Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  collapse section
   
   
   
ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།
   
  expand section
   
   
   
   
   
   
   
   
   


 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


JLD018_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས་བསྡུས་པར་བདག་ཉིད་ནང་སྟོང་ཉིད་སོགས་ནས་རྟེན་འབྲེལ་ལུགས་དང་མཐུན་མི་མཐུན་སྒོམ་པ་ལ་གནས་ནས་གཞན་དེ་དག་སྒོམ་པ་ལ་འགོད་སོགས་ནི་ཆེན་པོའི་རྣམ་པ་སྟེ། གཞན་བདེ་སྡུག་གི་རྒྱུ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་སྤོང་འདོད་པའི་ཕྱིར་ཏེ། བདག་ཀྱང་ནང་སྟོང་པ་ཉིད་བསྒོམ་པར་བྱ་ཞེས་པ་ནས་བདག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་ལུགས་མ་ཡིན་པ་ལ་མཉམ་པར་གཞག་པར་བྱ་ཞེས་སོགས་ཀྱི་བར་རོ། །གསུམ་པ་བཟོད་པའི་གསུམ་ནི། རྩེ་མོའི་སྐབས་སུ་རང་གཞན་ལ་བརྟེན་པའི་དམིགས་རྣམ་གྱི་དབྱེ་བས་རང་ཉིད་གནས་པ་དེ་ལ་གཞན་འགོད་སོགས་གསུམ་ཡོད་པ་དེ་བཞིན་དུ་བཤད་དོ། །དེ་ལ་བདག་ཉིད་བདེན་པ་བཞི་ཤེས་པ་དང་དེས་མཚོན་པའི་སྤོང་མངོན་དུ་བྱེད་སྒོམ་པ་ལ་གནས་ནས་གཞན་དེ་ལ་འགོད་སོགས་ནི་ཆུང་ངུའི་རྣམ་པ་སྟེ། གཞན་འཕགས་ལམ་ལ་ངེས་པར་སྦྱོར་འདོད་པའི་ཕྱིར་ཏེ། བདག་ཉིད་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཞེས་སོ། །བདག་ཉིད་རྒྱུད་སོགས་ཀྱི་འབྲས་བུ་ཤེས་ཀྱང་མངོན་དུ་མི་བྱེད་པ་ལ་གནས་ནས་གཞན་དེ་ལ་སྔར་ལྟར་འགོད་སོགས་ནི་འབྲིང་གི་རྣམ་པ་སྟེ། གཞན་འབྲས་བུ་ལྔ་ལ་ངེས་པར་སྦྱོར་འདོད་པའི་ཕྱིར་ཏེ། བདག་ཉིད་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་སྐྱེད་དེ་ཡང་དག་པའི་མཐའ་མངོན་དུ་མི་བྱ་ཞེས་སོ། །བདག་ཉིད་བྱང་སེམས་ཀྱི་མཐོང་ལམ་གྱི་རྒྱུད་ལ་གནས་ནས་གཞན་དེ་ལ་འགོད་སོགས་ནི་ཆེན་པོའི་རྣམ་པ་སྟེ། གཞན་སངས་རྒྱས་ཉིད་ལ་སྦྱོར་


JLD018_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་ཕྱིར་ཏེ། བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་བྱ། ཞེས་སོ། །དེ་གཉིས་ནི་འོག་གི་སོགས་སྒྲས་བསྡུས་པའོ། །བཞི་པ་ཆོས་མཆོག་གི་གསུམ་ནི། རང་གཞན་ལ་བརྟེན་པའི་དམིགས་རྣམ་གྱིས་འགོད་སོགས་གསུམ་ཡོད་པ་སྔར་གྱི་དེ་བཞིན་དུ་བྱའོ། །དེ་ལ་བདག་ཉིད་སེམས་ཅན་རྣམས་སྨིན་པར་བྱེད་པ་དང་ཞིང་སྦྱོང་བ་ལ་གནས་ནས་གཞན་ལ་སྔར་ལྟར་ནི་ཆུང་ངུའི་རྣམ་པ་སྟེ། གཞན་ཁྱད་པར་མེད་པར་ཐེག་པ་གསུམ་གྱིས་སྨིན་པར་འདོད་པའི་ཕྱིར་ཏེ། བདག་ཉིད་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་ཞེས་སོ། །རང་ཉིད་སེམས་དཔའི་མངོན་ཤེས་བསྐྱེད་པ་ལ་གནས་ནས་གཞན་དེ་ལ་སྔར་ལྟར་ནི་འབྲིང་གི་རྣམ་པ་སྟེ། གཞན་ཁྱད་པར་དུ་བྱང་སེམས་ཀྱི་ལམ་ལ་ངེས་པར་སྦྱོར་འདོད་པའི་ཕྱིར་ཏེ། བདག་གིས་ཀྱང་བྱང་སེམས་ཀྱི་མངོན་ཤེས་བསྐྱེད་པར་བྱ། ཞེས་སོ། །རང་ཉིད་རྣམ་མཁྱེན་སྐྱེད་པ་དང་བག་ཆགས་ཀྱི་མཚམས་སྦྱོར་བ་སྤོང་བ་སོགས་ལ་གནས་ནས་གཞན་དེ་ལ་སྔར་ལྟར་ནི་ཆེན་པོའི་རྣམ་པ་སྟེ། གཞན་ཕུན་སུམ་ཚོགས་པའི་མཐར་ཐུག་པ་ལ་འཇོག་འདོད་པའི་ཕྱིར་ཏེ། བདག་ཉིད་ཀྱང་རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པར་བྱ། ཞེས་སོ། །སོགས་ཀྱི་སྒྲས་འདི་གཉིས་ཀྱང་བསྡུས་ཏེ་དེ་དག་གིས་ནི་ཆོས་མཆོག་ཤེས་པར་བྱའོ། །གསུམ་པ་ལ་གཉིས། །སོ་སོར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི་ལས། །དྲོད་ཀྱི་དམིགས་རྣམ་ནི། རྣམ་པ་ནས་འདི་ལ་སྟེ་འདིར་ཆགས་སྡང་གི་རིས་སུ་ཆད་པ་མེད་པ་མཉམ་པའི་སེམས་དང༌། ད་ལྟ་


JLD018_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པའི་དོན་སྒྲུབ་པའི་བྱམས་པའི་སེམས་ཀྱི་རྣམ་པས་དང༌། མ་འོངས་པའི་ཕན་པ་སྒྲུབ་འདོད་པ་ཕན་པ་དང༌། ང་རྒྱལ་བཅོམ་པས་གཞན་བདེ་ལ་ཁོང་ཁྲོ་བ་མེད་པ་དང༌། མཐོ་མི་འཚམ་པས་རྣམ་པར་འཚེ་བ་མེད་པའི་སེམས་ཀྱི་རྣམ་པ་ལྔ་དང༌། སྐྱེས་པ་དང་བུད་མེད་རང་ལས་རྒན་པ་རྣམས་ལ་ཕ་མ་དང༌། རང་དང་མཉམ་པ་ལ་སྤུན་དང་སྲིང་མོ་དང༌། རང་བས་གཞོན་པ་ལ་བུ་དང་བུ་མོ་དང་ཕན་འདོགས་པའི་བཤེས་དང༌། ཡིད་བརྟན་པའི་གྲོགས་དང༌། རུས་གཅིག་པའི་གཉེན་དང༌། མི་གཅིག་པའི་སྣག་གི་གཉེན་མཚམས་ཀྱི་སེམས་ཀྱི་རྣམ་པ་མཉམ་པ་སོགས་ལས་གཞན་ཟུང་ལྔས་སེམས་ཅན་ཐམས་ཅད་ལ་དམིགས་པ་ནི་དྲོ་བར་གྱུར་པ་ཡིན་པར་བཞེད་དོ། །འདིར་ལྔ་ཚན་གཉིས་སུ་བཅད་པ་ནི་རྩ་པའི་གྲངས་བཅུ་དང་འོག་མ་ལ་ཟུང་དེ་གཅིག་ཏུ་བསྟན་པའི་ཆེད་དོ། །རྩེ་མོ་ནི་འདོར་ལེན་གྱི་གསལ་བའི་དབྱེ་བ་མཐའ་ཡས་ཀྱང་མདོར་བསྡུ་ན་སྲོག་གཅོད་སོགས་མི་དགེ་བ་ལ་སྤོང་འདོད་པའི་སྒོ་ནས་དེ་ལས་ལྡོག་པའི་བདག་ཉིད་ཅན་ཏེ། དེ་ལ་བདག་ཉིད་གནས་པ་དེའི་སྒོ་ནས་གདུལ་བྱ་གཞན་རྣམས་སྡིག་པ་ལས་བཟློག་པ་ལ་སྦྱོར་བའི་རྣམ་པ་དང༌། སྦྱིན་སོགས་ཀྱི་དགེ་བ་ལ་ལེན་པར་འདོད་པའི་སྒོ་ནས་ཞུགས་པའི་བདག་ཉིད་ཅན་དེ་ལ་བདག་ཉིད་གནས་པ་དེའི་སྒོ་ནས་གཞན་རྣམས་དགེ་བ་ལ་གནས་པ་ལ་སྦྱོར་བའི་རྣམ་པ་གཅིག་སྟེ་གཉིས་དང༌། གདུལ་བྱ་གཞན་མ་བསྐུལ་བར་བདག་ཉིད་དགེ་སྡིག་གི་འདོར་ལེན་ལ་སྔར་བཤད་པ་དེ་


JLD018_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཞུགས་པ་ལ་ངག་གིས་བསྔགས་པ་བརྗོད་པ་དང༌། སེམས་ཀྱི་དགའ་བས་མཐུན་པར་བྱེད་པ་རྣམ་པ་གཉིས་པོ་དམིགས་ཚུལ་གྱི་ཆོས་ཀྱི་རབ་ཏུ་དབྱེ་བས་ཕྱེ་ནས་ནི་རྣམ་པ་མཐའ་ཡས་པ་ཞེས་བྱ་བ་དེ་རྣམས་ཀྱི་སྒོ་ནས་སེམས་ཅན་ལ་དམིགས་པ་ནི་རྩེ་མོར་གྱུར་པ་ཡིན་ནོ། །འདི་གཉིས་ཚན་གཉིས་སུ་བྱས་པ་ནི་རང་གིས་བསྒྲུབས་པ་དང་མ་བསྒྲུབས་པའི་དབང་དུ་བྱས་པའོ། །བཟོད་པ་ནི། རྩེ་མོར་གྱུར་པ་ལ་འགོད་བྱེད་བྱང་སེམས་རང་དང་དགོད་བྱ་གདུལ་བྱ་གཞན་གྱི་དབྱེ་བས་དམིགས་པ་དང་རྣམ་པ་དག་ཇི་ལྟ་བ་དེ་བཞིན་དུ་བཟོད་པ་ལ་ཡང་ཤེས་པར་བྱ་སྟེ། སྡུག་བསྔལ་སོགས་ཀྱི་བདེན་བཞི་ཤེས་སྤོང་མངོན་དུ་བྱེད་སྒོམ་པ་ལས་རང་གི་རྟེན་ཏེ་རང་གནས་ནས་གཞན་གྱི་རྟེན་ཏེ་གཞན་དེ་ལ་སྦྱོར་བར་བྱེད་པའི་རྣམ་པས་དང༌། བདེན་བཞི་ཤེས་སྤོང་སོགས་ལ་གཞན་ཞུགས་པ་ལ་བསྔགས་པ་བརྗོད་པའི་རྣམ་པས་དང༌། དེ་ལ་ཞུགས་པ་ལ་སེམས་ཀྱི་དགའ་བས་མཐུན་པར་བྱེད་པ་ཉིད་ཀྱི་རྣམ་པ་རྣམས་ཀྱིས་སེམས་ཅན་ལ་དམིགས་པ་ནི་བཟོད་པ་ཡིན་ཏེ། དེ་ལྟར་ན་གཞུང་འདི་ལྟར་སྦྱར་ཏེ་རང་དང་གཞན་གྱི་རྟེན་གྱི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་སྦྱོར་བ་དང་བསྔགས་པ་བརྗོད་པ་དང༌། མཐུན་པ་ཉིད་ཀྱི་རྣམ་པ་རྣམས་ཀྱིས་རྩེ་མོར་གྱུར་པ་ལ་རང་དང་གཞན་གྱི་རྟེན་གྱི་དབྱེ་བས་དམིགས་པ་དང་རྣམ་པ་ཇི་ལྟ་བ་དེ་བཞིན་དུ་དམིགས་པ་ནི་བཟོད་པ་ཞེས་པའོ། །འདིར་ཁ་ཅིག་གང་ལ་སྦྱོར་གྱི་ཡུལ་ངོས་མ་བཟུང་བ་དང་བདེན་པ་དམིགས་པར་བཤད་པ་ནོར་རྩ་བའི་བདེན་ཤེས་དང་དམིགས་པ་སེམས་


JLD018_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཆད་དོ་ཞེས་ཟེར་བ་ནི་མི་འཐད་དེ། འདིའི་དམིགས་རྣམ་གྱི་དབྱེ་བ་རྩེ་མོ་ལྟར་སྦྱོར་བར་གསུངས་པས་སེམས་ཅན་ཆད་པ་དང་བདེན་པ་དམིགས་པར་བཤད་པ་མེད་དོ། །བདེན་པ་ལ་སྦྱོར་ཞེས་སྦྲེལ་བ་བདེན་ཤེས་ཀྱི་འགྲེལ་པ་ཡིན་པས་དེ་ཆད་པ་མེད་ལ། དེ་ཉིད་ལ་གཞན་སྦྱོར་བ་ཡང་ཡིན་པས་གང་ལ་སྦྱོར་མ་བཟུང་བ་ཡང་མ་ཡིན་ནོ། །དེ་ལྟར་ན་གངས་ཅན་པ་རྣམས་ཀྱིས་བདག་ཉིད་ཆེན་པོ་འདིའི་བཞེད་པ་རང་གིས་མ་གོ་བའི་བློ་ཡི་དྲི་མ་གཞན་ལ་འགེལ་བའོ། །ཚིག་གསལ་ལས། སེམས་དང་པོ་ཉིད་དྲོད་ཆུང་ངུ་དང༌། དགེ་སྡིག་ལས་ལྡོག་འཇུག་གཉིས་རྩེ་མོ་ཆུང་འབྲིང་དང༌། བསྔགས་མཐུན་གཉིས་ཆེན་པོ་ལ་སྦྱར་བའི་དང་པོ་ནི་འགྲེལ་ཆེན་གསུམ་ག་དང་མི་མཐུན་ལ་ཕྱི་མ་གསུམ་ཡང་མི་རིགས་ཏེ། འགྲེལ་པ་འདིར་ཆུང་འབྲིང་གསུམ་དང་སྦྱོར་བ་ལྷུར་མ་བླངས་པར་རྩ་ཚིག་གིས་ཟིན་ཚོད་བཀྲལ་ནས་བཞི་པོ་སྤྱི་ཙམ་ལ་སྦྱར་བ་དང༌། མདོ་འགྲེལ་བཞི་དང་མི་མཐུན་པའི་ཕྱིར་རོ། །དེས་ན་ཆུང་འབྲིང་གསུམ་གྱི་དབྱེ་བ་བྱེད་ན་རྩ་བ་ལྟར་བྱ་དགོས་པས་འགྲེལ་པ་འདིར་བཤད་པ་གཞན་གྱིས་ཁ་བསྐང་ངོ༌། །དེ་བཞིན་དུ་བཟོད་པ་ལ་ཡང་སྦྱོར་བས་བསྔགས་མཐུན་གསུམ་གྱི་རྣམ་པས་སེམས་ཅན་ལ་དམིགས་པ་རིམ་པ་ལྟར་ཆུང་འབྲིང་ཆེ་གསུམ་ལ་སྦྱོར་བར་དེ་ལས་བཤད་པ་ཡང་མི་འཐད་དོ། །ཆོས་མཆོག་ནི། སྔ་མ་རྩེ་མོར་རང་གཞན་གྱི་སྒོ་ནས་དམིགས་རྣམ་བཤད་པ་དེ་བཞིན་དུ་རང་གི་རྟེན་ཅན་ཏེ་རང་ཉིད་སྨིན་སོགས་ལ་གནས་ནས་གཞན་གྱི་རྟེན་ཅན་ཏེ་གདུལ་བྱ་


JLD018_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མ་སྨིན་པ་སྨིན་པར་བྱེད། སྨིན་པ་གྲོལ་བར་བྱེད་སོགས་པས་གྲོལ་བ་མཐར་ཕྱིན་པར་བྱེད་པའི་རྣམ་པ་དག་གིས་སེམས་ཅན་ཐམས་ཅད་ལ་དམིགས་པ་ནི་ཆོས་ཀྱི་མཆོག་ཡིན་ནོ། །ཁོ་ན་ནི་རང་གཞན་གྱི་རྣམ་གཞག་དེ་ངེས་པར་སྦྱོར་བའོ། །གཞི་ཤེས་ལམ་ཤེས་རྣམ་མཁྱེན་གསུམ་གྱི་སྒོ་ནས་གདུལ་བྱ་སྨིན་པ་དང་གྲོལ་བར་བྱེད་པའི་རྣམ་པ་དག་གིས་སེམས་ཅན་ལ་དམིགས་པ་ནི་རིམ་པ་ལྟར་ཆོས་མཆོག་ཆུང་འབྲིང་ཆེ་གསུམ་ཡིན་ནོ། །ཞེས་ཚིག་གསལ་ལས་འཆད་པ་ཡང་དོན་མ་ཡིན་ནོ། །འདིར་སློབ་དཔོན་གྱིས་འགྲེལ་ཆེན་གསུམ་དང་མི་མཐུན་པར་མཛད་པ་ནི་རྩ་བའི་སྒྲས་ཟིན་ཚོད་ལ་འགྲེལ་པ་མཛད་པས་མི་འགལ་ལོ། །རྟོགས་དཀར་ཡང་འགྲེལ་ཆེན་རྣམས་དང་མ་མཐུན་པར་སྦྱར་བ་ནི་བརྟགས་ན་འགྱུར་སྐྱོན་དུ་སྣང་ངོ༌། །གཉིས་པ་ནི་བསམ་སྦྱོར་ཕུན་ཚོགས་བཅུ་དགུས་སེམས་ཅན་ལ་དམིགས་པ་དེ་ལྟར་ན་འདིར་བསྟན་པའི་ངེས་ཆ་ནི་གཙོ་བོར་རྗེས་ཐོབ་ཀྱི་ངོ་བོར་གྱུར་པ་ཡིན་ནོ། །གཉིས་པ་ནི་སྦྱོར་བ་ཁྱད་པར་ཅན་སྐྱེས་པའི་དུས་ཀྱི་གཉིས་པ་ཟློས་སྤོང་སྟེ་མངོན་རྟོགས་དང་པོ་དྲུག་པོ་སྦྱོར་མཐོང་སྒོམ་གསུམ་དུ་ཡང་ཡང་བསྟན་པའི་ཟློས་སྐྱོན་ཡོད་མིན་གྱི་སྐོར་ལ་ཟབ་བཤད། གཉིས་པ་ནི། མངོན་རྟོགས་དང་པོ་དྲུག་པོ་རེ་རེར་དངོས་ཤུགས་ཅི་རིགས་པར་སྦྱོར་མཐོང་སྒོམ་གསུམ་ལན་གསུམ་གསུམ་བསྟན་པ་རྣམས་ཟློས་ཏེ་བརྗོད་བྱ་ཁྱད་མེད་ཡང་ཡང་བསྟན་པས་ཤེ་ན། གཏན་ཚིགས་མ་གྲུབ་པར་སྟོན་པས་ཟློས་སྐྱོན་མེད་པར་འཆད་པའི་ལན་ལ་གཉིས། ལན་དངོས་དང༌། དེའི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། སྐབས་དང་པོ་གསུམ་དུ་ལམ་གསུམ་གྱི་སྒྲས་གསུངས་པའི་མངོན་རྟོགས་གསུམ་ནི་སྒྲ་ཇི་བཞིན་པའི་ལམ་གསུམ་མཚན་ཉིད་པ་ཡིན་ལ། སྦྱོར་


JLD018_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་པོ་གསུམ་དུ་ལམ་གསུམ་གྱི་སྒྲས་གསུངས་པའི་མངོན་རྟོགས་གསུམ་ནི་སྒྲས་ཟིན་པ་ལྟར་གྱི་མཚན་ཉིད་པ་མ་ཡིན་པས་མི་ཟློས་ཏེ། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་དང་སྟོབས་དང་ལྡན་པའི་བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་བརྗོད་པ་མི་ཟློས་པ་བཞིན་ནོ། །ཁ་ཅིག་དེ་གཉིས་སུ་བསྟན་པའི་ལམ་གསུམ་མཚན་ཉིད་པ་ཡིན་མིན་ཞེས་འཆད་པ་ནི་ཞིབ་ཏུ་མ་བརྟགས་པ་སྟེ། སྐབས་གང་དུ་བསྟན་ཀྱང་རུང་སྟེ་སྦྱོར་ལམ་སོགས་དེ་དག་མཚན་ཉིད་པ་མ་ཡིན་པར་ནི་སུ་ཡང་མི་འདོད་པས་སོ། །དེས་ན་ལམ་གྱི་མིང་གིས་གསུངས་པའི་དོན་དེ་བསྟན་པ་ལྟར་ཡིན་མིན་དཔྱོད་པ་སྟེ། ཚུལ་འདི་ནི་འདི་ལྟ་བུའི་བཏགས་པའི་སྐབས་ཐམས་ཅད་དུ་ཤེས་པར་བྱའོ། །དོན་དེ་ཉིད་སྟོན་པ་ནི། རྣམ་མཁྱེན་དང་སོགས་པས་ལམ་ཤེས་དང་གཞི་ཤེས་ཀྱི་མངོན་པར་རྟོགས་པ་གསུམ་གྱི་སྐབས་སུ་ནི་རྒྱུ་འཇིག་རྟེན་པ་སོ་སྐྱེའི་ངེས་ཆ་རྟོགས་ཤིང་ཐོབ་པ་སྔོན་དུ་འགྲོ་ཞིང་བཏང་བ་ལས་འབྲས་བུ་འཇིག་རྟེན་ལས་འདས་པའི་མཐོང་ལམ་བདེན་པ་མངོན་སུམ་དུ་གསར་དུ་རྟོགས་པ་དང༌། འཇིག་རྟེན་ལས་འདས་པའི་སྒོམ་ལམ་མཐོང་བ་དེ་ཉིད་གོམས་པར་བྱེད་པ་གཉིས་རྟོགས་ཤིང་ཐོབ་པ་ཡིན་པས་སྒྲ་ཇི་བཞིན་པའི་མཚན་ཉིད་པ་ཡིན་ནོ། །ལ་ནི་སྔ་ཕྱིའི་མཚམས་སྦྱར་རོ། །འོ་ན་མཁྱེན་གསུམ་གྱི་ལམ་གསུམ་རྣམས་ཀྱང་ཟློས་ཤེ་ན། དེ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་ནི་རིམ་པ་ལྟར་གཙོ་བོར་རྣམ་པ་དང་ལམ་དང་གཞི་ཐམས་ཅད་སྐྱེ་བ་མེད་པར་དོན་སྤྱིའི་ཚུལ་དུ་དང༌། མངོན་སུམ་དུ་གསར་དུ་རྟོགས་ནས་དང༌། མཐོང་


JLD018_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བ་གོམས་པར་བྱས་ཏེ་རྣམ་པར་སྒོམ་པའི་དབྱེ་བ་གསུམ་ཡོད་པས་མི་ཟློས་སོ། །རྣམ་ཀུན་མངོན་རྫོགས་དང་སོགས་པས་རྩེ་མོ་དང་མཐར་གྱིས་པའི་མངོན་རྟོགས་གསུམ་གྱི་སྐབས་སུ་ལམ་གསུམ་གྱི་སྒྲས་གསུངས་པའི་དོན་གསུམ་ནི་བསྟན་པ་ལྟར་གྱི་ངེས་ཆ་སོགས་དངོས་མིན་ཀྱང་ངེས་ཆ་དང་སོགས་པས་མཐོང་སྒོམ་གྱི་ཐ་སྙད་དམ་མིང་ཙམ་དུ་གསུངས་པ་ཡིན་པར་ཤེས་པར་བྱའོ། །འོ་ན་མིང་དེ་དག་གིས་གདགས་པའི་གཞི། བཏགས་པའི་ཆོས། འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། དངོས་ལ་གནོད་བྱེད་ཀྱི་རིགས་པ་རྣམས་གང་ཡིན་ཞེ་ན། དང་པོ་ནི་ལམ་སྒོམ་པ་གོང་ནས་གོང་དུ་འཕེལ་བའི་གནས་སྐབས་ཀྱི་ཁྱད་པར་རབ་ཏུ་གྱུར་པའི་མཐུས་ཉན་རང་དང་ས་བདུན་པ་མན་ཆད་ལས་རྣམ་པ་ཐམས་ཅད་དུ་ཁྱད་པར་དུ་འཕགས་པའི་ཁྱད་པར་གྱི་ལམ་འབད་རྩོལ་ཞི་བའི་སས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་ས་བརྒྱད་པ་དང༌། འབྲིང་ས་དགུ་པ་དང་ཆེན་པོ་ས་བཅུ་པ་སྟེ། དེ་གསུམ་ལ་ཡང་དབང་རྟུལ་སོགས་ཀྱི་སྒོ་ནས་ཆུང་འབྲིང་ཆེན་པོ་གསུམ་གསུམ་དུ་བྱས་པ་རྣམས་སོ། །གཉིས་པ་ནི། ལམ་གསུམ་ཚན་གསུམ་སྟེ་དེ་ཡང་སྦྱོར་བ་དེ་གསུམ་ལ་ནུས་པ་ཆུང་འབྲིང་ཆེ་གསུམ་བྱས་ནས་ལམ་ཚན་པ་གསུམ་ལ་ཡང་ཆུང་སོགས་ཀྱི་དབྱེ་བ་བྱས་པའོ། །དེ་ལྟར་ན་སྦྱོར་བ་གསུམ་དུ་ལམ་གསུམ་གྱི་སྒྲས་གསུངས་པའི་དགོངས་གཞི་རང་གི་སྐབས་ཀྱི་སྦྱོར་བ་དེ་རྣམས་ཡིན་པས་དག་ས་གསུམ་རྣམ་ཀུན་སོགས་མཚན་ཉིད་པ་ཡིན་ཞིང་སྒྲས་ཟིན་ཚོད་ཀྱི་ལམ་གསུམ་བཏགས་པ་བའོ། །དེའི་ཕྱིར་སྦྱོར་བ་གསུམ་ལ་


JLD018_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་ཡིན་མིན་གཉིས་ཡོད་ལ་ཁྱད་པར་ཅན་ས་གསུམ་ནས་བཞག་པས་དང་པོར་ཐོབ་པའི་ས་མཚམས་བསྟན་ཏོ། །གསུམ་པ་ནི། ས་རེ་རེའི་ཆུང་འབྲིང་གསུམ་གསུམ་ལམ་གསུམ་ལ་ནུས་པ་ཆུང་འབྲིང་ཆེ་གསུམ་ཡོད་པར་མཚུངས་པ་ནི་རྒྱུ་མཚན་ནོ། །བཞི་པ་ནི། བརྒྱད་པ་ཡན་འབད་རྩོལ་ཞི་བའི་ས་ཡིན་པས་འབད་པས་སྒོམ་ན་རིམ་ལྡན་དུ་སྐྱེད་ཀྱང་དེ་མེད་པས་དུས་ཅིག་ཅར་དུ་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཕྱིར་ནི་རྣམ་བཅད་དང༌། ཡེ་ཤེས་དེ་དག་རིམ་གྱིས་སྐྱེ་བ་ཡིན་པར་རྟོགས་པ་ནི་ཡོངས་གཅོད་ཀྱི་དགོངས་པ་སྟེ་སྡུད་འགྲེལ་གྱི་དགོངས་པའོ། །གཞན་དག་ཡེ་ཤེས་རྣམས་དང་ལམ་གསུམ་རིམ་གྱིས་སྐྱེ་བར་ཆོས་མཐུན་པ་འདོགས་པའི་རྒྱུ་མཚན་དུ་འཆད་ཀྱང་མི་འགྲིག་སྟེ། དགོས་པར་བསྟན་པ་དང་དེ་གཉིས་རྣམ་བཅད་དང་ཡོངས་གཅོད་ཀྱི་ལྡོག་པ་མ་གཏོགས་དོན་ཁྱད་པར་མེད་པའི་ཕྱིར་དགོས་པ་དང་རྒྱུ་མཚན་གཉིས་ཁྱད་མེད་དུ་འགྱུར་བས་སོ། །ལྔ་པ་ནི། ཁ་ཅིག་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་དག་པ་སའི་ཡེ་ཤེས་ཡིན་པས་གནོད་དོ་ཞེས་སྨྲ་བ་ནི་མ་ཡིན་ཏེ། དེ་ཉིད་བསྒྲུབ་བྱ་དང་མཚུངས་པས་སོ། །དེས་ན་བཟོད་པའི་སྐབས་སུ་བྱང་སེམས་ཀྱི་སྐྱོན་མེད་པ་ལ་གནས་པ་དང༌། དྲོད་ཀྱི་སྐབས་སུ་བག་ལ་ཉལ་ཀུན་འཇོམས་པ་དང༌། དེས་བསྟན་ལ་མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པར་བཤད་པས་དེ་དག་སྦྱོར་ལམ་མཚན་ཉིད་པ་ལ་མི་རུང་བར་བསམས་པ་ཡིན་གསུང་པ་ལྟར་མི་འཐད་པ་ཆེར་མེད་མོད། འོན་ཀྱང་གཙོ་བོ་ནི་སྐབས་


JLD018_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཀའི་ལམ་རྣམས་མཚན་ཉིད་པར་བྱས་ན། ཟློས་པ་སྤང་དུ་མི་རུང་པར་དགོངས་པའོ། །མཁས་པ་དག་དེ་དང་དེར་ལམ་གསུམ་གྱི་མིང་ཅན་ཀྱི་མངོན་རྟོགས་རྣམས་སྦྱོར་མཐོང་དང༌། ས་དགུ་ནང་ཚན་དུ་ཡོད་པའི་སྒོམ་ལམ་མིན་ཞེས་སྦྱར་གྱི་ས་བརྒྱད་པ་སོགས་དེ་དག་མིན་ཞེས་ནི་མི་སྦྱར་ཏེ། དེ་ལ་ནི་ཐེ་ཚོམ་མེད་པས་སོ་ཞེས་བཞེད་པ་ནི་དེ་ཁོ་ན་ལྟར་རོ། །འགྲེལ་པ་འདིའི་རྗེས་འབྲང་གཞན་གྱི་བཞེད་པ་བཀོད་པ་ལ་གསུམ་ལས། དང་པོ་ཆོས་བཤེས་ཀྱི་ལུགས་ནི་དང་པོར་སློབ་པའི་སྐབས་དང༌། ཕྱིས་བསླབས་ཟིན་བརྟན་པར་བྱེད་པ་གཉིས་ལས་མཁྱེན་གསུམ་དུ་གསུངས་པའི་ལམ་རྣམས་ནི། ལས་དང་ནས་སྒོམ་ལམ་གྱི་བར་དུ་རིམ་པ་བཞིན་དང་པོར་གསར་དུ་སྐྱེས་པ་འཇིག་རྟེན་ལས་འདས་མ་འདས་གཉིས་ཀའི་དབང་དུ་བྱས་ལ། སྦྱོར་བ་དང་པོ་གསུམ་དུ་ལམ་གསུམ་གྱི་སྒྲས་གསུངས་པ་ནི་རྒྱུད་ལ་བསྐྱེད་ཟིན་པའི་རྗེས་སུ་སླར་ཡང་སྒོམ་ལམ་སྔར་མཐོང་བ་རྣམས་ལ་འདྲིས་པར་བྱེད་པ་འཇིག་རྟེན་ལས་འདས་པ་ཁོ་ནའི་དབང་དུ་བྱས་པའོ། །དེ་ཡང་ངེས་ཆ་ཞེས་པ་མཚོན་པ་ཡིན་པས་ཚོགས་ལམ་གྱི་སྐབས་ཀྱི་དྲན་ཉེ་ནས་རྫུ་འཕྲུལ་རྐང་པའི་བར་ཡང་གཟུང་སྟེ། ངེས་འབྱེད་ཡན་ལག་དང་མཐོང་བའི་ཞེས་སོགས་ཀྱིས་ཤེས་སོ་ཞེས་བཞེད་པས་སྐབས་དང་པོ་གསུམ་གྱི་སྒོམ་ལམ་གྱི་ཡ་མཐའི་མཚམས་གསལ་བར་མ་བཟུང་ཡང་དང་པོར་སྐྱེད་པར་འདོད་པས་ས་གཉིས་པ་ནས་འདོད་པར་གསལ་ལོ། །གཞན་ཡང་འདིས་རྣམ་རྫོགས་ཀྱི་སྐབས་ཀྱི་ལམ་རྣམས་ས་གཉིས་པ་རྫོགས་རྗེས་ནས་དང༌། རྩེ་མོའི་ལམ་རྣམས་ས་བརྒྱད་པ་ནས་འཇོག་


JLD018_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཇི་སྐད་དུ་རབ་ཀྱི་མཐར་ཕྱིན་པ་ནི་འོག་ནས་འཆད་པའི་ཚུལ་གྱིས་ས་མི་གཡོ་བ་ཐོབ་པར་གྱུར་ཕྱིན་ཆད་དོ། །དེ་ནས་བརྩམས་ཏེ་སྔར་ཇི་ལྟར་ཉམས་སུ་མྱོང་བའི་དྲོད་ལ་སོཊ་པ་ཡང་འདྲིས་པར་བྱེད་པའི་ཚེ་རྟཊ་རྣམ་པ་བཅུ་གཉིས་དང་ལྡན་པའི་རྟོགས་པ་འབྱུང་ངོ༌། །ཞེས་དང༌། འདིར་རྩེ་མོ་ཞེས་བྱ་བ་ནི་དང་པོ་རིམ་གྱིས་སྐྱེ་བའི་དུས་དང་ས་གཉིས་པ་ལ་སོགས་པར་སྔར་ཇི་ལྟར་སྐྱེས་པ་གོམས་པར་བྱས་པའི་ཆོས་དག་ལས་མཆོག་ཏུ་གྱུར་པའི་ཕྱིར་སྐབས་འདིས་བསྡུས་པའི་དོན་ཀུན་རྩེ་མོར་གཞག་གོ་ཞེས་རྣམ་རྫོགས་སྦྱོར་བ་ལས་རབ་ཀྱི་མཐར་ཕྱིན་པའི་རྟོགས་པ་འབྱུང་བ་དེ་ལྟར་བཤད་པ་དང༌། རྩེ་མོ་རྣམ་ཀུན་ལས་རབ་ཏུ་གྱུར་པའི་དོན་ས་གཉིས་པ་སོགས་སུ་གོམས་པ་ལས་མཆོག་གི་དོན་དུ་བཤད་དོ། །ཡང་ལུགས་གཅིག་ལ་རྩེ་མོའི་དོན་མཁྱེན་གསུམ་གྱི་མཐོང་ལམ་སོགས་ལམ་འདིའི་དྲོད་སོགས་མཆོག་ཡིན་པ་ལ་བཤད་དེ། དེ་ལྟར་ན་ས་གསུམ་པ་ནས་བཟུང་བས་ཀྱང་ཆོག་གོ །ཡང་དེ་ལས་དེ་ནི་སྐབས་དྲུག་པ་སྟོན་པར་མཛད་པ་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ས་བཅུ་པའི་བར་གྱིས་ཐོབ་པར་གཞག་གོ་ཞེས་ཏེ་མཐར་གྱིས་པ་འདི་ནི་རྩེ་མོ་གང་ནས་གཞག་པ་དེའི་ཕྱི་ལོགས་ནས་གཟུང་ངོ༌། །ཞེས་པའོ། །གཉིས་པ་རིགས་བྱིན་གྱི་ལུགས་ནི་མངོན་རྟོགས་དང་པོ་དྲུག་ལ་ངེས་ཆ་ལ་སོགས་པ་ཅིའི་ཕྱིར་བཤད་ཅེས་པའི་ལན་དུ་གཞི་སོགས་གསུམ་རྣམ་པར་སྒོམ་པའི་དབྱེ་བ་སྟེ་དེ་དག་ལ་བསམ་གཏན་བྱེད་ཚུལ་མི་འདྲ་བའི་རྒྱུ་མཚན་གྱིས་དེ་དྲུག་


JLD018_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངེས་ཆ་སོགས་བསྟན་ཏོ། །དེ་ནས་མཁྱེན་གསུམ་ལ་ངེས་ཆ་དང་སོགས་པས་ཐར་ཆ་སོགས་གསུངས་པར་ཤེས་པར་བྱ་ཞེས་སྤྲེལ་ནས། དེར་གསུངས་པའི་རྒྱུ་མཚན་ནི་འཇིག་རྟེན་པ་ཞེས་སོགས་ཀྱིས་བསྟན་ལ་དེ་ཡང་ཉན་རང་སོགས་དང་ཐུན་མོང་བ་ཡིན་པས་འཇིག་རྟེན་པའི་སྟེ། དེ་དག་གི་ངེས་ཆ་བཞི་ཤེས་པ་དང་ཤེས་པ་དེ་སྔོན་དུ་འགྲོ་བའི་འབྲས་བུ་འཇིག་རྟེན་ལས་འདས་པ་སྟེ་ཉན་ཐོས་སོགས་ཀྱིས་མ་རྟོགས་པའི་མཐོང་སྒོམ་དེ་དག་རྟོགས་པ་ནི་ཤེས་པ་ཡིན་ཏེ། དེ་བས་ན་མཁྱེན་གསུམ་དུ་ནི་ལམ་གསུམ་པོ་དེ་ཤེས་པའི་ཐབས་སམ་རྒྱུ་ཙམ་བསྟན་ལ། རྣམ་རྩེ་མཐར་གྱིས་པ་གསུམ་ལ་ནི་ངེས་ཆ་སོགས་གསུངས་པ་ཡིན་ནོ། །དེར་གསུངས་པའི་རྒྱུ་མཚན་ནི་སྒོམ་པ་ཞེས་སོགས་ཀྱིས་བསྟན་ལ། དེ་ཡང་གོམས་པ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱིས་གོ་རིམ་ལས་གྱུར་པའི་རབ་ཀྱི་མཐར་ཕྱིན་པས་རྣམ་པར་ཀུན་ཏུ་ཁྱད་པར་དུ་གྱུར་པའི་སྔར་བཤད་པའི་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་སྟེ། ཆགས་སོགས་ཉོན་མོངས་ཀྱིས་སྟོང་བ་ཆུང་འབྲིང་ཆེ་གསུམ་ཅིག་ཅར་ཏེ་ཤེས་པ་གཅིག་ལ་སྐྱེ་བ་བསལ་བའི་ཕྱིར་ངེས་ཆ་སོགས་གསུམ་གྱིས་བསྟན་ཏེ། སྦྱོར་བ་གསུམ་གྱི་ཚེ་ཁྱད་པར་ལམ་ཤེས་པའམ་སྐྱེད་པ་དེ་མཚོན་འདོད་ནས་ཡིན་ནོ། །ཅིག་ཅར་མི་སྐྱེ་བའི་རྒྱུ་མཚན་ནི་རིམ་གྱིས་སྐྱེ་བ་དེ་ལྟ་ནའོ། །མངོན་རྟོགས་ཐ་མ་གཉིས་ལ་ནི་དང་པོ་དྲུག་ལ་བཤད་པའི་རྒྱུ་མཚན་དེ་གཉིས་མེད་པས་མ་སྨོས་སོ་ཞེས་པའོ། །གསུམ་པ་ཤེར་འབྱུང་གི་ལུགས་ནི་མཁྱེན་གསུམ་དུ་ངེས་ཆ་སོགས་བརྗོད་


