Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  collapse section
   
   
ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


JLD018_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་དོ། །གང་ནས་འདས་ད་ལྟ་གྱི་སངས་རྒྱས་རྣམས་ལ་དགེ་རྩ་བསྐྲུན་ཞིང་སྦྱངས་བ་སྟེ། དེ་དག་ལ་གཙུག་ལག་ཁང་དང་བསོད་སྙོམས་ཕུལ་བས་དང་པོར་ཐར་པ་ཆར་མཐུན་གྱི་ས་བོན་ཐོབ་པ་དང༌། སྤྱིར་ཞེས་པ་སྦྱོར་བ་པོ་ཐམས་ཅད་ལ་དེ་ཡོད་པར་སྟོན་པའོ། །དེ་བཞིན་གཤེགས་པ་རྣམས་ལ་ལུས་ཀྱིས་བསྐོར་བ་དང་སོགས་པས་ངག་གིས་དོན་བཞིན་དུ་བསྟོད་པ་དང་ཡིད་ཀྱིས་ཐོས་བསམ་སྒོམ་པའི་བསྙེན་བཀུར་གྱིས་མཉེས་པར་བྱེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་ཐེ་ཚོམ་ཟ་བའི་དོན་གྱི་ངོ་བོ་ཞུས་ཤིང་རྒྱུ་མཚན་ཡོངས་སུ་འདྲི་བ་དང༌། དེ་བཞིན་གཤེགས་པའི་དྲུང་དུ་སྦྱིན་སོགས་ཕར་ཕྱིན་བཅུ་སྒྲུབ་པ་སྟེ་ཉམས་སུ་ལེན་པ་དང་ལྡན་པ་དང༌། བཞི་ག་ཡང་ཐེག་ཆེན་དགེ་བའི་བཤེས་གཉེན་གྱིས་བྱིན་གྱིས་བརླབས་པ་རྣམས་ནིའོ། །གང་དུ་ན། རྣམ་པ་བརྒྱ་དོན་གསུམ་གྱི་མཚན་ཉིད་ཅན་ཏེ་བརྗོད་བྱ་ཅན་གྱི་ཡུམ་འདིའི་གཞུང་ཉན་པ་དང་འཛིན་པ་དང་དེའི་དོན་མི་བརྗེད་པ་དང་མཚན་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་བཞི་ཡིན་པར་རོ། །གང་གིས་ན། སངས་རྒྱས་དང་སོགས་པས་བྱང་སེམས་ཀྱིས་སོ། །འདིའི་ཡུམ་ལ་རྣམ་པའི་མཚན་ཉིད་ཅན་ཞེས་པ་ནི་རྟེན་འདི་དག་གིས་རྣམ་པ་སྒོམ་པ་དང་མདོའི་བརྗོད་བྱ་རྣམ་པར་འདུས་པ་ལ་དགོངས་སོ། །འགྲེལ་པ་གཞན་ལས་དང་པོ་ཉིད་ལ་བཤེས་གཉེན་སྦྱོར་རོ། །གསུམ་པ་ནི་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པའི་གསུམ་པ་སྦྱོར་བ་རང་གི་ངོ་བོ་བཤད་པ་སྟེ་སྦྱོར་བ་ཉི་ཤུའི་སྐོར་བཤད་པ། གསུམ་པ་ལ་གསུམ་ལས། དང་པོ་ནི། དེ་ལྟར་སྦྱོར་བ་སྒོམ་པ་པོ་བསྟན་ནས་དེའི་འོག་ཏུ་སྦྱོར་བ་རང་གི་ངོ་བོ་གསུངས་སོ། །མདོའི་འབྲེལ་ནི། ཇི་ལྟར་ན་བྱང་ཆེན་ཡུམ་ལ་གནས་པ་དང་སྦྱོར་བ་ལགས་ཞེས་བརྒྱ་བྱིན་


JLD018_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དེ་བཞིན་གཤེགས་པ་ལ་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ནི། སྦྱོར་བ་དེ་ནི་དབྱེ་གཞིའོ། །དབྱེ་ངོ་ནི། ས་མཚམས་ཀྱི་སྦྱོར་བ་དང་བཅས་པ་ཉི་ཤུའོ། །དེ་དག་གང་ན། གཟུགས་དང་སོགས་པས་མ་འདྲེས་པའི་བར་ལ་ཞེན་ནས་མི་གནས་པའི་ཕྱིར་མི་གནས་པའི་སྦྱོར་བ་སྟེ། བྱང་ཚེ་གཟུགས་ལ་མི་གནས་པ་དེ་གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ་ཞེས་མ་འདྲེས་པའི་བར་ལ་གསུངས་སོ། །གཟུགས་སོགས་དེ་ལ་ཞེན་ནས་སྦྱོར་བ་བཀག་པའི་ཕྱིར་མི་སྦྱོར་བ་ཉིད་སྦྱོར་བ་ཡིན་པ་སྟེ། བྱང་ཆེན་གཟུགས་ལ་སྦྱོར་བར་མི་བྱེད་དེ་གང་གི་ཚེ་གཟུགས་ལ་སྦྱོར་བར་མི་བྱེད་པ་དེའི་ཚེ་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ་ཞེས་རྣམ་མཁྱེན་གྱི་བར་ལ་དེ་ལྟར་རོ། །གཟུགས་སོགས་དེའི་དེ་བཞིན་ཉིད་ཟབ་པར་རྟོགས་པའི་ཕྱིར་གཞི་ཤེས་ཀྱི་ཟབ་པའི་སྦྱོར་བ་སྟེ། གཟུགས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཡུམ་ཟབ་བོ། །ཞེས་སོ། །གཟུགས་སོགས་དེ་རྣམས་ཀྱི་རང་བཞིན་གཏིང་དཔག་དཀའ་བར་རྟོགས་པའི་ཕྱིར་ལམ་ཤེས་ཀྱི་གཏིང་དཔག་དཀའ་བའི་སྦྱོར་བ་སྟེ། གཟུགས་གཏིང་དཔག་དཀའ་བའི་ཕྱིར་ཡུམ་གཏིང་དཔག་དཀའ་བའོ། །ཞེས་སོ། །གཟུགས་སོགས་དེ་དག་གི་རང་བཞིན་ཚད་མེད་པར་རྟོག་པའི་ཕྱིར་རྣམ་མཁྱེན་གྱི་ཚད་མེད་པའི་སྦྱོར་བ་སྟེ། གཟུགས་ཚད་མེད་པའི་ཕྱིར་ཡུམ་ཚད་མེད་པའོ། །ཞེས་སོ། །དེ་ལྟར་ན་དང་པོ་ལྔ་ལ་རྒྱུ་མཚན་གྱི་སྒྲ་སྦྱོར་བས་ནི་མིང་ལྔ་འཕང་བ་དང༌། དྲུག་པ་དང་བཅུ་གསུམ་པ་དང་བཅུ་བཞི་པ་ལ་ཕྱིར་གྱི་སྒྲ་སྦྱོར་བ་ནི་ལྷག་མ་རྣམས་ལ་ཡང་མཚོན་པ་ཡིན་པས་དོན་བཅུ་གཉིས་ཤུགས་ལ་འཕངས་པའི་ཕྱིར་རོ། །འདིར་


JLD018_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས་གཟུགས་ནས་མ་འདྲེས་པའི་བར་ལ་ཟབ་གཏིང་དཔག་དཀའ་ཚད་མེད་ཅེས་བྱ་བར་མི་སྤྱོད་ན་ཡུམ་ལ་སྤྱོད་པར་གསུངས་པའི་འཐད་པར་དེ་དག་གི་ཟབ་པ་སོགས་གསུམ་དེ་དག་མིན་པར་གསུངས་པ་ཚན་པ་གསུམ་གྱིས་སྦྱོར་བ་དེ་གསུམ་ཆུང་འབྲིང་ཆེ་གསུམ་དུ་གསུངས་པར་ཉི་སྣང་དང་ལེ་བརྒྱད་མར་རོ། །གཞན་ཡང་སྦྱོར་བ་དེ་གསུམ་ཟབ་པ་དང་ཐུན་མོང་མ་ཡིན་པ་དང༌། བླ་ན་མེད་པར་བྱང་ཆུབ་པའི་དབང་དུ་མཛད་པར་ཉི་སྣང་ལས་སོ། །དེ་ལ་ཆུང་འབྲིང་ཆེ་གསུམ་ནི། གཞི་ལམ་རྣམ་པའི་སྐྱེ་མེད་གསུམ་ལ་མི་སྐྲག་པ་སྐྱེ་དཀའ་སླའི་ཁྱད་པར་གྱིས་ཡིན་ལ། བྱང་ཆུབ་གསུམ་དང་སྦྱར་པ་ནི། མཁྱེན་གསུམ་རིམ་པ་ལྟར་ཐ་མལ་པའི་བློ་ལས་ཟབ་པ་དང༌། ཉན་རང་དང་ཐུན་མོང་མ་ཡིན་པ་དང༌། ཁྱད་པར་དུ་འཕགས་པ་མེད་པས་དེ་དག་ལ་དེ་ལྟར་རྟོགས་པ་སྟེ་བྱང་ཆུབ་པའི་དོན་ནི་རྟོགས་པའོ། །ཤཱནྟི་པས་ཐ་མ་གསུམ་ལ་ཡང་སྒྲ་ཁོང་ནས་བཏོན་ཏེ་དེ་ལ་སྦྱོར་བ་བཀག་ཅེས་པ་དང་སྦྱར་ནས་ཟབ་གཏིང་དཔག་དཀའ་ཚད་མེད་པ་གསུམ་ལ་སྤྱོད་པ་བཀག་པ་གསུམ་ཡང་བྱས་ནས་སྦྱོར་བ་ཉེར་གསུམ་དུ་བྱེད་དེ། སྔར་ཆུང་འབྲིང་གསུམ་ལ་དྲངས་པའི་མདོའི་དོན་དུ་བཞེད་དོ། །འབད་པའི་ཚེགས་ཆེན་པོས་དུས་ཡུན་རིང་མོ་ནས་བྱང་ཆུབ་རྟོགས་ཤིང་འཐོབ་པའི་ཕྱིར་དེའི་སྦྱོར་བ་ནི། ཡུམ་ཟབ་མོ་འདི་ཐོས་ནས་དངང་བར་འགྱུར། ཀུན་དུ་སྐྲག་པར་འགྱུར། ཀུན་དུ་སྐྲག་པས་ཟིན་པར་འགྱུར་དུ་མཆི་བས་སོ། །ཞེས་སོ། །འདི་ཡུམ་ཟབ་མོ་ཐོས་པ་ན་སྐྲག་སྟེ་སྤངས་པས་ངན་སོང་དུ་སྐྱེ་བའི་ལས་གསོག་པས་ཚེགས་ཆེན་པོ་དང་ཡུན་རིང་པོ་


JLD018_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའོ། །ཆོས་ཉིད་ལ་མི་དངང་བ་སོགས་དང་ལྡན་ཞིང་རྨི་ལམ་ན་ཡང་ཕྱིན་དྲུག་ཉམས་སུ་ལེན་པ་ནི་དེ་བཞིན་གཤེགས་པ་གསུམ་ལས་མི་འདའ་བར་ལུང་བསྟན་འཐོབ་པས་ལུང་བསྟན་པའི་སྦྱོར་བ་སྟེ། བྱང་ཆེན་ཡུམ་ཟབ་མོ་འདི་ཐོས་ནས་དངང་བར་མི་འགྱུར། ཀུན་དུ་སྐྲག་པར་མི་འགྱུར། ཀུན་དུ་སྐྲག་པས་ཟིན་པར་མི་འགྱུར་བ་དེ་དག་ནི་རིང་པོར་མི་ཐོགས་པར་བླ་མེད་རྫོགས་བྱང་དུ་ལུང་བསྟན་པ་འཐོབ་པར་འགྱུར་ཏེ། དེ་ནི་དེ་བཞིན་གཤེགས་པ་གཅིག་གམ་གཉིས་སམ་གསུམ་ལས་མི་འདའ་བར་དེ་ནས་བླ་མེད་རྫོགས་བྱང་དུ་ལུང་བསྟན་པ་འཐོབ་པར་འགྱུར་རོ། །ཞེས་སོ། །ཡུམ་གྱི་རྟོགས་པ་རང་ལ་བྱུང་བ་དེ་འཛིན་པ་སོགས་ཀྱིས་ཕྱིར་མི་ལྡོག་པར་བྱེད་པའི་སྦྱོར་བ་ནི། ཡུམ་འདི་བདག་ཉིད་ལ་སྐྱེད་པར་འགྱུར་ཏེ་སྐྱེད་ནས་ཀྱང་འཛིན་པར་འགྱུར་ཞེས་པ་ནས་ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་བ་དེ་དག་ནི་བླ་མེད་རྫོགས་བྱང་དུ་ལུང་བསྟན་པར་འགྱུར་བའམ། ཕྱིར་མི་ལྡོག་པར་འགྱུར་ལགས་སོ། །ཞེས་སོ། །རྣམ་མཁྱེན་གྱི་བར་ཆད་ཀྱི་ཆོས་ལས་ངེས་པར་འབྱུང་བའི་སྦྱོར་བ་ནི། བྱང་ཆེན་ངས་དེ་སླན་ཆད་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སས་འཇིགས་པར་མི་བགྱིའོ་ཞེས་སྐྱེས་བུ་འབྲོག་དགོན་པ་དཔག་ཚད་བརྒྱ་ཕྲག་མང་པོ་ནས་བྱུང་བས་གྲོང་སོགས་ཀྱིས་མཚན་མ་མཐོང་བ་ན་ཆོམ་རྐུན་སོགས་ཀྱིས་འཇིགས་པ་མེད་པའི་དཔེས་གསུངས་སོ། །ཡུམ་འཛིན་པ་སོགས་ཀྱི་ལུང་བསྟན་པ་དང་ཉེ་བ་བར་ཆད་མེད་པ་དང་བཅས་པའི་སྦྱོར་བ་ནི། མི་ཞིག་རྒྱ་མཚོའི་ཆུ་ནི་ལྟ་ཕྱིར་འགྲོ་བ་ཡིས། །གལ་ཏེ་ཤིང་དང་ནགས་ཚལ་རི་མཐོང་ད་དུང་རིང༌། །ཅི་སྟེ་རྟགས་མ་མཐོང་ན་རྒྱ་མཚོ་ཆེན་


JLD018_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། །ཉེ་བར་གྱུར་ཏོ་སྙམ་སྟེ་དེ་ལ་སོམ་ཉི་མེད། །ཅེས་སོ། །དེ་ནི་རི་ཤིང་གི་མཚན་མ་དང་འདྲ་བའི་མཐོང་སྤང་གི་རྟོག་པ་རགས་པ་རྣམས་ཆོས་མཆོག་ཏུ་མི་སྣང་བར་གྱུར་པ་ན་རྒྱ་མཚོ་དང་འདྲ་བའི་མཐོང་ལམ་བྱང་ཆུབ་ལ་ཉེ་བར་ཤེས་པའོ། །རྫོགས་པའི་བྱང་ཆུབ་དང་ཉེ་བའི་སྦྱོར་བ་ནི། དཔྱིད་དུས་བཟང་ལ་སྡོང་པོ་ལོ་མ་ལྷགས་གྱུར་ན། །ཡལ་གས་རིང་པོར་མི་ཐོགས་ལོ་འབྲས་མེ་ཏོག་སྐྲུན། །ཤེས་རབ་ཕ་རོལ་ཕྱིན་འདི་སུ་ཡི་ལག་ཐོབ་པ། །རིང་པོར་མི་ཐོགས་འདྲེན་པ་རྣམས་ཀྱི་བྱང་ཆུབ་འཐོབ། །ཅེས་ཏེ་ལོ་འདབ་རྙིང་པ་ལྟ་བུའི་ཆོས་མཆོག་ཕྱིན་གྱི་རྟོག་པ་རྣམས་སྤངས་ནས། ལོ་འདབ་གསར་པ་ལྟ་བུའི་ཟག་མེད་ཀྱི་ཆོས་གསར་པའི་རྟེན་དུ་གྱུར་པས་བྱང་ཆུབ་ལ་ཉེ་བར་ཤེས་པའོ། །རྫོགས་བྱང་དུ་མྱུར་དུ་བྱང་ཆུབ་པའི་སྦྱོར་བ་ནི། དཔེར་ན་བུད་མེད་སྦྲུམ་གང་སྡུག་བསྔལ་ཉེར་གྱུར་པ། །དེ་ནི་དེ་ཡི་བཙའ་བའི་དུས་ལ་བབ་ཅེས་བྱ། །དེ་བཞིན་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་ཉན། །དགའ་དང་འདུན་པ་སྐྱེད་པས་མྱུར་དུ་བྱང་ཆུབ་རེག །ཅེས་སོ། །སྐྱེ་བོ་ལ་ཕན་བདེའི་ཕྱིར་དུ་ཆོས་འཁོར་བསྐོར་ཞིང་བསྐུལ་བའི་གཞན་དོན་གྱི་སྦྱོར་བ་ནི། བདག་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་ལ་གཞན་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་དག་པར་སྐུལ་ལོ་ཞེས་སོ། །ཆོས་རྣམས་ཀྱི་ཡིན་ཚུལ་འཕེལ་འགྲིབ་མེད་པར་མཐོང་བའི་སྦྱོར་བ་ནི། བྱང་ཚེ་ནམ་གཟུགས་ཀྱི་འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་འཕེལ་བ་ཡང་དག་པར་


JLD018_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མི་མཐོང་བ་དེའི་ཚེ་བྱང་ཆེན་གྱི་ཡུམ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་འགྲིབ་པ་ལ་ཡང་དེ་ལྟར་རོ། །ཆོས་དཀར་པོའི་ལས་དང་ཆོས་མིན་ནག་པོའི་ལས་ལ་སོགས་པ་ཡང་དག་པར་མི་མཐོང་བའི་སྦྱོར་བ་ནི། བྱང་ཚེ་ཆོས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ཆོས་མ་ཡིན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོ། །གཟུགས་སོགས་ལ་བསམ་གྱིས་མི་ཁྱབ་པར་མི་མཐོང་བ་མི་རློམ་པའི་སྦྱོར་བ་ནི། བྱང་ཚེ་གཟུགས་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད་ན་ཡུམ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཞེས་སོ། །གཟུགས་སོགས་དང་དེའི་མཚན་མ་དང་དེའི་ངོ་བོར་མི་ཞེན་པ་ནི་རྣམ་པར་མི་རྟོག་པའི་སྦྱོར་བ་སྟེ། བྱང་ཚེ་གཟུགས་སུ་མི་རྟོག་རྣམ་པར་མི་རྟོག །གཟུགས་ཀྱི་མཚན་མར་དང་གཟུགས་ཀྱི་རང་བཞིན་དུ་མི་རྟོག་རྣམ་པར་མི་རྟོག་ཅེས་སོ། །ཤཱནྟིས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་སོགས་གསུམ་གྱིས་གཟུགས་དང་མཚན་མ་སོགས་གསུམ་དུ་མི་རྟོག་པར་བཤད་དོ། །འབྲས་བུ་རིན་པོ་ཆེ་དྲུག་གཞན་ལ་སྦྱིན་པའི་སྦྱོར་བ་ནི། ཡུམ་ནི་རིན་པོ་ཆེའི་ཕུང་པོ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་ཉིད་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་སྦྱིན་པར་བྱེད་པས་སོ། །ཞེས་སོ། །གནས་ངན་ལེན་ཕྲ་མོ་དག་པར་བྱེད་པའི་སྦྱོར་བ་ནི། ཡུམ་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་ཕུང་པོ་ལགས་སོ་ཞེས་སོ། །


JLD018_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་དང་འདྲ་བར་བར་ཆད་མེད་པས་ཞག་ནས་ལོའི་བར་གྱིས་འདྲི་བ་སོགས་ལ་བརྩོན་པ་མི་གཏོང་བ། ས་མཚམས་ཀྱི་སྦྱོར་བ་ནི། གལ་ཏེ་ཟླ་བ་གཅིག་གིས་བསྟན་པར་བྱ་བ་ཡིན་པ་དང་བཅང་བར་བྱ་པ་དང་བཀླག་པར་བྱ་བ་དང་ཁ་ཏོན་དུ་བྱ་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་བསྒོམ་པར་བྱ་ནའང་དེས་དེ་བཞིན་དུ་བསྒོམ་པར་བྱ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །ཞེས་སོ། །ལོའི་བར་གྱིས་བསྒོམ་པར་བྱ་ནའང་དེས་དེ་བཞིན་དུ་བསྒོམ་པར་བྱ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །ཞེས་སོ། །ལོ་ཕན་ཆད་མ་སྨོས་པ་ནི་དེ་ཙམ་གྱིས་དུས་ཚིགས་སྤོགས་པའི་ཕྱིར་ཏེ་ལོ་ཉིད་སླར་འཁོར་བས་སོ། །གསུམ་པ་ལ་གཉིས། སྦྱོར་བའི་ངོ་བོ་དང༌། ཁྱད་པར་དཔྱད་པའོ། །དང་པོ་ལ་གཉིས། སྦྱོར་བ་སྐྱེ་ཚུལ་དང༌། སྐྱེས་པའི་སྦྱོར་བའོ། །དང་པོ་ནི། རྣམ་ཀུན་གྱི་སྦྱོར་བ་དེ་བསྐྱེད་ཚུལ་གྱི་དབང་དུ་བྱས་ན་ལྔའོ། །རྒྱུན་མཚན་ནི། མི་གནས་པའི་སྦྱོར་བ་ནས་ཚད་མེད་པའི་སྦྱོར་བ་ལ་ཐུག་པ་སྟེ་དེ་ལྟར་ནའོ། །དེ་གང་ན། གཟུགས་སོགས་ལ་མི་གནས་པ་སྟེ་ཞེན་ནས་གནས་བྱར་མི་བདེན་པར་རྟོགས་པའི་དོན་དེའི་མིང་ནི་དང་པོའོ། །གཟུགས་སོགས་དེ་དག་ལ་ཞེན་ནས་མི་སྦྱོར་བ་ཉིད་ཡང་དག་པའི་དོན་ལ་སྦྱོར་བ་ཡིན་པའི་དོན་དེའི་མིང་ནི་གཉིས་པ་སྟེ། གནས་པ་དང་སྦྱར་བྱར་མེད་པའི་རྒྱུ་མཚན་ནི། གཟུགས་སོགས་ལ་དཔྱད་ན་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སོ། །དེ་གཉིས་ཡུལ་དང་ཡུལ་ཅན་ལ་ཞེན་པ་འགོག་པས་གནས་པ་དང་རྣལ་འབྱོར་བཀག་པ་ཞེས་བྱའོ། །རྣམ་གྲངས་སུ་ན་གཟུགས་སོགས་སྦྱར་བྱའི་གནས་སུ་མེད་པ་དང༌།


JLD018_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དེར་རྟོགས་པ་ཉིད་ཐ་སྙད་དུ་སྦྱོར་བ་ཡིན་པར་རྟོགས་པ་ཡང་མདོའི་དོན་ནོ། །གཟུགས་སོགས་དེ་དག་ཉིད་ཀྱི་རང་བཞིན་ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པ་ཞེས་བྱ་བ་དེ་ལྟར་རྟོགས་པའི་དོན་དེའི་མིང་གསུམ་ནི་རིམ་པ་ལྟར་ཕྱི་མ་གསུམ་མོ། །ཟབ་པ་སོགས་གསུམ་ཡིན་པའི་རྒྱུ་མཚན་ནི་དེ་བཞིན་ཉིད་སྤྲོས་བྲལ་གྱི་ངོ་བོ་ཡིན་པ་ཉིད་ཀྱིས་སོ། །འགྲེལ་ཆེན་གཉིས་སུ་གནས་པ་མི་དམིགས་པ་དང་རང་བཞིན་གྱིས་རྙོག་པ་མེད་པ་དང་མཐའ་དམིགས་སུ་མེད་པའི་དོན་གྱིས་ཞེས་ཟབ་སོགས་གསུམ་གྱི་རྒྱུ་མཚན་དུ་སྦྱར་བའི་དགོངས་པ་ནི། གཞི་ཐ་སྙད་དུ་རྟེན་ཡིན་ཀྱང་དོན་དམ་པར་གནས་བྱར་མེད་པ་དང་ལམ་དྲི་མ་དང་བཅས་ཀྱང་རང་བཞིན་གྱིས་དག་པ་དང༌། དེ་གཉིས་ཀྱི་རྣམ་པ་ཚད་ཆད་པ་མེད་པའི་རྒྱུ་མཚན་གྱིས་ཡིན་ནོ། །ཞེས་བྱ་བ་དེ་ལྟར་རྟོགས་ཞེས་པ་སྔ་མ་གཉིས་ཀྱི་མཐར་ཡང་སྦྱོར་བ་ནི་རྒྱན་སྣང་མ་མཐོང་བར་བསྟན་ཏོ། །དེ་ལྟར་ལྔ་གསུངས་པ་ནི་ཡུལ་དང་ཡུལ་ཅན་དུ་མ་ཞེན་པར་བྱས་ཏེ་སྐྱེ་མེད་གསུམ་བསྒོམས་ན་ཟབ་པ་སོགས་གསུམ་རྟོགས་པའི་སྦྱོར་བ་རྣམས་སྐྱེའོ་ཞེས་བསྟན་པའི་ཕྱིར་ཏེ། རྒྱན་སྣང་ལས། །གང་གི་ཚེ་གཟུགས་ལ་སོགས་པ་ཟབ་བོ་སྙམ་དུ་མངོན་པར་མ་ཞེན་པའི་ཚུལ་གྱིས་དེ་ཁོ་ན་ཉིད་དུ་མི་གནས་པ་དེའི་ཚེ་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་དེ་ལ་ཟབ་པའི་སྦྱོར་བ་འཐོབ་པར་འགྱུར་རོ། །ཡང་གང་གི་ཚེ་ཟབ་བོ་སྙམ་དུ་ཡང་རྣལ་འབྱོར་དུ་མི་བྱེད་པ་དེའི་ཚེ་གཟུགས་ལ་སོགས་པ་ཟབ་པ་ཞེས་བྱ་བར་ཡང་མི་གནས་ཏེ། དེ་ལྟར་རྣལ་འབྱོར་དང་གནས་པ་བཀག་པས་ཟབ་མོའི་སྦྱོར་བའི་དོན་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་ནོ་ཞེས་བྱ་བའོ། །


JLD018_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་གཏིང་དཔག་དཀའ་བ་དང་ཚད་མེད་པའི་སྦྱོར་བའི་དོན་དག་ཀྱང་འདིའི་རྗེས་སུ་འབྲངས་ནས་བརྗོད་པར་བྱའོ། །ཞེས་སོ། །གཉིས་པ་ནི། སྔར་གྱི་ཐབས་དེས་བསྐྱེད་པའི་སྦྱོར་བ་ནི་བཅོ་ལྔའོ། །དེ་དག་གང་ན་ཤེས་ཕྱིན་ཟབ་གཏིང་དཔག་དཀའ་ཚད་མེད་པ་གསུམ་ལ་སྐྲག་པ་ཞེས་བྱ་བ་དང་སོགས་པས་དངང་བ་ཀུན་ཏུ་སྐྲག་པ་སྐྱེ་བའི་སྒྲུབ་པ་དང་ལྡན་པ་དེའི་མིང་ནི་ཚེགས་ཆེན་པོས་ཡུན་རིང་མོ་ཞིག་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་སྦྱོར་བའོ། །འདི་ལས་དང་པོ་པའི་སར་བཞེད་པས་ཚོགས་ལམ་ནས་བཞག་ལ། དེ་ཡང་དེ་ལ་དབང་པོ་གཉིས་སུ་བྱས་པའི་བརྟུལ་པོ་འབའ་ཞིག་ལ་བྱ་སྟེ། འདི་སྦྱོར་པ་ཁྱད་པར་ཅན་གྱི་འགའ་ཟླ་སྐྲག་པ་དེ་ཡིན་པས་སོ། །དེས་ན་འདིས་ཚེགས་ཆེན་པོས་འཐོབ་ལ་ལྷག་མ་རྣམས་ཀྱིས་བདེ་བླག་ཏུ་འཐོབ་བོ། །དེའི་ཕྱིར་མ་ཞེན་པ་གཉིས་ཀྱི་སྒོ་ནས་ཡུལ་གསུམ་རྟོགས་པ་ནི་བདུན་པ་ནས་བྱའོ། །ཞེས་བྱ་བ་ནས་མིང་ནིའི་བར་སྔ་མ་རྣམས་ཀྱི་མཇུག་དང༌། སྦྱོར་བ་ཞེས་ཕྱི་མ་རྣམས་ཀྱི་མཐར་སྦྱར་ཞིང་སོགས་ནི་མཐའི་གསལ་བྱེད་ཡིན་པས་ཐམས་ཅད་ལ་ཤེས་པར་བྱའོ། །ཤེར་ཕྱིན་ནི་སྐྱེ་མེད་གསུམ་ལ་མི་སྐྲག་མི་དངང་ཀུན་ཏུ་མི་སྐྲག་པ་ནི་ལུང་བསྟན་པ་འཐོབ་པ་དང༌། འདི་ཚོགས་ལམ་པ་དབང་རྣོན་དང་དྲོད་ནས་ཏེ། ཟབ་མོའི་དོན་ལ་སོམ་ཉི་མེད་ཅེས་སོ། །ཡུམ་ཐོས་ནས་ཡང་དག་པར་འཛིན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པའི་བར་ནི་ཕྱིར་མི་ལྡོག་པ་ཉིད་དང༌། འདི་རྩེ་མོ་ནས་ཏེ། ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །ཞེས་སོ། །འགལ་རྐྱེན་བར་ཆད་


JLD018_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་སོ་གཉིས་སྤོང་པ་དང༌། མཐུན་རྐྱེན་རྣམ་མཁྱེན་ཡིད་བྱེད་སྐྱེད་པ་ནི་ངེས་པར་འབྱུང་བ་དང༌། འདི་བཟོད་པ་ནས་ཏེ། གཞན་གྱིས་བཀྲི་བར་མི་བཏུབ་དང༌། །ཞེས་སོ། །རྟག་ཏུ་མཉམ་གཞག་ཏུ་སྤྲོས་བྲལ་གྱི་ཆོས་སྒོམ་པ་དང༌། རྗེས་ཐོབ་ཏུ་དེ་འཛིན་འཆང་སོགས་བྱེད་པ་ནི་བར་ཆད་མེད་པ་དང༌། འདི་ཆོས་མཆོག་ནས་ཏེ་མཐོང་ལམ་ལ་བར་མ་ཆད་དུ་སྦྱོར་བས་སོ། །ཐེག་ཆེན་གྱི་ཟག་པ་མེད་པའི་ཆོས་གསར་དུ་ཐོབ་པའི་རྟེན་དང༌། དེ་ཕྱིན་གྱི་ཟག་མེད་སྐྱེད་པའི་རྟེན་ནི་ཡང་དག་པར་མངོན་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བ་དང༌། འདི་མཐོང་ལམ་ནས་ཏེ་བྱང་ཆུབ་ལ་ནི་ཉེ་བ་དང་ཞེས་དང༌། ཟག་མེད་གསར་པར་བཤད་པས་སོ། །སྦྱོར་བའི་འབྲས་བུ་ཆོས་ཀྱི་སྐུ་དང་ལོངས་སྤྲུལ་མངོན་པར་འགྲུབ་པ་ནི་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། འདི་ས་གཉིས་པ་ནས་བདུན་པའི་བར་ཏེ། རྒྱུད་བླ་ལས། ས་བདུན་རྗེས་འབྲེལ་དྲི་མ་རྣམས། །མངལ་སྦུབས་དྲི་མ་དག་དང་མཚུངས། །མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ཞེས་མ་དག་ས་བདུན་གྱི་དྲི་མ་རྣམས་བཙའ་བར་ཉེ་བའི་མངལ་སྦུབས་ལྟ་བུ་དང༌། ས་བརྒྱད་པ་ཡན་མི་རྟོག་ཡེ་ཤེས་ལ་དབང་ཐོབ་པ་མངལ་སྦུབས་ལས་གྲོལ་བ་བཙས་པའི་གནས་སྐབས་ལྟ་བུར་གསུངས་ཤིང༌། འདི་མདོ་ལས་སྦྲུམ་མ་བཙའ་བར་ཉེ་བའི་དཔེས་གསུངས་པས་སོ། །སྔ་མར་ས་དང་པོ་བཤད་ཀྱང་འདིར་བྱང་ཆུབ་ཉེ་བ་དེ་ལ་བཤད་ཟིན་པས་ས་གཉིས་པ་ནས་བཟུང་ངོ༌། །ཆོས་ཀྱི་འཁོར་ལོ་བསྐོར་ཞིང་གཞན་ཡང་དེ་ལ་འགོད་པ་ནི། གཞན་གྱི་དོན་དང༌། ཡོན་སྐྱོན་


JLD018_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཕེལ་འགྲིབ་མཐོང་ཡང་ཆོས་ཉིད་ལ་འཕེལ་འགྲིབ་དང་སྐྱེ་འགག་ཀུན་བྱང་སོགས་མི་མཐོང་བ་ནི་འཕེལ་འགྲིབ་མེད་པ་དང༌། འདོད་ཁམས་དང་ཁམས་གཉིས་དེ་དག་སོགས་གསུམ་དུས་གསུམ་སོགས་སུ་མི་དམིགས་པ་ནི། ཆོས་དང་ཆོས་མ་ཡིན་པ་དང༌། སོགས་པས་ཁམས་གསུམ་ལ་སོགས་པར་མི་དམིགས་པ་དང༌། གཟུགས་དང་སོགས་པས་ཚོར་སོགས་ཀྱི་རང་བཞིན་ལ། བསམ་གྱིས་མི་ཁྱབ་པའི་རྣམ་པར་དང༌། གཞལ་བསམ་དུ་མེད་པར་ཞེན་པའི་རློམ་པ་མེད་པ་ནི་གཟུགས་སོགས་ལ་བསམ་གྱིས་མི་ཁྱབ་པའི་རྣམ་པ་འགོག་པ་དང་འབྲས་བུ་གཟུགས་དང་གཟུགས་དེའི་མཚན་མ་རྒྱུ་དང་དེའི་ངོ་བོ་ཉིད་གསུམ་དང་ཚོར་སོགས་ཀྱི་ཡང་དེ་གསུམ་དུ་རྣམ་པར་མི་རྟོག་པ་ནི་གཟུགས་སོགས་ཀྱི་དངོས་པོར་རྣམ་པར་མི་རྟོག་པའོ། །རྣམ་གྲངས་སུ་ན་འདི་དག་གཟུགས་སོ་ཞེས་སྤྱི་ཙམ་དུ་དང༌། འདི་དག་གཟུགས་ཀྱི་མཚོན་བྱེད་མཚན་མ་ཞེས་མཚན་ཉིད་དུ་དང༌། འདི་གཟུགས་ཀྱི་ངོ་བོ་ཞེས་མཚན་གཞིར་མི་རྟོག་རྣམ་པར་མི་རྟོག་པའོ། །དེ་ལྟར་གཞན་དོན་བྱེད་པ་འཕེལ་འགྲིབ་མེད་པར་རྟོགས་པ། མཐའ་གཉིས་ལ་མི་གནས་པ། ཆོས་ཉིད་དུ་མི་རློམ་པ། ཆོས་ཅན་དུ་མི་རྟོག་པའི་ཆ་ནས་སྔར་བཞག་པ་དེས་བརྒྱད་པ་ནས་ཏེ། མདོ་སྡེའི་རྒྱན་ལས། རྣམ་ཀུན་དོན་ཡོད་ཤེས་པར་བྱ། །ཞེས་ས་བརྒྱད་པ་ཡན་རྣམ་པ་ཐམས་ཅད་དུ་གཞན་དོན་དུ་འགྱུར་བར་གསུངས་ཤིང༌། བྲི་འཕེལ་མེད་པའི་དོན་དང་རྣམ་པར་མི་རྟོག་བ་ལ་དབང་བའི་རྟེན་དུ་གསུངས་པས་སོ། །འབྲས་བུ་དང་པོ་རྒྱུན་


JLD018_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་དང་ལྷག་མ་རྣམས་མཐོང་བ་སྟེ་ཐོབ་པར་བྱེད་པ་ནི་འབྲས་བུ་རིན་པོ་ཆེ་སྦྱིན་པ་དང༌། འདི་ས་དང་པོ་ནས་ཡོད་ཀྱང་དགུ་པ་ནས་སོ་སོ་རིག་བཞི་ཐོབ་པས་དེའི་སྒོ་ནས་སེམས་ཅན་སྨིན་པར་བྱེད་པས་གཙོ་བོར་དེ་ལ་བཞག་གོ །གཟུགས་དང་ཚོར་བ་སོགས་ཀྱི་རང་བཞིན་རྣམ་པར་དག་པར་བསྒོམས་པས་སྒྲིབ་པ་སྤོང་བའི་རྒྱུར་གྱུར་པ་ནི་རྣམ་པར་དག་པ་དང༌། འདི་ས་བཅུ་པ་ནས་ཏེ་མཆོག་ཏུ་རྣམ་པར་དག་པ་མཐར་ཐུག་པ་ཞེས་གསུངས་ལ་སྔ་མ་རྣམས་མཐར་མ་ཐུག་ཅིང་སངས་རྒྱས་སར་སྦྱོར་བ་མེད་པས་སོ། །ཡུམ་འདྲི་བ་སོགས་ལ་ལོ་སྐོར་དུ་དང་ཟླ་བ་དང་ཞག་ཏུ་མངོན་པར་བརྩོན་པ་མི་འདོར་བ་ནི་ས་མཚམས་ལའམ་ས་མཚམས་ཀྱི་སྦྱོར་བའོ། དེ་ཚོགས་ལམ་ནས་ས་བདུན་པའི་བར་ཏེ་བརྒྱད་པ་ཡན་ཆད་ནི་དེ་ལྟར་ས་མཚམས་ཀྱིས་ཕྱེ་ནས་བྱེད་མི་དགོས་པས་སོ། །འདི་ནི་སྦྱོར་བ་བཅུ་བཞིའི་རྒྱུར་གསུངས་སོ། །དེ་ལྟར་སྐྱེད་ཚུལ་གྱི་དབང་དུ་བྱས་པའི་སྦྱོར་བ་ལྔ་ཡང་དག་པ་ཡིན་མིན་དུ་སྐྱེས་པའི་སྦྱོར་བ་བཅོ་ལྔ་སྟེ་སྤྱིར་ན་སྦྱོར་བ་ཉི་ཤུའོ། །དེས་ན་སྦྱོར་ལམ་དུ་བཞག་པ་བཞི་ལ་ལུང་བསྟན་མ་ཐོབ་ཅིང་དེ་ལ་ཉེ་བར་གསུངས་པས་ས་བརྒྱད་པ་ནས་དེ་དག་འཇོག་པ་མི་འཐད་ལ། བྱང་ཆུབ་ཉེ་བ་མཐོང་ལམ་ནས་བཞག་ཅིང་སྦྱོར་ལམ་དུ་སྐྱེ་མེད་གསུམ་ལ་སྒོམ་བྱུང་གི་ངེས་པ་ཐོབ་པས་མི་སྐྲག་པའི་ཕྱིར་སྔོན་གྱི་མཁས་པ་འབྲེ་ཨར་གྱིས་བཅོ་ལྔའི་ས་མཚམས་དེ་ལྟར་བཞག་པ་ཉིད་རིགས་སོ། །བུད་དྷ་ཤྲཱིས་ས་མཚམས་དེ་ལྟར་བྱས་པར་འཆད་པ་ནི་དེའི་འགྲེལ་པ་ན་མེད་ལ་རང་བཞིན་དང་གནས་སྐབས་སུ་བྱེད་ནའང་ཉི་ཤུ་པ་གནས་སྐབས་སུ་བྱེད་པ་ནི་བུད་དྷ་ཤྲཱིའི་


