Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  collapse section
   
   
   
   
ཤོག་ལྷེབ་ ༣༠༡ ནས་ ༣༢༦ བར།
  collapse section
   
   
   
   
   
   
   
   
   
   
   
   


 
previousཤོག་ལྷེབ་ ༣༠༡ ནས་ ༣༢༦ བར།next

ཤོག་ལྷེབ་ ༣༠༡ ནས་ ༣༢༦ བར།


JLD018_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྨི་ལམ་དུ་སྲོག་བཅད་པ་ཡང་དག་མིན་པའི་ལས་ལ་ཁྱེད་ཅི་ཟེར་ཞེས་དྲིས་པས། ཤུགས་ལ་རྨི་ལམ་གྱི་ལས་ལ་གཉེན་པོ་འགལ་བ་སྟེ་རིགས་པ་ཡང་དག་གིས་གནོད་ཀྱང་དེ་དོན་དམ་དུ་ཡོད་པར་ཐལ། རྗེས་ཤེས་ཀྱི་དོན་དམ་གྱི་དངོས་པོར་ཞེན་པའི་རྣམ་རྟོག་འཇུག་པས་སོ་ཞེས་བརྩད་པའོ། །གལ་ཏེ་རབ་འབྱོར་རང་ཉིད་ཀྱིས་སྔར་རྗེས་ཤེས་ཀྱིས་གསོས་ན་ལས་ཡོད་པར་བསྟན་པ་ལ་སླར་རང་གིས་དེ་ལྟར་རྩོད་པ་མ་འབྲེལ་ཞེ་ན། བདེན་མོད་ཀྱང་རང་གི་ཁས་བླངས་དེ་ལ་དོགས་པ་དེ་འཇུག་པས་ཁོང་སློང་མཛད་ནས་དོགས་པ་འདི་འདྲ་བ་བྱུང་ན་ཁྱེད་ལན་ཅི་འདེབས་ཞེས་ཤཱ་རིའི་བུ་ལ་དྲིས་ནས་དེ་ཉིད་རང་གི་ཡང་ལན་དུ་བསྟན་པའོ། །ཡང་ན་རྣམ་འགྲེལ་ལས། ཁྱོད་ཅི་ཟེར་ཞེས་བྱ་བ་ནི་བདེན་པ་དང་བདེན་པ་མ་ཡིན་པ་དྲིས་པ་ཡིན་ཏེ། གཉེན་པོའི་ཕྱོགས་རྟོགས་སུ་ཟིན་ཀྱང་རྣམ་པར་རྟོག་པ་རྗེས་སུ་འཇུག་པ་སྐྱེ་བའི་ཕྱིར་དེ་ནི་དོན་དམ་པ་བསྟན་པའི་ཕྱིར་རྒོལ་བ་ཡིན་ནོ། །ཞེས་འབྱུང་བས་ན་རབ་འབྱོར་རང་ཉིད་ཀྱིས་ཀླན་ཀ་དེའི་གཉེན་པོའམ་ལན་རྟོགས་ཀྱང་ཤཱ་རིའི་བུ་ལ་ལས་དེ་བདེན་མི་བདེན་ཇི་ལྟ་བུ་ཡིན་དྲིས་པ་ནི། སྔར་རྣམ་རྟོག་གིས་གསོས་འེབས་ཡོད་པས་ལས་གསོག་འབྲི་ཡོད་པར་བསྟན་པ་དེའི་ལས་འབྲས་ཀྱི་འབྲེལ་བ་དོན་དམ་པ་ཉིད་དུ་སྟེ་ཇི་ལྟ་བ་བཞིན་བསྟན་པའི་ཕྱིར་ཡིན་ནོ། །དེ་ཡང་སྔར་རྗེས་ཀྱི་རྣམ་རྟོག་འཇུག་པས་ལས་བྲི་འཕེལ་ཡོད་པར་བསྟན་པའི་ལས་འབྲས་ཀྱི་འབྲེལ་པར་བརྡའ་ལས་བྱུང་བར་བསྟན་པ་དེ་སླར་ཡང་ངེས་


JLD018_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་ཤཱ་རིའི་བུ་ལ་དྲིས་ནས་དེ་དང་མཐུན་པའི་ལན་འདེབས་སུ་འཇུག་པའོ། །ལན་གཉིས་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དམིགས་པ་མེད་པར་ལས་མི་སྐྱེ་སྟེ་ལས་ནི་དམིགས་པ་དང་བཅས་པ་ཁོ་ནར་སྐྱེའོ། །དམིགས་པ་མེད་པར་སེམས་མི་འབྱུང་སྟེ་སེམས་ནི་དམིགས་པ་དང་བཅས་པ་ཁོ་ནར་སྐྱེའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། དམིགས་པ་མེད་པར་ལས་མི་སྐྱེའོ་དམིགས་པ་མེད་པར་སེམས་པ་མི་འབྱུང་ངོ༌། །དམིགས་པ་དང་བཅས་པར་ལས་སྐྱེ་སྟེ་དམིགས་པ་མེད་པར་མ་ཡིན་ནོ། །དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ་དམིགས་པ་མེད་པར་མ་ཡིན་ནོ། །ཞེས་སོ། །དོན་ནི་ཉི་སྣང་ལས། དམིགས་པ་དང་བཅས་པ་ལས་ལས་སྐྱེ་བར་ཁས་བླངས་པའི་ཕྱིར་དང་དམིགས་པ་མེད་པར་ལས་སྐྱེ་བ་བཀག་པའི་ཕྱིར་ན་སླར་དེ་བརྡ་ལས་བྱུང་བ་ཉིད་དུ་གསུངས་པ་ཡིན་ནོ། །ཞེས་པ་ལྟར་ཏེ་ལས་ནི་མངོན་ཞེན་གྱི་བློས་བྱས་པར་བསྟན་པས་ལས་འབྲས་ཀྱི་འབྲེལ་པ་ཡང་བརྡ་ལས་བྱུང་བར་གསུངས་སོ། །དེ་ལྟར་རྩོད་ལན་དེ་གཉིས་ཀྱིས་སྔར་ལས་མེད་དུ་བསྟན་པའི་ལས་འབྲས་ཀྱི་འབྲེལ་བ་ལ་དོགས་པ་བཅད་པ་འདི་ཉི་སྣང་ལེ་བརྒྱད་མ་རྣམ་འགྲེལ་རྣམས་ཀྱི་དགོངས་པར་སྣང་ཡང༌། ཊིཀ་བྱེད་སྔ་ཕྱི་རྣམས་ཀྱིས་ནི་འདི་མ་ཐོན་པར་དེ་བཞིན་གཤེགས་པ་ལ་ལས་གསོག་པ་ཡོད་པར་ཐལ་བའི་རྩོད་ལན་འབའ་ཞིག་བྱེད་པ་ནི། བརྒྱད་སྟོང་པའི་མདོ་དང་ལེ་བརྒྱད་མ་གཉིས་ཀྱི་ཁྱད་མ་ཕྱེད་པ་དང་ཉི་སྣང་གི་


JLD018_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་ཚིག་དེ་བརླིང་དྲགས་པས་ནོངས་སོ། །བརྒྱད་སྟོང་པར་ནི་རྗེས་ཀྱི་ཡི་རང་གིས་གསོས་ན་རྨི་ལམ་གྱི་དགེ་སྡིག་ལ་སོག་ཉེར་སོག་ཡོད་པར་རབ་འབྱོར་གྱིས་སྨྲས་པ་ན། ཤཱ་རིའི་བུས་དེ་བཞིན་གཤེགས་པ་ལ་ཡང་ལས་གསོག་པ་ཡོད་དེ། བདག་གི་སྐྱེ་བ་ཟད་དོ་ཞེས་རྣམ་པར་རྟོག་པ་འཇུག་པས་སོ་ཞེས་ཧ་ཅང་ཐལ་བར་བརྩད་ནས་ལན་དུ་དེ་བཞིན་གཤེགས་པ་ལ་རྟོག་པ་དང་རྣམ་རྟོག་མེད་པ་དང༌། ནམ་མཁའ་ལྟ་བུར་གསུངས་ཤིང་སྔར་དྲངས་པའི་ལན་གཉིས་པའི་མདོ་རྣམས་འབྱུང་བ་དེ་ཡང་རབ་འབྱོར་གྱིས་བཤད་ཀྱི་ཤཱ་རིའི་བུས་སྨྲས་པ་མེད་དོ། །གནོད་འཇོམས་ཆུང་བར་གལ་ཏེ་སད་ནས་རྣམ་པར་རྟོག་ན་ལས་དེ་ལ་གསོག་པའམ་འབྲི་བར་ཡང་འགྱུར་རམ་ཞེས་ཤཱ་རིའི་བུས་དྲིས་པ་དང༌། རབ་འབྱོར་གྱིས་ཇི་སྐད་སྨྲ་ཞེས་སོགས་ཤཱ་རིའི་བུ་ལ་ཀུན་རྫོབ་ཏུ་རྨི་ལམ་དང་ཉིན་པར་གྱི་ལས་ཀྱི་ཁྱད་པར་བསྟན་པའི་ཕྱིར་དྲིས་སོ། །དེ་ནས་ཤཱ་རིའི་བུས་དམིགས་པ་མེད་པར་ལས་དང་སེམས་པ་མི་འབྱུང་བར་བསྟན་པས་ནི་རྨི་ལམ་དང་ཉིན་པར་གཉིས་ཀྱི་ལས་ཀྱི་ཁྱད་པར་བསྟན་ཏེ། གཉིད་མ་ལོག་པའི་ཚེ་ལས་བྱས་པ་ནི་དམིགས་ཡུལ་དང་བཅས་པ་རྨི་ལམ་གྱི་ཚེ་བྱས་པ་ལ་སད་ནས་ཡི་རང་བ་ནི་དམིགས་པའི་ཡུལ་མེད་པས་ལས་སྟོབས་ཆེ་ཆུང་ཡོད་པར་བསྟན་ཅེས་འཆད་དོ། །ཀླན་ཀ་གསུམ་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ལས་ཐམས་ཅད་དང་སེམས་པ་ཐམས་ཅད་དབེན་པའོ་ཞེས་བཅོམ་ལྡན་འདས་


