Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  expand section
  collapse section
   
ཤོག་ལྷེབ་ ༣༢༧ ནས་ ༤༠༠ བར།
   
   
   
   
   
   
   
   
   
   
   


 
previousཤོག་ལྷེབ་ ༣༢༧ ནས་ ༤༠༠ བར།next

ཤོག་ལྷེབ་ ༣༢༧ ནས་ ༤༠༠ བར།


JLD018_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ལས་རྩེ་མོའི་མངོན་པར་རྟོགས་པའི་སྐབས་མན་ཀྱི་འགྲེལ་པ་བཞུགས་སོ།


JLD018_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དབང་དུ་བྱ་བའི་འབྲས་བུ་རྩེ་སྦྱོར་གྱི་ཡན་ལག་རྒྱས་པ་བཤད་པ་ལ་གསུམ། འབྲེལ་དགོད་པས་མཚམས་སྦྱར། རྩེ་སྦྱོར་གྱི་ཆོས་རྒྱས་པར་བཤད། སྐབས་བསྡུ་བའོ། །དང་པོ་ནི། རྣམ་ཀུན་གྱི་འོག་ཏུ་རྩེ་མོའི་མངོན་པར་རྟོགས་པ་འཆད་དོ། །རྒྱུ་མཚན་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་ཐོབ་པ་ལ་རྟོགས་པ་རབ་ཀྱི་མཐར་ཕྱིན་པ་རྩེ་མོའི་རྟོགས་པ་འབྱུང་བས་དོན་གྱི་རིམ་པའོ། །ཇི་ལྟར་སྟོན་ན། སྦྱོར་ལམ་རྩེ་མོ་བཞི་རྟགས་དང་སོགས་པས་རྣམ་འཕེལ་བརྟན་པ་སེམས་ཀུན་གནས་བཞི་དང་མཐོང་སྒོམ་གྱི་རྩེ་མོ་གཉིས་སྤང་བྱ་རྟོག་པ་གཉིས་དང་བར་རྩེ་ལོག་སྒྲུབ་ཀྱིས་བསྙད་པ་སྟེ་མཚོན་


JLD018_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྟན་པ་སྔོན་དུ་འགྲོ་བའི་ཚུལ་གྱིས་སོ། །དེའི་དགོས་པ་ནི་རྩེ་མོ་དེ་དག་གོ་སླ་བར་བྱ་བའི་ཕྱིར། །ཐ་མ་གསུམ་སྤང་བྱ་དང་ངོ་བོ་གཉིས་ཀས་བསྙད་དོ། །མདོ་འབྲེལ་ནི། ཐབས་མཁས་སུ་ཕྱིར་མི་ལྡོག་གསུངས་པའི་རྟགས་བསྟན་པར་བཞེད་ནས་དེ་བས་རབ་འབྱོར་ལ་རྟགས་བཀའ་སྩལ་ཏོ། །གཉིས་པ་ནི་རྩེ་སྦྱོར་གྱི་ཆོས་རྒྱས་པར་བཤད་པ་སྟེ། འདིའི་ས་བཅད་སྤྲོ་ཞིང་དང་པོར་སྟོབས་བཅུ་གཉིས་པོ་དང་ལྡན་པའི་དྲོད་རྩེ་སྦྱོར་བཤད་པ།གཉིས་པ་ལ་བཞི། སྦྱོར་ལམ། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་མོའོ། །དང་པོ་ལ་གཉིས། སོ་སོའི་ངོ་བོ་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་གི་རྩེ་མོའོ། །དང་པོ་ལ་གཉིས་ལས། དང་པོ་ནི། གྲངས་རྣམས་པ་བཅུ་གཉིས་དག་ཏུ་བཞེད་དོ། །གང་ལ་ན། དྲོད་ཀྱི་རྩེ་མོའི་སྦྱོར་བར་ཕྱིན་པའི་རྟགས་