JLD018_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བའི་རྗེས་སུ་འབྲངས་པའོ། །གཉིས་པ་ནི། སྦྱོར་བ་དེ་དག་གི་གོ་རིམ་ཡང་རྒྱན་སྣང་ལས། འདི་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པས་གནས་པ་མི་སྦྱོར་པའི་སྦྱོར་བ་ལ་མངོན་པར་བརྩོན་པ་ནི། གཟུགས་ལ་སོགས་པ་དེ་དག་གི་ཟབ་པ་ཉིད་དང་གཏིང་དཔག་དཀའ་བ་ཉིད་དང་ཚད་མེད་པ་ཉིད་རྟོགས་པར་འགྱུར་རོ། །དེ་ནས་ཡང་དག་པ་མ་ཡིན་པའི་སྦྱོར་བ་བྱེད་པ་ཉིད་ཀྱིས་ན་ལས་དང་པོ་པས་ནི་ཚེགས་ཆེན་པོས་འཐོབ་པོ། །དེ་ལས་གཞན་པས་ནི་ལུང་བསྟན་པ་དང་ཕྱིར་མི་ལྡོག་པའི་ས་བདེ་བླག་ཏུ་ཐོབ་ནས་ངེས་པར་འབྱུང་བ་དང་མི་འབྲལ་བར་འགྱུར་ཞིང་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཉེ་བར་འགྱུར་བ་དང་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བའོ། །དེ་ནས་གཞན་གྱི་དོན་བྱེད་ཅིང་འཕེལ་བ་མེད་པ་དང་འགྲིབ་པ་མེད་པར་འགྱུར་རོ། །དེ་ནས་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་སྤྱི་དང༌། གཟུགས་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་ལ་འདུ་ཤེས་ཐམས་ཅད་སྤངས་པའི་ཕྱིར་རྣམ་པར་མི་རྟོག་པ་ནི། འབྲས་བུ་རིན་པོ་ཆེ་སྦྱིན་པས་མཆོག་ཏུ་རྣམ་པར་དག་པའི་མཐར་ཐུག་པར་འགྱུར་བ་ནི་སྔ་མ་ཁོ་ནར་ལོ་བསྐོར་གྱི་སྦྱོར་བས་སེམས་ཀྱི་རྒྱུད་ཡོངས་སུ་སྦྱངས་པ་ཡིན་པས། སྦྱོར་བའི་གོ་རིམ་ནི་མངོན་པར་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། ཞེས་སོ། །མངོན་རྟོགས་ཀྱིས་ཕྱེ་བ་ནི་མངོན་རྟོགས་ཀྱི་སྐྱེ་རིམ་ཡིན་ལ། འོན་ཀྱང་དང་པོ་ལྔ་དྲུག་པའི་གོང་དུ་སྐྱེས་པར་མི་


JLD018_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ། གཞན་དུ་ན་དྲུག་པ་ལས་དང་པོ་པའི་སྦྱོར་བར་མི་རུང་བས་སོ། །དེས་ན་སྔ་མ་ལྔས་སྤྱིར་སྦྱོར་བ་སྐྱེད་ཚུལ་བསྟན་ཏེ་སྐྱེད་པ་ན་ཡུལ་ཡུལ་ཅན་དུ་མ་ཞེན་པ་དགོས་པས་དང་པོ་གཉིས་དང་ཡུལ་རྟོགས་ཚུལ་གསུམ་འབྱུང་བར་དེ་ནས་གསུམ་གྱིས་བསྟན་ཏོ། །རྒྱ་གར་གྱི་མཁས་པ་གཞོན་ནུ་དཔལ་དང༌། ཆོས་བཤེས་དང༌། ཤེར་འབྱུང་བློ་གྲོས་གསུམ་དང་བོད་ཀྱི་མཁས་པ་སྔ་མ་རྣམས་སྟེ་བཞིའི་འདོད་པ་འགོག་པ། ས་མཚམས་ལ་ཡང་ཀུ་མཱ་ར་ཤྲཱིས་དེ་ལ་དང་པོ་ལྔ་ནི། ཚོགས་ཀྱི་ལམ་གྱིས་བསྡུས་ལ། བཅོ་ལྔ་ནི་སྦྱོར་ལམ་ནས་ས་བཅུ་པའི་བར་གྱིས་བསྡུས་སོ། །ཞེས་དང༌། ཚིག་གསལ་ལས། འདིར་ཡང་སྦྱོར་བ་ནི་ཉི་ཤུ་ཞེས་བསྡུས་ཏེ་བསྟན་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་ཆར་གྱིས་ཐུན་མོང་དུ་སྦྱར་བར་བྱ་བ་ཡིན་པའི་ཕྱིར་ཞེས་ཤེས་པར་བྱའོ། །ཞེས་སྦྱོར་ལམ་ལ་བཞག་པ་གཉིས་མི་འཐད་པ་རྟོགས་སླ་ལ། ཤེར་འབྱུང་གིས་དེ་ལྟར་ན་སྦྱོར་བའི་ལམ་ལ་རྣམ་པ་ལྔ་དང་མཐོང་བའི་ལམ་ལ་གཅིག་དང་སྒོམ་པའི་ལམ་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རིམ་པས་དགུ་དང་ཁྱད་པར་གྱི་ལམ་ལ་གསུམ་དང་བར་ཆད་མེད་པའི་ལམ་ལ་གཉིས་ཏེ་དེ་ལྟར་རྟོགས་པའི་རིམ་པས་ལམ་ལྔ་བསྡུས་པའི་སྦྱོར་བ་ཉི་ཤུ་བརྗོད་པ་ཡིན་ནོ། །ཞེས་མཐོང་ལམ་དུ་དྲུག་པ་དང་སྒོམ་ལམ་དུ་ཟག་མེད་གསར་པ་དང་རྒྱུན་མཐར་ས་མཚམས་བཞག་པ་ཆེར་ནོར་རོ། །སྔ་མ་རྣམས་རང་བཞིན་ལྔ་གནས་སྐབས་བཅུ་བཞི་དེ་གཉིས་ཀྱི་རྒྱུ་ཉི་ཤུ་པར་འཇོག་པ་ཡང་བརྟགས་ན་མི་འཐད་དེ། སྦྱོར་བ་དང་པོ་ལྔའི་གནས་སྐབས་ཡིན་ན་དྲུག་པར་འགའ་ཏེ། དེ་ནི་ཡང་དག་མ་ཡིན་པའི་སྦྱོར་བར་གསུངས་པ་དང་ཡུམ་ལ་སྐྲག་པ་སྐྱེ་བས་སོ། །རང་བཞིན་དང་གནས་


JLD018_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་ཞེན་པ་འགོག་ཚུལ་གྱིས་ཡིན་ན་དང་པོ་གཉིས་རང་བཞིན་དང་ཡུལ་རྟོགས་ཚུལ་གྱིས་ཡིན་ན་དེ་འོག་གསུམ་རང་བཞིན་དུ་བཞག་དགོས་པས་སོ། །བཞི་པ་ནི་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པའི་བཞི་པ་སྟེ་སྦྱོར་བའི་སྔོན་འགྲོའི་ཆོས་བཤད་པའི་ས་བཅད་སྤྲོ་ཞིང་དང་པོ་སྦྱོར་བའི་ཡོན་ཏན་བཅུ་བཞིའི་སྐོར། བཞི་པ་ལ་བཞི། ཐོབ་བྱ་ཡོན་ཏན། དོར་བྱ་སྐྱོན། ཤེས་བྱ་མཚན་ཉིད། རྒྱུད་ལ་བསྟེན་བྱ་ཐར་པ་ཆ་མཐུན་ནོ། །དང་པོ་ལ་གསུམ་ལས། དང་པོ་ནི། སྦྱོར་བའི་འོག་ཏུ་སྦྱོར་བ་དེ་དག་གི་ཕན་ཡོན་དུ་གྱུར་པའི་ཡོན་ཏན་གསུངས་ཏེ། ཡོན་ཏན་མཐོང་བ་སྟེ་ཤེས་པ་སྔོན་དུ་བཏང་ན་དེའི་རྒྱུ་སྦྱོར་བ་རྣམས་ལ་ཤིན་ཏུ་གོམས་པར་བྱེད་པས་སོ། །མདོའི་འབྲེལ་ནི། སྦྱོར་བ་ཐ་མའི་ཚེ་སྦྱོར་བ་སྒོམ་པ་པོ་ལ་བདུད་ཀྱིས་བར་ཆད་བྱ་མི་ནུས་པར་གསུངས་པ་ལ་དེ་གང་གི་མཐུ་ཡིན་པ་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ནི། ཡོན་ཏན་རྣམ་པ་བཅུ་བཞིའོ། །དེ་གང་ན། བདུད་ཀྱི་མཐུ་བཅོམ་པ་དང་སོགས་པས་ངེས་པར་འཐོབ་པའི་ཡོན་ཏན་གྱི་བར་རོ། །དེ་ལ་བཅུ་གསུམ་གྱི་མིང་རྩ་བར་མ་བྱུང་ཡང་འཕགས་པས་མདོའི་དོན་བླངས་ནས་མིང་འདོགས་མཛད་པའི་རྗེས་སུ་འགྲེལ་བྱེད་རྣམས་ཀྱང་འབྲང་ངོ༌། །འདི་དག་ལམ་གང་ན་ཡོད་པ་ལ་ཀུ་མཱ་ར་ཤྲཱི་ནི། བཞི་སྦྱོར་ལམ་དེ་ནས་བཅུ་ས་བཅུ་ལ་འཇོག་པར་འདོད་པ་ནི་བཅུ་བཞིའི་གྲངས་སྒྲིག་པ་ཙམ་ཤེས་པ་ལ་ཐེ་ཚོམ་མི་སྣང་ངོ༌། །འོན་ཀྱང་ཚིག་གསལ་ལས། ཡོན་ཏན་འདི་དག་ནི་ལས་དང་པོ་པའི་ས་ནས་བརྩམས་ཏེ་ལྡན་མོད་ཀྱི་ལེགས་པར་འབྱོར་བ་ནི་དྲོད་ཐོབ་པ་ཡན་ཆད་ལ་སྦྱར་བར་བྱ་སྟེ་ཞེས་པ་ལྟར་ཁས་བླང་ང་ོ། །ཁ་ཅིག་སྐྱོན་རྣམས་སྦྱོར་བ་


JLD018_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱེ་བའི་རྒྱུ་ཡིན་པ་ལ་བསམས་ནས་ཡོན་ཏན་འདི་དག་སྦྱོར་བ་སྐྱེ་བའི་རྒྱུར་འདོད་པ་ནི་མི་འཐད་དེ་ཉི་སྣང་ལས། སྦྱོར་བའི་ཕན་ཡོན་བཤད་ཟིན་ཏོ་ཞེས་པ་ལྟར་སློབ་དཔོན་ཡང་ཕན་ཡོད་དུ་བཞེད་པས་དེའི་འབྲས་བུ་ཡིན་པས་སོ། །དེའི་ཕྱིར་ནུས་པ་དང་ནུས་པ་ཅན་ཡང་མ་ཡིན་ནོ། །གསུམ་པ། འགྲེལ་བས་བཤད་པའི་ཚུལ་སྟེ། འདི་ཡང་དཔེ་གཞན་ཀུན་ལས། གཉིས་པ་ནི་ཞེས་བཀོད་ཀྱང་ཞིབ་ཏུ་མ་དཔྱད་པ་སྟེ། གོང་འོག་བསྒྲིག་ན་གསུམ་པ་ཡིན་པར་གསལ། གསུམ་པ་ནི། རྗེས་སུ་བསླབ་པར་བྱ་བས་སྦྱོར་བའི་ཡོན་ཏན་ཏེ་དེ་ལ་ནི་བཅུ་བཞི་ཡིན་ནོ། །འདི་ལ་ཁ་ཅིག་དང་པོ་གཉིས་པ་གསུམ་པ་བཞི་པ་བཅུ་གསུམ་པ་གཉིས་ལ་ཁྱད་པར་མེད་པས་རྒྱུ་འབྲས་སུ་རིགས་བྱིན་གྱིས་སྦྱར་བ་མི་འཐད་པར་བྱས་ནས་མིང་དོན་དང་སྔ་མ་རྣམས་གང་ཟག་དང་ཕྱི་མ་རྣམས་སྦྱོར་བའི་འབྲས་ལྡོག་ཏུ་འདོད་ལ། ཁ་ཅིག་སྔ་མ་འབྲས་བུ་དང་ཕྱི་མ་རྣམས་རྒྱུར་བྱས་ནས་རྒྱུ་འབྲས་ཀྱི་ཡོན་ཏན་བཅུ་བཞིར་སོ་སོར་བྱེད་པ་གཉིས་ཀ་ཡང་མི་འཐད་དེ། ཕྱི་མ་བཅུ་བཞི་སྦྱོར་བ་ལ་མངོན་པར་དགའ་བ་ལ་ཞེས་གང་ཟག་གི་འབྲས་ལྡོག་ཏུ་བཤད་ཅིང་དང་པོ་གཉིས་ལྟ་བུ་མིང་དོན་མ་ཡིན་པ་དང་བཞི་པ་ལྟ་བུ་མིང་དོན་གོ་བཟློག་པ་ཡང་སྣང་བ་དང༌། འགྲེལ་པར་སྔ་མ་བཅུ་བཞི་ཉིད་ཀྱི་མཐར་ཡོན་ཏན་སྦྱར་བས་འོག་མ་རྣམས་ཀྱང་ཡོན་ཏན་དུ་བྱས་ན་ཡོན་ཏན་བཅུ་བཞིར་མ་ངེས་པར་འགྱུར་ལ་འདོད་ན། སྦྱོར་བ་ཉི་ཤུ་སོགས་སུ་ཡང་མ་ངེས་པར་ཧ་ཅང་ཐལ་ལོ། །དེས་ན་སྦྱོར་བའི་ཡོན་ཏན་དུ་བགྲང་རྒྱུ་ནི་དང་པོ་བཅུ་བཞི་ཡིན་ལ། སྦྱོར་བའི་ཕན་ཡོན་ལ་དེ་དག་ཏུ་དབྱེ་ཡོད་པའི་རྒྱུ་མཚན་དུ་སྦྱོར་བ་སྒོམ་མཁན་ལ་བྱིན་གྱིས་བརླབས་པ་སོགས་འོག་མ་བཅུ་བཞི་པོ་དེ་དག་འབྱུང་བར་གསུངས་


JLD018_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་དག་ཕྱིན་ཅི་མ་ལོག་པའི་སྦྱོར་བ་ལ་མངོན་པར་དགའ་བ་ལ་འབྱུང་ཞིང་འཐོབ་པས་ཞེས་པ་སྟེ། སྡོམ་པ་བསྲུང་མཁན་ལ་མངོན་མཐོ་དང་ངེས་ལེགས་ཀྱི་ཕན་ཡོན་འབྱུང་བས་དེ་གཉིས་སྡོམ་པའི་ཡང་ཕན་ཡོན་དུ་འགྱུར་བ་བཞིན་ནོ། །དེ་ལྟར་ན་རྒྱན་སྣང་དུ་ཡང་འོག་མ་རྣམས་ཐོབ་པས་གོང་མའི་ཡོན་ཏན་འབྱུང་ཞིང་ལྡན་པར་བཤད་པ་ལ་ཡང་ཚུལ་འདི་རིག་པར་བྱའོ། །བཅུ་བཞི་པོ་དེ་གང་ན། སྦྱོར་བ་སྒོམ་པ་ལ་བར་ཆད་བྱེད་པའི་བདུད་ཀྱི་མཐུ་བཅོམ་པ་ཞེས་བྱ་བའི་ཡོན་ཏན་ནི་དང་པོ་སྟེ། ཡུམ་ཟབ་མོ་འདི་འདྲི་བ་དང་སྟོན་པ་དང་འཆང་བ་དང་ཀློག་པ་དང་ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། སྒོམ་པ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་མཐུས་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མི་ནུས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་སྙེད་ཀྱང་བྱང་ཆེན་ཡུམ་ཟབ་མོ་འདི་འདྲི་བ་ནས་སྒོམ་པ་ལ་དགོངས་པ་མཛད་པ་ནི་ཆོས་ཉིད་ཡིན་ནོ། །ཞེས་སོ། །སྦྱོར་བ་ཁྱད་པར་དུ་འགྲོ་བའི་དོན་དུ་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པ་ནི་གཉིས་པ་དང༌། སྔ་མའི་དོན་དུ་སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པ་ནི་གསུམ་པ་སྟེ། དེ་གསུམ་ནི་སྦྱོར་བའི་ནུས་པ་ཆུང་འབྲིང་


JLD018_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་གསུམ་དུ་གྱུར་པ་སྟེ་དཔེར་ན་དགྲའི་མཚོན་བཅག་པ་དང༌། གཉེན་ལ་གོ་བསྐོན་པ་དང༌། ལག་ཏུ་མཚོན་ཆ་གཏད་དེ་དཔའ་སྐྱེད་པ་ལྟ་བུའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དང་ཉེ་བར་གྱུར་པ་ནི་བཞི་པ་དང༌། སངས་རྒྱས་དང་མི་འབྲལ་བའི་དོན་ཆེན་པོ་ཉིད་དང་སོགས་པས་བདེ་འགྲོར་སྐྱེ་བའི་ཕན་ཡོན་ཆེ་བ་འཚང་རྒྱ་བའི་འབྲས་བུ་ཆེ་བ་མྱ་ངན་ལས་འདས་རྗེས་སུ་ཡང་གཞན་དོན་ལ་འཇུག་པའི་རྣམ་པར་སྨིན་པ་ཆེ་བ་ནི་ལྔ་པ་དང༌། བར་ཏ་ནི་ལ་སོགས་པའི་ཡུལ་ཡུམ་དར་བར་དཔྱད་པའི་གནས་སུ་ཡུམ་འདྲི་བ་སོགས་ནི་དྲུག་པའོ། །འདིར་འགྲེལ་བས་སྦྱོར་བའི་ཡོན་ཏན་དྲུག་པ་བཤད་པ་ལས་འཕྲོས་ཏེ་དེ་བཞིན་གཤེགས་པ་འདས་ནས་ཤེར་ཕྱིན་གང་དུ་དར་བའི་ཡུལ་དང༌། ལྔ་བརྒྱ་པ་ཐ་མ་ཞེས་པའི་དོན་ལ་ཞིབ་དཔྱད། འདིར་མདོ་ལས་དེ་བཞིན་གཤེགས་པ་འདས་ནས་ཡུམ་འདི་ལྷོ་ཕྱོགས་དང་དེ་ནས་ཡུལ་བར་ཏ་ནི་དང༌། དེ་ནས་བྱང་ཕྱོགས་ཀྱི་རྒྱུད་དུ་དར་བར་གསུངས་པ་དང༌། ཡང་མདོ་དག་ལས། ལྔ་བརྒྱ་པ་ཐ་མ་ཞེས་པ་རྣམས་ཀྱི་དོན་གང་ཞེ་ན། ལྷོ་ཕྱོགས་ནི་ཨོད་དྲའི་ཡུལ་དང༌། སིང་གྷ་ལའི་གླིང་ལ་སོགས་པའོ། །བར་ཏ་ནི་ལྷོ་བྱང་གཉིས་ཀྱི་བར་རྒྱ་གར་གྱི་ཡུལ་དབུས་སོ། །བྱང་ཕྱོགས་ཀྱི་རྒྱུད་ནི་བོད་ཡུལ་ཡན་ཆད་ཨུ་རྒྱན་ཁ་ཆེའི་ཡུལ་མན་ཆད་དོ། །ལྷོ་བྱང་ནི་རྡོ་རྗེ་གདན་ལ་ལྟོས་ནས་འཇོག་པར་འདོད་དོ། །གཞན་ནི་བར་ཏ་ནི་ནི་ཤར་ཕྱོགས་དང་བྱང་གི་ཕྱོགས་རྒྱ་ཡུལ་ལ་སོགས་པ་ལ་འཆད་དོ། །ཁ་ཅིག་དེ་བཞིན་གཤེགས་པ་འདས་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་ལྷོ་ཕྱོགས་ནས་ཡུམ་དར་བར་བྱས་པས་དང་པོར་དེར་དང༌། དེ་ནས་རྒྱ་གར་ཤར་ཕྱོགས་དང་དེ་ནས་རྒྱ་དང་བོད་ལ་སོགས་པར་དར་བའོ་ཞེས་འདོད་དོ། །ལྔ་བརྒྱ་ཐ་མ་ཞེས་པ་ནི་བསྟན་པ་


JLD018_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལྔ་སྟོང་གནས་པ་ལ་ཕྱེད་ཕྱེད་དུ་བྱས་པས་ལྔ་བརྒྱ་པ་ཕྲག་བཅུའོ། །དེ་རེ་རེ་ལ་ལེའུ་རེ་རེར་བྱས་པས་བཅུ་སྟེ། ཁོང་དུ་ཆུད་པ་དང༌། སྒྲུབ་པ་དང༌། ལུང་གི་ལེའུ་གསུམ་པོ་རེ་རེ་ལ་གསུམ་གསུམ་སྟེ་དེ་ཡང་དགྲ་བཅོམ་ཕྱིར་མི་འོང་རྒྱུན་ཞུགས་ཀྱི་ལེའུ་གསུམ་དང༌། ལྷག་མཐོང་ཏིང་ངེ་འཛིན་ཚུལ་ཁྲིམས་ཀྱི་ལེའུ་གསུམ་དང༌། མངོན་པ་མདོ་སྡེ་འདུལ་བའི་ལེའུ་གསུམ་སྟེ་དགུ་དང༌། རྟགས་ཙམ་གྱི་ལེའུའོ། །ཁ་ཅིག་ནི་མི་རྣམས་ཀྱི་ཚེ་ཚད་ལོ་བརྒྱ་ཐུབ་པ་ན་ལྔ་བཅུ་པ་གཉིས་ལས་སྔ་མ་ལ་ནི་གཟུགས་སྟོབས་ཤེས་རབ་སོགས་འཕེལ་ལ། ཕྱི་མ་ལ་ནི་དེ་དག་འགྲིབ་བོ། །དེ་བཞིན་དུ་དུས་ཀྱི་མཐའ་བསྟན་པ་འགྲིབ་པའི་དུས་ཀྱང་ལྔ་བཅུ་པ་ཕྱི་མ་དང་འདྲ་བས་ལྔ་བརྒྱ་ཐ་མ་ཞེས་གདགས་ཏེ། དེ་ལྟར་ན་ལྔ་སྟོང་ལས་ཉིས་སྟོང་ལྔ་བརྒྱ་ནི་གནས་པ་དང་ཉིས་སྟོང་ལྔ་བརྒྱ་ནི་འགྲིབ་པའི་དུས་ཡིན་པས་དེ་གནས་དུས་ལ་མི་བགྲང་ངོ༌། །དེ་ན་ལྔ་བརྒྱ་ཐ་མ་ནི་དེ་བཅུ་ཡོད་པའི་ཐ་མ་ལ་མི་ཟེར་གྱི་འགྲིབ་པའི་དུས་ཙམ་ལའོ། །ཞེས་འདོད་ལ། དེ་ཡང་ཞི་བ་འཚོའི་བཞེད་པ་སྟེ། གནོད་འཇོམས་ཆེ་བར། དེ་དེ་ལྟར་དེ་བཞིན་གཤེགས་པའི་བསྟན་པ་གནས་པའི་དུས་ལོ་ཉིས་སྟོང་ལྔ་བརྒྱར་འགྱུར་ཏེ་ཊཱི་ཀ་འདི་དང་འགལ་བར་སྣང་བ་ཤན་ཏ་རཀྵི་ཏེའི་བསམ་པ་ནི་དགྲ་བཅོམ་པའི་ལེའུ་ནས་ཏིང་ངེ་འཛིན་གྱི་ལེའུའི་བར་ལ་དམ་པའི་ཆོས་གནས་སོ་ཞེས་བྱ་བར་བསམས་པ་ཡིན་ཏེ། འཆད་པའི་ལུགས་ལ་ལ་ཇི་སྐད་ལ་ལ་ཇི་སྐད་དུ་འཆད་དེ། སྤྱིར་


JLD018_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལྔ་སྟོང་མཐུན་ནོ་ཞེས་རང་ལུགས་དང་གཞན་ལུགས་གཉིས་བྱས་སོ། །འདིའི་རང་ལུགས་དང་མན་ངག་རྗེས་འབྲང་མཐུན་ལ། ཤཱནྟི་པས་ཀྱང་ལོ་ལྔ་སྟོང་གནས་པར་བཤད་དོ། །གནོད་འཇོམས་ཆུང་བར་ལྔ་བརྒྱ་གསུམ་པ་ལ་ཕྱིར་འོང་རྒྱུན་ཞུགས་གཉིས་ཀ་འཛིན་ལ་མིང་འདོགས་ཀྱང་དང་པོ་གསུམ་ལ་འབྲས་བུ་གཅིག་དང་གཉིས་ཐོབ་པ་མང་བས་ཆོས་རྟོགས་ཤིང་འབྲས་བུ་ཐོབ་པ་མང་པའི་ཚིགས་དང༌། དེ་ནས་གསུམ་ལ་ལྷག་མཐོང་ཤས་ཆེ་ཞིང་ཤེས་རབ་སྒོམ་པ་དང་ཞི་གནས་ཤས་ཆེ་ཞིང་ཏིང་ངེ་འཛིན་སྒོམ་པ་དང་ཚུལ་ཁྲིམས་དང་ལྡན་པ་མང་བས་སྒྲུབ་པ་དང་ལྡན་པའི་དུས་ཚིགས་དང༌། དེ་ནས་གསུམ་ལ་སྡེ་སྣོད་གསུམ་དར་བར་འགྱུར་ཏེ་དེ་བཞིན་གཤེགས་པའི་ཞལ་ནས་གསུངས་པའི་སྡེ་སྣོད་གསུམ་ལ་བརྟེན་ཞིང་ལུང་ལ་སྤྱོད་པ་མང་བས་ལུང་གི་ཚིགས་དང༌། ཐ་མ་ལ་སྡེ་སྣོད་གསུམ་ཡང་བཙན་པར་མི་བྱེད་ཆོས་སྤྱོད་པ་རྣམས་ཀྱང་གཞུང་ནས་འབྱུང་བ་བཞིན་དུ་ལེགས་པར་ཉམས་འོག་ཏུ་མ་ཚུད་པར་མཚན་མ་ཙམ་ཞིག་སྤྱོད་པ་མང་བས་མཚན་མ་ཙམ་གྱི་ཚིགས་སོ་ཞེས་འཆད་དོ། །གཞན་ཡང་མདོ་ལས། ཤཱ་རིའི་བུས་དེ་བཞིན་གཤེགས་པ་ལ་བྱང་ཕྱོགས་སུ་ཡུམ་ལ་སྤྱོད་པ་ཅི་ཙམ་འབྱུང་དྲིས་པའི་ལན་དུ། དེར་བྱང་སེམས་མང་དུ་འབྱུང་མོད་ཀྱི་ཡུམ་ཟབ་མོ་འདི་འཛིན་པ་ནས་སྒོམ་པའི་བར་ནི་ཉུང་ངོ༌། །ཞེས་གསུངས་པའི་དོན་ཡུམ་འདྲི་བ་སོགས་མང་ཡང་དེར་བཤད་པའི་སྐྱེ་འགག་མེད་པ་ལ་སོགས་པའི་སྤྲོས་བྲལ་ལ་མོས་པ་ཉུང་བར་འཆད་པ་ནི་ཤིན་ཏུ་མད་པར་


JLD018_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ༌། །ཕྱིན་དྲུག་སོགས་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ནི་བདུན་པ་དང༌། ཚེ་འཕོས་ནས་ཀྱང་རྫོགས་བྱང་ལས་བརྩམས་པའི་གཏམ་སྐྱེ་མེད་སྨྲ་བའི་སྐྱེས་བུ་ཉིད་ནི་བརྒྱད་པ་དང༌། བདུད་དང་བདུད་ཀྱི་རིས་ཀྱིས་རྫོགས་བྱང་ལས་མི་བྱེད་པ་ཉིད་ནི་དགུ་པ་དང༌། དགེ་བའི་རྩ་བ་ཉན་རང་དང་ཐུན་མོང་མ་ཡིན་པ་འཁོར་གསུམ་རྣམ་དག་གི་སྦྱིན་སོགས་སྐྱེ་བ་ནི་བཅུ་པ་དང༌། སེམས་ཅན་གྱི་དོན་མཛད་པར་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་དེ་དངོས་སུ་སྒྲུབ་པ་ནི་བཅུ་གཅིག་པ་དང༌། རྣམ་སྨིན་གྱི་འབྲས་བུ་རྒྱ་ཆེན་པོ་འཚང་རྒྱ་བ་ཉིད་ཡོངས་སུ་འཛིན་པ་ནི་བཅུ་གཉིས་པ་དང༌། ཕྱི་ནང་གི་བདོག་པ་འབྲས་བཅས་སྟེར་བའི་སྒོ་ནས་སེམས་ཅན་གྱི་དོན་སྒྲུབ་པ་ནི་བཅུ་གསུམ་པ་དང༌། ཚེ་བརྗེས་ཀྱང་ཡུམ་ངེས་པར་འཐོབ་པ་ཞེས་བྱ་བའི་ཡོན་ཏན་གྱི་བར་རྣམས་ཏེའོ། །ཞེས་བྱ་བའི་ཡོན་ཏན་ཞེས་བར་པ་རྣམས་ལ་ཡང་ངོ༌། །སྦྱོར་བའི་ཡོན་ཏན་ལ་དེ་དག་ཏུ་དབྱེར་ཡོད་པའི་རྒྱུ་མཚན་ནི། །སྦྱོར་བ་སྒོམ་པའི་སྐབས་སུ་ཞེས་ཐམས་ཅད་ཀྱི་མགོར་སྦྱར་རོ། །བདུད་ཀྱི་མཐུ་ཉམས་པའི་ཕྱིར་དུ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་དེ་ཕྱིན་ཅི་མ་ལོག་པའི་སྦྱོར་བ་ཡུམ་ལ་སྐྲག་སོགས་དང་བྲལ་བ་སྒོམ་པ་ལ་མངོན་པར་དགའ་བ་སྦྱོར་བ་སྒོམ་པ་པོ་ལ་འབྱུང་ཞིང་འཐོབ་པས་སོ། །ཞེས་བྱ་བ་ཕར་ཕྱིན་འོག་མ་རྣམས་ཀྱིའང་མཐར་རོ། །སྦྱོར་བའི་ནུས་པ་བསྐྱེད་པའི་


JLD018_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་དེ་བཞིན་གཤེགས་པས་དགོངས་པ་དང༌། དེ་ཁྱད་པར་བསྐྱེད་པའི་དོན་དུ་སྤྱན་རྣམས་ཀྱི་ཡེ་ཤེས་ཀྱིས་གཟིགས་པ་དང༌། དེ་བཞིན་གཤེགས་པ་དང་ཉེ་བར་གྱུར་པ་དང༌། །ཡུམ་བྲིས་ཏེ་བཅངས་ཤིང་མཆོད་པའི་ཕན་ཡོན་ཆེན་པོ་དང༌། དེ་བཞིན་གཤེགས་པའི་བྱ་བ་བྱེད་པ་དང༌། སྒྲིབ་གཉིས་ཀྱི་གཉེན་པོའི་ཆོས་ཡོངས་སུ་རྫོགས་པ་དང༌། དེ་བཞིན་གཤེགས་པ་རྣམས་ལས་རྣམ་མཁྱེན་གྱི་གཏམ་བརྗོད་པ་རྙེད་པ་དང༌། དེ་བཞིན་གཤེགས་པས་གྲོགས་དང་མགོན་མཛད་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བའི་དགའ་བ་སྐྱབས་གསུམ་ལ་བརྟེན་པའི་དང་བ། དགེ་བ་ལ་སེམས་འཇུག་པའི་མགུ་བ་རྒྱ་ཆེན་པོ་བསྐྱེད་པ་དང༌། སྦྱོར་བ་སྒོམ་མཁན་དེའི་དམ་བཅས་པའི་ཚིག་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་སྔར་སྲོག་ཆགས་མང་པོ་བྱང་ཆུབ་ལ་དགོད་པར་བྱའོ་ཞེས་ཁས་བླངས་པ་ལ་བསམ་པ་དག་པར་མཁྱེན་ནས་རྗེས་སུ་ཡི་རང་བར་མཛད་པ་དང་ཆོས་ཟབ་མོ་དང་རྒྱ་ཆེ་བ་མངོན་པར་འདོད་ཅིང་ལྷག་པར་མོས་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་ནུས་པ་ཁྱད་པར་བ་དང༌། ཤེར་ཕྱིན་ཚང་བར་རྙེད་པའི་སྔོན་གྱི་དགེ་རྩ་ཕྱིན་དྲུག་ལ་བརྩོན་པ་མི་འདོར་བའོ། །གྲངས་བཞིན་ནི་སྔ་ཕྱི་རྣམས་རེ་རེ་ནས་རིམ་པ་བཞིན་རྒྱུ་མཚན་ཅན་དང་རྒྱུ་མཚན་དུ་སྦྱོར་བའོ། །འོག་མ་འདི་དག་ལ་ཡོན་ཏན་དང་འབྱུང་ཞིང་ཞེས་དང་སྔ་མ་རྣམས་ལ་འཐོབ་པ་ཞེས་པ་སྦྱོར་བ་ནི་གཞུང་གི་གཅོད་མཚམས་མ་དག་པའོ། །གཉིས་པ་ནི་སྦྱོར་བའི་སྔོན་འགྲོའི་ཆོས་ཀྱི་གཉིས་པ་སྟེ་དོར་བྱ་སྦྱོར་བའི་སྐྱོན་གྱི་སྐོར་བཤད་པ། གཉིས་པ་ལ་གསུམ་ལས། དང་པོ་ནི།


JLD018_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དེའི་འོག་ཏུ་སྦྱོར་བ་དེ་དག་གི་བར་ཆད་དུ་འགྱུར་བའི་སྐྱོན་གསུངས་ཏེ་སྤང་བྱ་བདུད་ལས་གང་ཞིག་ཡོངས་སུ་སྤངས་པས་སྦྱོར་བ་རྣམས་བསྒོམ་པར་བྱ་བའི་སྦྱོར་བའི་བར་ཆད་བྱེད་པའི་སྐྱོན་གང་དག་གཅིག་ཡིན་ཞེ་ན། དེའི་ལན་དུ་བསྟན་དགོས་པས་སོ། །ཡང་ནི་ཡོན་ཏན་ལ་བྲོད་པ་བསྐྱེད་ནས་སྒོམ་དགོས་པར་མ་ཟད་པའོ། །མདོ་འབྲེལ་ནི། ཡུམ་བསྒོམ་པ་ལ་བར་གཅོད་ཇི་ལྟ་བུ་འབྱུང་ཞེས་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ནི། སྦྱོར་བའི་སྐྱོན་ནི་བཅུ་ཚན་བཞི་དང་དྲུག་ཏུ་བཅས་པ་ངེས་པར་རྟོགས་པར་བྱའོ། །འདི་དག་ལམ་གང་དུ་ལྡན་པའི་ཚུལ་ནི། ཀུ་མཱ་ར་ཤྲཱིས་ཚོགས་ལམ་དང་སྦྱོར་ལམ་དང་པོ་གསུམ་ལ་བཅུ་ཕྲག་རེ་རེ་ཆོས་མཆོག་ནི་དྲུག་གོ་ཞེས་སྨྲ་པ་ནི་ངེས་པ་ལ་དེ་ལྟ་བུ་ག་ལ་ཡོད། དེས་ན་ཚིག་གསལ་ལས། བར་ཆད་བྱེད་པའི་སྐྱོན་ཞེས་བྱ་བ་ནི་ལས་དང་པོ་པའི་ས་ནས་སྒོམ་པའི་ལམ་ཕལ་བའི་བར་དུ་ལྡན་པར་བཞག་མོད་ཀྱི། འོན་ཀྱང་སྐྱོན་འདི་དག་ནི་ཕལ་ཆེར་ལས་དང་པོ་པའི་ས་དང༌། སྦྱོར་བའི་ལམ་ལ་རྣམ་པར་བཞག་སྟེ། དེ་ལྟར་ན་ཡོན་ཏན་ནི་རིམ་གྱིས་ལམ་གོང་མ་གོང་མ་ལ་ལྡན་ལ་སྐྱོན་ནི་ལམ་འོག་མ་འོག་མ་ལ་ལྡན་པར་རིག་པར་བྱའོ་ཞེས་པ་ལྟར་ཚོགས་ལམ་དང་སྦྱོར་ལམ་གཙོ་ཆེ་ལ། ཡ་མཐའ་ས་གཉིས་པ་ནས་བཤད་ཀྱང་ཕྲ་མོ་ས་བདུན་པའི་བར་དུ་འབྱུང་སྲིད་པར་རྨི་ལམ་བསྟན་པ་ལས་གསུངས་པ་ལྟར་རོ། །འོན་ཀྱང་ཐེག་ཆེན་འདོར་བ་བདུན་ནི་ལས་དང་པོ་པ་ཁོ་ན་ལ་བཞག་


JLD018_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གོ །འདི་དག་ཀྱང་ཁ་ཅིག་བདུད་ལས་མཚན་ཉིད་པ་དང༌། ཁ་ཅིག་དེ་དང་འདྲ་བས་དང་ཁ་ཅིག་དེ་ལྟར་སྤྱོད་ན་བདུད་ཀྱིས་གླགས་རྙེད་པ་ལ་བསམས་ནས་བདུད་ལས་སུ་གསུངས་ཏེ། གནོད་འཇོམས་ཆུང་བར། དེ་ལ་བདུད་ཀྱི་ལས་ཞེས་བྱ་བ་ཡང་ཁ་ཅིག་ནི་བདུད་ཉིད་ཀྱིས་བར་ཆད་བྱས་པའོ། །ཁ་ཅིག་ནི་ཆོས་འཆད་པ་དང་ཆོས་ཉན་པའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པའི་སྐྱོན་རྣམས་ཀྱིས་ཡུམ་འདི་ལ་སྤྱོད་པའི་བར་ཆད་དུ་འགྱུར་བ་སྟེ། དེ་དག་ཀྱང་བདུད་ཀྱི་ལས་དང་འདྲ་བའི་ཕྱིར་བདུད་ཀྱི་ལས་ཞེས་བྱའོ། །ཁ་ཅིག་ནི་ཆོས་འཆད་པ་དང་ཆོས་ཉན་པའི་མིའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པའི་སྐྱོན་ལས་བདུད་གླགས་ལྟ་ཞིང་བར་ཆད་བྱེད་པར་འགྱུར་བའི་ཕྱིར་ཡང་བདུད་ཀྱི་ལས་ཞེས་བྱ་སྟེ། སྐབས་དང་སྦྱར་ཞིང་རིག་པར་བྱའོ། །ཞེས་སོ། །གསུམ་པ་ལ་གཉིས། གསལ་བྱ་སྐྱོན། སེལ་བྱེད་གཉེན་པོའོ། །དང་པོ་ནི། ཡུམ་ཤེས་པར་རུང་བའི་ཤེས་པ་སུན་འབྱིན་པས་སྦྱོར་བའི་སྐྱོན་ཏེ། དེ་ལ་ནི་བཞི་བཅུ་རྩ་དྲུག་ཡོད་དོ། ཇི་ལྟར་ཞེ་ན། སྦྱོར་བ་མ་སྐྱེས་པ་སྐྱེད་པ་ལ་འགལ་རྐྱེན་ཉེ་བར་གནས་པ་ཉེར་གསུམ་དང་མཐུན་རྐྱེན་མ་ཚང་བ་ཉེར་གསུམ་སྟེ་དེ་ལྟར་ནའོ། །དང་པོ་ལ་གཉིས། རང་དང་གཞན་ལ་བརྟེན་པའོ། །དང་པོ་ལ་གསུམ། དོན་ཡོངས་སུ་ཤེས་པ་དང༌། སྒོ་གསུམ་གྱི་བྱ་བ་དང༌། ཐེག་ཆེན་ལ་འཇུག་པའི་བར་གཅོད་དོ། །དང་པོ་ནི། སྦྱོར་བ་སྒོམ་པའི་དུས་སུ་ཞེས་ཐམས་ཅད་ཀྱི་གོང་དུ་སྦྱར་རོ། །ཚེགས་ཆེན་པོས་ཡུན་རིང་མོ་ནས་ཡུམ་ཤེས་པ་