JLD018_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གསུངས་ན་དེ་ཇི་ལྟར་དམིགས་པ་དང་བཅས་པར་ལས་སྐྱེ་སྟེ་དམིགས་པ་མེད་པར་མ་ཡིན། དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ་དམིགས་པ་མེད་པར་མ་ཡིན། ཞེས་པའོ། །ལན་གསུམ་པ་ནི། རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ནས་དམིགས་པ་དང་བཅས་པར་ལས་སྐྱེ་སྟེ་དམིགས་པ་མེད་པར་མ་ཡིན། དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ་དམིགས་པ་མེད་པར་མ་ཡིན་ནོ། །ཞེས་པ་སྟེ། དབེན་པ་དོན་དམ་དུ་ཡིན་ལ་ཡོད་པ་མཚན་འཛིན་ཅན་གྱི་ངོར་ཡིན་ཞེས་པའོ། །ཀླན་ཀ་བཞི་པ་ནི། རབ་འབྱོར་གལ་ཏེ་བྱང་ཆེན་གྱིས་རྨི་ལམ་དུ་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག་ཤེས་རབ་བསྒོམས་ཏེ་དགེ་བའི་རྩ་བ་དེ་ཡང་བླ་མེད་རྫོགས་བྱང་དུ་ཡོངས་སུ་བསྔོས་ན་དེས་བླ་མེད་རྫོགས་བྱང་དུ་ཡོངས་སུ་བསྔོས་པར་འགྱུར་རམ། ཞེས་པའོ། །ལན་བཞི་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆེན་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པ་བཅོམ་ལྡན་འདས་ཀྱིས་ཕྱིར་མི་ལྡོག་པར་ལུང་བསྟན་པ་འདི་མངོན་དུ་གྱུར་ན། འདི་ལ་དྲིས་ཤིག་དང་འདིས་ལན་ལྡོན་པར་འགྱུར་རོ། །ཞེས་བྱམས་པ་ལ་ཁ་འཕངས་ལ། དེས་ཀྱང༌། བདག་གིས་ནི་གང་ལ་ལན་ཀློན་པ་དང༌། གང་གིས་ལན་ཀླན་པ་དང་གང་ལན་ཀླན་པའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཞེས་སོ། །དེ་ལྟར་རབ་འབྱོར་གྱིས་ལན་མ་བཏབ་པ་ནི་དྲི་བ་འདིའི་


JLD018_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་པ་ཉིད་ཀྱིས་མ་འོངས་པའི་སངས་རྒྱས་བརྒྱུད་མར་འབྱུང་བས་དྲི་བ་འདི་མ་རྫོགས་པར་བསྟན་པ་ཡིན་ཏེ། དེ་ཡོངས་སུ་རྫོགས་ན་མ་འོངས་པའི་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དོན་མེད་པར་འགྱུར་རོ་ཞེས་ཉི་སྣང་ལས་སོ། །སྔར་རྨི་ལམ་ན་ལས་འབྲས་ཡོད་པར་ཁས་བླངས་པ་འདིའི་ཡང་ལན་བཏབ་ཟིན་པས་ན་བཏབ་ཟིན་པའི་དོན་ལ་ཡང་དོགས་པར་བྱེད་ན་མཐའ་ཡས་པས་སེམས་རྣལ་དུ་གནས་པས་སུ་ཞིག་ལན་འདེབས་སྙམ་པའི་བསམ་པས་བྱམས་པ་ལ་དྲིས་ཤིག་ཅེས་སྨྲས་པར་རྒྱན་སྣང་ལས་ཏེ། འདི་གཉིས་དང་རྣམ་འགྲེལ་ནི་བྱམས་པས་ཀྱང་འདིའི་ལན་མ་བཏབ་པར་བཞེད་དོ། །ཤཱནྟིས་ནི་བརྒལ་ལན་གསུམ་དུ་མཛད་དོ། །དང་པོ་ནི་ཇི་ལྟར་རྨི་ལམ་ན་ལས་མ་བསགས་པའི་ཕྱིར་སྦྱིན་སོགས་དང་འཚེ་བ་སོགས་ལས་བསོད་ནམས་དང་སྡིག་ཏུ་མི་འགྱུར་བ་བཞིན་དུ་སད་པ་ན་ཡང་མི་འགྱུར་རོ་ཞེས་རྒོལ་བའི་ལན་དུ། རྨི་ལམ་དུ་སྲོག་ཆགས་བསད་པ་ལ་སད་ནས་ཡི་རང་བྱེད་ན་དེ་ལས་སྡིག་ཏུ་འགྱུར་རམ་ཞེས་སླར་དྲིས་པ་ལ་ཤཱ་རིའི་བུ་རང་ཉིད་ཀྱིས་དམིགས་བཅས་ལས་ལས་སྐྱེ་བ་སོགས་སྨྲས་སོ། །གལ་ཏེ་སད་པའི་རྟོག་པས་རྨི་ལམ་གྱི་ལས་དམིགས་པའི་རྒྱུ་མཚན་གྱིས་དེའི་ལས་འབྲས་ཡོད་པར་འདོད་ན་སད་པའི་ཚེ་རྣམ་པར་རྟོག་པས་དམིགས་པས་ཤིན་ཏུ་ཡང་འབྲས་བུ་དང་བཅས་དགོས་ཞེས་ལན་མཛད་དེ་དང་པོ་གཉིས་གཅིག་ཏུ་བསྡུས་སོ། །གཉིས་པ་ལུང་དང་འགལ་


JLD018_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒོལ་ལན་འདྲའོ། །གསུམ་པ་ནི་རྨི་ལམ་དང་མཚན་མར་མི་བྱེད་པ་གཉིས་ཆོས་མཐུན་པས་དེར་མི་དམིགས་པ་ལ་རྨི་ལམ་གྱི་སྒྲས་བསྟན་ནས་རྨི་ལམ་ན་ཕྱིན་དྲུག་སྤྱོད་བསྔོས་ན་བསྔོ་བར་འགྱུར་མི་འགྱུར་དྲིས་ཏེ་མདོར་ན་མི་དམིགས་པ་ལ་གནས་ནས་ཕྱིན་དྲུག་སྤྱོད་ཅེས་དྲིས་པའོ། །མི་དམིགས་པའི་མཐར་སོན་པའི་རྫོགས་བྱང་གི་ཐབས་ནི་མི་དམིགས་པ་ཉིད་གཙོ་བོར་གྱུར་པས་དམིགས་པའི་གཉེན་པོ་མི་དམིགས་པའི་ཚུལ་ཉིད་རྨི་ལམ་ཡིན་ནོ། །ཞེས་ཟུར་གྱིས་བསྟན་ནས། བྱམས་པ་མི་དམིགས་པ་བརྙེས་པའི་མཐར་བྱོན་པ་ཡིན་པས་མི་དམིགས་པར་ཕྱིན་དྲུག་བསྔོས་པ་བསྔོ་བ་ཡིན་མིན་འདི་དོན་དྲིས་ཤིག་ཅེས་སྨྲས་ཤིང་དེས་ཀྱང་མི་དམིགས་པ་རྒྱས་པར་ཟུར་གྱིས་ལན་བཏབ་བོ་ཞེས་འཆད་དོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན་དང༌། ཀླན་ཀ་སྤང་པའོ། །དང་པོ་ནི། འཁོར་བ་མི་མཐུན་པ་དང་རྣམ་པར་བྱང་བ་གཉེན་པོ་རྣམས་སྣང་བརྙན་ནམ་གཟུགས་བརྙན་ཙམ་གྱི་ངོ་བོར་བསྒོམས་པས་སྣང་ཡང་རང་བཞིན་མེད་པ་རྨི་ལམ་དང་འདྲ་བ་ཉིད་དུ་རྟོགས་པའི་ཕྱིར་འཁོར་འདས་དག་ལ་བླང་དོར་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པས་ན་སྲིད་ཞི་མཉམ་པ་ཉིད་དེ། དབུ་མའི་རྩ་བ་ལས། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་སོ། །གཉིས་པ་ལ་གཉིས། རྩོད་པ་དང་ལན་ནོ། །དང་པོ་ནི། གཉིད་ལོག་བར་མ་ཟད་གཉིད་མ་ལོག་པ་སད་པའི་གནས་སྐབས་