JLD018_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པས་འདིར་ཡང་དེ་དག་བསྟན་པས་ཅི་བྱ། གལ་ཏེ་མཁྱེན་གསུམ་དུ་སོ་སོར་ངེས་པ་དང་འདིར་ནི་སྤྱིར་ཐུན་མོང་དུ་བརྗོད་པར་འདོད་ན་འོ་ན་བསྒོམ་བྱ་གསུམ་ཡོད་པས་སྒོམ་པའི་དབྱེ་བ་ཡང་ཐ་དད་པ་གསུམ་དུ་འགྱུར་རོ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ་རྣམ་པ་ཐམས་ཅད་ཅེས་སོགས་གསུངས་སོ། །འདིས་ནི་འདི་བརྗོད་དེ། མཁྱེན་གསུམ་གྱིས་གཞི་ལམ་རྣམ་པ་ཐམས་ཅད་རྣམ་པར་སྒོམ་པའི་དབྱེ་བ་སྟེ་མངོན་སུམ་དུ་རྟོགས་པར་བྱ་བའི་ཕྱིར་དུ་འཇིག་རྟེན་ལས་འདས་པའི་མཐོང་སྒོམ་གྱི་ལམ་ཐོབ་པའམ་སྐྱེད་པར་བྱེད་ལ། དེ་ལྟར་དང་པོར་སྐྱེད་ནས་ཕྱིས་རྣམ་རྫོགས་ཀྱི་ངོ་བོ་ཁྱད་པར་གྱི་ལམ་བྱེད་པར་བྱེད་པའི་དུས་སུ་ཆུང་འབྲིང་ཆེན་པོའི་རིམ་པས་ཟག་མེད་ཀྱི་ཤེས་པ་སྐྱེ་ལ། རིམ་པ་དེ་ཡང་རང་གི་ངོ་བོ་ཟག་མེད་ཀྱི་སྒོ་ནས་ཐ་དད་མེད་པས་དེ་དག་ཐ་དད་པར་ཤེས་པར་བྱ་བའི་ཕྱིར་ངེས་ཆ་ལ་སོགས་པ་གསུམ་དུ་བསྟན་ཏོ། །འོ་ན་རྣམ་རྫོགས་ཁྱད་པར་ལམ་དུ་བྱང་བར་བྱེད་པ་ལ་ཐར་ཆ་མི་སྨོས་པ་ཅི་ཞེ་ན། དེ་ནི་མཁྱེན་གསུམ་གྱི་སྦྱོར་ལམ་གྱི་སྔོན་དུ་འགྲོ་བ་དང་ཁྱད་པར་ལམ་ལ་དེ་སྒོམ་པའི་བྱེད་པ་མེད་པས་མ་སྨོས་སོ། །དེས་ན་མཁྱེན་གསུམ་གྱི་ལམ་ཤེས་པའམ་སྐྱེད་པར་བྱས་པ་རྣམས་རྣམ་ཀུན་ཏུ་སྐྱེད་པ་ལྟར་བསྒོམས་པས་དབང་དུ་གྱུར་པ་ཡིན་པས་དབང་གྱུར་གྱི་སྦྱོར་བ་ཞེས་བརྗོད་དོ། །འདིས་རྩེ་མཐར་གཉིས་ལ་མ་བཤད་ཀྱང་མཚོན་པར་བཞེད་པ་འདྲའོ། །དེ་ལ་སྔ་མ་གཉིས་ཀྱིས་སྦྱོར་བ་གསུམ་གྱི་ལམ་ལ་ཚོགས་ལམ་བཤད་པ་དང༌། ཐ་སྙད་


JLD018_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུངས་པར་ཤེས་པར་བྱ་ཞེས་བྱ་བ་དང་པོ་གསུམ་གྱི་ལམ་ལ་ཡང་སྦྱར་བ་དང༌། བར་པས་འཇིག་རྟེན་ལས་འདས་མ་འདས་དང་གཞི་ཐམས་ཅད་ཅེས་སོགས་ཀྱི་བཤད་པ་རྣམས་སློབ་དཔོན་གྱི་དགོངས་པ་མ་ཡིན་ལ། སློབ་དཔོན་གྱིས་ཀྱང་ཁྱད་པར་གྱི་ལམ་ས་བདུན་པ་ཕྱིན་ཆད་ལ་བཞག་པ་མེད་པས་དང་པོས་འདིའི་རྣམ་རྩེ་རྣམས་མ་དག་སར་འདོད་པའི་ལུགས་ནི་མི་འཐད་དོ། །སྡུད་འགྲེལ་དུ་ནི་ལམ་ཤེས་པ་ཐ་དད་པར་བཀོལ་ནས་རབ་ཏུ་དགའ་བ་ལ་སོགས་པས་བདུན་པ་ལ་ཐུག་པའི་བར་ཐ་དད་པར་ལོགས་ཤིག་ཏུ་ལམ་ཤེས་པར་བཞག་གོ །ཞེས་དང༌། ཐམས་ཅད་ཤེས་པ་ཉིད་ཐ་དད་པར་ས་བདུན་པ་ལ་བཞག་སྟེ་ལམ་ལྟར་སྣང་བ་ལ་སོགས་པའི་སྐྱོན་རྣམས་སྤངས་ཏེ་ཀུན་རྫོབ་ཀྱི་བདེན་པ་ཙམ་ཉིད་ལ་བཞག་གོ་ཞེས་བཤད་ཅིང༌། སྔ་མ་རྣམས་རྣམ་མཁྱེན་མཚོན་བྱེད་བཅུའི་དང་པོ་གསུམ་ཚོགས་སྦྱོར་ན་ཡོད་པས་དེ་སོ་སྐྱེ་ལ་འཇོག་པ་དགོངས་པར་བཞེད་དོ། །སླར་ཡང་དེ་ཉིད་ལས། དེའི་རྗེས་ཐོགས་ལ་རྣམ་པ་དང་ལམ་དང་དངོས་པོ་ཤེས་པའི་རྣམ་པ་ཐམས་ཅད་བསྡུས་ནས་དབང་དུ་བྱ་བའི་ཕྱིར་ཡང་དང་ཡང་དུ་མངོན་དུ་བྱེད་པས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་ཤེས་པ་ལ་སོགས་པའི་རང་བཞིན་ཁྱད་པར་གྱི་ལམ་གྱི་སྟོབས་ཅན་ས་བརྒྱད་པ་མི་གཡོ་བ་དེའི་དབྱེ་བ་རྟོགས་པར་བྱ་བའི་ཕྱིར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བསྟན་ཏོ། །དེའི་རྗེས་ལ་གཉེན་པོའི་ཚོགས་དང༌། ངེས་པར་འབྱུང་པའི་སྒྲུབ་པའི་རབ་ཏུ་དབྱེ་བ་རྟོགས་པར་བྱ་བའི་ཕྱིར་གསལ་བ་རབ་ཀྱི་མཐར་ཐུག་པར་འགྲོ་


JLD018_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཁྱད་པར་གྱི་ལམ་དེ་ཉིད་ཡིད་ལ་བྱེད་པ་ནི་ལེགས་པའི་བློ་གྲོས་ལ་སོགས་པས་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་ཡིན་ནོ། །དེའི་རྗེས་ཐོགས་ལ་ས་བཅུ་པའི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་གནས་སྐབས་སུ་སོ་སོ་བ་དང་བསྡུས་པ་སྒོམ་པའི་དོན་གྱི་གོ་རིམ་བསྟན་པར་བྱ་བའི་ཕྱིར་རིམ་པ་བཞིན་དུ་བྱས་ཏེ། དེ་ཉིད་སྒོམ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པའི་མཐར་ཕྱིན་པ་ཡིན་ནོ། །དེ་ནས་གོ་རིམས་སུ་སྒོམ་པའི་ཆོས་རྣམས་ཤིན་ཏུ་གོམས་པར་བྱས་པས་སྐད་ཅིག་མ་གཅིག་ལ་དེ་ཉིད་ཀྱི་གནས་སྐབས་རྟོགས་པ་དེ་ཉིད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་རྫོགས་པ་ཡིན་ནོ། །དེའི་རྗེས་ལ་རྣམ་པ་ཐམས་ཅད་མངོན་དུ་བྱེད་པ་ཆེད་དུ་བྱ་བ་གསུམ་མངོན་སུམ་དུ་བྱས་ནས་རྟོགས་པ་དེ་ཉིད་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པ་མཐར་ཕྱིན་པ་ཡིན་ནོ་ཞེས་སོ། །མཁྱེན་གསུམ་གྱི་རང་བཞིན་གྱིས་བརྒྱད་པ་མཚོན་པའི་ཆེད་དུ་རྣམ་ཀུན་དང༌། གཉེན་ཚོགས་ཀྱི་བདག་ཉིད་ས་དགུ་པ་དང༌། ངེས་སྒྲུབ་ཀྱི་བདག་ཉིད་བཅུ་པ་ཐོབ་མ་ཐག་པ་མཚོན་པའི་ཕྱིར་རྩེ་སྦྱོར་དང༌། བཅུ་པའི་དཀྱིལ་དུ་བརྟན་པ་ཐོབ་ཕྱིར་སྒོམ་པ་མཚོན་པའི་ཕྱིར་མཐར་གྱིས་པ་བསྟན་པ་དང༌། བཅུ་པའི་མཇུག་ཏུ་སྐད་ཅིག་མ་བཞག་པར་འཆད་དོ། །དེ་ལྟར་ན་ལུང་དེ་ནི་མངོན་རྟོགས་ལྷག་མ་བདུན་རྣམ་མཁྱེན་གྱི་སྐབས་ཀྱི་ནང་དུ་འདུས་ཤིང་དེ་ཡང་སེམས་བསྐྱེད་ཀྱིས་བསྡུས་པས་སེམས་བསྐྱེད་ཀྱིས་མངོན་རྟོགས་བརྒྱད་བསྡུས་པའི་རྒྱུ་མཚན་དུ་སྣང་


JLD018_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་བླ་མ་རྣམས་ཀྱིས་གཞུང་འདི་དང་དེ་གཉིས་སྦྱོར་བ་མི་འགྲིག་སྟེ། གཞན་དུ་ན་སྐབས་དེར་མཁྱེན་གསུམ་གྱི་ལམ་རྣམས་མཚན་ཉིད་པ་དང་སྦྱོར་བ་གསུམ་གྱི་ལམ་རྣམས་བཏགས་པ་བར་འཆད་དགོས་པ་ལས་མ་བཤད་པའི་ཕྱིར་རོ། །དེས་ན་ལུང་དེ་དག་གིས་རྣམ་མཁྱེན་ཐོབ་བྱར་བསྟན་ནས་དེ་ཐོབ་པའི་ཐབས་རྣམས་ཀྱིས་མཚམས་དང་ཐོབ་པའི་དུས་ཀྱི་སྒོ་ནས་མངོན་རྟོགས་བདུན་གྱི་སྐྱེ་རིམ་བསྟན་ཏོ། །སྡུད་འགྲེལ་དེས་ཀྱང་སྦྱོར་བ་གསུམ་གྱི་ལམ་རྣམས་སྒྲ་ཇི་བཞིན་མ་ཡིན་པར་འདོད་དེ། ཇི་སྐད་དུ། འདིར་ཁྱད་པར་གྱི་ལམ་གྱི་རང་བཞིན་མ་ཡིན་ནམ། ངེས་པར་འབྱེད་པའི་ཆ་ལ་སོགས་པ་བསྟན་པ་ཇི་ལྟར་རིགས་ཤེ་ན། ས་བརྒྱད་པ་ལ་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་ཐོབ་པས་རེ་ཞིག་གི་དུས་སུ་སེམས་ཅན་གྱི་དོན་རྒྱུན་ཆད་པ་སྤང་བའི་ཕྱིར་གང་སེམས་མཉམ་པ་ལ་སོགས་པའི་རྣམ་པ་སྒྱུ་མ་ལྟ་བུ་དེས་སེམས་ཅན་ལ་དམིགས་པ་ལ་སོགས་པ་ཁྱད་པར་གྱི་ལམ་ཉིད་རྟུལ་པོ་ལ་སོགས་པ་རིམ་གྱིས་སྐྱེ་བ་ཡིན་གྱི་ཅིག་ཅར་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ངེས་པར་འབྱེད་པའི་ཆ་ལ་སོགས་པར་བཏགས་ནས་འདིར་བསྟན་པ་ཡིན་པར་གཟུང་པར་བྱའོ། །ཕྱི་མ་རྣམས་ལ་ཡང་ཇི་ལྟར་སྲིད་པ་བཞིན་རིག་པར་བྱའོ་ཞེས་བྱ་བར་དགོངས་སོ། །ཞེས་རྣམ་ཀུན་ལ་གསལ་བར་སྦྱར་ནས་རྩེ་མཐར་གཉིས་ལ་དེས་མཚོན་པར་བཤད་པས་སོ། །གཉིས་པ་ལ་གཉིས། སློབ་དཔོན་གྱི་བཞེད་པ་ཡིན་མིན་དང༌། བསྟན་བཅོས་ཀྱི་དགོངས་པར་གནས་མི་གནས་དཔྱད་པའོ། །དང་པོ་ནི། ཁ་ཅིག་ན་རེ་རྒྱན་སྣང་དུ། ཞེས་བྱ་


JLD018_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཁ་ཅིག་གིའོ་ཞེས་དང༌། མཐོང་ལམ་རྩེ་མོའི་སྤང་བྱར་བཤད་པའི་རྟོགས་པ་རྣམས་སྔོན་ཉིད་དུ་སྤངས་ཟིན་པས་རབ་ཀྱི་མཐར་ཐུག་པའི་གནས་སྐབས་འདི་ལ་ཇི་ལྟར་སྤོང་ཞེས་པའི་ལན་དུ། ས་བཅུ་པ་ལ་ཤིན་ཏུ་རྨོངས་པ་གཉིས་དང་དེའི་གནས་ངན་ལེན་སྤོང་བར་གསུངས་པས་དེ་དང་འབྲེལ་བ་རྩེ་མོའི་མངོན་རྟོགས་ལ་བག་ལ་ཉལ་སྤངས་པས་དེའི་འབྲས་བུ་གཟུང་འཛིན་གྱི་རྟོག་པ་རྣམས་ལྡོག་པའི་ཕྱིར་གཏན་ནས་སྤོང་ལ་ས་གཞན་དུ་ནི་རེས་འགའ་བའི་སྤོང་བ་ཡིན་པས་ཉེས་པ་མེད་པ་སྔོན་གྱི་སློབ་དཔོན་རྣམས་བཞེད་པར་གསུངས་པའི་ཕྱིར། འགྲེལ་པ་གཉིས་སུ་བཀོད་པ་ནི་གཞན་འདོད་ཡིན་ནོ་ཞེས་སྨྲ་ཡང་མི་བཞེད་ན་རང་ལུགས་ལོགས་སུ་བཞག་དགོས་པ་ལས་མ་མཛད་པ་དང༌། ཁྱད་པར་དུ་འགྲེལ་ཆུང་འདིར་རང་གི་བཞེད་པ་ཉིད་འགོད་པ་དང༌། འགྲེལ་བཤད་གཉིས་དང་བསྡུས་དོན་དུའང་བཞེད་པར་བཀྲལ་གྱི་གཞན་ལུགས་སུ་མ་བསྟན་པ་དང༌། རྒྱན་སྣང་ལས་ཀྱང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ནི་ཁྱད་པར་གྱི་ལམ་གྱི་རྟོགས་པ་རབ་ཀྱི་མཐར་འགྲོའི་ཞེས་རྩེ་མོའི་མངོན་པར་རྟོགས་པ་བསྟན་པའི་དོན་དུ་ཞེས་གསུངས་པའི་ཕྱིར་སློབ་དཔོན་གྱི་བཞེད་པར་གསལ་ཞིང་དེ་ཡང་དག་པ་ས་གསུམ་ནི་རྣམ་རྩེ་མཐར་གྱིས་པ་མཚན་ཉིད་པ་དང༌། དེ་དག་ནས་བསྟན་པའི་སྦྱོར་མཐོང་དང་ས་དགུ་ནང་ཚན་དུ་ཡོད་པའི་སྒོམ་ལམ་བཏགས་པ་བ་དང༌། མཁྱེན་གསུམ་གྱི་སྒོམ་ལམ་ས་བདུན་པ་ཕྱིན་ཆད་ལ་བཞེད་དོ། །མདོར་ན་


JLD018_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་བཤད་དང་བསྡུས་དོན་དུ་འབྱུང་བ་ལྟར་མཁྱེན་གསུམ་གྱི་ལམ་རྣམས་མངོན་རྟོགས་ཀྱི་རིམ་པ་ཡིན་པས་ཤེས་པར་བྱ་བ་ཙམ་གྱི་ཡུལ་དུ་བསྟན་པ་མ་ཡིན་གྱི་དེ་དག་རྒྱུད་ལ་བསྐྱེད་བྱ་ཡིན་ལ། སྦྱོར་བ་དང་པོ་གསུམ་དུ་ལམ་གསུམ་གྱི་སྒྲས་བསྟན་པ་རྣམས་ཀྱང་རྒྱུད་ལ་བསྐྱེད་བྱ་ཡིན་ཞིང་དེ་གཉིས་དུས་རིམ་ཅན་དུ་འབྱུང་དགོས་པའི་ཕྱིར་དེ་གཉིས་མཚན་ཉིད་པ་མ་ཡིན་ཏེ། ཡིན་ན་སྦྱོར་ལམ་བཞི་རྫོགས་པར་ཐོབ་རྗེས་སུ་ཡང་དེ་མཚན་ཉིད་པ་གཅིག་སྐྱེ་དགོས་ཏེ། མཁྱེན་གསུམ་དུ་དྲོད་སོགས་བཞི་རྟོགས་པར་བཤད་པས་སོ། །ལམ་ཕྱི་མ་གཉིས་ལ་ཡང་དེ་ལྟར་སྦྱར་ཏེ། དོན་འདི་ཐུགས་ལ་བཞག་ནས་མཁྱེན་གསུམ་དུ་བསྟན་པའི་ལམ་རྣམས་རིམ་པ་བཞིན་དང་པོར་སྐྱེས་པའི་གནས་སྐབས་དང་སྦྱོར་བ་གསུམ་གྱི་ལམ་རྣམས་སྔར་ཇི་ལྟར་མྱོང་བ་བཞིན་ཕྱིས་ཁྱད་པར་ལམ་དུ་འདྲིས་པར་བྱེད་པ་ན། སྔར་གྱི་དེ་དང་དེའི་མིང་གིས་བཏགས་པའི་གནས་སྐབས་སུ་མཛད་པ་ནི་སློབ་དཔོན་འདིའི་ཐུགས་རྩེ་གཏད་ས་རུ་སྣང་ཞིང་མངོན་རྟོགས་ཐ་མ་གཉིས་ནི་རིམ་པ་ལྟར་སློབ་ལམ་གྱི་རྣལ་འབྱོར་མཐར་ཐུག་པ་དང་བྱ་བ་ཆད་པའི་སྐབས་ཡིན་པས་སྔ་མ་ནས་ཕྱི་མ་ཁྱད་པར་ཅན་དུ་འགྲོ་བའི་ལམ་གྱི་རིམ་པ་མེད་པ་ལ་དགོངས་ནས་དེ་གསུམ་གྱི་ཟློས་སྤོང་མ་བྱས་སོ། །གཉིས་པ་ལ་གཉིས། བསྟན་བཅོས་ཀྱི་དགོངས་པར་མི་འདོད་པའི་སུན་འབྱིན་འགོད། དེ་གནོད་བྱེད་དུ་སོང་མ་སོང་བརྟག་པའོ། །དང་པོ་ནི། ཨ་བྷྱས་སློབ་དཔོན་གྱི་བཞེད་པ་འགོག་པ་དང་རང་ལུགས་བཞག་པ་གཉིས་


JLD018_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ། དེ་ཡང་ཉི་སྣང་ལས་ཐར་ཆའི་སྐབས་སུ་དད་སོགས་ལྔ་ལ་དབང་པོའི་དོན་མེད་པ་དང་ཐོས་བསམ་ཙམ་དུ་གསུངས་པ་དང༌། རྣམ་མཁྱེན་དང་རྣམ་ཀུན་གྱི་སྦྱོར་ལམ་གཉིས་ཀྱི་ཁྱད་པར་ལ་རིམ་པ་ལྟར་མངོན་རྟོགས་དང་ལྡན་པ་དང་སྦྱོར་བ་པར་བཤད་ཀྱི་ཁྱད་པར་གྱི་ལམ་ཡིན་མིན་གྱིས་མ་བཤད་པ་དང༌། མཐོང་ལམ་གྱི་སྐད་ཅིག་གསུམ་པ་ལ་ཉན་རང་གི་སར་ལྟུང་སྲིད་པར་བཤད་པ་ཁྱད་པར་ལམ་ལ་མི་འཐད་པས་སོ་ཞེས་སོགས་དང༌། གཞན་ཡང་ཉི་སྣང་ལས་མཁྱེན་གསུམ་དང་རྣམ་ཀུན་གྱི་ཟློས་སྤོང་ལ་མཚན་ཉིད་པ་དང་སྦྱོར་བ་པའོ། །ཞེས་གསུངས་པས་སྡུད་འགྲེལ་དུ་རྣམ་ཀུན་ཁྱད་པར་ལམ་ལ་འཆད་པ་མི་འཐད་དོ་ཞེས་བཀག་ཅིང་ཆེན་པོ་འགའ་ཞིག་ལ་ཡང་སོ་སོ་སྐྱེ་བོ་ཉིད་ཀྱིས་ན་བག་མེད་པ་ལས་འཁྲུལ་པ་སྲིད་པས་སོ། །ཞེས་པ་དང༌། དེས་ན་རྣམ་ཀུན་ཏུ་བཤད་པ་རྣམས་མཚན་ཉིད་པ་ཡིན་ལ་རྩེ་མཐར་གཉིས་ཀྱི་དེ་རྣམས་བཏགས་པ་བའོ། །དེ་ལ་གདགས་གཞི་ནི་ས་བཅུ་པའི་ཁྱད་པར་ལམ་ལ་བཞག་པའི་སེམས་བསྐྱེད་བཅོ་ལྔ་པ་ནས་ཉི་ཤུ་པའི་བར་དྲུག་ལས་དྲུག་པ་སྐད་ཅིག་སྦྱོར་ཡིན་པས་དང་པོ་ལྔ་ལ་བཞག་གོ །དེ་ཡང་དེ་ལྔ་རེ་རེ་ལ་སྦྱོར་དངོས་རྗེས་གསུམ་དུ་ཡོད་པའི་དངོས་གཞི་ལ་ཆུང་འབྲིང་ཆེན་པོ་ཤིན་ཏུ་ཆེ་བ་བཞི་བཞི་དང༌། དེ་རེ་རེ་ལ་ཆུང་སོགས་གསུམ་གསུམ་སྟེ་བཅུ་གཉིས་སྦྱོར་མཇུག་གཉིས་དང་བཅུ་བཞི་སྟེ་བསྡོམས་པས་བདུན་ཅུའོ། །དེ་ལ་བསམ་གཏན་དང་པོ་ནས་བཞི་པའི་སྒོམ་


JLD018_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་དང་པོ་གསུམ་མན་ཆད་ཀྱི་གཉེན་པོར་གྱུར་པའི་སེམས་བསྐྱེད་དང་པོ་གཉིས་ཀྱི་ཉེར་བརྒྱད་དང་གསུམ་པའི་གཉིས་བསྣན་པའི་སུམ་ཅུ་པ་ལ་ནི། རྩེ་མོའི་སྐབས་སུ་བསྟན་པའི་ཐར་ཆ་ཆུང་འབྲིང་གསུམ་པ་སྦྱོར་ལམ་བཅུ་གཉིས། །མཐོང་ལམ་གྱི་སྦྱོར་བ་གཟུང་རྟོག་གི་གཉེན་པོ་གཉིས་དང་དངོས་གཞི་འཛིན་རྟོག་གི་གཉེན་པོ་གཉིས་སྟེ་བཞི། སྒོམ་ལམ་གྱི་སྦྱོར་བ་གཟུང་རྟོག་གི་གཉེན་པོ་གཉིས་དང༌། དངོས་གཞི་འཛིན་རྟོག་གི་གཉེན་པོ་ཆེ་འབྲིང་དགུ་སྟེ་སུམ་ཅུས་བཏགས་ལ། བསམ་གཏན་བཞི་པའི་སྒོམ་སྤང་བཞི་པ་ནས་སྲིད་རྩེའི་དྲུག་པའི་བར་གྱི་གཉེན་པོར་གྱུར་པ་སེམས་བསྐྱེད་ལྷག་མ་བཞི་བཅུ་ལ་ནི་མཐར་གྱིས་པའི་སྐབས་སུ་བསྟན་པའི་ཚོགས་སྦྱོར་སྔར་ལྟར་དང༌། མཐོང་ལམ་བཅུ་དྲུག་སྒོམ་ལམ་དགུ་སྟེ་བཞི་བཅུ་པོ་དེས་བཏགས་ཤིང་གཉིས་ཀའི་དགོངས་པ་ནི་ཅིག་ཅར་སྐྱེ་བ་དགག་པའི་ཕྱིར་རོ། །སྲིད་རྩེའི་གཉིས་ཀྱི་གཉེན་པོ་ནི་ཉི་ཤུ་པ་དང་སངས་རྒྱས་ཀྱི་སའི་ཐ་མ་གཉིས་ཡིན་ཏེ། དེས་ན་སྒོམ་སྤང་གྱ་གཅིག་པའི་གཉེན་པོ་དངོས་སངས་རྒྱས་ས་ལ་འདོད་དོ། །བདག་ཉིད་ཆེན་པོ་ལ་སོགས་པ་བོད་ཀྱི་མཁས་པ་རྣམས་ཀྱིས་སྦྱོར་བ་གསུམ་གྱི་མངོན་རྟོགས་རྣམས་ལམ་གསུམ་དངོས་ཡིན་པ་ལ་གནོད་བྱེད་མེད་དེ། བྱང་སེམས་ཀྱི་སྐྱོན་མེད་པ་ལ་གནས་པ་དང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གསུངས་པ་སོགས་རྒྱུ་ཙམ་ལ་གནས་པ་དང་དེ་དག་རྗེས་མཐུན་པ་ཡིན་པ་ལ་དགོངས་པའི་ཕྱིར་ཏེ། གཞན་དུ་ན་རྣམ་མཁྱེན་གྱི་ཡེ་ཤེས་སྐྱེད་པར་བཤད་པ་


JLD018_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དངོས་སུ་ཡིན་ན་ས་བརྒྱད་པའི་སྐད་ཅིག་གཉིས་པར་སངས་རྒྱས་པར་འགྱུར་ལ། བརྒྱུད་ནས་ཡིན་ན་སྔ་མ་ལ་ཡང་མཚུངས་སོ། །རྗེ་བཙུན་གྱིས་མཁྱེན་གསུམ་ཡུལ་དང་སྦྱོར་བཞི་རྒྱུར་བཤད་པས་མཁྱེན་གསུམ་ས་བདུན་པ་ཕྱིན་ཆད་སོགས་དང༌། སྦྱོར་བ་རྣམས་ས་བརྒྱད་པ་ཡན་ཆད་སོགས་སུ་ཁ་ཕྲལ་ནས་འཆད་པ་བསྟན་བཅོས་ཀྱི་དགོངས་པ་མ་ཡིན་ནོ་ཞེས་འཆད་དོ། །གཉིས་པ་ནི། ཨ་བྷྱས་གཞན་ལུགས་བཀག་པ་དང་རང་ལུགས་བཞག་པ་གཉིས་ནི་ལྟར་སྣང་འབའ་ཞིག་ཏུ་མཐོང་སྟེ། རེ་ཞིག་ཐར་ཆའི་ཉི་སྣང་གི་བཤད་པ་འདྲེན་པ་ནི་ཕྱོགས་སྔ་མ་ལོངས་པ་སྟེ། སློབ་དཔོན་གྱིས་ཁྱད་པར་གྱི་ལམ་ལ་དེ་བཞག་པ་མེད་པས་སོ། །ཉི་སྣང་གི་ལུང་གི་གནོད་བྱེད་གཞན་ཡང་རང་གི་མགོ་ལ་འཁྲི་སྟེ་ཁྱེད་རང་གིས་དྲངས་པའི་ངེས་བརྟན་གྱི་སྐབས་སུ་ཞི་བར་ལྟུང་བ་སྤང་བའི་དོན་དུ་སྙིང་རྗེའི་ངེས་བརྟན་སྒོམ་པར་ཉི་སྣང་ལས་གསུངས་པས་དེས་ཞི་བར་ལྟུང་སྲིད་པར་བསྟན་པས་དེ་ཡང་ས་བཅུ་པ་ལ་ཇི་ལྟར་འཐད། འདི་འཐད་ན་ཡང་སྐད་ཅིག་མ་གསུམ་པ་ལ་ཉན་རང་གི་སར་ལྟུང་སྲིད་པར་བཤད་པས་དེ་ཁྱད་པར་ལམ་ལ་མི་འཐད་པ་སྡང་ཞུགས་ཙམ་མ་ཡིན་ནམ། ཡང་མཐར་གྱིས་བགྱི་བ་སོགས་གསུམ་ཚོགས་སྦྱོར་མཐོང་སྒོམ་རྣམས་ལ་འཕགས་པས་སོ་སོར་བཀྲལ་བ་མི་རིགས་ཏེ། དེ་ཐམས་ཅད་ཀྱང་ས་བཅུ་པ་ཡིན་པས་སོ། །གཞན་ཡང་རྣམ་ཀུན་གྱི་མཚན་ཉིད་ཀྱི་དང་ཕྱིར་མི་ལྡོག་གི་མཐོང་ལམ་གཉིས་དང་རྩེ་མོའི་མཐོང་


JLD018_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གསུམ་གྱི་ཟློས་པ་རིམ་པ་ལྟར་ཉན་རང་ལས་ཁྱད་ཞུགས་པ་དང་སློབ་པ་ཕྱིར་མི་ལྡོག་པའི་རྟགས་དང་མཐོང་སྤང་རྟོག་པའི་གཉེན་པོའི་ཆ་ནས་བསྟན་པས་མི་ཟློས་པར་གསུངས་པ་མི་འཐད་དེ། ཁྱད་པར་གྱི་ལམ་ཡིན་མིན་གྱི་ཟློས་པ་སྤངས་པས་ཆོག་པས་སོ། །འདི་མི་འདོད་ན་སྔར་གྱི་ཟློས་སྤོང་སྐྱོན་དུ་འདྲེན་པ་ཡང་དོར་ཅིག །དེ་བཞིན་དུ་རྩེ་མོའི་མཐོང་ལམ་གྱིས་འདོད་པ་དང་གཟུགས་མེད་ཀྱི་རྟོག་པ་དང༌། ས་དགུ་པ་མན་ཆད་ཀྱིས་ཁམས་གོང་གི་རྟོག་པ་མི་སྤོང་བར་འདོད་པ་ནི་འཕགས་པ་དང་འགལ་ཞིང་ལོག་པར་རྟོག་པ་འབའ་ཞིག་གོ །སྦྱོར་བ་གསུམ་གྱི་ལམ་རྣམས་མཚན་ཉིད་པ་ཡིན་མིན་མཚུངས་པ་ལ་ཁྱད་པར་འབྱེད་པ་འདིའི་འཁྲུལ་གཞི་ནི་འཕགས་པས་རྣམ་ཀུན་རྫོགས་པ་དང་དེ་དང་མཁྱེན་གསུམ་ལ་ཟློས་སྤོང་མཛད་ཅིང་རྩེ་མོ་ལ་དེ་ལྟར་མ་མཛད་པ་དང༌། སྐབས་བརྒྱད་ཀ་རྫོགས་པའི་མཚམས་སུ་ཟློས་སྤོང་རྣམས་ཞིབ་པར་མཛད་པ་མ་ངེས་པས་ནོངས་སོ། །དེ་ལྟར་ན་པཎྜི་ཏས་བཀོད་པའི་སུན་འབྱིན་ནི་མཐའ་གཅིག་ཏུ་མི་འཇུག་པར་སྣང་ཞིང༌། གངས་ཅན་གྱི་མཁས་པ་རྣམས་ཀྱིས་བརྩད་པ་ནི་ཤིན་ཏུ་ལན་གདབ་དཀའ་བ་དང་མངོན་རྟོགས་དྲུག་གི་ལམ་རྣམས་ལ་ནི་མཚན་ཉིད་པ་ཡིན་མིན་མ་བྱས་ཀྱང༌། མཁྱེན་གསུམ་དུ་གསུངས་པ་ཐོས་བསམ་གྱི་ཡུལ་དང་སྦྱོར་བ་གསུམ་དུ་གསུངས་པ་རྣམས་ཉམས་ལེན་གྱི་སྒོ་ནས་དང༌། དང་པོའི་ལམ་རྣམས་ཀྱང་རིམ་པ་ལྟར་ཐོབ་བྱ་དང་བསྐྱེད་བྱ་དང༌། སྤང་བྱའི་མཁྱེན་གསུམ་མཚོན་པའི་ཆེད་དང༌། ཕྱི་མའི་ལམ་རྣམས་ནི་


JLD018_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་པའི་དོན་དུ་དང་ཐོབ་པའི་ཚུལ་གྱིས་དང༌། སླར་ཡང་འདྲིས་པར་བྱེད་པ་གསུམ་གྱི་ཁྱད་པར་ཡོད་དོ། །ཞེས་སྤྱི་དང་སོ་སོའི་ཟློས་པ་སྤངས་པས་ཆོག་པའི་ཕྱིར་ཕྱོགས་འདི་ལ་ནི་འཕགས་པའི་རྗེས་སུ་འབྲངས་ན་འཐད་དོ། །གཉིས་པ་ནི་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྒོམ་རིམ་གྱི་གཉིས་པ་སྐྱེས་པའི་རྟེན་གྱི་གང་ཟག་སྟེ་ཕྱིར་མི་ལྡོག་པའི་གང་ཟག་དང་རྟགས་ཀྱི་མཚམས་སྦྱར་ཞིང་དོན་བཤད་པའི་ས་བཅད་སྤྲོ་སྟེ་དང་པོ་སྤྱིར་བཤད་པ། གཉིས་པ་ལ་གཉིས། མཚམས་སྦྱར་བ་དང༌། དོན་བཤད་པའོ། །དང་པོ་ནི། ངེས་ཆའི་འོག་ཏུ་ཕྱིར་མི་ལྡོག་པ་ནས་མཚན་ཉིད་དམ་རྟགས་འཆད་དེ། སྔར་ཇི་སྐད་བཤད་པའི་ངེས་ཆ་ལས་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་རྟགས་འབྱུང་བས་སོ། །མདོའི་འབྲེལ་ནི། བྱང་ཆེན་ཕྱིར་མི་ལྡོག་པའི་རྣམ་རྟགས་མཚན་མ་རྣམས་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ལ་གཉིས་ལས། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་ལ་བཞི། ཕྱིར་མི་ལྡོག་པའི་གང་ཟག་དང༌། ཕྱིར་མི་ལྡོག་པའི་དོན། ཕྱིར་མི་ལྡོག་པའི་རྟགས། རྟགས་ལས་ཕྱིར་མི་ལྡོག་ཏུ་མཚོན་ཚུལ་ལོ། །དང་པོ་ནི། མདོ་ལས། རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆེན་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་སྤྱིར་བྱང་སེམས་ཙམ་ལས་མ་གསུངས་ཀྱང༌། རྗེ་བཙུན་གྱིས་དེ་ཡི་དགོངས་པ་སྦྱོར་ལམ་པ་ནས་སྒོམ་ལམ་པ་ཕྱིན་ལ་བཟུང་ངོ༌། །ཚོགས་ལམ་པ་མི་འཆད་པའི་རྒྱུ་མཚན་ནི། ཚིག་གསལ་ལས། རང་གི་རྒྱུད་ངེས་པའི་རྒྱུ་མཚན་གཙོ་བོར་མཛད་པ་ཞིག་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འདི་ཡང་ཕྱིར་མི་ལྡོག་པར་བརྗོད་མོད་ཀྱི། །རང་གི་རྟོགས་པ་དང་འཚམ་པར་གཞན་ཡིད་ཆེས་པར་བྱེད་པའི་ཡོན་ཏན་རྣམས་འདི་ལ་མེད་པས་ན་དེའི་