JLD018_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། དེ་དག་གང་ན། རྨི་ལམ་ན་ཡང་ཆོས་རྣམས་ཀུན་རྨི་ལམ། ལྟ་བུར་ལྟ་བ་དང་སོགས་པས་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བའི་བར་རོ། །དེ་ལ་དང་པོ་བརྒྱད་འབྲས་རྟགས་དང་ཐ་མ་བཞི་རང་བཞིན་རྟགས་སུ་བདག་ཉིད་ཆེན་པོ་བཞེད་དོ། །མདོ་ནས་དང་པོ་དྲུག་ལ་རྨི་ལམ་དང་བདུན་པ་ལ་རྨི་ལམ་དང་སད་པ་གང་རུང་སྦྱར་ནས་ལྷག་མ་ལ་དེ་གཉིས་གང་གི་ཡང་ཐ་སྙད་མ་མཛད་དོ། །ཁ་ཅིག་ལྔ་བ་མ་གཏོགས་པའི་དང་པོ་ལྔ་རྨི་ལམ་དང་དེ་དང་བདུན་པ་གཉིས་གཉིས་ཀ་དང་ཐ་མ་ལྔ་སད་པའི་རྟགས་སུ་འདོད་ཅིང༌། བུདྡྷ་ཤྲཱི་ནི་དང་པོ་དྲུག་དང་དེ་ནས་གཉིས་དང་ཐ་མ་བཞི་རྨི་ལམ་དང་གཉིས་ཀ་དང་སད་པའི་རྟགས་སུ་བཞེད་དོ། །གཉིས་པ་ནི། དྲོད་ཀྱི་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་ཏེ་གསར་དུ་ཐོབ་པར་མཚོན་པའི་རྟགས་ཡིན་ནོ། །གང་ན། ཞེས་བྱ་བ་རེ་རེའི་མཐར་སྦྱར་བའི་རྟགས་རྣམ་པ་བཅུ་གཉིས་ནིའོ། །དེ་དག་གང་ན། རྟགས་དང་པོ་ནི་ཐབས་ཤེས་ཀྱིས་ཟིན་པའི་རྣལ་འབྱོར་གྱི་ཆོས་དྲོད་ཀྱི་རྩེ་མོ་ཐོབ་པའི་བྱང་སེམས་ཉིན་པར་མ་ཟད་རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་དང་སོགས་པས་གཟུགས་བརྙན་ནས་དྲི་ཟའི་གྲོང་ཁྱེར་དང་འདྲ་བར་ལྟ་ཡང་སེམས་ཅན་གྱི་དོན་བློས་མི་འདོར་བས་ཡང་དག་མཐའ་མངོན་དུ་མི་བྱེད་པ་སྟེ། གལ་ཏེ་བྱང་ཆེན་རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བ་དང༌། སྒྱུ་


JLD018_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་འདྲ་བ་དང༌། མིག་ཡོར་དང་འདྲ་བ་དང༌། སྤྲུལ་པ་དང་འདྲ་བ་དང༌། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་ལྟ་ཡང་མངོན་དུ་མི་བྱེད་ན་རབ་འབྱོར་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆེན་གྱི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་སོ། །རྨི་ལམ་དུ་དེ་ལྟར་ནུས་པའི་རྒྱུ་མཚན་ནི་ཐབས་ཤེས་ཀྱི་རྣལ་འབྱོར་ལ་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་ཏེ་འདི་རྨི་ལམ་གྱི་རྟགས་ཐམས་ཅད་ལ་སྦྱར་རོ། །གཉིས་པ་ནི། ཐབས་ཤེས་ཞེས་སོགས་ཐམས་ཅད་ཀྱི་ཐོག་མར་དང་རྨི་ལམ་ན་ཡང་ཞེས་ཐ་མ་བཞི་མ་གཏོགས་པ་ཐམས་ཅད་ལའོ། །ཉན་ཐོས་དང་སོགས་པས་རང་རྒྱལ་གྱི་ས་དང་ཁམས་གསུམ་ལ་ཐོབ་པར་དགའ་བའི་སེམས་མི་བསྐྱེད་པའོ། །འདི་དང་སྔ་མ་གཉིས་ཐབས་ཤེས་ཀྱི་ངོ་བོ་རྟགས་ཀྱི་གཙོ་བོའོ། །གསུམ་པ་ནི། གཙོ་བོ་དེ་པ་དང་སོགས་པས་དེ་ལ་འཁོར་བྱེ་བ་ཁྲག་ཁྲིག་གིས་བསྐོར་ནས་ཆོས་སྟོན་པ་མཐོང་ཞིང་རྗེས་སུ་མཐུན་པའི་ཆོས་ཐོབ་པའོ། །བརྒྱད་སྟོང་པར་རང་ཉིད་དེ་བཞིན་གཤེགས་པར་སྣང་ཞིང་འཁོར་གྱིས་བསྐོར་བར་མཐོང་བ་ལ་གསུངས་སོ། །བཞི་པ་ནི། སངས་རྒྱས་ནམ་མཁར་འཕགས་ཏེ་དགེ་སློང་གི་དགེ་འདུན་ལ་ཆོས་སྟོན་ཅིང་སྤྲུལ་པ་འགྱེད་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དམིགས་པ་སྟེ། འདི་སྔ་ཕྱི་གཉིས་སྐྱབས་ཉིད་དང་དེའི་མཐུ་ལ་གོམས་པ་བསྟན་པའི་རྟགས་སོ། །ལྔ་པ་ནི་རྨི་ལམ་ན་ཡང་ཞིང་འཇིགས་