JLD018_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་སྦྱིན་སོགས་དགེ་བ་དང་སྲོག་གཅོད་སོགས་མི་དགེ་བའི་ལས་མེད་པར་འགྱུར་བ་མ་ཡིན་ནམ་སྟེ་ཡིན་པར་ཐལ་ཏེ། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་རང་བཞིན་མེད་པར་ཉིད་ཡིན་པའི་ཕྱིར་ནའོ། །དཔེར་ན་གཉིད་ལོག་པ་རྨི་ལམ་གྱི་གནས་སྐབས་བཞིན་དུའོ། །ཁྱབ་པ་ཡོད་དེ། རྨི་ལམ་བཞིན་རང་བཞིན་མེད་ན་མི་དགེ་བ་བཅུ་དང་སྦྱིན་སོགས་རྣམས་མེད་དགོས་པས་ཞེས་བྱ་བ་ནི་ལས་མེད་པར་བརྩད་པའི་ཀླན་ཀའོ། །སློབ་དཔོན་ཤཱནྟི་པས། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །ཞེས་པའི་མདོར་ཆོས་སོ་བདུན་ནས་རྣམ་མཁྱེན་གྱི་བར་གསུངས་པ་དེ་དག་རྩ་བའི་རྣམས་ཞེས་པ་དེ་མང་པོའི་ཚིག་སོགས་ཀྱི་དོན་ཡིན་པས་དེས་བསྡུས་གསུངས་པ་དང༌། འདིའི་རྣམས་ཞེས་པ་གཉིས་ཀྱང་མཚུངས་པས་འདིར་ཡང་ཀླན་ཀ་ལྷག་མ་རྣམས་སོགས་དོད་རྣམས་ཞེས་པས་བསྡུས་ཏེ་སོགས་ཀྱི་འགྲེལ་པའོ། །གཉིས་པ་ནི། དེ་ལྟ་བུའི་ཀླན་ཀ་རྣམས་ཀྱི་ལན་ནི་འོག་ནས་འཆད་པ་འདི་དག་སྟེ། འདི་ལ་གཉིས། ཀླན་ཀ་དང་པོའི་ལན་དང༌། ལྷག་མའི་རྩོད་ལན་མ་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ། དོན་མི་འཐད་པ། དཔེ་མ་གྲུབ་པའི་ལན། དེས་གྲུབ་པའི་དོན་ནོ། །དང་པོ་ལ་གཉིས་རྩོད་པ་དང༌། ལན་མཚུངས་པར་བསྟན་པའོ། །དང་པོ་ལ་གཉིས། ཐལ་བ་དགོད་པ་དང༌། ཉེས་སྤོང་གི་ལན་ནོ། །དང་པོ་ནི། རྩོད་པ་དེ་ལ་མགོ་མཚུངས་ཀྱི་ཐལ་བ་འཕང་སྟེ། ཉེས་མཚུངས་ཀྱི་ལན་གྱིས་རྩོད་ཟླ་ཆོམས་པར་འགྱུར་བས་སོ། །ཇི་ལྟར་


JLD018_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ན་དོན་སྨྲ་ཁྱེད་ལ་ཡང་སྲོག་གཅོད་ཀྱི་མི་དགེ་བ་མེད་པར་ཐལ་ཏེ། གསད་བྱའི་སྲོག་དབང་དེ་གསོད་པ་པོས་མཚོན་བསྣུན་པ་སོགས་ཀྱི་འཇིག་རྒྱུ་ལ་ལྟོས་པ་མེད་པར་རང་གི་ངང་གིས་འཇིགས་པ་དང༌། གསད་བྱ་དེ་དེ་ལྟར་འཆི་བ་རང་གི་ལས་ལས་བྱུང་བའི་ཕྱིར་རོ། །རྟགས་རིམ་པ་ལྟར་ཁས་བླངས་ཏེ། སྲོག་སྐད་ཅིག་མ་ཡིན་པ་ཉིད་ཀྱིས་དང༌། རང་གི་འདོད་པ་ལུང་རིགས་ཀྱིས་བསྟན་པར་གྲུབ་པ་དེ་ལས་ཕར་འདར་མེད་པས་མཐའ་སྟེ། མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་སྣོད་བཅུད་མཐའ་དག་ཐུན་མོང་ཡིན་མིན་གྱི་ལས་ཀྱིས་བསྐྱེད་ཅེས་འབྱུང་བའི་ཕྱིར་རོ། །ཀྱང་ནི་འཇིག་རྒྱུ་མེད་པས་གསོད་པ་པོ་ལ་སྡིག་མེད་པར་མ་ཟད་འཆི་བ་རང་གི་ལས་ལས་བྱུང་བར་བསྟན་པས་ཀྱང་དེ་མེད་དགོས་ཞེས་པའོ། །ཚུལ་དེ་ནི་ཚིག་གསལ་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས་ཞེས་འབྱུང་བའི་ཕྱིར་ན་རང་གི་ལས་ཀྱིས་རང་ཤི་ན་དེ་ལ་གསོད་པ་པོ་ལ་སྡིག་པ་ཇི་ལྟར་འགྱུར་ཞེས་དྲི་བ་འདི་ཁྱེད་ལ་ཁོ་བོ་ཅག་གི་ཟླའི་ཤུགས་ཀྱིས་དྲིས་པ་ན་ཁྱེད་ལ་ཡང་ཁོ་བོ་ཅག་དང་མཚུངས་པར་གནོད་པར་འགྱུར་ཏེ། དེའི་ཕྱིར་སློབ་དཔོན་དུལ་བའི་ལྷའི་ཞལ་སྔ་ནས་ཉེས་པ་མཚུངས་པ་ཁོ་ནས་ཕ་རོལ་པོ་ཆོམས་པར་འགྱུར་བས་དེ་ལ་ཉེས་པ་གཞན་ནི་མི་བརྗོད་དོ་ཞེས་བསྟན་ཏེ། འདི་ཡང་ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ་ཆོས་ཁ་ཅིག་འགྲོ་བ་རྣམས་ལ་མངོན་སུམ་ལ་སོགས་པར་གནོད་


JLD018_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུར་སྣང་ཡང་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་ཁས་བླང་བར་བྱ་བ་ཡོད་དེ། ཚ་བས་ཚིག་པ་ལ་སླར་ཚ་པ་ལ་གདུང་བ་ལ་སོགས་པ་ལྟ་བུའོ། །དོན་དམ་པར་ཞེས་བྱ་བ་ནི་ཁྱེད་ཀྱི་དོན་དམ་པ་ངེས་པར་ཡོད་ཅིང་དོན་ཕྱེད་པའི་དབང་དུ་བྱས་སུ་ཟིན་ཀྱང་རང་གི་ལས་ཀྱི་འབྲས་བུ་ལ་སྤྱད་པར་ཟད་པས་ན། གང་ཟག་གཞན་དུ་བགྲང་བ་སུས་ཀྱང་སུ་ཡང་བསད་པ་ཡང་མེད་ཅེས་པ་ལ་སོགས་པའི་ཀླན་ཀ་ཁྱེད་ལ་ཡང་འབྱུང་ངོ་ཞེས་སྦྱར་རོ་ཞེས་གང་གསུངས་པ་ལྟར་རོ། །ཚུལ་འདི་ལས་གཞན་དུ་རྒྱུ་མཚན་གཉིས་པོ་དེ་སྡེ་པ་གཉིས་ཀྱི་ལུགས་ལ་དོན་དམ་པར་དགེ་སྡིག་མེད་པའི་ཤེས་བྱེད་དུ་རྟོགས་དཀར་བཤད་པ་དང༌། རྒྱུ་མཚན་སྔ་མ་རྟོགས་དཀའ་ལྟར་དང་ཕྱི་མ་ཀུན་རྫོབ་ཏུ་ལས་ཡོད་པའི་རྒྱུ་མཚན་དུ་སྦྱོར་བ་རྣམས་ཀྱིས་ནི་ལེགས་པར་མ་བཤད་དེ། སྡེ་པ་གཉིས་ཀྱིས་འཇིག་རྒྱུ་ལ་མི་ལྟོས་པར་འཇིག་པ་དང༌། འཇིག་རྟེན་ལས་ལས་སྐྱེས་པ་སྒྲུབ་བྱེད་དུ་བྱས་ནས་བདེན་གཉིས་གང་དུ་ཡང་ལས་ཡོད་པ་དང་མེད་པར་བྱས་པ་དེ་དག་གི་གཞུང་གང་ན་ཡང་མི་སྣང་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཁོ་བོ་ཅག་ནི་དོན་དམ་སྐད་ཅིག་དང་རྡུལ་ཕྲན་རེ་རེ་བར་འདོད་ལ་རྒྱུན་དང་ཚོགས་པ་ནི་ཀུན་རྫོབ་པར་འདོད་པས་སྲོག་གཅོད་སོགས་ལས་ལམ་དུ་འགྱུར་བ་རྒྱུན་ལ་ལྟོས་པ་རྣམས་དོན་དམ་པར་མེད་པ་འདོད་ཅིང་ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་སོ། །གཞན་ཡང་སྲོག་གི་སྐད་ཅིག་འཇིག་པ་རྒྱུ་ལ་མི་ལྟོས་ཀྱང་རྒྱུན་འཇིག་པ་གསོད་པ་པོ་ལ་ལྟོས་པ་


JLD018_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགལ་ལོ། །དེ་ཅིའི་ཕྱིར་ཁྱེད་ཀྱི་ཐལ་བས་མི་གནོད་ཅེ་ན། གཉིས་པ་ལ་གཉིས། དཔེ་དགོད་པ་དང༌། དོན་ལ་སྦྱར་བའོ། །དང་པོ་ནི། ཇི་ལྟར་ཏེ་དཔེར་ན་ཕྱི་རོལ་གྱི་དོན་རྡུལ་ཕྲན་དོན་དམ་དུ་ཡོད་པར་སྨྲ་བ་སྡེ་བ་གཉིས་ཀྱི་ལུགས་ལ་དོན་དམ་པ་སྐད་ཅིག་རེ་རེ་བ་ལ་ལྟོས་ཏེ་གསོད་བྱེད་སུས་ཀྱང་གསད་བྱ་སུ་ཡང་བསད་པའི་སྲོག་གཅོད་ཀྱི་ལས་ལམ་ཡང་མེད། དེའི་ཕྱིར་མ་བསད་པ་ཡང་མ་ཡིན་པ་དེ་སྤོང་བའི་ལས་ལམ་ཡང་མེད། ལེན་པ་པོ་སུས་ཀྱང་སུའི་ནོར་མ་བྱིན་པར་བླངས་པའི་ལས་ལམ་ཡང་མེད། དེའི་ཕྱིར་མ་བླངས་པ་ཡང་མ་ཡིན་པ་དེ་སྤོང་བའི་ལས་ལམ་ཡང་མེད་ཅེས་བྱ་བ་དང་སོགས་པས་ལྷག་མ་ལུས་ངག་གི་ལྔ་གཟུང་སྟེ་ཡིད་ཀྱི་གསུམ་ནི་སྐད་ཅིག་རེ་རེ་ལ་ཡང་འོང་བར་སེམས་སོ། །དོན་དམ་དུ་ལས་མེད་པ་དེའི་ཕྱོགས་ཏེ་ལུགས་ལ་ཡང་ཀུན་རྫོབ་ཏུ་སྲོག་གཅོད་པ་དང་སོགས་པས་དེ་སྤོང་བའི་དགེ་སྡིག་གི་ལས་ལམ་རྣམ་པར་འཇོག་གོ །འོ་ན་སྲོག་གཅོད་དེ་གང་ན། གང་གི་སྒོ་ནས། ཇི་དང་འདྲ་བ་འཇོག་ཅེ་ན། དང་པོ་ནི། སྲོག་གི་རྒྱུན་ཟླ་བ་བཅུ་ཙམ་བར་དུ་འཇུག་པ་དང་འགལ་བ་ཞག་བཅུ་ཙམ་དུ་འཚོ་བའི་དངོས་པོ་བསྐྱེད་པ་ལའོ། །འདིས་སྲོག་གི་སྐད་ཅིག་འཇིག་པར་མཚོན་སོགས་ལ་མི་ལྟོས་ཀྱང་རྒྱུན་འཇིག་པ་དེ་དག་གིས་བྱས་པར་བསྟན་ཏོ། །གཉིས་པ་ནི། བདག་གི་ནི་གསོད་པ་པོ་དང་སོགས་པས་འདི་ནི་གསད་བྱ་དང་ཚུལ་འདི་ལྟར་བསད་དོ་ཞེས་རྟོག་པའི་སྒོ་ནས་སོ། །གསུམ་པ་ནི། དགེ་སློང་གིས་བུད་མེད་ལ་ཆགས་སེམས་ཀྱི་རེག་འདོད་ཀྱིས་ཚུལ་མིན་ཡིད་