JLD018_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང༌། རང་ལ་དངོས་པོ་དེས་ཀྱང་ངེས་པར་འབྱེད་པའི་རྟགས་གཟུང་སླ་བ་ཡང་མེད་པའི་ཕྱིར་ཐ་སྙད་གདགས་པའི་གཞིར་མ་གྱུར་པས་ན་འདི་ཕྱིར་མི་ལྡོག་པའོ། །ཞེས་གང་དུ་ཡང་མ་གསུངས་ཏེ། ཞེས་རང་རྒྱུད་ཀྱི་སྟེང་ན་ཕྱིར་མི་ལྡོག་ཡོད་ཀྱང་དེ་དང་རྗེས་སུ་མཐུན་པའི་ཐ་སྙད་གཟུང་སླ་བ་མེད་པས་ཕྱིར་མི་ལྡོག་ཏུ་མ་བཞག་སྟེ། མདོར་ན་ངེས་ཀྱང་རྟགས་མེད་པས་སོ་ཞེས་འཆད་དོ། །འདི་ནི་ལེགས་ཏེ་ཐར་ཆའི་མདོར་ཉན་རང་གི་སར་མ་སྨས་མ་ཉམས་པར་རྫོགས་བྱང་དུ་འཚང་རྒྱ་བར་གསུངས་པ་དང་གསེར་ལྟ་བུའི་སེམས་བསྐྱེད་ཀྱང་དེ་ནས་ཡོད་པའི་ཕྱིར་རོ། །འོ་ན་ལམ་གསུམ་ལ་གནས་པ་རྣམས་ལ་དབང་པོའི་ཁྱད་པར་འབྱེད་དམ་མི་འབྱེད་ཅེ་ན། ཁ་ཅིག་ནི་རྒྱན་སྣང་དུ་ལ་ལ་རིགས་མ་ངེས་པ་ཡིན་ཀྱང་དབང་པོ་རྣོ་བས་ངེས་པར་འབྱེད་བའི་ཆ་དང་མཐུན་པའི་གནས་སྐབས་སུ་ཡང་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པ་ཡིན་ནོ། །ཞེས་དང༌། ས་བརྒྱད་པ་ལ་ནི་ཐམས་ཅད་ཕྱིར་མི་ལྡོག་པར་ངེས་པ་ཉིད་དུ་བཞག་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ཞེས་དང༌། ཉི་སྣང་ལས་ཀྱང་ཕྱིར་མི་ལྡོག་པ་བཀོལ་བ་ནི་དབང་པོ་རྣོན་པོའི་ལམ་ཁོ་ནས་ས་དེ་ཐོབ་པའི་ཕྱིར་རོ་ཞེས་ཕྱིར་མི་ལྡོག་གི་ས་ཐོབ་པ་ལ་དབང་རྣོན་དགོས་པར་གསུངས་པ་དང༌།ཟླ་འོད་དུ་ཡང་འདིར་དབང་པོ་རབ་ཀྱི་བྱང་ཆུབ་སེམས་དཔའ་ནི་ཚོགས་ཀྱི་ས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པ་དང་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་ཚོགས་གཉིས་རྫོགས་པར་བྱེད་པ་ན་རྟག་པར་མངོན་པར་


JLD018_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བར་དགའ་བས་ཕྱིར་མི་ལྡོག་པ་ཅན་ནོ། །དབང་པོ་འབྲིང་ནི་རབ་ཏུ་དགའ་བ་ལས་ཏེ་སྔོན་དུ་དེའི་ངེས་པ་ལ་སོགས་པ་མེད་པའི་ཕྱིར་རོ། །དབང་པོ་རྟུལ་པོ་ནི་ས་མི་གཡོ་བ་ལས་ཏེ་ཞེས་བཤད་པས་དབང་པོའི་ཁྱད་པར་འདོད་ལ་དེ་ཡང་ཟླ་འོད་ལྟར་ལེགས་ཞེས་འདོད་དོ། །ཁ་ཅིག་ནི་བསྡུ་ཆེན་ལས་སར་ཆུད་པ་ཁོང་ཁྲོ་སྐྱེ་བ་དང་ཕྱིར་ལྡོག་པ་གནས་མེད་པ་དང༌། ཡོངས་སུ་འགྱུར་བའི་ཉན་ཐོས་ཐེག་ཆེན་དུ་ལྡོག་པ་བཞིན་དུ་བྱང་སེམས་ཐེག་དམན་གྱི་མྱ་ངན་ལས་འདའ་བ་ཡོད་དམ་ཞེས་པའི་ལན་དུ། བྱང་སེམས་དེ་ལྟ་བུའི་བག་མེད་པར་འགྱུར་བ་དང་སངས་རྒྱས་བྱང་སེམས་ཀྱིས་དེས་སེམས་བསྐྱེད་འདོར་བ་ལ་བཏང་སྙོམས་མཛད་པ་གནས་མེད་པར་གསུངས་པ་དང༌། གཞུང་ལས་ཀྱང་དབང་པོའི་ཁྱད་པར་མེད་པར་གསུངས་པས་ཁྱད་པར་མི་འདོད་དོ། །འོན་ཀྱང་མདོ་དང་བསྟན་བཅོས་ཆེན་པོ་ཕལ་མོ་ཆེར་ས་བརྒྱད་པ་ནས་རྣམ་པ་ཐམས་ཅད་དུ་ཕྱིར་མི་ལྡོག་པར་གསུངས་པས་སོ་སྐྱེའི་ས་ལ་ཕྱིར་མི་ལྡོག་གི་རྟགས་ཐོབ་པ་ལ་དབང་རྣོན་དགོས་ཏེ་ གལ་ཏེ་ས་དེར་འབྲིང་རྟུལ་གཉིས་ཀྱིས་ཀྱང་ཐོབ་ན་ས་བརྒྱད་པ་ལ་སྔར་བཤད་པ་དེ་མི་རིགས་སོ། །དེའི་ཕྱིར་མ་དག་ས་བདུན་དུ་ཡང་དབང་རྟུལ་གྱིས་རྟགས་མ་ཐོབ་པར་བཞག་གོ །རྟགས་མ་ཐོབ་ཀྱང་ས་ཐོབ་ནས་ཐེག་དམན་དུ་ལྟུང་བ་ནི་མི་སྲིད་དེ། ཐེག་ཆེན་འཕགས་པ་དོན་དམ་སེམས་བསྐྱེད་ལས་ཉམས་མི་སྲིད་པས་སོ། །འོ་ན་ས་བརྒྱད་པ་དང་མཚུངས་ཤེ་ན། ཉེས་པ་མེད་དེ། བརྒྱད་


JLD018_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པ་མན་ཆད་དུ་ངར་འཛིན་མ་ཟད་ལ་དེ་ཡོད་པ་དེ་སྲིད་དུ་རང་ལ་གཅེས་འཛིན་གྱི་བློ་འཇུག་པས་རང་དོན་ལ་གཞོལ་བའི་རྐྱེན་ཙམ་ཉེ་བར་གནས་ལ་བརྒྱད་པ་ནས་དེ་མེད་པས་སོ། །གཉིས་པ་ནི། རྫོགས་པའི་བྱང་ཆུབ་ལས་མི་ལྡོག་ཅེས་གསུངས་པས་སངས་རྒྱས་ཐོབ་པར་བྱེད་པ་ལས་མི་ལྡོག་པ་ནི་གང་ལས་མི་ལྡོག་པའི་དོན་ནོ། །དེ་ཡང་ཐེག་པ་གསུམ་གྱི་གང་ཟག་ཐམས་ཅད་མཐར་འཚང་རྒྱ་བས་དེ་ཙམ་ནི་མ་ཡིན་གྱི་བར་མ་ཆད་དུ་ཐོབ་པར་བྱེད་པའོ། །དེས་ན་གནས་སྐབས་སུ་ཡང་སྲིད་པ་དང་ཞི་བའི་མཐར་མི་ལྡོག་པར་ངེས་པའོ། །གསུམ་པ་ནི། གཟུགས་སོགས་ལས་ལྡོག་པ་ལ་སོགས་པའི་རྟགས་ཉི་ཤུ་དང་དྲུག་དང་བརྒྱད་རྣམས་སོ། །དེ་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་ངོ་བོ་ཉིད་མེད་པར་རྟོགས་པས་དེ་དག་ལ་བདེན་ཞེན་ལྡོག་པའི་ཤེས་རབ་ཀྱིས་མཚོན་པའི་སྙིང་རྗེ་ཆེན་པོ་སྟེ་ཐབས་ཤེས་རྒྱུན་ཤིན་ཏུ་བརྟན་པ་གཉིས་ནི་རྟགས་ཀྱི་གཙོ་བོ་ཡིན་ལ་གཞན་རྣམས་ཆ་ཙམ་དུ་རིག་པར་བྱའོ། །བཞི་པ་ནི། ཁ་ཅིག་མཉམ་གཞག་གི་རྟོགས་པ་ལས་རྗེས་ཐོབ་ཀྱི་ཐ་སྙད་འབྱུང་རུང་དུ་སྒྲུབ་པ་རང་བཞིན་རྟགས་དང་རྗེས་ཐོབ་ཀྱི་རྟགས་དང་ལྡན་པ་ལས་མཉམ་གཞག་གི་རྟོགས་པ་དཔོག་པའི་འབྲས་རྟགས་གཉིས་བཞེད་ཀྱང་མི་འཐད་དེ། མདོ་བསྟན་བཅོས་གཉིས་ཀ་ལས་བར་མ་ཆད་དུ་ཕྱིར་མི་ལྡོག་པ་ཁོ་ན་རྟགས་ཀྱི་དཔག་བྱར་གསུངས་པ་དང༌། རྒྱན་སྣང་ལས་ཀྱང་རྒྱུ་ཚོགས་པ་ལས་འབྲས་བུ་འབྱུང་རུང་སྒྲུབ་པའི་རང་བཞིན་གྱི་རྟགས་ལྟར་བཤད་པའི་


JLD018_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེས་ན་རྟགས་དེ་དང་དེ་རྗེས་ཐོབ་ཏུ་ལྡན་པར་མཐོང་བ་ལས་བར་མ་ཆད་དུ་བླ་མེད་བྱང་ཆུབ་འབྱུང་ངེས་པར་དཔོག་པ་སྟེ། མྱུ་གུའི་རྒྱུ་ཚོགས་གྲངས་ཚང་མཐོང་བ་ན་དེ་ལས་མྱུ་གུ་འབྱུང་རུང་དུ་ངེས་པ་ལྟར། ཕྱི་མི་ལྡོག་པའི་གང་ཟག་གིས་ཀྱང་རང་རྒྱུད་ལ་སྔར་བཤད་པའི་རྟགས་ཀྱི་གཙོ་བོ་དེའམ། དེ་དང་འབྲེལ་བའི་རྟགས་གཞན་ལྡན་པར་མཐོང་བ་ན། །ད་ནི་བདག་གིས་བླ་མེད་བྱང་ཆུབ་ཐེག་པ་གཞན་གྱིས་བར་མ་ཆད་དུ་འཐོབ་པར་ངེས་སོ་སྙམ་པའི་བློ་སྐྱེ་བ་དང༌། གང་ཟག་གཞན་གྱིས་ཀྱང་མདོ་ནས་བཤད་པའི་ལུས་ངག་གི་ཀུན་སྤྱོད་རྣམས་དང་ལྡན་ཞིང་དེ་ཡང་རིང་དུ་འདྲིས་ཀྱང་སྤྱོད་ལམ་བརྟག་ཐུབ་པར་མཐོང་བ་ན། །དེ་ལས་ཕ་རོལ་པོ་དེ་ཕྱིར་མི་ལྡོག་པར་ལུང་ལ་བརྟེན་ནས་དཔོག་པ་ཙམ་ལ་དེའི་ངོར་རྟགས་སུ་བཤད་ཀྱི། འདི་དག་ལ་ཚུལ་གསུམ་ཚད་མས་ངེས་པའི་རྟགས་ཀྱི་རྣམ་གཞག་ནི་བྱར་མི་རུང་སྟེ། གཞན་རྒྱུད་ཇི་ལྟ་བ་བཞིན་མཁྱེན་པའི་རྣལ་འབྱོར་པ་ལ་ནི་རྟགས་ཀྱིས་བསྒྲུབས་པ་ལ་དགོས་པ་མེད་ལ། རྟོགས་པ་དམའ་བ་དག་གིས་ནི་ལུས་ངག་གི་ཐ་སྙད་ཙམ་ཞིག་ལས་དཔོག་ན་འཁྲུལ་ཞིང༌། ཐ་སྙད་ཁྱད་པར་ཅན་ཕྱིར་མི་ལྡོག་གི་རྟོགས་པ་ལ་མི་འཁྲུལ་བ་ནི་མ་ངེས་ཏེ། ཕྱིར་མི་ལྡོག་གི་ནང་གི་རྟོགས་པ་ནི་གང་ཟག་དེ་ལ་ཤིན་ཏུ་ལྐོག་ཏུ་གྱུར་པས་སོ། །དེས་ན་འདི་དག་གིས་སྦྱོར་བའི་དོན་གསུམ་ལུང་འབའ་ཞིག་ལས་འགྲུབ་ཅིང་ལུང་ཡང་ཁས་བླངས་པ་ལས་ཚད་མར་འགྲོ་བའི་


JLD018_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། རྟགས་ཡང་དག་གི་རྣམ་གཞག་བྱར་མེད་པ་མ་རྟོགས་པར་དངོས་པོ་སྟོབས་ཤུགས་ཀྱི་རྟགས་བཞིན་དུ་རྣམ་གཞག་བྱེད་པ་ནི་རིགས་པའི་དབང་ཕྱུག་གི་བཞེད་པ་མ་གོ་བ་གསལ་བར་བྱེད་པའོ། །འོ་ན་ཕྱིར་མི་ལྡོག་གི་རྟགས་ཀྱིས་གཙོ་ཕལ་དང་དེའི་རྒྱུད་ལ་བསམ་པ་སྐྱེ་ཚུལ་རྣམས་འདི་ལྟ་བུའོ་ཞེས་པ་ཡང་མི་རིགས་ཏེ། དེ་ཡང་ཤིན་ཏུ་ལྐོག་ཏུ་གྱུར་པས་ཤེ་ན། དེའི་རྣམ་གཞག་ལུང་ལ་བརྟེན་ནས་སྨྲས་ཀྱི་ཁོ་བོ་ཅག་གི་ཚད་མས་གྲུབ་ནས་སྨྲས་པར་ཁས་བླངས་པ་མེད་ན་ཅིའི་ཕྱིར་ཀླན་ཀ་ཚོལ་བར་བྱེད།གཉིས་པ་ནི་ཕྱིར་མི་ལྡོག་པའི་རྟགས་ཀྱི་དོན་བཤད་པའི་གཉིས་པ་ཡན་ལག་གི་དོན་ཏེ་གཞུང་དང་སྦྱར་བའི་ཕྱིར་མི་ལྡོག་པའི་རྟགས་ཀྱི་ས་བཅད་སྤྲོ་ཞིང་དང་པོར་མདོར་བསྟན་པ། གཉིས་པ་ལ་གསུམ། རྟགས་ཀྱི་ཡོད་སའི་སྒོ་ནས་མདོར་བསྟན། ཡོད་ཆོས་ཀྱི་རྟགས་ཀྱི་ངོ་བོ་རྒྱས་པར་བཤད། རྟགས་དང་རྟགས་ཅན་གཉིས་ཀྱི་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཉན་ཐོས་ཀྱི་དགེ་འདུན་ནི་ལམ་དང་ལམ་གྱི་འབྲས་བུ་ལ་གནས་པའི་དབྱེ་བས་སྐྱེས་བུ་ཟུང་བཞིར་འགྱུར་ལ། བྱང་སེམས་ཀྱི་དགེ་འདུན་ནི་གསུམ་སྟེ། ངེས་ཆ་ནས་བཟུང་བ་སྟེ་ཐོག་མར་བྱས་ནས་དང་བཟོད་ཤེས་ཀྱིས་བསྡུས་པའི་མཐོང་ལམ་དང་རྒྱུན་དང་ལྡན་པའི་གོམས་པའི་ལམ་དག་ལ་གང་དག་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཐེག་ཆེན་འདིར་ཕྱིར་མི་ལྡོག་པའི་ཚོགས་ཏེ་དགེ་འདུན་ཡིན་ནོ། །གཉིས་པ་ནི། བདུད་བཞིའི་གཡུལ་ལས་རྒྱལ་བའི་དཔའ་བོ་བྱང་སེམས་གང་དག་ངེས་ཆ་སོགས་གསུམ་ལ་འཆད་པར་འགྱུར་བ་གང་དང་གང་ཕྱིར་མི་ལྡོག་ཏུ་མཚོན་པའི་རྟགས་དང་དེ་རྟོགས་ཤིང་ཐོབ་པའི་ཚུལ་གྱིས་གནས་སོགས་སོ། །བམ་པོ་


JLD018_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི་འཆད་པར་འགྱུར་རོ། །གཉིས་པ་ནི་ཡན་ལག་གི་དོན་གྱི་གཉིས་པ་ཡོད་ཆོས་ཀྱི་རྟགས་ཀྱི་ངོ་བོ་རྒྱས་པར་བཤད་པའི་ས་བཅད་སྤྲོ་ཞིང་དང་པོར་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ། གཉིས་པ་ལ་གཉིས། །མཚམས་སྦྱར། དོན་བཤད་པའོ། །དང་པོ་ནི། གང་ཟག་གསུམ་པོ་དེ་རྣམས་ཀྱི་མཚན་ཉིད་མ་འདྲེས་པ་ཐ་དད་པ་རྣམས་གང་ཡིན་ཞེ་ན། དེའི་ལན་དུ་དེ་དག་རྒྱས་པར་འཆད་དོ། །གཉིས་པ་ལ་གསུམ། སྦྱོར་ལམ་པ། མཐོང་ལམ་པ། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། རེ་ཞིག་ནས་མཚན་ཉིད་གསུངས་སོ། །གཉིས་པ་ནི། འགྲེལ་པར་སྟོན་ཏོ། །གསུམ་པ་ནི་གཟུགས་དང་སོགས་པས་རྣམ་མཁྱེན་གྱི་བར་ལ་ཞེན་པ་ལས་ལྡོག་པ་དང་ཐེ་ཚོམ་མེད་པ་ལ་སོགས་པའི་རྣམ་པའམ་རྟགས་གྲངས་རྣམ་པ་ཉི་ཤུར་མདོ་ལས་བརྗོད་པ་ཡིས་ངེས་ཆ་སོགས་སོ། །གཉིས་བ་ལ་གསུམ་ལས། དང་པོ་ནི། ལྡོག་སོགས་ཀྱི་མཚན་ཉིད་དེ་དག་གང་ཡིན་ཞེ་ན། དེའི་ལན་དུ་རྟགས་དེ་དག་བསྟན་པའི་ཕྱིར་ནས་དྲུག་པོ་གསུངས་སོ། །ཡང་ནི་ཐུན་མོང་གི་རྟགས་དྲིས་པ་ཙམ་དུ་མ་ཟད་པའོ། །གཉིས་པ་ནི། རྫོགས་པའི་བྱང་ཆུབ་ལས་མི་ལྡོག་གོ། །གང་ན། ཐེག་ཆེན་གྱི་དྲོད་ནས་གནས་པ་ནིའོ། །གང་གིས་ན་རྟགས་ནི་ཉི་ཤུ་དེ་དག་གིས་སོ། །དེ་ཡང་བཅུ་གཅིག་དྲུག་གཉིས་གཅིག་རྣམས་དྲོད་རྩེ་བཟོད་མཆོག་ལ་གནས་པ་ཕྱིར་མི་ལྡོག་ཏུ་མཚོན་པའི་རྟགས་སུ་ཉི་སྣང་ལས་མཛད་པ་ལྟར་སློབ་དཔོན་དང་རྣམ་འགྲེལ་གྱིས་ཀྱང་དེ་བཞིན་དུ་མཛད་དོ། །འདིར་མདོ་ལས་རྣམ་


JLD018_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྟགས་མཚན་མ་དེ་དག་དང་ལྡན་པ་ཞེས་རྟགས་རེ་རེ་ཞིང་གི་མཐར་འབྱུང་བ་ནི་གཉེན་པོའི་ཕྱོགས་རང་ལ་བརྟེན་པའི་མཚན་མ། དེ་ཡོངས་སུ་ལོངས་སྤྱོད་པའི་རྐྱེན་དུ་གཏོགས་པའོ། །ཡང་ན་ལུས་ཀྱི་དགའ་བའི་ཁྱད་པར་བ་སྦུ་ལྡང་བ་དང༌། མཆི་མ་འཛག་པ་སོགས་དང༌། ངག་གི་ཁྱད་པར་དགའ་བས་གསོལ་བ་འདེབས་པ་སོགས་དང༌། ཉམས་སུ་ལེན་པའི་ཁྱད་པར་ཉན་འཛིན་ཀློག་སོགས་སོ། །ཡང་ན་སྔ་མ་རྣམས་ཕྱི་མས་བཤད་པའོ། གསུམ་པ་ནི། རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ། །གང་ན། དྲོད་ནས་བྱང་སེམས་སོ། །གང་གིས་ན། ཕྱིར་མི་ལྡོག་གི་རྟགས་ཉི་ཤུ་པོ་སྔར་བཤད་པ་འདི་དག་གིས་སོ། །ཇི་ལྟར་ན། འདི་ལ་བཞི་ལས། དང་པོ་དྲོད་ཀྱི་རྟགས་ནི། རྟགས་རྣམ་བ་བཅུ་གཅིག་གིས་དྲོད་ལ་ནས་ཤེས་པར་བྱའོ། །ཞེས་བྱ་བ་རེ་རེའི་མཐར་སྦྱར་བ་ནི་བཞི་ག་ལའོ། །དེ་དག་གང་ན། གཟུགས་ནས་རྣམ་མཁྱེན་གྱི་བར་རྣམས་ལ་ངོ་བོ་ཉིད་མེད་པར་རྟོགས་པ་ཉིད་ཀྱིས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་དེར་ཞེན་པ་ལས་ལྡོག་པ་ནི། བྱང་ཆེན་གང་གཟུགས་ལས་ཕྱིར་ལྡོག་པ་དང་ནས་བླ་མེད་རྫོགས་བྱང་ལས་ཕྱིར་ལྡོག་པ་དེ་ནི་རབ་འབྱོར་བྱང་ཆེན་ཕྱིར་མི་ལྡོག་པར་རིག་པར་བྱའོ། འདི་དང་མཐོང་ལམ་གྱི་རྟགས་དང་པོའི་ཁྱད་པར་ནི་ཞེན་པ་མངོན་གྱུར་བ་དང་ཕྲ་བ་ལས་ལྡོག་བའོ། །ཐུན་མོང་མ་ཡིན་པའི་སྐྱབས་གསུམ་གྱི་ཡོན་ཏན་ཇི་བཞིན་དུ་ཤེས་ནས་ཡིད་ཆེས་པའི་དད་པ་འཐོབ་པས་ལྷ་གཞན་ལ་ཕྱག་


JLD018_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་མི་བྱེད་ཅིང་སྐྱབས་གནས་ལ་ཐེ་ཚོམ་ཟད་པ་ནི། དགེ་སྦྱོང་དག་དང་བྲམ་ཟེ་གཞན་ལ་རྟེན་མི་བྱེད། །ཅེས་སོ། །ཤེས་ནས་དད་ཐོབ་འདི་མཛོད་ལས། བདེན་གསུམ་མཐོང་ནས་ཚུལ་ཁྲིམས་དང༌། །ཆོས་ལ་ཤེས་ནས་དད་པ་ཐོབ། །ལམ་མངོན་རྟོགས་ནས་སངས་རྒྱས་དང༌། །དེ་ཡི་དགེ་འདུན་དག་ལ་ཡང༌། །ཞེས་བདེན་པ་དང་པོ་གསུམ་མངོན་སུམ་དུ་རྟོགས་རྗེས་སུ་ཆོས་ལ་ཤེས་ནས་དད་པ་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་འཐོབ་པ་དང༌། ལམ་བདེན་མངོན་སུམ་དུ་རྟོགས་རྗེས་སུ་སངས་རྒྱས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པར་བཤད་པས་འཕགས་པ་ཁོ་ན་ལ་ཡོད་པར་འདོད་ཀྱང༌། འདིར་སྦྱོར་ལམ་པ་ལ་བཞག་པ་ནི་སློབ་དཔོན་འདིས་སྐབས་འདིའི་ལམ་ས་བརྒྱད་པར་བཞེད་པའམ་ཡང་ན་ཐུན་མོང་མ་ཡིན་པའི་རྣམ་གཞག་ལ་དགོངས་པའོ། །མི་ཁོམ་པར་མི་སྐྱེ་བའི་སྨོན་ལམ་གྲུབ་པས་རྒྱུ་འབྲས་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བ་ཅན་དང༌། དམྱལ་བ་སོགས་གསུམ་དུ་སྐྱེ་བ་དང༌། སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་ཀྱི་བཀའ་མི་ཐོས་པ་དང༌། འཁོར་རྣམ་བཞི་མི་རྒྱུ་ཞིང་བསྟན་པ་མེད་པའི་ཡུལ་མཐའ་འཁོབ་ཏུ་སྐྱེ་བ་དང༌། དབང་པོ་མ་ཚང་བ་ཅན་ཏེ་དེ་ཡང་ཡིད་དབང་དང་ལྕེ་དབང་ལ་སྐྱོན་ཞུགས་པའི་གླེན་པ་དང༌། ལྐུགས་པའི་དངོས་པོའོ། །དབང་པོ་མ་ཚང་བ་གླེན་པ་དང་ལྐུགས་པ་ཞེས་དང༌། དབང་པོ་རྣམས་བླུན་ཞིང་ལྐུགས་པ་ཞེས་འབྱུང་བས་གཞུང་རྣམས་ལས་དབང་པོ་མ་ཚང་བ་


JLD018_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞེས་སོ་སོར་ཕྲལ་བ་ཡི་གེ་མ་དག་གོ །འདུ་ཤེས་མེད་པ་དང་གཟུགས་མེད་ཀྱི་སོ་སྐྱེར་སྐྱེས་པའི་ལྷ་ཚེ་རིང་པོར་སྐྱེ་བ་ཞེས་བྱ་བ་རེ་རེའི་མཐར་སྦྱར་བ་ཕལ་ཆེར་དམ་པའི་ཆོས་སྒྲུབ་ཏུ་མི་ཁོམ་བའམ་མི་དལ་བ་བརྒྱད་དུ་སྐྱེ་བ་ཟད་པ་ནི། མཁས་པས་དུས་རྣམས་རྟག་ཏུ་ངན་སོང་གསུམ་པོ་སྤངས། །ཞེས་ཏེ་དེས་གཞན་ལྔ་མཚོན་པའོ། །དེ་དག་བསྡུས་པ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ལྟར་རོ། །གཞན་དོན་ལ་དམིགས་པའི་སྙིང་རྗེས་བདག་ཉིད་དགེ་བཅུའི་ཆོས་ལ་གནས་ཤིང་གདུལ་བྱ་གཞན་དག་དེ་ལ་སྦྱོར་བ་ནི། དེ་དག་དགེ་བཅུའི་ལས་ཀྱི་ལམ་ལ་མངོན་པར་བརྩོན། ཞེས་སོ། །བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་དུ་སྙིང་ཐག་པ་ནས་བརྗེ་བ་ཉིད་ཀྱིས་སེམས་ཅན་གཞན་གྱི་ཡུལ་རྒྱུད་ལ་དམིགས་ཏེ་སྦྱིན་སོགས་དྲུག་སྒོམ་ཞིང་ཆོས་ཀྱིས་དེ་དག་གི་བསམ་པ་རྫོགས་པར་བྱས་ནས་དགེ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ནི། ཕྱིར་མི་ལྡོག་པའི་བྱང་ཆེན་ནི་གང་གི་ཚེ་སྦྱིན་པ་ནས་ཡུམ་ལ་གནས་པ་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པ་ཡོངས་སུ་གཏོང་ངོ༌། དེ་བཞིན་དུ་ཚུལ་ཁྲིམས་སྲུང་ངོ༌། བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། བསམ་གཏན་ལ་མཉམ་པར་འཇོག་གོ །སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་སྒོམ་མོ། །ཞེས་སོ། །གཟུགས་སོགས་རྣམས་དོན་དམ་པར་མ་མཐོང་བའི་ཚུལ་གྱིས་ཟབ་མོའི་ཆོས་


JLD018_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྟོགས་པས་ཟབ་མོ་སྤྲོས་བྲལ་གྱི་དོན་ལ་སོམ་ཉི་མེད་པ་ནི། ཕྱིར་མི་ལྡོག་པའི་བྱང་ཆེན་ནི་ཆོས་ཟབ་མོ་ལ་དོགས་པ་དང་ཡིད་གཉིས་དང་ཐེ་ཚོམ་མེད་དོ། །ཞེས་སོ། །དེ་ལ་ལམ་གཞན་འདོད་ཅིང་ཡོངས་སུ་མ་རྫོགས་པའི་ཕྱིར་དོགས་པའོ། །ལམ་དྲང་པོ་དང་མི་མཐུན་པ་ནི་ཡིད་གཉིས་སོ། །དགེ་བ་སྣ་ཚོགས་འཕེལ་བ་མེད་པས་རིགས་ཀྱི་ཆོས་གསོར་མི་རུང་བའི་ཕྱོགས་ནི་ཐེ་ཚོམ་མོ། །སྒོ་གསུམ་གྱི་ཀུན་སྤྱོད་གཞན་ལ་ཕན་པ་ཉིད་ཀྱི་ཆེད་དུ་ཞུགས་པས་བྱམས་པས་ཟིན་པའི་ལུས་ཀྱི་ལས་སོགས་དང་ལྡན་པ་ནི། ཕྱིར་མི་ལྡོག་པའི་བྱང་ཆེན་ནི་ཆོས་ཟབ་མོ་ལ་དོགས་པ་དང་ཡིད་གཉིས་བྱམས་པའི་ལུས་ཀྱི་ལས་དང་ངག་གི་ལས་དང་བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། ཞེས་སོ། །བསླབ་པ་གསུམ་ལ་བརྩོན་པའི་སྦྱོར་བ་ཕུན་སུམ་ཚོགས་པས་ཚུལ་ཕུང་གི་བར་གཅོད་འདོད་པའི་ཡོན་ཏན་ལ་སྲེད་པའི་འདུན་པ་དང་གཞན་ལ་ཞེ་སྡང་བའི་གནོད་སེམས་ཀྱི་སྒྲིབ་པ་གཉིས་དང༌། ཤེས་རབ་ཀྱི་ཕུང་པོའི་བར་གཅོད་སེམས་ཡུལ་ལ་སྡུད་པའི་གཉིད་དང༌། སེམས་ལས་སུ་མི་རུང་བར་བྱེད་པའི་རྨུགས་པའི་སྒྲིབ་པ་སྟེ་གཅིག་དང༌། ཏིང་ངེ་འཛིན་གྱི་ཕུང་པོའི་བར་གཅོད་ཡུལ་སྡུག་པ་ལ་མ་ཞི་བ་རྒོད་པ་དང༌། ཡིད་ལ་གཅགས་པའི་རྣམ་པར་སྣང་བའི་འགྱོད་པའི་སྒྲིབ་པ་སྟེ་གཅིག་དང༌། བདེན་པ་ལ་ཐེ་ཚོམ་ཟ་བའི་སྒྲིབ་པ་སྟེ་དེ་དག་ཕྱོགས་མི་རྟོགས་པའི་རྒྱུ་སྒྲིབ་པ་ལྔ་པོ་དག་དང་མི་འགྲོགས་པ་ནི། ཕྱིར་མི་ལྡོག་


JLD018_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆེན་འདི་ལྟ་སྟེ་འདོད་པ་ལ་འདུན་པ་དང་གནོད་སེམས་དང་རྨུགས་པ་དང་གཉིད་དང་རྒོད་པ་དང་འགྱོད་པ་དང་ཐེ་ཚོམ་གྱི་སྒྲིབ་པ་ལྔ་པོ་འདི་དག་དང་ལྷན་ཅིག་མི་གནས་ཏེ། ཞེས་སོ། །སྒྲིབ་པ་ལྔ་པོ་འདི་དག་ནི་འདོད་པ་ཁམས་ན་ཡོད་ཅིང་གཉིད་རྨུགས་དང༌། རྒོད་འགྱོད་གཉིས་གཉིས་ཡོད་ཀྱང་གཅིག་ཏུ་བྱས་པ་ནི་མི་མཐུན་པའམ་གཉེན་པོ་དང་ཟས་དང་བྱ་བ་རྣམས་གཅིག་ཡིན་པས་དེ་ལྟར་བཤད་དེ། དང་པོ་གཉིས་ཀྱི་གཉེན་པོ་ནི་སྣང་བའི་འདུ་ཤེས་སོ། །ཟས་ནི་ལྔ་སྟེ་བརྙའ་བ་མི་དགའ་བ་བྱ་སྨྱངས་ཁ་ཟས་ཀྱི་དྲོད་མི་ཟིན་པ་སེམས་ཞུམ་པའོ། །བྱ་བ་ནི་གཉིས་ཀས་ཀྱང་སེམས་ནང་དུ་ཞུམ་པར་བྱེད་པའོ། །ཕྱི་མ་གཉིས་ཀྱི་གཉེན་པོ་ནི་ཞི་གནས་སོ། །ཟས་ནི་ཉེ་དུའི་ཡུལ་གྱི་མི་འཆི་བའི་རྣམ་རྟོག་དང༌། སྔོན་བརྩེས་པ་རྒོད་པ་དགའ་མགུར་སྤྱད་པ་རྣམས་དྲན་པའོ། །བྱ་བ་ནི་གཉིས་ཀས་ཀྱང་སེམས་མ་ཞི་བར་བྱེད་པའོ། དེ་སྐད་དུ་ཡང༌། འདོད་ན་སྒྲིབ་རྣམས་མི་མཐུན་དང༌། །ཟས་དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག་ཕུང་པོ་གནོད་བྱེད་དང༌། །ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །ཞེས་སོ། །ཉོན་མོངས་ཀྱི་གཉེན་པོ་སྟོང་ཉིད་རྣམ་པར་བསྒོམས་པ་ཉིད་ཀྱིས་མ་རིག་པ་དང་སོགས་པས་ལྟ་བ་ལྔའི་བག་ལ་ཉལ་ཐམས་ཅད་ཉམས་སྨད་པའི་སྒོ་ནས་འཇོམས་པ་ནི། ཕྱིར་མི་ལྡོག་པའི་བྱང་ཆེན་ནི་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་མེད་དེ། ཞེས་སོ། །འདིར་ཉི་སྣང་ལས། བག་ལ་ཉལ་ཐམས་ཅད་ནས་མེད་པར་གསུངས་པ་ནི་མ་རིག་པ་དང་ལྟ་བ་ཡིན་གྱི་འདོད་པ་དང་སྲེད་པའི་བག་ལ་ཉལ་ནི་


JLD018_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། བྱང་སེམས་བསམས་བཞིན་དུ་སྲིད་པར་སྐྱེ་བ་འཛིན་ཞེས་གསུངས་པ་ལྟར་རྒྱན་སྣང་དུ་གསུངས་པ་དེའི་དོན་ནི་ལམ་ཤེས་སུ་རྒྱས་པར་བཤད་ཟིན་ཏོ། །རྟག་ཏུ་སྤྱོད་ལམ་བཞི་པོ་ཐམས་ཅད་དུ་མཉམ་པར་བཞག་པ་སྟེ་སེམས་མ་གཡེངས་པ་ཉིད་ཀྱིས་སྤྱོད་ལམ་ལ་དྲན་པ་དང་ཤེས་བཞིན་དང་ལྡན་པ་ནི། འགྲོ་འཆག་ཉལ་དང་འདུག་པ་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་སོ། །ཕྱི་ནང་གི་གཙང་སྦྲའི་ཀུན་ཏུ་སྤྱོད་པ་དང་ལྡན་ཞིང་ནད་ཉུང་བ་ཉིད་ཀྱིས་ཆོས་གོས་དང་སོགས་པས་ལོངས་སྤྱོད་ཀྱི་ཡོངས་སུ་སྤྱོད་པ་གཙང་བ་སྟེ་སྨད་དུ་མེད་པ་ནི། གཙང་བྱས་གཙང་མའི་གོས་འཆང་ཞེས་ཏེ། གཙང་བྱས་ནི་མི་དགེ་བ་བཅུ་སྤངས་པའམ་ཕྱི་ནང་གི་གཙང་སྦྲ་བྱས་པ་དང་གཙང་མའི་གོས་ནི་དྲི་ང་བ་མེད་པའི་ཆོས་གོས་སོགས་ལ་སྤྱོད་པའོ། །གཉིས་པ་རྩེ་མོའི་རྟགས་ནི། རྟགས་རྣམ་པ་དྲུག་གིས་རྩེ་མོ་སོགས་སོ། དེ་དག་གང་ན། དགེ་བའི་རྩ་བ་འཇིག་རྟེན་དྲོད་མན་ཆད་ཐམས་ཅད་ལས་མངོན་པར་འཕགས་པ་ཐོབ་པ་ཉིད་ཀྱིས་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བ་ནི། བྱང་ཆེན་གྱི་དགེ་བའི་རྩ་བ་དེ་དག་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་སྟེ་དེའི་ཕྱིར་བྱང་ཆེན་དེའི་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་པོ་དེ་དག་མེད་དེ། ཞེས་སོ། །ལྷག་བསམ་རྣམ་དག་གི་དགེ་བའི་རྩ་བ་རྣམ་པར་དག་པས་སེམས་གྱ་གྱུ་བ་མེད་ཅིང་ཉན་རང་གི་ཡིད་ལས་འདའ་བ་ནི། ཇི་ལྟར་བྱང་


JLD018_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་དགེ་བའི་རྩ་བ་དེ་དག་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་དེ་དག་གིས་ལུས་མི་དྲང་བ་ཉིད་དང་ངག་མི་དྲང་བ་ཉིད་དང་སེམས་མི་དྲང་བ་ཉིད་དེ། ལུས་ངག་དང་སེམས་ཀྱི་གྱ་གྱུ་ཡོངས་སུ་སྦྱོང་བར་བྱེད་དོ། །ཞེས་སོ། །རྫས་ཐོབ་བའི་རྙེད་པ་དང་གཅེས་པར་བྱེད་པའི་བཀུར་སྟི་དང་སོགས་པས་གྲགས་པ་ལ་མི་ལྟ་པ་ཉིད་ཀྱིས་གོས་ཕྱག་དར་ཁྲོད་པ་ཉིད་ལ་སོགས་པའི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་ལེན་པ་ནི། དེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཏེ་སྤྱོད་དོ། །ཞེས་སོ། །སྦྱིན་པ་ལ་སོགས་པའི་ཕྱིན་དྲུག་ཁྱད་པར་ཅན་སྒྲུབ་པས་དེ་དག་དང་འགལ་བའི་མི་མཐུན་ཕྱོགས་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་དང་སོགས་པས་ཤེས་འཆལ་གྱི་བར་མེད་པ་ནི། ཕྱིར་མི་ལྡོག་པའི་བྱང་ཆེན་ལ་སེར་སྣའི་སེམས་བསྐྱེད་པ་མེད་དོ་ནས་ཤེས་རབ་འཆལ་བའི་སེམས་སྐྱེ་བ་མེད་དོ། །ཞེས་སོ། །ཆོས་དབྱིངས་སུ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་སྟེ་དེར་འདུས་ཤིང་དེ་ལས་མི་འདའ་བ་ཉིད་ཀྱིས་ཅི་བྱེད་པ་ཐམས་ཅད་ཆོས་ཉིད་དང་མི་འགལ་ཞིང་མཐུན་པར་ཤེར་ཕྱིན་གྱི་རྣལ་འབྱོར་དང་ལྡན་པར་འགྲོ་བ་ནི། ཆོས་གང་ཆོས་ཀྱི་དབྱིངས་དང་མི་སྦྱོར་བ་དེ་ལྟ་བུ་གང་ཡང་དག་པར་རྗེས་སུ་མི་མཐོང་སྟེ་དེ་ཐམས་ཅད་ཀྱང་ཡུམ་དང་སྦྱོར་བར་ཡང་དག་པར་རྗེས་སུ་མཐོང་བ་ཡིན་ནོ། །ཞེས་སོ། །འགྲོ་བའི་སྡུག་བསྔལ་བདག་ཉིད་ཀྱིར་རམ་བདག་གི་བར་བྱས་པ་ཉིད་ཀྱིས་སེམས་ཅན་གཞན་གྱི་དོན་དུ་དམྱལ་བའི་སྡུག་བསྔལ་ཡང་ཚོལ་