JLD018_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་ཅིང་དེས་སྐྱོ་བ་དང༌། སྔོན་དང་ཕྱི་མཐའ་མ་བརྟགས་པར་ཡུམ་ཤེས་པའི་སྤོབས་པ་ཧ་ཅང་མྱུར་བ་སྐྱེ་ཞིང་དེས་རློམ་པ་སྟེ། འདི་གཉིས་ནི་སྤོབས་པའི་དབང་དུ་བྱས་པའི་སྐྱོན་ནོ་ཞེས་བཤད་ཀྱང་ས་གཅོད་ལྟར་ལེགས་སོ། །གཉིས་པ་ནི། ལུས་རྣམ་པར་འགྱུར་བའི་ཀླལ་བ་ཧ་ཧ་ཞེས་པ་རྒོད་པ་ལུས་སམ་ལུས་དང་འབྲེལ་བས་གཞན་ལ་ཀུ་རེ་བྱེད་པའི་སྟེགས་བཞིན་དུ་འདྲི་བ་སོགས་བྱེད་པའི་ལུས་ཀྱི་གནས་ངན་ལེན་ཏེ་དེའི་རྣམ་གཡེང་དང༌། གཉེན་བཤེས་སོགས་ལ་སེམས་རྣམ་པར་གཡེང་བ་བདག་གཞན་ལ་བརྟེན་ནས་དགའ་བར་བྱ་བའི་ཡུལ་ལ་ཕན་ཚུན་ཆགས་པ་ཡུམ་འདིའི་རོ་མི་མྱོང་ངོ་ཞེས་སྟན་ལས་ལངས་ནས་གུད་དུ་འགྲོ་བའི་སེམས་ཀྱི་གནས་ངན་ལེན་ཏེ་དེའི་གཡེང་བ་དང༌། རིགས་པ་མ་ཡིན་པ་ལུས་ཀྱི་གསུམ་གྱིས་སྐྱེད་པའི་ཁ་ཏོན་བྱེད་པ་སྟེ་དེ་གསུམ་གྱིས་འཆད་པ་དང༌། རིགས་པ་མ་ཡིན་པ་སེམས་ཀྱི་གསུམ་གྱིས་སྐྱེད་པའི་སོགས་པས་འཛིན་པ་ནས་ཡིད་ལ་བྱེད་པའི་བར་རོ། །འདི་དག་གི་གནས་ངན་ལེན་དུ་བཞག་པ་ནི་ཕྱོགས་གཅིག་པའོ། །གསུམ་པ་ལ། གཉིས་ལས། ཐེག་ཆེན་ལས་ཉམས་པའི་རྒྱུ་ནི། བྱང་སེམས་ཀྱི་སྐྱོན་མེད་པར་མ་ཞུགས་པ་ལུང་མི་སྟོན་པས་ལུང་མ་བསྟན་པ་ན་བདག་ལུང་མ་བསྟན་ཏོ། །གང་དུ་སྐྱེས་པའི་གྲོང་ལ་སོགས་པ་མ་བརྗོད་དོ་སྙམ་པ་ཡུམ་ལས་ཕྱིར་ཕྱོགས་པ་སྟེ་མི་དད་ཅིང་སྤོང་བའི་རྒྱུ་མཚན་དུ་འཛིན་པ་སྟེ། འདི་ནི་ཆོས་སྤོང་བའི་རྒྱུ་དངོས་སོ། །འོག་མ་དྲུག་གིས་


JLD018_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དོར་ནས་དམན་པའི་སྡེ་སྣོད་ལ་འཇུག་པར་ཁྱད་པར་མེད་པ་ལ་ལྡོག་པའི་སྒོ་ནས་ཐ་དད་དུ་བཞག་བ་ཙམ་མོ། །ཤིང་གི་རྩ་བ་དོར་ནས་ཡལ་ག་སོགས་ཚོལ་ན་དེ་མི་འགྲུབ་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་རྩ་བ་ལྟ་བུའི་ཡུམ་བོར་ནས་ཡལ་ག་སོགས་ལྟ་བུའི་དམན་པའི་སྡེ་སྣོད་ལ་འཇུག་པ་ནི། རྣམ་མཁྱེན་གྱི་རྒྱུ་ཡུམ་ལ་མངོན་པར་ཞེན་པ་སྟེ་ཆེད་ཆེར་བྱེད་པ་ཉམས་པ་དང༌། བཟང་མང་འོང་བའི་ཇོ་བོ་ལ་ཟན་སློང་བ་དོར་ནས་མི་འོང་བའམ་ངན་ཉུང་ཙམ་ལས་མི་འོང་བའི་ལས་མི་ལ་སློང་བའི་ཁྱི་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡུམ་བོར་ནས་དམན་སྡེ་ལ་འཇུག་པ་ནི། གྱ་ནོམ་པའི་རོ་འབྲས་བུ་མཆོག་གི་བདེ་བ་མྱང་པ་ལས་ཉམས་པ་སྟེ། སྔ་མ་ནི་རྒྱུ་དང་འདི་འབྲས་བུ་ལས་ཉམས་པའི་ལྡོག་པ་ནས་སོ། །གླང་པོ་རྙེད་པ་ན་དེའི་མཚན་ཉིད་ཤེས་པར་མི་བྱེད་པར་དེའི་རྗེས་ལས་དེའི་མཚན་ཉིད་ཚོལ་བ་ལྟར་ཡུམ་ལས་ཐེག་ཆེན་མི་འཛིན་པར་དམན་སྡེ་ལས་དེ་འཛིན་པ་ཚོལ་བ་ནི། དེ་ལས་དེ་རྙེད་པ་མི་སྲིད་པས་རྣམ་པ་ཐམས་ཅད་དུ་ཐེག་པ་མཆོག་ཐེག་ཆེན་ཀུན་ཏུ་འཛིན་པ་ལས་ཉམས་པ་སྟེ། རྒྱུ་འབྲས་གཉིས་ཀ་ལས་ཉམས་པའི་ལྡོག་པ་ནས་སོ། །ནོར་བུ་འདོད་པ་འགའ་ཞིག་རྒྱ་མཚོ་མཐོང་ནས་དེ་རྨིག་རྗེས་ཀྱི་ཆུ་དང་སྙོམ་པ་ན་དེས་ཚིམ་ནས་རྒྱ་མཚོར་མ་ཞུགས་པས་ཆེད་དུ་བྱ་བ་ནོར་བུ་ལས་མ་ཐོབ་པའི་ཉམས་པ་འབྱུང་བ་བཞིན་དུ། ཡུམ་དང་དམན་སྡེ་སྙོམ་པ་ན་དེས་ཚིམ་སྟེ་ཡུམ་ལ་མ་ཞུགས་པ་ན་དེ་ལས་འདོད་པའི་དོན་རྣམ་མཁྱེན་ཐོབ་པ་


JLD018_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲིད་པས་རྟག་ཏུ་ཆེད་དུ་བྱ་བ་རྣམ་མཁྱེན་ལས་ཉམས་པ་སྟེ་རེ་རེའི་མཐར་ཞེས་བྱ་བ་སྦྱར་བ་ནི་བཅུ་ཚན་དང་པོའོ། །ཉི་ཟླའི་དཀྱིལ་འཁོར་གྱི་ཚད་ཀྱིས་རྣམ་པར་རྒྱལ་བའི་ཁང་བཟང་གི་ཚད་དང་མཉམ་པའི་ཁང་བཟང་བྱེད་འདོད་པའི་ཕྱ་མཁན་ནམ་ཤིང་བཟོ་མཁན་བཞིན་དུ་རྣམ་མཁྱེན་གྱི་རྒྱུ་དང་འབྲས་བུ་འབྲེལ་བ་སྟེ་དེ་གཉིས་རྗེས་སུ་མཐུན་པ་ལས་ཉམས་པ་དང༌། ཁམས་སམ་མཁར་གྱི་རྒྱལ་ཕྲན་མཐོང་ནས་འཁོར་བསྒྱུར་ཡང་འདི་ལྟ་བུའོ། །ཞེས་སྙམ་པ་དང༌། ཞག་དྲུག་ཅུ་པའི་འབྲས་ཆན་རྙེད་ནས་ཁ་ཟས་རོ་བརྒྱ་པ་འདོར་བ་དང༌། ནོར་བུ་རིན་ཐང་མེད་པ་རྙེད་ནས་ནོར་བུ་རིན་ཆུང་བ་དང་སྙོམ་པ་བཞིན་དུ་ཡུམ་བོར་ནས་དམན་སྡེ་ལས་རྣམ་མཁྱེན་ཚོལ་བ་ནི། གོང་ན་མེད་པ་ཆོས་ལོངས་སྤྲུལ་གསུམ་ལས་ཉམས་པ་སྟེ་ཉམས་པ་དྲུག་ལས་དང་པོ་གཉིས་ནི་ཐེག་དམན་གྱི་འབྲས་བུ་དོན་དུ་གཉེར་བ་ཡིན་ལ། དེ་ནས་གཅིག་དང་གསུམ་གྱིས་རིམ་པ་ལྟར་ཐེག་ཆེན་དང་རྣམ་མཁྱེན་དོན་དུ་གཉེར་ཡང་དེ་དག་ཡུལ་འདིའི་དོན་དང་དེ་ཁོ་ན་དེའི་རྒྱུར་མ་ཤེས་པ་ཡིན་པས། རྒྱུ་འབྲས་སྔ་མ་གཉིས་དང་འོག་གི་རྒྱུ་འབྲས་རྣམས་ལས་ཉམས་པ་མི་ཟློས་པ་ནི་མདོའི་དོན་ནོ། །གཉིས་པ་ཐེག་ཆེན་ལས་གཡེང་བའི་རྒྱུ་ནི། གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམ་པ་མང་པོ་ལ་ཞེན་ནས་རྣམ་པར་རྟོག་པའི་སྤོབས་པ་དུ་མ་འབྱུང་བ་དང༌། ཡི་གེ་འདྲི་བ་ཉིད་ལ་ཡུམ་དུ་མངོན་པར་ཞེན་པ་དང༌། དངོས་པོ་མེད་པ་ཙམ་ལ་


JLD018_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དུ་མངོན་པར་ཞེན་པ་སྟེ། ཡི་གེ་བྲིས་ཟིན་པ་ཙམ་ལ་ཡུམ་དུ་མངོན་པར་ཞེན་པ་སྟེ། འདིར་ཡི་གེ་དང་ཡི་གེར་འདྲི་བའི་ཁྱད་པར་ནི་བྲིས་ཟིན་མ་ཟིན་ནོ། །ཡི་གེ་མེད་པ་ཁོ་ན་ལ་ཡུམ་དུ་མངོན་པར་ཞེན་པ་དང༌། མཉམ་དགའ་ལ་སོགས་པའམ་མ་ལ་ཡ་ལ་སོགས་པའི་ཡུལ་དང་སོགས་པས་ཁྱིམ་གཅིག་ལ་སོགས་པའི་གྲོང༌། བཟོའི་བྱེ་བྲག་བཅོ་བརྒྱད་ཡོད་པའི་གྲོང་ཁྱེར། ཚོང་པ་མང་པོ་ཡོད་པའི་གྲོང་བརྡལ། རིགས་བཞི་གནས་པའི་ཕྱོགས་ལྗོངས་ལ་སོགས་པ་རྣམས་ཡིད་ལ་བྱེད་པ་དང༌། རིན་པོ་ཆེ་ཐོབ་པ་སོགས་ཀྱི་རྙེད་པ་དང༌། དཔལ་གྱི་དར་དཔྱངས་བཅིང་བ་སོཊ་ཀྱི་བཀུར་སྟི་དང༌། ཚིགས་སུ་བཅད་པ་སྟེ་སྙན་པའི་རོ་མྱང་བ་དང༌། སངས་རྒྱས་ཐོབ་པའི་ལམ་མ་ཡིན་པ་བདུད་ཀྱིས་བསྟན་པའི་སྡེ་སྣོད་ལས་ཐབས་ལ་མཁས་པ་ཚོལ་བ་སྟེ་རེ་རེའི་མཐར་ཞེས་བྱ་བ་སྦྱར་བ་ནི་བཅུ་ཚན་གཉིས་པའོ། །ཡང་ན་འདི་ཡང་ཐེག་ཆེན་འདོར་བའི་རྒྱུར་བྱས་ནས་བརྒྱད་དུ་བྱའོ། །གཉིས་པ་ནི། བདུད་དགེ་སློང་གི་ཆ་བྱད་དུ་འོངས་ནས་ངེད་ཀྱི་མདོ་སྡེར་ཇི་ལྟར་འབྱུང་བ་དེ་ཡུམ་ཡིན་གྱི་རྒྱས་འབྲིང་བསྡུས་པ་སོགས་ཡུམ་མ་ཡིན་ནོ་ཞེས་ཆོས་དང་གང་ཟག་གི་བར་དུ་དབྱེན་བཅུག་ནས་འབྱེད་པར་བྱེད་པའི་སྦྱོར་བ་དང༌། ཡུམ་ལྟར་སྣང་བའི་མདོ་སྡེ་སྟོན་པའི་བཅོས་མ་ཉེ་བར་སྒྲུབ་པ་དང༌། བདུད་ཀྱིས་རང་ཉིད་སངས་རྒྱས་སུ་སྤྲུལ་ནས་དེ་ལ་འདོད་པ་སྐྱེད་དུ་བཅུག་པས་དད་པ་དང་འདོད་པའི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་དད་པ་དང་


JLD018_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་སྐྱེད་པ་སྟེ་ཞེས་བྱ་བ་རེ་རེའི་མཐར་སྦྱར་བ་སྔ་མའི་གསུམ་ཚན་ལས་གཞན་རྣམ་པ་གསུམ་མོ། །གཞུང་འདི་གོང་དུ་བཤད་པ་ནི། དོན་གྱི་འབྲེལ་དབང་བཙན་པར་བྱས་པའོ། གཉིས་པ་ལ་གཉིས། རང་གཞན་གཉིས་ཀ་དང༌། རང་ཁོ་ན་ལ་བརྟེན་པའོ། །དང་པོ་ལ་གཉིས། སྔ་མ་ཉན་པ་པོ་དང༌། སྔ་མ་འཆད་པ་པོ་དང་འབྲེལ་བའོ། །དང་པོ་ནི། ཉན་པ་པོ་སྔ་མ་དང་འཆད་པ་པོ་ཕྱི་མ་དང་མངོན་པར་འབྲེལ་བས་འཚོགས་པའི་ཆོས་སྤྱོད་ལས་ཉམས་པ་སྟོན་ནོ། །གང་ཡང་རུང་བས་ནི་དེ་ལས་བཟློག་ན་ཡང་སྐྱོན་དུ་བསྟན་ཏོ། །གྲངས་བཞིན་དུ་ནི་ཉན་འཆད་དང་སྔ་ཕྱི་གཉིས་སྦྱོར་བའོ། དག་ནི་གཉིས་ཚིག་སྟེ་འོག་མར་ཡང་དེ་གསུམ་ཤེས་པར་བྱའོ། །དེ་དག་གང་ན། ཉན་པ་པོ་ཡུམ་འབྲི་བ་སོགས་ལ་འདུན་པ་ཆེ་ལ་འཆད་པ་པོ་སྙོམ་ལས་ལེ་ལོ་ཆེ་བ་ཉིད་ཀྱིས་ཚོགས་པའི་ཆོས་སྤྱོད་ལས་ཉམས་པ་དང༌། དེ་བཞིན་དུ་སྦྱར་ནས་གཅིག་ཡུལ་འདིར་ཉན་འདོད་ལ་ཅིག་ཤོས་ཡུལ་གཞན་དུ་འཆད་འདོད་ན་འདུན་པའི་ཡུལ་ཐ་དད་པས་དང༌། ཆོས་གོས་སོགས་ལ་འདོད་ཆེན་ཆུང་ཞིང་ཆོག་ཤེས་པ་དང་དེ་ལས་བཟློག་པ་འདོད་ཆེན་ཆུང་བ་མ་ཡིན་པ་ཉིད་ཀྱིས་དང༌། བསོད་སྙོམས་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ་དང་དེ་དང་མི་ལྡན་པ་དག་གིས་དང༌། དགེ་ཞིང་འདུན་པའི་ཆོས་ཅན་ཉིད་ཀྱིས་ཡུམ་འདྲི་བ་སོགས་འདོད་པ་དང༌། དེ་ལ་མི་དད་ཅིང་དགེ་བ་མ་ཡིན་པའི་ཆོས་ཅན་ཉིད་ཀྱིས་ཡུམ་འདྲི་ཞིང་


JLD018_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་གཉེར་བར་མི་འདོད་པས་དང༌། ཡོ་བྱད་གཞན་ལ་གཏོང་བ་དང་དེ་ལ་སེར་སྣ་བྱེད་པས་དང༌། ཆོས་གོས་སོགས་འཆད་པ་པོ་ལ་སྦྱིན་འདོད་པ་དང་དེ་མི་ལེན་པས་དང༌། ཆོས་ཀྱི་མགོ་སྨོས་པས་ཐམས་ཅད་གོ་ཞིང་ཚིག་ལྷུར་མི་ལེན་པ་དང་རྣམ་པར་སྤྲོས་པས་གོ་ཞིང་ཚིག་ལྷུར་ལེན་པ་ཉིད་ཀྱིས་དང༌། མདོ་ལ་སོགས་པའི་གསུང་རབ་བཅུ་གཉིས་ཀྱིས་ཆོས་མངོན་པར་ཤེས་པ་དང༌། དེ་དག་མངོན་པར་མི་ཤེས་པ་ཉིད་ཀྱིས་དང༌། སྦྱིན་སོགས་ཀྱིས་ཕྱིན་དྲུག་དང་ལྡན་ཞིང་དེ་ལ་སློབས་པར་འདོད་པ་དང་དེ་ལས་བཟློག་པས་དེ་དང་མི་ལྡན་པས་ཏེ་ཞེས་བྱ་བ་རེ་རེའི་མཐར་ཡང་སྦྱར་བ་ནི་བཅུ་ཚན་གསུམ་པའོ། །ཉན་པ་པོ་སྔ་མ་དང་འཆད་པ་པོ་ཕྱི་མ་དང་སྦྱར་བ་སྔར་གྱི་དེ་ཁོ་ན་བཞིན་དུ་སྦྱར་ནས་ཕར་ཕྱིན་གྱི་ཐབས་ལ་མཁས་ཤིང་ཐབས་མཁས་དེ་དོན་དུ་གཉེར་བ་དང༌། དེ་ལས་བཟློག་པས་ཐབས་མ་ཡིན་པ་ལ་མཁས་པས་དང༌། ཚིག་དོན་མི་བརྗེད་པའི་གཟུངས་ཐོབ་པ་དང་དེ་མ་ཐོབ་པ་དག་གིས་དང༌། ཡུམ་ཡི་གེར་འདྲི་བ་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་བར་དུ་འདོད་པ་དང་དེའི་བར་དུ་མི་འདོད་པ་དག་གིས་དང༌། འདོད་པའི་འདུན་པས་མཚོན་པའི་གནོད་སེམས་དང་གཉིད་རྨུགས་དང་རྒོད་འགྱོད་ཐེ་ཚོམ་གྱི་སྒྲིབ་པ་ལྔ་དང་བྲལ་བ་དང་དེ་ལྔ་དང་མ་བྲལ་བ་ཉིད་ཀྱིས་ཏེ་ཞེས་བྱ་བ་རེ་རེའི་མཐར་སྦྱར་བ་བཞིའོ། །འདིར་བཅུ་ཚན་མ་རྫོགས་པར་བཞིའི་གྲངས་སྨོས་པ་ནི་ལྔ་དྲུག་གཉིས་ཚོགས་པའི་ཆོས་སྤྱོད་ལས་ཉམས་པ་མ་ཡིན་པས་དེ་དགར་བའི་ཆེད་དོ། །གཉིས་པ་ནི། འཆད་


JLD018_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་སྔ་མ་དང་ཉན་པ་པོ་ཕྱི་མ་དང་འབྲེལ་བས་སྐྱོན་དུ་འགྱུར་བ་སྟོན་ཏོ། །གཅིག་བུ་སྟེ་དབེན་པ་དང་འཁོར་གྱི་འདུ་འཛི་ལ་མངོན་པར་དགའ་བ་ཉིད་ཀྱིས་དང༌། ཉན་པ་པོ་འཆད་པ་པོའི་རྗེས་སུ་འབྲང་བར་འདོད་བཞིན་དུ་དེའི་གོ་སྐབས་མི་འབྱེད་པ་ཉིད་དང་ཉན་པ་པོ་ཕྱི་བཞིན་རྗེས་སུ་འབྲེལ་བ་སྟེ་འབྲང་བར་འདོད་པ་ཉིད་ཀྱིས་དང༌། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་འདོད་པ་དང་དེ་སྦྱིན་པར་མི་འདོད་པ་ཉིད་ཀྱིས་དང༌། གང་ན་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་སུ་འགྲོ་བར་འདོད་པ་དང་དེར་འགྲོ་བར་མི་འདོད་པ་སྟེ་ཞེས་བྱ་བ་རེ་རེའི་མཐར་སྦྱོར་བ་བཞི་སྟེ་བཅུ་ཚན་བཞི་པའོ། །འཆད་པ་པོ་སྔ་མ་དང་ཉན་པ་པོ་ཕྱི་མ་ལ་སྦྱོར་བ་སྔ་མ་དེ་བཞིན་དུ་སྦྱར་ནས་མུ་གེ་སོགས་དང༌། ཆོམ་རྐུན་པ་དང་སོགས་པས་སྔོན་པ་པ་ལ་སོགས་པས་དཀྲུགས་པ་སྟེ་གཅེས་པའི་ཕྱོགས་སུ་འགྲོ་བར་འདོད་པ་དང༌། དེར་འགྲོ་མི་འདོད་པས་དང༌། འཆད་པོ་གཙོ་བོར་འཛའ་པོ་སོགས་ཀྱི་ཁྱིམ་ལྟ་བས་ཉན་པོ་ཡིད་མི་བདེ་བ་སྟེ། ཞེས་བྱ་བ་རེ་རེའི་མཐར་སྦྱར་བ་གསུམ་མོ། །དེ་ལྟ་བས་ཚོགས་པའི་ཆོས་སྤྱོད་ལས་ཉམས་པ་ནི་དཔོན་སློབ་གཉིས་ཀ་ལ་སྔོན་དུ་རང་རང་གི་འདོད་པ་དེ་དང་དེ་གཅིག་གཅིག་ལ་གཙོ་བོར་མཐུན་ན་ཆོས་སྤྱོད་བྱ་ལ་གཞན་དུ་ན་མི་བྱའོ་སྙམ་ནས་མ་མཐུན་པས་སྐྱོན་དུ་འགྱུར་གྱི་དེ་ལྟ་མིན་ན་དཔོན་སློབ་ལོ་རྒན་གཞོན་གྱིས་ཀྱང་སྐྱོན་དུ་ཧ་ཅང་ཐལ་ལོ། །འདིར་དྲུག་མ་རྫོགས་པར་གསུམ་སྨོས་པ་ནི་ཐ་མ་གསུམ་ཚོགས་པའི་ཆོས་སྤྱོད་ལས་ཉམས་


JLD018_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པས་དེ་དགར་བའི་ཆེད་དོ། །ཤེར་སྒྲོན་དུ་དཔོན་སློབ་གང་རུང་དང་འབྲེལ་བ་བཅུ་བཞི་གཉིས་ཀ་དང་འབྲེལ་པ་དྲུག་ཞེ་གསུམ་པ་སློབ་དཔོན་ཉིད་དང་འབྲེལ་བར་འཆད་པ་ནི་མི་འཐད་དེ། མདོ་ལས་ཉི་ཤུ་པོ་ཐམས་ཅད་འཆད་ཉན་གཉིས་ཀ་དང་འབྲེལ་བར་གསུངས་པ་དང་ཞེ་གསུམ་པ་ལ་ཉན་པ་པོ་ཡང་གསུངས་པ་དང༌། འགྲེལ་ཆེན་གཉིས་ལས་ཀྱང་ཞེ་གསུམ་པ་གཉིས་ཀ་ལ་སྦྱར་བའི་ཕྱིར་རོ། །ཤཱནྟི་པས་ནི་འདི་གཉིས་ཀ་ལ་མ་སྦྱར་བ་ཚོགས་པ་ལས་ཉམས་པ་ཉི་ཤུར་བཞེད་དོ། །རད་ཀིར་གྱིས་ཉེར་གཅིག་ནས་ཉེར་ལྔའི་བར་ཐམས་ཅད་ཚོགས་པ་ལས་ཉམས་པར་འདོད་པ་ནི་མདོ་འགྲེལ་ཚད་མ་གང་དང་ཡང་མི་མཐུན་ནོ། །བཅུ་བཞི་དང་བདུན་ལ་རིམ་པ་ལྟར་སྔ་མ་ཉན་པ་པོ་དང་སྔ་མ་འཆད་པ་པོ་དང་འབྲེལ་བར་བསྟན་པ་ནི་གཉིས་ཀ་ཡང་གཉིས་ཀར་འགྱུར་བས་གོ་རིམ་ངེས་པར་བསྟན་པའི་ཆེད་དོ། །གཉིས་པ་ནི། ངན་སོང་གསུམ་གྱི་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་བརྗོད་ན་གཞན་དོན་ངན་དུ་ངན་སོང་གི་འགྲོ་བར་འགྲོ་བ་ལ་ཕྱིར་ཕྱོགས་པ་སྟེ་མི་མོས་ཤིང་སྐྱོ་བ་དང༌། ལྷ་རྣམས་དང་ཞི་བ་ཙམ་གྱི་བསྔགས་པ་བརྗོད་ན་བདེ་འགྲོར་འགྲོ་བ་དང་རྒྱུན་ཞུགས་སོགས་མངོན་དུ་བྱེད་པ་ལ་རང་དོན་དུ་ཡིད་བདེ་བ་སྐྱེ་བ་སྟེ་སྦྱོར་བ་སྒོམ་པ་པོ་རང་ཁོ་ན་ལ་བརྟེན་པ་གཉིས་སོ། །འདི་གཉིས་འོག་ཏུ་བཤད་པ་ནི་སྔ་མ་རྣམས་རིགས་མཐུན་པས་ཕྱོགས་གཅིག་ཏུ་བཤད་པའི་ཆེད་དོ། །གཉིས་པ་ནི། ནོར་བུ་རིན་པོ་ཆེ་ལ་དགྲ་མང་བའི་དཔེས་སྦྱོར་བ་པོ་ལ་བར་


JLD018_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མང་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཀྱིས་རྟག་ཏུ་དགོངས་པར་མཛད་ནས་སྲུང་བ་སོགས་བྱེད་པས་སྦྱོར་བ་ལས་མི་ཉམས་པར་འགྱུར་ཏེ། ཇི་ལྟར་བུ་མང་པོ་ཡོད་པའི་མ་ན་བར་གྱུར་ན་དེ་ཐམས་ཅད་ཀྱིས་དེ་ལ་རིམ་གྲོ་སྒྲུབ་པ་ལྟར་རོ། །སྡུད་པར་ཡང༌། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་དོན་ཡོངས་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་སོ། །གསུམ་པ་ནི་སྦྱོར་བའི་སྔོན་འགྲོའི་ཆོས་ཀྱི་གསུམ་པ་སྟེ་ཤེས་བྱ་མཚན་ཉིད་བཤད་པའི་ས་བཅད་སྤྲོ་ཞིང་དང་པོར་ཤེས་མཚན་ཁྱད་མཚན་སོགས་གཞུང་དང་མ་སྦྱར་བར་སྤྱིར་བཤད་པ། གསུམ་པ་ལ་གཉིས། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། མཚན་མཚོན་གྱི་རྣམ་གཞག །མཚན་ཉིད་ཤེས་པ་སྔོན་དུ་འགྲོ་ཚུལ། དེའི་ས་མཚམས་བསྟན་པའོ། །དང་པོ་ལ་གཉིས། གཞན་ལུགས་བསྟན། མཐད་ཕྱོགས་ངོས་གཟུང་བའོ། །དང་པོ་ལ་གཉིས། ལུགས་དགོད་པ་དང༌། དེ་དགག་པའོ། །དང་པོ་ལ་གཉིས། བསྡུས་དོན་མཁན་དང༌། སྔ་རབས་པའི་ལུགས་སོ། །དང་པོ་ནི། ཀུ་མཱ་ར་ཤྲཱི་ན་རེ། ཤེས་མཚན་ཕྱོགས་ཆོས། བྱེད་མཚན་རྗེས་འགྲོ། ཁྱད་མཚན་ལྡོག་ཚུལ། བཞི་པ་རྟགས་ཀྱི་དཔག་བྱའོ། །དེ་ལ་རང་རྒྱུད་ལ་སྦྱོར་བ་སྐྱེས་པ་ཤེས་པར་བྱེད་པ་ན་མཁྱེན་གསུམ་དང༌། གཞན་རྒྱུད་ལ་གཏན་ལ་འབེབས་པ་ན་སྐྱེས་བུ་ཆེན་པོ་ཞེས་ཟེར་རོ། །ཤེར་འབྱུང་གིས། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་བརྟེན་པའི་སྐད་ཅིག་མ་བཅུ་དྲུག་པོ་རྣམས་ལ་ཡོད་པའི་སྔར་བཤད་


JLD018_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀུན་མཁྱེན་གསུམ་གྱི་རྣམ་པ་གང་ཡིན་པ་དེ་དག་རྣམས་ཀྱི་རྟོགས་པས་སྦྱོར་བ་མཚོན་པར་བྱེད་དོ། །ཞེས་ཤེས་མཚན་གྱི་དོན་དང༌། ཀུན་མཁྱེན་ཉིད་གསུམ་སྤྱིར་བདེན་པ་བཞི་ལ་བརྟེན་པའི་སྐད་ཅིག་མ་བཅུ་དྲུག་པོ་རྣམས་ལ་རྣམ་པར་དག་པ་སྐྱེས་པ་ན་ཁྱད་པར་གྱིས་སྦྱོར་བ་མཚོན་པར་བྱེད་དོ་ཞེས་ཁྱད་མཚན་གྱི་དོན་དང༌། དེ་ཉིད་ཀྱི་ཕྱིར་རྒྱུ་མ་ཚང་བ་མེད་པ་ཅན་གྱི་བྱེད་པའི་ཁྱད་པར་སྐད་ཅིག་གཉིས་པ་ལ་འགྱུར་བ་ཡིན་པའི་ཕྱིར་ན་བྱེད་པས་སྦྱོར་བ་མཚོན་པར་བྱེད་པ་ནི་ཞེས་ཁྱད་མཚན་གྱི་སྐད་ཅིག་གཉིས་པ་ལ་རྒྱུ་ཐམས་ཅད་ཚང་བའི་བྱེད་པའི་ཁྱད་པར་དུ་འགྱུར་བ་བྱེད་མཚན་གྱི་དོན་དང༌། བྱ་བའི་ཁྱད་པར་ཡོད་ན་འབྲས་བུའི་ཁྱད་པར་འགྲུབ་པའི་ཕྱིར་དེས་ཀྱང་སྦྱོར་བ་མཚོན་པར་བྱེད་པ་ཡིན་ནོ། །ཞེས་བྱེད་པའམ་བྱ་བའི་ཁྱད་པར་རྒྱུར་ཡོད་པའི་འབྲས་བུ་ཁྱད་པར་བས་མཚོན་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་དོན་དུ་འཆད་དེ་ཇི་ལྟར་མཚོན་ཚུལ་ནི་མ་བསྟན་ཏོ། །གཉིས་པ་ནི། སྔོན་གྱི་མཁས་པ་དག་མཚན་ཉིད་འདི་རྣམས་ཀྱིས་སྦྱོར་བ་མ་གྲུབ་པ་དེར་མཚོན་པ་མ་ཡིན་གྱི་དེའི་ནུས་པའི་ཆོས་འགའ་ཞིག་མཚོན་བྱ་དང༌། འགའ་ཞིག་མཚན་ཉིད་དུ་བྱེད་པས་སྦྱོར་བ་ཉི་ཤུ་འམ་ལྔ་པོ་མཚན་གཞིར་བཞག་ནས་སངས་རྒྱས་སྐྱེད་པའམ་དེ་ལ་འཇིག་རྟེན་སྟོན་ནོ་ཞེས་མཚོན་བྱ་དང་དེའི་མཁྱེན་གསུམ་གྱི་རྟོགས་པ་སྐྱེད་པ་ནི་མཚན་ཉིད་དུ་བྱའོ། །དེས་ན་ཤེས་པ་བཅུ་དྲུག་པ་ཕྲག་གསུམ་མཚན་ཉིད་དུ་གསུངས་པ་ནི་དེ་སྐྱེད་པ་མཚན་ཉིད་ཡིན་པ་ལ་དགོངས་ནས་བྱས་ཆོས་ལ་བྱེད་ཆོས་ཀྱི་མིང་གིས་བཏགས་པའོ། །དེ་ཡང་མདོ་


JLD018_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཡུམ་འདིས་དེ་བཞིན་གཤེགས་པའི་སྟོབས་བཅུ་སྐྱེད་པ་དང༌། དེ་ལ་བརྟེན་ནས་འཇིག་རྟེན་འཇིག་མེད་དུ་མཁྱེན་པའི་ཕྱིར་ཡུམ་འདིས་དེ་བཞིན་གཤེགས་པ་སྐྱེད་པ་དང་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོན་པའོ་ཞེས་གསུངས་པས་སོ། །དེ་ལ་ཡུམ་ནི་སྦྱོར་བ་སྟེ་མཚན་གཞིའོ། །དེ་བཞིན་གཤེགས་བ་སྐྱེད་པ་དང་དེ་ལ་སྟོན་པ་ནི་མཚོན་བྱའོ། །སྟོབས་བཅུ་སྐྱེད་པ་དང་འཇིག་རྟེན་འཇིག་མེད་དུ་མཁྱེན་པ་དེ་ལ་བརྟེན་པར་གསུངས་པ་ནི་མཚན་ཉིད་དོ། །དེ་བཞིན་གཤེགས་པ་ཞེས་སྨོས་པས་ཤེས་པ་དེ་སངས་རྒྱས་སའི་ཡིན་ནོ་ཞེས་བཞེད་དོ། །མཚན་ཉིད་ཕྱི་མ་གསུམ་གྱི་མཚོན་ཚུལ་ནི་རང་ལུགས་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་ནི། ལུགས་དང་པོ་མི་འཐད་དེ། ཤེས་མཚན་རྟགས་སུ་བྱས་ནས་སྦྱོར་བའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་དེ་ཡིན་པ་དང་ཡོད་པ་གང་དུ་སྒྲུབ་ན་ཡང་སངས་རྒྱས་སའི་ཤེས་མཚན་གྱིས་ཁྱབ་པ་མ་ངེས་ལ། སློབ་ལམ་ན་རྣམ་མཁྱེན་མེད་པས་མཁྱེན་གསུམ་ཆོས་ཅན་དུ་མ་གྲུབ་བོ། །གལ་ཏེ་མཁྱེན་གསུམ་གྱི་སྦྱོར་བ་ལ་འདོད་ན་ཡང་མི་འཐད་དེ། དེ་ལྟ་ཡིན་ན་ཡང་སྦྱོར་བའི་ངོ་བོ་ཉིད་རྣམས་ཀྱི་ངོ་བོ་ཡིན་པའམ་དེ་སྔོན་དུ་སོང་བར་སྒྲུབ། དང་པོ་ལྟར་ན། མཚན་ཉིད་ཀྱིས་སྦྱོར་བ་སྐྱེས་པ་ཤེས་པར་བྱེད་པར་ཁས་བླངས་པ་དང་འགལ་ལ། གཉིས་པ་ལྟར་ན། སྦྱོར་བ་སྒོམ་པ་པོ་ལ་ཆོས་ཅན། དེ་ནམ་ཡོད་པར་གྲུབ་པ་ན་སྦྱོར་བ་སྐྱེས་པར་གྲུབ་པས་དེ་ལ་སྦྱོར་བ་སྐྱེས་པར་དཔགས་པ་དོན་མེད་དོ། །དེས་ན་འདིའི་


JLD018_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་གཞི་ནི་ཤེས་ཁྱད་བྱེད་པ་གསུམ་པོ་ཤེས་བྱེད་དང་མཚན་ཉིད་ཐ་མ་ཤེས་པར་བྱ་རྒྱུར་བསྟན་པས་བྱས་སོ། །ལུགས་གཉིས་པ་ཡང་མི་འཐད་དེ། ཤེས་མཚན་ལ་མཁྱེན་གསུམ་དུ་འདིར་གསུངས་པ་ནི། སྔར་རྣམ་པའི་སྐབས་ཀྱི་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་ཡུལ་ཅན་དུ་མཁྱེན་གསུམ་སྤྱིར་བསྟན་པ་དེ་མ་ཡིན་གྱི་འདི་དེ་བཞིན་གཤེགས་པ་འབྱུང་བ་ལ་སོགས་པ་ཡུལ་ཞེ་བརྒྱད་ཤེས་པ་ལ་གསུངས་པས་དེ་གཉིས་མཁྱེན་གསུམ་གྱི་མིང་མཚུངས་ཀྱང་མཁྱེན་ལུགས་མི་འདྲ་བས་དེ་ཁོ་ན་འཆད་པ་མི་འཐད་ཅིང༌། ཁྱད་མཚན་ལ་སློབ་དཔོན་གྱི་གཞི་ཤེས་མ་གསུངས་པས་མཁྱེན་གསུམ་དུ་བྱེད་པ་ནོར་རོ། །བྱེད་མཚན་ཡང་སྤྱིར་སྦྱོར་བ་གསུམ་གྱི་འབྲས་བུའི་ཆ་ཙམ་ཞིག་ཡིན་གྱི་ཁྱད་མཚན་ཐོབ་པའི་རྗེས་ལ་འགྱུར་བར་མ་ངེས་སོ། །ལུགས་གསུམ་པ་ཡང་རྨ་མེད་པ་མ་ཡིན་ཏེ། རྩ་བར་མཚན་ཉིད་གསུམ་གྱི་དབྱེ་བ་ལ་ཤེས་མཚན་ཉིད་བགྲངས་པ་དང༌། འགྲེལ་པར་ཡང་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་ཞེས་ཤེས་པ་ཉིད་མཚོན་བྱེད་དུ་གསུངས་ཀྱི་དེ་སྐྱེད་པའི་ནུས་པ་མཚོན་བྱེད་ཡིན་པ་ཟུར་ཙམ་ཡང་མི་འབྱུང་བས་སོ། །མདོ་ལས་ཡུམ་གྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་སྐྱེད་པར་གསུངས་པ། བསྟན་བཅོས་སུ་དེ་བཞིན་གཤེགས་པ་འབྱུང་བ་དང་ཞེས་པ་འདིར་བསྡུས་ལ། དེ་ཡང་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་ཞེས་སྦྱར་ནས་ཤེས་པ་མཚོན་བྱེད་དུ་གསུངས་ཀྱི་དེ་སྐྱེད་པ་ཁོ་ན་ལ་མ་གསུངས་པས་སོ། །གཞན་ཡང་ཤེས་


