་འཕགས་པས་གསུངས་པ་ལྟར་སློབ་དཔོན་གྱིས་བཀོད་དོ། །གཉིས་པ་ནི། རྣམ་མཁྱེན་དང་ལམ་ཤེས་ཟློས་པར་འགྱུར་ཏེ། སའི་ཚོགས་ལ་སོགས་པར་མཐོང་སྒོམ་གཉིས་བཤད་པ་དེ་ཉིད་ལམ་ཤེས་སུ་ཡང་བཤད་པའི་ཕྱིར་ཞེ་ན། དགོས་པ་ཐ་དད་པའི་ཕྱིར་མི་ཟློས་ཏེ། རྣམ་མཁྱེན་དུ་བཤད་པ་ནི། རྒྱུ་དང་འབྲས་བུའི་ཆོས་མ་ལུས་པ་མཁྱེན་པ་གཅིག་རྣམ་མཁྱེན་ཡིན་ནོ་ཞེས་དེ་མཚོན་པའི་དོན་དུ་ཡིན་ལ། ལམ་ཤེས་སུ་བཤད་པ་ནི།


JLD017_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་རྣམས་ཀྱི་ལམ་ཤེས་ནི་རྣམ་མཁྱེན་དུ་གསུངས་པ་མ་ཡིན་ནོ་སྙམ་པའི་དོགས་པ་བསལ་བ་དང་ལམ་གསུམ་ཤེས་པའི་ལམ་ཤེས་ཡུལ་གྱིས་མཚོན་ནས་ལོགས་སུ་བསྟན་པའི་ཕྱིར། རྣམ་མཁྱེན་གྱི་མཚོན་བྱེད་རྣམས་ཀྱི་ནང་ནས་རྒྱུ་ཙམ་ཞིག་དྲངས་ཏེ་བཤད་པ་ཡིན་ནོ། །གསུམ་པ་ནི། ལམ་ཤེས་དང་གཞི་ཤེས་ཟློས་ཏེ། སྐབས་གཉིས་པར་ཉན་རང་གི་ལམ་ཡང་བསྟན་པའི་ཕྱིར་ཞེ་ན། སྐབས་གཉིས་པར་བཤད་པ་ནི། ཡུལ་ཅན་ལམ་ཤེས་མཚོན་པའི་དོན་དུ་ཡིན་ལ། གསུམ་པར་བཤད་པ་ནི། མི་རྟག་པ་ལ་སོགས་པའི་སྒྲོ་འདོགས་དང་བྲལ་བ་གཉེན་པོ་གཞི་ཤེས་སུ་བསྟན་པ་ན་དེས་འཕངས་པའི་ཟློག་ཕྱོགས་ཀྱི་ལམ་རྣམས་ཉན་རང་གི་ལམ་ཡིན་པར་བསྟན་པ་དང༌། དེའི་ལམ་ལོགས་སུ་རང་དབང་དུ་བསྟན་པའི་ཕྱིར་ཡིན་པས་མི་ཟློས་སོ། །བཞི་པ་ནི། རྣམ་མཁྱེན་དང་ཆོས་སྐུ་ཟློས་ཏེ། གཉིས་ཀར་གཉིས་ཀ་བསྟན་པའི་ཕྱིར་ཞེ་ན། མི་ཟློས་ཏེ་དང་པོར་ནི་ཡུལ་དང་བརྒྱད་པར་ནི་འབྲས་བུའི་སྒོ་ནས་བཤད་པའི་ཕྱིར། རྣམ་གྲངས་སུ་ན་མཚོན་བྱེད་དང་ངོ་བོའི་སྒོ་ནས་བསྟན་པ་ཡིན་པས་སོ། །གཉིས་པ་ལ་གཉིས། དོན་དངོས་དང༌། ཟློས་པ་སྤང་བའོ། །དང་པོ་ལ་གསུམ། མཁྱེན་གསུམ། སྦྱོར་བཞི། ཆོས་སྐུའི་ལུས་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། རྣམ་མཁྱེན། ལམ་ཤེས། གཞི་ཤེས་ཀྱི་ལུས་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། རྣམ་མཁྱེན་ཇི་ལྟར་བཤད་པའི་ཚུལ་དང༌། དེའི་འཆད་བྱེད་གཏན་ལ་དབབ་པ། རྟེན་གྱི་གང་


JLD017_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གོ །དང་པོ་ནི། གལ་ཏེ་འདིར་རྣམ་མཁྱེན་སྟོན་ན་དེ་མི་སྟོན་པར་ཅིའི་ཕྱིར་སེམས་བསྐྱེད་ལ་སོགས་སྟོན་ཞེ་ན། དོན་བཅུ་པོ་འདིས་མཚོན་ནས་སྟོན་པས་སྐྱོན་མེད་དོ། །ཇི་ལྟར་མཚོན་ཞེ་ན། འདི་ལ་ཆེན་པོ་དག་ན་རེ། བཅུ་པོ་འདི་རྣམ་མཁྱེན་གྱི་རྗེས་སུ་སྒྲུབ་པའི་རྒྱུ་ཡིན་པས་རྒྱུས་མཚོན་ནས་འབྲས་བུ་བསྟན་པ་ཡིན་ནོ། །རྒྱུ་ཇི་ལྟར་ཡིན་ན་རྒྱུ་ནི་སྒྲུབ་པ་ཡིན་ལ་དེ་ཡང་རྟེན་དང་དམིགས་པ་ཆེད་དུ་བྱ་བ་རང་གི་ངོ་བོ་སྟེ་བཞི་ཡིན་ནོ། །རྟེན་ཡང་ཆོས་བཞི་དང་ལྡན་པ་སྟེ། བསམ་པའི་ཁྱད་པར་སེམས་བསྐྱེད་པ། གདམས་ངག་དང་རྗེས་བསྟན་ཐོབ་པ། སྦྱོར་བའི་ཁྱད་པར་ངེས་འབྱེད་ལ་གནས་པ། རིགས་ཀྱི་ཁྱད་པར་ཆོས་དབྱིངས་དང་ལྡན་པའོ། །རྟེན་དེས་དམིགས་པ་བཅུ་གཅིག་ལ་དམིགས་ནས་ཆེད་དུ་བྱ་བ་གསུམ་གྱི་ཕྱིར་སྒྲུབ་པ་བཞི་བྱས་པས་དེ་འཐོབ་བོ། །དེ་ལྟར་ཡང་རིན་ཆེན་སྒྲོན་མེར། རྒྱུ་བཅུ་རྫོགས་པས་འབྲས་བུ་ཀུན་མཁྱེན་ཉིད། ཅེས་སོགས་ཞེས་འཆད་དོ། །དེ་ལ་སྔོན་གྱི་མཁས་པ་དག་ན་རེ། འདི་ནི་རྒྱུས་འབྲས་བུ་མཚོན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཆེད་དུ་བྱ་བ་གསུམ་གང་དུ་འབྱུང་ས་བདུན་གྱིས་འབྲས་བུ་དང༌། ལྷག་མས་རྒྱུ་བསྟན་ལ། གཞན་ཡང་དམིགས་པར་ཤེས་བྱ་ཐམས་ཅད་འདུས་པས་རྒྱུ་འབྲས་ཀྱི་རྣམ་པ་ཐམས་ཅད་བཤད་ནས་དེ་མངོན་སུམ་དུ་མཁྱེན་པ་གཅིག་རྣམ་མཁྱེན་ཡིན་ནོ་ཞེས། ཡུལ་གྱིས་ཡུལ་ཅན་མཚོན་ནས་བཤད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་རྒྱན་སྣང་དང་ཡེ་ཤེས་ཞབས་


JLD017_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཤད་ཀྱང་གཉིས་ཀ་ལྟར་ཡང་མི་འགལ་ལོ། །འདི་ལྟར་ཡང་བཤད་ནུས་ཏེ། སྤྱིར་རྣམ་མཁྱེན་ནི་སའི་རྡུལ་ལ་སོགས་པའི་ཇི་སྙེད་པའི་རྣམ་པ་ཐམས་ཅད་མཁྱེན་ནམ་མི་མཁྱེན་ཡང་བླའི། འོན་ཀྱང་གྲོལ་བ་དོན་གཉེར་གྱི་གྲོལ་བ་ཐོབ་པའི་ཐབས་ཆ་ཚང་ཞིག་མཁྱེན་ན་དེ་ཙམ་གྱིས་ཀྱང་རྣམ་མཁྱེན་རྫོགས་པ་ཡིན་ནོ། །ཐབས་དེ་ཡང་འདིར་སེམས་བསྐྱེད་ལ་སོགས་པས་ཚང་བར་བསྟན་པའི་ཕྱིར། འདིར་བཤད་པའི་རྣམ་མཁྱེན་ནི་གྲོལ་བ་དོན་གཉེར་གྱི་འདོད་པའི་རྣམ་པ་ཐམས་ཅད་མཁྱེན་པ་གཅིག་ཡིན་ཏེ། རྣམ་འགྲེལ་ལས། འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་ཚེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །རིང་པོ་མཐོང་ངམ་མིན་ཡང་རུང༌། །འདོད་པའི་དེ་ཉིད་མཐོང་བ་ཡིན། ཞེས་པ་ལྟར་རོ། །གཉིས་པ་ལ་བཞི། ལམ་གྱི་རང་བཞིན་སེམས་བསྐྱེད་པ། སེམས་བསྐྱེད་དག་བྱེད་གདམས་ངག་ནོད་པ། གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག །གདམས་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །དང་པོའི་མཚན་ཉིད་ས་མཚམས་དང་བཅས་པ་འཆད་པར་འགྱུར་རོ། །གཉིས་པ་ལ་གཉིས། སྤྱིར་གདམས་ངག་ཙམ་དང༌། ཁྱད་པར་དུ་ཐེག་ཆེན་གདམས་ངག་གོ །དང་པོ་ནི། ཐར་ལམ་མ་ནོར་བར་སྟོན་པའི་རྗོད་བྱེད་དོ། །གཉིས་པ་ནི། ཐེག་ཆེན་གདམས་ངག་ནི། ཐེག་ཆེན་སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱ་ཐོབ་པའི་ཐབས་མ་ནོར་བར་


JLD017_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འདོམས་པའི་རྗོད་བྱེད་དོ། །འདི་ཡི་ས་མཚམས་དང་སྟོན་པ་པོ་ལ་སངས་རྒྱས་དགོས་མི་དགོས་རྣམས་འཆད་པར་འགྱུར་རོ། །གསུམ་པ་ནི། མི་རྟོག་པས་རྒྱུད་མཐོང་སྤངས་ལས་ངེས་པར་འབྱེད་པའི་མཐོང་ལམ་གྱི་རྒྱུ་ཡིན་པས་ངེས་འབྱེད་ཡན་ལག་ནི། ཐར་པ་ཆ་མཐུན་གྱི་རྗེས་སུ་སྐྱེས་པའི་མངོན་རྟོགས་གང་མོས་སྤྱོད་ཀྱི་སས་བསྡུས་པའོ། །བྱེ་བྲག་ཏུ་ཐེག་ཆེན་སྦྱོར་ལམ་ནི། ཐེག་ཆེན་ཚོགས་ལམ་གྱི་རྗེས་སུ་སྐྱེས་པའི་ཡེ་ཤེས་གང་མོས་སྤྱོད་ཀྱི་སས་བསྡུས་པའོ། །དབྱེ་ན་ཁྱད་པར་ལྔ་ལྡན་གྱི་དྲོད་རྩེ་བཟོད་མཆོག་རྣམ་པ་བཞིའོ། །བཞི་པ་ལ་བཞི། སྒྲུབ་པའི་རྟེན། སྒྲུབ་པའི་དམིགས་པ། སྒྲུབ་པའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོའོ། །དང་པོ་ལ་གཉིས། སྤྱིར་རིགས་ཙམ་ཞིག་དང༌། ཁྱད་པར་དུ་ཐེག་ཆེན་གྱི་རིགས་སོ། །དང་པོ་ནི། དབྱིངས་གང་ཞིག་སྦྱངས་ན་བྱང་ཆུབ་ཏུ་འགྱུར་རུང་ངོ༌། །གཉིས་པ་ལ་གཉིས། ཐེག་ཆེན་གྱི་རིགས་སྤྱི་ཙམ་པ་དང༌། བྱེ་བྲག་འདིར་སྨོས་ཀྱི་གནས་རིགས་སོ། །དང་པོ་ནི། དབྱིངས་གང་བླ་མེད་བྱང་ཆུབ་ཀྱི་རྒྱུར་གྱུར་པའོ། །གཉིས་པ། རྟེན་ཆོས་སྒྲུབ་པ་ཡི་ནི་རྟེན་དུ་གྱུར་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི། དབྱིངས་གང་འདིར་སྨོས་སྒྲུབ་པའི་རྟེན་གཞི་བྱེད་པའོ། །རྟེན་ཆོས་ཀྱིས་དབྱེ་ན་བཅུ་གསུམ་མོ། །ས་མཚམས་ནི། ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་པ་ཉི་སྣང་དང་རྒྱན་སྣང་གི་དགོངས་པ་ཡིན་ལ་དངོས་བསྟན་ནི་དྲོད་ནས་རྒྱུན་མཐའི་བར་རོ། །གཉིས་པ་སྒྲུབ་པའི་དམིགས་པ་དག་ནི། སྒྲུབ་


JLD017_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོའི་ཤེས་བྱར་གྱུར་པའོ། །དབྱེ་ན་བཅུ་གཅིག་གོ །འདི་དང་རྣམ་པ་ལ་ས་མཚམས་མེད་དེ། ཤེས་བྱ་ཀུན་ལ་ཁྱབ་པས་སོ། །གསུམ་པ་ཆེད་དུ་བྱ་བ་ནི། གང་གི་དབང་དུ་བྱས་ནས་བྱང་སེམས་སྒྲུབ་པ་ལ་འཇུག་པར་འགྱུར་བའི་འབྲས་བུ་མཐར་ཐུག་གོ །དབྱེ་ན་ཆེན་པོ་གསུམ་མོ། །ས་མཚམས་སངས་རྒྱས་ཀྱི་སའོ། །བཞི་པ་ལ་གཉིས། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་བླ་མེད་བྱང་ཆུབ་ཀྱི་ཆེད་དུ་དོན་གཉིས་བསྒྲུབ་པའི་བྱ་བ་སྟེ་རྒྱན་ལས། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད། །རྟག་ཏུ་ལེན་པ་ཆེ་དང་བཟོད་པ་ཆེ། །དོན་ཆེན་ཡང་དག་བསྒྲུབ་པའི་བྱ་བ་བྱེད། ཅེས་སོ། །དེ་ལ་གནས་རྩོམ་པ་འབྲས་བུ་ཆེ་བ་གསུམ་ནི་རིམ་པ་ལྟར་སེམས་བསྐྱེད་དོན་གཉིས་སྒྲུབ་པ་བྱང་ཆུབ་ཆེན་པོ་རྣམས་སོ། །དེ་གསུམ་གྱིས་ཀྱང་རིམ་པ་ལྟར་སེམས་ཅན་རྣམས་ཉེ་བར་ལེན་པ་དང༌། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། སེམས་ཅན་མང་པོའི་དོན་སྒྲུབ་པའོ། །གཉིས་པ་ནི། གོ་འཇུག་ཚོགས་ངེས་ཏེ་བཞིའོ། །དེ་ཡང་སྔ་མ་དག་རྒྱན་ལས། ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་དང༌། །མ་ཞུམ་མི་འཁྲུགས་ཆོག་མི་ཤེས་བརྩོན་འགྲུས། ཞེས་བཤད་པའི་དང་པོ་གོ་སྒྲུབ། གཉིས་པ་འཇུག་སྒྲུབ། གསུམ་པ་དང་བཞི་པ་ཚོགས་སྒྲུབ། ལྔ་པ་ངེས་འབྱུང་སྒྲུབ་པ་ཡིན་ཞེས་འཆད་དོ། །དེ་ལ་གོ་ཆའི་བྱ་བ་ནི། ཕར་ཕྱིན་