JLD018_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་མཐོང་བ་ན་རྨི་ལམ་དུ་ཤེས་ནས་དེ་མི་འཇིགས་པར་སད་པའི་འོག་ཏུ་ཡང་ཁམས་གསུམ་རྨི་ལམ་ལྟ་བུ་ཆོས་སྟོན་པའི་སེམས་སྐྱེ་བ་སྟེ། འདི་རྨི་ལམ་ལ་དེར་ཤེས་པའི་རྟགས་སོ། དྲུག་པ་ནི། དམྱལ་བ་ལ་སོགས་ངན་སོང་གི་སེམས་ཅན་མཐོང་བ་ན་དེ་སྔོན་དུ་འགྲོ་བའི་སྒོ་ནས་རང་ཉིད་མ་འོངས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤོང་བ་རྗེས་སུ་དྲན་པ་སྟེ། འདི་རང་གི་ཞིང་དག་པར་བྱེད་པའི་རྟགས་སོ། །བདུན་པ་ནི། རྨི་ལམ་མམ་སད་པ་གང་རུང་དུ་གྲོང་ཁྱེར་ལ་སོགས་པ་དངོས་པོ་ལ་ཚིག་པ་མཐོང་བ་ན་རྣམ་རྟགས་མཚན་མ་གང་གིས་བྱང་ཆེན་ཕྱིར་མི་ལྡོག་པའི་རྣམ་རྟགས་མཚན་མ་དེ་དག་བདག་ལ་ཡོད་ན་བདེན་པ་དང་བདེན་པའི་ཚིག་དེས་གྲོང་སོགས་ཚིག་པ་ཞི་བ་བསིལ་བ་མེད་པར་གྱུར་ཅིག་ཅེས་བརྗོད་པས་དེ་དག་གི་ཚིག་པ་རབ་ཏུ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱིས་བརླབས་པ་གྲུབ་ཅིང་རློམ་པ་མེད་པའོ་འདིར་མདོ་ལས་ཁྱིམ་དང་སྲང་ལ་ལ་ཚིག་ཅིང་ལ་ལ་མ་ཚིག་ན་སེམས་ཅན་དེ་དག་གིས་ཆོས་སྤོང་བའི་ལས་བསགས་པའི་རྣམ་སྨིན་མཐོང་ཆོས་ལ་མྱོང་བར་གསུངས་སོ། །བརྒྱད་སྟོང་པར་གཏན་ཞི་མ་ནུས་ལ་ལུང་མ་བསྟན་པ་དང་འདྲེས་མར་བྱུང་ན་བྱང་སེམས་དེས་ཆོས་སྤོང་གི་ལས་བསགས་པའི་རྣམ་སྨིན་ལྷག་མ་མྱོང་བ་ལ་གསུངས་སོ། །བརྒྱད་པ་ནི། རྨི་ལམ་མམ་སད་པའི་ཚེ་གནོད་སྦྱིན་དང་ཤ་ཟ་ལ་སོགས་པའི་མི་