JLD018_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སྐྱེས་པ་ལ་དངོས་སུ་མ་རེག་ཀྱང་མི་དགེ་བར་འཇོག་པ་དང་འདྲ་བར་དོན་སྟེངས་སུ་ལས་མེད་ཀྱང་རྒྱུན་ལ་ཞེན་པའི་སྒོ་ནས་འཇོག་གོ །སོགས་པ་དང་པོས་དེ་འཐོལ་པའི་ཚུལ་བཞིན་ཡིད་བྱེད་ཀྱི་བསམ་པ་དང༌། གཉིས་པས་དགེ་བར་འཇོག་པ་གདོན་ཏེ་འདིའི་དོན་ནི་སྤང་བྱ་སྲོག་གཅོད་ཡོད་པས་དེ་སྤོང་བའི་དགེ་བའི་ལས་ལམ་གྲུབ་པས་དེའོ། །ཁ་ཅིག་གསོད་འདོད་རྒྱུན་འཇུག་པ་དང་འགལ་བ་སྐྱེད་པ་ལ་གཉེན་པོ་དེ་འཇོག་པ་དང༌། སེར་སྣའི་རྒྱུན་འཇུག་པ་དང་འགལ་བ་ལ་མ་བྱིན་ལེན་གྱི་གཉེན་པོ་འཇོག་པར་འདོད་ཀྱང་དགོངས་པར་མི་འགལ་ལོ། །གཉིས་པ་ནི། དོན་སྨྲའི་ལུགས་ལ་དོན་དམ་པར་དགེ་སྡིག་གི་ལས་ལམ་མེད་ཀྱང་ཀུན་རྫོབ་ཏུ་དེ་གཉིས་འདོད་པ་དེ་བཞིན་དུ། དབུ་མའི་ལུགས་ལ་ཡང་དོན་དམ་པར་སྲིད་ཞིའི་དངོས་པོ་རང་བཞིན་མེད་པས་རྨི་ལམ་དང་འདྲ་ཡང་རྨི་ལམ་དེ་དང་རང་བཞིན་གྱིས་སྟོང་པར་མཐུན་པའི་གསད་བྱ་སོགས་ཀྱིས་དོན་ཏེ་ཡུལ་གྱི་དངོས་པོ་དང་སོགས་པས་སྦྱིན་སོགས་ཀྱི་ཡུལ་དུ་སྣང་བ་ལ། སྣང་བ་ལྟར་མངོན་པར་ཞེན་པའི་དབང་གིས་ཆོས་བདག་མེད་པའི་དོན་ལ་མོས་པ་དམན་པས་དངོས་པོར་མངོན་པར་ཞེན་པའི་ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པའི་གང་ཟག་རྣམས་ལ་སྟེ། དེའི་ངོར་སྲོག་གཅོད་དང་སྦྱིན་སོགས་ཀྱི་དགེ་སྡིག་གི་ལས་འཇོག་གོ། ཞེས་བྱ་བའི་ལན་དེ་དང་སོགས་པས་ཀླན་ཀ་ལྷག་མ་གསུམ་གྱི་ལན་དེ་དངོས་སྨྲ་ལས་ཕྱོགས་གཞན་དབུ་མའི་མདོ་སྡེ་ཡུམ་ནས་གསུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་


JLD018_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཁ་ཅིག་དོན་དམ་དུ་འདོད་པ་དང་ཀུན་རྫོབ་ཏུ་ཁྱབ་པ་མ་གྲུབ་པ་ཞེས་པ་དང་ཁ་ཅིག་དགེ་བ་དང་མི་དགེ་བར་འཇོག་པའི་ལན་དེ་དང་དེ་ཞེས་འཆད་དོ། །འདིའི་ཕྱོགས་གཞན་ནི་ཚིག་གསལ་ལས། དབུ་མའི་བསྟན་བཅོས་སྤྱི་ལ་བཤད་ཀྱང་ཡུམ་གྱི་མདོ་ལ་བྱ་སྟེ་ཇི་སྐད་བཤད་པར་ཟད་ཅེས་པའི་འགྲེལ་པ་ཡིན་ལ། བཤད་པའི་ལན་དེ་ཡང་ཡུམ་ཉིད་ནས་འགྲེལ་ཆེན་རྣམས་ཀྱིས་དྲངས་པས་སོ། །དེ་ལྟར་ན་ཇི་སྲིད་དུ་མངོན་ཞེན་ཡོད་པ་དེ་སྲིད་དུ་ལས་འབྲས་ཇི་ལྟར་གསུངས་པ་ལྟར་བདེན་པས་མི་དགེ་བ་སྤང་ཞིང་དགེ་བ་བསྒྲུབ་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་དགེ་སྡིག་གི་བླང་དོར་ག་ལ་ཡོད་ཅེས་སྨྲ་བར་མི་བྱ་སྟེ། རིགས་པ་དྲུག་ཅུ་པ་ལས། སྟོང་ཉིད་དོན་ནི་མི་ཤེས་པར། །ཐོས་པར་ཙམ་ལ་འཇུག་བྱེད་ཅིང༌། གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ཅེས་པ་ལྟར་རོ། །གཉིས་པ་དོན་མི་འཐད་པའི་ལན་ལས། གཞན་དཔེ་མ་གྲུབ་པ་ལ་ཡང་གཉིས། ལུང་གཞན་དང་མདོ་འདི་ཉིད་ཀྱི་དོན་བཤད་པས་དཔེ་མ་གྲུབ་པར་བསྟན་པའོ། དང་པོ་ནི། རྨི་ལམ་གྱི་དཔེ་ལ་ནི་དགེ་སྡིག་གི་ལས་མེད་པར་མ་གྲུབ་སྟེ། ཉི་ཤུ་པ་ལས། རྨི་ལམ་སེམས་ནི་གཉིད་ཀྱི་འཁྲུལ་རྒྱུས་ཉམས་ཤིང་བསླད་པས་མི་གསལ་ཞིང་འཆོལ་བར་སྐྱེ་ལ། སད་པའི་ཚེ་དེ་ལས་བཟློག་པ་དེས་ན་རྨི་ལམ་དང་སད་པ་གཉིས་ཀྱི་ལས་འབྲས་བུ་ཆེ་ཆུང་འདྲ་པ་མ་ཡིན་ཞེས་བྱ་བའི་ལུང་གིས་ལས་ནུས་ཆུང་ཡོད་པར་བསྟན་པས་སོ། །འདིར་དགག་པའི་ཡུལ་དོན་སྨྲ་ལ་སེམས་ཙམ་པའི་


JLD018_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དྲངས་པ་གནོད་བྱེད་དུ་མི་འགྲོ་སྟེ་ཚད་མར་ཁས་མ་བླངས་པས་སོ་ཞེས་ཁ་ཅིག་ཟེར་ན་ཉེས་པ་མེད་དེ། རྨི་ལམ་ན་ལས་གསོག་པར་བསྟན་པ་ན་ཉིན་པར་དང་དེ་གཉིས་ཁྱད་མེད་དུ་འགྱུར་རོ་སྙམ་པ་ན་ཉི་ཤུ་པར་བཤད་པ་ལྟར་གྱི་ཁྱད་པར་ཡོད་པར་བསྟན་པའི་སྒོ་ནས་ལས་ནུས་ཆུང་གསོག་པ་རྟགས་སུ་བཀོད་ཀྱི་ལུང་དེ་ནས་དེ་ལྟར་བཤད་པ་ཙམ་མ་ཡིན་པས་སོ། །ཡང་ན་དངོས་པོ་རང་བཞིན་མེད་པར་སྨྲས་པ་ན་སེམས་ཙམ་པས་ཀྱང་དེ་མི་བཟོད་པས་དེ་ཡང་རྒོལ་བའི་ཡུལ་ཡིན་ནོ། །དེ་ལྟ་ནའང་དཔེ་མ་གྲུབ་པར་བཤད་པ་མཚོན་པར་བྱས་ནས་དེའི་ལུགས་ལ་དོན་ནི་མི་འཐད་པའང་རྟོགས་པར་བྱའོ། །གཉིས་པ་ནི། རྨི་ལམ་གྱི་དཔེ་ལ་ནི་ལས་མེད་པར་མ་གྲུབ་སྟེ་སེམས་ཙམ་གྱི་ལུགས་ཀྱིས་དཔེ་མ་གྲུབ་པར་བསྟན་པའམ་སད་པའི་ཚེ་ལས་ཡོད་པ་དེ་བཞིན་དུ། དེར་མ་ཟད་རྨི་ལམ་ན་ཡང་དགེ་མི་དགེ་སྤྱད་པ་རྨིས་པ་ལ་ནི། སད་པའི་གནས་སྐབས་ན་ངོ་མཚར་བས་ཀྱེ་མ་ལས་དེ་བྱས་སོ་ལེགས་པར་བྱས་སོ་སྟེ་བྱས་པ་དེ་ལེགས་སོ་ཞེས་རྗེས་སུ་ཡི་རང་བར་བྱེད་པ་ནི་ཡོད་ལ། དེ་ལྟར་བྱེད་ན་མངོན་པར་ཞེན་པའི་གསོས་ཀྱིས་རྨི་ལམ་གྱི་ལས་ཡོངས་སུ་གསོས་པ་སྟེ་འཕེལ་བར་འགྱུར་ཏེ་དེའི་ཕྱིར་རོ། །ཇི་ལྟར་བུས་གསོས་ན་གཉིད་རྗེས་ཀྱི་སད་པའི་གནས་སྐབས་ཀྱི་ཡི་རང་གི་སེམས་ཀྱིས་སོ། །ཡང་ནི་རིགས་པ་འདིས་ཀྱང་དཔེ་མ་གྲུབ་ཅེས་པའོ། །རྨི་ལམ་དུ་དགེ་སྡིག་སྤྱད་པར་སྣང་བས་བག་ཆགས་ནུས་ཆུང་བཞག་པ་ཉིད་