JLD017_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའོ། །སྔར་གྱི་སྤྱིའི་མཚན་ཉིད་འདི་དང་འོག་མ་གསུམ་ག་ལ་སྦྱར་རོ། །སྤྱིར་གོ་ཆ་ལ་ཡུམ་གསུམ་གནོད་འཇོམས་ལས། གོ་ཆ་བགོས་པ་ཡང་རྣམ་པ་གཉིས་སུ་བསྟན་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་ཕྱིར་བསམ་པ་རྒྱ་ཆེ་བ་དང༌། སྒྲུབ་པ་གཅིག་གིས་སྒྲུབ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་སྒྲུབ་པ་རྒྱ་ཆེ་བའོ་ཞེས་སེམས་ཅན་མ་ལུས་པའི་དོན་དུ་བརྩོན་པའི་བསམ་པ་སྐྱེས་པ་བསམ་པའི་གོ་ཆ་དང༌། དེ་ལྟར་བསམས་པ་ལྟར་དུ་ཕར་ཕྱིན་རེ་རེར་དྲུག་དྲུག་སྡུད་པ་སྒྲུབ་པའི་གོ་ཆར་བཤད་པ་གཉིས་ལས་གཞུང་འདིར་ནི་ཕྱི་མའོ། །ཅིའི་ཕྱིར་གོ་ཆ་ཞེས་བྱ་ཞེ་ན། མི་མཐུན་པའི་ཕྱོགས་ཀྱི་མཚོན་གྱིས་མི་ཕིགས་པའི་ཕྱིར་རོ། །དབྱེ་ན་ཕྱིན་དྲུག་གི་གོ་ཆ་དྲུག་གོ །ཐོག་མའི་ས་མཚམས་ནི་སྡུད་འགྲེལ་རྟོགས་སླ་ལས། དེ་ལ་གོ་ཆའི་སྒྲུབ་པ་ནི་ཚོགས་ཀྱི་ས་ཡིན་པར་གཟུང་བར་བྱའོ་ཞེས་པ་ལྟར་ཡིན་ལ་ཐ་མའི་ས་མཚམས་རྒྱུན་མཐའོ། །འོ་ན་འདི་དང་འཇུག་སྒྲུབ་ལ་ཁྱད་མེད་པར་འགྱུར་ཏེ། གཉིས་ཀ་ཡང་ཕྱིན་དྲུག་ལ་དངོས་སུ་འཇུག་པའི་ཕྱིར་ཞེ་ན། འཇུག་སྒྲུབ་ཏུ་མ་ཟད་སྒྲུབ་པ་ཕྱི་མ་གསུམ་ག་ཡང་གོ་སྒྲུབ་ཡིན་ཏེ། བྱང་སེམས་ཀྱི་ལམ་ཐམས་ཅད་ཀྱང་ཕྱིན་དྲུག་ལ་སློབ་པར་མཚུངས་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཁྱད་མེད་པར་མི་འགྱུར་ཏེ། འཇུག་སྒྲུབ་ནི་སྒོམ་བྱུང་གཙོ་བོར་གྱུར་པའི་སྒོ་ནས་ཕྱིན་དྲུག་ལ་འཇུག་ལ། གོ་སྒྲུབ་ལ་ཐོས་


JLD017_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཙོ་བོར་གྱུར་པས་ཀྱང་སྤྱོད་པ་ཡོད་པའི་ཕྱིར་རོ། །ཁ་ཅིག་གོ་སྒྲུབ་བསམ་པས་གོ་གྱོན་པ་རྐྱང་པར་འདོད་པ་ནི་སྔར་གྱི་ལུང་དང་རྩ་བར་བཀག་སྟེ། ཕྱིན་དྲུག་སྒྲུབ་པ་ཡང་བཤད་པས་སོ། །དེས་ན་གོ་སྒྲུབ་འཇུག་སྒྲུབ་ཀྱི་ཉེར་སྡོགས་ཡིན་པ་ནི་འཇུག་པ་མ་ཐོབ་པའི་སྔོན་དུ་ཡིན་ལ། ཐོབ་ནས་ནི་གཉིས་ཀ་ཡིན་ཞིང་ཚོགས་ལམ་དུ་ཕྱིན་དྲུག་ལ་སློབ་པ་ཡིན་ཀྱང་འཇུག་སྒྲུབ་ཏུ་མ་བཞག་པ་ནི་དེར་སྒོམ་བྱུང་ཤས་མི་ཆེ་བས་ཡིན་ནོ། །དེ་བཞིན་དུ་ཚོགས་སྒྲུབ་ངེས་སྒྲུབ་ཀྱི་ཉེར་སྡོགས་སུ་འགྱུར་ཚུལ་ཡང་ཤེས་པར་བྱའོ། །གཉིས་པ་འཇུག་པའི་བྱ་བ་ནི། སྒོམ་བྱུང་གཙོ་བོར་གྱུར་པའི་སྒོ་ནས་ཐེག་ཆེན་ལ་འཇུག་པའི་བྱ་བའོ། །དབྱེ་ན་འཇུག་སྒྲུབ་དགུའོ། །ས་མཚམས་ཀྱི་ཡ་མཐའ་སྔར་དང་འདྲ་ལ་མ་མཐའ་ནི་རྟོགས་སླ་ལས། འཇུག་པའི་སྒྲུབ་པ་ནི་མོས་པས་སྤྱོད་པའི་ས་ཡིན་པར་རྟོགས་པར་བྱའོ་ཞེས་དང༌། ཡུམ་གསུམ་གནོད་འཇོམས་ལས་ཀྱང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་ནས་བཟུང་སྟེ་ས་བདུན་པའི་བར་དུ་རྩོལ་བ་དང་བཅས་རྣམ་པར་རྟོག་པ་དང་བཅས་པའི་སྤྱོད་པའི་གནས་སྐབས་ཡིན་པར་བསྟན་ཏོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱ་བ་ནི་བརྒྱད་པ་ཡན་ཆད་དོན་དམ་པའི་སྤྱོད་པ་ཡིན་པར་བསྟན་ཏོ། ཞེས་སོགས་གསུངས་ཤིང་ཞུགས་གནས་ཀྱི་ས་མཚམས་མི་གཅིག་པར་བཤད་དོ། །ཐུབ་དགོངས་སུ། འགྲོ་བར་རྩོམ་པ་མོས་སྤྱོད་ཞུགས་པ་ས་དང་པོ་བདུན་གནས་ནས་


JLD017_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ས་ཕྱི་མ་གསུམ་ལ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱི་དགོངས་པ་ཡིན་ནོ། །ཞེས་འཆད་པ་ནི་གནོད་འཇོམས་འདི་དང་མི་མཐུན་ནོ། །གསུམ་པ་ཚོགས་ཀྱི་སྒྲུབ་པ་ནི། བྱང་ཆུབ་ཆེན་པོར་དངོས་སུ་འབྱིན་པའོ། །དབྱེ་ན་ཚོགས་སྒྲུབ་བཅུ་བདུན་ནོ། །ས་མཚམས་ནི། སྤྱིར་ཚོགས་ཙམ་ཞིག་ལས་དང་པོ་པའི་ས་ནས་ཡོད་ཀྱང༌། འདིར་ནི་སྒོམ་བྱུང་གཙོ་བོར་གྱུར་པས་སྟོང་ཉིད་རྟོགས་པ་དང་རང་འབྲས་བྱང་ཆུབ་ཀྱི་དངོས་ཀྱི་རྒྱུ་ཞིག་ལ་ཚོགས་སུ་འདོད་པས་ཆོས་མཆོག་ཆེན་པོ་ན་ཚོགས་སྒྲུབ་དང་པོ་བཅོ་ལྔ། ས་དང་གཉེན་པོའི་ཚོགས་གཉིས་ས་བཅུ་ན་ཡོད་དེ། རྟོགས་སླ་ལས། ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་དང་སྦྱིན་པ་ལ་སོགས་པ་དྲུག་དང་ཞི་གནས་དང་ལྷག་མཐོང་དང་ཟུང་དུ་འཇུག་པའི་ལམ་དང་ཐབས་ལ་མཁས་པ་དང་ཡེ་ཤེས་དང་བསོད་ནམས་དང་ལམ་དང་གཟུངས་ཀྱི་ཚོགས་རྣམས་ནི་ཆོས་ཀྱི་མཆོག་གིས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཅན་ཡིན་ནོ། །ས་གཉིས་པ་ལ་སོགས་པ་སྒོམ་པའི་ལམ་གྱི་རང་བཞིན་ཡང་ཚོགས་ཀྱི་ངོ་བོ་ཡིན་ནོ། །གཉེན་པོའི་བདག་ཉིད་ཅན་གྱི་ཚོགས་ཀྱི་སྒྲུབ་པ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། ཞེས་བཤད་ཅིང་ཐོགས་མེད་ཀྱང་དེ་ལྟར་བཞེད་དོ། །བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ་ནི། འབྱུང་ས་མཐར་ཐུག་ཏུ་གདོན་མི་ཟ་བར་འབྱིན་བྱེད་ས་བཅུ་པའི་ཁྱད་པར་


JLD017_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱིས་བསྡུས་པའོ། །དབྱེ་ན་འབྱུང་སའི་སྒོ་ནས་འབྱིན་བྱེད་ཀྱི་སྒྲུབ་པ་བརྒྱད་དོ། །ས་མཚམས་ལ་ཁ་ཅིག་ན་རེ་ཚེ་གཅིག་གིས་ཐོགས་པ་ལ་ཡང་ཡོད་དེ། རྒྱན་སྣང་ལས། དེ་ལྟར་ཚོགས་བསགས་པ་རྣམས་ནི་འཕགས་པ་བྱམས་པས་བརྙེས་པ་ལྟར་ངེས་པར་འབྱུང་བ་ཡིན་པས་བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ་བརྗོད་པར་བྱའོ། ཞེས་འབྱུང་བའི་ཕྱིར་རོ། །དེས་ན་སྲིད་པ་ཐ་མ་པ་ཁོ་ན་ལ་ཡོད་པར་མ་ངེས་སོ་ཞེས་འཆད་པའི་ལུང་ནི་འགྱུར་མ་དག་པར་འདྲ་སྟེ། འཕགས་པས་སྒྲུབ་པའི་འབྲེལ་ལ་གོ་དགོས་པ་ནི་འཇུག་གོ །ཞུགས་པ་ནི་དཔུང་གི་ཚོགས་གསོག་གོ །དཔུང་གི་ཚོགས་བསགས་པ་ནི་མ་རྒྱལ་བ་ལས་རྒྱལ་བ་ཐོབ་པས་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ། ཞེས་པ་ལྟར་རྒྱན་སྣང་དུ་ཡང་སྒྲུབ་པའི་འབྲེལ་བཀོད་ལ། འགྲེལ་ཆེན་འགྱུར་རྙིང་ལས་ནི། ཚོགས་བསགས་པ་རྣམས་ནི་འདི་ལྟར་མ་རྒྱལ་བ་ལས་རྒྱལ་བས་བརྙེས་པ་ལྟར་ཞེས་འབྱུང་ངོ༌། །དེས་ན་དེའི་དོན་ནི་དཔེར་ན་དཔུང་གི་ཚོགས་བསགས་ནས་གཡུལ་ལས་རྒྱལ་བའི་གོ་འཕང་ཐོབ་པ་ལྟར་ཚོགས་སྒྲུབ་ཀྱིས་དཔུང་བསགས་ནས་ངེས་སྒྲུབ་གྱིས་སྤང་བྱའི་གཡུལ་ལས་རྒྱལ་ཏེ་ཞེས་པའི་དོན་ཡིན་པ་ལ། གཞན་དུ་བྱམས་པའི་མཚན་གྱི་རྣམ་གྲངས་ལ་མ་རྒྱལ་བ་ལས་རྒྱལ་བ་ཞེས་ཀྱང་འབྱུང་བ་དང་འཕྱུགས་པ་འདྲའོ། །ཐུབ་དགོངས་སུ། འདིར་མཐོང་བ་དང་སྒོམ་པའི་ལམ་གཉིས་ནས་བཟུང་ནས་སེམས་བསྐྱེད་ཉི་ཤུ་པའི་བར་ནི་ངེས་པར་འབྱུང་བའི་སྒྲུབ་པའོ། །


JLD017_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བ་འདི་ནི་མ་རྒྱལ་བ་ལས་རྒྱལ་བ་ཐོབ་ནས་འབྲས་བུ་མཐར་ཐུག་པ་གནོན་པ་སྟེ། ཞེས་བཤད་པའི་ཕྱིར་ཡང་མ་རྒྱལ་བ་ལས་རྒྱལ་བ་བྱམས་པར་བསྒྱུར་བ་འགྱུར་འཕྱུགས་སོ། །འོན་ཀྱང་ལུང་འདིས་མཐོང་ལམ་ནས་ངེས་འབྱུང་སྒྲུབ་པ་འདོད་པ་མི་འཐད་དེ། རྒྱན་སྣང་དུ་ཐོགས་མེད་ཀྱི་ལུང་དྲངས་པར་ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་པ་དང་འགལ་བའི་ཕྱིར་རོ། །དེ་ལྟ་ན་ཡང་ས་བཅུ་པ་ན་ཡོད་པ་ཡང་མི་འཐད་དེ། ལུང་དེ་དང་རྟོགས་སླ་གཉིས་ཀར་སྒོམ་ལམ་ལ་བརྟེན་ཞེས་པ་ལས་མི་འབྱུང་བའི་ཕྱིར་ཞེ་ན། ཉེས་པ་མེད་དེ། སློབ་དཔོན་གྱིས་ལུང་དེའི་དོན་ཁྱད་པར་ལམ་ལ་བཤད་པ་དང༌། ཀཱ་མ་ལ་ཤཱི་ལས་ཀྱང༌། འདི་ཡང་འཕགས་པ་ཐོགས་མེད་ཀྱིས་གསུངས་ཏེ་འདི་ལྟ་སྟེ་གོ་ཆ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་དེ་ཚོགས་ཀྱི་ལམ་མོ། །འཇུག་པའི་བྱ་བ་ནི་དྲོད་དང་རྩེ་མོ་དང་བཟོད་པ་སྟེ་སྦྱོར་བའི་ལམ་གྱི་རང་བཞིན་ནོ། །ཚོགས་བཅུ་བདུན་ལས་བཅོ་ལྔ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གིས་བསྡུས་ཏེ། སྦྱོར་བའི་ལམ་གྱིས་བཟུང་བ་ཡིན་ལ། སའི་ཚོགས་དང༌། གཉེན་པོའི་ཚོགས་ནི་མཐོང་བའི་ལམ་དང་སྒོམ་པའི་ལམ་མོ། །ངེས་པར་འབྱུང་བ་བརྒྱད་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་ཞེས་འབྱུང་བས་ས་བཅུ་པའི་ཁྱད་པར་ལམ་ལ་ཡིན་ནོ། །གསུམ་པ་ནི། དེ་ལྟར་སེམས་བསྐྱེད་པ་ནས་ངེས་སྒྲུབ་དང་བཅས་པ་རྣམས་ཀྱིས་ཡུལ་ལམ་རྒྱུའི་སྒོ་ནས་མཚོན་པའི་