JLD018_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་དུ་འགྲོ་རྒྱུ་ཡང་སྦྱོར་བའི་སྟེང་གི་ནུས་པ་ལ་འདོད་ན་སྦྱོར་བའི་རང་བཞིན་གྱིས་རང་བཞིན་མཚོན་པར་སོང་ལ་དེ་ལྟ་ན་མཚན་ཉིད་དང་པོ་གསུམ་ལ་བྱེད་མཚན་དང་ཐ་མ་ལ་ལས་མཚན་དུ་གསུངས་པ་མི་རིགས་ཏེ། སྦྱོར་བའི་རང་བཞིན་གྱི་མཚོན་བྱེད་ནི་ཐ་མ་ལ་ཡང་ཡོད་པའི་ཕྱིར་དང༌། ཐ་མའི་མཚོན་ཚུལ་ལ་མཚན་ཉིད་དང་ལྡན་པ་བཞིན་དུ་མཚོན་པརབྱེད་་ཅེས་དོན་གཞན་མེད་ཀྱང་ཡོད་པ་ལྟར་མཚོན་པར་བྱེད་པ་དེ་ལ་དམིགས་ཀྱིས་བཀར་ནས་གསུངས་པ་ཡང་མི་རིགས་ཏེ། སྔ་མ་གསུམ་ཡང་དེ་ཡིན་པས་སོ། །འཁྲུལ་པ་འདི་དག་ཀྱང་འདིའི་མཚན་མཚོན་དེ་དག་རྣམ་པར་བཞག་འཇོག་མཚན་ཉིད་པར་བཟུང་བས་ནོངས་སོ། །གཉིས་པ་ནི་མཚན་མཚན་གྱི་རྣམ་གཞག་གཉིས་པ་སྟེ་འཐད་པའི་ཕྱོགས་ངེས་བཟུང་བ། གཉིས་པ་ལ་གཉིས། སྤྱིའི་རྣམ་གཞག་དང༌། ཁྱད་པར་གྱི་མཚོན་ཚུལ་ལོ། །དང་པོ་ལ། མཚན་ཉིད་ལ་རྣམ་གྲངས་དུ་མ་ཞིག་ཡོད་དོ། །མེའི་ཚ་བ་ལྟ་བུ་རང་ཉིད་གཞན་དང་ཐུན་མོང་མ་ཡིན་པར་མཚོན་པ་རང་གི་མཚན་ཉིད། བདག་མེད་པ་དང་མི་རྟག་པ་ལྟ་བུ་ཆོས་དེ་དང་དེ་མ་ཡིན་གཉིས་ཀ་ལ་ཁྱབ་པར་བྱེད་པའི་སྤྱིའི་མཚན་ཉིད། དངོས་པོ་གཅིག་ལ་ཡང་ལོག་ས་ལ་ལྟོས་ནས་ལྡོག་པ་དུ་མ་དང་ལྡན་པའི་ལྡོག་ཆ་ནི་རྣམ་པར་དབྱེ་བའི་མཚན་ཉིད། གཙོ་བོར་དོན་ལ་མ་ཁྱབ་ཁྱབ་ཆེས་གཅོད་པ་རིགས་མི་མཐུན་སེལ་བའི་མཚན་ཉིད། དོན་ལ་མེད་ཀྱང་བློ་ངོར་དོགས་པ་སེལ་བའི་ཕྱིར་མཚན་ཉིད་དུ་བཀོད་པ་ལོག་རྟོག་སེལ་བའི་མཚན་ཉིད་རྣམས་ལས་འདིར་གང་གཟུང་ཞེ་ན། ཚིག་གསལ་ལས། འདིར་


JLD018_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རང་བཞིན་གྱི་མཚན་ཉིད་གཟུང་ངོ་དེ་ཡང་མཚོན་པར་བྱེད་པའི་མཚན་ཉིད་ནི་ཤེས་པ་དང་ཁྱད་པར་དང་བྱེད་པ་རྣམས་ཏེ། དེ་ལ་ཤེས་པའི་མཚན་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ཐ་དད་པ་གསུམ་ཆར་ཡང་རྒྱལ་བའི་ཡུམ་འདི་ནི་དེ་བཞིན་གཤེགས་པ་སྐྱེད་པའོ་ཞེས་བྱ་བ་ལ་སོགས་པར་ཤེས་པར་བྱེད་པའོ། །ཞེས་པ་ནི་སྔ་རབས་པ་ལྟར་བྱེད་ན་བཀག་ཟིན་ལ། འོན་ཏེ་ཤེས་ཁྱད་བྱེད་པ་ངོ་བོ་ཉིད་ཀྱི་མཚན་ཉིད་རྣམས་ཀྱིས་ངོ་བོར་བྱས་ནས་དེ་དག་མཁྱེན་གསུམ་གྱི་རྟོགས་པའི་ངོ་བོར་གནས་པས་དེ་བཞིན་གཤེགས་པ་སྐྱེད་པ་སོགས་སུ་འདོད་ནའང་མི་འཐད་དེ། མདོ་ལས་ཤེས་པ་རྣམས་སྦྱོར་བའི་འབྲས་བུར་གསུངས་པས་ཐད་སོ་ཐད་སོར་འགལ་བས་སོ། །གཞན་ཡང་འདི་ལས་མཁྱེན་པ་གསུམ་གས་ཡུམ་གྱིས་དེ་བཞིན་གཤེགས་པ་སྐྱེད་པའི་ཆེ་བ་ཤེས་པར་བྱེད་ན་གཞི་ཤེས་ཀྱིས་ཆོག་པས་གཞན་གཉིས་དོན་མེད་དོ་སྙམ་པ་ལ་ཤེས་པར་བྱེད་པར་མཚུངས་ཀྱང་དེ་དག་གི་ཁྱད་པར་འདིའོ་ཞེས་ཁྱད་མཚན་གྱིས་སྟོན་ཞེས་འཆད་པ་ནི། ཤིན་ཏུ་ཡང་མི་རིགས་ཏེ་ཁྱད་མཚན་གྱིས་དམན་མཆོག་གི་ཁྱད་ཆེ་བ་ནི་ཉན་རང་དང་ཐེག་ཆེན་གྱི་ཡིན་ལ། འདིའི་གཞི་ཤེས་ནི་ཡུམ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འབྱུང་བ་སོགས་བཅུ་དྲུག་ཤེས་པའི་ཐེག་ཆེན་གྱི་ལམ་ཡིན་པས་སོ། །འདི་ཡང་ཁྱད་མཚན་གྱི་སྐབས་སུ་སློབ་དཔོན་གྱིས་གཞི་ཤེས་མ་སྨོས་པས་འཁྲུལ་གཞི་བྱས་ཏེ་དེ་ནི་འཆད་པར་འགྱུར་རོ། །དེ་མ་ཤེས་པས་མཁྱེན་གསུམ་གྱིས་དོན་བརྒྱད་བསྡུས་པའི་སྐབས་སུ་ཡང་


JLD018_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཉི་ཤུ་ཉན་ཐོས་ལ་སྦྱར་ཏེ། དེ་ནི་སྔར་རྒྱས་པར་བཀག་ཟིན་ཏོ། །ཡང་དེ་ལས་ཁྱད་པར་ཅན་གྱི་མཚན་ཉིད་དེས་དོན་ཅི་ཞིག་བྱ་སྙམ་པ་ལ་ནི་བྱེད་པའི་མཚན་ཉིད་བསྟན་ཏོ་ཞེས་ཁྱད་མཚན་གྱིས་བྱེད་པར་བཤད་པ་ཡང་ནོར་ཏེ། འགྲེལ་པར་ཁྱད་པར་གྱི་མཚན་ཉིད་ཀྱིས་ཤེས་པར་བྱས་པ་རྣམས་ཀྱི་བྱེད་པ་ཞེས་ཁྱད་མཚན་གྱིས་མཚོན་པར་བྱས་པའི་སྦྱོར་བའི་བྱེད་པར་གསུངས་པས་སོ། །དེས་ན་མཚན་ཉིད་ཀྱི་སྐབས་སུ་སློབ་དཔོན་འདིས་ནོར་པ་འབའ་ཞིག་ཏུ་བཤད་པ་ལ་དེའི་རྗེས་སུ་འབྲངས་ནས་མཚན་ཉིད་འདི་དག་ཇི་བཞིན་དུ་རྟོགས་པར་འདོད་པ་ནི་ལྷ་དགའ་བར་བྱེད་པ་འབའ་ཞིག་གོ །འོ་ན་གང་ཞེ་ན། ཤེས་ཁྱད་བྱེད་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་གསུངས་པས་ཤེས་པ་ནས་ངོ་བོ་ཉིད་ཀྱི་བར་རང་རང་ལ་ལྟོས་ན་དེ་དག་གི་རང་བཞིན་དང་རང་གི་མཚན་ཉིད་དུ་ཡང་འགྱུར་མོད་འོན་ཀྱང་འདིར་ནི་བཞི་བོ་འདི་སྦྱོར་བའི་མཚན་ཉིད་དུ་བཤད་དགོས་པས། དེ་ལ་ལྟོས་ན་མཚན་ཉིད་ཐ་མ་འདི་རང་བཞིན་ཡིན་ལ་ཁྱད་པར་ནི་ཕལ་ཆེར་དོན་གཞན་ལྡན་པ་དང་ཤེས་བྱེད་གཉིས་ནི་འབྲས་བུ་རྒྱུ་མཚོན་པ་སྟེ། དེ་ཡང་བྱ་རོག་གིས་ཁང་བཟངས་མཚོན་པ་ལྟར་དེའི་སྒོ་ནས་ཤེས་པར་བྱས་པ་ཙམ་མོ། །འབྲས་བུས་རྒྱུ་མཚོན་པ་འདིའི་དོན་ཡིན་པར་ཡང་གངས་ཅན་གྱི་ཤིང་རྟ་ཆེན་པོ་བཞེད་དེ། རྩ་འགྲེལ་གྱི་དགོངས་པའོ། །ལོ་ཙྪ་བ་ཆེན་པོ་ཁ་ཅིག་མཚན་གཞི་དང་མཚོན་བྱ་ཁྱད་པར་མེད་ལ་སྐད་དོད་ཀྱང་གཅིག་པས་དེ་གཉིས་སོ་སོར་བྱས་ནས་བོད་རྣམས་


JLD018_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་མི་འཐད་གསུངས་པ་ནི་གཞུང་ལུགས་ཆེན་པོ་རྣམས་སུ་དེ་ཁོ་ན་བཞིན་འབྱུང་བས་མཚོན་བྱ་སྦྱོར་བའི་ཆོས་ཅན་ལ་མཚན་གཞིའི་ཐ་སྙད་མ་སྦྱར་ན་ལེགས་སོ། །གཉིས་པ་ལ་གཉིས། བྱེད་སྒྲུབ་དང་ལས་སྒྲུབ་ཀྱི་དོན། ཐུན་མོང་མ་ཡིན་པའི་མཚོན་ཚུལ་ལོ། །དང་པོ་ནི། དཔེར་ན་འཚེད་པ་ཞེས་པ་གང་འཚེད་པ་དང༌། གང་གིས་འཚེད་པ་བྱ་བྱེད་དང་འབྲེལ་བའི་ཚིག་ཡིན་པས་དེ་གཉིས་སུ་དྲང་དུ་རུང་བ་བཞིན་དུ། མཚན་ཉིད་ཅེས་པ་ཡང་གང་གིས་མཚོན་པ་དང་གང་མཚོན་པའི་བྱ་བྱེད་གཉིས་ཀ་དང་འབྲེལ་བ་ལ་དགོངས་ནས་རྗེ་བཙུན་གྱིས་དང་པོ་གསུམ་གང་གིས་མཚོན་བྱེད་དང་ཐ་མ་གང་མཚོན་བྱ་རུ་མཛད་དོ། །བྱེད་པ་དང་བྱ་བ་དེ་གཉིས་ལ་སློབ་དཔོན་གྱིས་བྱེད་སྒྲུབ་དང་ལས་སྒྲུབ་ཀྱི་ཐ་སྙད་མཛད་དོ། །དེས་ན་རྟགས་དང་བསྒྲུབ་བྱ་ལྟ་བུ་ཤེས་བྱེད་དང་ཤེས་བྱ། སྟ་རེ་དང་ཤིང་ལྟ་བུ་གཅོད་བྱེད་དང་གཅད་བྱ་ཡུལ་ཅན་དང་ཡུལ་ལྟ་བུ་རིག་བྱེད་དང་རིག་བྱ་སོགས་ལ་བྱེད་སྒྲུབ་དང་ལས་སྒྲུབ་ཏུ་འཇོག་པས་མཐའ་ཡས་སོ། །གཉིས་པ་ནི། ཅིའི་ཕྱིར་མཚན་ཉིད་དང་པོ་གསུམ་ལ་བྱེད་སྒྲུབ་ཅེས་བྱ་ཞེ་ན། གསུམ་པོ་འདིས་སྦྱོར་བ་རྣམས་མཚོན་པར་བྱེད་པས་སོ། །ཇི་ལྟར་ན། མཚོན་བྱེད་ཤེས་བྱེད་གཉིས་ཀྱིས་ནི་རིམ་པ་ལྟར་མཁྱེན་གསུམ་སྦྱོར་བའི་སྟེང་གི་རང་དོན་མཁྱེན་གསུམ་གྱི་རྟོགས་པ་དང༌། གཞན་དོན་ཕྲིན་ལས་སྐྱེད་པའི་ནུས་པ་གཉིས་མཚོན་པར་བྱེད་པས་ནུས་པ་དེ་གཉིས་མཚན་གཞིའམ་མཚོན་བྱའོ། །མཚོན་ཚུལ་ནི། ཞིང་ལས་


JLD018_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཐོག་ཕུན་སུམ་ཚོགས་པ་སྐྱེ་བར་མཐོང་བ་ན་དེ་ལ་དེ་སྐྱེད་པའི་ནུས་པ་ཡོད་པར་ཤེས་པ་ལྟར། མཁྱེན་གསུམ་གྱི་རྟོགས་པ་དང་གཞན་དོན་བྱེད་པའི་བྱེད་པ་ཁྱད་པར་བ་རྣམས་སྦྱོར་བ་ལས་འབྱུང་བར་མཐོང་བ་ན་སྦྱོར་བ་ལ་དེ་དག་སྐྱེད་པའི་ནུས་པ་ཡོད་པར་དཔོག་གོ །དེ་གཉིས་ཀྱིས་ནི་སྤྱིར་ནུས་པ་ཡོད་པར་མཚོན་པས་མི་ལྡན་རྣམ་གཅོད་དུ་མཚོན་ལ། དེ་ཉན་རང་གི་སྦྱོར་བ་ལ་ཡང་ཡོད་དམ་སྙམ་པ་ལ་ཁྱད་མཚན་གྱིས་ནི་དེ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་པར་གོ་བར་བྱས་པས་གཞན་ལྡན་རྣམ་གཅོད་དུ་མཚོན་ནོ། །དེས་ན་ཁྱད་པར་བཅུ་དྲུག་ངོ་བོའམ་འབྲས་བུའམ་རྒྱུར་ལྡན་པའི་སྦྱོར་བ་ཉིད་ཀྱིས་དེ་བཞིན་གཤེགས་པ་སྐྱེད་པར་ཤེས་སོ། །དེ་ལྟར་ན་དང་པོ་གསུམ་གྱིས་ནུས་པ་མཚོན་ཀྱང་མཚོན་ཚུལ་མི་འདྲ་བ་གསུམ་ཡོད་དོ། །ཅིའི་ཕྱིར་ཐ་མ་ལ་ལས་སྒྲུབ་ཅེས་བྱ་ཞེ་ན། འདི་ནི་མཁྱེན་གསུམ་སྦྱོར་བའི་ངོ་བོ་ཡིན་པས་སྔ་མ་གསུམ་གྱིས་མཚོན་པར་བྱ་བ་ཡིན་པས་སོ། །ནུས་པ་མཚོན་པ་མ་ཡིན་ནམ་ཇི་ལྟར་སྦྱོར་བ་མཚོན་བྱ་ཡིན་ཞེ་ན། དེ་གཉིས་དངོས་པོ་ཐ་མི་དད་པས་སྐྱོན་མེད་དེ། འདི་དག་རྣམ་པར་བཞག་འཇོག་གི་མཚན་མཚོན་མཚན་ཉིད་པ་མ་ཡིན་པས་སོ། །འདི་མཚོན་བྱ་ཡིན་ན་ཇི་ལྟར་ན་མཚན་ཉིད་དུ་རུང་ཞེ་ན། མཚན་ཉིད་ཀྱི་སྒྲ་བྱ་བྱེད་གཉིས་ཀ་དང་འབྲེལ་བར་མ་སྨྲས་སམ། ཡང་ངོ་བོ་ཉིད་བཅུ་དྲུག་གིས་མཁྱེན་གསུམ་གྱི་སྦྱོར་བའི་ངོ་བོ་ཤེས་པར་བྱེད་པས་མཚོན་བྱེད་ཀྱང་ཡིན་ནོ། །འོ་ན་བྱེད་སྒྲུབ་


JLD018_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནམ་ཞེ་ན། ཉེས་པ་མེད་དེ། སྦྱོར་བ་མཚོན་པར་བྱེད་ཀྱང་དོན་ཐ་དད་པའི་སྒོ་ནས་མི་མཚོན་པས་བྱེད་སྒྲུབ་ཏུ་མ་བཞག་ལ། སྔ་མ་གསུམ་ཅི་རིགས་པར་དེ་ལས་བཟློག་པས་བྱེད་སྒྲུབ་ཏུ་བཞག་གོ །འོ་ན་དེ་དག་མཚན་གཞི་དང་དངོས་པོ་ཐ་དད་པས་མཚན་མཚོན་དུ་མི་རུང་སྟེ། གཞན་དུ་ན་བུམ་པ་ཡང་བ་ལང་གི་མཚན་ཉིད་དུ་ཧ་ཆང་ཐལ་ཞེ་ན། རང་བཞིན་ཐ་དད་ཀྱང་དེ་དག་གི་སྒོ་ནས་ཤེས་པར་བྱས་པ་ལ་དེས་མཚོན་ནོ་ཞེས་མཚན་ཉིད་དུ་བཏགས་པ་ཙམ་ཡིན་པས་རྣམ་པར་བཞག་འཇོག་མཚན་ཉིད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་ལྟར་ན་བྱེད་པ་དང་ལས་ཀྱི་དོན་དང་མཚོན་ཚུལ་རྣམས་རྒྱན་གྱི་འགྲེལ་བ་རྣམས་སུ་ཞིབ་པར་མ་བྱུང་བས་རྟོགས་དཀའ་བར་འདུག་པའི་ཕྱིར་ཁོ་བོས་རྒྱས་པར་བཤད་ནས་གཏིང་ཚུགས་པར་བྱས་པས་བློ་གསལ་རྣམས་ཡིད་དགའ་བར་བྱོས་ཤིག །གཉིས་པ་ནི་ཐེག་ཆེན་གྱི་རིགས་ཅན་གཅིག་ངེས་པར་བླ་མེད་བྱང་ཆུབ་དོན་དུ་གཉེར་བ་ན་དེའི་རྒྱུ་ཡུམ་གྱི་རྣལ་འབྱོར་ལ་འཇུག་ལ་དེའི་ཚེ་དེ་ལ་རྟོགས་པ་མཐར་ཐུག་སྐྱེད་པའི་ནུས་པ་ཡོད་མེད་དཔྱོད་དགོས་པས་དེ་ལ་ཤེས་མཚན་དང༌། དེ་ལ་ཡང་གཞན་དོན་མཐར་ཐུག་སྐྱེད་པའི་ནུས་པ་མི་སྣང་ན་རྟོགས་པ་ཙམ་ཐེག་ཆེན་གྱི་དོན་དུ་གཉེར་བྱའི་གཙོ་བོ་མ་ཡིན་པས་དེ་ཤེས་པ་ལ་བྱེད་མཚན་དང༌། ནུས་པ་དེ་གཉིས་ཉན་རང་གི་ལམ་ལ་ཡང་ཡོད་ན་དཀའ་བ་དུ་མ་སྤྱད་དགོས་པའི་ཐེག་ཆེན་ལམ་ལ་འཇུག་པ་ལྡོག་པས་དེ་མེད་པར་ཤེས་པ་ལ་ཁྱད་མཚན་དང༌། སྦྱོར་བ་


JLD018_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རང་གི་ངོ་བོ་སྤངས་རྟོགས་ཇི་ལྟ་བུ་དང་ལྡན་པ་ཤེས་པར་བྱེད་པ་ལ་མཚན་ཉིད་ཐ་མ་བསྟན་དགོས་པས་མཚན་ཉིད་ཤེས་པ་སྦྱོར་བ་སྒོམ་པའི་སྔོན་དུ་འགྲོ་བའི་ཚུལ་དེ་ཡིན་ནོ། །འདིས་མཚན་ཉིད་གཏན་ལ་ཕབ་བའི་དགོས་པ་དང་གྲངས་ངེས་པ་ཡང་བསྟན་ཏོ། །གསུམ་པ་ནི། ཚོགས་ལམ་ནས་ས་བཅུ་པའི་བར་དུ་བཞག་སྟེ། སྦྱོར་བ་སྒོམ་རེས་ཀྱིས་འདི་སྔོན་དུ་བཏང་ནས་སྒོམ་པས་སོ། །གཉིས་པ་ནི་ཡན་ལག་གི་དོན་ཏེ་གཞུང་དང་སྦྱར་བའི་ཤེས་མཚན་སོགས་ཀྱི་མཚམས་སྦྱར་ཞིང་དོན་བཤད་པའི་ས་བཅད་སྤྲོ་ཞིང་དང་པོར་ངོ་བོའི་སྒོ་ནས་མདོར་བསྟན་པ། གཉིས་པ་ལ་གཉིས། མཚམས་སྦྱར་བ་དང༌། དོན་བཤད་པའོ། །དང་པོ་ནི། སྐྱོན་གྱི་འོག་ཏུ་སྦྱོར་བ་དེ་དག་གི་མཚན་ཉིད་འཆད་དེ། ཡོན་ཏན་བླང་བ་དང་སྐྱོན་དོར་བའི་སྒོ་ནས་སྦྱོར་བ་རྣམས་བསྒོམ་པར་བྱ་བ་ལ་ནི་སྦྱོར་བའི་མཚན་ཉིད་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་སོ། །ཚིག་གསལ་ལས། སྦྱོར་བ་སྒོམ་པ་པོའི་མཁྱེན་གསུམ་དེ་དག་གི་མཚན་ཉིད་ཅེས་ཟེར་བ་ནི་དོན་མ་ཡིན་ནོ། །མདོའི་འབྲེལ་ནི། སྐྱོན་གྱི་སྐབས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྦྱོར་བ་སྒོམ་པ་པོ་ལ་དགོངས་པར་མཛད་པའི་འཐད་པར་ཡུམ་ནི་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་དང་དེ་ལ་འཇིག་རྟེན་སྟོན་པ་ཡིན་པར་གསུངས་པ་ན། ཇི་ལྟར་དེ་གཉིས་ཡིན་པ་དང་འཇིག་རྟེན་གང་ལགས་ཞེས་ཞུས་པའི་ལན་དུ་གསུངས་སོ། །གཉིས་པ་ལ་གསུམ། ངོ་བོའི་སྒོ་ནས་མདོར་བསྟན། དབྱེ་བའི་སྒོ་ནས་རྒྱས་པར་བཤད། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཤེས་པར་བྱའོ། །གང་ན། བྱེད་པ་


JLD018_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་སྦྱོར་བ་རྣམས་མཚོན་པར་བྱེད་པ་དེའོ། །གང་དུ་ན། སྦྱོར་བའི་མཚན་ཉིད་དུའོ། །དེ་ལ་དུ་ན། མཚན་ཉིད་དེ་ལ་རྣམ་པ་གསུམ་སྟེ་ཤེས་པ་ཁྱད་པར་བྱེད་པའི་མཚན་ཉིད་དོ། །ཡང་ནི་མཚན་ཉིད་དེའི་ངོ་བོ་ཙམ་བསྟན་པར་མ་ཟད་དབྱེ་བ་ཡང་སྟོན་པའོ། །ཡང་ཤེས་པར་བྱའོ། །གང་ན། བྱ་བ་གང་དེ་གསུམ་གྱིས་མཚོན་པར་བྱ་བ་སྦྱོར་བ་དེའོ། །གང་དུ་ན། མཚོན་བྱེད་དེ་མཚན་ཉིད་དུ་ཤེས་པར་བྱ་བ་མ་ཟད་མཚོན་བྱ་ཡང་མཚན་ཉིད་དུའོ། །དེ་གང་ན། སྦྱོར་བའི་ངོ་བོ་ཉིད་བཅུ་དྲུག་གོ །ཤནྟིི་པས། འདིས་མཚོན་པར་བྱེད་པས་ན་ཞེས་བྱ་བ་བྱེད་པར་སྒྲུབ་པའི་མཚན་ཉིད་གང་ཡིན་པ་དོན་རྣམ་པ་གསུམ་སྟེ་ཤེས་པ་དང་ཁྱད་པར་དང་བྱེད་པ་ཞེས་བྱའོ།། མཚོན་པར་བྱ་བ་གང་ཡིན་པ་དེ་ཡང་མཚན་ཉིད་དེ་ལས་སུ་སྒྲུབ་པའོ། །དེ་ཡང་ངོ་བོ་ཉིད་ཅེས་བྱ་བ་སྟེ་མཚན་ཉིད་རྣམ་པ་བཞིའོ། །ཞེས་དང༌། ཤེར་སྒྲོན་དུ་ཡང༌། འདིས་སྦྱོར་བ་རྣམས་དེ་བཞིན་གཤེགས་པ་ཉིད་སྐྱེད་པར་མཚོན་པར་བྱེད་པས་ཤེས་པ་དང་ཁྱད་པར་དང་བྱེད་པའི་མཚན་ཉིད་དེ་བྱེད་པར་སྒྲུབ་པ་རྣམ་པ་གསུམ་དང༌། འདི་དག་མཚོན་པར་བྱ་བ་ཡིན་པས་ངོ་བོ་ཉིད་ཀྱི་མཚན་ཉིད་དེ་ལས་སུ་སྒྲུབ་པའི་རྣམ་པ་གཅིག་སྟེ་མཚན་ཉིད་ནི་བཞིར་ཤེས་པར་བྱའོ། །ཞེས་པ་གཉིས་ནི་སློབ་དཔོན་གྱི་རྗེས་སུ་འབྲང་བའོ། །གཉིས་པ་ནི། ཤེས་པར་བྱའོ། །གང་ན་སྦྱོར་བའི་མཚན་ཉིད་ནིའོ། །གྲངས་དུར་ན་བྱེད་པར་སྒྲུབ་པ་བཟུང་ཞིང་དེའི་དབང་དུ་བྱས་ནས་ཤེས་ཁྱད་བྱེད་པའང་ཡིན་མཚན་ཉིད་ཀྱང་ཡིན་པས་ཤེས་པ་དང་


JLD018_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དང་བྱེད་པའི་མཚན་ཉིད་དེ་གསུམ་དང༌། ལས་སུ་སྒྲུབ་པ་བཟུང་ཞིང་དེའི་དབང་དུ་བྱས་ནས་ངོ་བོ་ཉིད་དང་མཚན་ཉིད་གཞི་མཐུན་པས་ངོ་བོ་ཉིད་ཀྱི་མཚན་ཉིད་གཅིག་སྟེ་རྣམ་པ་བཞིར་རོ། །རྒྱུ་མཚན་ནི་རིམ་པ་ལྟར་ཤེས་ཁྱད་བྱེད་གསུམ་འདིས་མཁྱེན་གསུམ་སྦྱོར་བ་རྣམས་གཞི་ལམ་རྣམ་པ་མཁྱེན་པའི་རྟོགས་པ་དང་ཐེག་དམན་ལས་ཁྱད་པར་དུ་འཕགས་པ་དང་གཞན་དོན་བྱེད་པའི་ཕྲིན་ལས་སྐྱེད་ནུས་སུ་མཚོན་པར་བྱེད་པ་དང༌། སྦྱོར་བ་དེ་རྣམས་དང་པོ་གསུམ་གྱིས་མཚོན་པར་བྱ་བའི་གཞི་ཡིན་པས་སོ། །གཉིས་པ་ནི་དོན་བཤད་པའི་གཉིས་པ་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པའི་ས་བཅད་སྤྲོ་སྟེ་དང་པོར་གཞི་ཤེས་ཀྱི་ཤེས་མཚན་བཤད་པ། གཉིས་པ་ལ་བཞི། ཤེས་པ། ཁྱད་པར། བྱེད་པ། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །དང་པོ་ལ་གསུམ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གྱི་མཚན་ཉིད་དོ། །དང་པོ་ལ་གསུམ་ལས། དང་པོ་ནི། མཚན་ཉིད་བཞིར་ཕྱེ་བ་དེ་ལ་ཤེས་པའི་མཚན་ཉིད་མཁྱེན་གསུམ་གྱི་དབྱེ་བས་ཐ་དད་པ་གསུམ་ཡོད་པ་ལ་རེ་ཞིག་ཐམས་ཅད་ཤེས་པ་ཉིད་ཀྱི་སྒོ་ནས་ཤེས་པའི་མཚན་ཉིད་གསུངས་སོ། །གཉིས་པ་ནི། མཐའི་ཤེས་ཞེས་པ་ཐམས་ཅད་ཀྱི་མཇུག་ཏུ་སྦྱར་བ་ནི་རྒྱས་བཤད་ཡིན་ལ་རྐང་པ་ཐ་མ་གཉིས་ཀྱིས་ནི་དོན་བསྡུས་སོ། །གཞན་ཡང་དང་པོས་དེ་བཞིན་གཤེགས་པ་ཇི་ལྟར་སྐྱེད་པའི་ལན་དང་ལྷག་མ་བཅོ་ལྔས་དེ་ལ་འཇིག་རྟེན་སྟོན་པའི་ཚུལ་བསྟན་པར་བཞེད་དོ། །ཡུམ་གྱིས་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོན་ཞེས་པ་ནི་དེ་ལ་བརྟེན་ནས་དེས་ཕུང་ལྔའི་འཇིག་རྟེན་ཇི་བཞིན་དུ་མཁྱེན་པའོ། །དེ་དག་ཀྱང་གཉིས་སུ་འདུ་


JLD018_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རྟོགས་པ་པོ་དེ་བཞིན་གཤེགས་པ་སྐྱེད་པའི་ཚུལ་དང་དེས་ཇི་ལྟར་རྟོགས་ཚུལ་ཤེས་པ་སྟེ་དང་པོ་དང་ལྷག་མ་རིམ་བཞིན་ནོ། །གཉིས་པ་ཡང་གསུམ་སྟེ། འཇིག་རྟེན་དང་སེམས་ཀྱི་སྤྱོད་པ་དང་དེ་བཞིན་ཉིད་མཁྱེན་པ་སྟེ་གཉིས་པ་དང༌། དེ་ནས་བཅུ་པའི་བར་དང་ཐ་མ་གཉིས་དང་རིམ་པ་ལྟར་རོ། །གསུམ་པ་ནི་བསྡུས་པ་ཡིན་ནོ། །གང་ན། དེ་བཞིན་གཤེགས་པ་འབྱུང་བ་སོགས་ཀྱི་ཤེས་པའི་མཚན་ཉིད་བཅུ་དྲུག་ནིའོ། །གང་གིས་ན། ཐམས་ཅད་ཤེས་པ་ཉིད་ཀྱིས་སོ། །རྒྱུ་མཚན་ནི། ཡུལ་བཅུ་དྲུག་པོ་འདི་རྣམས་ཇི་ལྟ་བ་བཞིན་དུ་སྟེ་མི་དམིགས་པར་རྟོགས་པའི་ཤེས་པའི་རྣམ་པའི་བྱེ་བྲག་གམ་ཁྱད་པར་བཅུ་དྲུག་གིས་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་དེའི་མཁྱེན་པ་བཅུ་དྲུག་སྐྱེད་པའི་ནུས་ལྡན་དུ་མཚོན་ཞིང་ཤེས་པར་བྱེད་པས་ནའོ། །མཚོན་ཚུལ་ནི། སྦྱོར་བ་དེ་ལ་ནུས་པ་དེ་ཇི་ལྟར་གནས་པའི་གནས་ཚུལ་ཐ་དད་པ་བཞིན་དུའོ། །རྟོགས་དཀར་ཇི་ལྟ་བ་བཞིན་དུ་ཤེས་པའི་རྣམ་པ་བཅུ་དྲུག་གིས་ཚུལ་བཞིན་དུ་ཞེས་འདོན་ལ། འོག་མ་གཉིས་ལས་ནི་རེ་རེ་ལས་མེད་དོ། །ཤེར་སྒྲོན་དུ་གོང་མ་མེད་པར་འོག་མ་འབྱུང་བ་ནི་འོག་མ་གཉིས་དང་མཐུན་ཀྱང་རྟོགས་དཀའི་དེ་དག་པར་སེམས་སོ། །བཅུ་དྲུག་པོ་དེ་དག་ཀྱང་གང་ན་གཞི་ཤེས་ཀྱི་ཡུལ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཞེས་ཐམས་ཅད་ཀྱི་ཐོག་མ་དང་ཞེས་བྱ་བ་ཞེས་ཐམས་ཅད་ཀྱི་མཐར་རོ། །གཞི་ཤེས་ཀྱི་སྦྱོར་བའི་ཡུམ་ལས་དེ་བཞིན་གཤེགས་པའི་སྟོབས་སོགས་འབྱུང་བ་ཤེས་པ་ནི། ཡུམ་ཟབ་མོ་འདིས་དེ་བཞིན་གཤེགས་པའི་


JLD018_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཅུ་སྐྱེད་དོ། །ཞེས་སོ། །ཕུང་ལྔའི་འཇིག་རྟེན་དེ་ཁོ་ནར་རྒྱུན་དང་སྐད་ཅིག་གིས་འཇིག་པ་མེད་པའི་ཤེས་པ་ནི། ཡུམ་ནི་ཕུང་པོ་ལྔ་པོ་འདི་དག་འཇིག་པར་སྟོན་པ་མ་ཡིན་རབ་ཏུ་འཇིག་པར་སྟོན་པ་མ་ཡིན། ཞེས་སོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སྟེ་བསམ་པ་སྟོང་ཕྲག་གྱ་བཞིའམ་གྲངས་མེད་པ་རྣམས་ཆོས་དབྱིངས་སྤྲོས་བྲལ་གྱི་ངོ་བོར་ཚད་མེད་པ་སོགས་སུ་ཤེས་པ་ནི། སེམས་ཅན་ཚད་མེད་གྲངས་མེད་གཞལ་དུ་མེད་པའི་སེམས་དང་སྤྱོད་པ་རབ་ཏུ་མཁྱེན་པ་དེ་དག་ཀྱང་ཡུམ་འདི་ཉིད་ལ་བརྟེན་ཅིང་རབ་ཏུ་མཁྱེན་ཏོ། །ཞེས་སོ། །དེ་བཞིན་ཉིད་ལ་མཉམ་པར་བཞག་པས་སེམས་དེ་བསྡུས་པ་དེ་ཁོ་ནར་མི་འཇིག་ཅིང་ཐ་སྙད་དུ་འཇིག་པར་དང༌། དེ་ལ་མཉམ་པར་མ་བཞག་པས་སེམས་དེ་ཕྱི་རོལ་དུ་བལྟས་པའམ་རྣམ་པར་གཡེངས་པ་ཐ་སྙད་དུ་ཕྱི་རོལ་དུ་གཡེང་ཡང་དེ་ཁོ་ནར་གཡེང་བ་མེད་པར་ཤེས་པ་ནི། དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སེམས་རྣམ་པར་གཡེངས་པ་ནི་ཆོས་ཉིད་ཀྱིས་ཡང་དག་པ་ཇི་ལྟར་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ཞེས་སོ། །བསྡུས་པ་དང་གཡེངས་པའི་སེམས་དེ་ཡང་དག་པར་ན་རྣམ་པར་འཇིག་པ་མེད་པས་སམ་སྒོམ་སྤང་འགགས་པས་འདོད་ཆགས་དང་བྲལ་བ་དང་ཟག་བཅས་ཀྱི་ཕུང་པོ་ཐམས་ཅད་འགགས་པས་འགོག་པ་དང་མཐོང་སྤང་འགགས་པས་སྤོང་བའི་སྤངས་པ་འདུས་མ་བྱས་ཀྱི་ཆ་རྣམ་པར་མཁྱེན་པའི་མི་ཟད་པའི་རྣམ་པ་ཤེས་པ་ནི། དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་


JLD018_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དབེན་པ་དང་འདོད་ཆགས་དང་བྲལ་བ་དང་འགོག་པ་དང་སྤོང་བའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་སོ། །སོ་སྐྱེའི་སེམས་འདོད་ཆགས་དང་བཅས་པ་དང་སོགས་པས་ཞེ་སྡང་དང་གཏི་མུག་དང་བཅས་པ་རྣམས་སྤྲོས་བྲལ་གྱི་ངོ་བོར་ཤེས་པ་ནི། དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་སོ། །རྩ་བར་སོགས་པ་ཞེས་འབྱུང་བའི་སྒྲས་བསྡུས་པ་འཕགས་པ་རྣམས་ཀྱིས་སེམས་འདོད་ཆགས་དང་བྲལ་བ་དང་ཞེ་སྡང་དང་གཏི་མུག་དང་བྲལ་བ་རྣམས་སྤྲོས་བྲལ་དུ་ཤེས་པ་ནི། འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་སོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སེམས་རྒྱ་ཆེན་པོ་ཤེས་པ་ནི། དེ་བཞིན་གཤེགས་པས་ཡུམ་ཟབ་མོ་འདི་ལ་བརྟེན་ཏེ་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་རྣམས་ཀྱི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་བ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་སོ། །འདི་ནས་བཅུ་བཞི་པའི་བར་ལ་སེམས་ཅན་དང་གང་ཟག་གཉིས་གཉིས་གསུངས་པ་ནི་འཇིག་རྟེན་པ་དང་དེ་འཇིག་རྟེན་ལས་འདས་པའི་དབྱེ་བས་ཡིན་ནོ། །དེ་གཉིས་ཀྱི་མདོ་འདྲེན་ལུགས་འོག་མ་རྣམས་ལ་ཡང་འདི་བཞིན་སྦྱར་རོ། །ཁྱབ་པར་བྱེད་པས་སེམས་ཆེན་པོའམ་ཡང་ན་སེམས་ཆེན་པོར་གྱུར་པའི་དོན་ནི་མཉམ་པ་ཡིན་ལ་དེ་ཡང་