JLD018_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཀྱི་སེམས་ཀྱིས་མཐུ་ཅན་དུ་བྱེད་པས་མ་འོངས་པ་འདས་པའི་རྒྱུར་ཐལ་བར་མི་འགྱུར་རོ། །རྒྱན་སྣང་དུ། དོན་སྨྲའི་འདོད་པ་དེ་དང་ཐ་མ་འདི་དོན་དུ་བཀོད་ན་དོན་སྨྲའི་ལུགས་ལ་ཡང་དཔེ་མ་གྲུབ་པར་བཤད་པའི་འོག་ཏུ་དབུ་མ་པའི་དགེ་སྡིག་གི་ལས་འཇོག་ཚུལ་སྔར་དོན་དུ་བཤད་པ་དེ་འཆད་ཅིང༌། རྨི་ལམ་སེམས་ཞེས་སོགས་ཀྱིས་རྨི་ལམ་གྱི་ཚེ་ལས་འབྲས་ཡོད་པར་འདོད་ཀྱང་སད་པ་དང་གཉིས་འབྲས་བུ་མི་འདྲ་བའི་རྒྱུ་མཚན་དུ་སྦྱར་རོ། །དེ་ནས་ཡང་རྨི་ལམ་དུ་ལས་འབྲས་འདོད་ན་དེར་མི་བསད་པ་རྨིས་པས་དགེ་སློང་མ་ཡིན་པར་ཐལ་ཞེ་ན། དེའི་ལན་དུ་བསླབ་པ་སྦྱིན་པ་དང་འདྲ་བར་སྡོམ་པ་དང་སྡོམ་པ་མ་ཡིན་པ་ནི་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པའི་དབང་ལས་རྣམ་པར་བཞག་པའི་ཕྱིར་ཞེས་སྡོམ་པ་དང་ལྟུང་བ་ནི་བཅས་པ་ཇི་ལྟར་བྱས་པའི་རྗེས་སུ་འབྲང་ལ། རྨི་ལམ་དུ་བསླབ་པ་མ་བཅས་པས་སྐྱོན་མེད་ཅེས་ལན་འདེབས་སོ། །འདིར་བསླབ་པ་སྦྱིན་པ་དང་འདྲ་བར་ཞེས་པ་ནི་ཐུབ་དགོངས་སུ་བསླབ་པ་བླངས་པ་བཞིན་དུ་ཞེས་འབྱུང་བས་རང་ཉིད་ཀྱིས་བསླབ་པ་ཇི་ལྟར་ཁས་བླངས་པ་བཞིན་དུ་དེ་ལས་འདས་པའི་ལྟུང་བ་སྐྱེད་དགོས་པ་ལ། རྨི་ལམ་དུ་དེ་ལྟར་ཁས་མ་བླངས་ཤིང་དེ་བཞིན་གཤེགས་པས་མ་བཅས་ཞེས་པའི་དོན་དུ་སྣང་ངོ༌། །གསུམ་པ་ནི། འཁོར་འདས་གཉིས་མཉམ་ཉིད་དུ་གྲུབ་སྟེ། རྨི་ལམ་ལས་མེད་པའི་དཔེར་མ་གྲུབ་པས་སོ། །དེ་ཇི་ལྟར་འབྲེལ་ན། སྲིད་ཞི་མཉམ་ཉིད་ཀྱི་སྒྲུབ་བྱེད་ནི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་


JLD018_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞིང༌། རྒྱུ་མཚན་དེ་ནི་རྨི་ལམ་ལས་མེད་པའི་དཔེར་བཀོད་ནས་འགོག་པ་ལ། དཔེ་མ་གྲུབ་པས་སུན་འབྱིན་ལྟར་སྣང་དུ་སོང་བ་ན་རྒྱུ་མཚན་དེ་ལ་གནོད་པ་མེད་པས་རྒྱུ་མཚན་ཅན་མཉམ་ཉིད་གྲུབ་བོ་འདི་དཔེ་མ་གྲུབ་པ་སྔ་མའི་མཇུག་ཏུ་ཡང་སྦྱར་རོ། །གཉིས་པ་ནི། ཀླན་ཀ་ལྷག་མ་གསུམ་གྱི་རྩོད་ལན་སོགས་ཀྱིས་བསྡུས་པ་ནི་ཀླན་ཀའི་གཙོ་བོ་ལས་མེད་ཡིན་པས་དེ་ལ་ལན་བཏབ་པ་དེ་ཉིད་ཀྱིས་ལན་གཞན་རྣམས་ཀྱང་གོ་བར་ནུས་པས་མ་མཛད་དེ། འདི་ལྟར་ཕྱི་ཅི་ལོག་གི་འཆིང་བ་དང་ལྡན་པ་ཉིད་ལ་ལས་གསོག་པར་བསྟན་པས་དེ་བཞིན་གཤེགས་པ་ལ་ལས་གསོག་པར་ཐལ་བའི་ལན་དང༌། ལས་འབྲས་ཀྱི་འབྲེལ་བ་བདེན་རྫུན་གང་ཡིན་ཤེས་ལ་དོན་དམ་དུ་མེད་ཅིང་ཐ་སྙད་དུ་འཇོག་པར་བསྟན་པས་ལུང་འགལ་གྱི་ལན་བསྟན་ཏོ། །རྨི་ལམ་ན་ལས་ནུས་ཆུང་ཡོད་པར་བསྟན་པས་བཞི་པའི་ལན་དོན་གྱིས་སོང་ངོ༌། །གཉིས་པ་ནི་གང་ཟག་དེའི་སྒོམ་རིམ་གྱི་གཉིས་པ་སྟེ། ཞིང་དག་སྦྱོར་བའི་སྐོར་བཤད་པ།གཉིས་པ་ལ་གསུམ་ལས་དང་པོ་ནི། མཉམ་ཉིད་དེའི་འོག་ཏུ་སངས་རྒྱས་ཀྱི་སྣོད་བཅུད་ཀྱི་ཞིང་ཡོངས་སུ་དག་པ་གསུངས་ཏེ་སྲིད་ཞི་གཉིས་ཀ་མཉམ་པ་ཉིད་དུ་སྒོམ་པ་ནི་མ་འོངས་པ་ན་རང་གི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་སུ་འགྱུར་བས་སོ། །མདོ་འབྲེལ་ནི། ཇི་ལྟར་ན་བྱང་ཆེན་ཕྱིན་དྲུག་རྫོགས་པར་བགྱིད་ཅིང་རྣམ་མཁྱེན་དང་ཉེ་བ་ལགས་ཞེས་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ནི། རང་ཉིད་འཚང་རྒྱ་བའི་སེམས་ཅན་གྱི་འཇིག་རྟེན་དག་པར་སྒྲུབ་པ་དེ་བཞིན་དུ་སྣོད་ཀྱི་འཇིག་