JLD017_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་མཁྱེན་ནི་ཐུབ་པའི་འོ། །གཉིས་པ་ལ་གསུམ། ལམ་ཤེས་ཀྱི་ཆོས་དངོས། དེ་ཇི་ལྟར་མཚོན་ཚུལ། རྟེན་གྱི་གང་ཟག་གོ །དང་པོ་ལ་གཉིས། ལམ་ཤེས་ཀྱི་ཡན་ལག །ཡན་ལག་ཅན་གྱི་ལམ་མོ། །དང་པོ་ནི། དེ་བཞིན་གཤེགས་པའི་འོད་ཀྱིས་ལྷ་རྣམས་ཀྱི་འོད་མོག་མོག་པོར་ཏེ་གཟི་མེད་པར་བྱེད་པ་ནི་ང་རྒྱལ་བཅོམ་ནས་ལམ་ཤེས་སྐྱེ་རུང་གི་རྟེན་དུ་བྱས་པའོ། །སོགས་ཀྱིས་བསྡུས་པ་སྐྱེ་བའི་ཡུལ་གནས་སྐབས་ངེས་པ་སེམས་བསྐྱེད་དང་ལྡན་པ། མཐར་ཐུག་མ་ངེས་པ་ཀུན་ཀྱང་ལམ་ཤེས་སྒོམ་པས་ཁྱབ་པ། འཁོར་བ་མི་འདོར་བའི་རང་བཞིན་གཞན་འཁོར་དུ་སྡུད་སོགས་ཀྱི་བྱེད་ལས་རྣམས་སོ། །འདིར་རྒྱུའི་རྐྱེན་རིགས་ཀྱིས་ཁྱབ་པ་ཞེས་གསུང་བ་ནི་སློབ་དཔོན་འདི་ཡི་དགོངས་པར་མ་སོན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་སྲིད་པ་ཐ་མ་པའི་ཚེ་ཡང་བྱང་ཆུབ་འཐོབ་པ་སློབ་དཔོན་ལ་ལྟོས་པས་སློབ་མའམ་ཐུབ་པའི་གསུང་ལས་སྐྱེས་པས་སློབ་མ་སྟེ་ཉན་ཐོས་ཀྱི་ལམ་ནི། གང་ཟག་གི་བདག་མེད་ཙམ་རྟོགས་པའི་ཉི་ཚེ་བའི་མཁྱེན་པའོ། །དབྱེ་ན་འཕགས་ལམ་དང་སྦྱོར་ལམ་གཉིས་ལས་རྒྱས་བཤད་དུ་མ་བྱུང་ཡང་དོན་གྱིས་ན་ཚོགས་ལམ་ཡང་ཡོད་དེ། དེ་ཡང་བྱང་སེམས་ཀྱིས་ཤེས་པར་བྱ་དགོས་པས་སོ། །འདི་ནི་རང་རྒྱལ་ལ་ཡང་སྦྱོར་རོ། །འདིར་ཐར་ཆ་མ་བཤད་པ་ནི་རྣམ་ཀུན་ཏུ་སྟོན་པ་ལ་དགོངས་སོ། །གཉིས་པ་གཅིག་པུར་གནས་པས་བསེ་རུ་ལྟ་བུའི་ལམ་སྟེ་དེས་མཚོན་པའི་རང་རྒྱལ་གྱི་ལམ་ནི། བདག་མེད་ཕྱེད་དང་གཉིས་རྟོགས་པའི་ཉི་ཚེ་བའི་མཁྱེན་པའོ། །


JLD017_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་སྔར་དང་འདྲའོ། །གསུམ་པ་བྱང་སེམས་ཀྱི་ལམ་ལ་གཉིས་ལས། དང་པོ་ཚེ་འདིའི་ཡོན་ཏན་ནད་མེད་པ་སོགས་དང༌། ཚེ་གཞན་པའི་ཡོན་ཏན་སངས་རྒྱས་དང་མི་འབྲལ་བ་ལ་སོགས་པའི་ཕན་ཡོན་ཆེ་བ་དང་ལྡན་པའི་མཐོང་ལམ་ནི་ཟག་མེད་སྒོམ་ལམ་མ་སྐྱེས་གོང་གི་བདག་མེད་གཉིས་རྟོགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དབྱེ་ན་བཅུ་དྲུག་གོ །གཉིས་པ་སྒོམ་ལམ་ལ་གཉིས་ལས། སྒོམ་ལམ་བྱེད་པ་ནི། སྒོམ་ལམ་གྱི་འབྲས་བུར་གྱུར་པའི་ཕན་ཡོན་ཏེ། དབྱེ་ན་དྲུག་གོ །ས་མཚམས་ས་གཉིས་པའི་སྐད་ཅིག་གཉིས་པ་ནས་སངས་རྒྱས་སའི་བར་རོ། །གཉིས་པ་བྱེད་པ་ཅན་གྱི་སྒོམ་ལམ་ལ་གཉིས་ལས། དང་པོ་ཟག་བཅས་སྒོམ་ལམ་ལ་གསུམ་ལས། དང་པོ་ལ་དངོས་དང༌། ཕན་ཡོན་གཉིས་ལས། དང་པོ་མོས་པ་ཡིད་ལ་བྱེད་པ་བླ་ན་མེད་པ་ནི། ཟག་བཅས་སྒོམ་ལམ་གང་ཡུམ་ཡོན་ཏན་ཅན་ཡིན་པ་ལ་དེ་ལྟར་ངེས་པའི་ཚུལ་གྱིས་འཛིན་པའོ། །དབྱེ་ན་ཉེར་བདུན་ནོ། །གཉིས་པ་ཕན་ཡོན་བསྟོད་བཀུར་བསྔགས་པ་གསུམ་ནི། རིམ་པ་ལྟར་རང་དོན་གཉིས་དོན་གཞན་དོན་མོས་པ་གསུམ་སྒོམ་པའི་བྱང་སེམས་ལ་སངས་རྒྱས་བྱང་སེམས་གོང་མ་རྣམས་ཐུགས་དགྱེས་པའི་ཆ་དང་དེའི་དོན་གནས་ཀྱི་ཡོན་ཏན་བརྗོད་པའི་ཆ་གང་རུང་ངོ༌། །དེ་དག་ལ་ཡང་དགུ་དགུ་སྟེ་ཉེར་བདུན་ནོ། །གཉིས་པ་བསྔོ་བ་ཡིད་ལ་བྱེད་པ་བླ་ན་མེད་པ་ནི། ཟག་བཅས་སྒོམ་ལམ་གང་གཞན་དོན་དུ་དགེ་བ་རྫོགས་པའི་བྱང་


JLD017_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་ཡན་ལག་ཏུ་བྱེད་པའོ། །དབྱེ་ན་བཅུ་གཉིས་སོ། །གསུམ་པ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་ན་མེད་པ་ནི། ཟག་བཅས་སྒོམ་ལམ་གང་རང་གཞན་གྱི་དགེ་བ་ལ་མངོན་པར་དགའ་བ་སྟེ། དབྱེ་ན་ཀུན་རྫོབ་དང་དོན་དམ་ཡུལ་ཅན་གྱི་ཡི་རང་གཉིས་སོ། །མོས་པ་ནས་འདི་ཡི་བར་གྱི་ས་མཚམས་ནི་ས་གཉིས་པ་ནས་བཅུ་པའི་བར་རོ། །གཉིས་པ་ཟག་མེད་སྒོམ་ལམ་ལ་གཉིས་ལས། ཡོན་ཏན་མངོན་པར་སྒྲུབ་པའི་སྒོམ་ལམ་ནི། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་རྟོགས་པ་མཐར་ཐུག་གི་རྒྱུར་གྱུར་པ་སྟེ། དབྱེ་ན་ངོ་བོ་ཉིད་ལ་སོགས་པ་ལྔའོ། །གཉིས་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་སྒོམ་ལམ་ནི། ཐེག་ཆེན་ཟག་མེད་སྒོམ་ལམ་གང་སྤངས་པ་མཐར་ཐུག་གི་རྒྱུར་གྱུར་པ་སྟེ། དབྱེ་ན་སྒོམ་སྤང་དགུའི་གཉེན་པོ་དགུའོ། །འདི་གཉིས་རིམ་པ་ལྟར་རྟོགས་པ་དང་སྤངས་པ་ཕུན་ཚོགས་ལ་བྱས་ནས་ཕྱི་མ་སྒོམ་ལམ་མཚན་ཉིད་པར་བཞེད་པ་ནི་ནང་འགལ་ཏེ། སྤངས་རྟོགས་གཉིས་ཀྱི་སྤངས་པ་ནི་འདུས་མ་བྱས་ཡིན་པའི་ཕྱིར་རོ། །མོས་པ་ནས་དག་པ་ཞེས་བྱ་བའི་བར་ལྔ་པོ་འདི་ནི་སྒོམ་པའི་ལམ་མོ། །གཉིས་པ་ནི། ལམ་གསུམ་ཤེས་པའི་ལམ་ཤེས་པ་ཉིད་ནི་ཡུལ་ལམ་གསུམ་གྱིས་མཚོན་པ་དེ་འདྲར་བཤད་དོ། །གསུམ་པ་ནི་ལམ་ཤེས་དེ་གང་གི་ཞེ་ན། བྱང་ཆུབ་སེམས་དཔའ་བདེན་གཉིས་ལ་མཁས་པ་རྣམས་ཀྱིའོ། །གསུམ་པ་ལ་གསུམ། གཞི་ཤེས་ཀྱི་ཆོས་དངོས། དེ་ཇི་ལྟར་བཤད་ཚུལ། རྟེན་གྱི་གང་ཟག་གོ །དང་པོ་ལ་ཆོས་དགུ་


JLD017_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་དུས་གསུམ་མཉམ་ཉིད་དུ་རྟོགས་པའི་ཤེས་པས་སྲིད་པ་ལ་མི་གནས་པ་ནི། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་སྲིད་པའི་རྒུད་པ་ཟློག་པའི་མཁྱེན་པའོ། །གཉིས་པ་སྙིང་རྗེས་ཞི་བ་མྱང་འདས་ལ་མི་གནས་པ་ནི། སེམས་བསྐྱེད་ཁྱད་ཅན་གྱི་སྟོབས་ཀྱིས་ཞི་བའི་རྒུད་པ་ཟློག་པའི་མཁྱེན་པའོ། །གསུམ་པ་འབྲས་ཡུམ་བསྐྱེད་པའི་ཐབས་མིན་པས་དེ་ལ་རིང་བ་ནི། ཤེས་བྱ་ལམ་འབྲས་གསུམ་ལ་མཚན་མར་འཛིན་པས་བཅིངས་ཤིང་དེའི་གཉེན་པོ་བྱེད་མི་ནུས་པའི་གཞི་ཤེས་སོ། །བཞི་པ་འབྲས་ཡུམ་བསྐྱེད་པའི་ཐབས་ལ་མཁས་པས་དེ་ལ་རིང་བ་མིན་པ་ནི། ཐབས་ཤེས་ཁྱད་ཅན་དང་ལྡན་པའི་མཁྱེན་པའོ། །ལྔ་པ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ནི་གཞིའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་འཛིན་པས་བཅིངས་པས་བྱང་སེམས་ཀྱི་སྤང་བྱར་གནས་པའི་གཞི་ཤེས་སོ། །དྲུག་པ་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ནི། གཞི་རང་བཞིན་མེད་པར་རྟོགས་པས་དེ་ལ་མཚན་མར་འཛིན་པའི་གཉེན་པོ་བྱེད་ནུས་པས་མཁྱེན་པའོ། །བདུན་པ་གཞི་ཤེས་ཀྱི་སྦྱོར་བ་ནི། གཞི་གཟུགས་སོགས་ལ་ཞེན་པ་བཀག་ནས་སྒོམ་པའི་ལམ་གང་ཉན་རང་གི་སྦྱོར་བ་ཤུགས་ལ་འཕེན་བྱེད་དེ། དབྱེ་ན་བཅུའོ། །འདི་ཁ་ཅིག་སྦྱོར་ལམ་དུ་འདོད་ཀྱང་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ། །བརྒྱད་པ་སྦྱོར་བ་དེའི་མཉམ་ཉིད་ནི། གཞི་ཤེས་ཀྱི་སྦྱོར་བ་སྒོམ་པའི་རྣམ་པ་གང་ཡུལ་དང་ཡུལ་ཅན་དུ་རློམ་པ་འགོག་


JLD017_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ། དབྱེ་ན་སྦྱོར་བ་བཅུ་པོ་རེ་རེ་ལ་རློམ་མེད་བཞི་བཞི་སྟེ་བཞི་བཅུའོ། །དགུ་པ་གཞི་ཤེས་ཀྱི་དངོས་བསྟན་མཐོང་ལམ་ནི། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་བདེན་པ་གསར་མཐོང་གང་ཐེག་དམན་གྱི་མཐོང་ལམ་ཤུགས་ལ་འཕེན་བྱེད་དོ། །གཉིས་པ་ནི། གཞི་ཀུན་ཤེས་པ་ཉིད་ནི་མི་མཐུན་པ་དང་གཉེན་པོའི་ཕྱོགས་གཉིས་ཀྱིས་བཤད་པ་དེ་འདྲར་འདོད་དོ། །གསུམ་པ་ནི། གཞི་ཤེས་དེ་སུའི་ཞེ་ན། ཉན་ཐོས་དང་སོགས་པས་རང་སངས་རྒྱས་ཀྱིའོ། །དེས་ན་སྤོང་ཞོས་བལྟས་པའི་རྒྱ་དཔེ་ལ། མཐོང་ལམ་ཉན་ཐོས་ལ་སོགས་ཀྱི་ཞེས་ཡོད་པར་གྲགས་པས་དེ་ལྟར་བསྒྱུར་ནས་དེའི་རྗེས་སུ། ཀུན་ཤེས་ཉིད་ནི་དེ་འདྲར་འདོད། ཅེས་འདོན་པར་བྱ་སྟེ། རྒྱན་སྣང་ལས། བརྒྱད་སྟོང་པའི་ལེའུ་བརྒྱད་པའི་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་ལེའུ་དགུ་པའི་ཆོས་གང་ཡང་བསྐོར་བའམ་ལྡོག་པ་མེད་དོ། །རབ་འབྱོར་འདི་ཡང་བྱང་སེམས་ཆེན་པོའི་ཡུམ་ཡིན་ནོ་ཞེས་པའི་བར་གྱིས་ཉན་ཐོས་དང་རང་རྒྱལ་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་གསུངས་སོ། ཞེས་གཞི་ཤེས་ཀྱི་ལུས་རྣམ་གཞག་གི་འགྲེལ་པར་གསུངས་སོ། །དེས་ན་འདི་ལ་རྣམ་མཁྱེན་ལ་ཐུབ་པའི་ཞེས་དང་། ལམ་ཤེས་ལ་བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི་ཞེས་འབྱུང་བའི་དོད་ཡིན་ནོ། །དེའི་ཕྱིར་ཇོ་བོ་མདའ་བྱང་སེམས་ཀྱིས་སོགས་ཀྱི་སྒྲ་དང་པོའི་བྱེད་ཚིག་ཡིན་ལ། དེ་ཡང་ཨ་ཏིའི་དོན་ཡིན་ལ་དེ་ཡང་མཆོག་གི་དོན་ཡིན་ནོ། །འདི་མཐོང་ལམ་གསུམ་གྱི་དམའ་ཤོས་ཡིན་ཀྱང་ཉན་རང་གི་རྟོགས་པའི་ཆོས་