JLD018_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཐམས་ཅད་དོན་དམ་པར་བདག་མེད་པ་དང་ཐ་སྙད་དུ་སྒྱུ་མ་ལྟ་བུའི་ངོ་བོས་ཡོན་ཏན་ཐོབ་པའི་རྟེན་དུ་མཉམ་པར་ཤེས་པ་ནི། དེ་བཞིན་གཤེགས་པས་ཡུམ་འདི་ལ་བརྟེན་ཏེ་སྔར་ལྟར་ལ་སེམས་ཆེན་པོར་གྱུར་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་སོ། །འཇུག་ཡུལ་གྱི་རྟེན་སོ་སོར་ངེས་པ་མེད་པས་གྲངས་དང་ཚད་ཀྱིས་གཞལ་མི་ནུས་པས་སེམས་ཚད་མེད་པ་དེ་ལྟར་ཤེས་པ་ནི། དེ་བཞིན་གཤེགས་པས་ཡུམ་འདི་ལ་བརྟེན་ཏེ་སྔར་ལྟར་ལ་སེམས་ཚད་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་སོ། །དཔེ་མེད་པས་སམ་རང་གི་ངོ་བོས་སྟོང་པས་རྣམ་ཤེས་སམ་སེམས་བསྟན་དུ་མེད་པ་ལ་དེ་ལྟར་ཤེས་པ་ནི། དེ་བཞིན་གཤེགས་པས་ཡུམ་འདི་ལ་བརྟེན་ཏེ་སྔར་ལྟར་ལ་བསྟན་དུ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་སོ། །ངོ་བོ་ཉིད་མེད་པའམ་དེ་བཞིན་གཤེགས་པའི་སྤྱན་ལྔ་ལ་ལྟར་མི་སྣང་བས་སེམས་བལྟར་མེད་པ་ལ་དེ་ལྟར་ཤེས་པ་ནི། དེ་བཞིན་གཤེགས་པས་ཡུམ་འདི་ལ་བརྟེན་ཏེ་སྔར་ལྟར་ལ་བལྟར་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་སོ། །དེ་གཉིས་ནི་ཡུལ་དང་ཡུལ་ཅན་མི་དམིགས་པའི་སྒོ་ནས་ཡིན་ནོ། །ཤེས་པའམ་སེམས་དེ་གཡོ་བ་དང་སོགས་པས་འདུ་བ་བཀྲམ་པ་བཅུམ་པའི་ལྟ་བ་དང་ལུས་སྲོག་གཅིག་ཐ་དད་ཀྱི་ལྟ་བ་རྣམས་སྒྱུ་མ་ལྟ་བུའི་ཕུང་པོ་ལྔ་ལ་བརྟེན་


JLD018_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱེའི་དེ་དག་གིས་ཞེན་པ་ལྟར་གྲུབ་པ་མེད་དོ་ཞེས་བྱ་བར་ཤེས་པ་ནི། དེ་བཞིན་གཤེགས་པས་ཡུམ་འདི་ལ་བརྟེན་ནས་སེམས་ཅན་ཕ་རོལ་པོ་རྣམས་དང་གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་གཡོ་བ་དང་འདུ་བ་དང་བཀྲམ་པ་དང་བཅུམ་པ་དེ་དག་ཀྱང་འདི་ལྟར་མཁྱེན་ཏེ། སེམས་ཅན་རྣམས་ཀྱི་སེམས་འཕྲོ་བའམ་འདུ་བའམ་བཀྲམ་པའམ་བཅུམ་པ་གང་ཇི་སྙེད་པ་སྐྱེ་ཞིང་འབྱུང་བ་དེ་དག་ཐམས་ཅད་གཟུགས་ལ་བརྟེན། ཚོར་བ་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་བརྟེན་ཞིང་འབྱུང་བར་འགྱུར་རོ་ཞེས་བྱ་བར་རབ་ཏུ་མཁྱེན་ཏོ། །ཞེས་པའི་རྒྱས་བཤད་དུ་ལྟ་བ་བཞི་མཁྱེན་པར་བཤད་དོ། །འདིར་འཕགས་པ་ལ་གཡོ་བ་སོགས་སྦྱར་བ་ནི། དགག་སྒྲུབ་གཉིས་ཀ་གཉིས་མིན་གྱི་སེམས་ཙམ་ཞིག་ལ་བྱའི་ལྟ་བ་བཅུ་བཞིར་མི་གཟུང་ངོ༌། །འདིར་གཞི་ཤེས་ཀྱི་ཤེས་མཚན་བཅུ་བཞི་པ་གཡོ་བ་ལ་སོགས་ཞེས་བྱ་དང་ཞེས་པའི་གཞུང་ལས་འཕྲོས་སྟེ་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞིའི་སྐོར་ལ་མཐའ་དཔྱད་པ། འདིའི་མཐའ་དཔྱད་པ་ལ་བཞི། ལྟ་བའི་ངོ་བོ། སེམས་བཞི་དགག་སྒྲུབ་གཉིས་དང་སྦྱོར་ཚུལ། གང་ཟག་གང་གི་ཡིན་པ། སྒྲ་བཤད་པའོ། །དང་པོ་ནི། དབུ་མའི་རྩ་བར། གང་འདས་ཕན་ཆད་མཐའ་སོགས་དང༌། །རྟག་ལ་སོགས་པར་ལྟ་བ་དང༌། །མྱ་ངན་འདས་དང་ཕྱི་མཐའ་དང༌། སྔོན་གྱི་མཐའ་ལ་བརྟེན་པ་ཡིན།། ཞེས་པ་ལྟར། སྔོན་གྱི་མཐའ་ལ་བརྟེན་པ་བཞི། ཕྱི་མའི་མཐའ་ལ་བརྟེན་པ་བཞི། མྱ་ངན་ལས་འདས་པ་ལ་བརྟེན་པ་བཞི་སྟེ་བཅུ་གཉིས་དང༌། ལུས་སྲོག་གཅིག་ཏུ་ལྟ་བ་དང་དེ་གཉིས་ཐ་དད་དུ་ལྟ་བ་སྟེ་བཅུ་བཞིའོ། །དེ་ལ་དང་པོ་ནི་བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་གཉིས་


JLD018_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་དུ་ལྟ་བ་སྟེ་དེས་ནི་དེ་གཉིས་དང་པོ་ནས་མི་འགྱུར་བར་ཡོད་པ་དང་ཕྱིས་གློ་བུར་དུ་བྱུང་བ་དང་དེ་གཉིས་ཀ་དང་གཉིས་མིན་དུ་འཛིན་པས་སྔོན་མཐའ་ལ་བརྟེན་པའོ། །གཉིས་པ་ནི། བདག་དང་འཇིག་རྟེན་མཐའ་དང་ལྡན་མི་ལྡན་གཉིས་ཀ་གཉིས་མིན་དུ་ལྟ་བ་སྟེ། དེས་ནི་དེ་གཉིས་ཕྱིས་ཀྱི་ཚེ་མཐའ་དང་ལྡན་མི་ལྡན་སོགས་སུ་འཛིན་པས་ཕྱི་མཐའ་ལ་བརྟེན་པའོ། །གསུམ་པ་ནི། དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་མི་འབྱུང་གཉིས་ཀ་གཉིས་མིན་དུ་ལྟ་བ་སྟེ། དེས་ནི་བདག་གི་རང་བཞིན་གྱི་སེམས་ཅན་ཤི་ནས་འབྱུང་མི་འབྱུང་སོགས་སུ་འཛིན་པས་མྱང་འདས་ལ་བརྟེན་པའོ། །ལེ་བརྒྱད་མར། བདག་དང་འཇིག་རྟེན་ཤི་ནས་འབྱུང་མི་འབྱུང་མི་འབྱུང་ཞེས་སོགས་སྦྱར་ལ་བརྒྱད་སྟོང་པ་དང་འབུམ་འགྲེལ་དུ་དེ་བཞིན་གཤེགས་པ་ལ་སྦྱར་རོ། །མཛོད་འགྲེལ་དུ་མདོ་དྲངས་པ་ལ་འཇིག་རྟེན་རྟག་མི་རྟག་ཅེས་འཇིག་རྟེན་ཉིད་འབྱུང་ངོ༌། །བདག་དང་འཇིག་རྟེན་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཡིན་ལ་འདི་དག་རྟག་མི་རྟག་སོགས་སུ་འདྲི་བ་པོའི་བསམ་པ་ནི། གང་ཟག་གི་བདག་དང་དེས་ལོངས་སྤྱོད་པའི་གཞི་ལ་བསམས་པའོ། །དེ་བཞིན་གཤེགས་པ་ནི་རྒྱན་སྣང་དུ། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་ཡོད་པའི་བདག་གི་རང་བཞིན་གྱི་དེ་བཞིན་གཤེགས་པ་ལ་རྣམ་པ་འགའ་ཞིག་ལྟར་གནས་མཐོང་བ་མ་ཡིན་ནོ་ཞེས་འབྱུང་ཞིང༌། གནོད་འཇོམས་ཆུང་བར་ཡང་བདག་གི་རང་བཞིན་ལ་བཤད་པས་བདག་གི་ངོ་བོའི་སེམས་ཅན་ལ་བྱའི་གྲོལ་བའི་བདག་ལ་བྱས་ན་རྒྱང་


JLD018_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ལ་མི་བགྲིག་གོ །བཞི་པ་ནི། ལུས་གང་ཡིན་པ་དེ་ཉིད་སྲོག་གོ་ཞེས་དང་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་འཛིན་པའོ། །ཡང་སའི་དངོས་གཞིར། གང་ལ་ལ་སྲོག་དེ་ལུས་ཡིན་ནོ་ཞེས་ལྟ་བ་དེ་ནི་བདག་གཟུགས་ཅན་དུ་ལྟའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་ལྟ་བ་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པར་ལྟའོ་ཞེས་པ་ལྟར་རོ། །གཉིས་པ་ནི། འོ་ན་སེམས་བཞི་པོ་དེ་དགག་སྒྲུབ་གཉིས་གང་ཞེ་ན། ཉི་སྣང་ལས། དེ་ལ་སྒྲུབ་པའི་སྒོ་ནས་གཡོ་བ་ལ་སོགས་པ་ནི། བདག་དང་འཇིག་རྟེན་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་བྱ་བ་ནས་བརྩམས་ཏེ་སྲོག་གང་ཡིན་པ་འདི་ནི་ལུས་སོ་ཞེས་བྱ་བ་རྣམ་པར་ཤེས་པ་ལ་བརྟེན་པའོ། །ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ཏེ། རང་གི་ཡུལ་ལ་སེམས་འཇུག་པ་གང་ཡིན་པ་དེ་ནི་གཡོ་བ་ཞེས་བྱའོ་བཅུམ་པ་ལ་སོགས་པ་དགག་པའི་སྒོ་ནས་སེམས་ཡུལ་གཞན་དུ་མི་འཇུག་པ་ནི། བདག་དང་འཇིག་རྟེན་མི་རྟག་ཅེས་བྱ་བ་ནས་བརྩམས་ཏེ་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་བརྟེན་པའོ། །ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ་ཞེས་སེམས་བཞི་དང་དེའང་དགག་སྒྲུབ་གཉིས་སུ་བསྡུ་སྟེ། དང་པོ་གསུམ་གཡོ་བ་དང་གསུམ་པ་གསུམ་དང་བཅུ་གསུམ་པ་ནི་སོགས་ཁོང་ནས་བཀྲམ་པ་བཏོན་ནས་དེ་ཡིན་པར་སྦྱར་ཏེ། བཅུ་གསུམ་པ་ནི་སྲོག་ཀྱང་ལུས་སོ་ལུས་ཀྱང་སྲོག་ཅེས་གཉིས་ཀར་ལྟ་བས་སོ། །གཉིས་པ་གསུམ་ནི། སོགས་ཁོང་ནས་འདུ་བ་གདོན་ལ་དེ་ལ་དང༌། བཞི་པ་


JLD018_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་བཅུ་བཞི་པ་ནི། བཅུམ་པ་ལ་སྦྱར་ཏེ་བཅུ་བཞི་པ་ནི་སྲོག་ཀྱང་ལུས་མ་ཡིན་ནོ་ལུས་ཀྱང་སྲོག་མ་ཡིན་ནོ་ཞེས་གཉིས་ཀ་འགོག་པར་ལྟ་བས་སོ། །དེ་ཡང་དང་པོ་ནི་བྱ་བ་མི་འགོག་པར་རང་ཡུལ་ལ་སེམས་འཇུག་པས་སྒྲུབ་པ་དང༌། ཕྱི་མ་གཉིས་ནི་བྱ་བ་བཀག་སྟེ་སེམས་ཡུལ་ལ་མི་འཇུག་པས་དགག་པའི་སྒོ་ནས་འཇུག་པར་སྦྱར་ཏེ། སྙིང་མཆོག་ལས། བཅོམ་ལྡན་འདས་མ་འདི་ལས་དང་པོ་དང་གསུམ་པ་ལ་བྱ་བ་ཡོད་པས་ན་ཕྱེ་བ་ཡིན་ནོ། །གཉིས་པ་དང་བཞི་པ་ལ་བྱ་བ་མེད་པས་ན་བཙུམས་པ་ཡིན་ནོ། །ཞེས་པ་ལྟར་རོ། །དེས་ན་བརྒྱད་སྟོང་པ་ལས་ཀྱང་གཡོ་བ་སོགས་བཞི་མེད་པར་དགག་སྒྲུབ་ཀྱི་ཕྱེ་བཙུམས་གཉིས་ཁོ་ན་གསུངས་ནས་དེའི་རྒྱས་བཤད་ལ་ལྟ་བ་བཅུ་བཞི་འབྱུང་བས་འདི་དག་གི་འཇུག་ཚུལ་ནི་དགག་སྒྲུབ་གཉིས་སུ་འདུ་བ་ཡིན་ནོ། །གསུམ་པ་ལ་དགག་སྒྲུབ་ཀྱི་ལྟ་བ་གཉིས་ཀ་ཡོད་ཅིང་བཞི་བས་དགག་སྒྲུབ་གཉིས་ཀ་བཀག་ཀྱང་སྒྲུབ་པ་དང་དགག་པར་བཞག་སྟེ་བྱ་བ་ཡོད་པ་དང་མེད་པས་སོ། །འཕགས་པའི་དགོངས་པ་འདི་ཆེན་པོ་དག་གིས་སྦྱར་ཡང་མ་འབྱོར་སྣང་ངོ༌། །དག་ལྡན་ལས། འཕྲོ་བ་ནི་སྒྲུབ་པ་སྟེ་ཡོད་ཅེས་པའོ། ། འདུ་བ་ནི་དགག་པ་སྟེ་མེད་ཅེས་པའོ། །བཀྲམ་པ་ནི་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་པའོ། །བཅུམ་པ་ནི་གཉིས་ཀ་བཀག་པ་སྟེ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་པའོ། །དེ་བཞིན་དུ་རྟག་པ་དང་མི་རྟག་པ་དང༌། རྟག་ཀྱང་


JLD018_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ལ་མི་རྟག་ཀྱང་མི་རྟག་པ་དང༌། རྟག་པ་ཉིད་ཀྱང་མ་ཡིན་མི་རྟག་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་རིག་པར་བྱའོ། །ཞེས་ཡོད་མེད་དང་གཉིས་ཀ་དང་གཉིས་མ་ཡིན་གྱི་རྣམ་པ་ཅན་བཞི་དང་ལྟ་བ་རྣམས་སྦྱོར་བར་བཤད་དོ། །གནོད་འཇོམས་ཆུང་བར། འཕྲོ་བ་ནི་རྟག་པར་ལྟ་བའོ། །འདུ་བ་ནི་ཆད་པར་ལྟ་བའོ། །བཀྲམ་པ་ནི་སྒྲོ་འདོགས་པའོ། །བཅུམ་པ་ནི་སྐུར་བ་འདེབས་པ་སྟེ། ཞེས་འབྱུང་ཞིང༌། བཞི་ཚན་གྱི་དང་པོ་གསུམ་ནས་ཐ་མ་གསུམ་གྱི་བར་གྱིས་རིམ་པ་ལྟར་འཕྲོ་བ་ནས་བཅུམ་པའི་བར་གྱི་སེམས་ཀྱི་སྤྱོད་པ་མཁྱེན་པ་རྣམས་རྒྱས་པར་བཤད་པར་མཛད་ནས། མཐའ་ཡོད་མེད་སོགས་བཞི་འཁོར་བ་ལ་མཐའ་ཡོད་མེད་སོགས་ལ་བཤད་ཅིང༌། གནོད་འཇོམས་ཆེ་བས་སེམས་བཞི་རྟག་སོགས་ལ་སྦྱར་རོ། །དེ་ལྟར་ན་ཉི་སྣང་མ་གཏོགས་པའི་འགྲེལ་པར་ལུས་སྲོག་གི་ལྟ་བ་གཉིས་སེམས་བཞི་པོ་དེ་གང་དུ་འདུ་བཤད་པ་མི་སྣང་ངོ༌། །གསུམ་པ་ནི། གྲངས་ཅན་གྱིས་ཤི་བ་ན་མི་མངོན་པའི་ཚུལ་དུ་ཡོད་པར་འདོད་པས་གྲོངས་ནས་འབྱུང་ངོ་ཞེས་ཕྱེ་བ་ལ་རྟོག་པ་དེ་དག་གིའོ། །རྒྱང་འཕེན་སོགས་ཀྱིས་ཤི་བ་ན་བདག་ཐམས་ཅད་ནས་ཐམས་ཅད་དུ་རྗེས་སུ་མི་འགྲོ་བར་འཇིག་པར་འདོད་པས་གྲོངས་ནས་མི་འབྱུང་ངོ་ཞེས་བཙུམས་པ་ལ་རྟོག་པ་དེ་དག་གིའོ། །གཅེར་བུ་བས་གནས་སྐབས་ཅན་དང་གནས་སྐབས་ཐ་དད་དུ་འདོད་པས་གྲོངས་ནས་འབྱུང་བ་དང་མི་འབྱུང་ངོ་ཞེས་ཕྱེ་བཙུམས་གཉིས་ཀ་ལ་རྟོག་པ་དེ་དག་གིའོ། །གང་ཟག་ཏུ་སྨྲ་བས་བདག་ཕུང་


JLD018_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འདོད་པས་གྲོངས་ནས་འབྱུང་བ་ཡང་མ་ཡིན་མི་འབྱུང་བ་ཡང་མ་ཡིན་ནོ་ཞེས་ཕྱེ་བཙུམས་གཉིས་ཀ་བཀག་པ་ལ་རྟོག་པ་ནི་དེ་དག་གིའོ། །འདི་སློབ་དཔོན་གྱི་བཞེད་པ་སྟེ། ཟླ་འོད་དུ་ཡང་གང་ཟག་གི་སྦྱོར་ཚུལ་དང་རྒྱུ་མཚན་དེ་ཁོ་ན་བཞིན་བྲིས་སོ། །དེ་ལྟར་ན་སློབ་དཔོན་གྱི་བཞེད་པས་ཕྱེ་བཙུམས་སོ་སོ་བ་གཉིས་དང༌། གཉིས་ཀ་སྒྲུབ་པའི་རྟོག་པ་དང༌། གཉིས་ཀ་འགོག་པའི་རྟོག་པ་བཞི་སྦྱོར་ཞིང་བརྒྱད་སྟོང་པར་དང་པོ་གཉིས་གསུངས་པས་ཕྱི་མ་གཉིས་ཤུགས་ལ་གོ་བར་དགོངས་པས་འཇུག་ཚུལ་གྱིས་ནི་དགག་སྒྲུབ་གཉིས་སུ་འདུས་སོ། །སློབ་དཔོན་གྱིས་སྔར་གྱི་བཞི་ལ་སྦྱར་ཟིན་པ་དང༌། དེ་བཞིན་དུ་བདག་རྟག་པ་ལ་སོགས་པ་ལ་ཡང་ཤེས་པར་བྱའི་ཞེས་རྟོག་ཚུལ་བཞི་དང་དེ་གང་ཟག་བཞི་བཞི་ལ་སྦྱོར་ཚུལ་བཞི་ཚན་འོག་མ་གཉིས་ལ་ཡང་གསུངས་སོ། །དོན་དེ་ལ་ཁ་ཅིག་མཐའ་དང་ལྡན་པ་མདོ་ལས་སྔར་བཤད་ཀྱང་གྲངས་ཅན་དང་རྒྱང་འཕེན་གཉིས་ལ་དེ་བཟློག་ན་འགྲིག་གོ་ཞེས་འཆད་པ་ནི། བཞིན་གྱི་གཉེར་མ་ལྟར་འགྲིག་པ་བཞིན་སྣང་ཡང་སྙིང་པོ་མེད་དེ། དང་པོ་དང་གཉིས་པ་རྣམས་ནི་གཡོ་བ་དང་འདུ་བའི་ལྟ་བ་སྒྲུབ་པ་དང་དགག་པ་རྐྱང་པའི་རྣམ་པ་ཅན་ཡིན་པར་གསུངས་ན། ཇི་ལྟར་ན་མཐའ་ལྡན་དགག་པ་དང་མཐའ་མི་ལྡན་སྒྲུབ་པར་གོ་བཟློག་པ་འཐད་དེ། སྒྲུབ་པ་དགག་པ་དང་དགག་པ་སྒྲུབ་པར་སྦྱར་བ་མི་རུང་བས་སོ། །དེས་ན་བདག་དང་འཇིག་རྟེན་མཐའ་དང་ལྡན་ཞེས་པ་ཤི་བའི་


JLD018_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཟད་ནས་མི་སྐྱེ་བ་ལ་འདོད་ན་དེ་ལྟར་རིགས་ཀྱང་མཐའི་དོན་ནི་དུ་མ་ཞིག་ཡོད་དེ། རྣམ་བཤད་རིགས་པར། མཐའ་ནི་ཟད་དང་འཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་ལའོ། །ཞེས་པ་ལྟར་ཚེ་ཕྱི་མའི་ཕུང་པོའི་ཆ་ལ་བྱས་ནས་ཚེ་འདིའི་རྣམ་ཤེས་ཕྱི་མར་འཇུག་པའི་ཆ་དང་ལྡན་པ་ལ་བཤད་ཅིང་མཐའ་དང་མི་ལྡན་པ་དེ་ལས་བཟློག་ན་ཆེས་འགྲིག་གོ །གང་དག་མི་རྟག་པར་དང་མཐའ་དང་ལྡན་པ་རྒྱང་འཕེན་ལ་འདོད་བཞིན་དུ་དེ་གཉིས་ཀྱི་དོན་ལ་མངོན་ཤེས་ཀྱིས་སྐྱེ་བ་སྔ་མ་ལ་བརྟགས་པས་དེ་ཕན་ཆད་མེད་པར་མཐོང་བས་མི་རྟག་པར་ལྟ་བ་དང༌། སྐྱེ་བ་ཕྱི་མ་ཕན་ཆད་ལ་བརྟགས་པ་ན་སྐྱེ་བ་མེད་པར་མཐོང་བས་མཐའ་དང་ལྡན་པར་ལྟ་བ་འབྱུང་བར་འདོད་པ་ནི། ཆོས་མངོན་པ་ལ་མ་འདྲིས་པའི་བབ་ཅོལ་ཏེ། རྒྱང་འཕེན་ལོག་ལྟས་དགེ་རྩ་ཆད་པའི་རྒྱུད་ལ་མངོན་ཤེས་དང་བསམ་གཏན་གྱི་སྙོམས་འཇུག་མངོན་གྱུར་དུ་ཡོད་པ་བཞད་གད་ཀྱི་གནས་སོ། །དེས་ན་དང་པོ་རྒྱང་འཕེན་མ་ཡིན་པ་ལ་ཕྱིས་མངོན་ཤེས་ལ་བརྟེན་པའི་ལྟ་བ་དེ་དག་སྐྱེས་ནས་རྒྱང་འཕེན་དུ་སོང་བ་ནི་སྲིད་དོ། །རྒྱང་འཕེན་ནི་སྐྱེ་བ་སྔ་མ་དང་ཕྱི་མ་གཅིག་ཙམ་ཡང་མི་འདོད་པས་སའི་དངོས་གཞིར་བསམ་གཏན་ལ་བརྟེན་ནས་འཇིག་བསྐལ་དང་འཆགས་བསྐལ་དྲན་པའི་ཚེ་མཐའ་ཡོད་མེད་ཀྱི་འདུ་ཤེས་འབྱུང་བར་གསུངས་བ་ཡང་ལྟ་ལོག་དེ་གཉིས་ཀྱི་ནང་ཚན་གྱི་མཐའ་ལྡན་སོགས་ལ་སྦྱར་གྱི་འདི་ལ་མི་སྦྱར་རོ། །དེས་ན་འདིའི་མཐའ་ལྡན་སོགས་བཞི་ལ་རྒྱང་འཕེན་ལ་ནི་རྟོག་གེ་ངན་པ་ལ་བརྟེན་པ་གཟུང་གི་


JLD018_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ལ་བརྟེན་པ་ནི་མ་ཡིན་ནོ། །ཐ་མ་གཉིས་ལ་གང་ཟག་གང་ཡིན་མི་གསལ་ཡང་བྱེ་བྲག་པ་བདག་གཟུགས་ཅན་དང་གྲངས་ཅན་ཤེས་པར་འདོད་པར་བློ་བརྟན་གྱིས་བཤད་པས་དེ་གཉིས་ལ་སྦྱར་རོ། །བཞི་པ་ནི། བཅུ་བཞི་པོ་དེ་ལ་དེ་ཅིའི་ཕྱིར་ལུང་མ་བསྟན་ཞེས་བྱ་ཞེ་ན། དགེ་མི་དགེར་ལུང་བསྟན་དུ་མེད་པས་མ་ཡིན་གྱི་འདི་དག་དེ་བཞིན་གཤེགས་པ་ལ་དྲིས་པ་ན། ཐམས་ཅད་བདག་ལས་བརྩམས་ཏེ་དྲིས་པས་གཞི་མེད་པ་ལ་ཁྱད་པར་དཔྱད་དུ་མེད་པར་དགོངས་ནས་ལན་ལུང་དུ་མ་བསྟན་པས་ལུང་མ་བསྟན་ཏོ། །འོ་ན་དེ་ལྟ་བུའི་བདག་མེད་ཅེས་ཅིའི་ཕྱིར་མི་གསུང་ཞེ་ན། དེ་དག་བདག་མེད་པ་བསྟན་པའི་སྣོད་དུ་མ་གྱུར་པས་དེ་ལྟར་ཡང་མ་གསུངས་ཏེ། བཙུན་པ་གཞོན་ནུ་ལེན་གྱིས། མེད་ཕྱིར་བཅོམ་ལྡན་འདས་ཀྱིས་སྲོག །དེ་ཉིད་གཞན་དུ་མ་གསུངས་སོ། །ཞེས་དང༌། སྲོག་ཅེས་བྱ་བ་ཕུང་པོ་ལ། །བཏགས་ཙམ་ཞེས་ཀྱང་མ་གསུངས་ཏེ། །དེ་ཚེའི་སྐྱེ་བོ་དེ་འདྲ་དེ། །སྟོང་ཉིད་རྟོགས་པའི་སྐལ་ལྡན་མིན། །ཞེས་པ་ལྟར་རོ། །དེ་ལྟར་གཞག་པར་བྱ་བའི་དྲི་བ་དུ་མ་ཡོད་ཀྱང་བཅུ་བཞིར་གསུངས་པ་ནི། འཁོར་དེའི་བདག་ལྟ་ཅན་གྱི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའོ། །གཡོ་བ་ལ་སོགས་པའི་སེམས་དེ་དག་ནི་ཀུན་རྫོབ་ཀྱི་མཁྱེན་ཚུལ་དེ་ལས་གཞན་དུ་ཡང་མཁྱེན་ཏེ། དེ་ཡང་ཕུང་ལྔ་དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་སོགས་སྤྲོས་བྲལ་དུ་ཤེས་པས་གཡོ་བ་སོགས་ཀྱང་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་ནི། དེ་བཞིན་གཤེགས་པས་ཡུམ་འདི་


JLD018_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ཏེ་གཟུགས་མཁྱེན་ནོ། །གཟུགས་ཇི་ལྟར་མཁྱེན་ཞེ་ན། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང་འགྱུར་བ་རྣམ་རྟོག་མཚན་མ་འབད་པ་སྦྲོས་པ་དམིགས་སུ་མེད་པ་ཇི་ལྟ་བ་དེ་ལྟར་མཁྱེན་ནོ་ཞེས་དང༌། སེམས་བཞི་ཡང་དེ་ལྟར་མཁྱེན་པར་གསུངས་སོ། །གཡོ་བ་སོགས་ལས་གཞན་ཕུང་ལྔ་དེ་དག་ནི་ཞེས་པ་འདས་མ་ཐག་པའི་བསྙེེག་ས་དང་མི་འབྲེལ་ལོ། །དེ་བཞིན་གཤེགས་པས་དེ་བཞིན་ཉིད་རྟོགས་པ་དེ་རང་གིས་རྟོགས་པ་ལྟར་གདུལ་བྱ་གཞན་ལ་བསྟན་ཅིང་བཏགས་པའམ་འདོགས་པ་ཤེས་པ་ནི། དེ་བཞིན་ཉིད་དུ་འདོགས་པ་དང་དེ་བཞིན་ཉིད་ཐུགས་སུ་ཆུད་པ་དང་དེ་བཞིན་ཉིད་མཆོག་ཏུ་མཁྱེན་པ་དང༌། དེ་བཞིན་ཉིད་ཡང་དག་པར་སྟོན་པའི་ཤེས་པ་བཞི་གཅིག་ཏུ་བྱས་པ་སྟེ། དེ་བཞིན་ཉིད་དུ་འདོགས་པར་མཛད་དོ། །ཞེས་དང༌། ཡུམ་འདི་ལ་བརྟེན་ནས་དེ་བཞིན་ཉིད་འདི་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་དང༌། དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་རྒྱས་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །ཞེས་དང༌། མངོན་པར་རྫོགས་པར་སངས་རྒྱས་ནས་གསུངས་སོ། །ཞེས་པའོ། །དེ་དག་གི་ཁྱད་པར་ནི། དེ་བཞིན་ཉིད་ཐམས་ཅད་ཚུལ་གཅིག་ཏུ་འཇོག་པ་དང༌། དེ་ཇི་བཞིན་དུ་རྟོགས་པ་དང༌། དེ་ཆོས་རྣམས་ཀྱི་མཆོག་ཏུ་རྟོགས་པ་དང༌། རྟོགས་པ་ལྟར་གཞན་ལ་སྟོན་པ་སྟེ། དེ་ལྟར་ན་གསུམ་པ་མ་གཏོགས་པ་རྣམས་འགྲེལ་ཚིག་གིས་ཟིན་ཅིང་རྩ་བས་གཉིས་པ་དང་བཞི་པ་ཡང་ངོ༌། །བཅུ་དྲུག་པོ་འདི་དག་གཙོ་བོར་གཞི་ཕུང་པོ་ལྔ་དང་དེ་ལས་ཀྱང་སེམས་དང་སེམས་བྱུང་


JLD018_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གི་མིང་གཞིའི་ཕུང་པོ་དང་དེ་བཞིན་ཉིད་མཁྱེན་པར་གསུངས་པས་གཞི་མཁྱེན་པའི་ཤེས་པས་སོ། །གཉིས་པ་ནི་ཤེས་མཚན་བཤད་པའི་གཉིས་པ་སྟེ་ལམ་ཤེས་ཀྱི་སྒོ་ནས་དེའི་ཤེས་མཚན་བཤད་པ། གཉིས་པ་ལ་གསུམ་ལས། དང་པོ་ནི། གཞི་ཤེས་ཀྱི་ཤེས་མཚན་དེའི་འོག་ཏུ་ལམ་ཤེས་ཀྱི་སྒོ་ནས་དེའི་ཤེས་མཚན་གསུངས་སོ། །གཉིས་པ་ནི། ཚིགས་བཅད་ཕྱེད་དང་གཉིས་ཀྱིས་བཤད་ནས་རྐང་པ་ཐ་མ་གཉིས་ཀྱིས་དོན་བསྡུས་ཏེ་མཚོན་ཚུལ་བསྟན་ཏོ། །ཐ་མའི་ཤེས་པ་ཐམས་ཅད་ཀྱི་མཐར་རོ། །ཤཱནྟི་པས་སྐྱེ་མེད་སོགས་གཅིག་ཏུ་བྱས་ནས་དགུར་བྱེད་དོ། བཅུ་དྲུག་ཀྱང་ལྔར་འདུ་སྟེ། ཆོས་ཅན་ལམ་གྱི་རང་བཞིན་གྱི་རབ་དབྱེ་དང་དམ་བཅའ་གཞན་དུ་བྱ་བར་མི་ནུས་པ་དང༌། གཏན་ཚིགས་རྒྱུས་མ་བྱས་ཤིང་བློས་ཀྱང་མ་བསྒྲུབས་པ་དང་དཔེ་ཡི་དོན་དང་དེ་དག་བདེན་གཉིས་ཀྱི་སྒོ་ནས་རྟོགས་པའི་ཚུལ་ཤེས་པ་སྟེ་དང་པོ་བཅུ་དང༌། བཅུ་གཉིས་པ་དང༌། དེ་ནས་གཉིས་དང་བཅུ་གཅིག་པ་དང་ཐ་མ་གཉིས་དང་གྲངས་བཞིན་ནོ། །གསུམ་པ་ནི། བསྡུས་པ་ཡིན་ནོ། །གང་ན། སྟོང་ཉིད་སོགས་ཀྱི་ཤེས་པའི་མཚན་ཉིད་བཅུ་དྲུག་ནི་འོ། །གང་གིས་ན། ལམ་ཤེས་པ་ཉིད་ཀྱིས་སོ། །རྒྱུ་མཚན་ནི། ཡུལ་བཅུ་དྲུག་པོ་འདི་རྣམས་ཀྱི་ཡུལ་ཅན་ཤེས་པའི་རྣམ་པའི་ཁྱད་པར་རམ་བྱེ་བྲག་བཅུ་དྲུག་གིས་ལམ་ཤེས་ཀྱི་སྦྱོར་བ་དག་དེའི་མཁྱེན་པ་བཅུ་དྲུག་སྐྱེད་པའི་ནུས་ལྡན་དུ་མཚོན་པས་ནའོ། །མཚོན་ཚུལ་ནི། སྦྱོར་བ་དེ་ལ་ནུས་པ་བཅུ་དྲུག་ཇི་ལྟར་གནས་པ་བཞིན་དུའོ། །ཉི་སྣང་ལས། ལམ་ཤེས་པ་ཉིད་ཀྱི་ཤེས་པའི་རྣམ་པ་


JLD018_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་གིས་དེ་བཞིན་གཤེགས་པ་གང་ཡིན་པ་དེའི་དབང་དུ་མཛད་ནས་ཞེས་པ་ནི། རྣམ་འགྲེལ་ལས། །ལམ་ཤེས་པའི་སྒོ་ནས་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་དེའི་སྒོ་ནས་སྦྱོར་བའི་དེ་བཞིན་གཤེགས་པ་སྐྱེད་པར་མཚོན་པ་ལ་དགོངས་སོ། །འདི་རྣམ་མཁྱེན་གྱི་སྐབས་སུ་གསུངས་པ་ལ་ཡང་སྦྱར་རོ། །དེ་གང་ན་ལམ་ཤེས་ཀྱི་ཡུལ་ལ་བརྟེན་ནས་ཞེས་ཐམས་ཅད་ཀྱི་ཐོག་མ་དང་ཞེས་བྱ་བ་ཞེས་ཐམས་ཅད་ཀྱི་མཐར་རོ། །ཆོས་ཐམས་ཅད་ངོ་བོས་སྟོང་པ་ཉིད་དུ་ཤེས་པ་དང༌། རྒྱུའི་མཚན་མ་མེད་པར་ཤེས་པ་དང༌། འབྲས་བུ་ལ་སྨོན་པར་བྱར་མེད་པར་ཤེས་པ་ནི། ལྷའི་བུ་དག་ཡུམ་ཟབ་མོ་འདིའི་མཚན་ཉིད་ནི་སྟོང་པ་ཉིད་དོ། ལྷའི་བུ་དག་ཡུམ་ཟབ་མོ་འདིའི་མཚན་ཉིད་ནི་མཚན་མ་མེད་པའོ། ལྷའི་བུ་དག་ཡུམ་ཟབ་མོ་འདིའི་མཚན་ཉིད་ནི་སྨོན་པ་མེད་པའོ་ཞེས། ཡུམ་གྱི་མཚན་ཉིད་དམ་རང་བཞིན་དེ་ཞེས་དྲུག་ཀ་ལ་སྦྱར་རོ། །རྟེན་འབྲེལ་ལུགས་འབྱུང་གི་སྐྱེ་བ་མེད་པར་དང༌། ལུགས་བཟློག་གི་འགག་པ་མེད་པར་དང༌། རྩ་བའི་སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ་དྲི་མའི་བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པར་དང༌། དྲི་མ་དང་བྲལ་བའི་རྣམ་པར་བྱང་བ་མེད་པར་དང༌། སྤང་བླང་གི་དངོས་པོ་མེད་པར་དང༌། མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཤེས་པ་དང༌། ཆོས་དབྱིངས་ཀྱི་ངོ་བོས་གནས་པའི་རྟེན་མེད་པར་དང༌། དེ་དག་ཀྱང་དཔེར་ན་ནམ་མཁའི་མཚན་ཉིད་དམ་ངང་ཚུལ་ཇི་ལྟ་བ་དེ་ལྟར་ཤེས་པ་སྟེ། ཤེས་


JLD018_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུག་ནི་ཡུམ་འདིའི་མཚན་ཉིད་ནི་སྐྱེ་བ་མེད་པའོ། །མཚན་ཉིད་འགག་པ་མེད་པའོ། །མཚན་ཉིད་ཀུན་ནས་ཉོན་མོངས་པ་མེད་པའོ། །མཚན་ཉིད་རྣམ་པར་བྱང་བ་མེད་པའོ། །མཚན་ཉིད་དངོས་པོ་མེད་པའོ། །མཚན་ཉིད་རང་བཞིན་མེད་པའོ། །མཚན་ཉིད་རྟེན་མེད་པའོ། །མཚན་ཉིད་ནམ་མཁའ་འོ། །ཞེས་སོ། །མདོ་དང་ཤེར་སྒྲོན་གཉིས་ཀར་ངོ་བོ་ཉིད་མེད་པ་ཞེས་འབྱུང་ཡང༌། ཉི་སྣང་ལས། ངོ་བོ་ཉིད་ཤེས་པ། ཞེས་དང༌། རྒྱན་སྣང་དུ། མྱ་ངན་ལས་འདས་པའོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཤེས་པའོ་ཞེས་དང༌། འདིར་ཡང་སྔ་ཕྱི་རྣམས་ལ་མེད་པའི་སྒྲ་སྦྱར་ནས་འདི་ལ་མ་མཛད་པས་ངོ་བོ་ཉིད་མེད་པ་ཞེས་མི་སྦྱོར་བ་འདྲའོ། །ལྷ་མི་སོགས་ཀྱི་མཚན་ཉིད་ཀྱང་ཡུམ་གྱི་མཚན་ཉིད་སྟོང་པ་ཉིད་སོགས་ཡིན་པས་དེ་དག་གི་ཆོས་ཉིད་རྣམ་པར་འཁྲུག་པའམ་དོར་བ་མེད་པར་ཤེས་པར་ནི། མཚན་ཉིད་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དཀྲུག་པར་ནུས་པ་མེད་དོ། །ཞེས་སོ། ཆོས་ཉིད་རྒྱུ་རྐྱེན་གྱིས་འདུ་མི་བྱེད་པ་སྟེ། འདུ་བྱེད་པ་མེད་པར་ཤེས་པ་ནི། མཚན་ཉིད་དེ་དག་ནི་གཟུགས་ཀྱིས་འདུས་མ་བྱས་པ་ཡིན། ཞེས་སོ། ཆོས་ཉིད་དེ་འགར་ཡང་གདགས་པར་བྱ་བ་མ་ཡིན་པས་རྣམ་པར་མི་རྟོག་པ་ཤེས་པ་ནི། མཚན་ཉིད་དེ་དག་ནི་མིའམ་མི་མ་ཡིན་པའམ་ཟག་པ་དང་བཅས་པའམ་ཟག་པ་མེད་པའམ་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའམ་འདུས་བྱས་སམ་འདུས་མ་བྱས་ཀྱི་མ་ཡིན་ནོ། །ཞེས་སོ། དེ་