JLD018_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འདོད་པ་ནི། བྱང་ཆེན་གྱི་སེམས་མི་འཁྲུག་ཅིང་དོགས་པ་མེད་ཐེ་ཚོམ་མེད་ན་བྱང་ཆེན་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལུང་བསྟན་པར་རིག་པར་བྱའོ། །ཞེས་བདུད་ཀྱིས་དམྱལ་བ་ཆེན་བོ་བརྒྱད་སྤྲུལ་ནས་དེར་བྱང་སེམས་དུ་མ་སྐྱེས་པར་བསྟན་ཏེ་གཞན་དོན་ལས་བཟློག་ཀྱང་བྱང་ཆུབ་ཀྱི་སེམས་མི་གཏོང་བར་གསུངས་སོ། །གསུམ་པ་བཟོད་པའི་རྟགས་ནི། རྟགས་རྣམ་པ་གཉིས་ཀྱིས་བཟོད་པ་སོགས་སོ། །དེ་དག་གང་ན། རང་གི་རྟོགས་པ་ལ་གཏིང་ཚུགས་པའི་ཡིད་ཆེས་ཡོད་པའི་ཆོས་ཉིད་དམ་རྒྱུ་མཚན་གྱིས་གཞན་བདུད་ཀྱིས་དམན་པའི་ལམ་དུ་བཀྲིས་ཀྱང་བཀྲིར་མི་བཏུབ་པ་ནི། ཉན་ཐོས་ཀྱི་ཐེག་པ་པའམ་རང་སངས་རྒྱས་ཀྱི་ཐེག་པ་པས་བླ་མེད་རྫོགས་བྱང་གི་ཆོས་ལས་ཕྱིར་མི་ལྡོག་ན་བྱང་ཆེན་དེ་ནི་ངེས་པ་ཡིན་ཏེ། ཞེས་སོ། །སངས་རྒྱས་ཐོབ་པར་བྱེད་པ་ཉིད་ཀྱི་ཐབས་མ་ནོར་བར་ཤེས་པར་བྱེད་པ་ལ་ཤིན་ཏུ་མཁས་པ་ཉིད་ཀྱིས་ལམ་ལྟར་བཅོས་པ་ཀེང་རུས་སྒོམ་པ་དང་བསམ་གཏན་གཟུགས་མེད་སོགས་ཉེ་བར་སྟོན་པའི་བདུད་ལ་བདུད་ཉིད་དུ་རྟོགས་པ་ནི། བདུད་སྡིག་ཏོ་ཅན་དེ་བྱང་ཆེན་ལ་ལམ་གྱི་གཟུགས་བརྙན་སྟོན་ཏེ་གང་འཁོར་བར་སྤྱོད་པའི་འཇིག་རྟེན་པའི་རྣམ་པས་ལམ་གྱི་གཟུགས་བརྙན་ཡང་ན་རུས་པ་འདུ་ཤེས་པ་ཡང་ན་བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་སྟོན་ཞིང༌། ཞེས་


JLD018_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པ་དང་ཐེག་དམན་གྱི་ལམ་བསྟན་ཀྱང་ཐེག་ཆེན་གྱིས་མི་ལྡོག་པར་གསུངས་སོ། བཞི་པ་ཆོས་མཆོག་གི་རྟགས་ནི་རྟགས་རྣམ་པ་གཅིག་གིས་ཆོས་མཆོག་སོགས་སོ། །དེ་གང་ན། འཁོར་གསུམ་དུ་དམིགས་པའི་དྲི་མ་རྣམ་པར་དག་པས་ཀུན་ཏུ་སྤྱོད་པ་ཐམས་ཅད་ལ་སངས་རྒྱས་དགྱེས་པ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པས་ཇི་སྐད་དུ་བསྟན་པ་དེ་ལྟར་བསླབ་པ་ལ་སྤྱོད་པ་དེ་དང་མ་བྲལ་ཞིང་ཡུམ་དང་ལྡན་པའི་ཡིད་ལ་བྱེད་པ་འདི་དག་གིས་སྤྱོད་པ་དེ་ནིི་སྦྱིན་པའི་ཕར་ཕྱིན་ལས་ཡོངས་སུ་མི་ཉམས་ཞེས་སོ། །གཉིས་པ་ནི་ངོ་བོ་རྒྱས་བཤད་ཀྱི་དོན་བཤད་པའི་གཉིས་པ་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ།གཉིས་པ་ལ་གཉིས། མཚམས་སྦྱར་བ་དང༌།དོན་བཤད་པའོ། །དང་པོ་ནི། ངེས་ཆའི་ཕྱིར་མི་ལྡོག་གི་མཚན་ཉིད་ཀྱི་འོག་ཏུ་མཐོང་ལམ་པའི་ཕྱིར་མི་ལྡོག་གི་མཚན་ཉིད་འཆད་དོ། །གཉིས་པ་ལ་གཉིས། རྟགས་ཀྱི་གྲངས་མདོར་བསྟན་པ་དང༌། ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། རེ་ཞིག་མཐོང་ལམ་པའི་རྟགས་བར་ཚིགས་གཅིག་གིས་མདོ་ཙམ་དུ་གསུངས་པ་ནི། འདིར་རྩ་བ་བཀོད་་པའི་འོག་ཏུ་ཞེས་བྱ་བ་གསུངས་ཏེ་ཞེས་པ་ནི་མ་དག་སྟེ། འགྲེལ་བ་འདིར་རྩ་པའི་གོང་དུ་གསུངས་ཞེས་པ་ཡོད་ན་ཕྱི་འགྲེལ་གྱི་འགོར་ཞེས་བྱ་བ་ཡིན་ཞེས་འབྱུང་བ་ངེས་པ་དང་ཟློས་པར་ཡང་འགྱུར་བས་སོ། །དེས་ན་འདིའི་རྒྱས་བཤད་དུ་གོང་དུ་གསུངས་པ་ནི་ཞེས་བྱས་ནས་ཕྱི་འགྲེལ་གྱི་འགོར་ཞེས་བྱ་བ་ཡིན་ཏེ་ཞེས་པ་ལྟར་བྱ་དགོས་སོ། །གཉིས་པ་དང་གསུམ་པ་ནི་གོ་བར་ཟད་དོ། །གཉིས་པ་ལ་གསུམ་ལས༌། དང་པོ་ནི་སྐད་ཅིག་མའི་རྣམ་པའམ་


JLD018_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅི་འདྲ་བ་ཞིག་མཚན་ཉིད་ཡིན་ཞེ་ན། དེ་བསྟན་པའི་ཕྱིར་བར་ཚིགས་ལྔས་དེ་གསུངས་པ་ནིའོ། །གཉིས་པ་ནི། ཕྱིར་མི་ལྡོག་པའི་རྟགས་དག་ཡིན་ནོ། །གང་གིས་ན་བློ་སོགས་སོ། གང་ན་སྔར་བཤད་པ་དེ་འདྲའི་སོགས་སོ། །དེ་དག་ཀྱང་གང་ན་གཟུགས་སོགས་འདུ་ཤེས་ལྡོག་པ་སོགས་སོ། །གསུམ་པ་ལ་གཉིས༌། བདེན་པ་སོ་སོའི་རྣམ་པ་རྒྱས་པར་བཤད། དོན་བསྡུས་ཏེ་བཤད་པའི་རྟགས་ངོས་གཟུང་བའོ།། དང་པོ་ལ་བཞི། སྡུག་བསྔལ། ཀུན་འབྱུང༌། འགོག་པ། ལམ་གྱི་རྣམ་པའོ། །དང་པོ་ནི། སྡུག་བསྔལ་གྱི་བདེན་པ་རྟོགས་པའི་ཡུལ་ཅན་གྱི་རྣམ་པ་ནི་བཞི་ཡིན་ནོ། །དེ་དག་གང་ན་ཆོས་རྣམས་རང་རང་གི་མཚན་ཉིད་ཀྱིས་སྟོང་བར་མཐོང་ཞིང་མཚན་མར་མངོན་པར་འདུ་མི་བྱེད་པ་ཉིད་ཀྱིས་གཟུགས་དང་སོགས་པས་སངས་རྒྱས་ཀྱི་བར་གྱི་ཆོས་སུ་རྟོགས་པ་ས་བོན་དང་བཅས་པ་ལས་ལྡོག་པའི་སྡུག་བསྔལ་ལ་ཆོས་བཟོད་ནི། དེ་ནི་གཟུགས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་ཞེས་སོ། །སངས་རྒྱས་དང་སོགས་པས་བྱང་སེམས་ཀྱིས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སེམས་བསྐྱེད་མི་ཉམས་པར་བྱིན་གྱིས་བརླབས་པས་བདུད་གྱིས་སེམས་བསྐྱེད་ལས་དབྱེ་བར་མི་ནུས་པའི་ཕྱིར་བླ་མེད་བྱང་ཆུབ་ཀྱི་སེམས་བརྟན་པའི་ཆོས་ཤེས་ནི་དེ་སེམས་བརྟན་པ་དང་སེམས་མི་གཡོ་བ་དང་སེམས་མི་འཕྲོགས་པ་དང་ལྡན་པས་ཕར་ཕྱིན་དྲུག་ལ་སྤྱོད་ན་བྱང་སེམས་ཀྱི་སྐྱོན་མེད་པར་འཇུག་པར་འགྱུར་རོ་ཞེས་སོ། །ཐེག་པ་ཆེན་པོའི་ཆོས་ཁྱད་པར་ཅན་


JLD018_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་དང་ཤེས་རབ་སོགས་བསྒྲུབས་པས་ཉན་རང་གི་ཐེག་པ་འདོད་པ་ལས་སེམས་རྣམ་པར་ལོག་ཅིང་རྣམ་མཁྱེན་ཡིད་བྱེད་དང་མི་འབྲལ་བའི་རྗེས་བཟོད་ནི། བྱང་ཆེན་གང་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པ་དེ་ནི་རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ་ཞེས་སོ། །སྐད་ཅིག་མ་གསུམ་པ་འདིར་ཆོས་བཟོད་ཀྱིས་སྔར་འདོད་པའི་མཐོང་སྤང་དང་རྗེས་བཟོད་ཀྱི་ཁམས་གོང་མ་གཉིས་ཀྱི་གཉེན་པོ་བྱེད་པས་ཁམས་གསུམ་གྱི་སྤང་བྱ་ཞི་བ་ན་ཞི་བ་ལ་གཞོལ་སེམས་སྐྱེ་སྲིད་པས་ཉན་རང་གི་སར་ལྟུང་སྲིད་པར་འཆད་དེ། རྐྱེན་ཙམ་ཡོད་པ་ལ་དགོངས་སོ། །གཟུགས་སོགས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པར་མི་རྟོག་ཡེ་ཤེས་ཀྱིས་རབ་ཏུ་རྣམ་པར་འབྱེད་པའི་མཐུས་འཇིག་རྟེན་པའི་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་སོགས་པས་འགོག་པ་ལ་སྙོམས་པར་འཇུག་ཀྱང་ས་དེ་དག་ཏུ་སྐྱེ་བའི་ཡན་ལག་ཡོངས་སུ་ཟད་པ་སྟེ་དེ་དག་གི་དབང་གིས་མི་སྐྱེ་བར་སེམས་ཅན་འདུལ་བ་དང་མཐུན་པའི་སྐྱེ་བ་འཛིན་ནུས་པའི་རྗེས་ཤེས་ནི། བསམ་གཏན་གྱི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །འགོག་པའི་བར་གྱི་སྙོམས་པར་འཇུག་པའི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །ཞེས་ཆོས་སོ་བདུན་དང་རྣམ་ཐར་གསུམ་ལ་འཇུག་ཀྱང་དེའི་འབྲས་བུ་ཉན་རང་གི་བྱང་ཆུབ་མངོན་དུ་མི་བྱེད་པ་ཡང་བཤད་དོ། །རྟོགས་དཀར། སྙོམས་འཇུག་དགུ་རྫོགས་བྱང་གི་རྒྱུ་ཡིན་པའི་ཕྱིར་ཡན་ལག་དང་དེ་ཟད་པ་དེ་ལ་མ་ཆགས་


JLD018_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འཆད་པ་མདོ་འགྲེལ་གསུམ་དང་མི་མཐུན་ནོ། །ཉི་སྣང་ལས། ཡན་ལག་ཟད་པ་དང་ལྡན་པ་ཞེས་བྱ་བ་ནི་བསམ་གཏན་ནས་སྙོམས་པར་འཇུག་པ་གང་ལ་ཡན་ལག་གང་དག་ཡོད་པ་དེ་སྤོང་བ་ལྷུར་ལེན་པ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡན་ལག་ཟད་པ་དང་ལྡན་པར་བརྗོད་པ་ནི་རྗེས་སུ་ཤེས་པ་གཟུགས་དང་གཟུགས་མེད་པའི་གཉེན་པོ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་སྐད་ཅིག་མ་བཞི་བ་ལ་ཡན་ལག་ཟད་པ་དང་ལྡན་པར་བསྟན་པ་ནི་སྡུག་བསྔལ་རྗེས་ཤེས་ཀྱིས་བསམ་གཏན་དང་གཟུགས་མེད་ཀྱི་སའི་མཐོང་སྤང་རྣམས་སྤོང་བར་བསྟན་པའི་ཕྱིར་ཡིན་པར་གསུངས་ཤིང་ཡན་ལག་ཟད་པའི་དོན་དེ་ལ་མཛད་པ་དང༌། སྙོམས་འཇུག་དགུ་ལ་འཇུག་ཀྱང་དེ་དག་གི་འབྲས་བུ་མི་འཛིན་པར་སེམས་ཅན་གྱི་དོན་དུ་སྐྱེ་བ་མདོར་བསྟན་པས་སྙོམས་འཇུག་གི་མཐུས་དབང་མེད་དུ་ཁམས་གོང་དུ་མི་སྐྱེ་བར་བཤད་པ་ཉིད་ཡན་ལག་ཟད་པའི་དོན་དུ་བཤད་པ་གཉིས་མི་འགལ་ཏེ། ས་དེའི་ཉོན་མོངས་ཟད་ན་དེར་དེའི་དབང་གིས་མི་སྐྱེ་བས་སོ། །རྒྱན་སྣང་དུ། སྐད་ཅིག་མ་ཐ་མ་འདི་གཉིས་ལ་ཉི་སྣང་གི་བཤད་པ་རྣམས་མཛད་པ་ནི་འཕགས་པའི་བཤད་པ་དྲངས་པ་ཙམ་ཡིན་གྱི་རང་ལུགས་སུ་མི་རུང་སྟེ། ཡིན་ན་ལམ་འདི་དག་ས་བརྒྱད་པ་ཡན་ཆད་ལ་བྱེད་པ་དང་ལམ་ཤེས་སུ་ཆོས་བཟོད་ཀྱིས་ཁམས་གསུམ་གའི་མཐོང་སྤང་སྤོང་བར་


JLD018_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང་འགལ་ལོ། །ཞེས་བྱ་བ་རེ་རེའི་མཐར་སྦྱར་ཏེ་འོག་མ་རྣམས་ལ་ཡང་ངོ༌། །གཉིས་པ་ནི། ཀུན་འབྱུང་བ་རྟོགས་བའི་ཡུལ་ཅན་གྱི་རྣམ་པ་ནི་བཞི་ཡིན་ནོ། །དེ་དག་གང་ན། མི་དགེ་བ་མཐོང་སྤང་རྟོག་པ་དང་བྲལ་བ་ཉིད་ཀྱིས་ལུས་དང་སེམས་ལས་སུ་མི་རུང་བའི་ལྗི་བ་དང་བྲལ་བས་ལུས་སེམས་ཡང་བའི་ཆོས་བཟོད་ནི། ཕྱིར་མི་ལྡོག་པའི་བྱང་ཆེན་ནི་བྱང་ཆུབ་ཡིད་ལ་བྱེད་པ་དང་ལྡན་ཏེ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་གཟུགས་ལྷུར་ལེན་པ་མ་ཡིན་ཞེས་སོ། །ཡིད་བྱེད་དེས་རྟོག་པ་བསལ་བས་ལུས་སེམས་ཡང་བ་སྐྱེད་པ་ན་གཟུགས་སོགས་ལྷུར་མི་ལེན་ནོ། །ཁྱིམ་ན་གནས་པ་སོགས་ཐབས་གང་གིས་སེམས་ཅན་འདུལ་བའི་ཐབས་ལ་མཁས་པའི་མཐུས་མངོན་པར་ཞེན་པ་མེད་པར་ཁྱིམ་གྱི་འདོད་པའི་ཡོན་ཏན་ལ་ཉེ་བར་སྤྱོད་པའི་ཆོས་ཤེས་ནི། ཁྱིམ་པར་གྱུར་ན་རྟག་ཏུ་དངོས་པོ་ཀུན་མ་ཆགས། །ཞེས་སོ། །སྡུད་འགྲེལ་ཆེ་བར་འདི་གོང་མ་དང་གཉིས་ཀ་ལ་སྦྱར་རོ། །ཁྱིམ་གྱི་ཡུལ་ལ་ཆགས་པའི་ཉེས་དམིགས་མཐོང་བས་རང་དོན་དུ་ཁྱིམ་དུ་མི་གནས་པར་ཚེ་རབས་རྟག་ཏུ་ཚངས་པར་སྤྱོད་པའི་རྗེས་བཟོད་ནི། དེ་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་མ་སྤྱོད་དེ་རྟག་ཏུ་རྒྱུན་མི་འཆད་པར་ཚངས་པར་སྤྱོད་པ་སྤྱད་ཅིང་གནོད་པ་གང་གིས་གཞན་མི་དགའ་བར་འགྱུར་པའི་གནོད་པ་དེ་ལྟ་བུ་གང་ཡང་མི་སྐྱེ་སྟེ། ཞེས་སོ། །སེམས་མི་གཡེང་བ་དང་དད་སོགས་ཀྱི་དབང་པོ་ཚང་བར་ཐོབ་པས་བྱང་ཆུབ་ཀྱི་སེམས་མི་བརྗེད་


JLD018_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དབང་ཐོབ་པའི་སྐྱེས་བུ་དམ་པའི་ཆོས་ཉིད་དམ་ངང་ཚུལ་གྱིས་འཚོ་བའི་ཡོ་བྱད་རྣམ་པར་དག་པ་སྟེ་བུད་མེད་དབང་དུ་སྡུད་པ་སོགས་མི་བྱེད་པའི་རྗེས་ཤེས་ནི། འཚོ་བའི་ཕྱིར་ནི་ཡ་ངས་ལོངས་སྤྱོད་ཚོལ་མི་བྱེད། །དྲག་ཤུལ་སྤྱོད་སྔགས་མི་བྱེད་བུད་མེད་སྦྱོར་སྔགས་མིན། །འདོད་པའི་ལས་ཅན་ཕོ་མོར་གྱུར་ཞེས་སྟོན་མི་བྱེད། །ཅེས་སོ། །ཡ་ང་བས་ལོངས་སྤྱོད་མི་སྒྲུབ་པས་འཚོ་བས་དག་ཅིང་ཉོན་མོངས་ཅན་གྱི་སེམས་ཀྱིས་དྲག་ཤུལ་གྱི་སྤྱོད་པ་དང་བུད་མེད་དབང་དུ་སྡུད་སོགས་མི་བྱེད་པས་ལུས་ལས་དང༌། འདོད་པའི་ལས་སྤྱད་པས་ཁྱེའུ་འམ་བུ་མོ་འོང་ངོ་ཞེས་མི་སྨྲ་བས་ངག་ལས་དམ་པའོ། །གཞན་ཡང་འཚོ་བ་དག་པའི་བཟློག་ཟླ་ཚུལ་འཆོས་སོགས་ལྔ་ནི་རིན་ཕྲེང་དུ། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བ་འོ། །གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པའོ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་པ་ལྟར་རོ། །གསུམ་པ་ནི། འགོག་པའི་བདེན་པ་རྟོགས་པའི་ཡུལ་ཅན་གྱི་རྣམ་པ་ནི་བཞི་ཡིན་ནོ། །དེ་དག་གང་ན། འགོག་པ་ལ་ཆོས་བཟོད་ནི་ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་རྣམས་ལ་དང་པོར་ཞེན་པའི་སྦྱོར་བའི་གནས་པ་དང་རྒྱུན་དུ་ཞེན་པའི་རྗེས་སུ་སྦྱོར་བའི་གནས་པ་ཕུང་


JLD018_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་སོ་སོར་བཀག་སྟེ་སྟོང་ཉིད་རྟོགས་པ་ལ་གནས་ནས་ཆོས་གང་ལ་ཡང་དམན་མཆོག་ཏུ་ཡང་དག་པར་མ་མཐོང་བ་ཉིད་ཀྱིས་སོ། །གནས་པ་བཀག་པའི་དོན་ནི་དེ་དག་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་དག་ཏུ་མི་བྱའོ་ཞེས་ཏེ་དེ་གཉིས་སུ་ཞེན་པར་བྱར་མི་རུང་ངོ་ཞེས་དེ་ལྟར་ཡིད་ལ་བྱས་ནས་ཞེན་པ་འགོག་པ་སྟེ་ཕུང་པོའི་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་གནས་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་སྔར་ལྟར་དང༌། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་གནས་ནས་ཆོས་གང་ཡང་དམན་པའམ་མཆོག་ཏུ་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་རོ། །ཞེས་སོ། །དེ་ལ་ཞེན་ནས་གནས་པ་བཀག་པར་བསྟན་པས་ནི་ཉན་རང་ལས་ཁྱད་ཞུགས་པ་དང༌། སྦྱོར་རྗེས་སྦྱོར་གྱིས་ནི་མཐོང་ལམ་པ་དེ་སྔར་སྡུག་ཀུན་དང་ཕྱིས་འགོག་ལམ་ལ་རྗེས་སུ་སྦྱོར་བ་བཀག་པར་བསྟན་ཏོ། །སྟོང་ཉིད་དམན་མཆོག་བྲལ་བ་ལ་དེ་ལྟར་ཕྱིན་ཅི་མ་ལོག་པར་ཤེས་པས་ནི་གནས་པ་བཀག་པའི་འཐད་པས་གང་གསུངས་པ་ཡིན་ནོ། །ཞེས་པ་ནི་འགྱུར་རམ་ཡི་གེ་མ་དག་སྟེ། རྣམ་འགྲེལ་དུ་འདི་བཀོད་པའི་སྐབས་སུ་ཕྱི་ཅི་མ་ལོག་པའི་ཤེས་པ་ཡིན་པའི་ཕྱིར་ན་འཐད་པ་ཡིན་ནོ་ཞེས་འབྱུང་བས་ཕྱིན་ལོག་ཕུང་སོགས་ལ་གནས་པ་བཀག་པའི་རྒྱུ་མཚན་དུ་མི་རུང་བས་སོ། །ཤཱནྟིས། སྦྱོར་བ་ནི་ཞི་གནས་ཀྱིས་སོ། །རྗེས་སུ་སྦྱོར་བ་ནི་ལྷག་མཐོང་གིས་སོ། ཞེས་འཆད་དེ། རྩ་བར་ཕུང་སོགས་ལ་ཞེས་པའི་སོགས་ཁོང་


JLD018_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁམས་སྐྱེ་དང་རྟེན་འབྲེལ་གདོན་ལ་གཞན་འགྲེལ་བ་ལྟར་བཤད་ཅིང༌། བར་ཆད་བྱེད་རྣམས་དང་ཚོགས་དང་དབང་སོགས་གཡུལ་འགྱེད་གསུམ་སྟེ་བཞི་ཀ་ལ་ཡང་རེ་རེའི་མཐར་སྦྱོར་དང་ཞེས་སོགས་སྦྱར་ལ་བཤད་དོ། །དེ་ཡང་མདོར་རྐུན་པོ་དམག་གཡུལ་ལམ་འཐབ་མོ་གྲོང་གྲོང་ཁྱེར་གྲོང་རྡལ་བདག་གི་སྒྲས་གསུངས་པ་བདུན་བསྡུས་པ་སྟེ། བར་ཆད་བྱེད་པ་མི་མཐུན་ཕྱོགས་ནི་དགེ་བའི་ནོར་འཕྲོག་པ་དང༌། སྦྱིན་སོགས་ཀྱི་ཚོགས་སམ་དཔུང་ནི་མང་བ་དང་དགྲ་འཇོམས་པས་རིམ་པ་ལྟར་རྐུན་པོ་དང་དམག་དང་ཆོས་མཚུངས་སོ། །གཉེན་པོའི་ཕྱོགས་དེས་སྤང་བྱ་ལ་གནོད་པ་བྱེད་པ་ནི་གཡུལ་ལམ་འཐབ་མོ་བྱེད་པས་བསྟན་ཏོ། །གཡུལ་བཀྱེ་བས་སྤང་བྱ་སྤངས་པའི་གནས་སྐབས་སུ་རྣམ་སྨིན་འགོག་པ་བཞི་ནི་དབང་པོ་དབང་རྟེན་དབང་ཡུལ་བདག་ཏུ་ཞེན་པ་འགོག་པ་སྟེ། དེ་ནི་གྲོང་སོགས་ཀྱིས་བསྟན་ཏེ་ཆོས་མཚུངས་ནི་འཆད་པར་འགྱུར་རོ། །དེས་ན་མདོར་རྐུན་པོ་སོགས་ཀྱིས་གསུངས་ཀྱང་བསྟན་བཅོས་སུ་བར་ཆད་བྱེད་རྣམས་ཞེས་སོགས་ཀྱིས་མདོའི་དགོངས་པ་དེ་དག་ལ་བཀྲལ་ལོ། །རྗེས་ཤེས་ཀྱི་སྐབས་སུ་དོན་ཚན་ལྔར་མདོ་ལས་གསུངས་ཀྱང་མདོ་འགྲེལ་རྣམས་ཀྱིས་མཐོང་ལམ་གྱི་སྐད་ཅིག་མ་གཅིག་ལ་སྦྱར་རོ། །འགོག་པ་ལ་ཆོས་ཤེས་ནི་མཐོང་ལམ་གྱི་རྟོགས་པའི་བར་ཆད་བྱེད་པའི་ཆོས་དགེ་བ་འཕྲོག་པས་རྐུན་པོ་ལྟ་བུ་རྣམས་ཀྱི་གཏམ་ལ་དགེ་ཕྱོགས་འཕྲོག་མི་འཕྲོག་ཏུ་དང་པོར་ཞེན་པ་སྦྱོར་བ་


JLD018_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱིས་ཞེན་པ་རྗེས་སུ་སྦྱོར་བའི་གནས་པ་ཡུལ་སོ་སོ་ལ་སོ་སོར་བཀག་སྟེ། མཐོང་ལམ་གྱི་མི་མཐུན་ཕྱོགས་བསལ་བ་སྟེ་རང་བཞིན་གྱིས་སྟོང་པས་འཕྲོག་མི་འཕྲོག་ཏུ་མ་གྲུབ་པར་རྟོགས་པ་ཉིད་ཀྱིས་ཏེ། རྐུན་པོའི་གཏམ་གྱི་སྔར་ལྟར་དང༌། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆེན་དེས་རང་བཞིན་གྱིས་སྟོང་པའི་ཆོས་རྣམས་ལ་ཆོས་གང་ཡང་འཕྲོག་པའམ་མི་འཕྲོག་པ་སྔར་ལྟར་རོ། །འདི་དང་འོག་མ་གཉིས་སུ་སྔ་མ་བཞིན་ཞེས་པ་བཀག་པའི་དོན་ནམ་འགོག་ཚུལ་སྔར་བཤད་པ་བཞིན་སྦྱོར་བའོ། །རྟོགས་དཀར་སྟོང་ཉིད་ལ་གནས་པ་ཡང་སྦྱར་བ་ནི་མདོ་ལ་འགྲིག་གོ །གཏམ་སྨོས་པ་ནི་འགོག་པ་ཤེས་པ་ནི་མིང་ཙམ་ལ་ཞེན་པའི་གཉེན་པོར་སྟོན་པ་སྟེ་དངོས་པོའི་དོན་ལ་ཞེན་པ་ནི་སྡུག་ཀུན་ཤེས་པའི་དུས་ན་བཅོམ་ཟིན་པས་སོ། །རིགས་པ་འདིས་སྔ་མ་ལ་གཏམ་མི་སྨོས་ཀྱང་དོན་གྱིས་འཐོབ་ལ། གཉིས་པ་དང་བཞི་པ་ལ་གཞུང་ལས་གཏམ་མི་འབྱུང་ཡང་སྦྱར་ཏེ། འགྲེལ་ཆེན་གཉིས་རྣམ་འགྲེལ་མདོ་རྣམས་སུ་སྨོས་པས་སོ། །འགོག་པ་ལ་རྗེས་བཟོད་ནི་བྱང་ཆུབ་ཀྱི་རྒྱུའི་ཚོགས་སྦྱིན་པ་ལ་སོགས་པ་དམག་ལྟ་བུའི་གཏམ་ལ་མང་ཉུང་དུ་དང་པོར་ཞེན་པ་སྦྱོར་བ་དང་རྒྱུན་དུ་ཞེན་པ་རྗེས་སུ་སྦྱོར་བའི་གནས་པ་ཡུལ་སོ་སོ་ལ་སོ་སོར་བཀག་སྟེ། ཆོས་རྣམས་རང་གི་ངོ་བོས་སྟོང་པས་མང་ཉུང་མ་གྲུབ་པའི་ཕྱིར། བྱང་ཆུབ་ཀྱི་ཚོགས་ལ་མང་ཉུང་དུ་ཞེན་པའི་རྣམ་རྟོག་གི་སྐྱོན་ཡོངས་སུ་ཤེས་པ་ཉིད་ཀྱིས་ཏེ། དམག་གི་གཏམ་གྱི་སྔར་ལྟར་དང༌། དེ་ཅིའི་


JLD018_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་གང་ལ་ཡང་ཉུང་ངུའམ་མང་པོར་སྔར་ལྟར་རོ། །འགོག་པ་ལ་རྗེས་ཤེས་ནི་གནོད་བྱེད་གཉེན་པོ་དང་གནོད་བྱ་སྤང་བྱ་གཉིས་གཡུལ་འགྱེད་པ་ལ་ཆགས་སྡང་ངམ་བླང་དོར་དུ་དང་པོར་ཞེན་པ་སྦྱོར་བ་དང་རྒྱུན་དུ་ཞེན་པ་རྗེས་སུ་སྦྱོར་བ་གནས་པ་ཞེན་ཡུལ་སོ་སོ་ལ་སོ་སོར་བཀག་སྟེ། ལམ་གྱི་དེ་བཞིན་ཉིད་གཉིས་སུ་མེད་པ་རྟོགས་པ་ལ་གནས་པས་གཟུང་བ་སྟེ་ཡུལ་སྤང་བྱ་དང་འཛིན་པ་སྟེ་ཡུལ་ཅན་གཉེན་པོ་ལ་ཁོང་ཁྲོ་བ་དང་ཆགས་པའི་སྤང་བར་བྱ་བ་སྤོང་བ་ཉིད་ཀྱིས་ཏེ་གཡུལ་གྱི་གཏམ་གྱི་སྔར་ལྟར་དང༌། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཆོས་ཉིད་ལ་གནས་པས་ཆོས་གང་ཡང་ཆགས་པའམ་ཁོང་ཁྲོ་བར་སྔར་ལྟར་རོ། །རྟོགས་དཀར་གཉིས་སུ་ཞེན་པའི་རྒྱུས་བདུད་ཀྱི་རལ་གྲི་དང་མདའ་ལ་སོགས་པ་རྣམས་ལུས་དབང་ལ་སོགས་པའི་བྱ་བ་ཡིན་པ་དང༌། རྣལ་འབྱོར་པ་ལ་གཡུལ་འགྱེད་པ་མེད་དེ། བྱམས་པས་སམ། ཆོས་ཐམས་ཅད་ལ་དམིགས་པས་བགེགས་ཞི་བའོ་ཞེས་དགོངས་སོ། །ཞེས་འཆད་དེ་དགོངས་པ་མ་ཡིན་ནོ། །དེ་ལྟར་གཡུལ་བཀྱེ་ནས་སྤང་བྱ་འགོག་པའི་སྐབས་སུ་རྒྱུ་མངོན་ཞེན་ལོག་པས་འབྲས་བུ་རྣམ་སྨིན་ལོགས་སུ་སྤང་མི་དགོས་པ་རང་གི་ངང་གིས་འགོག་པ་ནི་བཞི་སྟེ། དབང་པོའི་ངོ་བོ་གྲོང་དང་དབང་པོའི་རྟེན་གྲོང་ཁྱེར་དང་སོགས་པས་དབང་པོའི་ཡུལ་གྲོང་རྡལ་དང༌། བདག་ཏུ་ཞེན་པའི་གཏམ་རྣམས་ལ་སྦྱོར་བ་གཉིས་འགོག་པའོ། །


JLD018_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་གྲོང་གྲོང་ཁྱེར་གྲོང་རྡལ་བདག་གི་གཏམ་རྣམས་ལ་སྦྱོར་བ་གཉིས་བཀག་པའི་སྒྲས་གསུངས་ཏེ་དབང་པོ་ནི་རྣམ་ཤེས་ཀྱི་སྐྱེས་བུའི་གནས་དང༌། དབང་རྟེན་ནི་གྲོང་ཁྱེར་ལ་བརྟེན་པའི་གྲོང་ལྟ་བུའི་དབང་པོའི་གནས་ཡིན་པ་དང༌། དབང་ཡུལ་ནི་གྲོང་རྡལ་སྐྱེ་བོ་དུ་མ་འཇུག་ལྡོག་བྱེད་པའི་གཞི་ཡིན་པ་ལྟར་རྣམ་ཤེས་དྲུག་འཇུག་ལྡོག་བྱེད་པའི་ཕྱིར་གྲོང་སོགས་ཀྱིས་བསྟན་ཏོ། །བདག་ནས་མཐོང་བ་པོའི་བར་དུ་ཞེན་པ་ནི་རང་གི་སྒྲས་གསུངས་སོ། །བརྒྱད་སྟོང་པ་རྒྱལ་བློན་གྱི་གཏམ་གསུངས་པ་ནི་བདག་དང་བདག་གིར་འཛིན་པ་མཚོན་པའི་ཕྱིར་ཡིན་ལ། བདག་ཁོ་ན་ལ་བདག་གི་བ་དང་འབྲེལ་བས་རབ་ཏུ་ཕྱེ་བ་ནི་བློན་པོའི་གཏམ་གྱིས་མཚོན་པའི་བདག་གིར་འཛིན་པ་ཡིན་པས་བཞིའོ་ཞེས་རྒྱན་སྣང་ལས་སོ། །དེས་ན་དབང་སོགས་བཞི་འགོག་པ་ནི་རྗེས་ཤེས་ཀྱི་སྐབས་སུ་ཟག་བཅས་ཀྱི་རྣམ་སྨིན་འགོག་ཚུལ་བསྟན་པས་དེའི་བྱེད་ལས་བསྟན་གྱི་འདི་བཞི་འགོག་པ་ལ་རྗེས་ཤེས་ཀྱི་ངོ་བོ་སྟོན་པ་དང་འདི་བཞི་ལ་ཞེན་པའི་སྤང་བྱ་དང་གཉེན་པོ་གཡུལ་འགྱེད་པ་ཞེས་ནི་མི་སྦྱར་ཏེ། ཉི་སྣང་ལས། སྤང་གཉེན་གཡུལ་འགྱེད་ལ་སྦྱོར་བ་བཀག་པ་རྗེས་ཤེས་སྔར་བསྟན་ནས་དེའི་འོག་ཏུ་དེ་ལྟ་བུར་གྱུར་པའི་གནས་སྐབས་སུ་རང་གི་ངང་གི་ཁོ་ནས་རྣམ་པར་སྨིན་པ་འགོག་པ་ནི་རྣམ་པ་བཞི་ཡིན་ཏེ་ཞེས་མཚམས་སྦྱར་ནས་དེ་བཞི་འགོག་པའི་མདོ་སྦྱར་བས་སོ། །དེ་བཞིན་དུ་རྒྱན་སྣང་རྣམ་འགྲེལ་གཉིས་སུ་ཡང་འབྱུང་ཞིང་ལེ་བརྒྱད་མར་ཡང་གཡུལ་འགྱེད་སྔོན་ལ་སྦྱར་རོ། །ཤཱནྟིས་ཀྱང་འཐབ་


JLD018_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་ན་འགོག་པ་ཐོབ་སྟེ་འགོག་པ་ནི་མྱ་ངན་ལས་འདས་པའི་གྲོལ་བའོ། །དེ་ཡང་གང་ཞེ་ན། ལུས་དང་གནས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་རིག་པ་རྣམས་ལོག་པའོ། །ཞེས་དང༌། བདག་དང་བདག་གི་རྣམ་པར་རྟོག་པ་ཟད་པ་ཡོད་ན་ཐར་པ་སྟེ། ཞེས་སོ། །འདིར་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བདེན་བཞི་སོ་སོའི་རྣམ་པ་ལས། འགོག་པའི་སྐབས་ལས་འཕྲོས་ཏེ་དགག་བྱ་དབང་སོགས་ཀྱི་སྐོར་ལ་མཐའ་ཅུང་ཟད་དཔྱད་པ།འདིར་དགག་བྱ་དབང་སོགས་ཅུང་ཟད་དཔྱད་པ་ལ་གཉིས། དགག་བྱའི་ངོ་བོ། ཁམས་གང་དུ་འགོག་ཚུལ་ལོ། །དང་པོ་ལ་བཞི། དབང་པོ། དབང་རྟེན། དབང་ཡུལ། བདག་ཏུ་ཞེན་པའོ། །དང་པོ་ལ་གསུམ། སོ་སོའི་ངོ་བོ། གྲངས་ངེས་པའི་རྒྱུ། ཐ་མ་གསུམ་གྱི་ས་མཚམས་སོ། །དང་པོ་ནི། དབང་པོ་ཉེར་གཉིས་ལས། མིག་ནས་ཡིད་ཀྱི་བར་དྲུག་ནི་ཡུལ་ལྔ་སོ་སོ་དང་ཡུལ་དྲུག་བསྡོམས་པ་ལ་དམིགས་པ་དང༌། ཕོ་མོའི་གཉིས་ནི་དེ་གཉིས་ཀྱི་ངོ་བོ་དང་ཁྱད་པར་དང༌། སྲོག་གིས་ནི་སྐྱེས་ནས་མ་ཤིའི་བར་དུ་ཕུང་པོ་རིས་མཐུན་གནས་པ་དང༌། ཚོར་བ་བདེ་བ་ཡིད་བདེ་སྡུག་བསྔལ་ཡིད་མི་བདེ་བཏང་སྙོམས་ཏེ་ཚོར་བ་ལྔ་ནི་དང་པོ་གཉིས་ལས་འདོད་ཆགས་དང༌། དེ་ནས་གཉིས་ལས་ཞེ་སྡང་དང༌། ཐ་མ་ལས་མ་རིག་པ་འབྱུང་བས་ཀུན་ཉོན་དང༌། དད་པ་ནས་ཤེས་རབ་ཀྱི་བར་རྣམ་པ་ལྔས་འཇིག་རྟེན་པའི་རྣམ་བྱང་དང༌། ཐ་མ་གསུམ་ནི་ཕྱི་མ་གཉིས་དང་ལྷག་མེད་ཀྱི་མྱང་འདས་ཐོབ་པ་དང་མཐོང་སྤང་དང་སྒོམ་སྤང་སྤོང་བ་དང་མཐོང་ཆོས་ལ་བདེར་གནས་ལ་དབང་བྱེད་པའི་དོན་གྱིས་དབང་པོར་བཞག་སྟེ། མཛོད་ལས། རང་གི་དོན་དང་ཐམས་ཅད་ལ།། དམིགས་པར་དབང་བྱེད་ཕྱིར་དབང་དྲུག །ཕོ་ཉིད་མོ་ཉིད་ལ་དབང་ཕྱིར། །ལུས་ལས་མོ་དབང་ཕོ་