JLD017_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་མཆོག་ཡིན་པས་ཉེས་པ་མེད་དོ་ཞེས་སྨྲ་བ་མི་འཐད་ལ། གཞན་ཡང་ཨ་མ་རས་བན་ཆུང་རྣམས་ལ་སོགས་སྒྲས་གང་སྡུད་དྲིས་པས་རང་རྒྱལ་སྡུད་ཟེར་བ་ན་འོ་ན་རྒྱས་བཤད་དུ་རང་རྒྱལ་མེད་པ་བྱས་པ་ན་ཉན་ཐོས་བཤད་པས་དེ་ཡང་བཤད་ཟེར་རོ། །འོ་ན་དེ་གཉིས་ལམ་ལ་ཁྱད་མེད་པས་འབྲས་བུ་ཡང་ཁྱད་མེད་པར་འགྱུར་ན་དེ་ཡང་མི་འཐད་དེ། ཁྱད་པར་བཤད་པས་སོ་བྱས་པ་ན་བན་ཆུང་དག་རྡུགས་སོ་ཞེས་སྨྲ་བ་ནི་ཨ་མ་ར་དཔོན་སློབ་གཉིས་ཀའི་རང་མཚན་བསྒྲགས་པར་སྣང་ངོ༌། །དེ་ལྟར་མཁྱེན་གསུམ་ལ་བརྟེན་གསུངས་ནས་ལྷག་མ་ལྔ་ལ་མ་གསུངས་པ་ནི་མཁྱེན་གསུམ་དུ་ལྔ་འདུས་པ་ལ་དགོངས་ནས་སོ། །གཉིས་པ་ལ་བཞི། རྣམ་ཀུན། རྩེ་མོ། མཐར་གྱིས་པ། སྐད་ཅིག་མའི་ལུས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། རྣམ་ཀུན་གྱི་ཆོས་དངོས་དང༌། དེ་ཇི་ལྟར་བཤད་པའི་ཚུལ་ལོ། །དང་པོ་ལ་བཅུ་གཅིག་ལས། དང་པོ་རྣམ་པ་ནི། ཡུལ་ལམ་མཁྱེན་པའི་ཁྱད་པར་གང་སྦྱོར་བའི་བསྒོམ་བྱར་གྱུར་པའོ། །དབྱེ་ན་བརྒྱ་དང་དོན་གསུམ་མོ། །གཉིས་པ་སྦྱོར་བ་ནི། དབང་དུ་བྱ་བའི་ཕྱིར་མཁྱེན་གསུམ་བསྡུས་ཏེ་སྒོམ་པའི་རྣལ་འབྱོར་ཏེ། དབྱེ་ན་ཚེགས་ཆེན་ཡུན་རིང་རྟོགས་པ་ནས་རྣམ་དག་སྦྱོར་བའི་བར་ཉི་ཤུའོ། །གསུམ་པ་ཡོན་ཏན་ནི། སྦྱོར་བ་བསྒོམས་པས་གནས་སྐབས་དང་མཐར་ཐུག་ཏུ་ཐོབ་བྱ་སྟེ། དབྱེ་ན་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་བཅུ་བཞིའོ། །ས་མཚམས་ཚོགས་ལམ་ནས་སངས་རྒྱས་ཀྱི་བར་


JLD017_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞག་སྟེ་གཞུང་ནས་ཤེས་སོ། །བཞི་པ་སྐྱོན་ནི། སྦྱོར་བ་སྐྱེས་པ་དང་ཁྱད་པར་དུ་འགྲོ་བ་ལ་བར་དུ་གཅོད་པའི་བདུད་ལས་ཏེ། དབྱེ་ན་ཞེ་དྲུག་གོ །ལྔ་པ་མཚན་ཉིད་ནི། སྦྱོར་བའི་ངོ་བོའམ་ནུས་པ་མཚོན་བྱེད་ཀྱི་མཁྱེན་པ་སྟེ་དབྱེ་ན་གོ་གཅིག་གོ །དྲུག་པ་ཉོན་མོངས་ཀྱི་ས་བོན་དང་བྲལ་བས་ཐར་པ་དེའི་ཆའམ་ཕྱོགས་གཅིག་ལ་ཕན་པས་མཐུན་པ་སྟེ་ཐར་པ་ཆ་མཐུན་ནི། བྲལ་བའི་ཁྱད་པར་ལ་ཕན་འདོགས་བྱེད་གང་རྣམ་བྱང་དབང་པོའི་ངོ་བོར་མ་གྱུར་པའི་གནས་སྐབས་ཀྱི་ལམ་མོ། །བྱེ་བྲག་ཏུ་ཐེག་ཆེན་གྱི་ནི་བླ་མེད་བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་ཞེས་སྦྱར་རོ། །བདུན་པ་ངེས་འབྱེད་ཆ་མཐུན་ནི། སེམས་ཅན་ལ་དམིགས་པའི་རྣམ་པ་ཁྱད་པར་བ་དང་ལྡན་ཞིང་སྒོམ་བྱུང་གཙོ་བོར་གྱུར་པའི་མོས་སྤྱོད་ཀྱི་ཡེ་ཤེས་སོ། །འདི་དང་སྦྱོར་བ་འོག་མ་གཉིས་སུ་ཡང་ལམ་གསུམ་མཚན་ཉིད་པའི་དབང་དུ་བྱས་ཏེ་མཚན་ཉིད་དང་ས་མཚམས་གཞག་པར་བྱའོ། །བརྒྱད་པ་བསླབ་པར་བྱ་བ་ཡོད་པས་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ནི། སྲིད་ཞི་གང་དུ་ཡང་མི་ལྟུང་བར་ངེས་པའི་རྟགས་དང་ལྡན་པའི་སེམས་དཔའ་སྟེ། དབྱེ་ན་སྦྱོར་མཐོང་སྒོམ་གསུམ་ལ་གནས་པ་གསུམ་མོ། །དགུ་པ་སྲིད་དང་ཞི་བ་མཉམ་པ་ཉིད་ཀྱི་སྦྱོར་བ་ནི། འཁོར་འདས་གཉིས་རང་བཞིན་མེད་པར་རྟོགས་ནས་སྒོམ་པའི་སྦྱོར་བའོ། །བཅུ་པ་ཞིང་དག་པ་བླ་ན་མེད་པ་སྟེ་མཆོག་གི་སྦྱོར་བ་ནི། རང་གི་སྣོད་བཅུད་ཀྱི་ཞིང་གཉིས་ཉེས་པ་དང་བྲལ་བར་བྱེད་པའི་སྦྱོར་བ་སྟེ། དབྱེ་ན་སྣོད་བཅུད་ཀྱི་ཞིང་དག་སྦྱོར་གཉིས་སོ། །བཅུ་


JLD017_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་ཐབས་ལ་མཁས་པའི་སྦྱོར་བ་ནི། ཐབས་མཁས་ཀྱི་ཡུལ་བཅུ་མངོན་དུ་བྱ་བ་ལ་དུས་དང་དུས་མིན་ཤེས་པའི་སྦྱོར་བ་སྟེ། འདི་དང་སྔ་མ་གཉིས་ཀྱི་ས་མཚམས་ནི་འཆད་པར་འགྱུར་རོ། །ཚིག་གསལ་དུ། བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ལ་གནས་པ་དང་སྐྱེ་བ་གཅིག་གིས་ཐོགས་པའི་རྣམ་པར་འཕྲུལ་པ་སངས་རྒྱས་སུ་སྣང་བའི་དབང་དུ་བྱས་པའི་མཛད་པ་ཡིན་པར་ཤེས་པར་བྱའོ་ཞེས་འཆད་པ་ནི་དོན་མིན་ཏེ། སངས་རྒྱས་ཀྱི་མཛད་པ་བྱ་དགོས་པས་ཞེས་ཞིང་དག་དང་གོ་རིམ་སྟོན་པ་ཙམ་ཡིན་པས་སོ། །དེ་ལྟ་མིན་ན་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་སུ་འགྱུར་པས་ཞེས་འབྱུང་བས་ཞིང་དག་སྦྱོར་ལ་ཡང་ཐལ་ལོ། །གཉིས་པ་ནི། རྣམ་པ་ནས་ཐབས་མཁས་དང་བཅས་པ་བཅུ་གཅིག་པོ་འདི་ནི་མཁྱེན་གསུམ་གྱི་རྣམ་པ་ཀུན་མངོན་པར་ཏེ་མངོན་དུ་ཕྱོགས་པ་རྫོགས་པར་ཏེ་ཡང་དག་པར་རྟོགས་པ་ཡིན་ནོ། །གང་ཡིན་ན་གཉིས་པ་དང་ཐ་མ་གསུམ་ནི་ངོ་བོ་ཡིན་ལ། གཞན་རྣམས་ནི་ཡུལ་དང་རྟེན་དང་སྤང་བྱ་ཤེས་བྱ་ཕན་ཡོན་ལ་སོགས་པ་ཡིན་ནོ། །གཞན་ཡང་རྣམ་པ་ནས་ཐར་པ་ཆ་མཐུན་གྱི་བར་ནི་སྦྱོར་བ་ཕྱིན་ཅི་མ་ལོག་པར་སྒོམ་པ་དང་ངེས་འབྱེད་ནས་ཐབས་མཁས་ཀྱི་བར་ནི་སྦྱོར་བ་ཕྱིན་ཅི་མ་ལོག་པར་སྐྱེས་པའི་རིམ་པའོ་ཞེས་ཀྱང་འཆད་དོ། །གཉིས་པ་ལ་གཉིས། རྩེ་མོའི་ཆོས་དངོས། དེ་ཇི་ལྟར་མཚོན་པའི་ཚུལ་ལོ། །དང་པོ་ལ་བརྒྱད་ལས། དང་པོ་སྔར་བཤད་པའི་རྩེ་མོའི་མངོན་རྟོགས་དེའི་རྟགས་ནི། བསྡུས་སྒོམ་རབ་ཏུ་གྱུར་པར་མཚོན་བྱེད་གང་དྲོད་ཀྱིས་


JLD017_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་སྟེ། དབྱེ་ན་བཅུ་གཉིས་སོ། །གཉིས་པ་རྣམ་འཕེལ་ནི། བསྡུས་སྒོམ་རབ་ཏུ་གྱུར་པ་འཕེལ་པའི་ཆ་གང་སྦྱོར་ལམ་རྩེ་མོས་བསྡུས་པ་སྟེ། དབྱེ་ན་རྣམ་འཕེལ་བཅུ་དྲུག་གོ །གསུམ་པ་ངེས་པར་བརྟན་པ་ནི། མཁྱེན་གསུམ་གྱི་རྟོགས་པ་ཅི་རིགས་པ་དང་སེམས་ཅན་གྱི་དོན་མི་གཏོང་བ་ལ་བརྟན་པ་ཐོབ་པའི་རྩེ་མོ་གང་བཟོད་པས་བསྡུས་པ་སྟེ། དབྱེ་ན་བརྟན་པ་གཉིས་སོ། །བཞི་པ་སེམས་ཀུན་ཏུ་གནས་པ་ནི། བྱང་སེམས་བཞིའི་སེམས་བསྐྱེད་ལ་ཡི་རང་བའི་དོན་ལ་སེམས་རྩེ་གཅིག་ཏུ་གནས་པའི་རྩེ་མོ་གང་ཆོས་མཆོག་གིས་བསྡུས་པའོ། །ལྔ་པ་མཐོང་ཞེས་བྱ་བའི་ལམ་གྱི་རྩེ་མོ་ནི། བསྡུས་སྒོམ་རབ་གྱུར་གང་མཐོང་སྤང་རྟོག་པའི་ཐུན་མོང་མ་ཡིན་པའི་གཉེན་པོ་བྱེད་པའོ། །དྲུག་པ་སྒོམ་པ་ཞེས་བྱ་བའི་ལམ་གྱི་རྩེ་མོ་ནི། བསྡུས་སྒོམ་རབ་གྱུར་གང་སྒོམ་སྤང་རྟོག་པའི་ཐུན་མོང་མ་ཡིན་པའི་གཉེན་པོ་བྱེད་པའོ། །ལམ་གཉིས་པོ་སོ་སོར་ཏེ་རེ་རེ་ལ་འཇུག་པ་དང་ལྡོག་པ་གཟུང་རྟོག་རྫས་འཛིན་དང་བཏགས་འཛིན་གྱི་རྣམ་པར་རྟོག་པ་སྟེ་སྤང་བྱ་བཞི་བཞི་ཡོད་པས་དེའི་གཉེན་པོ་སྦྱོར་བ་དང་འཇུག་པའི་ལམ་གཉིས་གཉིས་ཏེ་རྣམ་པ་བཞིའོ། །བདུན་པ་བར་ཆད་མེད་པའི་ཏིང་ངེ་འཛིན་ནི། བསྡུས་སྒོམ་རབ་གྱུར་གང་རྣམ་མཁྱེན་གྱི་དངོས་རྒྱུར་གྱུར་པའོ། །བརྒྱད་པ་བསལ་བྱ་ལོག་པར་སྒྲུབ་པ་ནི། བདེན་གཉིས་འགལ་བར་འཛིན་པའི་མི་ཤེས་པ་སྟེ། དབྱེ་ན་བཅུ་དྲུག་གོ །གཉིས་པ་ནི། རྟགས་ནས་ལས་ལོག་སྒྲུབ་དང་བཅས་པའི་དངོས་པོ་བརྒྱད་ནི་རྩེ་མོའི་མངོན་རྟོགས་སོ། །དེ་ཡང་དང་པོ་བདུན་ནི་རྩེ་མོའི་ངོ་བོ་ཡིན་ལ་བརྒྱད་


JLD017_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྤང་བྱའོ། །གསུམ་པ་ལ་བཅུ་གསུམ་ལས། དང་པོ་སྦྱིན་པའི་མཐར་གྱིས་པ་ནི། མཐར་གྱིས་པ་སྤྱིའི་མཚན་ཉིད་སྦྱར་ནས་སྦྱིན་པ་རིམ་ལྡན་དུ་སྒོམ་པ་སྟེ། དེ་བཞིན་དུ་གཞན་ལྔ་ལ་ཡང་སྦྱར་རོ། །སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་པ་ནི། དེ་བཞིན་གཤེགས་པའི་ཡོན་ཏན་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པར་རིམ་ལྡན་དུ་དྲན་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡོན་ཏན་ཞེས་པའི་གནས་སུ་དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་དང༌། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་དང༌། སྡོམ་པ་གསུམ་དང་ཆོས་དང་ཟང་ཟིང་གི་སྦྱིན་པ་དང༌། ལྷར་སྐྱེས་པའི་འཕགས་པ་ཞེས་སྦྱར་བས་ཆོས་དང༌། དགེ་འདུན་དང༌། ཚུལ་ཁྲིམས་དང༌། གཏོང་བ་དང༌། ལྷ་རྗེས་སུ་དྲན་པའི་མཐར་གྱིས་པའོ། །དངོས་མེད་ངོ་བོ་ཉིད་དུ་ཤེས་པའི་མཐར་གྱིས་པ་ནི། ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་ནས་རིམ་གྱིས་སྒོམ་པའོ། །དེ་ལྟར་དཀོན་མཆོག་གསུམ་རྗེས་སུ་དྲན་པ་རྣམ་པ་གསུམ་དང་ལྷག་མ་རྣམ་པ་བཅུ་ནི་མཐར་གྱིས་པའོ། །ཚུལ་འདི་ཡང་མཐར་གྱིས་པས་ཉམས་སུ་ལེན་པ་ཐམས་ཅད་ལ་ཚང་བར་ལེན་གྱི་རེ་རེ་ཞིང་ཕྲལ་ནས་མ་ཡིན་ཏེ། དང་པོ་དྲུག་མཐར་གྱིས་པའི་ཉམས་ལེན་གྱི་ངོ་བོ་ཡིན་ལ། དྲན་པ་དྲུག་དེའི་གནས་སྐབས་ཡིན་ཞིང་ཐ་མ་ནི་འཛིན་པ་དག་བྱེད་ཡིན་པས་དེ་དག་ཐམས་ཅད་ཀྱི་ཁྱབ་བྱེད་དོ། །དེ་ཡང་ཉམས་སུ་ལེན་པ་ན་དཀོན་མཆོག་རྟེན་དུ་དང་ལྷ་དཔང་པོར་དང་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕན་ཡོན་དྲན་པ་སྟེ། མདོར་ན་ལམ་