JLD018_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་གྱིས་སེམས་ཅན་གཞན་ལ་གནོད་པར་མཐོང་བ་ན། བདག་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་བསྟན་ཅིང་ཉན་རང་གི་སེམས་དང་བྲལ་ལ། འཚང་རྒྱ་བར་འགྱུར་ན་བདེན་པ་དང་བདེན་པའི་ཚིག་དེས་མི་མ་ཡིན་གྱིས་བཟུང་བ་འདི་གུད་དུ་འགྲོ་བར་གྱུར་ཅིག་ཅེས་བརྗོད་པས་མི་མ་ཡིན་དེ་དག་མེད་པར་བྱེད་པའི་བདེན་པའི་ཚིག་གྲུབ་ཅིང་དེ་ལ་རློམ་སེམས་མེད་པའོ། །འདི་དང་སྔ་མ་གཉིས་སེམས་ཅན་ཡིན་མིན་གྱི་གནོད་པ་ཞི་བར་བྱེད་པ་སྟེ་མཐུའི་དབང་དུ་བྱས་པའི་རྟགས་སོ། །འདིར་མདོ་ལས་བདུད་ཀྱི་མཐུས་མི་མ་ཡིན་གུད་དུ་སོང་ནས་ཀྱང་སེམས་རློམ་པ་སྐྱེས་ན་ལུང་མ་བསྟན་པར་གསུངས་ཏེ། དེ་ལྟར་མི་མ་ཡིན་སོང་བ་ལ་ཕྱིར་མི་ལྡོག་ཡིན་མིན་གཉིས་ཡོད་པ་ལྟར་མེ་ཞི་བ་ལ་ཡང་བདུད་དང་བྱང་སེམས་ཀྱི་མཐུས་ཞི་བ་གཉིས་ཡོད་ཅིང་དེ་ལ་ཡང་ཕྱིར་མི་ལྡོག་ཡིན་མིན་གཉིས་སུ་དབྱེ་བར་བྱའོ། །དེ་ལྟར་ན་མུ་བཞིར་འགྱུར་ཏེ། ཕྱིར་མི་ལྡོག་ལ་མེ་མ་ལུས་པ་མ་ཞི་བ་དང༌། དེ་ལས་བཟློག་པ་གཉིས་དེ་གཉིས་ཀ་དང་དེ་ལས་བཟློག་པ་གཉིས་ཏེ་བརྒྱད་པ་ལ་ཡང་མུ་བཞི་སྦྱར་རོ། །དགུ་པ་ནི། སད་པའི་ཚེ་ཞེས་བཞི་ཀ་ལ་སྦྱར་ལ། རང་ཉིད་ཀྱིས་བདུད་ལས་ཡིན་མིན་མངོན་པར་ཤེས་པས་ཕ་རོལ་བདུད་དང་སྡིག་གྲོགས་ཟིལ་གྱིས་གནོན་པའི་ཕྱི་ནང་གི་དགེ་བའི་བཤེས་གཉེན་བསྟེན་པའོ། །དེ་ཡང༌། དེ་ལྟ་བས་