JLD018_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པས་ཆོས་རྣམས་ཀྱི་མཚན་ཉིད་དེ་ཇི་ལྟར་གནས་པ་ལྟར་མཁྱེན་ནས་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་བསྟན་པར་ཤེས་པ་ནི། མཚན་ཉིད་འདི་དག་ལ་བཞུགས་ནས་དེ་བཞིན་གཤེགས་པས་མཚན་ཉིད་ཐམས་ཅད་ཡང་དག་པར་རབ་ཏུ་བསྟན་ཏོ། །ཞེས་སོ། དོན་དམ་པར་མཚན་ཉིད་ཐམས་ཅད་མེད་པར་ཤེས་པ་ནི། གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བ་སྟེ་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་སོ། །བཅུ་དྲུག་པོ་འདི་ཡུམ་གྱི་མཚན་ཉིད་ཤེས་ཆ་ནས་གསུངས་ལ་ཡུམ་ཡང་ལམ་གྱི་རང་བཞིན་ཡིན་པས་ལམ་ཤེས་ཀྱི་ཤེས་མཚན་དུ་བཞག་གོ །གསུམ་པ་ནི་ཤེས་མཚན་བཤད་པའི་གསུམ་པ་སྟེ་རྣམ་མཁྱེན་གྱི་སྒོ་ནས་དེའི་ཤེས་མཚན་བཤད་པ། གསུམ་པ་ལ་གསུམ་ལས། དང་པོ་ནི། ལམ་ཤེས་ཀྱི་ཤེས་མཚན་དེའི་འོག་ཏུ་རྣམ་མཁྱེན་གྱི་སྒོ་ནས་ཤེས་མཚན་གསུངས་སོ། །གཉིས་པ་ནི། ཚིགས་བཅད་ཕྱེད་དང་གསུམ་གྱིས་བཤད་ནས་རྐང་པ་ཐ་མ་གཉིས་ཀྱིས་དོན་བསྡུས་ཏེ། མཚོན་ཚུལ་བསྟན་ཏོ། །ཐ་མའི་ཤེས་པ་ནི་ཐམས་ཅད་ལའོ། །ཤཱནྟི་པས་རྒྱས་བཤད་ཀྱི་རྐང་པ་ཐ་མའི་དོན་གཅིག་ཏུ་དང་བརྗོད་ཅེས་སོགས་བཞི་གཅིག་ཏུ་བྱས་ནས་བཅུ་གཉིས་སུ་བྱེད་དོ། །རྣམ་ཀུན་མཁྱེན་པའི་ཚུལ་ནི་སྐབས་ཡིན་ལ་བཤད་པ་ནི་མདོ་ལས་ཏེ་སྔ་མ་གཉིས་ལའང་འདི་སྦྱར་ཞིང་སྔ་མ་གཉིས་ཀྱི་བསྡུས་ཞེས་སོགས་ཀྱང་འདི་ལའོ། །བཅུ་དྲུག་ཡོད་ཀྱང་གསུམ་དུ་འདུ་སྟེ་ཡུམ་ལ་བརྟེན་ནས་བདེ་བར་གནས་ཚུལ་དང༌། དེ་དེའི་དྲིན་དུ་དང༌། དེས་འཇིག་རྟེན་བསྟེན་ཚུལ་ཤེས་པ་སྟེ་དང་པོ་དང་དེ་ནས་ལྔ་དང་ལྷག་མ་རྣམས་


JLD018_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ལྟར་རོ། །གཉིས་པ་ལ་ཀུན་རྫོབ་དང་དོན་དམ་དུ་ཤེས་ཚུལ་གཉིས་ཏེ་བཞི་དང་གཅིག་རིམ་པ་ལྟར་རོ། །གསུམ་པ་ལ་བདེན་གཉིས་དང་དུས་དང་ཡུལ་ཡུལ་ཅན་དང་དགག་བྱ་འགོག་ཚུལ་གྱི་དབང་དུ་བྱས་པའི་མཁྱེན་པ་བཞི་སྟེ། གཉིས་དང་བཞི་དང་གཉིས་དང་གཉིས་རྣམས་གྲངས་བཞིན་ནོ། །གསུམ་པ་ནི། བསྡུས་པ་ཡིན་ནོ། །གང་ན། གནས་པ་སོགས་ཀྱི་ཤེས་པའི་མཚན་ཉིད་བཅུ་དྲུག་ནིའོ། །གང་གིས་ན། རྣམ་མཁྱེན་ཉིད་ཀྱིས་སོ། །རྒྱུ་མཚན་ནི། ཡུལ་བཅུ་དྲུག་པོ་འདི་རྣམས་ཀྱི་ཡུལ་ཅན་ཤེས་པའི་རྣམ་པའི་བྱེ་བྲག་གམ་ཁྱད་པར་བཅུ་དྲུག་གིས་རྣམ་མཁྱེན་གྱི་སྦྱོར་བ་དག་དེའི་མཁྱེན་པ་བཅུ་དྲུག་སྐྱེད་པའི་ནུས་ལྡན་དུ་མཚོན་པས་ནའོ། །ཚུལ་ནི་སྔར་ལྟར་རོ། །དེ་གང་ན། རྣམ་མཁྱེན་གྱི་སྦྱོར་བ་ལ་བརྟེན་ནས་ཞེས་ཐམས་ཅད་ཀྱི་སྔོན་དུ་དང༌། ཞེས་བྱ་བ་ནི། ཐམས་ཅད་ཀྱི་མཐར་རོ། །དེ་བཞིན་གཤེགས་པ་དེ་ནི་རང་ཉིད་ཀྱི་རྒྱུའི་ཆོས་རྣམ་མཁྱེན་གྱི་སྦྱོར་བའི་ཡུམ་ལ་མངོན་པར་བརྟེན་ནས་མཐོང་ཆོས་ལ་བདེ་བར་གནས་པ་ཤེས་པ་ནི། དེ་བཞིན་གཤེགས་པ་རྣམས་ཡུམ་གྱི་ཆོས་འདི་ལ་བརྟེན་ཅིང་གནས་སོ། །ཞེས་སོ། དེ་ནི་ཞེས་པ་ཐུབ་པས་དེ་བཞིན་ཉིད་རྟོགས་ཞེས་པའི་ཐུབ་པ་ལ་སྙེག་གོ །ཡུམ་སྟོན་པ་ན་ཉིད་ཀྱིས་གདན་དང་ཁྲི་བཤམས་པ་སོགས་མཛད་ནས་གུས་པར་བྱ་བར་ཤེས་པ་དང༌། བཀའ་བསྒྲུབ་པར་བྱ་བ་ཉིད་དུ་བཀུར་བས་བླ་མར་བྱ་བར་ཤེས་པ་དང༌། ཡོན་ཏན་བརྗོད་པ་ལ་སོགས་པས་མཉེས་པར་བྱ་བར་ཤེས་


JLD018_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རིན་པོ་ཆེའི་མེ་ཏོག་གཏོར་བ་སོགས་ཀྱིས་ཡུམ་དེ་ལ་མཆོད་པར་བྱ་བར་ཤེས་པ་ནི། དེ་བཞིན་གཤེགས་པ་ཐེག་པ་གང་གིས་བྱོན་པ་དང་ལམ་གང་གིས་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བའི་ཐེག་པ་དེ་ཉིད་དང་ལམ་དེ་ཉིད་ལ་དེ་བཞིན་གཤེགས་པ་རིམ་གྲོ་མཛད་པ་དང༌། བླ་མར་མཛད་པ་དང༌། བསྟི་སྟང་དུ་མཛད་པ་དང༌། མཆོད་པར་མཛད་པ་དང༌། རྗེད་པར་མཛད་པ་དང༌། བཀུར་སྟིར་མཛད་པ་དང༌། རྗེས་སུ་འཛིན་པར་མཛད་པ་དང༌། ཡོངས་སུ་བསྲུང་བར་མཛད་པའི་ཕྱིར་ཏེ། ཞེས་སོ། ཡུམ་ལ་དེ་ལྟར་མཛད་པ་ནི། །ཕན་ལན་བྱེད་པ་དང་ཕན་པ་ཆུང་ངུ་ཡང་ཆེན་པོར་དགོངས་པའི་བྱས་པ་ཤེས་པ་དང་བྱས་པ་ཚོར་བ་ཡིན་པས་སོ། །དེ་ཁོ་ནར་སྐྱེ་འཇིག་དང་རང་གི་ངོ་བོས་སྟོན་པས་གུས་པར་བྱ་བ་སོགས་དེ་ལྟར་བྱེད་པ་མེད་པ་ཉིད་ཤེས་པ་ནི། དེ་བཞིན་གཤེགས་པས་བྱེད་པ་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་མ་བྱས་ཞེས་བྱར་བར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་སོ། །ཡུམ་ཐམས་ཅད་དུ་ཐོགས་མེད་དུ་འཇུག་པའམ་འགྲོ་བ་ཤེས་པ་ནི། ཡུམ་ལ་བརྟེན་ཏེ་དེ་བཞིན་གཤེགས་པས་བྱེད་པ་མེད་པ་ཅན་ཤེས་པ་ཆོས་ཐམས་ཅད་ལ་འཇུག་པ་མེད་པའི་བརྡས་འཇུག་སྟེ། ཞེས་སོ། །གཟུགས་སོགས་ཀྱི་དོན་དེ་ཁོ་ནར་མ་མཐོང་བ་ཉིད་ཐ་སྙད་དུ་དེ་ཁོ་ནར་མཐོང་བར་སྟོན་པར་མཛད་པ་ཤེས་པ་ནི། གང་གི་ཚེ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་སྐྱེ་བ་དེའི་ཚེ་གཟུགས་ཀྱི་མཐོང་བ་མེད་པའི་ཕྱིར་སྟོན་པར་བྱེད་དོ། །ཞེས་སོ། །ཕུང་ལྔ་སོགས་


JLD018_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པ་ཅན་དུ་ཤེས་པ་དང༌། གདུལ་བྱ་འཁོར་དུ་བསྡུས་པ་ལ་འཇིག་རྟེན་དེ་རང་གི་ངོ་བོས་སྟོང་པ་ཉིད་དུ་བརྗོད་པ་ཤེས་པ་དང༌། རྒྱུད་སྨིན་པའི་གདུལ་བྱ་ལ་འཇིག་རྟེན་དེ་སྟོང་པ་ཉིད་དུ་ཤེས་པར་མཛད་པ་ཤེས་པ་དང༌། རྣམ་པར་གྲོལ་བའི་གདུལ་བྱ་ལ་འཇིག་རྟེན་སྟོང་པ་ཉིད་དུ་མངོན་སུམ་མཐོང་བར་མཛད་པ་ཤེས་པའམ། ཡང་ན་ཐེག་དམན་འཕགས་པའི་དབང་དུ་མཛད་དེ། ཡུམ་གྱིས་དང་པོ་དེ་བཞིན་གཤེགས་པ་ལ་ཡུམ་གྱི་ཕྱོགས་གཅིག་ལ་འཇུག་པ་གཞི་ཤེས་ཀྱི་རྟོགས་རིགས་སྐྱེད་པ་ལ་དགོངས་ནས་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པ་ཤེས་པ་དང༌། བྱང་སེམས་ཀྱི་དབང་དུ་མཛད་དེ། ཡུམ་གྱིས་དེ་བཞིན་གཤེགས་པ་ལ་བར་དུ་རྣམ་མཁྱེན་གྱི་ཆེད་དུ་བྱེད་པའི་འཇུག་པ་ལམ་ཤེས་ཀྱི་རྟོགས་པ་སྐྱེད་པ་ལ་དགོངས་ནས་འཇིག་རྟེན་སྟོང་ཉིད་དུ་ཤེས་པར་མཛད་པ་ཤེས་པ་དང༌། སངས་རྒྱས་ཀྱི་དབང་དུ་མཛད་དེ་ཡུམ་གྱིས་དེ་བཞིན་གཤེགས་པ་ལ་མཐར་འཇིག་རྟེན་སྟོང་ཉིད་དུ་མངོན་སུམ་མཐོང་བའི་འཇུག་པ་རྣམ་མཁྱེན་གྱི་རྟོགས་པ་སྐྱེད་པ་ལ་དགོངས་ནས་འཇིག་རྟེན་སྟོང་ཉིད་དུ་མངོན་སུམ་དུ་མཐོང་བར་མཛད་པ་ཤེས་པའོ། །གཞན་དག་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྐྱེད་པའི་ཕྱིར་དེ་གསུམ་མོ་ཞེས་ཟེར་རོ། །འདིའི་མདོ་ལ་ཡུམ་ནི་འཇིག་རྟེན་སྟོང་ངོ་ཞེས་བརྗོད་པར་མཛད་དོ་ཞེས་བརྗོད་པར་མཛད་པ་དང༌། ཡུམ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་ཤེས་པར་མཛད་དོ་ཞེས་


JLD018_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཤེས་པར་མཛད་པ་དང༌། ཡུམ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་སྟོན་པར་མཛད་དོ་ཞེས་སོགས་སྟོན་པར་མཛད་པའི་འགྲེས་གཅིག་དང་འགྲེས་གསུམ་འབྱུང་ཞིང༌། ལེ་བརྒྱད་མར་སྟོང་པ་ཉིད་ཀྱི་རྣམ་པར་བརྗོད་པར་མཛད་པ་དང་ཤེས་པར་མཛད་པ་དང་སྟོན་པར་མཛད་པའི་ཤེས་པ་ཡིན་ནོ་ཞེས་འཇིག་རྟེན་སྟོང་ཉིད་རྣམ་པ་ལོགས་སུ་མ་བཅད་པར་གསུམ་དུ་འབྱུང་ལ། ཉི་སྣང་ལས་ཀྱང་ཕྱི་མ་གསུམ་མ་ཡིན་པ་སྔ་མ་ལ་མདོ་མ་སྦྱར་རོ། །བརྒྱད་སྟོང་པར། དེ་ལྟར་འཇིག་རྟེན་སྟོང་པའོ། །དེ་ལྟར་འཇིག་རྟེན་བརྗོད་པའོ། །དེ་ལྟར་འཇིག་རྟེན་ཤེས་པའོ། །དེ་ལྟར་འཇིག་རྟེན་ཡང་དག་པར་སྟོན་ཏེ། ཞེས་པ་བཞི་འདི་བཞི་ལ་རིམ་བཞིན་དུ་རྒྱན་སྣང་ལས་སྦྱར་རོ། །ཕུང་ལྔའི་དེ་ཁོ་ན་ཉིད་རྟོགས་པའི་སྤྱོད་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་ཉིད་དུ་སྟོན་པར་ཤེས་པ་ནི། ཡུམ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན་ཏོ། །ཞེས་སོ། །ཕུང་ལྔའི་ཆོས་ཉིད་སྤྲོས་པ་ཐམས་ཅད་ཞི་བ་ཉིད་དུ་སྟོན་པ་ཤེས་པ་ནི། རྣམ་པར་དབེན་ཞེས་བྱ་བ་དང་ཤིན་ཏུ་སྟོང་ཞེས་བྱ་བ་དང་རང་བཞིན་སྟོང་ཞེས་བྱ་བར་སྟོན་ཏོ། །ཞེས་སོ། །ཡུལ་ལ་འཇིག་རྟེན་ཟག་བཅས་ཀྱི་ཕུང་པོ་ལྔ་འགོག་པ་ཤེས་པ་ནི། ཡུམ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །ཞེས་སོ། །ཡུལ་ཅན་ཕུང་ལྔ་ལ་བླང་དོར་རམ་འཇིག་རྟེན་ཕ་རོལ་དང་ཚུ་རོལ་གྱི་འདུ་ཤེས་འགོག་པ་ཤེས་པ་ནི། ཡུམ་ཟབ་མོ་འདི་ཡང་དེ་བཞིན་གཤེགས་པ་ལ་འཇིག་རྟེན་འདིའི་འདུ་ཤེས་དང་འཇིག་རྟེན་ཕ་རོལ་


JLD018_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འདུ་ཤེས་སུ་ཡང་མི་འགྱུར་བ་དེ་ལྟར་འཇིག་རྟེན་སྟོན་ཏོ། །ཞེས་སོ། །འདི་ནས་བསྟན་པའི་ཡུལ་ནི་ཕལ་ཆེར་སངས་རྒྱས་ཀྱི་རྒྱུད་ལ་སྐྱེས་པའི་རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་འབྲས་བུའི་རྣམ་གཞག་ཡིན་པས་དེ་ཤེས་པའི་ཡུལ་ཅན་བཅུ་དྲུག་ནི་རྣམ་མཁྱེན་གྱི་ཤེས་མཚན་ནོ། །དེ་ལྟར་ཤེས་མཚན་འདི་དག་ཀྱང་སངས་རྒྱས་ལ་གཙོ་ཆེ་བ་ལ་དགོངས་ཀྱི་བྱང་སེམས་ལ་མེད་པ་མ་ཡིན་ནོ། །གཉིས་པ་ནི་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པའི་གཉིས་པ་སྟེ་ཁྱད་མཚན་བཅུ་དྲུག་གི་སྐོར་བཤད་པ། གཉིས་པ་ལ་གཉིས། མཚམས་སྦྱར། དོན་བཤད་པའོ། །དང་པོ་ནི། སྔར་གྱི་དེ་ལྟར་བར་ཚིགས་དགུས་ཤེས་པའི་མཚན་ཉིད་ཀྱིས་སྦྱོར་བ་རྣམས་སྤྱིའི་ངོ་བོ་ཉིད་དུ་སྟེ། སངས་རྒྱས་སྐྱེད་བྱེད་ཙམ་དུ་མཚོན་གྱི་དེ་ཁོ་ན་སྐྱེད་བྱེད་དོ་ཞེས་གཞན་ལྡན་རྣམ་གཅོད་དུ་མ་བྱས་པ་དེ་བརྗོད་ཟིན་ནས་ཤེས་པའི་མཚན་ཉིད་དེའི་འོག་ཏུ་བར་ཚིགས་བཞིས་ཁྱད་པར་གྱི་མཚན་ཉིད་འཆད་དེ། །ཤེས་པའི་མཚན་ཉིད་ཀྱི་རྣམ་པས་སྤྱིར་སངས་རྒྱས་སྐྱེད་བྱེད་དུ་ཡོངས་སུ་བཅད་པ་སྟེ་ཤེས་པར་བྱས་པའི་སྦྱོར་བ་རྣམས་ཀྱི་ཁྱད་པར་ཇི་ལྟ་བུ་ཡིན་པ་དེ་ཤེས་པར་བྱ་དགོས་པས་སོ། །རྒྱན་སྣང་དུ་སྤྱིའི་མཚན་ཉིད་དུ་ཤེས་པའི་རྣམ་པས་ཡོངས་སུ་བཅད་པ་རྣམས་ཀྱི་ཁྱད་པར་ཤེས་པར་བྱ་དགོས་པས་ཞེས་པ་ཉིད་གསལ་ལོ། །ཁ་ཅིག་སྤྱིའི་ངོ་བོ་ཉིད་དུ་ཞེས་པ་གོང་དུ་ཤེས་མཚན་གསུམ་གྱི་དམན་མཆོག་གི་ཁྱད་པར་མ་ཕྱེ་བར་བརྗོད་ནས་འདིར་གཞི་ཤེས་ལས། གཞན་གཉིས་ཁྱད་པར་དུ་འཕགས་པར་སྟོན་པ་ནི་དོན་མ་ཡིན་ཏེ། གཞི་ཤེས་ཀྱི་སྦྱོར་བ་དང་ཤེས་མཚན་གཉིས་ཀ་ཐེག་ཆེན་གྱི་ལམ་


JLD018_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། འདིར་ནི་ཉན་རང་ལས་མཆོག་ཏུ་གསུངས་པས་སོ། །གཉིས་པ་ལ་གསུམ། ཁྱད་ཆོས་གྲངས་ཀྱི་སྒོ་ནས་མདོར་བསྟན། དེ་ཉིད་ངོ་བོའི་སྒོ་ནས་རྒྱས་པར་བཤད། དམན་ལམ་དངོས་སུ་མི་སྟོན་པའི་འཐད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། བཤད་པ་ཡིན་ནོ། །གང་ན། ཁྱད་པར་སོགས་སོ། །གང་གི་སྒོ་ནས་ན། སྐད་ཅིག་མ་ནི་བཅུ་དྲུག་ཏུ་ཕྱེ་བའི་སྒོ་ནས་སོ། །གང་གིས་ཁྱད་པར་དུ་བྱས་ན། བསམ་མི་ཞེས་སོགས་སོ། །གང་གི་ཡུལ་ཅན་ཡིན་ན། བདེན་པའི་སོགས་སོ། །གང་ལས་ན། མདོ་ལས་སོ། །གཉིས་པ་ནི། ཁྱད་པར་གྱི་མཚན་ཉིད་ཡིན་ནོ། །གང་ན། ཁྱད་པར་བཅུ་དྲུག་དང་ལྡན་པའི་སྐད་ཅིག་མ་བཅུ་དྲུག་གོ །རྒྱུ་མཚན་ནི། །བདེན་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དང༌། མི་མཉམ་པ་ལ་སོགས་པ་རྟོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའི་ཡུལ་ཅན་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་སོ་སོར་བཞི་སྟེ་བརྒྱད་དང༌། ཆོས་དང་རྗེས་སུ་ཤེས་པ་སོ་སོར་བཞི་བཞི་སྟེ། བརྒྱད་ཀྱི་མཚན་ཉིད་བཅུ་དྲུག་གིས་ལམ་ཤེས་པ་ཉིད་དང་སོགས་པས་རྣམ་མཁྱེན་གྱི་སྦྱོར་བ་དག་ཉན་རང་གི་ལམ་ལས་ཕུལ་དུ་བྱུང་བར་མཚོན་པས་ནའོ། །འདིར་གཞི་ཤེས་དང་སྒོམ་ལམ་དང་སྦྱོར་ལམ་རྣམས་ཀྱི་སྦྱོར་བའི་ཁྱད་པར་མི་འཆད་པ་ཅི་ཞེ་ན། དང་པོ་ནི་གཞི་ཤེས་སུ་དེའི་སྦྱོར་བ་བཅུའི་ཁྱད་པར་བཤད་ཟིན་པའམ་ཡང་ན་གཞི་ཤེས་ཙམ་གྱི་ལྡོག་པ་ནི་ཁྱད་པར་དུ་འཕགས་གཞི་ཉན་རང་ལ་ཡང་ཡོད་པས་དེའི་ཆ་ནས་ཁྱད་པར་འཆད་པ་མི་


JLD018_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་ལ། གཉེན་པོ་གཞི་ཤེས་ལ་ནི་ལམ་ཤེས་ཀྱིས་ཁྱབ་པས་དེའི་ཁྱད་པར་བཤད་པ་ཉིད་ཀྱིས་དེ་ཡང་དོན་གྱིས་བཤད་པ་ལ་དགོངས་སོ། །འོ་ན་རྣམ་མཁྱེན་གྱི་སྦྱོར་བ་ལ་ཡང་ཐལ་ཞེ་ན། དེ་ལ་ནི་རྣམ་མཁྱེན་ཙམ་གྱི་ལྡོག་པ་ནས་ཀྱང་ཁྱད་པར་ཡོད་པས་མི་མཚུངས་སོ། །གཉིས་པ་ནི་མཐོང་ལམ་དེ་སྦྱོར་ལམ་གྱི་འབྲས་བུ་དང་སྒོམ་ལམ་གྱི་རྒྱུ་ཡིན་པས་དེ་ལ་བཤད་པ་ནགཉིས་ལ་ཡང་གོ་སྟེ། རྒྱུ་ལ་ཁྱད་པར་མེད་ན་འབྲས་བུའི་ཁྱད་པར་རྒྱུ་མེད་དུ་འགྱུར་ཞིང་རྒྱུ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་ཁྱད་པར་མེད་ན་རྒྱུའི་དེ་དོན་མེད་པར་འགྱུར་བས་སོ། །ཉི་སྣང་ལས་ཁྱད་པར་འདི་དག་སྦྱོར་བ་གསུམ་གའི་ཡིན་པར་བཞེད་གསུང་ཡང་དམིགས་བསལ་མ་མཛད་པ་ཙམ་ལ་དཔགས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་དུ་བྱེད་ཆོས་དེ་གང་ཡིན་ཞེ་ན། དེའི་ལན་དུ་བར་ཚིགས་གསུམ་པོ་གསུངས་སོ། །ཡང་ནི་ཁྱད་པར་བཅུ་དྲུག་མདོར་བསྟན་པར་མ་ཟད་པའོ། །གཉིས་པ་ནི། ཚིགས་བཅད་ཕྱེད་དང་གསུམ་གྱིས་ནི་ཁྱད་པར་གྱི་ངོ་བོ་བསྟན་ལ་ཐ་མ་གཉིས་ཀྱི་དོན་ནི་ཁྱད་པར་དུ་འཕགས་སོ་གང་ན། ལམ་སྦྱོར་བ་གཉིས་ནིའོ། །གང་ལས་ན། ཐེག་ཆེན་ལས་གཞན་ཉན་རང་གི་ལམ་དག་ལས་སོ། །བྱེད་ཆོས་གང་གིས་ན། བསམ་མི་ཁྱབ་སོགས་ཀྱི་ཁྱད་པར་གང་གིས་ཏེ་དེས་སོ། །གྲངས་དུ་ཞེ་ན། །ཁྱད་པར་ནི་བཅུ་དྲུག་གི་བདག་ཉིད་དུ་ཤེས་པར་བྱའོ། །བཅུ་དྲུག་གང་ན་བསམ་མི་ཁྱབ་ནས་རོ་མྱང་མེད་ཀྱི་


JLD018_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བར་རོ། །གསུམ་པ་ནི། ཁྱད་ཞུགས་སོ། །གང་ན་བྱང་ཆུབ་སེམས་དཔའ་དང་སོགས་པས་དེ་བཞིན་གཤེགས་པའི་ལམ་ཤེས་པ་ཉིད་དང་སོགས་པས་རྣམ་མཁྱེན་གྱི་སྦྱོར་བའི་ལམ་གཉིས་ནིའོ། །སངས་རྒྱས་རྣམ་མཁྱེན་གྱི་སྦྱོར་བའི་རྟེན་དུ་ཇི་ལྟར་རུང་སྙམ་ན་མཁྱེན་པའི་རྟེན་མཚོན་གྱི་སྦྱོར་བའི་མ་ཡིན་པས་སོ། །གང་ལས་ན། ཉན་ཐོས་དང་སོགས་པས་རང་རྒྱལ་བའི་ལམ་རྣམས་ལས་སོ། །ཇི་ལྟར་ན། དེ་གཉིས་ལས་ཁྱད་པར་དུ་འཕགས་པའི་ལམ་ཡིན་པར་རོ། །བྱེད་ཆོས་གང་གིས་ན། བསམ་མི་ཁྱབ་སོགས་བཅུ་དྲུག་གང་གིས་སོ། །གང་གི་མཐུས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་དང་སོགས་པས་བྱང་སེམས་ཀྱིས་སྲིད་ཞིར་མི་ལྟུང་བར་ལེགས་པར་ཡོངས་སུ་བཟུང་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སོ། །ཁྱད་པར་དེ་གང་ཞེ་ན། འདི་ལ་བཞི། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་གྱི་བདེན་པའི་སྐད་ཅིག་མའི་ཁྱད་པར་རོ། །དང་པོ་ནི། སྡུག་བསྔལ་གྱི་བདེན་པའི་ཡུལ་ཅན་ཆོས་བཟོད་ལ་སོགས་པ་སྐད་ཅིག་མ་བཞི་རྣམས་ཀྱི་ཁྱད་པར་ཡིན་ནོ། །གང་ན་སངས་རྒྱས་ཀྱི་ཡེ་ཤེས་བཞིའི་རྒྱུ་བྱེད་ཅིང་རྟོག་གེའི་སྤྱོད་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་དང༌། དཔེ་ཟླ་རུང་བའི་མཚུངས་པ་མེད་པས་མི་མཉམ་པ་ཉིད་དང༌། དེ་ཁོ་ནར་ཚད་མས་གཞལ་བ་ལས་ཡང་དག་པར་འདས་པ་དང༌། སྒྲས་བརྗོད་པ་སོགས་ཀྱི་གྲངས་ཀྱིས་བགྲང་བ་ལས་ཡང་དག་པར་འདས་པའི་སྡུག་བསྔལ་གྱི་རང་བཞིན་བཞི་རྟོགས་པ་སྟེ། ཡུམ་འདི་ནི་བསམ་གྱིས་མི་


JLD018_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པའི་བྱ་བ་དང་མཉམ་པ་མ་མཆིས་པའི་བྱ་བ་དང་གཞལ་དུ་མ་མཆིས་པའི་བྱ་བ་དང་གྲངས་མ་མཆིས་པའི་བྱ་བ་དང་མི་མཉམ་པ་དང་མཉམ་པའི་བྱ་བས་ཉེ་བར་གནས་སོ། །ཞེས་སོ། །གཉིས་པ་ནི། ཀུན་འབྱུང་གི་བདེན་པའི་ཡུལ་ཅན་ཆོས་བཟོད་སོགས་སྐད་ཅིག་མ་བཞིའི་ཁྱད་པར་ཡིན་ནོ། །གང་ན་རྒྱལ་པོ་བཏང་སྙོམས་སུ་གནས་ནས་བློན་པོས་དེའི་བྱ་བ་ཐམས་ཅད་བྱེད་པ་ལྟར་ཡུམ་གྱིས་མི་རྟོག་བཞིན་དུ་ཉན་ཐོས་ནས་སངས་རྒྱས་ཀྱི་བར་འཕགས་པའི་གང་ཟག་ཐམས་ཅད་ཀྱི་སྤངས་རྟོགས་ཡོན་ཏན་ཐམས་ཅད་སྡུད་པ་ནི། ཡུམ་ཟབ་མོ་འདི་ནི་ཕར་ཕྱིན་ལྔ་དང་ཡང་དག་པར་ལྡན་པའོ། །ཞེས་སོ། །ཇི་ལྟ་བ་ཕྲ་བ་དང་ཇི་སྙེད་པ་མཛངས་པ་སྟེ་སོ་སྐྱེ་བློ་ཡོངས་སུ་སྨིན་པར་བྱས་པ་དོན་དེ་གཉིས་ལ་འཇུག་པའི་ཤེས་རབ་དང་ལྡན་པའི་མཁས་པའི་མཁས་པ་དང་འཕགས་པ་དོན་དེ་གཉིས་ལ་འཇུག་པ་ནི་རྣམ་པར་ཤེས་པ་སྟེ། སྐྱེས་བུ་མཁས་པ་དེ་གཉིས་ཀྱིས་རིག་པར་བྱ་བའི་དོན་ཇི་བཞིན་དུ་ཤེས་པ་ནི། ཡུམ་ཞི་བ་ཕྲ་བ་མཛངས་པ་མཁས་པ་རྣམ་པར་ཤེས་པས་རིག་པར་བགྱི་བ་སྟེ་བྱང་སེམས་གང་ཡུམ་འདི་ལ་མོས་པར་འགྱུར་བ་དེ་དག་ནི་ངེས་པར་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པའོ། །ཞེས་སོ། །ཉན་ཐོས་དང་སོགས་པས་རང་རྒྱལ་བའི་སྤྱོད་ཡུལ་མ་ཡིན་པའི་དངོས་པོ་ཡུལ་དུས་ཀྱིས་ཆོད་པ་ཕྲ་མོ་རྣམས་ཤེས་པའམ་སྟོང་གསུམ་རྒྱུན་ཞུགས་ནས་རང་རྒྱལ་དུ་གྱུར་པའི་ཤེས་སྤངས་ལས་བྱང་སེམས་ཀྱི་ཀུན་འབྱུང་རྗེས་བཟོད་ལ་མོས་པ་ཁྱད་པར་དུ་འཕགས་པའི་ཐུན་མོང་


JLD018_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་ཤེས་པ་ནི། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དད་པའི་རྗེས་སུ་འབྲང་བར་གྱུར། ཆོས་ཀྱི་རྗེས་སུ་འབྲང་བ་དང་བརྒྱད་པ་དང་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པར་གྱུར་རང་སངས་རྒྱས་སུ་གྱུར་ཏེ། དེ་དག་ཐམས་ཅད་ཀྱི་ཤེས་པ་དང་སྤངས་པ་ཇི་སྙེད་པ་དང་ཡུམ་ཟབ་མོ་འདི་ལ་གདུགས་གཅིག་ཏུ་བཟོད་ནས་མོས་པ་དང་བགྲང་བའི་ཚུལ་དེ་ལྟར་ཡུམ་ལ་བཟོད་ཅིང་མོས་ན་འདི་ཉིད་དེ་དག་ལས་མཆོག་དང་གཙོ་བོར་ཁུམས་ལགས་སོ། །ཞེས་སོ། །གཞན་ལས་ཕུལ་དུ་བྱུང་བའི་ཆོས་རྒྱ་ཆེར་སྟོན་པས་རང་གི་ལུགས་ཡུལ་ལ་བསླབས་པ་ལས་དེ་ལ་ལྟོས་ནས་ཐོབ་པར་བྱ་བའི་མྱང་འདས་ཉན་རང་གི་ཐེག་པ་དང་ཡུམ་དང་བྲལ་བའི་སྡེ་སྣོད་གཞན་ལས་མངོན་པར་ཤེས་པ་སྟེ་ཐོབ་པ་ཤིན་ཏུ་མྱུར་བའི་ཤེས་པ་ནི། ཡུམ་ཟབ་མོ་འདི་ཉན་ཞིང་ཐོས་ནས་འབྲི་བ་དང་བྲིས་ནས་ལུང་འབོགས་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤིན་ཏུ་མྱུར་བར་མྱ་ངན་ལས་འདའ་བར་འདོད་པར་བྱའི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང༌། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་དང་ཡུམ་དང་བྲལ་བའི་མདོ་སྡེ་གཞན་ལ་སྤྱོད་པ་དག་ནི་མ་ཡིན་ནོ། །ཞེས་སོ། །རྟོགས་དཀར་བསྐལ་བ་གྲངས་མེད་གསུམ་མམ་དེའི་ཕྱེད་དམ་དེ་བས་ཀྱང་མྱུར་བར་འཚང་རྒྱ་བར་གསུངས་པས་སོ་ཞེས་འཆད་དོ། །གསུམ་པ་ནི། འགོག་པའི་བདེན་པའི་ཡུལ་ཅན་ཆོས་བཟོད་སོགས་སྐད་ཅིག་


JLD018_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞིའི་ཁྱད་པར་ཡིན་ནོ། །གང་ན། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པ་སྟེ་དེའི་ངོ་བོར་ཆོས་ཐམས་ཅད་བྲི་བ་མེད་པ་དང་དོན་དམ་པའི་བདེན་པའི་ངོ་བོར་ཆོས་ཐམས་ཅད་གང་བ་མེད་པ་སྟེ་མདོར་ན་སྒྲོ་སྐུར་དང་བྲལ་བར་མཁྱེན་པ་ནི། ཡུམ་ཟབ་མོ་གང་ལ་བསླབས་ཤིང་དད་པའི་རྗེས་སུ་འབྲང་བ་འབྱུང་བར་འགྱུར། ཞེས་པ་ནས་གང་ལ་བསླབས་ཤིང་བྱང་ཆེན་རྣམས་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་ཡང་ཡུམ་ཟབ་མོ་འདི་འགྲིབ་པའམ་འཕེལ་བར་ཡང་འཚལ་བར་མི་གདའོ། །ཞེས་སོ། །རྟོགས་དཀར་བྲི་གང་མེད་པ་བདེན་པ་གཉིས་ཆར་ལ་སྦྱར་རོ། །སྦྱིན་པ་པོ་སོགས་སུ་དམིགས་པའི་འཁོར་གསུམ་གྱི་དྲི་མ་རྣམ་པར་དག་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་དང༌། ཡིད་ལ་བྱེད་པས་དྲག་ཏུ་རབ་ཏུ་སྒྲུབ་པ་ནི། དཔེར་ན་བ་དྲུས་མ་བེའུ་གཞོན་ནུ་མི་འདོར་བ་ལྟར་རབ་འབྱོར་བྱང་ཆེན་ཡུམ་ཟབ་མོ་འདིའི་དོན་དུ་ཇི་སྲིད་ཡུམ་ཟབ་མོ་འདི་ཁོང་ཆུད་པར་བྱ་བ་དང་འཆང་བ་དང་ཀློག་པ་དང་ཡོངས་སུ་བསམ་པ་དང་ཡིད་ཀྱིས་རྟོགས་པར་བྱ་བ་དང་ལྟས་བས་ལེགས་པར་རྟོགས་པར་མ་བྱས་པ་དེ་སྲིད་དུ་ཆོས་སྨྲ་བ་དེ་གཏོང་བར་མི་འགྱུར་རོ། །ཞེས་སོ། །ཡང་དག་པར་འཁོར་གསུམ་རྣམ་དག་གི་སྦྱོར་བས་བསྐལ་པ་དུ་མར་བསྒྲུབས་ནས་ཐོབ་པར་བྱ་བའི་བསོད་ནམས་དང་ཡེ་ཤེས་ཡང་དག་པ་ཕྱིན་ཅི་མ་ལོག་པར་འགྲུབ་པ་ནི། བྱང་ཆེན་སངས་རྒྱས་བཅོམ་ལྡན་འདས་གཞན་དག་ལ་བསྙེན་


JLD018_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་བྱས་ཤིང་དེ་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་གང་ཡུམ་ཟབ་མོ་ཐོས་མ་ཐག་ཏུ་མོས་པར་འགྱུར་རོ། །ཞེས་སོ། །འདི་གཉིས་ཀྱི་ཁྱད་པར་ནི། ཚེ་སྔ་མ་ལ་སྒྲུབ་པ་བྱས་ཀྱང་དྲག་ཏུ་མ་བྱས་པས་ད་ལྟ་མི་དངང་བ་སོགས་ཀྱི་རྟོགས་པ་བཟང་པོ་མེད་པ་དང༌། སྔ་མ་ལ་སངས་རྒྱས་སམ་བྱམས་པ་ལྟ་བུ་ལ་བརྟེན་ནས་སྒྲུབ་པ་དྲག་ཏུ་བྱས་པས་ད་ལྟ་མི་དངང་བ་སོགས་ཀྱི་རྟོགས་པ་བཟང་པོ་ཡོད་པའོ། །ཞེས་ཟེར་རོ། །ཞེན་ནས་རྣམ་པར་མི་རྟོག་པར་སྦྱིན་སོགས་ཀྱི་ཆོས་ཐམས་ཅད་ལ་དམིགས་ནས་ཡུམ་མི་འདོར་བའི་བརྩོན་འགྲུས་ཀྱིས་དེ་དག་འཛིན་པ་ནི། དེ་དག་ནི་བར་མ་དོར་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དེ་དག་ནི་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་རྒྱ་མཚོར་གྲུ་ཞིག་པ་ན་ཤིང་སོགས་ལ་འཇུ་བ་དང་མི་འཇུ་བ་ནི་ཕྱི་ནང་གི་གནོད་པ་མེད་པའི་མ་སྨས་མ་ཉམས་པར་འགྲམ་དུ་ཕྱིན་པ་དང་མི་ཕྱིན་པའི་དཔེས་ཡུམ་ལ་མི་བརྩོན་པ་དང་བརྩོན་ན་བར་མ་དོར་ཉན་རང་གི་ས་མངོན་དུ་བྱེད་པ་དང་མི་བྱེད་པ་གཉིས་རྣམ་མཁྱེན་གྱི་སྤང་གཉེན་དུ་གསུངས་སོ། །བཞི་པ་ནི། ལམ་བདེན་གྱི་ཡུལ་ཅན་ཆོས་བཟོད་སོགས་སྐད་ཅིག་མ་བཞི་རྣམས་ཀྱི་ཁྱད་པར་ཡིན་ནོ། །གང་ན་བྱང་སེམས་ལས་གཞན་ཡུམ་ཤེས་པ་སོགས་ཀྱི་རྟེན་དུ་མི་རུང་བས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་སྟེ་རང་བཞིན་ཅན་གྱི་བྱང་སེམས་