JLD017_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྟེན་དང་དཔང་པོ་དང་ལམ་གྱི་ཕན་ཡོན་དྲན་པར་བྱེད་ལ། ཉམས་ལེན་དང་དྲན་པ་ཀུན་ཀྱང་ཐ་མས་ཟིན་པའི་ཕྱིར་རོ། །དེ་ལྟར་ཡང་ཐུབ་དགོངས་སུ། གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སངས་རྒྱས་དང༌། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་དང༌། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་དང༌། ཚུལ་ཁྲིམས་དང༌། གཏོང་བ་དང༌། ལྷ་རྗེས་སུ་དྲན་པ་དང༌། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་རྟོགས་པ་སྟེ་རྣམ་པ་བཅུ་གསུམ་དུ་གསུངས་པ་དེ་རྣམས་ནི་རིམ་གྱིས་རྟོགས་པའི་རྣམ་པ་མ་ཡིན་ཏེ། འདི་ལྟར་རྟོགས་པའི་རྣམ་པ་རེ་རེ་ལ་ཡང་བཅུ་གསུམ་དུ་འབྱུང་བས་སོ་ཞེས་གསུངས་ཤིང་ལྷ་ནི་འདོད་ལྷར་སྐྱེས་པའི་རྒྱུན་ཞུགས་དང་ཁམས་གོང་མ་གཉིས་སུ་སྐྱེས་པའི་ཕྱིར་མི་འོང་ལ་བཤད་དོ། །བཞི་པ་ནི། སྐད་ཅིག་མ་གཅིག་གིས་མངོན་པར་ཏེ་མངོན་དུ་རྫོགས་པར་ཏེ་མ་ལུས་པ་བྱང་ཆུབ་པ་སྟེ་རྟོགས་པའི་སྐད་ཅིག་སྦྱོར་དེ་ལ་མཚན་ཉིད་དམ་ལྡོག་པས་ཕྱེ་ན་རྣམ་པར་སྨིན་པ་མིན་པའི་ཆོས་ཐམས་ཅད་དང༌། རྣམ་སྨིན་གྱི་ཆོས་ཐམས་ཅད་དང༌། ཆོས་ཐམས་ཅད་མཚན་ཉིད་མེད་པ་དང༌། ཆོས་ཐམས་ཅད་གཉིས་སུ་མེད་པར་སྐད་ཅིག་མ་གཅིག་ལ་རྟོགས་པ་བཞིའོ། །ངོ་བོ་ཐ་དད་མིན་པར་ལྡོག་པ་ཐ་དད་པ་ཡང་རྒྱན་སྣང་དང་ཚིག་གསལ་ཐུབ་དགོངས་ཤེར་འབྱུང་ལ་སོགས་པས་བཤད་དོ། །གསུམ་པ་ནི། དབྱེ་གཞི་ནི་སངས་རྒྱས་ཀྱི་སྐུ་ཙམ་མོ། །དབྱེ་བའི་ངོ་བོ་ནི་རྣམ་པ་བཞིར་ནི་ཡང་དག་པར་བརྗོད་དོ། །དེ་ལ་བཞི་ལས་དང་པོ་ངོ་བོ་ཉིད་ཀྱི་སྐུ་ནི། དབྱིངས་རང་བཞིན་


JLD017_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དག་པ་ལ་གློ་བུར་གྱི་དྲི་མ་མ་ལུས་པས་ཀྱང་དག་པའི་སྐུའོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། གདུལ་བྱའི་ནང་ནས་བྱང་སེམས་འབའ་ཞིག་ལ་སྣང་བའི་གཟུགས་སྐུ་གང་སྤྲུལ་སྐུའི་བདག་རྐྱེན་ནོ། །གསུམ་པ་ནི། ངོ་བོ་ཉིད་སྐུ་དང་ལོངས་སྐུ་གཉིས་སྐུ་གཉིས་ཡིན་པ་དེ་བཞིན་དུ་དེ་ལས་གཞན་པ་སྤྲུལ་སྐུ་ཡང་སྐུ་གཅིག་ཡིན་ལ། དེ་ལ་སྤྲུལ་པའི་སྐུ་ནི་ལོངས་སྐུའི་བདག་རྐྱེན་ལས་བྱུང་བའི་སངས་རྒྱས་ཀྱི་སྐུ་གང་དག་པ་དང་མ་དག་པའི་འགྲོ་བ་དུ་མའི་འདུལ་བྱེད་དོ། །བཞི་པ་ཡེ་ཤེས་ཆོས་སྐུ་ནི། སངས་རྒྱས་ཀྱི་གནས་ཡོངས་སུ་གྱུར་པ་མཐར་ཐུག་པའི་ཡེ་ཤེས་སོ། །ཕྱེ་བའི་ཐ་དད་ནི་དང་པོ་དང་ཕྱི་མ་གསུམ་དོན་དམ་པར་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ཅིང་ཐ་སྙད་དུ་ཐ་དད་ལ་ཕྱི་མ་གསུམ་རྫས་ཐ་དད་དོ། །སྐུ་འདི་དག་གི་གྲངས་དང་ཡེ་ཤེས་ཀྱི་ཁྱད་པར་རྣམས་འོག་ཏུ་སྟོན་པར་འགྱུར་རོ། །དེ་བཞི་ནི་དངོས་ཡིན་ལ་ཞར་བྱུང་མཛད་པ་ནི་ཆོས་སྐུས་བདག་རྐྱེན་བྱས་པ་ལས་བྱུང་བའི་རྣམ་པར་དཀར་བའི་ཡོན་ཏན་ནོ། །དབྱེ་ན་ཉེར་བདུན་ནོ། །དོན་འདི་ལ་དག་ལྡན་དུ། ཇི་ལྟར་ན་མཛད་པ་ཆོས་ཀྱི་སྐུ་ཡིན་ཞེ་ན། མཛད་པ་དང་མཛད་པ་པོ་ཐ་དད་པ་མེད་པའི་ཕྱིར་ཞེས་བྱེད་པ་པོ་ལ་ཡོད་པར་བཤད་པ་སོགས་ནི་འཆད་པར་འགྱུར་རོ། །དེ་ལྟ་ན་དོན་བདུན་ཅུའི་དོན་གྱི་ངེས་པ་ནི་དག་ལྡན་དང་ཚིག་དོན་གཉིས་ཀའི་ངེས་པ་ནི་གྲགས་པའི་ཆ་ལས་བཤད་དེ། དེ་གཉིས་ཀྱི་ལུགས་ནི་མོག་མོག་པོར་བྱེད་སོགས་ལ་གཅིག་དང་བསྟོད་བཀུར་བསྔགས་གསུམ་ལ་


JLD017_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བྱས་ནས་ལམ་ཤེས་ལ་བཅུ་གཅིག་དང༌། ཆོས་སྐུ་ལ་སྐུ་གསུམ་དང་མཛད་པ་དང་བཞིར་བྱས་ནས་བདུན་ཅུར་བྱེད་དོ། །སློབ་དཔོན་འདི་ཡི་བཞེད་པ་ལ་དོན་བདུན་ཅུའི་གསལ་ཁ་མེད་ལ་དོན་ཐོབ་ཀྱིས་བྱེད་ན། ལོག་སྒྲུབ་བར་ཆད་མེད་རྩེའི་ཡན་ལག་ཏུ་བྱས་ནས་ཟུར་དུ་མི་བགྲང་བའམ། ཡང་ན་ཕྲིན་ལས་ཆོས་སྐུའི་ཞར་བྱུང་དུ་བྱས་ནས་མི་བགྲང་བར་མངོན་ལ་དེ་གཉིས་ལ་ཡང་རྒྱན་སྣང་ལྟར་ན་ཕྱི་མར་མངོན་ནོ། །གཉིས་པ་ལ་དྲུག །སྒྲུབ་པ་དང་སྦྱོར་བ་དང༌། གང་ཟག་དང༌། རྟོག་པ་དང༌། སྒོམ་ལམ་དང༌། མཐོང་ལམ་དང༌། སྦྱོར་ལམ་ལ་ཟློས་པ་སྤང་བའོ། །དང་པོ་ནི། གདམས་ངག་ཏུ་སྒྲུབ་དང་ཞེས་པ་དང༌། སྒྲུབ་པ་བཞི་རྣམས་སྟོན་པ་ཟློས་པར་ཐལ་ཏེ། སྒྲུབ་པ་ཁྱད་མེད་ཡང་ཡང་བསྟན་པས་ཤེ་ན། སྐྱོན་མེད་དེ། དང་པོ་ནི་གདམས་ངག་གི་བརྗོད་བྱའི་ཆ་ནས་དང༌། གཉིས་པ་ནི་སྒྲུབ་པ་རང་གི་ངོ་བོ་དང༌། དབྱེ་བ་ཡིན་པས་སོ། །དེ་ལྟ་ནའང་གཞི་ཤེས་ཀྱི་སྦྱོར་བ་དང༌། རྣམ་ཀུན་གྱི་སྦྱོར་བ་ཟློས་ཤེ་ན། མི་ཟློས་ཏེ། དང་པོ་ནི་གཞི་སྐྱེ་མེད་དུ་རྟོགས་ནས་སྒོམ་པ་ཉན་རང་གི་སྦྱོར་བ་ཟློག་ནས་འཕེན་བྱེད་ཡིན་ལ། གཉིས་པ་ནི་སྐྱེ་མེད་གསུམ་བསྡུས་ནས་སྒོམ་པ་ཡིན་པས་སོ། །གཉིས་པ་ནི། རྣམ་མཁྱེན་དུ་གང་ཟག་ཉི་ཤུ་བཤད་པ་དང༌། ལམ་ཤེས་སུ་མོག་མོག་པོར་བྱེད། ཅེས་དང༌། རྟེན་གྱིས་བསེ་རུ་ལྟ་བུའི་ལམ། ཞེས་དང༌། རྣམ་ཀུན་ཏུ་སངས་རྒྱས་རྣམས་ལ་ལྷག་པར་བྱས། ཞེས་དང༌། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། ཞེས་པ་རྣམས་ཟློས་ཤེ་ན། མི་ཟློས་ཏེ། དང་པོ་


JLD017_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་བཤད་པའི་སྐབས་ཀྱི་དགེ་འདུན་ཡིན་ལ། གཉིས་པ་ནི་ལམ་ཤེས་སྐྱེ་བའི་རྟེན་དང༌། གསུམ་པ་ནི་རང་རྒྱལ་གྱི་ལམ་གྱི་རྟེན་དང༌། བཞི་པ་ནི་ཡུམ་ཉན་པ་སོགས་ཀྱི་སྣོད་དང༌། ལྔ་པ་ནི་ཕྱིར་མི་ལྡོག་པའི་རྟེན་ངོས་གཟུང་བའི་ཆེད་ཡིན་པས་སོ། །འདིར་སྒྲུབ་པ་ཡི་ནི་རྟེན་གྱུར་པ་དྲངས་ནས་གང་ཟག་གི་ཟློས་སྤོང་བྱེད་པ་མི་འཐད་དོ། །དེའི་རྟེན་གང་ཟག་མིན་གྱི་རིགས་ཡིན་པས་སོ། །གལ་ཏེ་རིགས་ཅན་དང་འབྲེལ་བས་སྐྱོན་མེད་ཅེ་ན། དེ་ལྟ་ན་མངོན་རྟོགས་ཐམས་ཅད་ཀྱང་གང་ཟག་དང་འབྲེལ་བས་དེ་དག་ཐམས་ཅད་གང་ཟག་གི་ཟློས་སྤོང་དུ་སྦྱར་དགོས་པར་ཧ་ཅང་ཐལ་ལོ། །གསུམ་པ་ནི། རྣམ་མཁྱེན་གྱི་སྦྱོར་ལམ་གྱི་རྟོག་པ་དང༌། རྩེ་སྦྱོར་གྱི་མཐོང་སྒོམ་གྱི་སྤང་བྱའི་རྟོག་པ་བཞི་ཚན་རེ་རེ་བཤད་པ་རྣམས་ཟློས་ཤེ་ན། མི་ཟློས་ཏེ་དང་པོ་ཐེག་ཆེན་སྦྱོར་ལམ་གྱི་ཁྱད་ཆོས་སུ་བསྟན་ལ། གཉིས་པ་དང་གསུམ་པ་རྣམས་རིམ་པ་ལྟར་མཐོང་ལམ་དང་སྒོམ་ལམ་གྱི་སྤང་བྱར་བསྟན་པས་སོ། །གཉེན་ཚོགས་ཀྱི་རྟོག་པ་བརྒྱད་བསྟན་པ་དང་ཡང་མི་ཟློས་ཏེ། དེ་ནི་གཉེན་ཚོགས་ཀྱི་དབྱེ་བ་རྟོགས་པའི་ཕྱིར་དུ་བསྟན་པས་སོ། །བཞི་པ་ནི། སྐབས་རྣམས་སུ་སྒོམ་ལམ་ཡང་ཡང་བསྟན་པ་རྣམས་ཟློས་ཤེ་ན། ལམ་ཤེས་སུ་བཤད་པ་ནི་ལམ་ཐམས་ཅད་སྐྱེད་པར་བྱ་ཞིང་ཡང་དག་པའི་མཐའ་མངོན་དུ་མི་བྱ་ཞེས་འབྱུང་བས་མཐའ་གཉིས་ལ་མི་གནས་པ་དང༌། རྣམ་ཀུན་ཏུ་སྒོམ་པའི་ལམ་ནི་ཟབ་ཅེས་པ་ནི་ཕྱིར་མི་ལྡོག་གི་རྟགས་དང༌། རྩེ་སྦྱོར་


JLD017_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤད་པ་ནི་སྒོམ་སྤང་གི་གཉེན་པོའི་ཆ་ནས་བསྟན་པས་མི་ཟློས་སོ། །དེ་བཞིན་དུ་མིང་ཙམ་ཡོད་པ་གདམས་ངག་ཐ་མ་དང་གཉེན་ཚོགས་སུ་བསྟན་པ་རྣམས་ཀྱང་རིག་པར་བྱ་ལ། མིང་མ་བཏགས་པ་སེམས་བསྐྱེད་དང་རིགས་ཀྱི་སྐབས་དང་སའི་ཚོགས་ལ་སོགས་པ་རྣམས་སུ་ཡང་རིག་པར་བྱའོ། །ཚུལ་དེ་ནི་ལམ་འོག་མ་གཉིས་ཀྱི་སྐབས་སུ་ཡང་སྦྱར་རོ། །ལྔ་པ་ནི། སྐབས་རྣམས་སུ་མཐོང་ལམ་ཡང་ཡང་གསུངས་པ་རྣམས་ཟློས་ཤེ་ན། སྐབས་གཉིས་པར་ནི་མཐའ་གཉིས་ལ་མི་གནས་པའི་མཐོང་ལམ་དང༌། གསུམ་པར་ནི་ཐེག་དམན་གྱི་ས་ལས་འདའ་བ་དང༌། བཞི་པར་མཐོང་བའི་ལམ་ལ་བཟོད་ཅེས་པ་ནི་ཕྱིར་མི་ལྡོག་གི་སྒོ་ནས་དང༌། མཚན་ཉིད་དུ་བཤད་པ་ནི་ཉན་རང་ལས་ཁྱད་པར་དུ་འཕགས་པ་དང༌། ལྔ་པར་རྟོག་པའི་གཉེན་པོའི་ཆ་ནས་བསྟན་པས་མི་ཟློས་སོ། །དྲུག་པ་ནི་སྐབས་རྣམས་སུ་སྦྱོར་ལམ་ཡང་ཡང་བསྟན་པ་རྣམས་ཀྱང་ཟློས་ཤེ་ན། རྣམ་མཁྱེན་དུ་ནི་དམིགས་རྣམ་རྒྱུ་གསུམ་ལྡན་ཆོས་རྟོག་པ་ཡོངས་འཛིན་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བའི་ཁྱད་པར་དྲུག་དང་ལྡན་པར་བསྟན་ལ། གཉིས་པར་ཉན་ཐོས་ཀྱི་ལམ་གྱི་སྐབས་སུ་ནི་དམིགས་པ་གཟུགས་སོགས་ལ་དམིགས་ནས་རྣམ་པ་སྟོང་ཉིད་དུ་དབྱེར་མེད་པ་ལ་སོགས་པའི་རྣམ་པ་དང༌། རང་རྒྱལ་གྱི་ལམ་གྱི་སྐབས་སུ་ནི་དམིགས་པ་ཆོས་ཐམས་ཅད་བཏགས་པ་ཙམ་ལ་དམིགས་ནས་རྣམ་པ་བཏགས་པ་དང་མི་འགལ་བར་ཆོས་ཉིད་སྟོན་པའི་རྣམ་པ་ཅན་ལ་སོགས་པར་བསྟན་པ་