JLD018_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱང་ཆུབ་དམ་པ་ཚོལ་བ་ཡི། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་ཀུན་བཅོམ་སྟེ། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་པ་ལྟར་རོ། །བཅུ་པ་ནི་དགེ་རྩ་ཐམས་ཅད་རྫོགས་པར་འདོད་པས་རྣམ་པ་ཐམས་ཅད་དུ་ཤེར་ཕྱིན་ལ་སློབ་པའོ། །བཅུ་གཅིག་པ་ནི། ཤེས་རབ་ཆགས་པ་མེད་པ་ཉིད་ཀྱིས་ཀུན་བྱང་གི་ཆོས་ཐམས་ཅད་དབེན་པར་ལྟ་བས་དེ་ལ་མངོན་པར་ཞེན་པ་མེད་པའོ། །བཅུ་གཉིས་པ་ནི། གཟུགས་སོགས་ལ་མི་སྤྱོད་པའི་ཚུལ་གྱིས་ཡུམ་ལ་སྤྱད་པས་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པའོ། །འདི་བཞི་ནི་ལམ་ལ་སློབ་པའི་རྒྱུ་དང་བསླབ་པའི་ཡུལ་དང་སློབ་ཚུལ་བསླབས་པའི་ཕན་ཡོན་གྱི་དབང་དུ་བྱས་པའི་རྟགས་སོ། །གཉིས་པ་ནི་སྦྱོར་ལམ་རྩེ་སྦྱོར་གྱི་གཉིས་པ་སྟེ་བསོད་ནམས་རྣམ་པར་འཕེལ་བའི་རྩེ་མོའི་རྩེ་སྦྱོར་བཤད་པ། གཉིས་པ་ལ་གསུམ་ལས། དང་པོ་ནི། རྟགས་ཀྱི་འོག་ཏུ་རྣམ་འཕེལ་གསུངས་ཏེ། དེ་ལྟར་རྟགས་བཅུ་གཉིས་ཀྱིས་ཐོབ་པར་མཚོན་པའི་རྩེ་མོ་དེའི་བསོད་ནམས་རྣམ་པར་འཕེལ་བ་དུ་ཞིག་ཡོད་ཅེ་ན་དེའི་ལན་དུ་སྟོན་དགོས་པས་སོ། །མདོ་འབྲེལ་ནི། རྟགས་གསུངས་པའི་འོག་ཏུ་བསོད་ནམས་གང་ལས་འཕེལ་ཚུལ་རབ་འབྱོར་ལ་བཀའ་སྩལ་ཏོ། །གཉིས་པ་ནི། རྣམ་འཕེལ་བཅུ་དྲུག་མདོ་ལས་གསུངས་སོ། །ཇི་ལྟར་ན་དཔེར་མཛད་ནས་ནིའོ། །དཔེ་ཇི་ལྟ་བུ་ན་འཛམ་བུའི་གླིང་གི་སྐྱེ་བོ་ཇི་སྙེད་ཡོད་པས་མིའི་ལུས་ཐོབ་ཅིང་བྱང་ཆུབ་ཏུ་སེམས་


JLD018_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་ནམ་མཚོའི་བར་དུ་སངས་རྒྱས་ཐམས་ཅད་ལ་མཆོད་པའི་དགེ་བའི་བསོད་ནམས་དང་སོགས་པས་ནོར་བུ་རྙེད་མ་ཐག་ཏུ་སྟོར་བ་ལ་སོགས་པ་རྣམས་སོ། །རྣམ་མང་དུ་ནི་དཔེ་མེད་པར་ཡང་གསུངས་པའོ། །འགྱུར་ཡང་དཔེར་མཛད་ནས་ནི་རྣམ་མང་དུ། ཞེས་སྙིང་མཆོག་གོ། རྟོགས་དཀར་འཛམ་གླིང་གིས་མཚོན་པའི་སྟོང་གསུམ་གྱི་སེམས་ཅན་གྱི་གྲངས་དང་མཉམ་པའི་སངས་རྒྱས་ལ་མེ་ཏོག་དང་སྤོས་ལ་སོགས་པ་རྣམ་པ་མང་པོས་ཡང་དང་ཡང་དུ་མཆོད་པའི་དགེ་བ་ལ་སོགས་པ་སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མས་ཕན་ཚུན་དཔེར་མཛད་ནས་གོང་ནས་གོང་དུ་འཕེལ་བའི་རིམ་གྱིས་བསོད་ནམས་འཕེལ་བའི་བདག་ཉིད་ཅན་བཅུ་དྲུག་ཡིན་ཞེས་འཆད་པ་ནི་སློབ་དཔོན་མི་བཞེད་དེ། སོགས་ཁོང་ནས་མཆོད་པའི་དགེ་བ་བསྔོ་བ་འདོན་པ་དང༌། རྣམ་མང་དཔེ་ལ་བསོད་ནམས་མང་པོ་འབྱུང་བ་ལ་བྱས་ནས་དེ་ལས་སྔ་ཕྱི་རྣམས་རིམ་པ་ལྟར་འཕེལ་བ་དགོངས་པ་ཡིན་པས་སོ། །གསུམ་པ་ནི། རྣམ་པར་འཕེལ་བ་ཡིན་ནོ། །གང་ན་རྩེ་མོའི་རྩེ་མོ་ཐོབ་པའི་བསོད་ནམས་གནས་སྐབས་བཅུ་དྲུག་གི་ངོ་བོ་ཉིད་ནིའོ། །ཚུལ་ནི། མེ་ཏོག་དང་སོགས་པས་མར་མེ་དང་བདུག་པ་ལ་སོགས་པས་སངས་རྒྱས་མཆོད་པའི་དགེ་བ་དང་སོགས་པས་དེ་བྱང་ཆུབ་ཏུ་བསྔོས་པའི་བསོད་ནམས་རྣམ་པ་མང་པོ་འབྱུང་བ་བཅུ་དྲུག་གི་དང་པོར་དཔེར་མཛད་ནས་གསུངས་པའི་བསོད་ནམས་དེ་ལས་དང་པོ་དང༌།