JLD018_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དག །རིས་གནས་ཀུན་ནས་ཉོན་མོངས་དང༌། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། །སྲོག་དང་ཚོར་བ་རྣམས་དང་ནི། །དད་སོགས་དབང་པོ་ལྔར་འདོད་དོ། །མྱ་ངན་འདས་སོགས་གོང་ནས་གོང༌། །འཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང༌། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །ཞེས་སོ། །དེ་ལ་ཡང་དང་པོ་བཅུ་བཞི་ལ་ཀུན་ཉོན་དང་ཐ་མ་བརྒྱད་ལ་རྣམ་བྱང་གི་དབང་པོ་ཞེས་བྱའོ། །འོན་ཀྱང་ངེས་པ་ནི་མེད་དེ། །གཞན་དུ་ན་ཡིད་དང་ཚོར་བ་གསུམ་ལ་འདས་ལམ་མེད་པར་ཐལ་ལོ། །དད་སོགས་ལྡ་ལ་ཡང་ཕལ་ཆེ་བས་འཇིག་རྟེན་པར་བཤད་ཀྱི་མ་ངེས་པའི་རྒྱུ་མཚན་ནི། སྔར་ལྟར་རོ། །དེ་དག་ལས་དྲུག་ནི་བཏགས་པ་བ་དང༌། ལྷག་མ་ནི་རྫས་སུ་ཡོད་དེ། ཕོ་མོའི་གཉིས་ལུས་དབང་གི་ཆ་དང༌། སྲོག་ཕུང་པོའི་རྒྱུན་གྱི་གནས་སྐབས་དང་ཐ་མ་གསུམ་དད་སོགས་ཀྱི་ཆ་ལ་བཏགས་པས་རྫས་གུད་པ་མེད་དོ། །གཉིས་པ་ནི། འཁོར་བར་འཇུག་པ་པོའི་རྟེན་དང་དེར་གསར་དུ་སྐྱེ་བ་དང༌། གནས་པ་དང་བདེ་སྡུག་གི་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་དབང་དུ་བྱས་ནས་དྲུག་དང་གཉིས་དང་གཅིག་དང་ལྔ་བཞག་ལ། མྱང་འདས་སུ་ཡང་དེ་ལྟར་བཞིའི་དབང་དུ་བྱས་ནས་ལྔ་དང་གཅིག་དང་གཅིག་ཏུ་ངེས་ཏེ། མཛོད་ལས། ཡང་ན་འཇུག་པའི་རྟེན་དང་ནི། །སྐྱེ་དང་གནས་དང་ཉེར་སྤྱོད་ལས། །བཅུ་བཞི་དེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། །ཞེས་སོ། །གསུམ་པ་ནི། མཛོད་ལས། མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་གསུམ་ནི་དྲི་མ་


JLD018_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཅེས་འདས་ལམ་ལ་བཞག་ཅིང་ཟག་མེད་ཁོ་ནར་འཆད་པའི་རྗེས་སུ་འབྲངས་ནས་ཉི་སྣང་དུ་ཡང་དེ་ལྟར་རོ། །དེ་ཡང་མཐོང་ལམ་གྱི་དད་སོགས་ལྔ་བདེ་བ་ཡིད་བདེ་བཏང་སྙོམས་ཡིད་དང་དགུ་ཟག་མེད་དུ་སྐྱེས་པ་ལ་མི་ཤེས་པ་ཀུན་ཤེས་པའི་དབང་པོར་འཇོག་སྟེ་དེ་དགུ་ཀ་དུས་གཅིག་ཏུ་སྐྱེས་པ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་གཉིས་ལ་ཡང་ངོ༌། །ཀུན་བཏུས་སུ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞེ་ན། སྦྱོར་བའི་ལམ་དང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གང་དབང་བྱེད་པའོ། །ཀུན་ཤེས་པའི་དབང་པོ་གང་ཞེ་ན། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ལ་བརྟེན་ནས་སློབ་པའི་ལམ་ཐམས་ཅད་ལ་གང་དབང་བྱེད་པའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་གང་ཞེ་ན། མི་སློབ་པའི་ལམ་ལ་གང་དབང་བྱེད་པའོ། །ཞེས་དང་པོ་སྦྱོར་ལམ་ནས་ཀྱང་བཞག་ཅིང༌། འགྲེལ་པར་དང་པོ་གཉིས་ཀྱི་གདགས་གཞི་ལ་ཡིད་མི་བདེ་བ་བགྲངས་ནས་བཅུར་བྱེད་དོ། །ཉི་ཁྲི་ལས། དེ་ལ་མི་ཤེས་པ་ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་སྣང་བ་མེད་ཅིང་འདུལ་བར་བྱེད་པ་གང་ཡིན་པ་སྟེ། ཞེས་དང༌། དེ་ལ་ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་ཀུན་ཤེས་པ་དང་ལྡན་པ་རྣམས་ཀྱི་དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོ་སྟེ། ཞེས་དང༌། དེ་ལ་ཀུན་ཤེས་པ་བསྲུང་པའི་དབང་པོ་གང་ཞེ་ན། མི་སློབ་


JLD018_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གང་ཟག་དགྲ་བཅོམ་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོ་སྟེ་ཞེས་སོ། །དེ་ལ་དང་པོའི་དོན་ནི་ཉན་ཐོས་ཀྱི་རྒྱུན་ཞུགས་ཞུགས་པ་དང༌། བྱང་སེམས་མོས་སྤྱོད་པ་དང༌། གཉིས་པ་ནི་རྒྱུན་ཞུགས་འབྲས་གནས་དང༌། བྱང་སེམས་ས་དང་པོ་པ་ཡན་ཆད་དང༌། གསུམ་པ་ནི་ཉན་རང་དགྲ་བཅོམ་པ་དང་ས་བཅུ་བ་པ་དང་དེ་བཞིན་གཤེགས་པ་ལ་འབུམ་གྱི་གནོད་འཇོམས་ཀྱིས་བཤད་དོ། །བསྡུ་བ་ལས། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ་བདེན་པ་མངོན་པར་རྟོགས་པ་ལ་བརྩོན་པ་དགེ་བའི་ཆོས་ལ་འདུན་པ་ནས་བཟུང་སྟེ་སྦྱོར་བའི་ལམ་ཐམས་ཅད་ལ་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་འདིའི་དོན་ཡིན་པར་བལྟ་བར་བྱའོ། །ཀུན་ཤེས་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་བཟུང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་འདིའི་དོན་ཡིན་པར་བལྟ་བར་བྱའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ་མི་སློབ་པའི་ལམ་ནས་བཟུང་སྟེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་དུ་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་འདིའི་དོན་ཡིན་པར་བལྟ་བར་བྱའོ་ཞེས་དང་པོ་སྦྱོར་ལམ་ནས་བཞག་ཀྱང་སྐད་ཅིག་བཅོ་ལྔའི་བར་ལ་བྱ་སྟེ། དེ་ཉིད་ལས། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་ཐག་རིང་ཞིང་འཇིག་རྟེན་པའི་རྣམ་པར་རྟོག་པ་གང་ཡིན་


JLD018_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་ཟག་པ་དང་བཅས་པ་ཡིན་ལ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་ཐག་ཉེ་ཞིང་འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཡིན་པར་བལྟ་བར་བྱའོ། །ཞེས་གསུངས་པས་སོ། །ཐེག་ཆེན་གྱི་ལམ་གྱི་དབང་དུ་བྱས་ནས་ས་མཚམས་བྱེད་ཚུལ་ཡང༌། དེ་ཉིད་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་ཇི་ལྟར་རྣམ་པར་བཞག་ཅེ་ན། སྨྲས་པ་མོས་པས་སྤྱོད་པའི་ས་ལ་ནི་དང་པོ་རྣམ་པར་གཞག་གོ །དེ་ལས་གཞན་པ་ལྷག་པའི་བསམ་པ་རྣམ་པར་དག་པ་ལ་སོགས་པའི་ས་དག་ལ་ནི་གཉིས་པའོ། །དེ་བཞིན་གཤེགས་པའི་ས་ལ་ནི་དབང་པོ་གསུམ་པ་རྣམ་པར་བཞག་པར་བལྟ་བར་བྱའོ་ནས་འཆད་པའི་ཕྱི་མའི་དགོངས་པ་དེ་བཞིན་གཤེགས་པ་གཙོ་བོ་ཡིན་པ་ལ་བྱས་ནས་བྱང་སེམས་ས་བཅུ་པ་བ་ཡང་བཟུང་ན་མདོ་དང་དགོངས་པ་སྒྲིག་ནུས་སོ། །གཉིས་པ་ནི། འབྱུང་བ་བཞི་དང་འབྱུང་འགྱུར་གྱི་གཟུགས་སོགས་དབང་པོ་དང་ཐ་མི་དད་དུ་འཇུག་པ་རྣམས་སོ། །གསུམ་པ་ནི། ཡུལ་དྲུག་གོ །བཞི་པ་ནི། བདག་འཛིན་དང་དེའི་འཁོར་བདག་གི་བར་འཛིན་པ་སྟེ་འདི་གཉིས་གཅིག་ཏུ་མཛད་དོ། །དེ་གཉིས་ལ་རྒྱལ་བློན་གྱི་སྒྲས་གསུངས་པ་ནི་བདག་དང་བདག་གི་བ་ལ་དབང་སྒྱུར་བྱེད་དང་སྒྱུར་ས་རུ་རྟོག་པ་ཡོད་པ་ལ་དགོངས་སོ། །གཉིས་པ་ནི། འདོད་པ་ན་དགག་བྱ་ཀུན་ཉོན་གྱི་དབང་པོ་བཅུ་བཞི་ཡོད་ལ། གཟུགས་ལ་དེ་ལས་ཕོ་མོའི་དང་སྡུག་བསྔལ་དང་


JLD018_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་མི་བདེ་མེད་པས་བཅུ་དང༌། གཟུགས་མེད་ན་དེ་ལས་གཟུགས་ཅན་ལྔ་དང་བདེ་བ་ཡིད་བདེ་དོར་ནས་སྲོག་ཡིད་བཏང་སྙོམས་རྣམས་ཡོད་པས་དེ་དག་འགོག་གོ །དབང་རྟེན་དང་དབང་ཡུལ་ལ་འདོད་པ་ན་ཐམས་ཅད་ཡོད་ལ་གཟུགས་ན་དྲི་རོ་གཉིས་དོར་བ་དང༌། གཟུགས་མེད་ན་དབང་ཡུལ་ཆོས་གཅིག་པུ་དང༌། དབང་རྟེན་ནི་མཛོད་ལས། དེར་ནི་རིས་དང་སྲོག་ལ་ཡང༌། །སེམས་ཀྱི་རྒྱུན་ནི་བརྟེན་པ་ཡིན། །ཞེས་རིས་མཐུན་དང་སྲོག་རྣམས་འགོག་པར་འགྲེལ་ཆེན་གཉིས་དང་རྣམ་འགྲེལ་ལས་སོ། །འོན་ཀྱང་འདི་གཉིས་ལ་བརྟེན་པ་ནི་བྱེ་སྨྲའི་འདོད་པ་ཡིན་པས་མཛོད་འགྲེལ་དུ་བཀག་གོ །བདག་དང་བདག་གི་བ་ཡང་ཁམས་གསུམ་ཆར་ན་ཡོད་དོ། །ཁ་ཅིག་ཡུལ་མི་འགོག་པར་ཡུལ་ཅན་ལ་ཞེན་པ་ཙམ་འགོག་པར་འདོད་ཀྱང་བདག་དང་བདག་གི་བ་ལ་ནི་ཞེན་པ་ཡིན་ལ། ལྷག་མ་ལ་ནི་ཞེན་པ་དང་ཟག་བཅས་ཀྱི་དབང་སོགས་ཀྱི་ངོ་བོ་གཉིས་ཀ་འགོག་སྟེ་འགྲེལ་པ་རྣམས་སུ་ཡང་དབང་སོགས་འགོག་པར་གསུངས་པ་དང༌། མཐོང་ལམ་ཐོབ་པ་ན་ངན་སོང་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྤངས་པར་གསུངས་པས་སོ། །བཞི་པ་ནི། ལམ་གྱི་བདེན་པ་རྟོགས་པའི་ཡུལ་ཅན་གྱི་རྣམ་པ་ནི་བཞི་ཡིན་ནོ། །དེ་དག་གང་ན་སྦྱིན་པ་ལ་སོགས་པའི་ཁྱད་པར་འཁོར་གསུམ་དང་བྲལ་བར་རྟོགས་པས་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་ལ་སྤང་བྱར་དང་པོར་ཞེན་པ་སྦྱོར་བ་དང་རྒྱུན་དུ་ཞེན་པ་རྗེས་སུ་སྦྱོར་བའི་གནས་པ་སེར་སྣ་སོགས་སོ་སོ་ལ་སོ་སོར་བཀག་པའི་ཆོས་བཟོད་ནི། དེ་སྦྱིན་


JLD018_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕར་ཕྱིན་ལ་སྤྱོད་ཅིང་སེར་སྣའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་གནས་སོ་ཞེས་སོ། །སེར་སྣ་ནས་ཤེས་འཆལ་གྱི་གཏམ་གྱི་སྦྱོར་བ་གཉིས་བཀག་པར་བསྟན་པས་ནི་ཆོས་བཟོད་བར་ཆད་མེད་ལམ་ཡིན་པས་ཉོན་མོངས་པའི་བྲལ་རྒྱུར་བསྟན་ཏོ། །ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང་སྐྱེ་འགག་དང་ཀུན་བྱང་དུ་མ་གྲུབ་པའི་ཚུལ་གྱིས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་ཡིན་པར་མཐོང་བས་རྟོགས་པའི་ཆོས་བྱང་ཆུབ་བམ་ཕྱིར་ལྡོག་མི་ལྡོག་གི་ཆོས་ཆེན་པོ་ལྟ་ཞོག་རྡུལ་ཙམ་ཡང་མི་དམིགས་པར་རྟོགས་པའི་ཆོས་ཤེས་ནི། འདི་སྙམ་དུ་བདག་ནི་ཕྱིར་མི་ལྡོག་པའམ་ཕྱིར་མི་ལྡོག་པ་མ་ཡིན་ནོ་སྙམ་ཡང་མི་བྱེད་དེ་ཐེ་ཚོམ་ཡང་མི་སྐྱེ་ཞིང་རང་གི་ས་ལ་དོགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་དེ་ལྟར་དེས་ཕྱིར་མི་ལྡོག་པ་དང་ཕྱིར་མི་ལྡོག་པ་མ་ཡིན་པའི་ཆོས་ཆུང་ངུ་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། ཞེས་སོ། །རང་གི་ས་ལ་མངོན་ཤེས་ཀྱིས་མངོན་པར་ཡིད་ཆེས་པ་ཐོབ་པས་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་མཁྱེན་གསུམ་གྱི་བདག་ཉིད་ཀྱི་རང་གི་ས་གསུམ་ལ་ས་བརྒྱད་པ་སོགས་ངེས་པ་ཇི་ལྟ་བ་བཞིན་དུ་མཐའ་གཅིག་ཏུ་ངེས་པ་ཉིད་ཀྱིས་གནས་པའི་རྗེས་བཟོད་ནི། རང་གི་ས་ལ་དོགས་མེད་རྟག་ཏུ་རི་རབ་འདྲ། །ཞེས་སོ། །ས་གསུམ་ནི་ཡང་ན་བྲལ་བ་དང་བྲལ་བའི་ཐོབ་པ་དང་རྣམ་མཁྱེན་ཐུན་མོང་མ་ཡིན་པ་གསུམ་མོ། །ཞེས་ཏེ། དེ་དག་ནི་བར་ཆད་མེད་ལམ་རྣམ་གྲོལ་ལམ་


JLD018_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ལམ་ལ་འཆད་དོ། །ཤཱནྟི་པས་ཆོས་སྐྱེ་མེད་དང་རྫོགས་བྱང་ཐོབ་པར་བྱ་བ་དང་ཐེག་ཆེན་དེ་བཞིན་གཤེགས་པས་གསུངས་པ་ཉིད་དེ་གནས་གསུམ་ནི་ས་གསུམ་མོ་ཞེས་སོ། །མཐའ་གཅིག་ཏུ་ཐེག་ཆེན་ལ་གཞོལ་ཞིང་ཕུལ་དུ་བྱུང་བའི་སེམས་བསྐྱེད་བརྟན་པ་ཉིད་ཀྱིས་རྣམ་མཁྱེན་ལ་སོགས་པ་སྟོན་པའི་ཆོས་ཀྱི་དོན་དུ་ལུས་ཀྱི་ཕྱོགས་གཅིག་དང་མཐའ་དག་གཏོང་བའི་བདག་དང་སྲོག་གཏོང་བའི་རྗེས་ཤེས་ནི། ཆོས་ཕྱིར་སྲོག་ཀྱང་འདོར་ཞིང་རྣལ་འབྱོར་རབ་ཏུ་བརྩོན། །ཞེས་སོ། །གཉིས་པ་ནི། མཐོང་ལམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པའི་མཚན་ཉིད་དག་ཡིན་ནོ། །འདིར་ཕྱིར་མི་ལྡོག་གི་རྟགས་སུ་འགྲོ་རྒྱུ་གང་ཞེ་ན། གཟུང་འཛིན་དུ་སྣང་ཡང་དེར་མངོན་པར་མ་ཞེན་པའི་རྣམ་པ་ཅན་ཡིན་པས་དག་པ་མཉམ་གཞག་ལས་ལངས་རྗེས་ཀྱི་སེམས་ཀྱིས་བསྡུས་པས་འཇིག་རྟེན་པ་མཉམ་གཞག་རང་དང་དམིགས་རྣམ་རྗེས་སུ་མཐུན་པའི་འབྲས་བུ་གང་ཟག་གཞན་གྱི་རྟོགས་པའི་ཡུལ་དུ་གྱུར་པའི་ལུས་ངག་གི་ཐ་སྙད་བཅུ་དྲུག་པོའོ། །འོ་ན་དེ་འདྲའི་སྐད་ཅིག་བཅུ་དྲུག་ཅེས་མཉམ་གཞག་གི་ཡེ་ཤེས་ཉིད་རྟགས་སུ་བཤད་པ་དང་འགལ་ཞེ་ན། སྐྱོན་མེད་དེ། བཟོད་པ་དང་ཤེས་པས་བསྡུས་པའི་སྐད་ཅིག་མ་བཅུ་དྲུག་པོ་འདི་རྣམས་ཡང་དག་པར་རྫོགས་པར་ཐོབ་པ་ན་གཟུགས་ལ་སོགས་པའི་འདུ་ཤེས་ལྡོག་པ་དང་སོགས་པས་ཆོས་ཀྱི་དོན་དུ་སྲོག་གཏོང་བའི་བར་གྱི་རྗེས་ཐོབ་ཀྱི་ཐ་སྙད་བསྐྱེད་པའི་ཕྱིར་ན་འབྲས་བུ་ལ་རྒྱུ་མིང་གིས་བཏགས་པའོ། །བཟོད་ཤེས་བཅུ་དྲུག་ཇི་ལྟར་ཡིན་ཞེ་ན། བདེན་


JLD018_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རེ་རེ་ལ་ཡུལ་ཅན་སྐད་ཅིག་མ་བཞི་བཞིར་བཤད་པ་དེ་ལྟར་ནའོ། །འདི་ནི་རྐང་པ་ཐ་མ་གཉིས་ཀྱི་འགྲེལ་པའོ། །དེ་ལྟར་རྗེས་ཀྱི་ཀུན་སྤྱོད་བཅུ་དྲུག་ལ་མཉམ་བཞག་གི་ཡེ་ཤེས་བཅུ་དྲུག་གི་མིང་གིས་ཉེ་བར་བཏགས་ནས་རྟགས་སུ་བཤད་པའི་ཆོས་གསུམ་ལས། འདོགས་པའི་རྒྱུ་མཚན་ནི། འདྲ་འབྲེལ་གཉིས་ལས་འབྲེལ་པ་རྒྱུ་མཚན་དུ་བྱས་པ་སྟེ་མཉམ་གཞག་གི་འབྲས་བུ་ཡིན་པས་སོ། །བཏགས་པའི་དགོས་པ་ནི། རྣལ་འབྱོར་པ་འཕགས་པ་རྣམས་ཀྱི་ལུས་ངག་གི་ཐ་སྙད་ནི་རྣམ་པ་ཐམས་ཅད་དུ་མཉམ་གཞག་གི་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །དེ་གཉིས་རྗེས་སུ་མཐུན་པར་ངེས་སམ་ཞེ་ན། དཔུང་བཟང་གིས་ཞུས་པ་ལས། གང་གི་རང་བཞིན་ཆགས་སྡང་དང་བྲལ་ཡང༌། །ཆགས་སེམས་ཅན་ལ་ཆགས་པ་ལྟར་སྟོན་དང༌། །གདུགས་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་ཆགས་སྡང་ཅན་གྱི་སེམས་ཅན་འགའ་ཞིག་གདུལ་བའི་དགོས་པའི་དབང་ངམ་ཆེད་དུ་མི་མཐུན་པར་སྟོན་པ་ནི་མ་གཏོགས་པ་གཞན་ཐམས་ཅད་དུ་ངེས་སོ། །དངོས་ལ་གནོད་བྱེད་ནི། རྗེས་ཐོབ་ལ་ཡེ་ཤེས་བཅུ་དྲུག་གི་མིང་གིས་ཉེ་བར་བཏགས་ནས་རྗེས་ཐོབ་རྟགས་སུ་བཤད་པ་དེ་ལྟ་མ་ཡིན་པར་སྒྲ་ཇི་བཞིན་པའི་མཉམ་གཞག་དངོས་རྟགས་སུ་བཤད་པ་ཡིན་ན། མཐོང་ལམ་པའི་མཉམ་གཞག་ནི་ཇི་ལྟར་ན་གང་ཟག་གཞན་ངོར་མཐོང་ལམ་པ་ཕྱིར་མི་ལྡོག་ཏུ་ཡིད་


JLD018_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་པར་བྱེད་པའི་མཚན་ཉིད་དམ་རྟགས་དག་ཡིན་ཏེ་མ་ཡིན་པར་ཐལ། མཐོང་ལམ་པའི་མཉམ་གཞག་དངོས་ཡིན་པས་སོ། །ཁྱབ་པ་ཡོད་དེ། རྣལ་འབྱོར་པ་འཕགས་པའི་རྒྱུད་ཀྱི་ཤེས་བཟོད་ཀྱི་སྐད་ཅིག་མ་རྣམས་རྣལ་འབྱོར་པ་སོ་སོ་རང་གིས་རིག་གི་གཞན་གྱིས་མི་རིག་པས་སོ། །དངོས་ལ་གནོད་བྱེད་ཀྱི་དོན་བཟོད་ཤེས་བཅུ་དྲུག་རྟགས་སུ་བཤད་པ་ལྟར་སྒྲ་ཇི་བཞིན་པ་དངོས་ཡིན་ནོ་ཞེས་ནི་མི་བྱ་སྟེ། བཟོད་ཤེས་བཅུ་དྲུག་རྟགས་སུ་བཤད་པ་ལ་སྒྲ་ཇི་བཞིན་པ་ཡིན་མིན་རྩོད་པའི་སྐབས་ཡིན་པས་སོ། །འདིར་ཁ་ཅིག་རྗེས་ཐོབ་ཀྱང་རྣལ་འབྱོར་པའི་ཤེས་པ་ཡིན་པས་གཞན་གྱིས་མི་རིག་པའི་ཕྱིར་རྗེས་ཐོབ་ཀྱིས་སྐྱེད་པའི་ལུས་ངག་ལ་བྱའོ་ཞེས་འདོད་པ་ནི་མི་འཐད་དེ། སློབ་དཔོན་འདི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་པས་ཤེས་པ་མ་ཡིན་པའི་དངོས་པོ་མི་བཞེད་པའི་ཕྱིར་རྗེས་ཀྱི་ལུས་ངག་ཏུ་སྣང་བའི་རྣམ་རིག་ཉིད་ལ་བྱའོ། །རྒྱན་སྣང་དུ་ནི། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་མཐོང་ལམ་པ་ཕྱིར་མི་ལྡོག་གི་མཚན་ཉིད་ཡིན་ནོ་ཞེས་དོན་བསྡུས་ནས་དེའི་རྗེས་ལ་ཇི་ལྟར་རྣལ་འབྱོར་པའི་རྒྱུད་ལ་ཡོད་པ་སོ་སོ་རང་གིས་རིག་པའི་སྐད་ཅིག་མ་རྣམས་གཞན་དག་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན་ཞེ་ན། བརྗོད་པ་གང་གི་ཕྱིར་བཟོད་པ་དང་ཤེས་པའི་སྐད་ཅིག་མ་ཡང་དག་པར་རྟོགས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་དག་པ་འཇིག་རྟེན་པ་རྗེས་ཀྱི་སེམས་ཀྱིས་བསྡུས་པ་གཟུགས་ལ་སོགས་པའི་འདུ་ཤེས་ལྡོག་པ་ལ་སོགས་པ་གཞན་གྱིས་རྟོགས་


JLD018_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་རང་དང་རྗེས་སུ་མཐུན་པའི་འབྲས་བུ་སྐྱེད་པ་ཡིན་ཏེ། རྣལ་འབྱོར་པ་རྣམས་ཀྱི་ཐ་སྙད་ནི་སེམས་ཅན་འདུལ་བའི་དགོས་པའི་དབང་མ་གཏོགས་པ་ཐམས་ཅད་དུ་རྗེས་སུ་མཐུན་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་བས་ན་མཚན་ཉིད་འདི་དག་ཡིན་པར་འགྱུར་རོ། །ཞེས་སོ། །འདིར་རྟོགས་དཀར་བཟོད་ཤེས་བཅུ་དྲུག་དག་པ་འཇིག་རྟེན་པར་བཤད་པ་དང་ཐམས་ཅད་དུ་རྟོགས་པ་དང་མཐུན་པ་ལ་ཉན་ཐོས་ལ་སོགས་པ་ཡང་དེར་འཆད་པ་དང༌། ཚིག་གསལ་ལས་བཏགས་པའི་དགོས་པའི་གཞུང་རང་དང་མཐུན་པའི་འབྲས་བུ་ལ་རྩོད་པའི་ལན་དུ་བྱེད་པ་རྣམས་འཁྲུལ་པའོ། །གསུམ་པ་ཡོད་ཆོས་ཀྱི་རྟགས་ཀྱི་ངོ་བོ་རྒྱས་བཤད་ལས་གཉིས་པ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཀྱི་མཚམས་སྦྱར་ཞིང་། དང་པོར་ཞར་བྱུང་སྟེ་སྒོམ་ལམ་གྱི་ཁྱད་ཆོས་དང་རབ་དབྱེའི་རྩོད་ལན་བཞི་སོགས།གསུམ་པ་ལ་གཉིས། མཚམས་སྦྱར་བ་དང༌། དོན་བཤད་པའོ། །དང་པོ་ནི། མདོར་བསྟན་དང་བསྟུན་ན་མཐོང་ལམ་པའི་རྟགས་དེའི་འོག་ཏུ་སྒོམ་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པས་དེ་འཆད་དོ། །གཉིས་པ་ལ་གཉིས། ཞར་བྱུང་དང༌། དཀྱུས་མའི་དོན་ནོ། །དང་པོ་ལ་གསུམ། སྒོམ་ལམ་གྱི་ཁྱད་པར། ཁྱད་གཞི་སྒོམ་ལམ། དེའི་རབ་དབྱེའོ། །དང་པོ་ལ་གསུམ་ལས། དང་པོ་ནི། ཕྱིར་མི་ལྡོག་གི་རྟགས་ཉིད་འཆད་དམ་ཞེ་ན། སྒོམ་ལམ་གྱི་ཁྱད་པར་གསུངས་སོ། །དེ་མི་རིགས་ཏེ། རྟགས་ཉིད་འཆད་པ་མདོར་བསྟན་དང་མཐུན་པས་ཤེ་ན། མདོར་བསྟན་དང་བསྟུན་ན་དེ་ལྟར་ཡིན་པ་ལས་ཏེ་ཡིན་ཀྱང་རེ་ཞིག་ཁྱད་པར་འཆད་པའི་རྒྱུ་མཚན་ནི་ཆོས་ཀྱི་གྲགས་པའི་ལུགས་རྣམ་འགྲེལ་ལས། ཁྱད་པར་དང་ནི་ཁྱད་པར་གཞི། །འབྲེལ་དང་འཇིག་རྟེན་གཞུང་ལུགས་


JLD018_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བཟུང་ནས་དེ་དག་བསྡོམས་བྱས་ཏེ། །དེ་ལྟར་རྟོགས་ཀྱི་གཞན་དུ་མིན། །དཔེར་དབྱུག་ཅན་བཞིན་ཞེས་ཁྱད་པར་དུ་བྱེད་ཆོས་དབྱུག་པ་བློས་མ་བཟུང་བར་ཁྱད་པར་ཅན་དབྱུག་པ་ཅན་འཛིན་པའི་བློ་མི་སྐྱེའོ་ཞེས་འབྱུང་བའི་ཕྱིར་ཁྱད་པར་ཅན་ངེས་པ་ཁྱད་པར་ངེས་པ་ལ་ལྟོས་པས་སོ། །གཉིས་པ་ནི། རྐང་པ་དང་པོས་ཟབ་པ་སྒོམ་ལམ་གྱི་ཁྱད་པར་དང༌། གཉིས་པས་ཟབ་པ་རང་གི་ངོ་བོ་དང༌། གསུམ་པ་དང་བཞི་པས་ཟབ་པའི་རྒྱུ་མཚན་བསྟན་ཏེ། བྱང་ཆེན་ཕྱིན་དྲུག་ལ་སྤྱོད་པའི་ཚེ་གང་ལ་གནས་ཤིང་དྲན་ཉེ་བཞི་ཡོངས་སུ་རྫོགས་པར་བགྱིད་པ་དང་ནས་རྣམ་མཁྱེན་གྱི་བར་དུ་ཡོངས་སུ་རྫོགས་པར་བགྱིད་པའི་གནས་ཟབ་མོ་ཟབ་མོ་རྣམས་ལེགས་པར་བསྟན་དུ་གསོལ། ཞེས་པ་དང༌། ཟབ་མོ་ཞེས་བྱ་བ་འདི་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དྭགས་སོ། །ཞེས་སོགས་དང༌། གཟུགས་ཀྱི་དེ་བཞིན་ཉིད་དེ་ལ་གཟུགས་ཀྱང་མེད་གཟུགས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ་གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །ཞེས་སོ། །དེ་ལ་དྲན་ཉེ་ནས་རྣམ་མཁྱེན་གྱི་བར་རྫོགས་པར་བགྱིད་པར་གསུངས་པ་ནི་སྒོམ་ལམ་རྟོགས་པ་མ་ལུས་པ་རྫོགས་པའི་རྒྱུ་ཉིད་དང་གནས་ཀྱིས་ནི་དེ་རྒྱུན་ལྡན་དང་ཟབ་མོ་ལན་གཉིས་ཀྱིས་ནི་སྒོམ་པ་ཡང་ནས་ཡང་དུ་གོམས་པར་བྱེད་པར་བསྟན་ཏོ། །མཐོང་ལམ་ནི་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་ཡིན་ལ་སྒོམ་ལམ་ནི་གཙོ་བོར་ཤེས་སྒྲིབ་ཀྱི་གཉེན་པོར་ཟབ་མོའི་རང་བཞིན་དུ་གྱུར་པ་སྟེ་འདི་ཆེས་གོམས་པས་ས་བརྒྱད་པའི་ཚེ་ཞི་བ་ལས་སློང་བར་མཛད་དོ་ཞེས་འཆད་དོ། །གསུམ་པ་ལ་གསུམ་ལས། ཟབ་


JLD018_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒོམ་ལམ་གྱི་ཁྱད་པར་དུ་བསྟན་པ་ནི། ཐེག་ཆེན་སྒོམ་ལམ་ཟབ་པ་ཡིན་ཏེ། སྟོང་ཉིད་ལ་སོགས་པའི་ཟབ་མོ་མངོན་སུམ་དུ་རྟོགས་པ་ཉིད་དང་ལྡན་པའི་ཕྱིར་རོ། །ཟབ་པའི་ངོ་བོ་ནི། ཟབ་པ་དེ་དག་གང་ན་སྟོང་པ་ཉིད་དང་སོགས་པས་མཚན་མེད་སྨོན་མེད་མངོན་པར་འདུ་བྱ་བ་མེད་སྐྱེ་མེད་འགག་མེད་ཆགས་བྲལ་འགོག་པ་ཞི་བ་དེ་བཞིན་ཉིད་དང་ཡང་དག་མཐའོ། །ཟབ་པའི་རྒྱུ་མཚན་ནི། སྟོང་ཉིད་སོགས་བཅུ་གཅིག་པོ་གང་ཡིན་པ་དེ་ནི་ཟབ་མོ་ཡིན་ཏེ། སྒྲོ་འདོགས་པ་དང་སྐུར་འདེབས་ཀྱི་མཐའ་ལས་གྲོལ་བ་ཉིད་ཀྱིས་སོ། །རྟགས་གྲུབ་སྟེ། སྟོང་ཉིད་སོགས་ལ་ཡང་དོན་དམ་པར་གཟུགས་མེད་ལ་སྟོང་ཉིད་སོགས་གཟུགས་ལས་གཞན་པ་ཡང་མ་ཡིན་པ་སྟེ། དོན་དམ་པར་མེད་པ་དེ་ཐ་སྙད་དུ་གཟུགས་ཀྱི་རང་བཞིན་ཡིན་པས་སོ། །དེ་ཉིད་ནི་རིགས་ཏེ། མེད་པ་དང་མ་ཡིན་པ་ལ་དེ་ལས་བཟློག་པ་སྒྲོ་འདོགས་དང་ཡོད་པ་དང་ཡིན་པ་ལ་དེ་ལས་བཟློག་བ་སྐུར་འདེབས་ཡིན་པས་སོ། །ཡང་གཉིས་ནི་ཕན་ཚུན་བསྡུ་བའོ། །གཟུགས་ནི་མཚོན་པ་ཙམ་ཡིན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། སྔར་གྱི་དེ་ལྟར་སྒོམ་ལམ་གྱི་ཁྱད་པར་བྱེད་ཆོས་བསྟན་ནས་ཁྱད་པར་གྱི་གཞི་སྒོམ་ལམ་རང་གི་ངོ་བོ་གསུངས་སོ། །གཉིས་པ་ནི། སྒོམ་པའི་ལམ་ཡིན་ནོ། །གང་ན་ཐོས་པའི་དོན་ལ་དཔྱོད་པའི་རིགས་པ་བཞིས་ཡང་དང་ཡང་དུ་སེམས་པ་དང༌། བསམ་པའི་དོན་ལ་མཉམ་པར་འཇོག་པའི་ཞི་གནས་དགུས་ཡང་ཡང་འཇལ་བ་དང༌། དོན་དགུ་པོ་དེ་འབྱེད་པ་དང་རབ་ཏུ་རྣམ་


JLD018_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱེད་པ་དང༌། ཡོངས་སུ་རྟོག་པ་དང༌། ཡོངས་སུ་དཔྱོད་པའི་ལྷག་མཐོང་བཞིས་ཡང་ཡང་ངེས་པར་རྟོག་པ་ནིའོ། །སྒོམ་ལམ་གྱི་དམིགས་པ་གང་ན་ངེས་ནས་ལའི་བར་ཏེ་དེ་དག་དང་དེ་དག་གི་རྟེན་སྟོང་ཉིད་སོགས་སོ། །འོ་ན་སྒོམ་ལམ་དེའི་ཡུལ་ཇི་ལྟར་ཡིན་ཞེ་ན། སྒོམ་ལམ་དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར་ན་སྔ་མ་རྣམས་ཕྱི་མས་ཡུལ་དུ་བྱེད་པས་མི་འགལ་ཞེས་འོག་གི་དེ་ནི་རྒྱུན་ཆགས་ཞེས་པ་འདིར་བླངས་ནས་འཆད་དོ། །གསུམ་པ་ནི། སྒོམ་པའི་ལམ་རྒྱུན་ཆགས་པ་ཡིན་ནོ། །གང་ན་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་སེམས་པ་དང༌། དེ་བཞིན་དུ་གཞན་གཉིས་ལ་ཡང་སྦྱར་པ་ནིའོ། །དག་གམ་ཞེས་པ་གདམ་ང་ཅན་ཡིན་པས་ཡང་ན་ཏིང་ངེ་འཛིན་གྱི་སྦྱོར་བ་ལས་བྱུང་བའི་དེའི་དུས་ཀྱི་ཤེས་རབ་ཀྱིས་ཡང་དང་ཡང་དུ་སེམས་པ་དང༌། དེ་བཞིན་དུ་གཞན་གཉིས་ལ་ཡང་སྦྱར་བ་ནིའོ། །ཡུལ་གང་ལ་སེམས་སོགས་བྱེད་ཅེ་ན། ངེས་ལག་དང་སོགས་པས་མཐོང་ལམ་དང་སྒོམ་ལམ་གསུམ་གྱིས་ངེས་པར་མཐོང་བའི་དོན་ལ་སྟེ། མདོར་ན་དེ་གསུམ་དུ་སྔར་དམིགས་རྣམ་ཇི་ལྟར་མྱོང་བ་ཉིད་འདིར་ཡང་འདྲིས་པར་བྱེད་པའོ། །སྒོམ་ལམ་སྒོམ་ལམ་གྱི་ཡང་ཡུལ་དུ་རུང་པ་ནི་སྐད་ཅིག་སྔ་ཕྱི་ཡོད་པས་སོ། །དེས་ན་ཡང་དང་ཡང་ཞེས་པ་རྒྱུན་ལྡན་དུ་བསྟན་ལ་སེམས་འཇལ་ངེས་རྟོག་གིས་སྒོམ་ལམ་གྱི་ངོ་བོ་བསྟན་ཏེ། བྱང་ཆེན་ཡུམ་ལས་ཇི་ལྟར་གསུངས་པ་བཞིན་བདག་གིས་འདི་ལྟར་གནས་པར་བྱའོ། །ཡུམ་ལས་