JLD017_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། སྦྱོར་ལམ་དེ་གསུམ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དམིགས་རྣམ་མི་འདྲ་བའི་ཕྱིར་མི་ཟློས་ལ། རྣམ་ཀུན་ཏུ་དྲོ་བ་རྣམས་ཀྱི་ཞེས་སོགས་སུ་བསྟན་པ་ནི་དམིགས་པ་སེམས་ཅན་དང་རྣམ་པ་སེམས་མཉམ་པ་ལ་སོགས་པའི་སྒོ་ནས་དམིགས་པས་མི་ཟློས་ཞེས་སྔར་གྱི་མཐོང་ལམ་དང་འདི་གཉིས་ཀྱི་ཟློས་སྤོང་འཕགས་པས་མཛད་ནས་ཚུལ་དེས་སྒོམ་ལམ་དང་རྣམ་རྟོག་རྣམས་ཀྱི་ཁྱད་པར་ཡང་ཤེས་པར་བྱ་ཞེས་གསུངས་སོ། །དེ་ལ་སྐབས་ལྔ་པར་སྦྱོར་ལམ་བཤད་པ་ནི་རྩེ་སྦྱོར་གྱིས་དབང་ཐོབ་པའི་ཚུལ་གྱིས་ཡིན་པས་མི་ཟློས་སོ། །འདིར་འཕགས་པས་ཁྱད་པར་དྲུག་གིས་འཕགས་པར་གསུངས་པས་འཁྲུལ་གཞི་བྱས་ནས་འཕགས་པའི་ལུགས་ཀྱིས་ཆུང་འབྲིང་ཆེན་པོས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ཡང་ཐེག་དམན་གྱི་ཆོས་མཆོག་ལ་སྐད་ཅིག་གཅིག་ལས་མེད་པས་ཞེས་འཆད་པ་ནི་དོན་མིན་ཏེ། དེ་ལྟ་ན་ཉན་རང་གི་ཆོས་མཆོག་གཅིག་པུ་ལས་དྲུག་གིས་འཕགས་པར་འགྱུར་བ་དང༌། འཕགས་པས་སྐབས་གཉིས་པར་བཤད་པའི་སྦྱོར་ལམ་གཉིས་ཀྱང་སྔ་མ་སྔ་མ་ལས་དམིགས་རྣམ་གྱིས་ཁྱད་པར་དུ་གྱུར་པར་བཤད་པས་དེ་དག་ཀྱང་དེ་ལྟར་ཐལ་བའི་ཕྱིར་རོ། །དེས་ན་ཁྱད་པར་དུ་འཕགས་ཞེས་པ་ནི་མི་འདྲ་བའི་ཁྱད་པར་ལ་བཤད་དེ། ཟློས་སྤོང་གི་སྐབས་སུ་བབ་པའི་ཕྱིར་རོ། །ཟློས་སྤོང་འདི་དག་འཕགས་པའི་རྗེས་སུ་འབྲངས་ནས་བཤད་ལ། སློབ་དཔོན་འདིའི་བཞེད་པ་དང་དེ་དག་གི་དོན་གང་འཐད་པ་ལ་སོགས་ནི་རྣམ་ཀུན་ལས་


JLD017_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པར་འགྱུར་རོ། །གསུམ་པ་ནི། ཚིགས་བཅད་ལ་བཅོ་ལྔ་ཡོད་པ་དེ་ལ་སྟེ་དེའི་ནང་ནས་ཚིག་ལེའུར་བྱས་པ་དང་པོ་གཉིས་ཀྱིས་ནི་ཡུམ་གྱི་ལུས་མདོར་བསྟན་ཏེ། དེ་དངོས་པོ་བརྒྱད་ཙམ་དུ་བསྡུས་ནས་བསྟན་པའི་ཕྱིར་རོ། །ཚིག་ལེའུར་བྱས་པ་ལྷག་མ་བཅུ་གསུམ་གྱིས་ནི་དངོས་བརྒྱད་དེ་དག་ཉིད་ཀྱི་དོན་བསྡུས་ནས་སྔར་བསྟན་པ་དེ་དོན་བདུན་ཅུའི་སྒོ་ནས་རྒྱས་པར་བཤད་དེ། བརྒྱད་དང་བདུན་ཅུར་ཕྱེ་བ་དེ་ལྟར་ན་ཡུམ་གྱི་ལུས་ལེགས་པར་རམ་ཚུལ་བཞིན་དུ་བཤད་པ་ཡིན་ཏེ། དོན་དེ་ལྟར་གནས་པ་ལ་ཚིག་གིས་ཀྱང་དེ་ལྟར་མདོར་བསྡུས་པ་དང་རྒྱས་པར་བཤད་པའི་ཕྱིར་རོ། །བཞི་པ་ནི། འོ་ན་ལུས་རྣམ་གཞག་ལ་དམིགས་འབྱེད་པའི་བསྡུས་དོན་ཙམ་ཞིག་བྱས་ནས་ཚིག་དོན་གྱི་འགྲེལ་པ་མི་བྱེད་པ་ཅི་ཞེ་ན། བསྡུས་པའི་དོན་གྱི་ཚིག་ལེའུར་བྱས་པ་ལུས་རྣམ་གཞག་རྣམས་ནི་ཚིག་རེ་རེ་ནས་རྣམ་པར་མ་བཀྲོལ་ལོ། །རྒྱུ་མཚན་ནི་ཟློས་པའི་ཉེས་པར་འགྱུར་དུ་དོགས་ནས་སོ། །དོགས་པའི་རྒྱུ་མཚན་ཡང་ཡན་ལག་རྒྱས་བཤད་དེ་དག་ནི་འཆད་ལ་དེ་དག་རྣམ་པར་བཤད་པས་ལུས་རྣམ་གཞག་ཀྱང་བཤད་པར་བསམས་ཏེའོ། །དེ་ལྟར་འགྱུར་བ་ཡང་བསྟན་བཅོས་རྒྱན་མཛད་པ་པོ་རྗེ་བཙུན་ཉིད་ཀྱིས་བཀོད་པ་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་བྱ་བ་དང༌། སོགས་པས་ཕྲིན་ལས་ཀྱི་བར་འཆད་པར་འགྱུར་བའི་ཡན་ལག་རྒྱས་བཤད་ཀྱི་བསྟན་བཅོས་ཀྱི་གཞུང་མཐའ་དག་གིས་ལུས་རྣམ་གཞག་དེ་འཆད་པའི་ཕྱིར་རོ། །དེ་ཡང་འགྲེལ་པ་འདིར་ཚིག་ཚོགས་སྐྱུང་བའི་དབང་དུ་བྱས་ནས་ཡིན་གྱི་དེ་ལྟ་མ་ཡིན་ན་རྒྱན་གྱི་སྣང་བ་དང་


JLD017_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱིཀ་བྱེད་ཀུན་ཀྱང་ཟློས་པའི་ཉེས་པས་གོས་པར་འགྱུར་རོ། །གཞུང་འདི་ལ་བཀྲོལ་མི་དགོས་ཤིང་བཀྲོལ་ན་ཉེས་པར་འགྱུར་བ་གཉིས་མི་བཀྲོལ་བའི་རྒྱུ་མཚན་དུ་བྱས་ནས་གཞུང་ཕྱི་མ་རྣམས་སོ་སོར་སྦྱོར་བ་ཡང་ཡོད་མོད་འོན་ཀྱང་སྔ་མ་ཉིད་སྒྲ་དང་དོན་གཉིས་ཀ་ལ་ཞུགས་པར་ངེས་སོ། །གཉིས་པ་ལ་གཉིས། ཚིག་ལེའུར་བྱས་པ་དང་འབྲེལ་བའི་དོན་གཞན་བཤད། ཚིག་ལེའུར་བྱས་པ་ཉིད་ཀྱི་དོན་བཤད་པའོ། །དང་པོ་ལ་གཉིས། མདོ་དང་ཇི་ལྟར་སྦྱར་བ་དང༌། སྦྱར་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་རྒྱན་འདིས་མདོ་དོན་ཀུན་སྡུད་ན་ཅིའི་ཕྱིར་འདིར་གླེང་གཞི་དང༌། རྗེ་བཙུན་ཉིད་ཀྱིས་ཞུས་པ་དང༌། རྟག་ཏུ་ངུ་དང་ཆོས་འཕགས་དང་གཞུང་གཏད་པའི་ལེའུ་རྣམས་མ་བསྡུས་ཤེ་ན། དང་པོ་ནི་ཡུམ་འདི་གསུང་བའི་ཚེ་འཁོར་འདུས་ཚུལ་ལ་སོགས་པ་སྟོན་པས་གོ་སླ་ལ། དེ་ལྟར་གདུལ་བྱ་རྣམས་ཀྱིས་རང་གིས་རྟོགས་ནུས་བཞིན་དུ་ཡང་སྟོན་པ་ནི་དགོས་པ་མེད་པས་སོ། །གཉིས་པ་ནི་ཐེག་པ་གཅིག་དང་རིགས་གཅིག་ཏུ་སྟོན་པ་ཡིན་ལ་དེ་ཡང་འཇམ་དཔལ་གྱི་མན་ངག་ལ་སོགས་པའི་མདོ་སྡེ་དུ་མ་དང༌། དབུ་མའི་རྩ་བ་ལ་སོགས་པར་གསལ་བར་མཛད་པས་འདིར་བསྟན་མི་དགོས་སོ། །གསུམ་པ་དང་བཞི་པ་ནི་སློབ་མ་དང་དགེ་བའི་བཤེས་གཉེན་གྱི་རྣམ་ཐར་བསྟན་པ་སྟེ། དེ་ཡང་མ་འོངས་པ་རྣམས་ལ་དེ་ལྟར་བསླབ་པའི་ཆེད་དུ་སྔོན་བྱུང་བ་བསྟན་པས་གོ་སླའོ། །ལྔ་པ་ནི་གཞུང་ཡོངས་སུ་གཏད་པ་ཙམ་ཡིན་པས་མ་བསྡུས་སོ། །གཞན་ཡང་བར་བར་དུ་གང་ཟག་


JLD017_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་པ་དང་སྔོན་རབས་ལ་སོགས་པ་འགའ་ཞིག་མ་བསྡུས་སོ། །དེས་ན་སེམས་བསྐྱེད་པའི་ལེའུ་ནས་ཆོས་ཉིད་མི་འགྱུར་བར་བསྟན་པའི་ལེའུའི་བར་གྱི་མདོའི་དོན་རྟོགས་པར་དཀའ་བ་རྣམས་རྒྱན་དང་སྦྱར་རོ། ཞེས་ཚིག་གསལ་ལས་འཆད་དོ། །དེ་ལ་ལེའུ་ཕྱི་མ་གསུམ་ནི་རྒྱན་སྣང་གནད་ཀྱི་ཟླ་འོད་གཉིས་ཀར་གོ་སླ་བས་རྒྱན་གྱིས་མ་བསྡུས་ཞེས་གསལ་བར་གསུངས་ལ། བྱམས་པས་ཞུས་པ་བསླབ་པ་རབ་ཏུ་དབྱེ་བའི་ལེའུས་ནི། ལེའུ་བརྒྱད་མ་དང་དག་སྙིང་ཟླ་འོད་དང་བཅས་པར་ཕྱིན་ཅི་ལོག་སྤོང་བ་ལ་འགོད་པའི་ཕྲིན་ལས་དང་སྦྱར་ལ། ཉི་སྣང་དུ་ཚིག་གསལ་བར་མི་སྣང་ཡང་ཚིག་ཅུང་ཟད་ཙམ་གྱིས་མཚམས་ཕྱེ་བ་དང་ལེའུ་བརྒྱད་མ་ལ་བསྒྲིགས་ན་སྔ་མ་བཞི་དང་འདྲ་བར་མངོན་ནོ། །དེའི་ཕྱིར་བྱམས་ཞུས་རྒྱན་གྱིས་མ་བསྡུས་པར་འཆད་པ་ཅུང་ཟད་རྩིངས་སོ། །གླེང་གཞི་ནི་འགྲེལ་པ་ཁུངས་མ་གང་གིས་ཀྱང་རྒྱན་དང་མ་སྦྱར་རོ། །འོ་ན་འཕགས་པས་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ནས་བརྩམས་ཏེ་ཡོངས་སུ་རྫོགས་པའི་བར་གྱི་དངོས་པོ་རྣམས་གཅིག་ཏུ་བསྡུས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་མཐར་ཐུག་པ་དངོས་པོ་བརྒྱད་དུ་འགྱུར་རོ་ཞེས་པ་དང་འགལ་ཞེ་ན། དེ་ནི་རྟོགས་དཀའ་བའི་དབུ་ཞབས་ཀྱི་དོན་ཙམ་བསྡུས་པ་ལ་དགོངས་ཏེ། འཕགས་པས། གླེང་གཞིར་ཕྱོགས་བཅུའི་དེ་བཞིན་གཤེགས་པས་པདྨའི་སྐྱེས་བསྐུར་བ་དང༌། བྱང་སེམས་གཞལ་དུ་མེད་པ་འདུས་པར་གསུངས་པ་ནི་སེམས་བསྐྱེད་ལ་སོགས་


JLD017_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེར་ཕྱིན་བཤད་པ་རྫོགས་ཀྱི་བར་གྱིས་འཇིག་རྟེན་ཐམས་ཅད་བྱིན་གྱིས་བརླབས་པ་དང༌། སེམས་ཅན་དུ་མ་ལ་དམིགས་ནས་སེམས་བསྐྱེད་པ་དང༌། སངས་རྒྱས་མང་པོར་བསྟན་པ་ལ་སོགས་པའི་ཆེད་དུ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེས་མཁས་པ་དག་གསུང་བ་ནི་ལེགས་པར་གསུངས་པའོ། །རིན་ཆེན་སྒྲོན་མེ་དང་རྒྱན་དང་སྦྱར་བའི་འབུམ་འགྲེལ་དུ་མཆོད་བརྗོད་གླེང་གཞིའི་འགྲེལ་པར་སྦྱར་ནས་འཆད་པའི་རྗེས་སུ་འབྲངས་ནས་སྔ་མ་དག་འཆད་པ་ནི་གཉིས་ཀ་ཡང་མི་འཐད་དེ། མཆོད་བརྗོད་དང་དགོས་འབྲེལ་ནི་རྒྱན་གྱིས་མདོ་བཤད་པའི་སྔོན་འགྲོ་ཡིན་གྱི་མདོའི་བཤད་པ་དངོས་མིན་ཏེ། དཔེར་ན་འགྲེལ་པ་འདི་ཡི་ཤེས་རབ་ཕ་རོལ་ཕྱིན་པ་ལ་ཞེས་སོགས་རྒྱན་གྱི་འགྲེལ་པ་མིན་པ་བཞིན་ནོ། །དེའི་ཕྱིར་མདོ་དང་རྒྱན་སྦྱར་ནས་འགྲེལ་ན་མདོའི་གླེང་གཞི་བཤད་པར་རིགས་མོད། རྒྱན་ཟུར་དུ་འཆད་པ་ལ་ཡང་གླེང་གཞི་འགོད་པ་ནི་ཧ་ཅང་བཤད་པ་ཞེས་པའི་སྐྱོན་ཡོད་དོ། །གལ་ཏེ་རྒྱན་འདི་ཡི་རྩ་བའི་མདོ་དང་པོ་ཇི་ལྟར་བྱུང་ཚུལ་སྟོན་པས་སྐྱོན་མེད་ཅེ་ན། དེ་ལྟ་ན་མདོ་ཇི་ལྟར་གཏད་པ་དང་ཤེར་ཕྱིན་སྔོན་ཇི་ལྟར་བཙལ་ཚུལ་སྟོན་པས་ལེའུ་ཐ་མ་གསུམ་ཡང་ཤོད་ཅིག །གང་དག་ཡོངས་གཏད་དེའི་རྒྱུ་ནི་ཡོངས་གཏོད་དང༌། གླེང་གཞི་ཞིང་དག་དང༌། རྟག་ཆོས་གཉིས་ཡོངས་འཛིན་གྱིས་བསྡུས་ཞེས་གསུང་བ་ནི་མི་འཐད་དེ། ཡོངས་གཏད་གཉིས་ཡོད་པའི་དང་པོ་ནི་དེའི་རྒྱུ་ནི་ཡོངས་གཏོད་ཀྱི་དོན་ཡིན་ལ། ཐ་མ་ནི་རྟག་ངུས་ཀྱིས་དཀའ་བས་བཙལ་བ་དེའི་