JLD018_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཚེར་མ་སོགས་ཀྱིས་མ་དག་པ་དེ་ལ་དག་པར་སྒྲུབ་པ་ཡིས་སངས་རྒྱས་ཀྱི་ཞིང་གཉིས་ནི་དག་པ་ཉིད་དེ། འཇིག་རྟེན་དགོན་པའི་ལམ་དང་མུ་གེ་ནད་བཅས་པར། །མཐོང་ནས་སྐྲག་པ་མེད་ཅིང་དེ་ནས་གོ་གྱོན་ཏེ། །ཕྱི་མའི་མུ་མཐར་རྟག་ཏུ་བརྩོན་ཞིང་རབ་ཤེས་ནས། །ཡོངས་སུ་སྐྱོ་བའི་ཡིད་ནི་རྡུལ་ཙམ་སྐྱེད་མི་བྱེད། །ཅེས་ཏེ་དགོན་པ་ནི་ཆུ་དང་མུ་གེའི་དགོན་པའོ། །གསུམ་པ་ནི། སེམས་ཅན་དང་སྣོད་གྱི་འཇིག་རྟེན་གཉིས་ཡོད་པའི་བྱེ་བྲག་གིས་སངས་རྒྱས་ཀྱི་ཞིང་དག་པར་བྱེད་པ་རྣམ་པ་གཉིས་ཡོད་པ་ལས། བཅུད་ཀྱི་ཞིང་སྦྱོང་བ་ནི་སེམས་ཅན་བཀྲེས་སྐོམ་ཅན་དང་སོགས་པས་མི་དགེ་བ་བཅུ་ལ་སྤྱོད་པ་རྡོ་དབྱིག་དང་མཚོན་གྱིས་འདེབས་པ་ཐེག་གསུམ་ལ་རྒྱབ་ཀྱིས་ཕྱོགས་པ་གནོད་སེམས་སོགས་སྒྲིབ་པ་ལྔ་དང་ལྡན་པ་འཇིག་རྟེན་ལས་འདས་མ་འདས་ཀྱི་ཡང་དག་པའི་ལྟ་བ་དང་བྲལ་བ་དང༌། ངན་སོང་གསུམ་ལ་སོགས་པས་མ་དག་པའི་བཅུད་མཐོང་བ་ན་དེའི་གཉེན་པོར་བདག་སངས་རྒྱས་པའི་ཞིང་དེར་སེམས་ཅན་རྣམས་ལྷ་རྣམས་ཀྱི་ཉེ་བར་སྤྱད་པ་ལ་ལོངས་སྤྱོད་པ་དང༌། སོཊ་པས་དགེ་བཅུ་ལ་གནས་པ་ཕན་ཚུན་དུ་བྱམས་པའི་སེམས་དང་ལྡན་པ་བརྩོན་འགྲུས་བརྟན་པོས་ཐེག་གསུམ་ལ་སློབ་པ་བསམ་གཏན་དང༌། གཟུཊ་མེད་ལ་འཇུག་པ་ཕྱིན་ཅི་ལོག་གི་ལྟ་བ་ཐམས་ཅད་སྤངས་པ་ལ་གནས་པ་དང༌། ངན་སོང་གི་མིང་ཙམ་ཡང་མི་གྲག་པའི་དག་པ་སྐྱེད་པའི་སྒོ་ནས་ཕྱིན་དྲུག་ལ་བརྩོན་པས་དག་པར་བྱེད་པ་ནི་སངས་རྒྱས་ཀྱི་


JLD018_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀྱི་ཞིང་དག་པར་བྱེད་པའོ། །སྣོད་ཀྱི་ཞིང་སྦྱོང་བ་ནི། རྡོ་བ་དང་ཚེར་མ་དང་སོགས་པས་གཡང་ས་དང་གཅོང་རོང་ལ་སོགས་པས་མ་དག་པ་གང་ཡིན་པའི་སྣོད་མཐོང་བ་ན་དེའི་གཉེན་པོར་བདག་སངས་རྒྱས་པའི་ཞིང་དེར་གསེར་གྱི་ས་ཕྱོགས་དང་སོགས་པས་བཻཌཱུརྻའི་རང་བཞིན་ཏེ་དེ་ཡང་རྒྱུ་བཻཌཱུརྻ་ལས་བྱས་པའི་གཞིར་གསེར་གྱི་བྱེ་མ་བརྡལ་བ་ལ་སོགས་པའི་དག་པ་སྐྱེད་པའི་སྒོ་ནས་ཕྱིན་དྲུག་ལ་བརྩོན་པས་དག་པར་བྱེད་པ་ནི་སངས་རྒྱས་ཀྱི་སྣོད་ཀྱི་ཞིང་སོགས་སོ། །གསུམ་པ་ནི་གང་ཟག་དེའི་སྒོམ་རིམ་གྱི་གསུམ་པ་སྟེ། ཐབས་མཁས་སྦྱོར་བའི་སྐོར་བཤད་པ།གསུམ་པ་ལ་གསུམ་ལས། །དང་པོ་ནི། ཞིང་དག་པའི་འོག་ཏུ་ཐབས་ལ་མཁས་པ་གསུངས་ཏེ། རང་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་རྣམ་དག་ཏུ་བསྒྲུབས་པ་ནི་གཞན་དོན་སྒྲུབ་པའི་ཐབས་མཁས་པས་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱ་དགོས་པས་སོ། །མདོ་འབྲེལ་ནི། ཡུམ་ལ་སྤྱོད་པའི་བྱང་ཆེན་གྱིས་ཇི་ལྟར་རྣམ་ཐར་གསུམ་དང་ཆོས་སོ་བདུན་ལ་འདྲིས་པ་དང་སྙོམས་པར་འཇུག་པར་བྱ་བ་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ལ་གསུམ། སྦྱོར་བའི་ཡུལ། ཡུལ་ཅན་སྦྱོར་བའི་ངོ་བོ། །སོ་སོའི་དབྱེ་བའོ། །དང་པོ་ནི། ཉི་སྣང་དང་ལེ་བརྒྱད་མར་རྣམ་ཐར་གསུམ་དང༌། བྱང་ཕྱོགས་སྡེ་ཚན་བདུན་ཏེ་བཅུ་དང༌། ལེ་མངས་སུ་མཐར་གནས་དགུ་དང་སྟོབས་དང་མ་འདྲེས་པ་སོགས་ཡུལ་དུ་གསུངས་སོ། །གཉིས་པ་ནི། གང་གི་ཚེ་བྱང་ཆེན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་


JLD018_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ལ་སོ་སོར་རྟོག་པ་ན་མངོན་དུ་བྱའོ་སྙམ་དུ་རྟོག་པ་མི་བྱེད་ཅིང་མངོན་དུ་བྱ་བ་ཡིན་ནོ་སྙམ་དུ་རྟོག་པར་མི་བྱེད་ཀྱི་ཡོངས་སུ་འདྲིས་པར་བྱའོ་སྙམ་དུ་སོ་སོར་རྟོག་སྟེ། ཞེས་སོ། །དོན་ནི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ལ་འདྲིས་པར་བྱེད་ཀྱང་སྙིང་རྗེས་དེ་དག་གི་འབྲས་བུ་རང་དོན་དུ་མི་བྱེད་པས་མཐའ་གཉིས་ལ་མི་གནས་པའི་ཉམས་ལེན་སྔར་བཤད་པ་ཡུལ་དུ་ཡོད་པ་ཅན་གྱི་སྦྱོར་བ་སྟེ། མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །བར་སྐབས་དེར་ཡང་སངས་རྒྱས་ཆོས་ལས་ཡོངས་མི་ཉམས། །ཞེས་སོ། །གསུམ་པ་ནི། ཐབས་ལ་མཁས་པའི་སྦྱོར་བ་འདི་ལ་ནི་རྣམ་པ་བཅུ་ཡོད་དོ། །དེ་ཡང་ཡུལ་དེ་དག་སྒྲུབ་ཚུལ་མི་འདྲ་བའི་སྒོ་ནས་བཞག་གི་ངོ་བོ་ཐ་དད་པར་ནི་མ་ངེས་སོ། །དེ་གང་ན། དགྲ་རྣམས་ལས་འདས་ཞེས་སོགས་ཏེ། ཐབས་ལ་མཁས་པའི་སྦྱོར་བ་ཞེས་རེ་རེའི་མཐར་རོ། །གསུམ་པ་ལ་གཉིས། །སོ་སོའི་སྒོ་ནས་རྒྱས་པར་བཤད། ཡུལ་དང་ངོ་བོའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། ལྷའི་བུ་དང་སོགས་པས་འཆི་བ་ཉོན་མོངས་པ་ཕུང་པོའི་བདུད་བཞི་དང་ས་གཉིས་ཀྱི་དགྲ་རྣམས་ལས་འདས་པའི་ཐབས་མཁས་ནི། །སྦྱོར་བའི་བར་ཆད་ཀྱི་ཆོས་ལས་ཡང་དག་པར་བརྒལ་བ་སྟེ། དེ་བཞིན་དེ་ཚེ་བྱང་ཆུབ་སེམས་དཔའ་མཁས་པ་ཡང༌། །སེམས་ཅན་ཁམས་རྣམས་ཀུན་ཏུ་སྙིང་རྗེ་ཆེ་སྐྱེད་ཅིང༌། །བདུད་བཞི་དག་དང་ས་གཉིས་ལས་ཀྱང་རབ་འདས་ནས། །ཏིང་འཛིན་མཆོག་ལ་གནས་ཤིང་བྱང་


JLD018_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་རེག་མི་བྱེད། །ཅེས་སྐྱེས་བུ་སྒྱུ་རྩལ་མ་ལུས་པ་ལ་བྱང་བ་ཞིག་འབྲོག་དགོན་པར་ཆས་པ་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ལས་འདའ་བའི་དཔེས་གསུངས་སོ། །ཉི་སྣང་ལས་བྱང་སེམས་བདག་ཉིད་ཀྱིས་བཟུང་བའི་སེམས་ཅན་རྣམས་བར་ཆད་ལས་འདའ་བར་བྱེད་པ་ལ་གསུངས་སོ། །འདིར་ཐབས་མཁས་སྦྱོར་བ་བཅུའི་དང་པོ་བདུད་བཞི་ལས་རྒྱལ་བའི་ཐབས་མཁས་ལས་འཕྲོས་ཏེ་བདུད་བཞིའི་སྐོར་ལ་མཐའ་དཔྱད་པ།འདིར་བདུད་བཞིའི་མཐའ་ཅུང་ཟད་དཔྱད་ན། ངོ་བོ་ངོས་གཟུང་བ། བཞིར་འཇོག་པའི་རྒྱུ་མཚན། གང་ནས་འཇོག་པའི་ཚུལ་གསུམ་གྱིས་རིག་པར་བྱའོ། །དང་པོ་ནི། ཉན་ས་ལས། དེ་ལ་ཕུང་པོའི་བདུད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཉོན་མོངས་པའི་བདུད་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སོ། །འཆི་བའི་བདུད་ནི་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཆི་བའི་དུས་བྱེད་པ་གང་ཡིན་པའོ། །ལྷའི་བུའི་བདུད་ནི་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་གི་བདུད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དགེ་བའི་ཕྱོགས་ལ་རབ་ཏུ་བརྩོན་པ་དེ་ལ་བར་ཆད་བྱ་བ་དང་རྣམ་པར་གཡེང་བར་བྱ་བའི་ཕྱིར་འདོད་པའི་ཁམས་སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཐོབ་པ་དག་ཉེ་བར་འོང་བ་གང་ཡིན་པ་སྟེ་དེ་ནི་ལྷའི་བུའི་བདུད་ཅེས་བྱའོ། །ཞེས་པ་ལྟར་རོ། །གཉིས་པ་ནི། ཅིའི་ཕྱིར་བདུད་བཞིར་བཞག་ཅེ་ན། འཆི་བའི་དབང་དུ་བྱས་ནས་དེ་བཞིར་བཞག་སྟེ། དེ་ཡང་གང་དུ། གང་གིས་འཆི་བ། འཆི་བའི་ངོ་བོ། །འཆི་བ་ལས་མི་འདའ་བར་བྱེད་པ་སྟེ། ཕུང་པོ་ལྔ་སྐྱེས་ཤིང་བྱུང་བ་དག་ཏུ་དང༌། །