JLD018_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཉེ་བར་གནས་པ་བཞིན་བདག་གིས་འདི་ལྟར་བསླབ་པར་བྱའོ། །ཡུམ་ལས་ཇི་ལྟར་བཤད་པ་བཞིན་བདག་གིས་འདི་ལྟར་བསླབ་པར་བྱའོ། །ཡུམ་ལས་ཇི་ལྟར་བཤད་པ་བཞིན་བདག་གིས་འདི་ལྟར་བསྒྲུབ་པར་བྱའོ་སྙམ་པས་ཡུམ་དང་ལྡན་པའི་གནས་ཟབ་མོ་ཟབ་མོ་འདི་དག་ལ་སེམས་པར་འགྱུར་འཇལ་བར་འགྱུར་ངེས་པར་རྟོག་པར་འགྱུར་ན་ཞེས་ཏེ་བྱའོ་ཞེས་པའི་ཚིག་གསུམ་གྱིས་ནི་ཡུལ་གསུམ་བསྟན་ཏོ། །གསུམ་པ་ལ་གཉིས། དབྱེ་བ་དངོས་དང༌། ཕྱེ་བ་ལ་རྩོད་སྤང་ངོ༌། །དང་པོ་ལ་གསུམ་ལས། དང་པོ་ནི། ཁྱད་གཞི་དེ་ལ་གྲངས་ཀྱི་རྣམ་པ་དུ་ཞིག་ཡོད་ཅེ་ན། གཉིས་པ་ནི། སྒོམ་ལམ་དེ་ནི་དབྱེ་བཞིའོ། །རྣམ་པ་དགུར་བཞེད་དོ་ཞེས་པ་ནི་དབྱེ་ངོའོ། །རྩ་བའི་དབྱེ་བ་ཆུང་འབྲིང་ཆེན་པོ་རྣམས་རེ་རེ་ཞིང་ཆུང་ངུའི་ཆུང་སོགས་སུ་དབྱེ་བ་ཡིས་གྲངས་ཀྱི་རྣམ་པ་ཐ་དད་པ་དགུར་ཡོད་པས་ཞེས་པ་ནི་འབྱེད་པའི་རྒྱུ་མཚན་ནོ། །དེ་ལྟར་དགུར་དབྱེར་ཡོད་པ་ཡང་བསྐལ་པ་གྲངས་མེད་གཉིས་སུ་རྒྱུན་ཆགས་པ་ཡིན་པའི་ཕྱིར་རོ། །ཤཱནྟིས་རྩ་བའི་ཡང་སྒྲས་སྤང་བྱ་དགུ་སྡུད་པར་བཤད་པས་རྒྱ་དཔེ་ལ་དེ་ཡོད་པར་སྣང་ངོ༌། ཉི་སྣང་གིས་སྤང་བྱ་ལ་ཡང་གཞུང་དེ་འདོན་པ་སྤོའོ། །འདིར་སྤང་བྱ་དང་གཉེན་པོ་དགུའི་མདོ་སྦྱར་ནས་སྤང་བྱ་དགུ་པ་གཉེན་པོ་ཐ་མའི་ཤུགས་ལ་བསྟན་པར་བཞེད་དོ། །གསུམ་པ་ནི། སྒོམ་པའི་ལམ་ཡིན་པར་ཤེས་པར་བྱའོ། །གང་ན། སྔར་བཤད་པའི་སྒོམ་ལམ་རྣམ་པ་དགུ་པོའོ། །རྒྱུ་མཚན་ནི། རྟེན་འདོད་པ་དང་སོགས་པས་སྲིད་རྩེའི་བར་གྱིས་དགུ་དག་ཏུ་སྒོམ་སྤང་གི་གཉེན་པོར་


JLD018_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་གཉིས་སུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་རོ། །འོ་ན་སྲིད་རྩེ་དང་འདོད་པ་མི་གསལ་བ་དང་གཡེང་བ་ཆེ་བས་ཐེག་ཆེན་སྒོམ་ལམ་གྱི་རྟེན་དུ་མི་རུང་ཞེ་ན། བྱང་སེམས་རྣམས་སྐྱོན་ཡང་ཡོན་ཏན་དུ་འདྲེན་པའི་ཐབས་མཁས་པ་ཆེན་པོའི་སྟོབས་ཀྱིས་བསྟེན་པས་ཉེས་པ་མེད་དོ། །དགུར་ཇི་ལྟར་ཕྱེ་ན། སྒོམ་སྤང་རྣམ་པར་རྟོག་པའི་གཉེན་པོའི་དབྱེ་བ་ལས་སྤང་བྱ་དགུའི་གཉེན་པོར་གྲངས་བཞིན་དུ་སྒོམ་ལམ་དགུར་ཕྱེ་བའོ། །གྲངས་བཞིན་དུ་ཞེས་པ་སྒོམ་ལམ་དགུ་དང་ས་དགུ་རིམ་པ་བཞིན་སྦྱོར་བ་ནི་མི་འཐད་དེ། ས་གཉིས་པ་དང་བཅུ་པ་ལ་རིམ་པ་ལྟར་འདོད་པ་དང་སྲིད་རྩེར་ངེས་པ་མེད་པས་སོ། །ཤེར་སྒྲོན་དུ་ས་དགུ་སྤང་བྱའི་རྟེན་དུ་འཆད་ཀྱང་རྒྱན་སྣང་དང་འདི་གཉིས་ཀྱི་དོན་མ་ཡིན་ནོ། །གང་གི་སྒོ་ནས་རྣམ་རྟོག་གི་གཉེན་པོ་བྱེད་ན། ཆོས་རྣམས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྣམ་པར་རྟོག་པའི་སྒོ་ནས་སོ། །ཡང་ན་དེ་དག་དོན་དམ་པ་སྟོང་ཉིད་ཡིན་པས་དབྱེ་བ་མི་རུང་ཞེ་ན། དོན་དམ་པར་སྟོང་ཉིད་ཀྱི་མཚན་ཉིད་ཀྱི་སྒོ་ནས་ཏེ་དེ་ཡིན་ཀྱང་ཐ་སྙད་དུ་སྤང་གཉེན་གྱི་བྱེད་པ་ཡོད་པས་དེའི་ངོར་འབྱེད་དོ་ཞེས་སྦྱར་རོ། །སྤང་བྱ་དགུའི་གཉེན་པོར་གྲངས་བཞིན་དུ་ཕྱེ་ཚུལ་ནི། སྒོམ་སྤང་རྣམ་པར་རྟོག་པའི་རྩ་བའི་དབྱེ་བ་ཆེ་འབྲིང་ཆུང་ངུ་རྣམས་རེ་རེ་ཞིང་ཆེ་འབྲིང་ཆུང་ངུའི་བྱེ་བྲག་གིས་ཐ་དད་པ་དགུ་ཡོད་པའི་ཕྱིར་སྤང་བྱ་དེ་དག་གི་གཉེན་པོ་སྒོམ་ལམ་ཆུང་འབྲིང་ཆེན་པོ་རྣམས་


JLD018_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རེ་རེ་ཞིང་ཆུང་འབྲིང་ཆེན་པོའི་བྱེ་བྲག་གིས་ཐ་དད་པ་དགུ་ཡོད་པའི་ཕྱིར་ཏེ་དེ་ལྟར་ནའོ། །འདི་ལ་གཉིས་ལས། སྤང་གཉེན་གྱི་རིམ་པ་ལ་རྩོད་སྤང་ནི། གཉེན་པོ་ཆུང་རིམ་ནས་སྐྱེས་པས་སྤང་བྱ་ཆེ་རིམ་ནས་འགོག་པ་མི་འཐད་དེ། སྤང་བྱ་ཆུང་ངུ་ལ་གཉེན་པོ་ཆེན་པོ་མི་དགོས་ལ་ཆེན་པོ་ལ་ཆུང་ངུ་མི་ནུས་པའི་ཕྱིར་ཏེ། དཔེར་ན་རྡེའུ་ནི་འཛུབ་མོ་རེས་ཀྱང་འདོར་ནུས་ལ་རི་ལ་ནི་དེ་ལྟ་མིན་པ་བཞིན་ཞེ་ན། སྤང་དཀའ་སླ་ལ་ཆེ་ཆུང་དུ་འཇོག་ན་དེ་ལྟ་ཡིན་ཀྱང་འདིར་ནི་དྲི་མ་ཕྲ་རགས་ལ་ཆུང་བ་དང་ཆེ་བར་འཇོག་ལ་དེ་ལ་ནི་རིམ་པ་དེ་མི་འཐད་པ་མེད་དེ། ཁྲུས་མཁན་གྱིས་གོས་ཀྱི་དྲི་མ་རགས་པ་སྔོན་ལ་བསལ་ནས་ཕྲ་བ་རྗེས་སུ་བསལ་བ་དང༌། མུན་པ་ཤིན་ཏུ་ཆེན་པོའི་རགས་པ་ནི་སྣང་བ་ཆུང་དུ་སྒྲོན་འོད་ཀྱིས་ཀྱང་སེལ་ལ། མུན་པ་ཆུང་དུ་ཕྲ་བ་འགའ་ཞིག་ནི་སྣང་བ་ཆེན་པོ་ཉི་འོད་ལྟ་བུས་སེལ་དགོས་པར་ཚད་མས་གྲུབ་པའི་དཔེས་རྩོད་པ་དེ་སྤངས་སོ། །དེ་ཡང་དཀར་ཕྱོགས་སྟོབས་དང་ལྡན་ན་ནག་ཕྱོགས་ཉམས་ཆུང་བས་ཡིན་ནོ། །སྤང་བྱའི་ངོ་བོ་ལ་རྩོད་སྤང་ནི། སྒོམ་སྤང་ལ་ཉོན་སྒྲིབ་ཀྱང་ཡོད་ན་ཅིའི་ཕྱིར་རྟོག་པའི་གཉེན་པོར་འབྱེད་ཀྱི་ཉོན་སྒྲིབ་ཀྱི་མིན་ཞེ་ན། འདི་ནི་བརྒལ་ཞིང་བརྟག་པ་མཚུངས་པའམ་ཡང་ན་བྱང་སེམས་ཀྱི་སྤང་བྱ་ཉོན་མོངས་ནི་རྣམ་པར་རྟོག་པའོ་ཞེས་རྒྱན་འགྲེལ་ལས་འབྱུང་བའི་ཕྱིར་རྟོག་པར་འདུས་སོ། །དེ་ཡང་སྒྲིབ་གཉིས་


JLD018_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་གཅིག་ཏུ་སྟོན་པ་ནི་མ་ཡིན་གྱི། ཤེས་སྒྲིབ་རྣམ་རྟོག་ཙམ་ཡིན་པས་དེ་སྤང་པའི་ཞོར་ལ་ཅིག་ཤོས་ཀྱང་སྤོང་བ་ལ་དགོངས་སོ། །གཉིས་པ་ལ་གཉིས། གཉེན་པོའི་གྲངས་ངེས་དང༌། བྱེད་པ་ལ་རྩོད་སྤང་ངོ༌། །དང་པོ་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་པོ་ནི། སྒོམ་ལམ་གྱི་བྱེ་བྲག་དབྱེ་བ་ནི་གྲངས་རྣམ་པ་དགུ་ལས་མང་བ་མ་ཡིན་ནམ་སྟེ་ཡིན་པར་ཐལ། རྒྱལ་བའི་ཡུམ་གསུམ་པོ་དེ་དང་དེ་ལས་སྒོམ་ལམ་གྱི་རྣམ་པ་རེ་རེའི་དབང་དུ་མཛད་དེ་བསོད་ནམས་གྲངས་མེད་གཞལ་མེད་ཚད་མེད་གསུམ་སྐྱེ་བར་གསུངས་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། འབྲས་བུའི་མང་ཉུང་རྒྱུའི་རྗེས་སུ་བྱེད་པས་སོ། །རྟགས་གྲུབ་སྟེ། ཇི་ལྟ་ཇི་ལྟར་བྱང་ཆེན་ཡུམ་དང་མ་བྲལ་བ་དེ་ལྟ་དེ་ལྟར་གྲངས་མེད་གཞལ་མེད་ཚད་མེད་པའི་བསོད་ནམས་འཕེལ་བར་འགྱུར་རོ། ཞེས་སྒོམ་ལམ་དགུའི་ཡུལ་དང་མ་བྲལ་བ་ལ་དེ་ལྟར་སྐྱེ་བར་གསུངས་པས་སོ། །འདོད་ན། རྣམ་པ་དགུར་བཞེད་དོ་ཞེས་ཇི་ལྟར་ན་གྲངས་རྣམ་པ་དགུ་ཞེས་བྱ་སྟེ་དེར་མ་ངེས་ཤེ་ན། གཉིས་པ་ལ་གཉིས་ལས། དང་པོ་ནི། རྐང་པ་དང་པོ་གཉིས་ཉི་སྣང་དུ་རྩོད་པ་དང་ཕྱི་མ་གཉིས་ལན་དུ་མཛད་པའི་རྗེས་སུ་འབྲངས་ནས་ལེ་བརྒྱད་མ་རྣམ་འགྲེལ་ཤེར་སྒྲོན་ཤནྟི་ཟླ་འོད་རྣམས་སུ་ཡང་དེ་ལྟར་རོ། །འགྲེལ་པ་གཉིས་དང་དེའི་རྗེས་འབྲངས་རྣམས་དང་རད་ཀིར་གྱིས་རྩོད་པ་ཁོང་ནས་བཏོན་ཏེ་བཞི་ཀ་ལན་དུ་མཛད་དོ། །དེ་ལ་སྒོམ་ལམ་ཐ་མར་གྲངས་མེད་སོགས་


JLD018_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྐྱེ་བར་གསུངས་པ་ལ་དེ་གསུམ་གྱི་མཚན་ཉིད་མི་འདྲ་བ་ཞུས་པའི་ལན་དུ་ཕྱིན་ཅི་ལོག་གི་སྒྲོ་བཏགས་འགོག་པའི་སྒོ་ནས་མི་འདྲ་བ་གསུངས་པ་ནི། རབ་འབྱོར་གྲངས་མེད་པ་ཞེས་བྱ་བ་ནི་གང་འདུས་བྱས་ཀྱི་ཁམས་སམ་འདུས་མ་བྱས་ཀྱི་ཁམས་སུ་བགྲང་བར་ཉེ་བར་མི་འགྲོ་བའོ། །གཞལ་དུ་མེད་པ་ཞེས་བྱ་བ་ནི་དུས་གསུམ་ལ་ཚད་མི་དམིགས་པའོ། །ཚད་མེད་པ་ཞེས་བྱ་བ་ནི་གང་ཟག་གི་རྣམ་པ་གཞན་གང་གིས་ཀྱང་ཚད་བཟུང་བར་མི་ནུས་པའོ། །ཞེས་གསུངས་པ་དང༌། གཟུགས་སོགས་ཐམས་ཅད་ཀྱང་དེ་ལྟར་ཡིན་པའི་རྣམ་གྲངས་ཡོད་དམ་ཞེས་ཞུས་པའི་ལན་དུ་ཡོད་པར་ཞལ་གྱིས་བཞེས་པ་དང༌། གང་གིས་དེ་ལྟར་འགྱུར་བའི་རྣམ་གྲངས་དེ་ཞུས་པའི་ལན་དུ་སྟོང་ཉིད་ཀྱིས་དེ་ལྟར་ཡིན་པར་གསུངས་པ་ལ། སྟོང་པ་ཉིད་གང་ལགས་པ་དེ་ནི་མི་བས་ཏེ་གྲངས་མ་མཆིས་པ་ཡང་དེ་ལགས། ཚད་མ་མཆིས་པ་ཡང་དེ་ལགས་ཏེ། བཅོམ་ལྡན་འདས་སྟོང་པ་ཉིད་ལ་ཟད་པ་མི་དམིགས། གྲངས་ཀྱང་མི་དམིགས། གཞལ་བ་ཡང་མི་དམིགས། ཚད་ཀྱང་མི་དམིགས་ཏེ། བཅོམ་ལྡན་འདས་དེ་བས་ན་ཆོས་དེ་དག་ལ་དོན་ནམ་ཡི་གེས་ཐ་དད་དུ་བགྱི་བ་མི་དམིགས་སོ། །ཞེས་སྟོང་ཉིད་ལ་དབྱེ་བ་མེད་པས་དེ་ལ་དོན་དམ་པར་གྲངས་མེད་སོགས་ཀྱིས་ཁྱད་པར་མེད་པས། དོན་དང་ཡི་གེའི་སྒོ་ནས་ཐ་དད་དུ་བརྟག་པར་མི་ནུས་པར་བརྩད་པ་དེ་བསྡུས་


JLD018_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། གྲངས་མེད་ནས་བཟོད་མ་ཡིན་གྱི་བར་ཏེ། སྟོང་ཉིད་ཡིན་པའི་རྒྱུན་མཚན་གྱིས་གྲངས་མེད་སོགས་སུ་བརྗོད་ན་རྣམ་པ་གསུམ་དུ་བརྗོད་པ་འགལ་སྙམ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཆོས་དེ་དག་ལ་དོན་ནམ་ཡི་གེས་ཐ་དད་དུ་བྱ་བ་མི་དམིགས་སོ། །རབ་འབྱོར་འོན་ཀྱང་བརྗོད་དུ་མེད་པའི་དོན་ལ་དེ་བཞིན་གཤེགས་པས་མི་ཟད་པ་ཞེས་བྱ་བའམ་གྲངས་མེད་པ་ཞེས་བྱ་བའམ། གཞལ་དུ་མེད་པ་ཞེས་བྱ་བའམ་ཚད་མེད་པ་ཞེས་བྱ་བའམ་སྟོང་པ་ཞེས་བྱ་བ་ནས་མྱ་ངན་ལས་འདས་པ་ཞེས་མངོན་པར་བརྗོད་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་གྱིས་བསྟན་པ་ཡིན་ནོ། །ཞེས་བྱ་བ་ནི་རྩོད་པ་ཁས་བླངས་པ་སྔོན་དུ་འགྲོ་བའི་ལན་གདབ་པ་སྟེ། དོན་དམ་པར་སྒྲུབ་པའི་སྒོ་ནས་དོན་གསུམ་མེད་ཀྱང་ཀུན་རྫོབ་ཏུ་མངོན་པར་ཞེན་པའི་འཛིན་པ་གཅོད་པའི་སྒོ་ནས་ཚིག་གསུམ་བརྗོད་ཀྱི་སྟོང་ཉིད་ལ་ནི་བརྗོད་པར་བྱ་བའི་ངོ་བོ་ཡང་མེད་ན་སྒྲུབ་པའི་སྒོ་ནས་དོན་གསུམ་ཐ་དད་པ་ལྟ་ག་ལ་ཡོད་ཅེས་པ་བསྡུས་པ་ནི་ཀུན་རྫོབ་ནས་བཞེད་ཀྱི་བར་ཏེ། སྒྲོ་བཏགས་སེལ་བའི་དགོས་པ་ལ་ལྟོས་ཏེ་གསུམ་དུ་གསུངས་ཤིང་དེ་བཞིན་དུ་སྟོང་ཉིད་ལ་ཞེན་པ་འགོག་པའི་ཚིག་སྟོང་ཉིད་མཚན་མེད་ཅེས་སོགས་གཞན་ཡང་གསུངས་ཞེས་པའོ། །དེ་ནི་ཆོས་ཀྱི་རྒྱལ་པོ་རྔོག་ཆེན་པོའི་བཞེད་པ་སྟེ་མདོ་དང་ཉི་སྣང་གི་བཞེད་པའོ། །བསྟན་པ་ཞེས་པ་ནི་སྟོན་


JLD018_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་པོ་སྙིང་རྗེའོ། །དེའི་རྒྱུ་མཐུན་ནི་མི་ཟད་པ་དང་གྲངས་མེད་སོགས་བཤད་པའི་གསུང་རབ་སྟེ་དེའི་འབྲས་བུ་ཡིན་པས་སོ། །དེས་ན་བསྟན་པའི་རྒྱུ་མཐུན་ཞེས་སྦྱར་ཏེ་དོན་དམ་པར་བརྗོད་དུ་མེད་ཀྱང་རྣམ་བཅད་ཐ་དད་ལ་ལྟོས་ནས་ཀུན་རྫོབ་ཏུ་བརྗོད་པའི་ཞེས་ཤཱནྟི་བཞེད་དོ། །གཉིས་པ་ནི། སློབ་དཔོན་གྱིས་བརྩད་ས་དང་རྩོད་པའི་ངོ་བོ་རྣམས་མདོའི་ཚིག་ཇི་བཞིན་ལ་འབྲེལ་བསྒྲིགས་པ་ནི་ལེ་བརྒྱད་མར་བཀོད་ལ་འདིར་རྐང་པ་བཞི་ཀ་ལན་དུ་མཛད་པ་ནི་བསྟན་བཅོས་ལས་སྒོམ་ལམ་དགུར་གྲངས་ངེས་པར་མཛད་ཅིང་མདོ་ལས་དེ་དག་རེ་རེ་ལ་ཡང་བསོད་ནམས་གསུམ་གསུམ་སྐྱེ་བར་གསུངས་པ་ན། འབྲས་བུའི་གྲངས་བཞིན་དུ་རྒྱུ་ཡང་འགྱུར་དགོས་པས་དེ་གཉིས་འགལ་སྙམ་པའི་དོགས་པ་སྐྱེ་ལ། དོགས་པ་དེ་ལ་འདི་བཞི་ཀ་ལན་དུ་འགྲོ་བ་ལ་དགོངས་ནས་བསྟན་བཅོས་ལ་ཡང་དོགས་པ་བཅད་དོ། །འདིར་བདེན་གཉིས་སུ་བཤད་པ་དེ་སྤྲོས་པ་བྲལ་མ་བྲལ་དབུ་མ་པ་ལ་གྲགས་པའམ། རྟོག་གེ་ལ་གྲགས་པའི་རྫས་རང་མཚན་དང་ལྡོག་པའི་སྤྱི་མཚན་ལ་བྱེད་ཅེ་ན། བྱང་ཡེས་ལུགས་གཉིས་ཀ་མཛད་ཅིང་དེ་ཡང་བདག་ཉིད་ཆེན་པོ་དང་ཁྱུང་གི་བཞེད་པ་ཕྱི་མ་དང་འབྲེའི་བཞེད་པ་སྔ་མར་གྲགས་ཤིང་དཔལ་ལྡན་ཆ་པ་རིགས་རལ་ཡང་ཕྱི་མ་བཞེད་དོ། །ཚིག་གསལ་ལས་ཀྱང་དངོས་པོ་གཅིག་ཀྱང་རིགས་མཐུན་རིགས་མི་མཐུན་དུ་མ་ལས་ལོག་


JLD018_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྡོག་པ་དུ་མ་རྣམས་ལ་རྣམ་པར་དབྱེ་བའི་མཚན་ཉིད་དུ་བྱས་ནས་མཚན་ཉིད་དེ་མཚན་ཉིད་རྣལ་མའི་གོ་མི་ཆོད་པ་སློབ་དཔོན་ཡང་བཞེད་པའི་ཤེས་བྱེད་ལ་རྐང་པ་དང་པོ་གཉིས་ཀྱི་འགྲེལ་པ་འདི་དྲངས་པས་ལུགས་ཕྱི་མ་བཞེད་པར་གསལ་ལོ། །འགྲེལ་བ་གཉིས་ལྟར་ན་དེ་ཉིད་གཞུང་གི་དོན་ཡིན་ཏེ། རྒྱན་སྣང་དུ་ལྡོག་པ་ལ་ལྟོས་ནས་ཉེ་བར་སྐྱེད་པ་སྣ་ཚོགས་ཀྱི་རང་བཞིན་གྱི་དོན་གཅིག་ལ་རབ་ཏུ་སྦྱར་བ་ཡིན་པ་དེ་བས་ན་དོན་དམ་པར་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་སྒོམ་པའི་ལམ་ཐ་དད་དུ་བྱ་བར་བཟོད་པ་མ་ཡིན་ནོ། །ཞེས་སོ། །སྒོམ་ལམ་གྱིས་སྐྱེད་པའི་བསོད་ནམས་སྣ་ཚོགས་པ་དེ་རྫས་གཅིག་ཉིད་ལྡོག་པ་ལ་ལྟོས་ནས་རབ་ཏུ་སྦྱར་བ་དེ་དོན་དམ་དུ་དབྱེ་བ་མེད་པའི་རྒྱུ་མཚན་དུ་གསུངས་པས་སོ། །གཞན་ཡང་ཁྱེད་ཀྱི་ལྟར་ན་ཀུན་རྫོབ་ཏུ་ལམ་ཆུང་ངུའི་འབྲས་བུ་གསུམ་པོ་དེ་རྫས་ཐ་དད་ཡིན་ནམ་མིན། ཡིན་ན་གཞུང་ལས་ལྡོག་པ་ལ་ལྟོས་ནས་བཞག་པར་གསུངས་པ་དང་འགལ་ལ། མེད་ན་དེ་དག་རྫས་ཐ་དད་འགོག་པ་ལ་དོན་དམ་པ་དམིགས་ཀྱིས་བཀར་བ་དོན་མེད་དེ། ཐ་སྙད་དུ་ཡང་རྫས་ཐ་དད་མ་ཡིན་པས་སོ། །དེས་ན་ཕྱོགས་སྔའི་བསམ་པ་ནི་ལམ་ཆུང་ངུ་ལྟ་བུའི་འབྲས་བུར་གསུངས་པའི་བསོད་ནམས་གསུམ་པོ་དེ་རྫས་ཐ་དད་དུ་བསམས་ནས་དེ་ལྟར་ན་དེ་སྐྱེད་པའི་ལམ་དེ་ཡང་རྫས་གསུམ་དུ་འགྱུར་བས་དགུ་ལས་མང་པའི་ཕྱིར་དགུར་ངེས་པ་འཇིག་གོ་སྙམ་པ་སྟེ་གྲངས་ངེས་རིགས་ལ་


JLD018_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་མ་ཤེས་པར་རྫས་ལ་བྱེད་སྙམ་པའོ། །འདིའི་བརྒལ་ལན་ནི་ཁོའི་བསམ་པ་ལྟར་ཡིན་དུ་ཆུག་ཀྱང་གྲངས་ངེས་མི་འཇིག་སྟེ་ལམ་ཆུང་ངུ་རྫས་དུ་མ་ཞིག་ཡོད་ཀྱང་སྒོམ་ལམ་ཆུང་ངུར་རིགས་གཅིག་པས་སོ། །འདི་སློབ་དཔོན་གྱིས་དགོངས་མོད་འོན་ཀྱང་རྫས་ཐ་དད་གསུམ་སྐྱེ་བ་བཀག་པ་ནི། ཁོས་དེ་གྲངས་མ་ངེས་པའི་རྒྱུ་མཚན་དུ་གཟུང་ལ་རྒྱུ་མཚན་དེ་ལོག་ན་རྒྱུ་མཚན་ཅན་གྲངས་མ་ངེས་པར་འཛིན་པ་ཡང་ལྡོག་པ་ལ་དགོངས་ནས་མཛད་ལ་ཤུགས་ཀྱིས་ཀྱང་གོ་ནུས་ཏེ། འབྲས་བུ་བསོད་ནམས་ལྡོག་པ་ཐ་དད་པ་དུ་མ་ཡང་རྫས་གཅིག་ཏུ་གོ་བ་ན་རྒྱུ་སྒོམ་ལམ་རྫས་དུ་མ་ཡང་རིགས་གཅིག་ཏུ་གོ་བས་སོ། །དེས་ན་ཕྱོགས་སྔས་འདོད་པ་ལྟར་གྱི་རྟགས་མི་འགྲུབ་ཅིང་གྲུབ་ཏུ་ཆུག་ཀྱང་གྲངས་ངེས་མི་འཇིག་པ་གནད་ཀྱི་དོན་ནོ། །སྤྲོས་པས་ཆོག་གོ །དཀྱུས་མ་ལ་འཇུག་པར་བྱ་སྟེ། འདི་ལ་གསུམ། གྲངས་མེད་སོགས་རྫས་ཐ་དད་དུ་མི་འགྲུབ། ལྡོག་པ་ཐ་དད་པར་བསྟན་པའི་དགོས་པ། དེས་ན་གྲངས་ངེས་མི་འཇིག་པར་བསྟན་པའོ། །དང་པོ་ནི། གྲངས་གཞལ་ཚད་མེད་གསུམ་བསྟན་པའི་ཚིག་ཏུ་བརྗོད་པའི་ངོ་བོ་རྣམས་ཀྱིས་ཏེ་མདོ་ལས་དེ་ལྟར་སྐྱེ་བར་གསུངས་པའི་རྒྱུ་མཚན་གྱིས་དེ་དག་རྫས་ཐ་དད་ཀྱི་ངོ་བོར་དབྱེ་བར་བྱ་བ་བཟོད་པ་སྟེ་ནུས་པ་མ་ཡིན་ནོ། །གང་ལ་ན། གྲངས་དགུར་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་སྒོམ་ལམ་དགུའི་འབྲས་བུ་བསོད་ནམས་ལའོ། །གང་ལ་ལྟོས་ན་


JLD018_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་བསོད་ནམས་གསུམ་གྱི་རང་གི་མཚན་ཉིད་ཀྱི་རྫས་ལ་ལྟོས་པའི་དོན་དམ་པ་དེ་ལ་ནིའོ། །རྒྱུ་མཚན་ནི། སྒོམ་ལམ་གྱིས་ཉེ་བར་སྐྱེད་པའི་བསོད་ནམས་ཀྱི་དོན་གཅིག་ཏུ་སྟེ་གཅིག་ཉིད་ལ་གྲངས་ཡོད་སོགས་ལོག་ས་ཐ་དད་ལས་ལོག་པའི་ལྡོག་པ་ཐ་དད་ལ་ལྟོས་ནས་གྲངས་མེད་སོགས་ལྡོག་པ་ཐ་དད་ཀྱི་ངོ་རབ་ཏུ་སྦྱར་བ་ཙམ་ཡིན་པས་སོ། །གཉིས་པ་ནི། གྲངས་མེད་སོགས་ལྡོག་པ་ཐ་དད་པ་ཡིན་ན་གྲངས་མེད་ལྟ་བུ་གཅིག་གིས་བསྟན་པས་ཆོག་མོད་ཅིའི་ཕྱིར་གསུམ་གྱིས་བསྟན་ཞེ་ན། ལྡོག་པ་དུ་མར་བཤད་པའི་ཆོས་ཀྱི་ངོ་བོ་ཉིད་གྲངས་མེད་སོགས་མདོ་ལས་རྒྱས་པར་ཇི་སྐད་བཤད་ཅིང་མདོར་བསྡུས་ཏེ་བསྟན་པ་དེ་དག་ངོ་བོ་གཅིག་ཡིན་ཀྱང་མིང་དུ་མས་ཀུན་རྫོབ་ལྡོག་པའི་དབང་དུ་བྱས་ནས་བསྟན་པ་ནི་བྱིས་པའི་སྐྱེ་བོ་རྣམས་ལ་སྒོམ་ལམ་ལ་འབྲས་བུ་ཆེན་པོ་དང་མང་པོ་སྐྱེ་བར་རབ་ཏུ་སྟོན་པ་ཉིད་ཀྱིས་ཏེ་དེའི་ཆེད་ཡིན་པར་དེ་བཞིན་གཤེགས་པ་བཞེད་དེ། དེའི་དགོས་པ་ཡང་དེ་དག་སྒོམ་ལམ་ལ་གཞུག་པའི་ཕྱིར་རོ། །གྲངས་མེད་སོགས་བསྟན་པ་གང་གི་རྒྱུ་མཐུན་ཡིན་ན་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་པར་གྱུར་པ་སྟེ་འབྲས་བུ་ཡིན་ནོ། །དེ་ལ་ཡང་སེམས་ཅན་ལ་དམིགས་པ་སོགས་གསུམ་ལས་གང་ན་དམིགས་པ་མེད་པའི་སྙིང་རྗེའོ། །དེ་ཇི་ལྟ་བུ་ན། ཆོས་ཀྱི་དབྱིངས་སྤྲོས་བྲལ་ལ་དམིགས་པའི་རང་བཞིན་གྱིས་ཏེ་རྣམ་པ་ཅན་ནོ། །འདི་ལ་ཆོས་དབྱིངས་གྲངས་མེད་སོགས་དང་འདྲ་བར་དེ་རྟོགས་


JLD018_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསོད་ནམས་ལ་ཡང་གྲངས་མེད་སོགས་སྐྱེ་བ་རྒྱུ་མཐུན་དུ་འདོད་པ་ནི་དོན་མ་ཡིན་ནོ། །དེ་ལྟར་ན་བསོད་ནམས་རྫས་གཅིག་ཡིན་ཀྱང་མིང་དུ་མ་བཏགས་པ་ནི་བྱིས་པ་རྣམས་སྒོམ་ལམ་ལ་ཕན་ཡོན་དུ་མ་འབྱུང་ངོ་ཞེས་ཐོས་ནས་དེ་ལ་ཞུགས་ན་ཅི་མ་རུང་སྙམ་དུ་ཐུགས་བརྩེ་བས་ཀུན་ནས་བསླང་སྟེ་གསུངས་པས་དེའི་རྒྱུ་མཐུན་ནོ། །གསུམ་པ་ནི། དེ་ལྟར་སྒོམ་ལམ་དགུ་པོ་རེ་རེ་ལ་སྐྱེ་བར་བཤད་པའི་གྲངས་མེད་སོགས་དེ་དག་རྫས་གཅིག་ཡིན་ཀྱང་དགོས་པའི་དབང་གིས་ཐ་དད་པར་བཞེད་པས་འབྲས་བུ་དེ་དག་རྫས་ཐ་དད་པ་གསུམ་ཡིན་པའི་རྒྱུ་མཚན་གྱིས་རྒྱུ་སྒོམ་ལམ་དགུར་མ་ངེས་པའི་མང་པོ་ཉིད་དུ་ཐལ་བར་མི་འགྱུར་རོ། །གཉིས་པ་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་པོ་ལ་གསུམ་ལས། དང་པོ་ནི། གོང་དུ་མདོར་དོན་ནམ་ཡི་གེས་ཐ་དད་དུ་བྱ་བ་མི་དམིགས་ཞེས་ཆོས་ཐམས་ཅད་བརྗོད་བྲལ་གྱི་སྟོང་ཉིད་དུ་བཤད་པ་ལ། འོ་ན་སྟོང་པ་ཉིད་བརྗོད་བྲལ་གྱི་མཚན་ཉིད་ཡིན་པ་ཉིད་ཀྱིས་དེ་ལ་གོམས་པ་ཁྱད་པར་དུ་འགྲོ་བའི་ཕུལ་དུ་བྱུང་བ་བྱར་མེད་པས་ཁྱབ་པ་ཡིན་པ་དེའི་ཕྱིར་སྒོམ་ལམ་ཡང་སྤང་གཉེན་ལ་ཉམས་ཐོབ་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ་སྙམ་པའི་སྐྱེ་བོ་བློ་དམན་པའི་ངོར་དོགས་པ་བསུ་བར་བྱ་བའི་ཕྱིར་གསུངས་སོ། །གཉིས་པ་ནི། དངོས་པོ་ཆོས་རྣམས་བརྗོད་དུ་མེད་པ་ལ་སྤང་བྱ་ཉམས་པ་དང་གཉེན་པོ་འཕེལ་བར་མི་རུང་བས་ཁྱབ་སྒོམ་ལམ་ཡང་


JLD018_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྲལ་ཡིན་པའི་ཕྱིར་སྒོམ་ཞེས་བྱ་བའི་ལམ་གྱིས་ནི་སྤང་བྱ་དགུ་ཅི་ཞིག་ཉམས་ཤིང་གཉེན་པོ་དགུ་ཅི་ཞིག་འཐོབ་སྟེ་མི་འཐོབ་ཞེས་པ་ནི། བཅོམ་ལྡན་འདས་གལ་ཏེ་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་ན་སྦྱིན་པའི་ཕར་ཕྱིན་ལ་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །ཞེས་སོ། །གསུམ་པ་ནི། ཐེག་ཆེན་གྱི་སྒོམ་པའི་ལམ་གྱིས་ནི་མི་མཐུན་ཕྱོགས་སྒོམ་སྤང་གི་ངོ་བོ་ནི་ཅི་ཞིག་བོར་གཉེན་པོ་སྒོམ་ལམ་རྣམ་བྱང་ནི་ཅི་ཞིག་འཐོབ་སྟེ་བོར་ཐོབ་མི་བྱེད་པར་ཐལ། ཡང་དག་པར་ན་དེ་ཉིད་གཅིག་དང་གཞན་ཉིད་དང་རང་གཞན་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཉིད་དུ་བརྗོད་དུ་མེད་པ་དེ་བས་ནའོ། །བརྗོད་དུ་མེད་པ་ལ་མི་མཐུན་ཕྱོགས་འབྲལ་བ་དང་གཉེན་པོ་སྐྱེ་བ་མི་རུང་བའི་ཁྱབ་པ་ཡོད་དེ། དེ་ལ་སྒོམ་པ་ཁྱད་པར་དུ་འགྲོ་བའི་སྒོ་ནས་ཕུལ་དུ་ཕྱིན་པར་བྱར་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། དོན་དམ་པར་ཆོས་ཉིད་ཀྱི་རང་གི་ངོ་བོར་མངོན་པར་འདོད་པའི་སྒོམ་ལམ་གྱི་དངོས་པོ་དེ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སོ། །འདོད་མི་ནུས་ཏེ། སྤང་གཉེན་ལ་བོར་ཐོབ་ཅུང་ཟད་ཀྱང་མི་བྱེད་པས་ཏེ་མི་བྱེད་ན་སྒོམ་སྤང་གི་གཉེན་པོར་ཉེ་བར་དགོད་པར་མི་བྱ་བ་དེ་ཁོ་ན་འོ་ཞེ་ན། གཉིས་པ་ལ་གཉིས། ལན་དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་ལས། དང་པོ་ནི། སྤང་གཉེན་ལ་བོར་ཐོབ་མི་བྱེད་པའི་ཚུལ་དེ་ལྟ་མ་ཡིན་ཏེ་རྒྱུ་མཚན་འོག་ནས་འབྱུང་བ་འདི་