JLD018_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཕྱི་མ་རྣམས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཉིད་ཀྱིས་ཚུལ་གྱིས་སོ། །འདི་ལ་དོན་བསྡུས་སྒྲོན་མེར། རྣམ་འཕེལ་བཅུ་དྲུག་རྩེ་མོ་ཡི། །གྲངས་ངེས་མེད་དེ་གོ་རིམས་ཡང༌། །མེད་དེ་འདིས་ཀྱང་འདིས་ཀྱང་ནི། །འཕེལ་ལོ་ཞེས་ནི་བྱ་བ་ཡིན། །བཅུ་དྲུག་གང་རུང་ཡོད་པས་སུ། །དེ་ཡི་རྒྱུད་ལ་དགེ་འཕེལ་བ། །རྩེ་མོ་ཡིན་ཞེས་ལ་ལ་ཟེར། །བཅུ་དྲུག་ཉིད་ནི་རྩེ་མོ་ཞེས། །ཁ་ཅིག་དེ་སྐད་འདོད་པའང་ཡོད། །ཅེས་བཤད་ཀྱང་སློབ་དཔོན་གྱི་བཞེད་པས་སྔ་མ་རྣམས་ལས་ཕྱི་མ་རྣམས་འཕེལ་བར་བྱ་དགོས་ཏེ། གོང་ནས་གོང་དུ་ཞེས་དང་ཁྱད་པར་དུ་ཞེས་པའོ། །དེ་དག་གང་ན། འདི་ལ་གཉིས་ལས། ཕྱི་གཙོ་བོར་གྱུར་པའི་བསོད་ནམས་རྣམ་པ་བརྒྱད་ཀྱི་དང་པོ་ནི། འཛམ་གླིང་ལ་སོགས་པ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་དེ་བཞིན་གཤེགས་པ་ལ་མཆོད་ཅིང་དེའི་དགེ་བ་བསྔོས་པ་བས་ལྷག་པ་རྩེ་མོ་བས་རང་ཉིད་ཡུམ་ཡིད་ལ་བྱེད་ཅིང་གཞན་ལ་སྟོན་པ་སྟེ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡུམ་འདི་གཞན་ལ་སྟོན་པ་དང་ནས་ཡུམ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་དཔྱོད་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་འཛམ་གླིང་གི་སེམས་ཅན་ཐམས་ཅད་མིའི་ལུས་ཐོབ་སྟེ་སངས་རྒྱས་པར་གྱུར་པ་དེ་དག་ནམ་འཚོའི་བར་དུ་བཞུགས་པ་ལ་རིགས་ཀྱི་བུའམ་བུ་མོ་གང་གང་གིས་མཆོད་ཅིང་དགེ་བ་བསྔོས་པ་དཔེར་མཛད་