JLD018_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྒྲུབ་པའི་རྟེན་ཡིན་པ་ནི། བྱང་ཆེན་དེ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་བར་མ་དོར་ཉེ་ཞོར་མི་འགྱུར་ཏེ། ཞེས་བུམ་པ་སོ་བཏང་བ་དང་མ་བཏང་བར་ཆུ་གནས་མི་གནས་ཀྱི་དཔེས་ཐབས་ཤེས་ཀྱིས་བཟུང་མ་བཟུང་གཉིས་སྒྲུབ་པའི་ཆོས་ཀྱི་རྟེན་ཡིན་མིན་དུ་བསྟན་པའི་ཕྱིར་གསུངས་སོ། །སྨོན་ལམ་ལ་སོགས་པའི་ཕར་ཕྱིན་བཅུ་ཡོངས་སུ་རྫོགས་པའི་རྒྱུའི་ཚོགས་པ་མཐའ་དག་ཚང་བ་ནི། བྱང་ཆེན་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ༌། །ཞེས་ཟག་ལྷན་བྱས་པ་དང་མ་བྱས་པའི་གྲུར་རྫས་བཅུག་སྟེ་རྒྱ་མཚོར་འགྲོ་བའི་དཔེས་སྦྱིན་སོགས་བཟུང་མ་བཟུང་གཉིས་སྒྲུབ་པ་ཚང་བ་དང་མ་ཚང་བར་ཤེས་པར་བྱ་བའི་ཕྱིར་གསུངས་སོ། །ནང་གི་དགེ་བའི་བཤེས་གཉེན་གྱི་ཐབས་སྙིང་རྗེ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྲིད་ཞིར་ལྟུང་བ་ལས་ཡོངས་སུ་བཟུང་བ་ནི། བྱང་སེམས་ཀྱི་ཐེག་པ་ལ་ཡུམ་གྱིས་ཡོངས་སུ་བཟུང་བ་ཐབས་མཁས་པས་ཡོངས་སུ་བཟུང་བ་དེ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ། ཞེས་བྲོ་འཚལ་བའི་རྒན་པོ་སྐྱེས་བུ་སྟོབས་ལྡན་ལ་བརྟེན་མ་བརྟེན་གྱི་དཔེས་ཐབས་ཤེས་ཀྱིས་བཟུང་མ་བཟུང་གཉིས་སྲིད་ཞིར་མི་ལྟུང་བ་དང་ལྟུང་བར་བསྟན་པའི་ཕྱིར་གསུངས་སོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་དེ་ལ་མཆོག་ཏུ་འཛིན་ཅིང་འདོད་པའི་ཚུལ་གྱིས་མངོན་པར་ཞེན་པའི་རོ་མྱང་བ་མེད་ཅིང་དགེ་རྩ་བྱང་ཆུབ་ཏུ་བསྔོ་བར་བྱེད་པ་ནི། རིགས་ཀྱི་བུ་ཁྱོད་ཡུམ་ལ་སྤྱོད་པའི་ཚེ་གཟུགས་


JLD018_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདོད་པ་མ་སྐྱེད་ཅིག། ཅེས་སོ། །བདག་ཉིད་ཅེས་བྱ་བ་ནི་ཞེས་པ་རེ་རེའི་མཐར་རོ། །གསུམ་པ་ནི། འདིར་ཉན་རང་གི་ལམ་ཁྱད་པར་བཅུ་དྲུག་དང་བྲལ་བར་མ་བསྟན་པས་དེ་ལས་ཐེག་ཆེན་གྱི་མཐོང་ལམ་ཁྱད་པར་འཕགས་པར་མི་ཤེས་ཤེ་ན། དེ་ལྟར་མ་བཤད་པའི་རྒྱུ་མཚན་ནི། གོ་སླ་བའི་ཕྱིར་ཏེ། ཉན་རང་དེ་དག་གི་ལམ་ནི་ཇི་སྐད་བཤད་པའི་ཁྱད་པར་རྣམས་དང་བྲལ་བའི་མངོན་པར་ཞེན་པ་དང༌། སོགས་པས་བསམ་མི་ཁྱབ་མ་རྟོགས་པའི་བར་དུ་སྐྱེ་བའི་མཚན་ཉིད་ཀྱིས་ཤུགས་ལ་གོ་ནུས་པས་ཏེ། ཐེག་ཆེན་གྱི་མཐོང་ལམ་དེ་མངོན་ཞེན་མེད་པས་ནས་བསམ་མི་ཁྱབ་རྟོགས་པའི་བར་གྱི་ཁྱད་པར་རྣམས་ཀྱི་སྒོ་ནས་ཐེག་དམན་ལམ་ལས་ཁྱད་ཞུགས་པར་དངོས་སུ་བསྟན་པ་དེའི་ཕྱིར་རོ། །འགྱུར་རྙིང་ལས་མངོན་པར་ཤེས་པ་ལ་སོགས་པ་ཞེས་འབྱུང་ལ། རིགས་བྱིན་ཀྱང་ཉན་ཐོས་སོགས་ཀྱི་ལམ་དེས་མཉམ་པར་བཞག་པ་ལས་ལྷའི་མིག་ལ་སོགས་པའི་མངོན་ཤེས་ཕྱོགས་རེ་བའི་ཤེས་པའི་མཚན་ཉིད་སྐྱེད་ཅིང་སོགས་ཁོང་ནས་ཆགས་བྲལ་སོགས་སྐྱེད་པས་གོ་སླ་བའི་ཕྱིར་དང༌། ལུང་དང་བྱང་སེམས་ཀྱི་ཚུལ་ལས་གྲགས་ཆེ་བའི་ཕྱིར་མ་བཤད་དོ་ཞེས་འདོད་པས་རྒྱ་དཔེ་འགའ་ཞིག་ལ་ཡང་དེ་ལྟར་ཡོད་པར་གསལ་མོད། འོན་ཀྱང་དེ་ཡི་གེ་མ་དག་སྟེ། མངོན་ཞེན་ནི་ཁྱད་པར་ཕྱི་མའི་བཟློག་ཟླ་ཡིན་པའི་ཕྱིར་མས་རིམ་ནས་དེ་དག་དང་བྲལ་བར་སྟོན་པ་འགྲིག་པའི་ཕྱིར་ཏེ། བཤད་མ་ཐག་པའི་ཁྱད་པར་རྣམས་མེད་པར་སྟོན་པའི་སྐབས་ཡིན་པས་སོ། །གསུམ་པ་ནི་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པའི་གསུམ་པ་སྟེ་བྱེད་མཚན་བཅུ་གཅིག་གི་སྐོར་བཤད་པ། གསུམ་པ་ལ་གསུམ་ལས།


JLD018_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། ཁྱད་མཚན་གྱིས་ཉན་རང་ལས་ཁྱད་པར་དུ་འཕགས་པར་རྣམ་པར་བཅད་པ་སྟེ་ཤེས་པར་བྱས་པའི་སྦྱོར་བ་རྣམས་ཀྱི་གཞན་ལ་ཕན་པ་སྒྲུབ་པའི་བྱེད་པ་གང་ཞེ་ན། དེའི་ལན་དུ་བར་ཚིགས་གཉིས་ཀྱིས་བྱེད་མཚན་གསུངས་སོ། །གཉིས་པ་ནི། རྐང་པ་བདུན་གྱིས་བྱེད་པ་སོ་སོའི་ངོ་བོ་དང༌། ཐ་མས་དོན་བསྡུས་ཏེ་མཚོན་ཚུལ་སྟོན་ཏོ། །དེ་ལ་མི་རྣམས་ཀྱི་ཞེས་པ་གདུལ་བྱའི་གཙོ་པོ་ཡིན་པས་དེས་མཚོན་ནས་གདུལ་བྱ་རྣམས་ལ་ཞེས་ཐམས་ཅད་ཀྱི་གོང་དུ་དང༌། སྒྲུབ་པར་མཛད་ཅེས་ཐམས་ཅད་ཀྱི་མཐར་རོ། །བྱེད་པ་འདི་རྣམས་ལས་དང་པོ་བརྒྱད་ཐུན་མོང་བ་དང་ཐ་མ་གསུམ་གཞི་ཤེས་སོགས་མཁྱེན་གསུམ་སོ་སོའི་བྱེད་པར་བདག་ཉིད་ཆེན་པོ་བཞེད་ཀྱང༌། དང་པོ་དགུ་གཞི་ཤེས་ཐ་མ་གཉིས་ལམ་ཤེས་དང་རྣམ་མཁྱེན་གྱི་བྱེད་པར་སྔོན་གྱི་མཁས་པ་དག་བཞེད་པ་ནི་ཉི་སྣང་གི་དགོངས་པ་རྒྱན་སྣང་དུ་བླངས་པ་ལྟར་ཡིན་པས་ལེགས་སོ། །འགྲེལ་པ་འདིར་དེ་དག་དང་མི་མཐུན་པར་འབྱུང་བ་ནི། གཉེན་པོ་གཞི་ཤེས་ཀྱི་བྱེད་པ་ལམ་ཤེས་ལས་ལོགས་སུ་བྱ་མི་རིགས་ལ། གཞི་ཤེས་ཙམ་གྱི་ལྡོག་པ་ནས་དང་པོ་གསུམ་ལས་སྒྲུབ་མི་ནུས་པར་དགོངས་ནས་སོ་ཞེས་གསུངས་སོ། །གསུམ་པ་ནི། བྱེད་པའི་མཚན་ཉིད་ཡིན་ནོ། །གང་ན། བྱེད་པ་བཅུ་གཅིག་ནིའོ། །རྒྱུ་མཚན་ནི། ཕན་བྱེད་སོགས་བྱེད་པའི་རྣམ་པ་སྟེ་ཁྱད་པར་བཅུ་གཅིག་དག་གིས་རང་རྒྱུ་མཁྱེན་གསུམ་གྱི་སྦྱོར་བ་དག་གཞན་དོན་ཁྱད་པར་བསྐྱེད་པའི་ནུས་ལྡན་དུ་མཚོན་པའམ་ཤེས་


JLD018_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པས་ནའོ། །མཚོན་ཚུལ་ནི། སྦྱོར་བ་གསུམ་ལ་ནུས་པ་བཅུ་གཅིག་གནས་པའི་གནས་ཚུལ་ཇི་ལྟ་བ་བཞིན་དུའོ། །བཅུ་གཅིག་ཏུ་ཇི་ལྟར་འགྱུར་ན། གཞི་ཤེས་ལམ་ཤེས་རྣམ་མཁྱེན་གྱི་བྱེད་པ། གསུམ་དང༌། བདུན་དང༌། གཅིག་ཏུ་ཡོད་པ་དེ་ལྟར་ནའོ། །དེ་དག་གང་ན། འདི་ལ་གསུམ་ལས། དང་པོ་ཐམས་ཅད་ཤེས་པར་ཉིད་ཀྱི་དབང་དུ་བྱས་པའི་ཕན་པ་དང་སོགས་པས་བདེ་བ་དང་སྐྱོབ་པའི་བྱེད་པ་གསུམ་ཡོད་དོ། །དེ་གང་ན། གདུལ་བྱ་རྣམས་ལ་མ་འོངས་པའི་ཕན་པ་ཚེ་ཕྱི་མར་སྲིད་པའི་སྡུག་བསྔལ་ཞི་བའི་མྱང་འདས་ཉེ་བར་སྒྲུབ་པའི་དོན་གྱིས་ནི་དང་པོ་སྟེ། བྱང་ཆེན་སེམས་ཅན་རྣམས་འགྲོ་བའི་རྒྱུད་ལྔ་ནས་ཡོངས་སུ་བཀྲོལ་ཞིང་མི་འཇིགས་པའི་ཐང་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་དོ། །ཞེས་སོ། །དེ་ཡང་རྟེན་སངས་རྒྱས་བྱང་སེམས་ཀྱིས་ཐབས་གཞི་ཤེས་ཀྱི་སྦྱོར་བ་ལ་བརྟེན་ནས་ཡུལ་གདུལ་བྱ་ལ་དངོས་པོ་ཕན་པ་སོགས་སྒྲུབ་ཅེས་སྐབས་དང་མཐུན་པར་ཐམས་ཅད་དུ་སྦྱར་རོ། །ཚེ་འདི་ཡི་བདེ་བ་སྡུག་བསྔལ་དང་ཡིད་མི་བདེ་བ་སོགས་ཀྱི་འཚེ་བ་དང་བྲལ་བ་ལ་ད་ལྟ་འགོད་ཅིང་མཐར་མྱ་ངན་ལས་འདས་པ་ནི་གཉིས་པ་སྟེ། སེམས་ཅན་རྣམས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་ལས་ཡོངས་སུ་བཀྲོལ་ཞིང་མི་འཇིགས་པའི་ཐང་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་དོ། །ཞེས་སོ། །སྡུག་བསྔལ་མེད་པ་ཡང་ཡིན་ལ་རྣམ་སྨིན་མ་ཡིན་པ་ཡང་ཡིན་པས་སྡུག་བསྔལ་ནས་ཆོས་ཉིད་དེ་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་སླར་མི་སྐྱེ་བའི་ལྷག་མེད་ཀྱི་མྱང་འདས་ནི་


JLD018_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་སྟེ། འཁོར་བ་ན་ཡོད་པའི་སྡུག་བསྔལ་གང་ཅི་ཡང་རུང་སྟེ་དེ་དག་ལས་སེམས་ཅན་རྣམས་ཡོངས་སུ་སྐྱོབ་ཅིང་དེ་དག་སྤང་བའི་ཕྱིར་ཆོས་སྟོན་ཏེ་དེ་དག་གིས་ཀྱང་ཆོས་དེ་ཐོས་ནས་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཞེསོ། །གཉིས་པ་ལམ་ཤེས་ཀྱི་དབང་དུ་བྱས་པའི་སྐྱབས་དང་སོགས་པས་གནས་དཔུང་གཉེན་གླིང་ཡོངས་འདྲེན་ལྷུན་གྱིས་གྲུབ་པ་ཐེག་གསུམ་གྱིས་ངེས་པར་འབྱུང་ཞིང་དེའི་འབྲས་བུ་མངོན་དུ་མི་བྱེད་པའི་བྱེད་པ་བདུན་ཡོད་དོ། །རྩ་བར་ཡོངས་འདྲེན་པ་ཞེས་བྱ་བ་དང་ཞེས་པའི་ཞེས་བྱ་བ་ནི་བདུན་ཀའི་མཐར་རོ། །དེ་གང་ན། སྐྱེ་རྒ་ན་འཆིས་གཙེས་པའི་སེམས་ཅན་ལ་གཏན་དུ་ཕན་པ་སྲིད་པར་ལྡོག་མི་སྲིད་པའི་ལྷག་མེད་ཀྱི་མྱང་འདས་གདུལ་བྱ་འདུལ་བའི་དུས་ཇི་ལྟ་བ་བཞིན་དུ་ཡང་དག་པར་ཕྱིན་ཅི་མ་ལོག་པར་ཉེ་བར་སྒྲུབ་པའི་དོན་གྱིས་ནི་དང་པོ་སྟེ། སེམས་ཅན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པའི་ཆོས་ཅན་རྣམས་སྐྱེ་བ་ནས་འཁྲུག་པ་ལས་ཡོངས་སུ་བཀྲོལ་ཞིང་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་དོ། །ཞེས་སོ། །འདི་ནི་བདེ་བ་དམ་པའི་ཕར་ཕྱིན་ཡིན་ལ་དེ་ནི་ལམ་ཤེས་ཀྱིས་སྒྲུབ་པར་ནུས་ཀྱི་གཞི་ཤེས་ཙམ་གྱིས་ནི་མ་ཡིན་པས་དེའི་བྱེད་པར་མ་བཤད་དོ། །བདེ་བའི་རྒྱུ་དང་ལྡན་པར་བྱེད་ཅིང་སྡུག་བསྔལ་གྱི་རྒྱུ་དངོས་པོར་འཛིན་པ་ཆོས་རྣམས་འདྲེ་བ་འབྲེལ་བ་


JLD018_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་འགག་པ་རྣམས་མེད་པར་བསྟན་པས་བཟློག་པ་ནི་གཉིས་པ་སྟེ། སེམས་ཅན་རྣམས་ལ་ཆོས་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་ཏོ། །ཞེས་སོ། །འཁོར་འདས་བླང་དོར་མེད་པར་མཉམ་པ་ཉིད་དུ་རྟོགས་པ་ནི་གསུམ་པ་སྟེ། གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །ཞེས་སོགས་ཀྱིས་གཟུགས་སོགས་ཀྱི་ཕ་རོལ་སྐྱེ་འགག་གི་དངོས་པོ་མེད་པ་དེ་ནི་ཀུན་རྫོབ་པའི་གཟུགས་སོགས་མ་ཡིན་པ་དང་དོན་དམ་པར་ན། ཆོས་དབྱིངས་ལས་མི་འདའ་བས་གཟུགས་ཇི་ལྟར་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཞེས་སྲིད་ཞིའི་མཐའ་མཉམ་པ་ཉིད་དུ་གསུངས་སོ། །ཆུས་ཡོངས་སུ་བཅད་པའི་རླན་དང་བྲལ་བའི་སྐམ་ས་ལ་གླིང་ཞེས་པ་བཞིན་དུ་སྔོན་ཕྱིའི་སྲིད་ཞིའི་མཐའ་ལ་སྲེད་པའི་རླན་ཟད་པ་མི་གནས་པའི་མྱང་འདས་རང་གཞན་གྱི་དོན་མངོན་མཐོ་ངེས་ལེགས་རྟོགས་པ་སྟེ་ཐོབ་པའི་རྟེན་དང་རྒྱུ་ནི་བཞི་པ་སྟེ། དཔེར་ན་ཆུ་ཀླུང་ཆེན་པོ་རྣམས་སམ་རྒྱ་མཚོ་ཆེན་པོ་རྣམས་སམ་ཆུས་ཡོངས་སུ་བཅད་པའི་གནས་གང་ཡིན་པ་དེ་ནི་གླིང་ཞེས་བརྗོད་དོ། །རབ་འབྱོར་དེ་བཞིན་དུ་གཟུགས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཞེས་སོ། །འདིར་མདོ་ལས་བྱང་སེམས་སངས་རྒྱས་ནས་འཇིག་རྟེན་གྱི་སྣང་བ་བྱེད་པ་དང་སེམས་ཅན་རྣམས་ཀྱི་སྒྲོན་མ་འཛིན་ཞིང་ཆོས་ཀྱི་འོད་འབྱིན་པ་དང་སེམས་ཅན་རྣམས་ཀྱི་དེད་དཔོན་དུ་འགྱུར་བ་གསུམ་ཡང་གསུངས་ལ། དེ་ལ་རྒྱན་སྣང་དུ་སྣང་བའི་བྱེད་པ་ཡང་སྣང་བ་དང་བཅས་པའི་རིན་པོ་ཆེའི་གླིང་དང་ཆོས་མཐུན་པ་དང༌།


JLD018_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་པའི་མུན་པ་ཟད་པ་ནི་སྲེད་པ་ལ་སོགས་པ་ཟད་པའི་ནང་དུ་འདུ་བས་ན་གླིང་གི་བྱེད་པ་ཉིད་ཡིན་ལ་ལོགས་ཤིག་ཏུ་བྱས་པ་ནི་ཡེ་ཤེས་ཀྱི་སྣང་བ་བཞི་ནི་མི་ཤེས་པ་ཟད་པ་ལ་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་བལྟ་བར་བྱའོ། །ཞེས་སྣང་བ་གླིང་དང་ཆོས་མཐུན་ཡོད་པ་དང༌། གླིང་སྔ་མའི་ནང་དུ་འདུས་པས་གླིང་གི་བྱེད་པར་འཇོག་པ་དང༌། ལོགས་སུ་སྨོས་པའི་དགོས་པ་གསུངས་སོ། །ཤཱནྟི་པས་མ་རིག་པའི་སྒོ་ངའི་སྦུབས་ཀྱིས་དཀྲིས་པ་དག་གིས་སྣང་བར་བྱེད་པ་གང་ཡིན་པ་དེ་ཡང་གླིང་ཡིན་ཏེ་སྣང་བ་དང་ཆོས་མཐུན་པའི་ཕྱིར་རོ། །གཞན་ཡང་གླིང་ཐོབ་པར་བྱེད་པའི་ཕྱིར་གླིང་སྟེ་དེད་དཔོན་ནོ། །དེའི་ལས་ཀྱང་གླིང་ཡིན་ཏེ། འདི་ལྟར་མྱ་ངན་ལས་འདས་པའི་རིན་པོ་ཆེའི་གླིང་དུ་འདྲེན་པ་དེ་བས་ན་གླིང་ནི་རྣམ་པ་གསུམ་ཡིན་ནོ་ཞེས་གླིང་ཐོབ་པར་བྱེད་པ་པོ་དང་ཐོབ་པར་བྱེད་པའི་བྱ་བ་ལ་གླིང་དུ་བཞག་གོ །སྣང་བ་གླིང་ཡིན་པ་ཡང་གླིང་ལ་དྭི་བ་ཞེས་ཟེར་ལ། དེའི་ཝས་ཏེ་ཕྱིས་མ་དི་བ་སྣང་བ་ལ་འཇུག་པས་སོ་གསུང་ངོ༌། །གཟུགས་སོགས་སྐྱེ་འགག་དང་ཀུན་བྱང་མེད་པར་བསྟན་ནས་གདུལ་བྱ་རྣམས་ཐར་པར་འདྲེན་པའི་གཞན་དོན་སྒྲུབ་པ་ནི་ལྔ་པ་སྟེ། སེམས་ཅན་རྣམས་ལ་གཟུགས་ཀྱི་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པའི་ཕྱིར་ཆོས་སྟོན་ཏེ་ཡང་དག་པར་རབ་ཏུ་གསལ་བར་བྱེད་དོ། །ཞེས་སོ། །ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་སྟོན་ཞིང་རྩོལ་བ་མེད་


JLD018_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པས་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་འཇུག་པ་ནི་དྲུག་པ་སྟེ། སེམས་ཅན་རྨོངས་པ་རྟེན་མེད་པ་རྣམས་ཀྱི་རྟེན་བྱེད་པ་ཡིན་ཏེ་གཟུགས་ནི་ནམ་མཁའི་ངང་ཚུལ་ཅན་ནོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་སོ། །ལམ་ཤེས་ཀྱི་རྣམ་པའི་ཆོས་སྟོན་པས་གཞན་དོན་དུ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་ཞིང་རང་དོན་དུ་དེའི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་ཞེས་བྱ་བ་ནི་བདུན་པ་སྟེ། ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའི་ངང་ཚུལ་ཅན་ཏེ་དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །ཞེས་སོ། །གསུམ་པ་རྣམ་མཁྱེན་གྱི་དབང་དུ་བྱས་པ་ལ་ནི་རྟེན་གྱི་མཛད་པ་གཅིག་གོ །རྟེན་གང་ཡིན་པ་དང་གང་གི་རྟེན་ཡིན་ན། །ཉི་སྣང་ལས། །བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་རྟེན་དུ་གང་གསུངས་པ་ཡིན་ནོ། །ཞེས་པ་ལྟར་བྱང་སེམས་དང་སངས་རྒྱས་སེམས་ཅན་གྱི་རྟེན་ནོ། །ཅི་བྱས་པས་སེམས་ཅན་གྱི་རྟེན་བྱེད་ཅེ་ན། རྣམ་མཁྱེན་གྱི་དབང་དུ་བྱས་པའི་ཆོས་སེམས་བསྐྱེད་སོགས་ཐམས་ཅད་ཅེས་ཟེར་ཡང་ཆོས་ཐམས་ཅད་རྣམ་མཁྱེན་གྱི་དབང་དུ་བྱས་པ་སྟེ་དེའི་ངང་ཚུལ་ལས་མི་འདའ་བར་སྟོན་པ་ཉེ་བར་སྒྲུབ་པའི་དོན་གྱིས་ནི་ཐ་མ་སྟེ། ཆོས་ཐམས་ཅད་ནི་གཟུགས་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །ཞེས་པ་ནས་ཆོས་ཐམས་ཅད་ནི་རྫོགས་བྱང་གི་ངང་ཚུལ་ཅན་ཏེ་དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །ཞེས་སོ། །ཤཱནྟི་པས་ཐ་མ་འགྲོ་བའི་མཛད་པ་སྟེ། ཞེས་བྱ་བ་ལ་འགྲོ་བ་ནི་འབྲས་བུ་ཐོབ་པའོ་དེ་ཉིད་བྱེད་པ་སྟེ་ཞེས་འཆད་དོ། །དེ་ལྟར་


JLD018_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལེ་བརྒྱད་མར་དང་པོ་གཉིས་བྱང་སེམས་དང་ལྷག་མ་དགུ་སངས་རྒྱས་ནས་ཀྱི་བྱེད་པར་གསུངས་སོ། །འོན་ཀྱང་མཐར་ཐུག་པ་སངས་རྒྱས་དང་གནས་སྐབས་ཀྱི་བྱེད་པ་བཅུ་གཅིག་བྱང་སེམས་ལ་ཡང་ཡོད་དོ། །བཞི་པ་ནི་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པའི་བཞི་པ་སྟེ་ངོ་བོ་ཉིད་མཚན་བཅུ་དྲུག་གི་སྐོར་བཤད་པ། བཞི་པ་ལ་གསུམ་ལས། དང་པོ་ནི། བྱེད་མཚན་བཅུ་གཅིག་གིས་གཞན་དོན་ཕུན་ཚོགས་སྐྱེད་ནུས་སུ་ཤེས་པར་བྱས་པའི་སྦྱོར་བ་རྣམས་ཀྱི་ངོ་བོ་ཉིད་གང་ཞེ་ན། བར་ཚིགས་གསུམ་གྱིས་ངོ་བོ་ཉིད་ཀྱི་མཚན་ཉིད་གསུངས་སོ། །གཉིས་པ་ནི། རྐང་པ་དགུས་ངོ་བོ་ཉིད་སོ་སོའི་དོན་བཤད་ལ་ཐ་མ་གསུམ་གྱིས་དོན་བསྡུས་ཏེ་མཚོན་ཚུལ་བསྟན་ཏོ། །རྐང་པ་དྲུག་པའི་མཐའི་ཞེས་བྱ་བ་ནི་འགྲེལ་བར་ཕྱི་མ་བཅུ་གཉིས་ཀྱི་མཐར་རོ། །དེ་ལ་བཞེད་ཅེས་དྲང་ངོ༌། །གང་དུ་ན། མཚན་ཉིད་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུའོ། །གང་ན། ཉོན་མོངས་ཀྱིས་དབེན་པ་སོགས་བཅུ་དྲུག་གོ། རྒྱུ་མཚན་ནི། སྦྱོར་བའི་ངོ་བོ་ཉིད་བཅུ་དྲུག་གི་བདག་ཉིད་ཀྱིས་སྦྱོར་བ་གསུམ་གྱི་ངོ་བོ་ཉིད་མཚོན་བྱེད་དོན་གཞན་ཡོད་པའི་མཚོན་བྱའམ་མཚན་གཞི་ལྟ་བུར་མཚོན་པས་ནའོ། །ངོ་བོ་ཉིད་བཞི་དང་ལྔ་དང་བདུན་གྱི་སྒོ་ནས་སྦྱོར་བ་གསུམ་གྱི་ངོ་བོ་འདི་ལྟ་བུའོ་ཞེས་གཏན་ལ་འབེབས་པ་ན། གཏན་ལ་དབབ་བྱ་དེ་མཚན་ཉིད་དོན་གཞན་ཡོད་པ་ལྟར་བློ་ལ་སྣང་བ་ལ་དགོངས་པའོ། །འགྱུར་གཞན་ལས། མཚན་གཞི་ལྟ་བུར་མཚོན་པས་ན་ཞེས་ཀྱང་འབྱུང་བ་ནི། མཚོན་བྱ་དང་དེ་གཉིས་སྐད་དོད་གཅིག་པས་ཡིན་ལ། གྲགས་ཆར་ལྟ་བུ་ཞེས་


JLD018_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་པས་དེ་གཉིས་བཏགས་ཡོད་ཙམ་དུ་བསྟན་པར་འདོད་དེ་དགོངས་པ་མ་ཡིན་ནོ། །གསུམ་པ་ནི། མཚན་ཉིད་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བཞེད་དོ། །གང་ན་རྩ་བ་ལྟར་རོ། །རྒྱུ་མཚན་ནི། ངོ་བོ་ཉིད་བཅུ་དྲུག་གིས་མཁྱེན་གསུམ་གྱི་སྦྱོར་བའི་ངོ་བོ་རང་ལས་གཞན་པའི་མཚན་ཉིད་མེད་ཀྱང་དེ་དང་ལྡན་པའི་མཚོན་བྱའམ་མཚན་གཞི་བཞིན་དུ་མཚོན་པས་དེ་ལྟར་ནའོ། །ཁ་ཅིག་སྦྱོར་བ་ལས་གཞན་པའི་མཚན་ཉིད་མེད་ཅིང་སྦྱོར་བ་ཁོ་ན་ཡང་མཚན་ཉིད་དུ་མི་རུང་བས་མཚན་ཉིད་དང་ལྡན་པ་བཞིན་དུ་མཚོན་ཞེས་འཆད་ཀྱང་སྔ་མ་འགྲིག་གོ། མཚོན་ཚུལ་གཉིས་པ་ནི། ཇི་ལྟ་བ་བཞིན་དུ་སྟེ་མ་ནོར་བར་རོ། །བཅུ་དྲུག་ཇི་ལྟར་ན། ངོ་བོ་ཉིད་བཞི་ནས་བདུན་གྱི་བར་དུ་ཡོད་པ་དེ་ལྟར་ནའོ། །དེ་དག་གང་ན་འདི་ལ་གསུམ་ལས་དང་པོ་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བའི་ངོ་བོ་ཉིད་ལ་ནི་དབེན་པ་བཞི་ཡོད་དོ། །དེ་ཡང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ངོ་བོ་མངོན་གྱུར་བས་སྟོང་པ་ཉིད་ཀྱིས་ན་ཉོན་མོངས་ཀྱིས་ཏེ། བྱང་ཆེན་དེ་དག་ནི་འདོད་ཆགས་རྣམ་པར་བསལ་བས་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོ། །ཆགས་སོགས་དེའི་རྟགས་ཏེ་འབྲས་བུ་ལུས་ངག་ཡིད་གསུམ་གྱི་གནས་ངན་ལེན་གྱིས་སྟོང་པ་ནི་རྟགས་ཀྱིས་ཏེ། བྱང་ཆེན་དེ་དག་ནི་འདོད་ཆགས་ཀྱི་རྟགས་ཀྱིས་དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་སོ། །ཆགས་སོགས་དེའི་མཚན་མ་སྟེ་རྒྱུ་དངོས་པོའི་གནས་ཚུལ་ཇི་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་གཙང་བ་དེར་འཛིན་པ་དང་སོགས་པས་ཕུང་སོགས་ལ་བདེན་པར་འཛིན་


JLD018_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྟོང་པ་ནི་མཚན་མ་སྟེ། བྱང་ཆེན་དེ་དག་ནི་འདོད་ཆགས་ཀྱི་མཚན་མས་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོ། །འདོད་ཆགས་དང་འདོད་ཆགས་མེད་པ་དང་སོགས་པས་ཞེ་སྡང་གཏི་མུག་གཉིས་དང་དེ་མེད་པ་རྣམས་རིམ་པ་ལྟར་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་ལ་ཞེན་པས་སྟོང་པ་ཉིད་ཀྱིས་ན་མི་མཐུན་གཉེན་པོས་ཏེ། བྱང་ཆེན་གང་ཡུམ་ཟབ་མོ་འདི་ལ་མོས་པར་འགྱུར་བ་དེ་དག་ནི་འདོད་ཆགས་དང་འདོད་ཆགས་མེད་པས་རྣམ་པར་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོ། །དབེན་པ་ཞེས་བཞི་ག་ལ་སྦྱར་ལ་སྔ་མ་གསུམ་ཉོན་སྒྲིབ་དང་ཐ་མ་ཤེས་སྒྲིབ་ཀྱིས་དབེན་པའོ། །གཉིས་པ་ལམ་ཤེས་ཀྱི་སྦྱོར་བའི་ངོ་བོ་ཉིད་ལ་ནི་ལྔའོ། །དེ་ཡང་དོན་དམ་པར་སེམས་ཅན་གྱི་དོན་དུ་གོ་ཆ་བགོས་པ་མེད་ལ་ཐ་སྙད་དུ་དེ་ཐམས་ཅད་མྱ་ངན་ལས་བཟླ་བར་གོ་བགོས་པ་ནི་དཀའ་བ་སྟེ། བྱང་ཆེན་གང་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་གོ་ཆ་འདི་འཚལ་ཀྱང་དེ་ལ་སེམས་ཅན་དང་སེམས་ཅན་དུ་གདགས་པ་མི་དམིགས་པ་དེ་དག་ནི་དཀའ་བ་བགྱིད་པར་འགྱུར་བའོ། །ཞེས་སོ། །ཐེག་པ་གཞན་ཉན་རང་དུ་མི་ལྟུང་བའི་མཚན་ཉིད་དམ་ངོ་བོ་ཉིད་ཀྱིས་ཐེག་ཆེན་དུ་མཐའ་གཅིག་ཏུ་གནས་པ་ནི་ངེས་པ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་དེ་ལྟར་གོ་ཆ་འཚལ་བའི་བྱང་ཆེན་དེ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྟུང་བའི་གནས་དང་སྐབས་མ་མཆིས་ཏེ། ཞེས་


JLD018_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སོ། ཡུན་རིང་པོ་བསྐལ་པ་གྲངས་མེད་པ་ནས་བསྒྲུབ་པར་བྱ་བ་མཆོག་ཆེན་པོ་གསུམ་ཉིད་ཀྱི་ཆེད་དུ་སྒྲུབ་པ་ནི་ཆེད་དུ་བྱ་བ་སྟེ། བྱང་ཆེན་གྱིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་རྣམ་མཁྱེན་ཉིད་ཀྱིས་ཡེ་ཤེས་ཀྱི་དོན་དུ་གོ་ཆ་བགོས་སོ། །ཞེས་སོ། །བསྒོམ་པར་བྱ་བ་དང་སྒོམ་པ་པོའི་གང་ཟག་དང་སྒོམ་གྱི་ཆོས་མི་དམིགས་པར་རྟོགས་པ་ནི་མི་དམིགས་པ་སྟེ། ཡུམ་ཟབ་མོ་འདི་ལ་གང་སྒོམ་པར་བགྱི་བའམ་སྒོམ་པ་གང་ལགས་པའམ་གང་གིས་སྒོམ་པར་བགྱི་བའི་ཆོས་གང་ཡོངས་སུ་གྲུབ་པ་མ་མཆིས་ཏེ། ཞེས་སོ། །ཡུམ་ནས་རྣམ་མཁྱེན་གྱི་བར་ལ་དངོས་པོར་མངོན་པར་ཞེན་པ་མཐའ་དག་བཀག་པ་ནི་མངོན་ཞེན་བཀག་པ་སྟེ། བྱང་ཆེན་འགའ་ཞིག་གིས་གང་ཡུམ་ཟབ་མོ་འདི་ལ་མངོན་པར་ཞེན་པར་མི་བྱེད་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆེན་དུ་ཡོངས་སུ་བརྟག་པར་བྱའོ། །ཞེས་སོ། །ངོ་བོ་ཉིད་ཅེས་ཐམས་ཅད་ཀྱི་མཐར་རོ། །གསུམ་པ་རྣམ་མཁྱེན་གྱི་སྦྱོར་བའི་ངོ་བོ་ཉིད་ལ་ནི་བདུན་ཡོད་དོ། །དེ་ཡང་ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་ཀྱིས་བསྡུས་པ་སྟེ་ཡུལ་དུ་བྱས་པའི་དངོས་པོའི་ཁྱད་པར་གཞི་ལམ་གྱི་རྣམ་པ་དང་དེ་བཞིན་ཉིད་ལ་དམིགས་པ་ནི་དམིགས་པ་སྟེ། བྱང་ཆེན་རྣམ་མཁྱེན་ལ་གཞོལ་བའི་བསམ་པས་ཡུམ་ཟབ་མོ་འདི་ལ་བརྟག་པར་བྱའོ། །ཞེས་སོ། །འཇིག་རྟེན་མངོན་ཞེན་ཅན་གྱི་སྒྲུབ་པའི་འཛིན་པ་སྟེ་འདི་ནི་བདག་ཉིད་གཟུང་བར་བྱའོ་ཞེས་ཡོངས་གཅོད་དུ་ཞེན་པ་དང་སོགས་པས་འདི་ནི་གཟུང་བྱ་


JLD018_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཞེས་རྣམ་བཅད་དུ་ཞེན་པ་ལས་བཟློག་སྟེ་གཟུགས་ནས་རྣམ་མཁྱེན་གྱི་བར་ཞེན་ནས་གཟུང་མི་གཟུང་གི་མཐའ་བྲལ་དུ་བསྟན་པའམ་རྟོགས་པ་ནི་མི་མཐུན་པ་སྟེ། ཆོས་འདི་ནི་གཟུགས་གཟུང་བའི་ཕྱིར་བསྟན་པ་མ་ཡིན་མི་གཟུང་བའི་ཕྱིར་བསྟན་པ་མ་ཡིན། ཞེས་སོ། གཟུགས་ལ་སོགས་པ་ཐམས་ཅད་ལ་ཡེ་ཤེས་ཀྱི་ཆོས་ཀྱི་ཐོགས་པ་མེད་པར་ཤེས་པ་ནི་ཐོགས་པ་མེད་པ་སྟེ། ཆོས་འདི་ནི་གང་ལ་ཡང་ཐོགས་པ་མ་མཆིས་ཏེ་གཟུགས་ལ་ཐོགས་པ་མ་མཆིས་སོ། །ཞེས་སོ། །ཤེས་བྱ་གཟུང་བ་དང་ཤེས་པ་འཛིན་པ་མི་དམིགས་པས་རྟེན་མེད་པར་རྟོགས་པ་ནི་གཞི་མེད་པ་སྟེ། ཆོས་འདི་ནི་གཞི་མ་མཆིས་པ་དང་ལྡན་པ་སྟེ་གཟུགས་ཀྱི་གཞི་མི་དམིགས་པའི་སླད་དུ་དང༌། ཞེས་སོ། །རྩ་བར་གཞི་མེད་ཅེས་པ་ལ་དག་ལྡན་ལས་དེ་ཞེས་བྱ་བ་ནི་བསྟན་བཞིན་པའི་ཆོས་དེ་གཞི་མེད་པ་དང་འགྲོ་བ་མེད་པ་དང་སྐྱེ་བ་མེད་པའོ་ཞེས་འཆད་བཞིན་པའི་ཆོས་གཟུགས་སོགས་ལ་བཤད་དོ། །དེ་བཞིན་ཉིད་ཡིན་པ་ཉིད་ཀྱིས་འགྲོ་བ་དང་འོང་བ་མེད་པར་རྟོགས་པ་ནི་འགྲོ་བ་མེད་དེ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མ་འོངས་པ་མ་སོང་བ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་མ་འོངས་མ་སོང་བ་སྟེ། ཞེས་སོ། །གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པའི་སྟོང་ཉིད་ཡིན་པས་སྐྱེ་བ་མེད་པར་རྟོགས་པ་ནི་སྐྱེ་མེད་དེ། གནས་བརྟན་རབ་འབྱོར་ནི་གཟུགས་ཀྱི་རྗེས་སུ་མ་སྐྱེས་གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་