JLD018_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རོ། །གཉིས་པ་ལ་གཉིས། སྣང་ཚོད་དུ་ཉམས་འཕེལ་བྱེད་པར་བསྟན། རང་བཞིན་ལ་ཉམས་འཕེལ་མེད་པར་བསྟན་པའོ། །དང་པོ་ནི། ཇི་ལྟར་བྱང་ཆུབ་ཐ་སྙད་དུ་གདུལ་བྱའི་འདོད་པ་སྒྲུབ་པ་དེ་བཞིན་དུ་སྒོམ་ལམ་འདི་ནི་དགེ་རྩ་རྣམས་རྫོགས་བྱང་དུ་བསྔོ་ཞིང་ཡིད་ལ་བྱེད་པས་འདོད་པའི་དོན་ཐ་སྙད་དུ་སྤང་བྱ་ཉམས་པ་དང་གཉེན་པོ་འཕེལ་བ་སྒྲུབ་པར་བྱེད་པས་འཚང་རྒྱ་བའི་སྐལ་པ་དང་ལྡན་ཏེ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་བརྗོད་དུ་མེད་པའི་དོན་ལ་འཕེལ་བ་དང་ཡོངས་སུ་འགྲིབ་པ་མེད་དོ། །རབ་འབྱོར་གལ་ཏེ་ཐབས་མཁས་པའི་བྱང་ཆེན་ཡུམ་ལ་སྤྱོད་པ་དང་ཡུམ་ལ་སྒོམ་པ་དང་ཡུམ་ལ་བརྩོན་པར་བྱེད་པ་དེའི་ཚེ་འདི་སྙམ་དུ་བདག་ནི་ཡུམ་གྱིས་རྣམ་པར་འཕེལ་ལོ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ་སྙམ་དུ་མི་སེམས་ཤིང༌། འོན་ཀྱང་དེ་འདི་སྙམ་དུ་འདི་ནི་མིང་ཙམ་ཡིན་ཏེ་འདི་ལྟ་སྟེ་སྦྱིན་པའི་ཕར་ཕྱིན་ནས་ཡུམ་འདི་ནི་མིང་ཙམ་མོ་སྙམ་ཞིང་དེ་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་པའི་ཚེ་ཡིད་ལ་བྱེད་པ་དེ་དག་དང་སེམས་བསྐྱེད་པ་དེ་དག་དང་དགེ་བའི་རྩ་བ་དེ་དག་བླ་མེད་རྫོགས་བྱང་དུ་ཡོངས་སུ་བསྔོ་སྟེ། དེ་ཡང་བླ་མེད་རྫོགས་བྱང་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ། །ཞེས་སོ། །མདོ་དང་པོས་དོན་དམ་པར་འདོད་ཀྱི་ལན་བསྟན་པར་རྒྱན་སྣང་ལས་སོ། །གཉིས་པ་ནི། བྱང་ཆུབ་དེ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་ཀྱི་ཡིན་ཚུལ་ནི། ཆོས་


JLD018_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཡིན་ལ་དེར་མ་ཟད་སྒོམ་ལམ་དེ་ཡང་དེ་བཞིན་ཉིད་དེའི་མཚན་ཉིད་བཞེད་པས་ཡིན་ལུགས་ལ་ལྟོས་ཏེ་ནི་སྦྱིན་སོགས་ཀྱི་ཉམས་འཕེལ་མེད་པ་འདོད་པ་ཡིན་ཏེ། ཇི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་མེད་རྫོགས་བྱང་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་མེད་རྫོགས་བྱང་ངོ༌། །དེ་བཞིན་དུ་གཞན་བཞི་དང་མྱང་འདས་ལ་གསུངས་ནས། བླ་མེད་རྫོགས་བྱང་དེ་ལ་ནི་འཕེལ་བ་མེད་ཅིང་ཡོངས་སུ་འགྲིབ་པ་མེད་དོ། ཞེས་སོ། །དེ་ལྟར་ན་འབྲས་བུ་བྱང་ཆུབ་ཐ་སྙད་དུ་དོན་མཛད་པ་བཞིན་དུ་རྒྱུ་སྒོམ་ལམ་ཡང་དོན་བྱེད་ལ། སྔ་མ་དོན་དམ་པར་དོན་བྱེད་པ་དང་བྲལ་བ་བཞིན་དུ་ཕྱི་མ་ཡང་དེ་ལྟར་ཡིན་པས་རྒྱུ་འབྲས་ཀྱི་འབྲེལ་པ་ཕྱིན་ཅི་མ་ལོག་པར་བརྗོད་དོ། །གསུམ་པ་ནི། རྒྱན་སྣང་དུ་རྐང་པ་དང་པོ་གཉིས་ཀུན་རྫོབ་ཏུ་ཁྱབ་པ་མ་གྲུབ་པར་མཛད་ནས་ཕྱི་མ་གཉིས་བྱང་ཆུབ་དང་ལམ་གྱི་ཡིན་ལུགས་ཇི་ལྟ་བུ་ཡིན་སྟོན་པ་ལ་སྦྱར་ཏེ་སོ་སོར་བཤད་དོ། །འདིར་ནི་རྐང་པ་གསུམ་པ་དང་པོའི་གོང་དུ་བླང་ནས་དཔེ་དང༌། བཞི་པ་གཉིས་པའི་གོང་དུ་བླངས་ནས་དོན་དུ་མཛད་དེ་ལྷན་ཅིག་ཏུ་བྱས་ནས་ཀུན་རྫོབ་ཏུ་ཁྱབ་པ་མ་གྲུབ་པའི་ལན་དང༌། བྱང་ཆུབ་དང་ལམ་ལ་དོན་དམ་པར་དོན་བྱེད་པ་མེད་པའི་རྒྱུ་མཚན་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པ་དངོས་སུ་བསྟན་པས་


JLD018_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ཅན་ཏེ་ཤུགས་ལ་བསྟན་པར་བཞེད་དོ། །དེ་ལ་རྐང་པ་དང་པོའི་འགྲེལ་པ་ནི་ཇི་ལྟར་ཁྱད་པར་དུ་བྱར་མེད་པ་སངས་རྒྱས་ཀྱི་བདག་པོ་ནས་དེ་བཞིན་དུའི་བར་རོ། །གསུམ་པའི་ནི། དེ་བཞིན་ཉིད་ཀྱི་ནས་རང་བཞིན་གྱི་བར་རོ། །བཞི་པའི་ནི། དེ་བཞིན་ཉིད་ཀྱི་མཚན་ཉིད་འདི་ཡང་ཞེས་པའོ། །གཉིས་པ་ནི་དེ་དོར་བའི་ལྷག་མའོ། །འདི་ལ་གསུམ། ཀུན་རྫོབ་ཏུ་ཁྱབ་པ་མ་གྲུབ་པ། དོན་དམ་དུ་འདོད་པའི་ལན། དེ་གཉིས་ཀྱི་དོན་བསྡུ་བའོ། །དང་པོ་ལ་གཉིས། དཔེ་དགོད་པ་དང༌། དོན་ལ་སྦྱར་བའོ། །དང་པོ་ནི། སྒྲུབ་པར་བྱེད་དོ། །ཇི་ལྟར་ནི་དཔེར་དགོད་པའོ། །གང་གིས་ན། སངས་རྒྱས་ཀྱི་བླ་མེད་བྱང་ཆུབ་ཀྱིས་བདག་པོའི་རྐྱེན་བྱས་པ་ཙམ་གྱིས་སོ། །བྱང་ཆུབ་ཇི་ལྟ་བུ་ཞེ་ན། དོན་དམ་པར་བྱ་བྱེད་ཀྱི་ཁྱད་པར་བྱར་མེད་པ་སྟེ་དེ་སྒྲུབ་ཏུ་མེད་པའི་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན། གཟུང་འཛིན་གྱི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་དབྱིངས་རིག་དབྱེར་མེད་པར་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ལ་སོགས་པ་རྣམས་ཀྱིས་རང་བཞིན་དུ་གྱུར་པ་དེ་འདྲ་བ་ཞིག་གོ །གང་ན་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་མངོན་པར་འདོད་པའི་དོན་མངོན་མཐོ་དང་ངེས་ལེགས་སོ། །ཇི་ལྟར་ན། དེ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཏེ་ཚོགས་གཉིས་ཇི་ལྟར་བསགས་ཀྱི་རྗེས་སུ་མཐུན་པར་རོ། །གང་ལ་བརྟེན་ནས་ན་དེའི་དོན་དུ་དོན་ཁྱད་པར་ཅན་གཞན་དོན་བྱང་ཆུབ་གཉིས་སྣང་བའི་སེམས་སྔར་སློབ་ལམ་དུ་རང་གིས་བསྐྱེད་


JLD018_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་ཏེ་དེ་ལ་བརྟེན་ནས་སོ། །གཉིས་པ་ནི། དཔེར་བཀོད་པ་དེ་བཞིན་དུ་བྱ་བ་བྱེད་དོ་ཞེས་སྦྲེལ་ལོ། །གང་གིས་ན་དོན་དམ་པར་ཉམས་འཕེལ་གྱི་ཁྱད་པར་བྱར་མེད་པའི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་གྱི་སྒོམ་ལམ་འདིས་སོ། །ཡང་ནི་བྱང་ཆུབ་ཀྱི་དོན་བྱེད་པ་དང་དེ་བཞིན་ཉིད་ཡིན་པར་མ་ཟད་ཅེས་གཉིས་སུ་དྲང་ངོ༌། །གང་ནས་མངོན་པར་འདོད་པའི་དོན་གྱི་བྱ་བ་སྤང་གཉེན་ལ་བོར་ཐོབ་བྱེད་པའོ། །གང་དུ་ན་ཀུན་རྫོབ་ཏུའོ། །གང་གི་སྒོ་ནས་ན་བདག་མེད་བསྒོམས་པས་སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པ་དང་གཉེན་པོ་ལམ་མངོན་སུམ་དུ་བྱས་པའི་སྒོ་ནས་སོ། །སྔ་མའི་ཁྱད་པར་བྱར་མེད་འདིར་དང་འདིའི་ཀུན་རྫོབ་སྔ་མར་བླང་ངོ༌། །གཉིས་པ་ནི། དོན་དམ་པར་ནི་ཉམས་འཕེལ་གྱི་ཁྱད་པར་བྱར་མེད་པའི་སྤྲོས་བྲལ་ཡིན་པའི་ཕྱིར་སྤང་བྱ་ཉམས་པ་དང་གཉེན་པོ་འཕེལ་བ་དགག་པའི་ཚུལ་དུ་བཞེད་པས་འདོད་པ་ཡིན་ནོ། །འདི་རྩ་བའི་བཞེད་ཅེས་པས་བསྟན་པར་ཁ་ཅིག་སྨྲ་ཡང་བཞེད་ཀྱིས་ནི་ལན་གཉིས་ཀ་འཛིན་དགོས་སོ། །གསུམ་པ་ནི། དོན་དམ་དེའི་ཚེ་སྤང་གཉེན་ཉམས་འཕེལ་ལ་སྦྱོར་བ་མེད་པ་ཉིད་ཡིན་པའི་ཕྱིར་མི་འདོད་པ་བསྒྲུབས་པའི་ཉེས་པ་མེད་ལ། ཀུན་རྫོབ་དེའི་ཚེ་སྤང་གཉེན་ཉམས་འཕེལ་སྦྱར་བ་ཡོད་པ་ཉིད་ཡིན་པའི་ཕྱིར་སྒོམ་ལམ་སྒོམ་སྤང་དགུའི་གཉེན་པོར་མི་དགོད་པར་ཐལ་བའི་ཉེས་པ་མེད་དོ་ཞེས་སྔར་བདེན་གཉིས་ཀྱིས་ལན་བཏབ་པའི་དོན་བསྡུས་སོ། །གཉིས་པ་ལ་གཉིས། རྩོད་པ་དང་


JLD018_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ནོ། །དང་པོ་ལ་གསུམ་ལས། དང་པོ་ནི། དོན་དམ་དུ་ཉམས་འཕེལ་མེད་པས་དེར་དོན་མི་བྱེད་པ་དེ་ལྟར་ཡིན་ན་ཡང་དོན་དམ་དུ་མ་ཟད་ཀུན་རྫོབ་ཏུ་ཡང་བྱང་ཆུབ་འཐོབ་པའི་དོན་བྱེད་པར་མི་རུང་ངོ་སྙམ་པའི་དོགས་པ་བསུ་བར་བྱ་བའི་ཕྱིར་གསུངས་སོ། །ཀུན་རྫོབ་ཏུ་འདོད་པའི་དོན་སྒྲུབ་པ་དེ་ལྟ་ཡིན་ན་ཡང་ཞེས་པ་ནི་དོན་མ་ཡིན་ཏེ། དེ་ལྟར་ན་ཀུན་རྫོབ་ཏུ་དོན་བྱེད་ཀྱང་ཀུན་རྫོབ་ཏུ་དོན་བྱེད་པར་མི་རུང་ཞེས་པར་འགྲོ་བ་དང༌། ཡང་འོག་མ་ལ་བསྡུ་རྒྱུ་མེད་པས་སོ། །འདིར་སྒོམ་ལམ་གྱིས་འཚང་རྒྱ་བ་དགག་དགོས་པ་ལས་སེམས་བསྐྱེད་ཀྱིས་འཚང་རྒྱ་བ་བཀག་པ་ནི། ཁྱབ་བྱེད་ཀྱིས་འཚང་རྒྱ་བ་བཀག་པས་ཁྱབ་བྱས་འཚང་རྒྱ་བ་ཡང་བཀག་པས་སོ་ཞེས་འཆད་ཀྱང༌། སྔར་དོན་ཁྱད་པར་ཅན་སྣང་བའི་སེམས་བསྐྱེད་པ་ཞེས་བྱ་བའི་དཔེ་ལ་རྩོད་དེ། འདི་སྙམ་དུ་དཔེ་གྲུབ་ན་སྒོམ་ལམ་གྱིས་ཉམས་འཕེལ་བྱེད་པ་འགྲུབ་ཀྱང་དེ་མ་གྲུབ་སྟེ། བྱང་ཆུབ་འཐོབ་ན་སེམས་བསྐྱེད་ཀྱིས་འཐོབ་དགོས་ལ་དེས་མི་འཐོབ་པས་སོ་སྙམ་དུ་བསམས་པ་སྟེ། དེ་བས་ན་ཇི་ལྟར་དོན་ཁྱད་པར་ཅན་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་ཞེས་འོག་ཏུ་འབྱུང་བས་སོ། །གཉིས་པ་ནི། བྱང་སེམས་ཀྱི་སེམས་བསྐྱེད་ཀྱིས་བྱང་ཆུབ་མི་འཐོབ་པར་ཐལ། སེམས་བསྐྱེད་ཀྱི་སེམས་ནི་སྔ་མས་བྱང་ཆུབ་པར་རིགས་པ་མ་ཡིན་ལ་དེར་མ་ཟད་སེམས་བསྐྱེད་ཕྱི་མས་ཀྱང་བྱང་ཆུབ་ཐོབ་པར་རིགས་པ་མ་ཡིན་


JLD018_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ་སྔ་ཕྱི་རྣམས་ཕྲད་པ་མེད་པའི་ཕྱིར་རོ་ཞེས་པ་ནི། སེམས་དང་པོ་བསྐྱེད་པ་ཡང་སེམས་སླད་མ་བསྐྱེད་པ་དང་མི་འགྲོགས། སེམས་སླད་མ་བསྐྱེད་པ་ཡང་སེམས་དང་པོ་བསྐྱེད་པ་དང་མི་འགྲོགས་ཏེ། བཅོམ་ལྡན་འདས་དེ་ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་འགྲོགས་ན། ཇི་ལྟར་དགེ་བའི་རྩ་བ་རྣམས་ཚོགས་སུ་འགྱུར། དགེ་བའི་རྩ་བ་མ་བསགས་པར་ནི་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །ཞེས་སོ། །འདིར་སེམས་ཞེས་པ་ནི་ཚོགས་ལམ་ནས་ས་བཅུ་པའི་བར་གྱི་སེམས་བསྐྱེད་ལ་བྱའོ། །བླ་མ་བཟང་པ་ནི། ཐེག་ཆེན་གྱི་ས་བཅུའི་སེམས་ཟག་མེད་བཅུ་ཡིན་ཏེ། སྐབས་འདིའི་མདོ་ལས་སེམས་དཔའ་ཆེན་པོ་འདི་ས་བཅུ་པོ་འདི་ལ་སློབ་པ་ན་ཞེས་འབྱུང་བས་སོ་ཞེས་གསུང་བ་ནི་མདོ་མ་ངེས་པ་སྟེ། དེའི་ས་བཅུ་ནི་དཀར་པོ་རྣམ་མཐོང་ནས་བྱས་པ་རྟོགས་པའི་བར་བདུན་དང་ཉན་ཐོས་དང་རང་རྒྱལ་བྱང་སེམས་ཀྱི་ས་སྟེ་བཅུ་ལ་མདོ་དེ་ཉིད་ཀྱིས་བཤད་ཅིང༌། ཉི་སྣང་ལས་ཀྱང་ས་བཅུ་པོ་དེ་སེམས་བསྐྱེད་ཀྱི་ཡུལ་དུ་བཤད་ཀྱི་ངོ་བོར་མ་གསུངས་པས་སོ། །གསུམ་པ་ནི། མདོ་དང་རྩ་བར་རྒོལ་བ་གཉིས་ལས་མ་བྱུང་ཡང་སློབ་དཔོན་གྱིས་ཞིབ་ཏུ་མཐའ་དཔྱད་པར་དགོངས་ནས་གཉིས་ཁ་བསྐང་སྟེ་བཞིར་མཛད་དོ། །འདི་ལ་གཉིས། ཐལ་བ་དགོད་པ་དང༌། རྟགས་སྒྲུབ་པའོ། །དང་པོ་ནི། དོན་ཁྱད་པར་ཅན་ཡུལ་གཉིས་སྣང་བའི་སེམས་བསྐྱེད་


JLD018_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་བླ་མེད་བྱང་ཆུབ་སྒྲུབ་པའི་དོན་བྱེད་པར་དཔེར་བླངས་པ་དེ་ཇི་ལྟར་ན་དཔེར་འགྲུབ་སྟེ་མི་འགྲུབ་པར་ཐལ། སེམས་བསྐྱེད་ཀྱིས་དེ་མི་ཐོབ་པར་བཤད་པ་དེ་བས་ནའོ། །གཉིས་པ་ནི། རྟགས་གྲུབ་སྟེ། གལ་ཏེ་སེམས་བསྐྱེད་ཀྱིས་བྱང་ཆུབ་སྐྱེད་ན། དེའི་སྐད་ཅིག་རེ་རེ་བའམ་དུ་མས་བསྐྱེད་བརྟག་གྲང༌། དང་པོ་ལྟར་ན་སྐད་ཅིག་མ་སྔ་མའམ་ཕྱི་མས་ཡིན། སྔ་མས་སྐྱེད་ན་སྔ་མ་རེ་རེས་ཏེ་གཅིག་པུས་ནི་བྱང་ཆུབ་ཐོབ་པར་རིགས་པ་མ་ཡིན་ནོ། །རྒྱུན་མཚན་ནི་སེམས་བསྐྱེད་སྔ་མར་གྱུར་བའི་སེམས་རེ་རེའམ་གཅིག་པུ་ལ་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པའི་ཐབས་རྣམ་མཁྱེན་དང་སོགས་པས་སྐད་ཅིག་མའི་བར་གྱི་མངོན་རྟོགས་སུ་བཤད་པའི་དོན་མཐའ་དག་མི་སྣང་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ། འཚང་རྒྱ་བ་ལ་རྒྱུ་ཚོགས་དེ་དག་ཚང་དགོས་པས་སོ། །གཞན་ཡང་སྔ་མ་གཅིག་པུས་སྐྱེད་ན་ཕྱི་མ་རྣམས་དོན་མེད་པར་ཐལ་ལོ། །དེ་བཞིན་དུ་ཕྱི་མ་ལ་ཡང་སྦྱར་རོ། །གཉིས་པ་ལྟར་ན་དུ་མ་ཅིག་ཅར་རམ་དུ་མ་རིམ་ལྡན་དུ་འབྱུང་བས་འཐོབ། དང་པོ་ལྟར་ན། འདོད་པའི་དོན་སྒྲུབ་པར་བྱེད་པའི་ཐབས་མཐའ་དག་སྣང་བའི་སེམས་ཅིག་ཅར་དུ་འབྱུང་བའི་མང་པོ་ཉིད་ཀྱིས་ནི་བྱང་ཆུབ་འཐོབ་པ་མ་ཡིན་ཏེ། དེ་ལྟ་བུ་མི་སྲིད་པའི་ཕྱིར་ཏེ་ལུང་ལས་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རིགས་མཐུན་རེ་རེ་བའོ་ཞེས་བྱུང་བས་སོ། །ཁྱབ་པ་ཡོད་དེ། སེམས་


JLD018_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནི་ཡིད་ཤེས་ཡིན་པས་དེ་དུ་མ་ཅིག་ཅར་དུ་འབྱུང་ན་ཡིད་ཀྱི་རྣམ་ཤེས་རིགས་མཐུན་དུ་མ་ཅིག་ཅར་སྐྱེ་བས་སོ། །གཉིས་པ་ལྟར་ན། བླ་མེད་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་བྱེད་དྲན་ཉེ་སོགས་ནས་མ་འདྲེས་པའི་བར་རྟོགས་པ་སྟེ་ཤེས་པར་འགྱུར་བའི་སེམས་བསྐྱེད་རང་གི་ངོ་བོ་རིམ་གྱིས་འབྱུང་བའི་སེམས་ཀྱི་སྐད་ཅིག་སྔ་ཕྱིར་གྱུར་པ་མང་པོ་དུས་གཅིག་ཏུ་འཚོགས་པ་ཉིད་ཀྱིས་ཀྱང་བྱང་ཆུབ་པ་མ་ཡིན་ཏེ། དེ་དག་ཕན་ཚུན་འབྲེལ་བ་སྟེ་ཚོགས་པ་མེད་པའི་ཕྱིར་ཏེ་ཕྱི་མ་དེ་བྱུང་མ་ཐག་ཏུ་སྔ་མ་དེ་རྗེས་སུ་འགྲོ་བ་མེད་པར་འཇིག་པས་ནའོ། །དེ་ལྟར་ན་སྔ་མས་ནི་དུས་མཉམ་དུ་སྐྱེས་པའི་དུ་མ་འདུས་པ་དང་འདི་ནི་དུས་རིམ་ཅན་དུ་སྐྱེས་ཀྱང་ཕྱི་མ་རྣམས་ཀྱི་ཚེ་ཡང་སྔ་མ་རྣམས་མ་ཞིག་པར་གནས་པའི་དུ་མ་འདུས་པ་ལ་བྱའི། རིམ་བཞིན་དུ་སྐྱེ་འགག་བྱེད་པའི་དུ་མ་ནི་མ་ཡིན་ཏེ། གཞན་དུ་ན་དེ་ནི་ཡང་དག་པ་མ་ཡིན་པས་ཞེས་པ་མི་རིགས་ཏེ། རིམ་བཞིན་དུ་སྐྱེ་འགག་བྱེད་པའི་དུ་མས་བྱང་ཆུབ་འཐོབ་པ་རང་ཉིད་ཀྱང་འདོད་ཅིང་དེས་ཀྱང་མི་འཐོབ་ན་འཐོབ་པའི་ཚུལ་གཞན་མེད་པས་སོ། །དེ་ཡིན་པར་ཡང་ཕན་ཚུན་འབྲེལ་བ་མེད་པའི་ཕྱིར་ཞེས་དང༌། སྡུད་འགྲེལ་ཆུང་བར། དེ་དག་འདུས་པ་ཡང་མ་ཡིན་ཏེ། དེ་དག་ནི་རིམ་གྱིས་འབྱུང་བ་ཉིད་དང༌། རིང་དུ་མི་གནས་པ་ཉིད་ཀྱིས་ལྷན་ཅིག་མེད་པའི་ཕྱིར་རོ་ཞེ་ན། ཞེས་དོགས་པ་བསུས་པས་ཤེས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། སྔ་ཕྱི་རེ་རེ་དང་དུ་མ་ཅིག་


JLD018_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་དང་རིམ་བཞིན་སྐྱེས་ནས་ཅིག་ཅར་དུ་ཚོགས་པའི་དུ་མས་མི་འཐོབ་ན་བྱང་ཆུབ་ཐོབ་པ་མེད་པར་བརྩམ་པ་དེ་ནི་ཡང་དག་པ་མ་ཡིན་པས་དེའི་ལན་གསུངས་སོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན། གཞན་ཡང་མཚོན་པའི་ཚུལ་ལོ། །དང་པོ་ནི། སྒྲོན་འོད་ཀྱི་སྐད་ཅིག་སྔ་ཕྱི་རེ་རེ་བ་དང་སྔ་ཕྱི་དུས་མཉམ་དུ་ཚོགས་པས་སྡོང་བུ་མི་སྲེག་ཀྱང་སྔ་མ་རྣམས་ལ་ལྟོས་པའི་རིམ་ཅན་གྱིས་རྫོགས་པར་སྲེག་པ་མར་མེའི་དཔེའི་ཚུལ་ཏེ་རིགས་པ་ཡིས་སེམས་བསྐྱེད་ཀྱིས་ཀྱང་སྔ་ཕྱིར་རེ་རེ་དང་དེ་དག་ལ་མ་བརྟེན་པར་བྱང་ཆུབ་མི་འཐོབ་ཀྱང་རང་གི་ཡུལ་སྔར་བཤད་པའི་ས་བཅུ་ལ་བསླབ་པས་བྱང་ཆུབ་སྐྱེད་པ་ཤེས་པར་བྱའོ་ཞེས་ཁོང་ནས་དྲང་ངོ༌། །འདི་ཡང་དེ་བཞིན་གཤེགས་པས་སྐྱེས་བུ་མཁས་པ་ལ་དཔེ་བསྟན་ན་རྟོགས་སླ་བས་དཔེ་ཡིས་ལན་མཛད་པ་སྟེ། འབྲུ་མར་སྙིང་པོ་འབར་བ་ཕྲད་པ་དང་པོ་ཡིས། །སྙིང་པོ་ཚིག་མིན་དེ་མེད་པར་ཡང་དེ་མི་ཚིག །མེ་ལྕེ་ཕྲད་པ་ཐ་མས་སྙིང་པོ་ཚིག་མིན་ལ། །མེ་ལྕེ་ཐ་མ་མེད་པར་སྙིང་པོ་ཚིག་མིན་ལྟར། །དང་པོའི་སེམས་ཀྱིས་བྱང་ཆུབ་མཆོག་རེག་མ་ཡིན་ལ། །དེ་མེད་པར་ཡང་དེ་ལ་རེག་པར་ནུས་མ་ཡིན། །ཐ་མའི་སེམས་ཀྱིས་བྱང་ཆུབ་ཞི་བ་ཐོབ་མིན་ལ། །དེ་མེད་པར་ཡང་དེ་ཐོབ་ནུས་པ་མ་ཡིན་ནོ། །ཞེས་དཔེ་དོན་གཉིས་ཀྱིས་མ་ལྟོས་པའི་སྐད་ཅིག་སྔ་ཕྱི་རྣམས་རྒྱུར་མི་རུང་བར་བསྟན་ནས། །ཆུ་ཡི་ཐིག་པས་བུམ་པ་དང་པོ་


JLD018_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་བ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་ལྟོས་ནས་ནི་སྔ་ཕྱི་ཐམས་ཅད་ཀྱང་རྒྱུར་གསུངས་སོ། །འབྲུ་མར་ལ་དཔེར་མཛད་པ་ཡང་འདི་ལ་སྲེག་པའི་རིམ་པ་རྟོགས་སླ་བས་ཡིན་ལ་གཞན་ལ་ནི་མྱུར་བས་རྟོགས་དཀའོ་གསུང་ངོ༌། །གཉིས་པ་ནི་སེམས་བསྐྱེད་སྔ་ཕྱི་རེ་རེས་མི་འཐོབ་ཀྱང་རིམ་གྱིས་འཐོབ་པའི་དཔེ་དོན་དེ་མི་འགལ་བར་ཇི་ལྟར་ཤེས་པར་བྱ་ཞེ་ན། ཟབ་མོའི་ཆོས་ཉིད་བརྒྱད་ཀྱི་སྐབས་འདིའི་རྗེས་སུ་འབྲང་ནས་སོ། །ཤཱནྟིས་ནི་མར་མེའི་དཔེས་བྱང་ཆུབ་པར་འགྱུར་བ་ཤེས་པར་བྱའོ། །ཞེས་པ་ལ། བྱང་ཆུབ་གང་ན་ཟབ་མོའི་ཆོས་ཉིད་བརྒྱད་མངོན་སུམ་དུ་བྱས་པའོ། །བརྒྱད་གང་ན་སྐྱེ་བ་དང་ཞེས་འབྲེལ་བར་འཆད་དོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན་དང༌། དེས་གཞན་ཡང་མཚོན་པའི་ཚུལ་ལོ། །དང་པོ་ལ་གཉིས། དཔེ་དགོད་པ་དང༌། དཔེ་དོན་སྦྱར་བའོ། །དང་པོ་ལ་གཉིས། ལྟོས་མེད་དུ་མི་སྲེག །ལྟོས་ནས་སྲེག་པའོ། །དང་པོ་ལ་གཉིས། སྐད་ཅིག་དང་པོ་དང་གཉིས་པས་མི་སྲེག་པའོ། །དང་པོ་ནི། ཇི་ལྟར་ནི། དཔེའོ། །སྒྲོན་འོད་ཀྱི་མེ་ལྕེ་དང་སྡོང་བུའི་སྙིང་པོ་ཕྲད་པའི་སྐད་ཅིག་མ་དང་པོ་ལ་ནི་ཆོས་ཅན་ནོ། །རྒྱུ་མེ་ལྕེའི་མཚན་ཉིད་སྲེག་བྱེད་དང་འབྲས་བུ་སྙིང་པོའི་མཚན་ཉིད་བསྲེག་བྱའི་ངོ་བོར་མེད་ཅེས་པ་ནི་བསྒྲུབ་བྱའོ། །དེ་ཡང་སྐད་ཅིག་མ་གཉིས་པ་མེད་པར་ཏེ་དེ་ལ་


JLD018_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟོས་པའི་དང་པོ་གཅིག་པུས་དེ་ལྟར་མི་ནུས་ཞེས་བསྒྲུབ་བྱ་ལ་ཁྱད་པར་བརྗོད་པའོ། །དེ་གཉིས་ཀྱི་རང་རང་གི་རིགས་འདྲ་སྔ་མའི་ཉེར་ལེན་དང་ལག་པའི་རྩོལ་བ་སོགས་ཀྱི་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུས་དེ་གཉིས་ཕན་ཚུན་གྱི་སྒོ་ནས་དུས་མཉམ་དུ་ཕྲད་པ་བསྐྱེད་པས་ཏེ་བསྐྱེད་པ་ཙམ་བྱས་ཀྱི་སྲེག་པའི་ནུས་པ་ཁྱད་པར་ཅན་དུ་མ་བྱས་པའི་ཕྱིར་ཞེས་པ་ནི་རྟགས་སོ། །དུས་མཉམ་དུ་ཕྲད་པ་སྐྱེད་པ་ཡིན་པར་ཁྱད་པར་མེད་པའི་ཕྱིར་ཞེས་པ་ལྟར་ན་གཉིས་ཀ་ཡང་རང་གི་རྒྱུས་མཉམ་དུ་སྐྱེད་པར་འདྲ་ཡི་ནུས་པ་ལྷག་པོ་མེད་ཅེས་པའོ། །གཉིས་པ་ནི། སྐད་ཅིག་དང་པོ་ལ་བསྟན་པ་དེ་བཞིན་དུ་དེར་མ་ཟད་སྐད་ཅིག་དང་པོ་ལ་ལྟོས་ཏེ་མེ་ལྕེ་དང་སྙིང་པོ་བསྲེག་བྱ་སྲེག་བྱེད་ཀྱི་ནུས་པ་ཁྱད་པར་ཅན་དུ་སྐྱེ་བ་སྐད་ཅིག་གཉིས་པ་ལ་ཡང་ནི་ཆོས་ཅན། སྐད་ཅིག་དང་པོ་མེད་པར་ཏེ་དེ་ལ་ལྟོས་པ་མེད་པར་རྒྱུ་ཞེས་སོགས་སྔར་ལྟར་སྦྱར་བ་ནི་བསྒྲུབ་བྱའོ། །དེ་ལ་མ་ལྟོས་པར་གཉིས་པ་དོན་དམ་དུ་མ་ཟད་ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་པའི་ཕྱིར་ཞེས་པ་ནི་རྟགས་སོ། །གནོད་པ་ཅན་གྱི་ཚད་མ་བསྟན་ནས། རྟགས་སྒྲུབ་པ་ནི། སྐད་ཅིག་དང་པོ་མེད་པར་འབྱུང་ན་རྟག་ཏུ་སྟེ་ཡུལ་དུས་རང་བཞིན་ཐམས་ཅད་དུ་ཡོད་པ་དང་སོགས་པས་གཏན་མེད་པར་ཐལ་བར་འགྱུར་ཏེ། རྒྱུ་མེད་དུ་འབྱུང་བའི་ཕྱིར་ཏེ། རྣམ་འགྲེལ་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་


JLD018_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག འབྱུང་བ་ལྟོས་པ་ལས་ཡིན་ནོ། །ཞེས་པ་ལྟར་རོ། །དེ་ལྟར་ཐལ་བ་ལས་རེས་འགའ་བར་མཐོང་བའི་ཕྱིར་རྒྱུ་ཡོད་ལ་དེ་ཡང་སྐད་ཅིག་དང་པོའོ། །འདིར་བསྲེག་བྱ་སྲེག་བྱེད་མེད་པ་དང་ཡོད་པར་བཤད་ཅིང་འཆད་པར་འགྱུར་བའི་དོན་ནི། ཚིག་པ་སྐྱེད་པའི་མེ་ལྕེ་དང་ཚིག་ཟིན་པའི་སྡོང་བུ་ལ་བྱའི་རྫོགས་པར་བསྲེགས་མ་བསྲེགས་དང་སྒྲ་ཇི་བཞིན་པ་ལ་མི་བྱ་སྟེ། གཞན་དུ་ན་སྐད་ཅིག་མ་གཉིས་པའི་ཚེ་ཡོད་པར་གསུངས་པ་མི་རིགས་ལ། བསྲེག་བྱ་སྲེག་བྱེད་དུས་མཉམ་པས་རྒྱུ་འབྲས་མི་རུང་བས་སོ། །གཉིས་པ་ནི། གང་གི་ཕྱིར་སྲེག་པར་ནི་བྱེད་ལ་མ་ལྟོས་པར་མི་སྲེག་པ་དེ་ལྟ་ཡིན་པ་དེའི་ཕྱིར་ལྟོས་ནས་ནི་མེ་ལྕེ་སྲེག་བྱེད་དང་སྙིང་པོ་བསྲེག་བྱའི་ངོ་བོར་ཡོད་དོ། །གང་གི་ངོ་བོར་ན་མ་བརྟགས་གཅིག་པུར་ཉམས་དགའ་བ་ཀུན་རྫོབ་པ་ཉིད་དུའོ། །དུས་ནམ་གྱི་ཚེ་ན། གང་གི་ཚེ་སྡོང་བུ་སྲེག་པ་ལ་མཐུ་ཕུལ་དུ་ཕྱིན་པ་དང་ལྡན་པའི་ནུས་པ་ཁྱད་པར་ཅན་གྱི་སྐད་ཅིག་གཉིས་པ་དང་སོགས་པས་གསུམ་པ་སོགས་ཡོད་ན་སྟེ་ཡོད་པ་དེའི་ཚེའོ། །ནུས་ལྡན་དུ་གང་གིས་བྱས་ན། སྒྲོན་འོད་དང་སྙིང་པོ་གཉིས་ཀ་ཕྲད་པའི་ཚོགས་པ་ཁྱད་པར་ཅན་གྱི་སྐད་ཅིག་དང་པོ་རྒྱུར་ཡོད་པ་ལ་ལྟོས་ནས་དང་པོ་དེས་མཐུ་ལྡན་དུ་བྱས་པའོ། །དང་པོ་ལ་ལྟོས་ནས་མཐུ་ལྡན་དུ་འགྲོ་བ་ཅི་ཞེ་ན། དེ་གཉིས་རྒྱུ་འབྲས་སུ་འབྲེལ་བའི་སྟོབས་ཀྱིས་ཏེ་རྒྱུ་ལ་མ་ལྟོས་ན་འབྲས་བུའི་ནུས་པ་རྒྱུ་མེད་དུ་འགྲོ་བས་སོ། །འོ་ན་སྐད་ཅིག་སྔ་ཕྱི་རྣམས་ལྟོས་ནས་


JLD018_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་པའི་ནུས་ལྡན་དུ་སྐྱེ་བ་ཅི་ཞེ་ན། སྣང་ཚོད་པའི་རྐྱེན་ཉིད་འདི་པ་ཙམ་གྱི་བདག་ཉིད་ཀྱི་རྟེན་འབྲེལ་གྱི་ཆོས་ཉིད་དམ་སྟོབས་ཀྱིས་དེ་ལྟར་གྲུབ་པས་རིགས་ཏེ། དཔེར་ན་མེས་བསྲེག་ལ་ཆུས་མིན་པ་ཅི་ཞེས་འདྲི་བ་ལ་དེ་རང་རང་གི་རྒྱུ་ལས་དེ་ལྟར་སྐྱེས་པས་སོ་ཞེས་སྨྲས་པ་ན་རང་རྒྱུ་ལས་དེ་ལྟར་སྐྱེ་བ་ཅི་ཞེས་རྒོལ་བ་དང་མཚུངས་ཏེ། དེ་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་པས་སོ། །གལ་ཏེ་སྒྲོན་མེ་ཕྱི་མ་སྐྱེས་པའི་ཚེ་སྔ་མ་རྣམས་མི་གནས་པས་གཉིས་པ་སོགས་དང་དང་པོ་རྣམས་ཟླ་མེད་ཀྱི་རེ་རེ་བར་མཚུངས་པའི་ཕྱིར་ཕྱི་མ་རྣམས་ཀྱིས་ཀྱང་མི་ནུས་ཤེས་ན། ཕྱི་མ་རྣམས་སྐྱེས་པའི་ཚེ་སྔ་མ་རྣམས་འཇིག་རྒྱུ་མེད་པར་ཞིག་ཀྱང་བསྲེག་པར་བྱ་བྱེད་ཡོད་དེ། རྒྱུ་མེ་ལྕེ་སྐྱེ་བ་ལ་ཕྱོགས་པ་དང་འབྲས་བུ་སྡོང་བུ་འཇིག་པ་ལ་ཕྱོགས་པ་གཉིས་སྲང་མདའི་མཐོ་དམའ་ལྟར་དུས་མཉམ་དུ་དམིགས་པས་སོ། །དེའི་ཕྱིར་སྐད་ཅིག་གཉིས་པ་སོགས་སྐྱེས་པ་དང་སྙིང་པོ་ཚིག་པ་གཉིས་དུས་མཉམ་མོ། །ཡང་ན་རྒྱུ་འབྲས་གཉིས་དང་བསྲེག་པར་བྱ་བྱེད་གཉིས་སྦྱར་རོ། །གཉིས་པ་ནི། སྔ་ཕྱི་རྣམས་ལྟོས་མེད་དུ་མི་སྲེག་ལྟོས་ནས་སྲེག་པ་དེ་བས་ན་སྒྲོན་མེའི་སྐད་ཅིག་མ་ཞེས་པ་ནས་མ་བསྲེགས་པ་ཞེས་བྱ་བ་མར་མེའི་དཔེའི་ཚུལ་གྱིས་སེམས་བསྐྱེད་པ་ལ་བརྟེན་ནས་བྱང་ཆུབ་འཐོབ་པར་རིགས་སོ་ཞེས་ཤེས་པར་བྱའོ། །དཔེ་ཇི་ལྟ་བུ་ན། མེ་ལྕེའི་སྐད་ཅིག་སྔ་