JLD018_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དང༌། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་མིར་གྱུར་པ་ལ་འགའ་ཞིག་གིས་དགེ་བཅུ་ནས་རྫོགས་བྱང་ལ་བཀོད་ཅིང་དེའི་དགེ་བ་བསྔོས་པ་བས་སྔར་གྱི་དེ་འཕེལ་བར་གསུངས་སོ། །དེས་ན་ཉི་ཁྲི་དང་དེའི་འགྲེལ་པ་དག་ཏུ་འཛམ་གླིང་གི་སེམས་ཅན་གྱི་གྲངས་ནི་མཆོད་ཡུལ་དུ་མཛད་ཅིང་བརྒྱད་སྟོང་པ་དང་དེའི་འགྲེལ་པ་རྣམས་སུ་མཆོད་པ་པོར་བཤད་དོ། །གཉིས་པ་ནི་ཁྱད་པར་དུ་ཞེས་པ་ལྷག་མ་དྲུག་ལ་སྦྱོར་བར་གསུངས་ཀྱང་བཅུ་བཞི་པོ་ཐམས་ཅད་ལ་སྦྱར་ན་ལེགས་ཏེ། སྔ་མ་ལས་ཕྱི་མ་རྣམས་འཕེལ་བར་བཞེད་པས་སོ། །རྣམ་འཕེལ་དང་པོ་ལས་ཁྱད་པར་དུ་འཕགས་པ་དབུལ་པོས་ནོར་བུ་རྙེད་མ་ཐག་སྟོར་བ་ལྟར་ཉིན་མཚན་ཀུན་ཏུ་ཤེར་ཕྱིན་ཡིད་ལ་བྱེད་པ་དང་མི་འབྲལ་བའོ། །གསུམ་པ་ནི་མི་སྐྱེ་བའི་ཆོས་སྤྲོས་བྲལ་ལ་མི་སྐྲག་པའི་བཟོད་པ་ཐོབ་པའོ། །བཞི་པ་ནི་བྱང་ཆུབ་པར་བྱ་བ་འབྲས་བུའི་ཆོས་དང་བྱང་ཆུབ་པར་བྱེད་པ་རྒྱུའི་ཆོས་རྣམས་མི་དམིགས་པར་རྟོགས་པའོ། །ལྔ་པ་ནི་འཛམ་གླིང་གི་སེམས་ཅན་རྣམས་དགེ་བཅུ་དང་སོགས་པས་བསམ་གཏན་བཞི་ཚད་མེད་བཞི་གཟུགས་མེད་ཀྱི་སྙོམས་འཇུག་བཞི་ཐོབ་པ་ལས་རྩེ་མོའི་ཡུལ་ལ་སྤྱད་པ་ཁྱད་པར་དུ་འཕགས་པའོ། །དྲུག་པ་ནི་རྒྱལ་ཆེན་བཞི་ནས་འོག་མིན་གྱི་ལྷའི་རིས་ཐམས་ཅད་བསྲུང་བའི་ཕྱིར་ཉེ་བར་འོང་བར་སེམས་ཤིང་གཞན་གྱིས་བྱས་པའི་གནོད་པ་དང་ནད་རྣམས་མི་འབྱུང་བའོ། །


JLD018_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་དཀར། ལྷའི་རིས་ཐམས་ཅད་དུ་ཉེ་བར་འགྲོ་བ་ནི་ལྷ་ལ་སོགས་པའི་འདུས་པར་གཏོགས་པར་གཞན་གྱི་དོན་གྱི་ཕྱིར་འགྲོ་བའོ་ཞེས་བྱང་སེམས་ལྷའི་དྲུང་དུ་འགྲོ་བ་ལ་བཤད་པ་ནི་གཉིས་ཀའང་ཕན་ཚུན་མཚོན་པ་སྟེ་ཉི་ཁྲི་འགྲེལ་པར་འདི་བཞིན་བཤད་པས་སོ། །བདུན་པ་ནི་རྣམ་མཁྱེན་ཡིད་བྱེད་དང་མི་འབྲལ་བར་བྱེད་པས་བདུད་ཐམས་ཅད་ཟིལ་གྱིས་གནོན་ཞིང་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་བྱེད་པའོ། །བརྒྱད་པ་ནི་སྟོན་པ་སངས་རྒྱས་ཀྱིས་གསུངས་པ་ཉན་ཞིང་དེས་ཇི་ལྟར་གདམས་པ་ལ་སློབ་པ་དང་འདྲ་བར་ཐེག་པ་གཅིག་ལ་ཞུགས་པའི་སྐྱེ་བོ་བྱང་སེམས་ལ་མཚུངས་པར་གནས་པ་སྟེ། དེས་གང་ལ་བསླབ་པར་བྱ་བའི་ཡུལ་ལ་རང་ཉིད་ཀྱང་བསླབ་པ་མཉམ་པ་སྟེ། དཔེར་ན་སྟོན་པ་དང་ཇི་ལྟར་གནས་པ་དེ་བཞིན་དུ་བྱང་ཆེན་གྱིས་གང་ཟག་བྱང་སེམས་ཀྱི་ཐེག་པ་པ་དག་དང་གནས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་བདག་གི་གྲོགས་ཏེ་ཐེག་པ་གཅིག་ལ་ཡང་དག་པར་ཞུགས་པའོ། །འདི་ཇི་ལྟར་བསླབ་པར་བྱ་བ་དེ་བཞིན་དུ་བདག་གིས་ཀྱང་བསླབ་པར་བྱའོ། །ཞེས་སོ། །སྟོན་པ་དང་འདྲ་བའི་སྐྱེ་བོ་བྱང་སེམས་དང་མཚུངས་པར་གནས་པས་དེའི་བྱ་བ་ཉམས་སུ་ལེན་པའོ་ཞེས་འཆད་པ་ནི་ཡི་གེ་མ་དག་པས་འཁྲུལ་པ་སྐྱེད་པས་སོ། །ཞེས་བྱ་བ་ནི་རེ་རེའི་མཐར་རོ། །ཡང་ནི་བརྒྱད་ཚན་སྔ་མར་མ་ཟད་པའོ། །ཕྱི་ལས་གཞན་ནང་གཙོ་བོར་གྱུར་པའི་བསོད་ནམས་རྣམས་པ་བརྒྱད་ཀྱི་དང་པོ་ནི། ལམ་