JLD018_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ཀྱིས་ཕྱི་མར་སྐྱེ་བ་ལེན་ཞིང་སྐྱེས་ནས་འཆི་བ་དང༌། སེམས་ཅན་རྣམས་ཀྱི་འཚོ་བའི་དབང་པོ་འགག་པ་དང༌། འཆི་བ་ལས་འདའ་བའི་ཕྱིར་བརྩོན་པ་ལ་གཏན་འདའ་མི་ནུས་པའམ་དུས་རིང་པོས་འདའ་བར་བྱེད་དེ། །ཉན་ས་ལས། དེ་ལ་གང་དུ་འཆི་བ་དང༌། གང་གིས་འཆི་བ་དང༌། འཆི་བ་དེ་གང་ཡིན་པ་དང༌། བར་ཆད་ཀྱི་དངོས་པོ་གང་གིས་འཆི་བ་ལས་ཡང་དག་པར་མི་འདའ་བར་བྱེད་པ་དེ་དག་གི་དབང་དུ་བྱས་ནས་བདུད་བཞི་རྣམ་པར་བཞག་པ་ཡིན་ཏེ། ཞེས་སོ། །གསུམ་པ་ནི། ཉོན་མོངས་པའི་བདུད་ས་བརྒྱད་པ་ནས་དང༌། འཆི་བའི་བདུད་ལ་ལས་ཉོན་གྱི་དབང་གིས་འཆི་བ་ས་དང་པོ་ནས་མེད་ཀྱང་ཡིད་ལུས་ཀྱི་འཆི་འཕོ་བ་སངས་རྒྱས་མ་ཐོབ་པར་དུ་མི་ལྡོག་པས་འཆི་བའི་བདུད་དང༌། ཕུང་པོའི་བདུད་སངས་རྒྱས་མ་ཐོབ་བར་དུ་དང༌། ལྷའི་བུའི་བདུད་ཀྱང་དེ་གསུམ་ལ་བར་ཆད་བྱེད་པས་དེ་གསུམ་ཇི་སྲིད་འཇུག་པ་དེ་སྲིད་དུ་ཡོད་དོ། །རྒྱུད་བླར་ཡང༌། འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །ཞེས་ཐུབ་པའི་ཆོས་སྐུ་རྟག་པའི་སྒྲུབ་བྱེད་དུ་གསུངས་སོ། །འདི་དག་གི་བག་ལ་ཉལ་དང་བཅས་པ་ནི་ཁྱོད་ཀྱིས་བྱང་ཆུབ་པ་དང་དུས་མཉམ་པ་ཁོ་ནར་བདུད་བཞི་བཅོམ་པ་ལགས་སམ་ཞེས་པས་ཅིག་ཅར་དུ་བཅོམ་པར་ཤེས་པར་བྱའོ་ཞེས་ཚིག་གསལ་ལས་བཤད་པ་ལྟར་ཁས་བླང་ངོ༌། །གནོད་འཇོམས་ཆེ་བར། འདོད་པའི་ཟག་པ་སྤངས་པས་ལྷའི་བུའི་བདུད་ཆོམས་སོ། །སྲིད་པའི་ཟག་པ་སྤངས་པས་འཆི་བའི་བདུད་ཆོམས་སོ། །མ་


JLD018_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ཟག་པ་སྤངས་པས་ཉོན་མོངས་པའི་བདུད་ཆོམས་སོ། །ལྟ་བའི་ཟག་པ་སྤངས་པས་ཕུང་པོའི་བདུད་ཆོམས་ཏེ། བདུད་བཞི་ལས་རྒྱལ་བ་ལ་ཟག་པ་ཟད་པ་ཞེས་འབྱུང་བ་ནི་གཞན་རྣམས་དང་མི་མཐུན་ནོ། འདིར་སྦྱོར་བ་ལ་བདུད་བཞི་བཅོམ་པར་བཤད་པ་ནི་རགས་པ་དང་ཕྱོགས་རེ་ལ་དགོངས་སོ། མི་གནས་པར་གནས་པ་ནི་སྲིད་ཞིའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་བསྒོམས་པས་འཁོར་འདས་ཀྱི་མཐའ་ལ་མ་ཞེན་པའི་ཚུལ་གྱིས་གནས་པ་སྟེ། བར་སྣང་འཕུར་བའི་བྱ་ལ་གནས་ཡོད་མ་ཡིན་ཏེ། །དེ་ན་གནས་པ་མ་ཡིན་ས་ལ་ལྟུང་མི་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམ་ཐར་སྒོར་སྤྱོད་པ། །མྱ་ངན་འདས་ལ་མི་རེག་མཚན་མར་སྤྱོད་མ་ཡིན། །ཞེས་རྣམ་ཐར་སྒོ་གསུམ་ལ་འདྲིས་པར་བྱེད་ཀྱང་སངས་རྒྱས་ཀྱི་ཆོས་མ་རྫོགས་པར་ཡང་དག་མཐའ་མངོན་དུ་མི་བྱེད་པར་གསུངས་སོ། །གདུལ་བྱ་གཞན་གྱི་དོན་སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་བའི་ཤུགས་ཀྱིས་འཕངས་པ་ལྟར་བྱེད་པ་ནི། སྨོན་ལམ་གྲུབ་པ་སྟེ་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་ལ་གོ་ཆ་བགོས་ནས་དགེ་རྩ་མ་རྫོགས་པར་ཡང་དག་མཐའ་མངོན་དུ་མི་བྱེད་པ་སྟེ། དཔེར་ན་འཕོངས་བསླབས་སྐྱེས་བུས་གནམ་དུ་མདའ་འཕངས་ཏེ། །མདའ་གཞན་དག་ནི་ཕྱི་བཞིན་བརྒྱུད་མར་ལྟོང་བཏགས་ནས། །སྔ་མའི་མདའ་དེ་ས་ལ་ལྟུང་བའི་སྐབས་མི་འབྱེད། །མི་དེ་འདོད་ན་མདའ་དེ་ས་ལ་


JLD018_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བར་འགྱུར། །དེ་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་སྤྱོད་པ། །ཤེས་རབ་ཐབས་སྟོབས་རྫུ་འཕྲུལ་གྱིས་ནི་རྣམ་སྤྱོད་པ། །དེ་དག་དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །ཅེས་སོ། །ཉན་རང་དང་ཐུན་མོང་མ་ཡིན་པ་ནི། །སེམས་ཅན་ཐམས་ཅད་བློས་མ་བཏང་བའི་མཐུས་ཡང་དག་མཐའ་ལ་སློབ་ཀྱང་དེ་མངོན་དུ་མི་བྱེད་པའི་དཀའ་སྤྱད་ཐམས་ཅད་ཤིན་ཏུ་གོམས་པས་ཏེ། ཇི་སྲིད་དུ་རྣམ་མཁྱེན་ཉིད་མ་ཐོབ་ཀྱི་བར་དུ་བར་མ་དོར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་རིག་པ་བྱའོ། །ཞེས་སོ། །རྟོགས་དཀར་གཏོང་བ་དང་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་གསུམ་ལ་དཀའ་སྤྱོད་དུ་མཛད་དོ། །ཆོས་ཐམས་ཅད་ལ་འཛིན་པ་མེད་པ་མ་ཆགས་པ་ནི། བསམ་གཏན་དང་ཕྱོགས་མཐུན་སོགས་ཀྱི་ཆོས་དཀར་པོ་རྣམས་ལ་རྣམ་པར་དག་ཅིང་རོ་མྱང་བ་མེད་པས་ཏེ། བྱང་ཆེན་དེའི་ཚེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་ལྡན་པ་ཡིན་ཏེ་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཡོངས་སུ་ཉམས་པར་མི་འགྱུར་ཏེ། ཞེས་སོ། །མི་ཉམས་པ་རོ་མི་མྱང་ཞིང་འཕེལ་བ་ལ་བཤད་དོ། །མི་དམིགས་པ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་རྫོགས་པར་སྒོམ་པ་ཉིད་ཀྱིས་སེམས་ཅན་བདག་དང་ཆོས་སུ་དམིགས་པ་སྤོང་པ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་བཞི་ལ་སྤྱོད་སྤྱོད་པ་རྟག་པར་འདུ་ཤེས་པ་དང་བདེ་བར་འདུ་ཤེས་པ་