JLD018_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གྱུར་པ་གཉིས་ཡུལ་སྡོང་བུ་གཅིག་སྲེག་པ་ལ་ཉེ་བར་སྦྱོར་བའི་རྒྱུ་ཉིད་དུ་ཤེས་པར་བྱེད་པ་སྟེ་སྟོན་པ་ལྷུར་ལེན་པ་སྟེ་གཙོ་བོར་བྱེད་པས་སོ། །ཇི་ལྟར་ཤེས་པར་བྱ་ན་མེ་ལྕེའི་སྐད་ཅིག་མ་སྔ་མ་ནུས་ཆུང་ལས་ཕྱི་མ་ནུས་ལྡན་དུ་སྐྱེ་བ་བཞིན་དུ་བླ་མེད་བྱང་ཆུབ་སྒྲུབ་པར་བྱེད་པའི་སྒྲུབ་བྱེད་ཀྱི་དངོས་པོ་དྲན་པ་ཉེར་གཞག་ལྟ་བུ་ཚད་ཡོད་པ་ཅུང་ཟད་ཅིག་སྣང་བའི་རྣམ་པར་ཤེས་པ་སེམས་བསྐྱེད་ཀྱི་སྐད་ཅིག་སྔ་མ་ནུས་ཆུང་དེ་ལ་བརྟེན་ནས། མེ་ལྕེའི་སྐད་ཅིག་མ་ཕྱི་མ་བཞིན་དུ་སྔ་མ་དེ་ལ་སྣང་བའི་དོན་ཉུང་ཟད་པ་དེས་དབེན་པའི་སྔ་མ་དེ་ལས་ལྷག་པར་ཁྱད་པར་དུ་འཕགས་པའི་དོན་སྟོབས་དང་མ་འདྲེས་པ་སོགས་སྣང་བའི་རྣམ་པར་ཤེས་པ་སེམས་བསྐྱེད་ཕྱི་མ་ནུས་ལྡན་སྐྱེ་བས་སོ། །གཉིས་པ་ནི། མར་མེའི་དཔེ་དེས་དོན་གཞན་ཡང་མཚོན་ནུས་སམ་ཞེ་ན། ཇི་སྐད་སྨྲོས་པའི་དཔེས་སེམས་བསྐྱེད་ཀྱིས་བྱང་ཆུབ་སྐྱེད་པ་གཅིག་པུར་མ་ཟད་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱང་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །ཁོ་ནས་ནི་དཔེ་གཞན་ལ་མ་ལྟོས་པར་འདིར་མཚོན་ནུས་པར་བསྟན་གྱི་དཔེ་གཞན་གྱིས་མཚོན་པ་ནི་མི་འགོག་གོ །འདིའི་རྩ་བ་ནི་སྐྱེ་བ་ཞེས་སོགས་ཀྱི་མདོར་བསྟན་ཡིན་ཞིང་མར་མེའི་དཔེའི་ཚུལ་ཞེས་པ་སེམས་ནི་སྔ་མ་སོགས་ཀྱི་ལན་ཡིན་པས་དོན་ཚན་མི་གཅིག་ཀྱང་སློབ་དཔོན་གྱིས་འཇུག་པ་གཅིག་ཏུ་མཛད་པ་ནི། དཔེ་གཅིག་པུ་དེས་དོན་གཉིས་ཀ་མཚོན་ནུས་པས་བཤད་པ་ཟོར་ཡང་བར་བྱ་བའི་ཕྱིར་རོ། །དེས་ན་


JLD018_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རྙིང་ལས་རིགས་ལ་ཞེས་པ་དང༌། རྒྱན་སྣང་རྔོག་འགྱུར་ལས་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ་ཞེས་པའི་འགྱུར་ལེགས་པས་དེ་བཞིན་དུ་བྱའོ། །ཟབ་མོ་བརྒྱད་མཚོན་ཚུལ་ལ། ཁ་ཅིག་ན་རེ་ཟབ་མོ་དང་པོ་མཚོན་པ་ལ་བརྒྱད་ཀྱི་མིང་བཏགས་ཏེ་དཔེར་ན་དབྱུག་ཐོགས་གཅིག་དང་སྐྱེས་བུ་བརྒྱད་འགྲོ་བ་ན་ཕྱི་མ་རྣམས་ལ་དབྱུག་པ་མེད་ཀྱང་དབྱུག་ཐོགས་འགྲོ་ཞེས་པ་བཞིན་ནོ་ཞེས་ཟེར་བ་ནི་མི་འཐད་དེ། ཟབ་མོ་བརྒྱད་ཀྱང་བདེན་གཉིས་ཀྱི་སྒོ་ནས་ཟབ་པ་ཡིན་ལ། དཔེ་འདིས་ཀྱང་དོན་ལ་མི་སྲིད་ཀྱང་ཐ་སྙད་དུ་སྲེག་པར་བསྟན་པས་སོ། །གཉིས་པ་ནི་དཀྱུས་མའི་དོན་ཏེ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་དངོས་བཤད་པ།གཉིས་པ་ལ་གསུམ་ལས། དང་པོ་ནི། སྔར་མིང་ཙམ་བྱུང་བའི་ཆོས་ཟབ་མོ་རྣམས་བརྒྱད་པོ་དེ་ཡུལ་ཆོས་ཅན་གང་ལ་ཡོད་པ་ཡིན་ཞེ་ན། དེའི་ལན་དུ་གསུངས་སོ། །དགོས་པ་ནི། སྒོམ་ལམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པ་རྣམས་ཀྱི་མཚན་ཉིད་རྟགས་བརྗོད་པར་བྱ་བའི་ཕྱིར་རོ། །གཉིས་པ་ནི། ལ་ཟབ་པ་ཉིད་ཅེས་བརྒྱད་ཀའི་མཐར་སྦྱར་ཏེ། དེ་ཡང་འདུས་བྱས་དང༌། འདུས་མ་བྱས་དང༌། ཡུལ་ཡུལ་ཅན་དང༌། སྤྱོད་པའི་ཟབ་པ་རྣམས་ཀྱི་དབང་དུ་བྱས་ནས་རིམ་པ་ལྟར་གཉིས་དང་གཅིག་དང་གཉིས་དང་གསུམ་མོ། །དེ་ཡང་དྲུག་པ་ནི་སྤྱོད་པའི་ངོ་བོ། །བདུན་པ་ནི་དེའི་རྣམ་པ། །བརྒྱད་པ་ནི་དེའི་ཁྱབ་པར་རོ། །གསུམ་པ་ལ་གཉིས་ཟབ་མོའི་ངོ་བོ། །དེ་རྟོགས་པ་རྟགས་སུ་འགྱུར་ཚུལ་ལོ། །དང་པོ་ནི། སྐྱེ་བའམ་རྟེན་འབྲེལ་ལ་ཟབ་པ་ནི་


JLD018_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་སྐད་ཅིག་སྔ་མ་དང་ཕྱི་མ་རེ་རེ་དག་གིས་ཀྱང་བྱང་ཆུབ་སྐྱེད་པ་མ་ཡིན་ལ་སྔ་ཕྱི་དག་གི་ངོ་བོ་ཉིད་མེད་པ་སྟེ་དེ་དག་ལ་མ་བརྟེན་པར་ཡང་བྱང་ཆུབ་སྐྱེད་པ་མ་ཡིན་ལ་སྟེ་མ་ཡིན་ཀྱང་སེམས་བསྐྱེད་དེ་སྒོམ་པས་རྟོགས་ཤིང་ཐོབ་པར་བྱ་བའི་དོན་ཁྱད་པར་དུ་འཕགས་པ་བླ་མེད་བྱང་ཆུབ་བསྐྱེད་དོ་ཞེས་བྱ་བ་སྟེ། སེམས་དང་པོ་བསྐྱེད་པས་ཀྱང་བྱང་ཆེན་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་ལ་ཞེས་དང༌། དེ་བཞིན་དུ་དེ་ལ་མ་བརྟེན་པར་དང༌། སེམས་སླད་མ་སྐྱེད་པས་ཀྱང་དེ་ལ་མ་བརྟེན་པར་དང༌། བཅོམ་ལྡན་འདས་བྱང་ཆེན་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པ་དེ་ནི་ངོ་མཚར་ཏོ། །ཞེས་སོ། །འགག་པ་ལ་ཟབ་པ་ནི་ཐ་སྙད་དུ་ཡང་དངོས་པོ་ཐམས་ཅད་རང་རྒྱུ་ལས་བྱུང་བ་ཙམ་ཉིད་ནས་འགགས་ཟིན་པས་སླར་ཡང་དགག་ཏུ་མེད་ཅིང་རང་བཞིན་གྱིས་ངོ་བོ་ཉིད་མེད་པས་དོན་དམ་དུ་འགག་པ་མེད་ཀྱང་ཀུན་རྫོབ་ཏུ་ཡང་འགག་གོ་ཞེས་བྱ་བ་སྟེ། ཅི་ནས་སེམས་གང་སྐྱེས་པ་དེ་དགག་པའི་ཆོས་ཅན་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འགག་པའི་ཆོས་ཅན་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་འགག་པའི་ཆོས་ཅན་གང་ཡིན་པ་དེ་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་སོ། །མདོར་ན་འདས་མ་འོངས་ཀྱི་སེམས་སེམས་


JLD018_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དངོས་པོར་མེད་པ་དང༌། ད་ལྟར་བ་ནི་གཅིག་དུ་མ་དང་བྲལ་བས་འགག་པར་མི་འཐད་ཀྱང་འགག་པ་ལྟར་སྣང་བའོ། །དེ་བཞིན་ཉིད་ལ་ཟབ་པ་ནི། ལམ་གྱི་གནས་སྐབས་ཐམས་ཅད་དུ་ཤེས་རབ་ཀྱི་དེ་བཞིན་ཉིད་གོམས་པར་བྱེད་ཀྱང་སྙིང་རྗེས་དེ་བཞིན་ཉིད་དེ་རང་དོན་དུ་མངོན་དུ་མི་བྱེད་ཅེས་བྱ་བ་སྟེ། དེ་བཞིན་ཉིད་ཇི་ལྟར་བ་དེ་ཁོ་ན་ལྟར་གནས་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་དེ་བཞིན་ཉིད་ཇི་ལྟ་བ་དེ་ཁོ་ན་གནས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དེ་བཞིན་ཉིད་ཇི་ལྟ་བ་དེ་ཁོ་ན་ལྟར་གནས་པར་འགྱུར་ན་རྟག་པར་མི་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་སོ། །དེ་ལ་རྒྱན་སྣང་དུ། གཟུགས་སོགས་རྟོགས་ཀྱང་དེ་དང་ཐ་མི་དད་པའི་དེ་བཞིན་ཉིད་མངོན་དུ་བྱ་མི་ནུས་པས་དེ་རྟོགས་དཀའ་བ་འདིའི་ཟབ་པར་གསུངས་ལ། བདག་ཉིད་ཆེན་པོ་ནི་དེ་བཞིན་ཉིད་མི་འགྱུར་བ་ཇི་ལྟར་བ་བཞིན་གནས་ཀྱང་རྟག་པའི་རང་བཞིན་མིན་པས་རྟོགས་དཀའ་བ་འདིའི་ཟབ་པར་བཞེད་དོ། །ཤེས་བྱ་ལ་ཟབ་པ་ནི། ཆོས་ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པ་ལ་སྦྱིན་སོགས་སྒྲུབ་ཏུ་མེད་ཀྱང་ཀུན་རྫོབ་ཏུ་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་རྣམ་པ་དུ་མ་རྗེས་སུ་སྒྲུབ་པ་ཞེས་བྱ་བ་སྟེ། དེ་བཞིན་ཉིད་སེམས་ཡིན་ནམ། གསོལ་བ། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་


JLD018_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་གཞན་ན་སེམས་ཡོད་དམ། རབ་འབྱོར་གྱིས་གསོལ་བ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་སོ། །དེ་བཞིན་ཉིད་དང་སེམས་གཅིག་དང་ཐ་དད་མ་ཡིན་ཞིང་དེ་གཉིས་ཕན་ཚུན་དབེན་ཡང་སེམས་ཀྱིས་དེ་བཞིན་ཉིད་རྟོགས་པར་བྱ་བའི་རྟོགས་དཀའ་བ་ནི་འདིའི་ཟབ་པར་བདག་ཉིད་ཆེན་པོས་བཞེད་པ་ནི། མདོ་དང་ཉི་སྣང་རྒྱན་སྣང་རྣམས་ཀྱི་ཡང་དགོངས་པའོ། །ཤེས་པ་ལ་ཟབ་པ་ནི། ཆོས་རྣམས་སྤྲོས་པ་མཐའ་དག་དང་བྲལ་བའི་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པ་ཉིད་ཀྱིས་མི་རྟོག་ཡེ་ཤེས་ཀྱི་སྤྲོས་པ་མཐོང་བ་མེད་པ་ཉིད་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ་ཞེས་བྱ་སྟེ། དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་སོ། །སྤྱོད་པ་ལ་ཟབ་པ་ནི། ཆོས་ཉིད་ཀྱིས་ཏེ་དེ་ལ་གནས་པ་ནི། ཆོས་ཐམས་ཅད་ལ་མཚན་མར་སྤྱོད་པ་མེད་པ་ཉིད་ཡིན་ལ་དེ་ཉིད་ཐ་སྙད་དུ་སྦྱིན་སོགས་ལ་སྤྱོད་པའོ་ཞེས་བྱ་བ་སྟེ། གང་དེ་ལྟར་སྤྱོད་པ་དེ་ཅི་ལ་སྤྱོད་པ་ཡིན། གསོལ་པ་བཅོམ་ལྡན་འདས་གང་དེ་ལྟར་སྤྱོད་པ་དེ་ནི་ཅི་ལ་ཡང་མི་སྤྱོད་དེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བྱང་ཆེན་ཡུམ་ལ་སྤྱོད་ཅིང་དེ་བཞིན་ཉིད་ལ་གནས་པ་ལ་ནི། ཀུན་ཏུ་སྤྱོད་པ་འདི་དག་མི་འབྱུང་ཞིང་མི་རྒྱུའོ། །ཞེས་སོ། །གཉིས་སུ་མེད་པ་ལ་ཟབ་པ་ནི། མཚན་མ་དང་མཚན་མ་མེད་པའི་འདུ་ཤེས་ཀྱིས་སྤྱོད་པ་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་རྟོགས་


JLD018_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་མེད་ཀྱང་ལམ་ཐམས་ཅད་བསྒྲུབ་པའོ་ཞེས་བྱ་བ་སྟེ། བྱང་ཆེན་གང་ཡུམ་ལ་སྤྱོད་པ་དེ་གང་ལ་སྤྱོད་པ་ཡིན་གསོལ་པ། བཅོམ་ལྡན་འདས་དེ་ནི་གང་ལ་གཉིས་ཀྱི་ཡོངས་སུ་རྒྱུ་བ་མ་མཆིས་པའི་དོན་དམ་པ་ལ་སྤྱོད་དོ། །ཞེས་སོ། །ཐབས་ལ་མཁས་པ་ལ་ཟབ་པ་ནི། ཀུན་རྫོབ་ཏུ་བསོད་ནམས་དང་ཡེ་ཤེས་ཀྱིི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་ལ་དོན་དམ་པར་དེའི་འབྲས་བུ་སངས་རྒྱས་ཉིད་མི་འཐོབ་པ་ཞེས་བྱ་བ་སྟེ། བྱང་ཆེན་ཡུམ་འདི་ལ་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་མ་བགྱིས་པར་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བཅོམ་ལྡན་འདས་འདི་ནི་བྱང་ཆེན་གྱི་ཐབས་མཁས་པ་སྟེ་ཞེས་སོ། །རྒྱན་སྣང་དུ་ཀུན་རྫོབ་་ཏུ་རྟོགས་པ་ལ་སོགས་པ་སྒྱུ་མ་ལྟ་བུའི་མཚན་ཉིད་དང་རྒྱུ་རྣམས་ཤེས་པར་བྱེད་ཅིང༌། དོན་དམ་པར་དེ་དག་མ་སྐྱེས་པས་མཚན་མེད་ཀྱི་དབྱིངས་ལ་འདྲིས་པར་བྱེད་པས་ཀུན་རྫོབ་ཏུ་མ་སྤངས་ཤིང་དོན་དམ་དུ་སྤངས་པ་ནི་འདིའི་སྤངས་པར་བཤད་དོ། །གཉིས་པ་ནི། དོན་ལ་མི་འགལ་ཡང་མངོན་ཞེན་ཅན་གྱི་ངོ་བོར་སྐྱེ་བ་སོགས་དེ་དག་ཕན་ཚུན་འགའ་བའི་དོན་སྒྲུབ་པ་སྟེ་འགལ་བ་འདུས་པ་ལྟར་སྣང་བས་ཟབ་པ་


JLD018_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པར་བཞག་པ་སྟེ། བརྒྱད་མཉམ་གཞག་ཏུ་རྟོགས་པ་དང་རྗེས་སུ་མཐུན་པའི་རྗེས་ཀྱི་ཐ་སྙད་ནི། སྒོམ་ལམ་པ་ཕྱིར་མི་ལྡོག་གི་རྟགས་ཡིན་ཏེ། མཐོང་ལམ་པ་ལ་བཤད་པ་ལྟར་རོ། །སྒོམ་ལམ་པས་དེ་དག་མི་འགལ་བར་རྟོགས་པ་ཅི་ཞེ་ན། མཐར་འཛིན་ཅན་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཐོབ་པའི་སྒོ་ནས་ཏེ་དེའི་ཕྱིར་རོ། །དེ་ཡིན་པར་ཡང༌། དེ་ལྟར་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཕྱིར་ན་ཕན་ཚུན་འགལ་བའི་དོན་རྗེས་སུ་བསྒྲུབས་པས་སྐྱེ་བ་ལ་སོགས་པ་ཟབ་པ་བརྒྱད་རྟོགས་པ་དང་རྗེས་མཐུན་པའི་ཐ་སྙད་ལ་འཇུག་པའི་ཕྱིར། སྐད་ཅིག་མ་བཅུ་དྲུག་དང་འདྲ་བར་སྒོམ་པའི་ལམ་ལ་གནས་པ་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པར་གཟུང་བར་བྱའོ། །ཞེས་རྒྱན་སྣང་ལས་སོ། །གསུམ་པ་ནི། རྫོགས་བྱང་ཐོབ་ཆེད་དུ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་དགེ་འདུན་གསུམ་དེ་མཚོན་པའི་མཚན་ཉིད་ཐ་མའི་ཞར་བྱུང་དང་བཅས་པ་བཤད་ཟིན་ཏོ། །གསུམ་པ་ནི་རྒྱུད་ལ་བསྐྱེད་ནས་སྒོམ་པའི་རིམ་པའི་གསུམ་པ་གང་ཟག་དེའི་སྒོམ་རིམ་གྱི་ས་བཅད་སྤྲོ་ཞིང༌། དང་པོར་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་སྐོར་ལ་མཐའ་བཅད་པ།གསུམ་པ་ལ་གསུམ། བརྟེན་པ་སངས་རྒྱས་ཐོབ་པར་བྱེད་པ། རྟེན་ཞིང་གཉིས་དག་པར་བྱེད་པ། སངས་རྒྱས་ཀྱིས་ཞིང་དེར་དོན་མཛད་པའི་རྒྱུའོ། །དང་པོ་ལ་གཉིས། མཐའ་བཅད་པ་དང་ཚིག་གི་དོན་ནོ། །དང་པོ་ནི། འཕགས་པས་འདི་ཡན་ཆད་ཀྱིས་སློབ་པ་དང༌། འདི་ནས་མི་སློབ་པའི་དགེ་འདུན་བསྟན་པར་གསུངས་ཤིང་རྣམ་འགྲེལ་དང་རྒྱན་་སྣང་དུ་ཡང་དེ་ལྟར་རོ། །འདིར་མི་སློབ་པ་སངས་རྒྱས་ལའམ། ས་བརྒྱད་པ་


JLD018_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་ལ་འདོད། །དང་པོ་ལྟར་ན། སྲིད་ཞི་མཉམ་ཉིད་དུ་སྒོམ་མཁན་བྱང་སེམས་ཡིན་པས་མི་འཐད་ཅིང་ཞིང་དག་སྦྱོར་དང་ཐབས་མཁས་སྦྱོར་བ་ཡང་སངས་རྒྱས་ལ་འདོད་དགོས་སོ། །གཉིས་པ་ལྟར་ན། འདི་ཡན་ཆད་དུ་སློབ་པའི་དགེ་འདུན་བཤད་པར་གསུངས་པ་དེས་བདུན་པ་མན་ཆད་ཙམ་ཞིག་བཤད་པར་འགྱུར་ལ། འདོད་ན། སྒོམ་ལམ་པ་ཕྱིར་མི་ལྡོག་ལ་སྒོམ་ལམ་ཆུང་འབྲིང་དགུ་ཀ་ལ་གནས་པ་མ་བཤད་པར་འགྱུར་ཞེ་ན། །ཐུབ་དགོངས་སུ་ནི་འཕགས་པའི་དགོངས་པས་མི་སློབ་པ་སངས་རྒྱས་ལ་བྱེད་པར་འདོད་དེ། ཇི་སྐད་དུ། དངོས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆོས་ཀྱི་སྐུའི་ནང་དུ་འདུས་པ་སྲིད་པ་དང་ཞི་བ་མཉམ་པ་ཉིད་ཀྱི་བདག་ཉིད་འབྲས་བུ་ཁོ་ནའོ། །ཞེས་བཤད་ནས་དེའི་ཤེས་བྱེད་ལ། དེ་ལྟར་ནི་འཕགས་པས། སྲིད་དང་ཞི་བ་མཉམ་ཉིད་དང༌། །ཞེས་པའི་འགྲེལ་པར་གསུངས་པ་དང་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བརྗོད་པར་བྱའོ། །མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་གསལ་བར་བྱ་བའི་དོན་དུ་སྟེ་དེ་གཉིས་མཉམ་པ་ཉིད་དུ་རྟོགས་པ་ལས་ནི་མི་སློབ་པར་འགྱུར་རོ། །ཞེས་སོ་ཞེས་འདྲེན་ནོ། །ཁ་ཅིག་ས་བརྒྱད་པ་ཡན་ཆད་འབད་རྩོལ་ཞི་བའི་ས་ཡིན་པས་མི་སློབ་པར་བཏགས་པའོ་ཞེས་འདོད་དོ། །འདིར་ཉི་སྣང་ལས། བསླབ་པར་བྱ་བ་ནི་འདི་ཙམ་དུ་ཟད་དེ། འདི་ལྟ་སྟེ་ཀུན་ནས་ཉོན་མོངས་པའི་རྣམ་པར་རྟོག་པ་སྤང་བར་བྱ་བ་དང༌།


JLD018_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བྱང་བའི་རྣམ་པར་རྟོག་པ་སྤང་བར་བྱ་བའི་ཕྱིར་རོ། །དེ་གཉིས་ཀ་མཉམ་པ་ཉིད་དུ་རྟོགས་པས་ནི་མི་སློབ་པར་འགྱུར་ཏེ། དེ་ཕན་ཆད་བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །ཞེས་དང༌། འདི་ཕན་ཆད་མི་མཐུན་པ་དང་གཉེན་པོའི་རྣམ་པར་རྟོག་པའི་གནས་སྐབས་ཡོངས་སུ་གཏུགས་པའི་དབང་དུ་བྱས་ནས་དེ་གཉིས་ཀ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་འཁོར་བ་རྨི་ལམ་དང་འདྲ་བར་དགོངས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིན་མོ་སྒོམ་པ་རྣམ་པར་འཕེལ་བ་བཀག་པས་རྨི་ལམ་དུ་རྟོགས་པའི་སྒོམ་པ་རྣམ་པར་འཕེལ་བ་བཀག་པ་དང༌། ཞེས་སོ། །འདི་ནས་བསླབ་བྱ་མེད་པ་དང་རྟོག་པ་གཉིས་པོ་རྫོགས་པར་སྤངས་པ་དང་མི་རྟོག་ཡེ་ཤེས་སྒོམ་པ་འཕེལ་བ་བཀག་པར་གསུངས་ལ། སློབ་ལམ་ན་ནི་སྒོམ་པ་ཁྱད་པར་དུ་འགྲོ་དགོས་ཤིང་བསླབ་པར་བྱ་བ་མ་རྫོགས་པས་སངས་རྒྱས་ལ་བྱེད་པ་འཐད་པ་ལྟར་སྣང་ཡང་སྐབས་མིན་པ་དང༌། དགེ་འདུན་དུ་གསུངས་པ་དང༌། རྒྱུད་བླའི་འགྲེལ་པར་དག་ས་གསུམ་ལ་གནས་པ་ལ་མཐར་ཐུག་པའི་སེམས་སུ་གསུངས་པས་ས་བརྒྱད་པ་ཡན་ལ་གཟུང་ངོ༌། །དེ་ལྟར་ན་བསླབ་བྱ་མེད་པ་སོགས་བཤད་པ་ནི་རགས་པ་དང་སྔར་སློབ་པ་དང་ཕྱིས་མི་སློབ་པར་བཤད་པ་ནི་སྔ་མར་གཙོ་ཆེ་བ་ལ་དགོངས་སོ། །ཐོབ་བྱེད་ཀྱི་ནུས་པ་གསུམ་ཡང་ཕྱིར་མི་ལྡོག་གི་རྟེན་གྱིས་སྒོམ་པ་གཞུང་གི་རིམ་པ་ལས་འཐོབ་པས་སྦྱོར་བ་འདི་གསུམ། །སྦྱོར་ལམ་ནས་གཞག་གོ །དེ་ཡང་གཙོ་བོའི་དབང་དུ་བྱས་ཀྱི་ཞིབ་ཏུ་དཔྱད་ན་ཚོགས་ལམ་ནས་ཀྱང་གཞག་


JLD018_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། འདི་གསུམ་ནི་ཆོས་རྣམས་སྤྲོས་བྲལ་དུ་སྒོམ་པ་དང་ཞིང་དག་པར་བྱེད་པ་དང་སེམས་ཅན་སྨིན་པར་བྱེད་པ་གསུམ་ཡིན་ལ་དེ་གསུམ་མི་བྱེད་ན་བྱང་སེམས་མ་ཡིན་པར་འགྱུར་བས་སོ། །གལ་ཏེ་ཐབས་མཁས་ཀྱི་སྦྱོར་བ་སོ་སྐྱེ་ལ་མེད་དེ། ཡོད་ན་སྦྱོར་བ་དང་པོ་ཡོད་དགོས་པ་ལ། དེ་མེད་དེ་བདུད་བཞི་བཅོམ་པ་མེད་པས་ཤེ་ན། ཐབས་མཁས་ནི་དུས་དང་དུས་མ་ཡིན་པ་ཤེས་པ་ཡིན་ལ་དེ་དེར་ཡོད་ཅིང་ཁྱབ་པ་ཡང་མེད་དེ། རྣམ་མཁྱེན་མེད་ཀྱང་མངོན་རྟོགས་བརྒྱད་གང་རུང་མེད་པ་མིན་པ་བཞིན་ནོ། །གཉིས་པ་ནི་སྲིད་ཞི་མཉམ་ཉིད་ཀྱི་གཉིས་པ་ཚིག་དོན་ཏེ། ལས་མེད་པ་སོགས་ཀླན་ཀ་བཞི་རིམ་གྱིས་སྤང་བའི་སྐོར་བཤད་པ།གཉིས་པ་ལ་གསུམ་ལས། དང་པོ་ནི། ཕྱིར་མི་ལྡོག་གི་འོག་ཏུ་སངས་རྒྱས་ཉིད་འཐོབ་པའི་རྒྱུ་མཚན་ཏེ་རྒྱུ་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པ་གསུངས་ཏེ། སློབ་པ་ཕྱིར་མི་ལྡོག་གི་ཚོགས་དགེ་འདུན་གྱིས་ཕྱིར་མི་ལྡོག་པའི་ཆོས་རྟགས་ཐོབ་པ་ནི། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་དུ་མཉམ་ཉིད་སྒོམ་པ་ལ་འབད་དགོས་པས་སོ། །མདོ་འབྲེལ་ནི། ཟབ་མོ་བརྒྱད་པར་རྣམ་ཐར་སྒོ་གསུམ་ལ་གནས་ནས་སེམས་ཅན་སྨིན་པར་བྱེད་པ་ལ་གསུངས་པ་ལ། ཤཱ་རིའི་བུས་རབ་འབྱོར་ལ་བྱང་ཆེན་གྱིས་རྨི་ལམ་དུ་དེ་གསུམ་ལ་ཞུགས་ན་ཡུམ་གྱིས་འཕེལ་ལམ་ཞེས་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། ཀླན་ཀ་སྤང་བའོ། །དང་པོ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན་རྨི་ལམ་ན་བསྒོམ་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེན། རྨི་ལམ་དང་


JLD018_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་པར་ནི་རྣམ་པར་རྟོག་པ་མེད་དོ་ཞེས་གསུངས་པ་བསྟན་བཅོས་སུ་བསྡུས་པ་ནི། བྱང་སེམས་ཀྱིས་ནི་འཁོར་འདས་ཀྱི་ཆོས་རྣམས་རྨི་ལམ་དང་འདྲ་བར་བདེན་མེད་དུ་རྟོགས་པའི་ཕྱིར་སྲིད་པ་དང་ཞི་བ་ལ་བླང་དོར་ཐ་དད་དུ་རྣམ་པར་མི་རྟོག་ཅེས་པའོ། །དེ་ལ་རྨི་ལམ་དང་ཉིན་པར་གྱིས་འཁོར་བ་དང་མི་རྟོག་ཡེ་ཤེས་བསྟན་ཏེ། འཁྲུལ་པའི་གཉིད་ལས་མ་སད་པ་དང་སད་པའི་ཕྱིར་དེ་དག་དང་ཆོས་མཐུན་ནོ། །ཉིན་པར་འཕེལ་ན་ཞེས་པ་ནི་ཉིན་པར་སྤྱོད་པས་ཡུམ་འཕེལ་ན་ནི་གོམས་མཐུས་རྨི་ལམ་དུ་ཡང་འཕེལ་ན། ཇི་ལྟར་ཉིན་པར་མི་འཕེལ་བ་བཞིན་དུ་རྨི་ལམ་དུ་ཡང་མི་འཕེལ་ལོ། །དེའི་རྒྱུ་མཚན་ནི་རྨི་ལམ་དང་ཉིན་པར་གཉིས་ལ་སྤང་བྱ་དང་བླང་བྱར་རྟོག་པ་མེད་པས་སོ། །མདོར་ན་འཕེལ་བ་ནི་མཚོན་པ་ཙམ་ཡིན་པས་གཉེན་པོ་འཕེལ་པ་དང་སྤང་བྱ་འགྲིབ་པའི་ཁྱད་པར་དོན་དམ་པར་མེད་དེ། སྤང་གཉེན་དུ་བརྟག་པར་བྱ་བ་མེད་པས་སོ་ཞེས་པས་ནི་ཡུལ་སྟེང་དུ་སྲིད་ཞི་མཉམ་པ་ཉིད་ཡིན་ལ། བྱང་སེམས་དང་སངས་རྒྱས་ཀྱིས་ཀྱང་བླང་དོར་དུ་མི་རྟོག་པས་སྤང་གཉེན་ལ་འཕེལ་འགྲིབ་ཐ་དད་དུ་མི་འཛིན་པ་ནི་བློ་ངོར་མཉམ་པའོ། །ཉི་སྣང་ལས། རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་རྣམ་པར་རྟོག་པ་ཡིན་པའི་འཐད་པས་གང་གསུངས་པ་ཡིན་ནོ་ཞེས་པ་ནི་རྣམ་འགྲེལ་ལས། མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་འཐད་པ་ཡིན་ནོ་ཞེས་བསྒྱུར་བ་ལྟར་བདེའོ། །གཉིས་པ་ནི།


JLD018_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མེད་པ་དང༌། སོགས་པས་ལས་ འབྲས་དོན་དམ་དུ་ཐལ་བ་དང༌། ལུང་དང་འགལ་བ་དང༌། རྨི་ལམ་ན་ལས་གསོག་པའི་ཀླན་ཀ་བཞི་དང༌། དེའི་ལན་བཞི་ནི་མདོ་ལས། ཇི་སྐད་བཤད་པར་ཟད་ཅེས་ཏེ་མདོར་བཤད་པ་ལྟར་ཤེས་པར་བྱའོ་ཞེས་པའོ། །དེ་ལ་ཀླན་ཀ་དང་པོ་ནི། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆེན་གྱིས་རྨི་ལམ་དུ་ལས་གང་གི་བྱས་པའི་ལས་དེ་ལ་གསོག་པའམ་འབྲི་བར་འགྱུར་བ་ཡོད་དམ། ཞེས་པའོ། །དེའི་དོན་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་རྨི་ལམ་དང་འདྲ་ན་ཉིན་པར་ཡང་སྦྱོར་དངོས་མཇུག་གིས་བསྡུས་པའི་དགེ་སྡིག་གི་ལས་ཉམས་འཕེལ་མེད་པར་ཐལ་ཏེ་རྨི་ལམ་བཞིན་ནོ་སྙམ་པའོ། །བརྒྱད་སྟོང་པར་སྐྱེས་པའམ་བུད་མེད་གང་རྨི་ལམ་ན་དགེ་བའམ་མི་དགེ་བའི་ལས་ཤིག་བྱེད་ན་ཅི་དེའི་ལས་གསོག་པའམ་ཉེ་བར་གསོག་པར་འགྱུར་རབ་ཞེས་འབྱུང་ངོ༌། །དེ་ལ་སོགས་པ་ནི་རང་གི་ངོ་བོས་གསོག་པའོ། །ཉེ་བར་གསོག་པ་ནི་འབྲས་བུ་བསྐྱེད་པའི་ནུས་པ་དང་ལྡན་པའོ། །ལན་དང་པོ་ནི། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་དེ་ལྟར་ན་དེ་ལས་གསོག་པའམ་འབྲི་བར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། །རྨི་ལམ་གྱི་ཆོས་གང་ཡང་གསོག་པའམ་འབྲི་བ་མི་དམིགས་པའི་ཕྱིར་རོ། །འོན་ཏེ་སད་ནས་རྣམ་པར་རྟོག་ན་ནི་དེ་ལ་གསོག་པའམ་འབྲི་བར་ཡང་འགྱུར་རོ། །ཞེས་པའོ། །དོན་ནི་ཆོས་ཐམས་ཅད་རྨི་ལམ་བཞིན་


JLD018_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མི་བདེན་པར་གསུངས་པའི་ཕྱིར། །དོན་དམ་པར་བྲི་འཕེལ་མེད་པ་འདོད་དེ། །རྨི་ལམ་བཞིན་རང་བཞིན་མེད་པ་ཡིན་ན་དེའི་ཆོས་ལ་འབྲི་འཕེལ་མི་དམིགས་པས་སོ། །ཀུན་རྫོབ་ཏུ་ནི་དཔེ་མ་གྲུབ་སྟེ། རྨི་ལམ་ན་ལས་སྤྱད་པ་ལ་སད་ནས་ཡི་རང་ན་བྲི་འཕེལ་ཡོད་པས་སོ། །དེའི་ཅིའི་ཕྱིར་ཀུན་རྫོབ་ཏུ་ནི་ཁྱབ་པ་ཡང་མ་གྲུབ་བོ། །དེ་དག་གིས་ནི་ལས་དང་དེའི་འབྲས་བུའི་འབྲེལ་པ་རྣམས་ཀུན་རྫོབ་ཏུ་བརྡའ་ལས་བྱུང་བ་ཙམ་དུ་བསྟན་ཏོ། །གནོད་འཇོམས་གཉིས་ཀར་འོན་ཏེ་སད་ནས་ཞེས་སོགས་འདི་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པར་བཤད་ཀྱང་ཉི་སྣང་དང་ལེ་བརྒྱད་མར་རབ་འབྱོར་གྱིས་སྨྲས་པའི་ཚུལ་དུ་མཛད་ཅིང་བརྒྱད་སྟོང་པར་ཡང་དེས་སྨྲས་པར་འབྱུང་ངོ༌། །ཀླན་ཀ་གཉིས་པ་ནི། རབ་འབྱོར་གྱིས་སྨྲས་པ། ཉིན་པར་སྲོག་བཅད་པ་དང་རྨི་ལམ་ན་སྲོག་བཅད་པ་དེ་ལ་འདི་སྙམ་དུ་དེ་བདག་གིས་བསད་དོ་བདག་གིས་བསད་པ་ལེགས་སོ་ཞེས་སད་དེ་རྣམ་པར་རྟོག་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་དེ་ལ་ཁྱོད་ཇི་སྐད་ཟེར། ཅེས་པའོ།།དེའི་དོན་ནི་ཉི་སྣང་ལས། ལས་དེ་ལ་ཁྱོད་ཇི་སྐད་སྨྲ་ཞེས་བྱ་བ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་རང་བཞིན་ཡོངས་སུ་དྲིས་པས་གཉེན་པོ་འགལ་བ་ཡིན་ཀྱང་རྣམ་པར་རྟོག་པ་རྗེས་སུ་འཇུག་པར་ཐལ་བས་དེ་དོན་དམ་པ་ཉིད་དུ་ཡང་དག་པར་སྟོན་པའི་དོན་གྱིས་དེ་ལྟར་བརྩད་པ་ཡིན་ནོ། །ཞེས་སོ། །དོན་ནི་གོང་དུ་རྗེས་ཤེས་ཀྱིས་གསོས་པས་རྨི་ལམ་གྱི་ལས་བྲི་འཕེལ་ཡོད་པར་བསྟན་པ་ལ་འཕྲོས་ནས་ཉིན་པར་སྲོག་བཅད་པ་ཡང་དག་པའི་ལས་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next