JLD017_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཡང་ཟུངས་ཤིག་ཅེས་གསུངས་པས་མིན་ནོ། །གླེང་གཞིར་ཞིང་དག་པར་བཤད་པ་ཙམ་དང༌། ཆོས་འཕགས་སློབ་དཔོན་དང་རྟག་ཏུ་ངུ་སློབ་མ་ཡིན་པ་ཙམ་གྱིས་དེ་དག་གིས་བསྡུས་པར་འདོད་ན། སྣོད་ཁྱད་ཅན་ན་བཞུགས་ནས་ཐེག་ཆེན་གསུང་བའི་གླེང་གཞི་ཐམས་ཅད་དང༌། ནོར་བཟང་གིས་བླ་མ་བསྟེན་པའི་ཚུལ་ལ་སོགས་པ་ཐམས་ཅད་ཀྱང་རྒྱན་གྱིས་བསྡུས་པར་ཧ་ཅང་ཐལ་ལོ། །གཉིས་པ་ནི་གལ་ཏེ་རྒྱན་དང་མདོ་སྦྱར་བ་ན་མདོ་ཁ་ཅིག་སྒྲ་ཇི་བཞིན་པ་དང༌། ཁ་ཅིག་སྒྲ་ཇི་བཞིན་པ་མ་ཡིན་ཡང་རྒྱུ་མཚན་སྣང་བས་སྦྱར་རིགས་མོད། འོན་ཀྱང་བྱང་ཆུབ་རྒྱས་བཤད་ཀྱིས་སེམས་བསྐྱེད་གཉིས་པ་བསྟན་པར་འདོད་པ་ལྟ་བུ་མདོ་དེས་དོན་དེ་སྟོན་པ་ལ་ངེས་བྱེད་མེད་པ་དང༌། དྲོད་ཀྱི་སྐབས་སུ་བུད་མེད་དུ་མི་སྐྱེ་བར་བརྗོད་པ་ལྟ་བུ་རྣམས་དང་རྒྱན་དུ་དོན་ཡོད་པ་གླེགས་བམ་ཁ་ཅིག་ལས་མདོ་མི་སྣང་བ་ཇི་ལྟར་སྦྱར་ཞེ་ན། མདོ་སྦྱར་བའི་རྒྱུ་མཚན་མེད་པ་ལྟར་སྣང་བ་རྣམས་ནི་དེ་དག་ཏུ་སྦྱར་བའི་རྒྱུ་མཚན་གཉིས་ཡོད་པས་སྦྱར་དུ་རུང་སྟེ། དང་པོ་ནི་རིམ་པ་བཞིན་སྦྱར་རིགས་པ་རྣམས་སྦྱར་བ་ན་ལྷག་མ་རྣམས་དེ་དང་སྦྱོར་བར་ཤུགས་ལ་གོ་སྟེ་དེ་ཡང་དངོས་སུ་བརྗོད་པ་ལ་གཙོ་བོར་མ་གྱུར་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པས་རྗེ་བཙུན་ལ་དེ་ལྟར་སྦྱར་བའི་ལུང་མངའ་བའི་ཕྱིར་ཡང་ཡིན་ཏེ། རྗེ་བཙུན་རྒྱལ་ཚབ་ཏུ་དབང་བསྐུར་བས་དམ་པའི་ཆོས་ཀྱི་མཛོད་གཞན་གྱིས་བལྟ་བའི་གནས་མིན་པ་ལ་ཕའི་ལུང་གིས་དབང་བསྒྱུར་བའི་ཕྱིར་རོ། །དྲོད་དུ་བུད་མེད་དུ་མི་སྐྱེ་བར་བསྟན་པ་ལྟ་བུའི་རྒྱན་གྱི་སྒྲས་མ་ཟིན་པ་རྣམས་


JLD017_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཟླས་བསྡུས་ཏེ་དེས་ན་རང་གི་སྐབས་དེར་གཏོགས་པར་ཤེས་པར་འགྱུར་རོ། །ཁ་ཅིག་ནི་གཙོ་བོ་བརྗོད་པས་འཁོར་ཞལ་ལ་བསྡུས་ཏེ་དཔེར་ན་རྒྱལ་པོ་འཁོར་བཅས་གཤེགས་པ་ལ་རྒྱལ་པོ་གཤེགས་ཞེས་པ་ལྟ་བུའོ། །ཁ་ཅིག་ནི་སྐབས་བརྒྱད་ཀྱི་ཁོངས་སུ་བསྟན་ཡང་གོ་སླ་བས་མ་བསྡུས་ཏེ། དཔེར་ན། གངྒཱའི་ལྷ་མོ་བསྐལ་པ་སྐར་མ་ལྟ་བུ་ལ་དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་ཏུ་འཚང་རྒྱ་བ་དང༌། དགེ་སློང་བརྒྱ་ཕྲག་དྲུག་ཅུ་བསྐལ་པ་སྐར་མ་ལྟ་བུ་ལ་མེ་ཏོག་བཀྲམ་པ་ཞེས་པའི་དེ་བཞིན་གཤེགས་པ་ཚེ་བསྐལ་པ་སྟོང་ཕྲག་ཉི་ཤུ་ཉི་ཤུ་ཐུབ་པར་ལུང་བསྟན་པ་ལྟ་བུའོ། །རྒྱན་ན་ཡོད་པ་མདོ་ཡི་གླེགས་བམ་ཁ་ཅིག་ལས་མི་སྣང་བ་ནི་གཞུང་རབ་ཏུ་རྒྱས་པ་འདི་སྒྲུབ་པར་དཀའ་བ་དང༌། ལྔ་བརྒྱ་ཐ་མ་ལ་འགྲོ་བ་རྣམས་ཀྱི་བློ་ཡི་སྟོབས་བྲི་བས་ལུང་གིས་ཚིག་ཉམས་པར་ཟད་ཀྱི་འདི་ལ་ལོག་པར་བསྟན་པའི་དྲི་མ་མེད་དེ་རྗེ་བཙུན་གྱིས་ཡུམ་དེ་ལྟར་གཏན་ལ་ཕབ་པའི་ཕྱིར་རོ། ཞེས་སློབ་དཔོན་ཆོས་བཤེས་འཆད་པ་ནི་ལེགས་པར་བརྟགས་པའོ། །གཉིས་པ་ལ་གསུམ། ཤེས་བྱ་མཁྱེན་པ་གསུམ། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། ཐོབ་བྱ་རྣམ་མཁྱེན། ཐོབ་བྱེད་ལམ་ཤེས། སྤང་བྱ་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། འབྲེལ་བརྗོད་པས་མཚམས་སྦྱར། རྣམ་མཁྱེན་གྱི་ཆོས་རྒྱས་པར་བཤད། སྐབས་བསྡུ་བའོ། །དང་པོ་ནི། བཤད་པར་བཞེད་དོ། །


JLD017_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གང་ན། རྣམ་མཁྱེན་དེ་བརྗོད་བྱར་སྡུད་པའི་ཚིག་ལེའུར་བྱས་པ་ལུས་རྣམ་གཞག་རྣམས་ནིའོ། །ཇི་ལྟར་ན། རྣམ་པར་ཏེ་བྱེ་བྲག་ཏུ་བཤད་པའི་སྒོ་ནས་སོ། །གང་གི་ཚེ་ན་སྔར་བཤད་པ་དེ་ལྟར་བསྡུས་པའི་དོན་ལུས་རྣམ་གཞག་ཀུན་བསྟན་ནས་སོ། །གང་དུ་ན། མཁྱེན་གསུམ་གྱི་དང་པོར་རོ། །ཅིའི་ཕྱིར་དང་པོར་འདི་སྟོན་ཞེ་ན། བྱང་ཆུབ་སེམས་དཔའ་བླ་མེད་བྱང་ཆུབ་སྔོན་གྱི་དེ་བཞིན་གཤེགས་པའི་རྗེས་སུ་ཐོབ་པར་འདོད་པས་རྣམ་མཁྱེན་ཐོབ་པར་བྱ་དགོས་པས་འབྲས་བུ་ལ་བྲོད་པ་བསྐྱེད་པའི་ཆེད་དུ་བསྟན་དགོས་སོ། །དེའི་རྒྱུ་མཚན་ཡང་འབྲས་བུ་མཐར་ཐུག་ཡིན་པའི་ཕྱིར་རོ། །རིགས་འབྱེན་ནི། མཆོད་བརྗོད་ནས་བཤད་པའི་མཁྱེན་གསུམ་དང་འདིར་བསྟན་པའི་མཁྱེན་གསུམ་གོ་རིམ་མི་མཐུན་པར་སྟོན་པ་ཅི་ཞེས་པའི་ལན་དུ་སྟོན་པར་བྱེད་དེ་དོན་མིན་ནོ། །དེ་ལྟ་ན་བཤད་པ་ཡོངས་སུ་རྫོགས་པ་དང༌། བཤད་པ་ལ་འཇུག་པ་དང༌། དྲི་བས་ལན་འདྲེན་པའི་མཚམས་སྦྱོར་ཡོད་པ་ལས་འདི་ལ་ནི་དང་པོ་གཉིས་ཚང་ལ། ཕྱི་མ་ནི་རིགས་དང་དམིགས་རྣམ་གྱི་མཚམས་སྦྱོར་ལྟ་བུའོ། །གཉིས་པ་ལ་བཞི། ལམ་གྱི་རང་བཞིན་སེམས་བསྐྱེད་པ། སེམས་བསྐྱེད་དེ་དག་བྱེད་གདམས་ངག་ནོད་པ། གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག །གདམས་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །དང་པོ་ལ་གཉིས། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་གསུམ། སེམས་བསྐྱེད་སྐྱེ་བའི་རྟེན། བརྟེན་པ་སེམས་བསྐྱེད་ཀྱི་རང་བཞིན། རང་བཞིན་དེས་བསྐྱེད་ཀྱི་ཕན་ཡོན་ནོ། །དང་པོ་ལ་


JLD017_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། ལུས་རྟེན་ནི། ལམ་ཤེས་ཀྱི་མདོ་ལས་ལྷའི་བུ་དུ་མས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུ་ཉི་ཁྲི་ཆིག་སྟོང་གིས་སེམས་བསྐྱེད་པར་གསུངས་པ་ལྟར་ཡིན་པས་སོ་ཐར་རྟེན་དུ་དང༌། མི་ཁོམ་པ་ཐམས་ཅད་བྲལ་བ་དགོས་པ་མིན་ནོ། །སེམས་རྟེན་ནི། རྒྱལ་བ་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་སེམས་ཀྱི་ཕན་ཡོན་ཐོས་པ་དང་གསུམ་ཡིན་ཏེ། དཀོན་མཆོག་སྒྲོན་མེར། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། ཞེས་དང༌། རྒྱན་ལས། དེའི་རྩ་བ་སྙིང་རྗེར་འདོད། ཅེས་པ་ལྟར་རོ། །གཉིས་པ་ལ་གསུམ། མཚན་གཞི། མཚན་ཉིད། རབ་དབྱེའོ། །དང་པོ་ལ་གཉིས། སློབ་དཔོན་གཞན་དང༌། བསྟན་བཅོས་འདི་ཡི་འགྲེལ་བྱེད་ཀྱི་ལུགས་སོ། །དང་པོ་ནི། བྱང་སར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ་ཞེས་འབྱུང་བས་ཐོགས་མེད་ཀྱི་བཞེད་པས་སྨོན་ལམ་སེམས་བསྐྱེད་ཀྱི་ངོ་བོར་བཞེད་ཅིང༌། རྒྱན་འགྲེལ་ལས། ཡོན་ཏན་གསུམ་དང་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་པ་ནི་སེམས་བསྐྱེད་པ་ཞེས་བྱའོ་ཞེས་བྱང་ཆུབ་སེམས་དཔའི་སེམས་པ་སྟེ། ཞེས་པའི་འགྲེལ་པར་འབྱུང་བའི་ཕྱིར་དབྱིག་གཉེན་ནི་ངོ་བོ་སེམས་པ་ལ་བཞེད་དོ། །རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་


JLD017_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་སྟེ། ཞེས་གྲོགས་འདུན་པ་དང་བཅས་པའི་སེམས་པ་ལ་སྨོན་ལམ་དུ་གསུངས་པས་སྐུ་མཆེད་དགོངས་པ་གཅིག་ཏུ་འདུག་སྙམ་མོ། །གཉིས་པ་ལ་གཉིས། འཕགས་པ་རྗེས་འབྲང་དང་བཅས་པ་དང༌། དེ་དང་མི་མཐུན་པའི་ལུགས་སོ། །དང་པོ་ནི་འཕགས་པས། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་གང་ཡིན་ཞེ་ན་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །བསྐྱེད་པ་ཞེས་སྨོས་པས་ནི་མ་བསྐྱེད་པ་སྐྱེད་པར་ཤེས་པར་བྱེད་པ་ཡིན་པའི་ཕྱིར་ན་སེམས་ཀྱིས་རྟོགས་པའི་ཆོས་ལ་དང་པོའི་མཚམས་ཀྱི་དངོས་པོ་བསྟན་པའི་དོན་དུའོ་ཞེས་སེམས་དང་བསྐྱེད་པའི་དོན་བཤད་ནས། སྒོ་ལྔའི་རྣམ་ཤེས་ཁ་ཕྱིར་བལྟས་འབའ་ཞིག་ཡིན་པ་དང༌། ཀུན་གཞི་དང་ཉོན་ཡིད་ལུང་མ་བསྟན་ཡིན་པ་ལ་དགོངས་ནས་དེ་དག་ལ་མ་བཞག་པར་དཀར་ཆོས་ཀུན་གྱི་རྟེན་དུ་རུང་བ་ཡིད་ཀྱི་རྣམ་ཤེས་ལ་མཚན་གཞིར་བཤད་དོ། གཞན་ཡང་བྱང་ཆུབ་འདོད་པ་སེམས་བསྐྱེད་དུ་བཤད་པ་ལ་རྩོད་པ་བཀོད་ནས་འདོད་པས་སེམས་བསྐྱེད་ལ་བཏགས་པ་ཙམ་ཡིན་གྱི་དངོས་མིན་པར་གསུངས་སོ། །ཉི་ཁྲིའི་རྣམ་འགྲེལ་དུ་དེ་དང་མཐུན་པར་མཚན་གཞི་བཟུང་ཞིང༌། སློབ་དཔོན་འདིས་ཀྱང་རྒྱན་སྣང་དང་འདི་གཉིས་ཀར་ཉི་ཁྲི་སྣང་བར་གསུངས་པའི་རྩོད་ལན་རྣམས་བཀོད་ནས་འདོད་པ་བཏགས་པ་བ་སེམས་མཚན་ཉིད་པར་བཤད་ལ། ཨ་བྷྱ་ཀ་རས་ཀྱང་ཐུབ་དགོངས་སུ་རྩོད་ལན་རྣམས་