JLD018_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདག་ཏུ་འདུ་ཤེས་པ་དང༌། སྡུག་པར་འདུ་ཤེས་པ་ལ་སྤྱོད་སྤྱོད་པ་ཡིན་གྱིས་དེ་དག་གི་ཕྱིར་བྱང་ཆུབ་ཏུ་སྤྱད་པར་བྱའོ། །ཞེས་སོ། །མཚན་མ་ཟད་པའམ་མེད་པ་ནི། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་རྫོགས་པར་སྒོམ་པ་ཉིད་ཀྱིས་སེམས་ཅན་གྱི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མཚན་མར་འཛིན་པ་སྤོང་བར་གནས་པ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་སྤྱོད་པ་སྟེ་ནས་སེམས་ཅན་རྣམས་ཀྱི་ཉེས་པ་དེ་དག་མེད་པར་བྱའོ་སྙམ་སྟེ། ཞེས་སོགས་ཀྱི་བར་དུ་གསུངས་དེ། སྨོན་ལམ་ཟད་པའམ་དེ་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་རྫོགས་པ་སྒོམ་པ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སྲིད་པའི་དགའ་བ་སྤོང་བར་གནས་པ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་སྤྱོད་པ་སྟེ། འདི་ལྟར་བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དང་འཁོར་ལོས་བསྒྱུར་བ་ལ་མངོན་པར་དགའོ་ནས་ཅི་ནས་ཀྱང་སེམས་ཅན་རྣམས་ཀྱི་སྨོན་ལམ་གྱི་ཉེས་པ་དེ་དག་མེད་པར་འགྱུར་བ་དེ་ལྟར་ཆོས་བསྟན་པར་བྱའོ་སྙམ་སྟེ། ཞེས་སོ། །སྔར་བཤད་པའི་ཕྱིར་མི་ལྡོག་པ་དེའི་རྟགས་སམ་དེ་མཚོན་པར་བྱེད་པ་ནི། སྟོང་ཉིད་དང་ཡང་དག་མཐའ་གང་རྟོགས་པས་འབྲས་བུ་ལྔ་འཐོབ་པའི་དེ་གཉིས་ཇི་ལྟར་ན་མངོན་དུ་མི་བྱེད་པ་ཡིན། །ཇི་ལྟར་ན་མཚན་མེད་ནས་དངོས་པོ་མེད་པའི་བར་མངོན་དུ་མི་བྱེད་པར་ཡུམ་སྒོམ་ཞེས་བྱང་སེམས་གཞན་གྱིས་བྱང་སེམས་


JLD018_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་དྲི་བ་སྔོན་དུ་བཏང་བ་ན་དེའི་ལན་དུ་ཕྱིར་མི་ལྡོག་གི་ཆོས་ཡིད་ལ་བྱ་དགོས་པར་བརྗོད་པ་ལ་མཁས་པ་སྟེ། འདི་སྐད་དུ་ཁྱེད་ཀྱིས་སྟོང་པ་ཉིད་ཁོ་ན་ཡིད་ལ་བྱ། དེ་བཞིན་དུ་སྦྱར་ནས་མཚན་མེད་སྨོན་མེད་མངོན་པར་འདུ་བྱ་བ་མེད་པ། སྐྱེ་བ་མེད་པ། འགོག་པ་མེད་པ། ཁྱེད་ཀྱིས་དངོས་པོ་མེད་པ་ལ་ཡིད་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མི་གཏང་བར་བྱའོ། །ཞེས་ལུང་སྟོན་པར་བྱེད་ན་རབ་འབྱོར་བྱང་ཆེན་དེ་དག་གིས་བྱང་ཆེན་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་མེད་རྫོགས་བྱང་དུ་ལུང་བསྟན་པ་ཡིན་ནོ་ཞེས་རིག་པར་བྱའོ་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆེན་གྱིས་ཡོངས་སུ་འདྲིས་པར་བྱ་བ་དེ་བརྗོད་དོ། །དེ་ལུང་སྟོན་ཏོ། །དེ་རབ་ཏུ་འབྱེད་དོ། །ཞེས་དང༌། ཁྱེས་ཀྱིས་སྟོང་ཉིད་སོགས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲེས་པར་མི་བྱ་སྟེ་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་དམིགས་པར་ཡང་མི་བྱའོ་ཞེས་ལུང་སྟོན་ན་ལུང་མ་བསྟན་པར་རིག་པར་བྱ་བ་དང༌། སྔར་བཤད་པའི་རྒྱུ་མཚན་ལས་བཟློག་པ་སྦྱར་ནས་གསུངས་པའི་དོན་ནི་རྒྱན་སྣང་དུ་གཞན་གྱིས་དྲིས་པ་ལ་ཕྱིར་མི་ལྡོག་པ་རྟོགས་པ་དང་རྗེས་སུ་མཐུན་པར་ལུང་བསྟན་པ་དང༌། ལུང་མ་བསྟན་པ་དག་གིས་ཕྱིར་མི་ལྡོག་པ་ཡིན་པ་དང༌། ཕྱིར་མི་ལྡོག་པ་མ་ཡིན་པ་ཉིད་དུ་ངེས་པ་བཟུང་བས་ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་བསྟན་པར་གྱུར་པ་ཡིན་ནོ། །ཞེས་སོ། །འདི་འདྲི་ས་དང་དྲི་བ་པོ་གཉིས་ཀའི་སྟེང་དུ་སྦྱར་རུང་བ་ཙམ་


JLD018_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཡང༌། བདག་ཉིད་ཆེན་པོས་བཞེད་པ་ལྟར་འདྲི་ས་ལ་བྱ་སྟེ། ཕྱིར་མི་ལྡོག་པའི་ཆོས་བརྗོད་པས་ཞེས་དང༌། ཕྱིར་མི་ལྡོག་གི་རྟགས་དྲིས་པའི་ལན་འཆད་པ་ལ་མཁས་པ་སྐབས་ཡིན་པས་སོ། །ཚད་མེད་པ་ནི་བྱང་སེམས་ཀྱི་ཐབས་མཁས་ཀྱི་ཡུལ་ཐམས་ཅད་ཤེས་པ་ཉིད་ཀྱིས་ཏེ། འདི་ལྟར་བྱང་ཆེན་གང་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ནི་རྣམ་པ་དེ་བཞིན་དུ་ལན་ལྡོན་ཏེ་གང་རྣམ་པ་དེ་ལྟར་ལན་ལྡོན་པ་དེ་དག་ནི་དགེ་བའི་རྩ་བ་འབར་བ་སྐྱེད་པར་རིག་པར་བྱའོ། །ཞེས་སོ། །ཤཱནྟིས་འདིའི་མདོར་རྟགས་ཐོབ་པ་ཉུང་བར་བཤད་པ་བསྟན་བཅོས་སུ་ཚད་མེད་པ་ཞེས་པས་བསྡུས་པས་དེ་ཡང་ཕྱིར་མི་ལྡོག་ཚད་ཉུང་བས་ཚད་མེད་པ་སྟེ། དཔེར་ན་བུ་མོ་ལྟོ་ཆུང་བ་ལ་ལྟོ་མེད་པར་བརྗོད་པ་བཞིན་ཞེས་འཆད་དོ། །བྱང་ཡེ་དང་བཟང་པས་རིག་པའི་གནས་ལྔ་ལ་མཁས་པར་བཞེད་དོ། །གཉིས་པ་ནི། ཤེར་ཕྱིན་ཐབས་མཁས་པ་བཅུ་བྱང་སེམས་ཀྱི་མཆོག་རྣམས་ཀྱིས་དམིགས་པར་བྱ་བས་ན་ཡུལ་མངོན་སུམ་དུ་བྱ་བ་སྟེ། དཀའ་ཐུབ་སྤྱད་པ་ལ་སོགས་པའི་སྒོ་གསུམ་གྱིས་ཉམས་སུ་བླང་བར་བྱ་བ་ལ་སེམས་ཅན་འདུལ་བ་ན་མངོན་དུ་བྱ་བའི་དུས་དང༌། མི་འདུལ་བ་ན་མངོན་དུ་བྱ་བའི་དུས་མ་ཡིན་པ་ཤེས་ནས་མངོན་དུ་བྱ་བ་དང་མི་བྱ་བ་ལ་སྦྱོར་བ་ནི་ཐབས་མཁས་པ་ཡིན་ནོ་ནི་ནི་ངོས་གཟུང་ངོ༌། །ཤེར་སྒྲོན་དུ་ཡང་གཞུང་འདི་ལྟར་འབྱུང་སྟེ། འདི་ལྟར་ན་ཐབས་


JLD018_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་བཅུ་ཉིད་ཡུལ་ལོ། །ཡང་ན་ཤེར་ཕྱིན་གྱི་ཡུལ་མངོན་སུམ་དུ་བྱ་བ་ལ་དུས་དང་དུས་མིན་ཤེས་པ་ནི་ཐབས་མཁས་ཀྱི་སྦྱོར་བ་རྣམ་པ་བཅུ་ཡིན་ནོ། །ཞེས་ཚིག་རྣམ་པར་སྦྱར་ནས་ཡུལ་ལྔར་བཤད་པ་ལྟར་གཟུང་སྟེ། རྐང་པ་དང་པོ་དང་ཐ་མ་གཉིས་ཀྱི་འགྲེལ་པའོ། །རྟོགས་དཀར་ཤེར་ཕྱིན་རྣམ་པར་མི་རྟོག་པའི་བདག་ཉིད་གྲངས་རྣམ་པ་བཅུའི་སྤྱོད་ཡུལ་གང་བདག་ཉིད་ཀྱིས་མངོན་སུམ་དུ་བྱ་བ་དེའི་དུས་རིགས་པ་དང་དུས་མ་ཡིན་པ་མི་རིགས་པ་ཤེས་པའི་སྦྱོར་བ་སྟེ་བསམ་པའི་ཁྱད་པར་ནི་ཐབས་ལ་མཁས་པ་སྟེ་ལམ་རྣམ་པ་བཅུ་ལ་བྱང་བ་ཡིན་ནོ། །ཞེས་འཆད་དོ། །གསུམ་པ་ནི། ཤེས་རབ་སོགས་སོ། །ཤེར་ཕྱིན་གྱི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་མང་དུ་ཐོས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་ལས་སྐབས་བཞི་པའི་བཤད་པའོ།། །།


previousཤོག་ལྷེབ་ ༣༠༡ ནས་ ༣༢༦ བར།next