JLD018_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་པའོ། །ཞེས་སོ། །གྲགས་ཆར་དེ་ཆོས་སྟོན་པར་གྱུར་པ་ན་གནས་མེད་པ་དང་འགྲོ་བ་མེད་པ་དང་སྐྱེ་བ་མེད་པ་སྟེ་གནས་འདི་ལ་གཟུགས་ལ་སོགས་པ་མེད་ཅེས་པ་ནི་གནས་མེད་པའི་རང་བཞིན་ནོ། །འདིར་འགྲོ་བ་མེད་ཅེས་པ་ནི་འགྲོ་བ་མེད་པའི་རང་བཞིན་ནོ། །སྐྱེ་བ་འདིར་མེད་ཅེས་པས་སྐྱེ་བ་མེད་པའི་རང་བཞིན་ནོ། །ཞེས་འདི་ལ་མེད་འདིར་འགྲོ་བ་མེད་འདི་ནས་སྐྱེ་བ་མེད་ཅེས་པ་གསུམ་གཞི་མེད་སོགས་ཀྱི་དོན་དུ་འཆད་དོ། །དངོས་པོ་དང་དངོས་པོ་མེད་པ་དང་སོགས་པས་གཉིས་ཀ་དང་གཉིས་མིན་གྱི་ཕུང་གསུམ་གྱི་ངོ་བོ་དེ་བཞིན་ཉིད་མི་དམིགས་པར་རྟོགས་པ་ནི་དེ་བཞིན་ཉིད་མི་དམིགས་པ་སྟེ། དེ་ལ་གཟུགས་དང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ་གང་གི་ཚེ་གཟུགས་ཉིད་མི་དམིགས་པ་དེའི་ཚེ་གཟུགས་ཀྱི་དེ་བཞིན་ཉིད་དམིགས་པར་ལྟ་ག་ལ་འགྱུར། །ཞེས་རྣམ་མཁྱེན་གྱི་བར་ལ་དེ་ལྟར་རོ། །ཞེས་བྱ་བ་དེ་ལྟ་བུ་དག་ནི་ཞེས་སྔ་མ་ཐམས་ཅད་དང༌། ངོ་བོ་ཉིད་ཅེས་ཕྱི་མ་རྣམས་ཀྱི་མཐར་རོ། །བཅུ་དྲུག་པོ་འདི་ནི་སྦྱོར་བའི་ངོ་བོ་ཉིད་འབའ་ཞིག་ཏུ་བཤད་པས་འདི་སངས་རྒྱས་སར་འདོད་པ་ནི་མི་འཐད་དོ། །གསུམ་པ་ནི། ཤེས་མཚན་ཞེ་བརྒྱད་ཁྱད་པར་བཅུ་དྲུག་བྱེད་པ་བཅུ་གཅིག་ངོ་བོ་ཉིད་བཅུ་དྲུག་ཏུ་བཤད་པ་དེ་ལྟར་ན་ཞེས་སོགས་སོ། །བཞི་པ་སྦྱོར་བའི་སྔོན་འགྲོའི་ཆོས་ཀྱི་བཞི་སྟེ་རྒྱུད་ལ་བསྟེན་བྱ་ཐར་པ་ཆ་མཐུན་བཤད་པའི་ས་བཅད་སྤྲོ་སྟེ་དང་པོར་གཞུང་དང་མ་སྦྱར་བར་ཐར་པ་ཆ་མཐུན་སྤྱིར་བཤད་པ། བཞི་པ་ལ་གཉིས། མཚམས་སྦྱར། དོན་བཤད་པའོ། །དང་པོ་ནི། མཚན་ཉིད་ཀྱི་འོག་ཏུ་ཐར་པའི་ཆ་དང་མཐུན་པ་འཆད་དེ་ཐར་པ་ཆ་མཐུན་གྱི་དགེ་བ་དང་ལྡན་པ་


JLD018_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་རྒྱུད་ལ་སྐྱེས་པ་ཁོ་ན་ལ་ཇི་སྐད་བཤད་པའི་སྦྱོར་བ་རྣམས་མཚན་ཉིད་ཀྱི་སྒོ་ནས་ཤེས་པར་བྱེད་པ་འབྱུང་བས་སོ། །མདོའི་འབྲེལ་ནི། དེ་བཞིན་ཉིད་ཀྱི་ལེའུ་བཤད་པའི་ཚེ་བྱང་སེམས་ཉམས་པའི་ཆོས་ཅན་དྲུག་ཅུ་དམན་པའི་དགྲ་བཅོམ་དུ་གྱུར་པར་གསུངས་པའི་འཐད་པར་དེ་དག་གིས་སངས་རྒྱས་ལྔ་བརྒྱ་བསྙེན་བཀུར་ཞིང་སྦྱིན་སོགས་ལ་སྤྱད་ཀྱང་ཡུམ་དང་ཐབས་མཁས་ཀྱིས་མ་ཟིན་པས་སོ་ཞེས་པ་ལས་འཕྲོས་ནས་གསུངས་སོ། །གཉིས་པ་ལ་གཉིས། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། གང་ལ་སྐྱེ་བའི་རྟེན། བརྟེན་པ་ལམ་གྱི་ངོ་བོ། རྟགས་དང་སྒྲ་དོན་ནོ། །དང་པོ་ལ་གཉིས་ལས་དང་པོ་ལུས་རྟེན་ནི། མཛོད་འགྲེལ་ནས། མི་རྣམས་ཀྱི་ནང་ཁོ་ན་དང༌། གླིང་གསུམ་ནས་འཕེན་གྱི་གཞན་ནས་ནི་མ་ཡིན་ཏེ། ཅི་རིགས་པར་ཤེས་རབ་དང་སྐྱོ་བ་མེད་པའི་ཕྱིར་རོ། །ཞེས་ངན་སོང་ན་ཤེས་རབ་དང་སྒྲ་མི་སྙན་དང་ལྷ་ལ་སྐྱོ་བ་མེད་པས་དེ་དག་ལ་མི་སྐྱེ་བར་བཤད་པ་ནི་བྱེ་སྨྲའི་འདོད་པ་ཡིན་ལ། ཐེག་ཆེན་པ་ནི་ཇི་སྐད་དུ། དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་དང་ཀླུ་ཉི་ཁྲི་གཅིག་སྟོང་གིས་ཐེག་ཆེན་དུ་སེམས་བསྐྱེད་པར་གསུངས་པ་དང༌། གཟུགས་ཀྱི་ལྷའི་བུ་རྣམས་ཀྱང་དེ་བཞིན་གཤེགས་པའི་འོད་ཀྱིས་ལམ་ཤེས་སྐྱེ་བའི་སྣོད་ལྡན་དུ་བྱས་པར་གསུངས་པས་འདོད་ཁམས་པ་དང་མི་ཁོ་ནའི་ངེས་པ་མེད་དོ། །གཉིས་པ་སེམས་རྟེན་ནི། འདི་ལ་སྒོམ་བྱུང་


JLD018_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་པ་ཡོད་པར་ཀུན་བཏུས་ནས་བཤད་པ་ལྟར་ན་བསམ་གཏན་གྱི་སེམས་ལ་ཡང་བརྟེན་ལ། མཛོད་ནས་མེད་པར་བཤད་པ་ལྟར་ན་འདོད་པ་ཉིད་ལ་བརྟེན་ནོ། །མངོན་པ་ནས་དེ་ལྟར་ཡིན་ཀྱང་ཐེག་ཆེན་ལྟར་ན་ཚོགས་ལམ་ཆེན་པོ་ལྟ་བུ་བསམ་གཏན་བཞི་པའི་དངོས་གཞི་ལ་ཕལ་ཆེར་བརྟེན་ཏེ་དེ་དག་ནི་གདམས་ངག་ཏུ་བརྗོད་ཟིན་ཏོ། །གཉིས་པ་ནི་མཛོད་ལས། ཐོས་བསམས་ལས་བྱུང་ལས་གསུམ་མོ། །ཞེས་སྒོ་གསུམ་གའི་ལས་དང་ཐོས་བསམ་ཉིད་དུ་བཤད་དོ། །ཀུན་བཏུས་སུ། ཚོགས་ཀྱི་ལམ་གང་ཞེ་ན། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང༌། དབང་པོའི་སྒོ་སྡོམ་པ་དང་ཟས་ཀྱི་ཚོད་ཤེས་པ་དང་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་ཤེས་བཞིན་དུ་གནས་པར་མངོན་པར་དགའ་བ་དང༌། ཡང་གང་རྒྱུར་གྱུར་པའི་དགེ་བ་གཞན་དང་ཐོས་པ་དང་བསམ་པ་དང༌། བསྒོམས་པ་ལས་གྱུར་པའི་ཤེས་རབ་ཀྱང་རུང་སྟེ། དེ་གོམས་པས་བདེན་པ་རྣམས་མངོན་པར་རྟོགས་པར་འགྱུར་བ་དང༌། རྣམ་པར་ཐར་པའི་གནས་ཀྱི་སྣོད་ཉིད་དུ་འགྱུར་རོ། །ཞེས་སྒོམ་བྱུང་ཡོད་པ་དང༌། གཉེན་པོ་བདེན་པ་མངོན་རྟོགས་དང་སྤང་བྱ་དངོས་སུ་སྤང་རུང་གི་སྣོད་དུ་རུང་བ་ཞིག་ལ་བཤད་དོ། །ཉི་སྣང་ལས། འདི་དག་ཐམས་ཅད་ཀྱང་ཐོས་པ་དང་བསམ་པའི་རང་བཞིན་ཅན་ཡིན་པར་ཤེས་པར་བྱ་སྟེ། ཐོག་མ་ཁོ་ནར་བསྟན་པ་ལ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་མཛོད་ལྟར་འབྱུང་བ་ལ་ཚིག་གསལ་དུ་འཕགས་པས་སྒོམ་བྱུང་མི་བཞེད་པའི་རྒྱུ་མཚན་དུ་དྲངས་སྣང་ཡང་སྒོམ་བྱུང་གཙོ་བོར་མ་གྱུར་པ་ལ་དགོངས་


JLD018_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པ་བླངས་ན་ལེགས་སོ། །ཚིག་གསལ་ལས། ཚོགས་ལམ་ཁྱད་པར་ཅན་དང་ཐར་པ་ཆ་མཐུན་གཅིག་ཏུ་བྱེད་པ་ནི་འཁྲུལ་པར་ཤེས་པར་བྱའོ། བསྟན་བཅོས་འདིར་ནི་སེམས་བསྐྱེད་དང་པོ་གསུམ་གོ་སྒྲུབ་ལམ་ཤེས་ཀྱི་སྣོད་དུ་རུང་བ་དང་སྦྱོར་བ་བཅོ་ལྔའི་དང་པོ་ཕྲིན་ལས་ཀྱི་བསྡུ་བཞི་ལ་འགོད་པ་སོགས་ཚོགས་ལམ་དང་ཐར་ཆར་གསུངས་སོ། །གསུམ་པ་ནི། ཚོགས་ལམ་སྤྱི་ཙམ་གྱི་རྟགས་ནི་མཛོད་འགྲེལ་ལས། གང་ལ་འཁོར་བའི་ཉེས་དམིགས་དང་བདག་མེད་པ་དང་མྱ་ངན་ལས་འདས་པའི་ཡོན་ཏན་བརྗོད་པའི་གཏམ་ཐོས་ན་སྤུ་ཟིང་ཞེས་བྱེད་པ་དང༌། མཆི་མ་དཀྲུག་ཅེས་བྱེད་པ་དེ་ལ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོད་པར་ཤེས་པར་བྱ་སྟེ། དབྱར་མྱུ་གུ་སྐྱེས་པ་ལས་གཡུར་གྱི་གསེབ་ན་ས་བོན་ཡོད་པར་ཤེས་པ་བཞིན་ནོ། །ཞེས་སོ། །དེས་ན་ངེས་འབྱུང་གི་བསམ་པས་བསླང་བའི་དགེ་རྩ་སྣ་རེ་ཙམ་རྒྱུད་ལ་སྐྱེས་ན་ཡང་ཚོགས་ཀྱི་ལམ་ཕྱོགས་རེ་ཐོབ་པ་ཡིན་ནོ། །ཚོགས་ལམ་ཁྱད་པར་ཅན་གྱི་རྟགས་ནི་ཉི་སྣང་ལས། གང་གིས་དེ་མཚོན་པར་བྱེད་པ་ཐར་པའི་ཆ་དང་མཐུན་པ་འདིའི་རྟགས་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ་སེམས་མི་ཞུམ་པ་མི་དངང་བའི་མཚན་ཉིད་དང༌། མི་འགོང་བ་མི་སྐྲག་པའི་མཚན་ཉིད་དང༌། ཡིད་ལ་འགྱོད་པ་མེད་པ་སྐྲག་པར་མི་འགྱུར་པའི་མཚན་ཉིད་ནི་ཞེས་ཟབ་དོན་ལ་མི་སྐྲག་པ་སོགས་གསུངས་པའོ། །ཅིའི་ཕྱིར་ཐར་པའི་ཆ་དང་མཐུན་པ་ཞེས་བྱ་ཞེ་ན། ཉི་སྣང་ལས། འདིར་ཐར་པ་ནི་བྲལ་


JLD018_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁྱད་པར་ཡིན་ལ་དེའི་ཆ་ལ་ཕན་པས་ན་ཐར་པའི་ཆ་དང་མཐུན་པ་ཡིན་ནོ། །ཞེས་གསུངས་ལ། ཚིག་གསལ་ལས། མི་ཁོམ་པ་བརྒྱད་སོགས་སུ་འཕེན་བྱེད་ཀྱི་ལས་ཉོན་ཆེས་རགས་པ་དང་བྲལ་བ་དྲོད་སོགས་ནི་ཐར་པར་འཆད་དོ། །ཐར་པ་ཆ་མཐུན་གྱི་དོན་བཤད་པའི་གཉིས་པ་ཡན་ལག་གི་དོན་སྟེ་གཞུང་དང་སྦྱར་བའི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་ཉིད་ཚོགས་ལམ་གྱི་སྐབས་སུ་དད་སོགས་ཡུལ་ལྔ་རང་རྒྱུད་ལ་སྐྱེད་པའི་སྒོ་ནས་མཁས་ཚུལ་སོགས། གཉིས་པ་ལ་གཉིས། ངོ་བོ་དང༌། དབྱེ་བའོ། །དང་པོ་ལ་གཉིས་ལས། དང་པོ་ནི། བྱང་ཆེན་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་སྦྱིན་པ་གཏོང་བ་དང་ཞེས་པ་ནས་རྣམ་མཁྱེན་ཉིད་ཀྱི་བར་དུ་སྒོམ་ཞིང་མཚན་མར་མི་བྱེད་དོ། །ཞེས་གསུངས་པ་བསྡུས་པ་ནི་མཚན་མེད་ཅེས་སོགས་སོ། །གཉིས་པ་ནི། འདོད་དོ། །གང་དུ་ན། ཐར་པའི་སོགས་སོ། །གང་ན། སྟོང་ཉིད་རྟོགས་པའི་ཤེས་རབ་ཆོས་རྣམས་ལ་མཚན་མ་མེད་པར་དམིགས་པའི་ཤེས་པའི་རྣམ་པས་སྦྱིན་སོགས་ཀྱི་ཕར་ཕྱིན་ནས་རྣམ་མཁྱེན་ལ་ཐུག་པ་རྣམས་ཚོགས་ལམ་པ་རང་གི་རྒྱུད་ལ་སྐྱེད་པར་མཁས་པ་ནིའོ། །དྲོད་མ་ཐོབ་པའི་སེམས་དཔའ་རྣམས་སེམས་ཅན་དམིགས་པར་བྱེད་མོད་ཀྱི་གཞན་དོན་ལ་དམིགས་པ་སྲབ་པས་བདག་གཞན་བརྗེ་མི་ནུས་པས་རང་གི་རྒྱུད་ལ། ཞེས་སོ། །སྐབས་གང་དུ་ན། རྣམ་པ་ནས་འདི་ལ་སྟེ་འདིར་རོ། །གཉིས་པ་ལ་གསུམ་ལས་དང་པོ་ནི། རྒྱུད་ལ་སྐྱེད་པར་མཁས་པ་དེ་གང་ཡིན་ཞེ་ན། དེ་བསྟན་པའི་ཕྱིར་བར་ཚིགས་གཉིས་པོ་འདི་གསུངས་སོ། །གཉིས་པ་ལ་གཉིས། ངོ་བོ་དང་རྒྱུད་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། ཚོགས་ལམ་ལ་དད་པ་


JLD018_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤེས་རབ་ཀྱི་བར་རྣམ་ལྔའོ། །དེ་དག་ཀྱང་དུས་གསུམ་གྱི་སངས་རྒྱས་དང་སོགས་པས་དེ་རྣམས་ཀྱི་ཟག་མེད་ཀྱི་ཕུང་པོ་ལྔ་རྣམ་ཐར་གསུམ་ལ་མཚན་མར་མི་དམིགས་པའི་ཚུལ་གྱིས་དམིགས་པའི་དད་པ་ནི། ཡུམ་དང་ཐབས་མཁས་པ་དང་མ་བྲལ་བར་དུས་གསུམ་གྱི་སངས་རྒྱས་རྣམས་དང་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་དང་ཏིང་ངེ་འཛིན་ཀྱི་དང་ཤེས་རབ་ཀྱི་དང་རྣམ་པར་གྲོལ་བའི་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དེ་ཐབས་ཅད་ཡིད་ལ་སེམས་ཀྱི་མཚན་མར་མི་བྱེད་དེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཚན་མར་མི་བྱེད་གཞན་གཉིས་ལ་ཡང་དེ་ལྟར་གསུངས་ནས། ཤཱ་རིའི་བུ་བྱང་ཆེན་དེ་ནི་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་ཞིང༌། དེ་ནི་མ་སྨས་མ་ཉམས་པར་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་རིག་པར་བྱའོ། །ཞེས་སོ། །དེ་ལ་སྣང་བ་ནི་ཉན་ཐོས་སོགས་ཀྱི་སར་ལྟུང་བའོ། །སྨས་པ་ནི་བྱང་ཆེན་ལས་ཉམས་པའོ། །སྦྱིན་སོགས་སྤྱོད་ཡུལ་དུ་ཡོད་པ་ཅན་གྱི་བརྩོན་འགྲུས་ནི། བྱང་ཆེན་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྦྱིན་པ་བྱིན་ཡང་མཚན་མར་མི་བྱེད། ཅེས་སོ། །ཡུམ་དང་ཐབས་མཁས་དང་མ་བྲལ་པའི་བསམ་པ་ཕུན་ཚོགས་ལ་དམིགས་པའི་དྲན་པ་ནི། བྱང་ཆེན་ཡུམ་དང་ཐབས་མཁས་པ་དང་མ་བྲལ་བའི་བསམ་པ་ཅན་གང་ཡིན་པ་དེའི་བླ་མེད་རྫོགས་བྱང་ནི་ཐེ་ཚོམ་མ་མཆིས་སོ། །ཞེས་


JLD018_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཟུགས་སོགས་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནི། བྱང་ཆེན་དེས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་གང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་གཟུགས་སམ་ཞེས་པ་ནས་རྣམ་མཁྱེན་ཉིད་དམ་ཆོས་གང་ཡང་དམིགས་པ་མ་མཆིས་སོ། །ཞེས་སོ། །ཆོས་རྣམས་རྣམ་པ་ཐམས་ཅད་ཤེས་ཀྱང་དེ་ལ་མི་དམིགས་པའི་ཤེས་རབ་ནི། ལྷའི་བུ་དག་ངས་ཀྱང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་གང་མངོན་པར་རྫོགས་པར་འཚང་རྒྱའམ་གང་གིས་མངོན་པར་རྫོགས་པར་འཚང་རྒྱའམ༌། གང་ཞིག་མངོན་པར་འཚང་རྒྱ་བའི་ཆོས་གང་ཡང་མ་དམིགས་སོ། །ཞེས་སོ། །གཉིས་པ་ནི་དད་སོགས་རྣོན་པོའམ་ཆེན་པོས་ནི་རྫོགས་བྱང་རྟོགས་པའམ་ཐོབ་པར་སླ་ལ། དད་སོགས་རྟུལ་པོ་འམ་ཆུང་ངུས་ནི་རྫོགས་བྱང་རྟོགས་པ་སྟེ་ཐོབ་པར་དཀའ་བ་ནི། རིམ་པ་ལྟར། གང་གིས་གང་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་དག་ཐབས་ཅད་ཀྱང་སྟོང་པ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆེན་གྱིས་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་སླའོ་ཞེས་དང༌། དེའི་འཐད་པར་གཟུགས་ནས་རྣམ་མཁྱེན་གྱི་བར་རང་བཞིན་གྱིས་སྟོང་པར་གསུངས་པ་དང༌། གལ་ཏེ་བྱང་ཆེན་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་པར་བྱེད་ཀྱང་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་སླ་སྟེ།


JLD018_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བ་མེད་ན་ནི་བྱང་སེམས་གངྒཱའི་ཀླུང་གི་བྱེ་མ་སྙེད་བླ་མེད་རྫོགས་བྱང་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་དེས་ན་བླ་མེད་རྫོགས་བྱང་དུ་འཚང་རྒྱ་བར་ནི་དཀའ་སྟེ། ཞེས་གསུངས་པའི་དཀའ་སླའི་རྒྱུ་མཚན་དུ་རྗེ་བཙུན་གྱིས་དབང་པོ་རྣོ་རྟུལ་གསུངས་སོ། །ཤུགས་ལ་བསྟན་པའི་འབྲིང་ནི་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་བླ་མེད་རྫོགས་བྱང་ལས་ལྡོག་གམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །ཞེས་རྣམ་མཁྱེན་ཀྱི་བར་དུ་དེ་དག་དང་དེ་དག་ལས་གཞན་དང་དེ་དག་གི་དེ་བཞིན་ཉིད་དང༌། དེ་དག་ལས་གཞན་ན་ཕྱིར་ལྡོག་པ་ཡོད་པ་བཀག་ནས་གསུངས་སོ། །འདིའི་མདོ་སྦྱོར་ཚུལ་ལ་ཉི་སྣང་དུ་ཆུང་འབྲིང་གསུམ་དང༌། དེ་དག་གི་རྟགས་ཀྱི་མདོ་སྦྱོར་ཚུལ་གཉིས་སུ་མཛད་པ་ནི་ལེ་བརྒྱད་མ་དང་མི་མཐུན་ཞིང༌། ཉི་སྣང་ལ་ཡང་མདོ་སྦྱོར་ཚུལ་གཉིས་མཛད་པ་ཤིན་ཏུ་མི་མཐུན་པ་ཡོད་པ་ལ་ཊཱིཀ་བྱེད་དག་ཐེ་ཚོམ་ཙམ་ཡང་མ་སྐྱེས་པར་སྣང་བས་མ་དཔྱད་པ་ནི། ཆོས་ཀྱི་རྗེ་རྔོག་ཆེན་པོའི་ཊཱིཀ་ཆུང་ལས་གསལ་བར་མདོ་མཚམས་བཟུང་བ་ཉིད་འཕགས་པའི་དགོངས་པར་རྟོགས་མོད། འོན་ཀྱང་ཚིག་མངས་སུ་དོགས་པས་མ་བྲིས་ཏེ་དེར་བལྟ་དགོས་སོ། །ཤཱནྟི། ཟླ་འོད། ཤེར་སྒྲོན་རྣམས་སུ་རྣོ་རྟུལ་གཉིས་འབའ་ཞིག་བཤད་ནས་གསལ་ཁ་མེད་ཀྱང་ཐེག་ཆེན་ལ་བཞེད་པར་མངོན་ནོ། །ཉི་སྣང༌། རྣམ་འགྲེལ་གྲགས་པ་སློབ་དཔོན་རྗེས་


JLD018_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་དང་བཅས་པས་ཆུང་འབྲིང་ཆེ་གསུམ་དུ་བཤད་ལ། ཉི་སྣང་གི་དགོངས་པས་ཐེག་ཆེན་ལ་བཞེད་དེ། དེ་གསུམ་ལ་མདོ་སྦྱར་ཟིན་པའི་མཐར་དེ་དག་གི་རྟགས་ལ་ཡུམ་ལ་མི་སྐྲག་པ་སོགས་གསུངས་པས་སོ། །གྲགས་ཆ་དང་སློབ་དཔོན་མཐུན་ནོ། །གསུམ་པ་ལ་གཉིས། ངོ་བོ་དང༌། རྒྱུད་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། མཁས་པ་ཡིན་ནོ། །གང་ལ་ན། ཡུལ་རྣམ་པ་ལྔ་ལའོ། །དེ་དག་ཀྱང་སངས་རྒྱས་དང་སོགས་པས་རྩ་བ་ལྟར་རམ་ཆོས་དང་དགེ་འདུན་དང༌། སྦྱིན་པ་དང་སོགས་པས་ཚུལ་ཁྲིམས་ནས་རྣམ་མཁྱེན་གྱི་བར་དང༌། བསམ་པ་ཕུན་སུམ་ཚོགས་པ་སེམས་བསྐྱེད་དང་སོགས་པས་དེའི་བསླབ་བྱ་དང༌། རྣམ་པར་མི་རྟོག་པ་སྟེ་བརྟག་པར་བྱ་བའི་ཡུལ་མ་ཡིན་པ་དང་སོགས་པས་རློམ་བྱར་མ་ཡིན་པ་གཟུགས་སྒྲ་སོགས་དང༌། གཟུགས་སོགས་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་སྟེ་རང་སྤྱིའི་ཚུལ་གྱིས་ཤེས་པར་བྱ་བ་དང་སོགས་པས་སྤང་བ་དང་མངོན་དུ་བྱ་བའི་ཡུལ་ལོ། །གང་ན། ཡིད་ཆེས་པའི་དད་པ་དང༌། ཕར་ཕྱིན་ཉམས་ལེན་ལ་སྤྲོ་བའི་བཙོན་འགྲུས་དང༌། སེམས་བསྐྱེད་ཀྱི་དམིགས་རྣམ་མ་བརྗེད་པའི་དྲན་པ་དང༌། འཁོར་གསུམ་དུ་མི་རྟོག་པའི་ཏིང་ངེ་འཛིན་དང༌། ཐོས་བསམ་ལས་བྱུང་བ་གཙོ་བོར་གྱུར་པའི་ཤེས་རབ་ཉན་རང་ལས་ཁྱད་པར་དུ་གྱུར་པ་ཅན། འཇིག་རྟེན་ལས་འདས་པའི་ཆོས་སྐྱེད་པ་ལ་བདག་པོར་མ་གྱུར་པའམ་མ་དད་པ་སོགས་འཇོམས་པ་ལ་མཐུ་མ་ཐོབ་པས་རྣམ་བྱང་དབང་པོའི་ངོ་བོ་ཉིད་མ་ཡིན་པ་ཞེས་ཀུན་གྱི་མཐར་སྦྱར་བ་ལྔའོ། །གྲངས་


JLD018_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ནི་ཡུལ་ཅན་དང་ཡུལ་ལྔ་རིམ་པ་ལྟར་སྦྱོར་བའོ། །ཚོགས་ལམ་ལ་འདི་ལྔར་མ་ངེས་ཀྱང་གཙོ་ཆེ་བས་ཡིན་ནོ། །གཉིས་པ་ནི། དད་སོགས་ཡུལ་ལྔ་ལ་མཁས་ན་དད་སོགས་འདི་དག་ལ་རྫོགས་བྱང་ཐོབ་དཀའ་སླ་མེད་དོ་ཞེ་ན། ཁྱད་པར་སྟོན་པ་ནི། ཐེག་ཆེན་གྱི་དད་སོགས་ལྔ་སྤྱིར་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་སྐྱེད་པ་དང༌། བྱེ་བྲག་ཏུ་ཡུལ་ལྔ་ལ་མཁས་པ་དེ་ལྟ་མོད་ཀྱི་སྟེ་འོན་ཀྱང་དད་སོགས་དེ་དག་ཐམས་ཅད་ཀྱིས་བླ་མེད་བྱང་ཆུབ་འཐོབ་པ་མྱུར་བུལ་མེད་པ་མ་ཡིན་ཏེ། འདི་ལྟར་དད་པ་ལ་སོགས་པའི་ཁྱད་པར་རྣོ་ཞིང་གསལ་ལ་ཆེན་པོས་ནི་རྫོགས་བྱང་རྟོགས་པ་སྟེ་འཐོབ་པར་སླ་ལ། དད་སོགས་དེ་དག་ཉིད་ཀྱི་ཁྱད་པར་རྟུལ་པོས་ནི་རྫོགས་བྱང་རྟོགས་པ་སྟེ་འཐོབ་པར་དཀའ་འོ་ཞེས་བྱ་བ་འདི་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་པས་སོ། །དེ་ལྟར་རིགས་ཅན་གསུམ་གྱི་ནང་ནས་དབང་པོ་རྣོན་པོའི་དད་སོགས་ཀྱིས་ཐེག་ཆེན་གྱི་བྱང་ཆུབ་འཐོབ་པར་དངོས་སུ་བསྟན་པའི་ཤུགས་ཀྱིས་ན་དད་སོགས་འབྲིང་པོ་རྣམས་ཀྱིས་ནི་རང་རྒྱལ་གྱི་བྱང་ཆུབ་རྟོགས་པ་སྟེ་འཐོབ་ལ། དད་སོགས་ཆུང་དུ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་བྱང་ཆུབ་རྟོགས་པ་སྟེ་འཐོབ་བོ་ཞེས་བྱ་བ་འདི་འཕངས་པ་ཡིན་ཏེ། འདི་གཉིས་ཀྱིས་རིམ་པ་ལྟར་བྱང་ཆུབ་ནི་འཐོབ་དགོས་ལ། ཐེག་ཆེན་དང་ཉན་ཐོས་ཀྱི་བྱང་ཆུབ་མི་འཐོབ་པ་དང་སྔ་མ་དང་རང་རྒྱལ་གྱི་དེ་མི་འཐོབ་པས་སོ། །དེ་ནི་སྤྱིའི་ཤུགས་འཕངས་ཡིན་ལ་བྱེ་བྲག་ཏུ་རིགས་ཅན་གསུམ་གྱི་དབང་པོ་རྣོན་པོ་ལ་རྣོ་བརྟུལ་གཉིས་སུ་


JLD018_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་རྫོགས་བྱང་འཐོབ་དཀའ་སླར་དངོས་སུ་བསྟན་པས་དབང་འབྲིང་དང་དབང་རྟུལ་གྱི་དད་སོགས་ལ་ཡང་རྣོ་རྟུལ་གཉིས་སུ་བྱས་པས་རང་རང་གི་བྱང་ཆུབ་འཐོབ་དཀའ་སླ་གཉིས་ཡོད་པར་འཕངས་སོ། །འདིར་རྟུལ་པོ་ཐེག་དམན་གྱི་ཡིན་པ་སློབ་དཔོན་གྱི་དགོངས་པར་རྒྱ་བོད་འགའ་ཞིག་བཞེད་ཀྱང་མི་འཐད་དེ། སྔར་བཤད་པ་ལྟར་གྱི་རྩོད་པ་དེ་ཁོང་ན་གནས་ཤིང་དེ་ལ་ཡང་དེ་ལྟ་མོད་ཀྱི་ཞེས་པས་ཁྱབ་པ་མ་གྲུབ་ཀྱི་ལན་བསྟན་པ་དང༌། ཐེག་དམན་གྱི་དད་སོགས་གཉིས་ཀ་ཤུགས་ལ་བསྟན་པར་གསུངས་པ་དང་མི་འགྲིག་པའི་ཕྱིར་དང༌། ཐེག་དམན་གྱི་དད་སོགས་དངོས་སུ་བསྟན་པའི་ཤུགས་ལ་དེ་ཉིད་འཕངས་པར་འགྱུར་བས་སོ། །དེ་ལྟར་བྱས་ན་སློབ་དཔོན་གྱི་དགོངས་པས་ཐེན་ཆེན་གྱི་འབྲིང་རྟུལ་པོའི་ནང་དུ་བསྡུས་ནས་གཉིས་སུ་མཛད་པས་མཚན་མེད་རབ་སྦྱིན་སོགས་ཀྱིས་བསྟན་པའི་ཚོགས་ལམ་དེ་ཉིད་ལ་རྫོགས་བྱང་འཐོབ་དཀའ་སླ་གཉིས་རྒྱན་སྣང་དུ་གསུངས་པ་དང་འབྱོར་ལ་གཞན་དུ་ན་སློབ་དཔོན་གྱིས་སྐབས་མ་མཁྱེན་པར་འགྲོའོ། །གཉིས་པ་ནི་རྣམ་ཀུན་གྱི་ཆོས་རྒྱས་པར་བཤད་པའི་གཉིས་པ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྒོ་རིམ་གྱི་ས་བཅད་སྤྲོ་ཞིང་དང་པོར་སྦྱོར་བ་ཁྱད་པར་ཅན་སྐྱེས་པའི་དུས་དངོས་སྟེ་སྦྱོར་ལམ་དྲོད་སོགས། གཉིས་པ་ལ་གསུམ། སྦྱོར་བ་ཁྱད་པར་ཅན་སྐྱེས་པའི་དུས། སྐྱེས་པའི་རྟེན་གྱི་གང་ཟག །གང་ཟག་དེའི་སྒོམ་རིམ་མོ། །དང་པོ་ལ་གཉིས། དངོས་དང༌། ཟློས་པ་སྤང་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། ཐར་ཆའི་འོག་ཏུ་ངེས་ཆ་གསུངས་ཏེ། ཐར་ཆ་རྒྱུད་ལ་སྐྱེས་པའི་གཞན་དོན་ལ་སྤྲོ་བ་ཅན་ལ་ངེས་ཆ་འབྱུང་བས་སོ། །མདོའི་འབྲེལ་ནི། བྱང་ཆེན་གྱིས་ཇི་ལྟར་གནས་པར་བྱ་བ་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ལ་


JLD018_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལས། དང་པོ་དྲོད་ཀྱི་དམིགས་རྣམ་གཉིས་ལས། དམིགས་པ་ནི། དམིགས་པ་ཡིན་པར་བསྔགས་པ་སྟེ་བརྗོད་དོ། །གང་གི་ན། དྲོ་བ་གསུམ་པོ་རྣམས་ཀྱིའོ། །གང་ན། སེམས་ཅན་ཐམས་ཅད་དོ། །གང་དུ་ན། རྣམ་ཀུན་གྱི་སྐབས་འདིར་ཏེ་དེ་ཡང་རྣམ་མཁྱེན་གྱི་སྐབས་ལས་དགར་བའི་ཕྱིར་ཏེ། དེར་ནི་མཉམ་གཞག་གི་རྟོགས་པ་གཙོ་བོར་བྱས་པའི་དམིགས་རྣམ་ཡིན་ལ། འདིར་ནི་རྗེས་ཐོབ་ཏུ་གཞན་ལ་ཕན་འདོགས་པའི་སྦྱོར་བ་གཙོ་བོར་བྱས་པས་སོ། །རྣམ་པ་ནི་སེམས་ཅན་དེ་དག་ཉིད་ལ་དམིགས་པའི་སེམས་མཉམ་པ་སོགས་ཀྱི་རྣམ་པ་དག་ནི་བཅུར་མདོ་ལས་བཤད་དོ། །དེ་ཡང་སེམས་དང་པོ་གཉིས་ནི་དྲོད་ཆུང་ངུའི་རྣམ་པ་སྟེ་ཚེ་འདི་ལ་གཞན་ལ་ཕན་པ་སྒྲུབ་འདོད་པས་སོ། །དེ་ནས་སེམས་གསུམ་ནི་དྲོད་འབྲིང་གི་རྣམ་པ་སྟེ། ཚེ་ཕྱི་མ་ལ་གཞན་ལ་ཕན་པར་འདོད་པས་སོ། །དེ་ནས་སེམས་ཟུང་ལྡན་ནི་དྲོད་ཆེན་པོའི་རྣམ་པ་སྟེ། འདི་ཕྱི་གཉིས་ཀ་ལ་གཞན་ལ་ཕན་པ་སྒྲུབ་འདོད་པ་སྟེ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་དམིགས་པར་བྱ། ཞེས་དང༌། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དམིགས་པར་བྱ་ཞེས་དང༌། སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་དམིགས་པར་བྱའི་ཞེས་དང༌། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་དམིགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་མི་འཚེ་བའི་སེམས་བསྐྱེད་པར་བྱའོ། །ཞེས་དང༌། སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་མའི་སེམས་


JLD018_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བྱའོ། །ཕའི། སྤུན་ཟླའི། སྲིང་མོའི། བུའི། བུ་མོའི། གྲོགས་པོ་དང་ཡིད་བརྟན་པ་དང༌། གཉེན་དང་སྣག་གི་གཉེན་མཚམས་ཀྱི་སེམས་བསྐྱེད་པར་བྱའོ། །ཞེས་སོ། །འདིར་མདོ་ལས། སེམས་རེ་རེ་ཞིང་བསྐྱེད་པ་དང༌། དམིགས་པ་གཉིས་གཉིས་སྨོས་པ་ནི་གསར་དུ་སྐྱེད་པ་དང་བསྐྱེད་ཟིན་པའི་དབང་དུ་བྱས་པའོ། །དྲོད་དང་ཆོས་མཆོག་གཉིས་ལ་སེམས་ཅན་དམིགས་པར་བཤད་པ་ནི་བར་པ་གཉིས་ལ་མཚོན་པའོ། །གཉིས་པ་རྩེ་མོར་གྱུར་པ་ལ་གསུམ་ལས། བདག་ཉིད་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་བཅུའི་སྡིག་པ་ལས་ལྡོག་པ་ལ་གནས་ནས་གདུལ་བྱ་གཞན་དེ་དག་ལ་ནི་འགོད་པ་དང༌། ཞུགས་ཙམ་ལ་དེ་ལས་ལྡོག་པའི་བསྔགས་པ་བརྗོད་པ་དང༌། མ་བསྐུལ་བར་ཞུགས་པ་ལ་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ནི། ཆུང་ངུའི་རྣམ་པ་སྟེ། གཞན་སྡུག་བསྔལ་གྱི་རྒྱུ་ལས་ལྡོག་པར་འདོད་པའི་ཕྱིར་ཏེ། བདག་ཉིད་ཀྱང་སྲོག་གཅོད་པ་ལས་ལྡོག་པར་བྱ། གཞན་ཡང་སྲོག་གཅོད་པ་ལས་ལྡོག་པ་ལ་ཡང་དག་པར་བསྐུལ་བར་བྱ། སྲོག་གཅོད་པ་ལས་ལྡོག་པའི་ལེགས་པ་བརྗོད་པར་བྱ། གཞན་ཡང་སྲོག་གཅོད་པ་ལས་ལྡོག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། ཞེས་སོ། །སྦྱིན་སོགས་ཕྱིན་དྲུག་ལ་གནས་ནས་གང་ཟག་གཞན་སྦྱིན་སོགས་ལ་གནས་པ་དེ་དག་ལ་ནི་འགོད་སོགས་སྔར་བཞིན་འབྲིང་གི་རྣམ་པ་སྟེ། གཞན་བདེ་རྒྱུ་ལ་སྦྱོར་འདོད་པའི་ཕྱིར་ཏེ། བདག་ཉིད་ཀྱང་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་བྱ། ཞེས་སོ། །སྦྱིན་སོགས་ཀྱི་སོགས་


previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next