JLD017_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཀོད་ཅིང༌། ཟླ་འོད་དུ་ཡིད་ཤེས་ལ་མཚན་གཞིར་བྱས་སོ། །ཚིག་གསལ་ལས་ནི། སེམས་བསྐྱེད་པ་ཞེས་བྱ་བ་ལ་འདིར་ཁ་ཅིག་ནི་སེམས་བསྐྱེད་པ་དངོས་གཙོ་བོར་བསྟན་པ་སྟེ་འདུན་པ་ལ་སོགས་པའོ། །ཁ་ཅིག་ནི་སེམས་བསྐྱེད་པ་འཕེལ་བར་བྱེད་པའི་གྲོགས་ལ་དེར་གདགས་ཏེ་སྦྱིན་པ་ལ་སོགས་པའོ། །ཁ་ཅིག་ནི་འབྲས་བུ་ལ་དེར་གདགས་ཏེ་བགྲོད་པ་གཅིག་པའི་ལམ་ལ་སོགས་པའོ་ཞེས་འཆད་པ་ནི་སློབ་དཔོན་གྱི་རྗེས་སུ་འབྲངས་པ་ཡིན་ཀྱང་ཅུང་རྩིངས་སོ། །གཉིས་པ་ནི། བུད་དྷ་ཤྲཱིས། དོན་དུ་གཉེར་བ་ཉིད་རྣམ་པར་རིག་པའི་བདག་ཉིད་ཡིན་པའི་ཕྱིར་དེ་སྐད་བརྡ་སྦྱར་བར་ཟད་མོད་གཞན་དུ་ན་འབྲས་བུ་ལ་རྒྱུ་དང༌། གྲོགས་ལ་དེ་དང་ལྷན་ཅིག་པའི་མིང་གིས་བཏགས་པར་བརྗོད་ཀྱང་རང་གི་མཚན་ཉིད་འགྲུབ་པར་ཇི་ལྟར་འགྱུར་ཞེས་འཕགས་པ་དང་སློབ་དཔོན་གྱི་ལུགས་སུན་ཕྱུང་ནས་དོན་གཉེར་གྱི་འདུན་པ་ཉིད་སེམས་སུ་འདོད་པས་སེམས་སེམས་བྱུང་རྫས་གཅིག་ཏུ་འདོད་དོ། །ཤཱནྟི་པ་ནི་ཡིད་དང་འདུན་པ་གཉིས་ཆར་ལ་འདོད་དེ། དག་ལྡན་ལས། སེམས་བསྐྱེད་པའི་དངོས་པོ་ཞེས་བྱ་བ་ལ་སེམས་ནི་ཡིད་དང་འདོད་པ་སྟེ། ཞེས་དང༌། དེ་ལྟར་ན་དེ་ནི་གཞན་གྱི་དོན་གྱི་ཆེད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདོད་པ་ནི་སེམས་བསྐྱེད་པའི་མཚན་ཉིད་དོ་ཞེས་སོ། །འོ་ན་འཕགས་པ་དང་སློབ་དཔོན་རྣམས་ཀྱིས་སེམས་སུ་བཞེད་པ་དོན་གྱི་དབང་ཅི་ཞིག་གཟིགས་ཤེ་ན། སེམས་བྱུང་ཡིན་ན་སེམས་བསྐྱེད་ཀྱི་སྒྲའི་དོན་མི་གནས་པར་དགོངས་


JLD017_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཛད་ཅིང༌། ཁྱད་པར་དུ་སློབ་དཔོན་གྱིས་ནི་མདོ་སྡེའི་རྒྱན་ལས། སེམས་བསྐྱེད་ཀྱི་མཚན་ཉིད་སྟོན་པ་ན། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། ཞེས་པའི་རྐང་པ་ཐ་མས་སེམས་སུ་བཤད་པར་འདུག་སྙམ་དུ་དགོངས་ཏེ། རྒྱན་སྣང་དུ། རྩོད་པའི་སྐབས་སུ་འདི་དྲངས་ནས་སེམས་པ་དང་མཚུངས་པར་ལྡན་པའི་སེམས་ཡུལ་ཁྱད་ཅན་དུ་སྣང་བར་སྐྱེ་བ་སེམས་བསྐྱེད་པ་མ་ཡིན་ནམ་ཞེས་བཤད་པས་ལུང་དེས་སེམས་པ་གྲོགས་སུ་ཡོད་པའི་སེམས་ཤིག་སེམས་བསྐྱེད་དུ་བསྟན་སྙམ་དུ་དགོངས་སོ། །དེ་ལ་སྤྲོ་བ་ཆེ་བ་ནི་གོ་ཆའི་བརྩོན་འགྲུས་ཀྱིས་ཡུན་རིང་པོར་དཀའ་བ་སྤྱོད་པ་ལ་མི་སྐྱོ་བའོ། །རྩོམ་པ་ཆེ་བ་ནི་སྦྱོར་བའི་བརྩོན་འགྲུས་ཀྱིས་གོ་ཆ་ཇི་བཞིན་དུ་སྒྲུབ་པའོ། །དོན་ཆེ་བ་ནི་བདག་གཞན་ལ་ཕན་པའི་ཆེད་དོ། །འབྱུང་བ་ཆེ་བ་ནི་བྱང་ཆུབ་ཆེན་པོ་འགྲུབ་པའོ། །དེ་ཡང་ཚིག་དང་པོ་གཉིས་ཀྱིས་སྐྱེས་བུ་བྱེད་པ་དང༌། དེའི་འོག་མ་གཉིས་ཀྱིས་དོན་བྱེད་པ་དང༌། འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་བསྟན་ཏོ། །དེ་གཉིས་ནི་བྱང་ཆུབ་དང་གཞན་དོན་ལ་དམིགས་པའོ། །གཉིས་པ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངས་ལྡན་དུ་འབྱུང་བའི་སེམས་སོ། །གསུམ་པ་ལ་བཞི། ངོ་བོ། སྐྱེ་ཚུལ། ས་མཚམས། བཞེད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། སྨོན་པ་དང་འཇུག་པའི་སེམས་གཉིས་སོ། །འདི་ལ་གཉིས། ལུགས་གཞན་དགོད་པ་དང༌། འཐད་ཕྱོགས་བསྟན་པའོ། །དང་པོ་ནི། ཡེ་ཤེས་ཞབས་ནི། སྨོན་པ་བྱང་ཆུབ་


JLD017_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ཡིན་ལ། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་རབ་ཏུ་དགའ་བ་ནས་བརྩམས་ཏེའོ། ཞེས་ས་ཐོབ་མ་ཐོབ་ལ་འདོད་ཅིང༌། བདག་ཉིད་ཆེན་པོ་ཡང་དེ་ལྟར་བཞེད་དོ། །ཚིག་གསལ་ལས་ནི། སྨོན་པ་ཞེས་བྱ་བ་ནི། སྨོན་པ་ཙམ་སྟེ་ཚོགས་བསགས་པ་སེམས་དེ་བསྐྱེད་པའི་ཆོ་གས་བླང་བར་ཡང་མ་བྱས་པའོ། །འཇུག་པ་ཞེས་པ་ནི། དགེ་བའི་བཤེས་གཉེན་མཉེས་པར་བྱས་ཏེ་ཡང་དག་པར་བླངས་པ་ལས་བྱུང་བའི་སེམས་བསྐྱེད་པ་ནས་བརྩམས་ཏེ་བར་ཆད་མེད་པའི་ལམ་གྱི་བར་དུ་གཏོགས་པའི་སྒྲུབ་པའི་སྤྱོད་པའོ་ཞེས་བཤད་ནས་ཤཱནྟ་དེ་བའི་སྨོན་འཇུག་གི་ལུང་ཤེས་བྱེད་དུ་དྲངས་སོ། །དེ་ལྟར་ན་ཆོ་གས་བླངས་མ་བླངས་དང༌། གཞན་ཡང་ཕྱིར་མི་ལྡོག་ཐོབ་མ་ཐོབ་དང༌། འབྲས་བུ་དང་རྒྱུ་ལ་དམ་བཅས་པ་ལ་འདོད་པ་ཡོད་དེ་དེ་དག་གིས་ནི་ལེགས་པར་མ་རྟོགས་ཏེ། སྡོང་པོ་བཀོད་པའི་མདོ་དང་དེའི་དགོངས་པ་འགྲེལ་པའི་ཤཱནྟ་དེ་བའི་ལུགས་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །གཉིས་པ་ནི། བསླབ་བཏུས་སུ། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ་བྱང་ཆུབ་ཏུ་སྨོན་པའི་སེམས་དང༌། བྱང་ཆུབ་ཏུ་ཆས་པའི་སེམས་སོ། །སྡོང་པོ་བཀོད་པའི་མདོ་ལས་གསུངས་པ། རིགས་ཀྱི་བུ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྨོན་པ་དེ་དག་ཀྱང་དཀོན་ནོ། །དེ་བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི་སེམས་ཅན་ཤིན་ཏུ་དཀོན་ནོ་ཞེས་འབྱུང་བ་ལྟ་བུའོ། ཞེས་དང༌། སྤྱོད་འཇུག་ལས།


JLD017_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། ཞེས་གསུངས་པ་རྣམས་དགོངས་པ་གཅིག་པས་དེ་ལྟར་དུ་བཤད་དོ། །དེ་ཡང་ཤེར་འབྱུང་གིས་ལུང་འདི་དྲངས་ནས་གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལས་མི་འདའ་ཡང་ལུས་དང་ངག་དང་ཡིད་ཀྱི་ལས་ཡོད་པ་དང་མེད་པ་ལས་མཚན་ཉིད་ཐ་དད་པར་རྟོགས་པར་བྱ་ཞེས་པ་ལྟར་ཡིན་པས་དང་པོར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྐྱེ་ལ། དེ་ལ་བརྟེན་ནས་འདི་མཐའ་དག་སྲིད་པ་ལས་བསྒྲལ་བའི་ཕྱིར་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་རྐྱང་པ་སྐྱེས་པ་སྨོན་པ་དང༌། དེ་ནས་སྡོམ་པ་བཟུང་བ་ལ་སོགས་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་ཕྱིན་དྲུག་སྣ་གཅིག་ལ་ཞུགས་ན་ཡང་འཇུག་པའི་གོ་ཆོད་དོ། །དེས་ན་སྨོན་འཇུག་གཉིས་ངོ་བོ་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་ཅན་དུ་མཚུངས་ཀྱང་བྱང་ཆུབ་སྒྲུབ་པའི་བྱ་བས་ཟིན་མ་ཟིན་ཡོད་པས་འདི་གཉིས་འགལ་ཏེ། དཔེར་ན་ཡུལ་དེར་འགྲོ་འདོད་པའི་བློ་སྐྱེས་པ་ཙམ་དང་དེའི་རྗེས་སུ་ལམ་དུ་ཞུགས་ནས་འགྲོ་བའི་བྱ་བས་ཟིན་པ་ལྟ་བུའོ། །དེའི་ཕྱིར་སྨོན་པ་ནི་དང་པོའི་སེམས་ཁོ་ནའོ། །དེ་ལྟར་ཡང་སྒོམ་རིམ་དང་པོ་ལས། བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ་ཞུགས་པའི་སེམས་དང་སྨོན་པའི་སེམས་སོ། ཞེས་བཤད་ནས་སྔར་གྱི་


JLD017_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྡོང་པོ་བཀོད་པའི་ལུང་དྲངས་ཤིང༌། ཡང་དེ་ལས་འགྲོ་བ་དེ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་ཞུགས་སེམས་སོ་ཞེས་གསུངས་སོ། །གང་ཡང་ཡེ་ཤེས་གྲགས་པས། འདུན་སོགས་གསུམ་གྱི་དབྱེ་བ་ཡིས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་ཞེས་བྱའི་སེམས་རྣམས་ནི། །བཅུ་དགུ་རྣམས་སུ་འདོད་པ་ཡིན། ཞེས་སེམས་བསྐྱེད་ཉེར་གཉིས་ལ་སྨོན་འཇུག་གི་མཚམས་གཅོད་ཚུལ་དེ་ལྟར་བྱས་ནས་སྔར་དྲངས་པའི་སྡོང་པོ་བཀོད་པའི་ལུང་ཤེས་བྱེད་དུ་དྲངས་ནས་འཇུག་སེམས་ཀ་མ་ལ་ཤཱི་ལས་བཤད་པ་ལྟར་ངོས་འཛིན་པ་ནི་མ་བརྟགས་པ་ཡིན་ཏེ། ཐེག་ཆེན་ཚོགས་ལམ་ཆེན་པོར་ཞུགས་ན་བྱང་ཆུབ་ཏུ་ཆས་པར་བཞག་དགོས་པས་ལུང་དྲངས་པ་ཤེས་བྱེད་དུ་མ་སོང་ལ་ཚོགས་ལམ་ན་སྡོམ་པ་མེད་པ་ལ་ཤེས་བྱེད་མེད་པའི་ཕྱིར་རོ། །གཞན་ཡང་སྡོམ་པ་ཐོབ་ན་འཇུག་པར་འགྱུར་བའི་ཕྱིར་སོ་སྐྱེ་ལ་འཇུག་པ་མེད་པར་འདོད་པ་རྣམས་མི་རིགས་ཏེ། བསླབ་བཏུས་ལས། ཅི་སར་མ་ཆུད་པ་ལ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པའི་དབང་དུ་བྱ་བ་ཡོད་དམ་མེད་ཅེ་ན། ཡོད་བར་རིགས་པར་བྱ་སྟེ། ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་ཚོགས་ལམ་ཆུང་ངུར་སྨོན་སེམས་དང་འབྲིང་ནས་འཇུག་སེམས་བཞག་སྟེ་མདོ་ལས་བསམ་ལྡན་གྱི་སྐབས་སུ་ཕྱིན་དྲུག་ལ་སློབ་པར་བཤད་ཅིང༌། སློབ་དཔོན་ལྷ་དབང་བློས་ཀྱང་ཤེར་ཕྱིན་གྱི་འགྲེལ་པའི་དོན་སྒོམ་པའི་


JLD017_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལས། བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་ས་ལྟ་བུའོ། །འཇུག་པ་བྱང་ཆུབ་ཀྱི་སེམས་ནི་གསེར་ལྟ་བུ་ནས་སྤྲིན་ལྟ་བུའི་བར་ཉི་ཤུ་རྩ་གཅིག་གོ །ཞེས་སོ། །སློབ་དཔོན་འདིས་ཀྱང་རྒྱན་སྣང་དུ་ཤཱནྟ་དེ་བའི་ལུང་དྲངས་ནས་སྨོན་འཇུག་གི་བཤད་པ་མཛད་པས་འཕགས་ཡུལ་གྱི་མཁས་པ་དག་ཀྱང་ལུགས་འདི་ལ་འཆེལ་ལོ། །གཉིས་པ་ནི། བརྡ་ལས་བྱུང་བ་དང༌། བསྒོམ་སྟོབས་ཀྱིས་སྐྱེས་པ་གཉིས་སོ། །དང་པོ་ནི་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། ཅེས་སོ། །དེ་ལ་གཞན་གྱིས་བསྟན་ཅིང་གཞན་གྱི་ངག་གི་རིག་བྱེད་ལས་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་ཡིན་ལ་དེ་སྐྱེ་བ་ལ་ཡང་རྣམ་པ་མང་སྟེ། གྲོགས་སྟོབས་ལས་སྐྱེ་བ་ནི་དགེ་བཤེས་ལས་སོ། །རྒྱུ་སྟོབས་ལས་ནི་རིགས་ཀྱི་མཐུ་དང༌། དགེ་རྩའི་སྟོབས་ལས་ཏེ་རིགས་རྒྱས་པར་གྱུར་པ་དང་མང་དུ་ཐོས་པའི་སྟོབས་དང༌། དགེ་བ་གོམས་པའི་སྟོབས་ལས་ཏེ་ཚེ་འདི་ལ་རྟག་ཏུ་ཉན་འཛིན་འཆང་བ་ལ་སོགས་པ་ལས་སྐྱེ་བ་ཡང་ཡོད་དོ། །དེ་ཡང་དང་པོ་མི་བརྟན་ལ་ལྷག་མ་བཞི་བརྟན་པའོ། །གཉིས་པ་ནི། རྒྱན་ལས། སངས་རྒྱས་རྣམས་ནི་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་


previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next