JLD018_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་རྣམ་པའམ་སྐབས་ཐམས་ཅད་དུ་བསམ་གཏན་ལ་སྙོམས་པར་འཇུག་ཀྱང་དེའི་དབང་གིས་མི་སྐྱེ་བའི་ཐབས་ལ་མཁས་པས་ཉན་རང་གི་ཡིད་བྱེད་ཀྱིས་བསླབ་པ་ཡོངས་སུ་དག་པའོ། །གཉིས་པ་ནི་འཛམ་བུ་ཆུ་བོའི་གསེར་འབྱུང་བའི་ས་ཉུང་པའི་དཔེས་ཉན་རང་གི་རིགས་འཇིག་པའི་སྒོ་ནས་སངས་རྒྱས་ཀྱི་རིགས་ཁྱད་པར་ཅན་དུ་འགྱུར་བའི་རྩེ་མོ་ཐོབ་པ་ཉུང་བའོ། །གསུམ་པ་ནི་འཁོར་སྒྱུར་དུ་སྐྱེ་བ་ཉུང་བའི་དཔེས་འབྲས་བུ་སངས་རྒྱས་ཉིད་འཐོབ་པའི་རྒྱུ་མཚན་ཏེ་རྒྱུ་སེམས་བསྐྱེད་ལ་སོགས་པའི་ནུས་པ་ལྷག་པར་གྱུར་པ་ཉུང་བའོ། །དེ་གཉིས་ནི་ཐེག་ཆེན་གྱི་རིགས་གཉིས་ཀྱི་ནུས་པ་ལྷག་པའི་སྒོ་ནས་དབྱེ་བའོ། །ཡང་ན་རིགས་ཅན་དང་རིགས་ཀྱི་ནུས་པའི་དབྱེ་བའོ། །བཞི་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་ཀྱི་ཉོན་སྒྲིབ་ཀྱི་སེམས་མི་སྐྱེ་བའམ་ཞི་བར་བྱེད་པའོ། །ལྔ་པ་ནི། གཟུགས་དང་སོགས་པས་རྣམ་མཁྱེན་གྱི་བར་དང་ལྡན་པར་རྟོགས་པ་སྟེ་དེ་དག་ཏུ་ཞེན་པའི་སེམས་མི་སྐྱེ་ཞིང་ཞི་བར་བྱེད་པའོ། །ཡུལ་སེམས་ཀྱི་རྣམ་པར་མཐོང་བས་གཟུགས་སོགས་དང་ལྡན་པར་རྟོགས་པ་མིག་ཤེས་སོགས་མི་སྐྱེ་བར་བཤད་པ་ནི་མདོ་དང་འགལ་ལོ། །དྲུག་པ་ནི་སྲོག་དབང་འགགས་ན་དབང་པོ་ཐམས་ཅད་འགག་པ་དང༌། འཇིག་ལྟར་ལྟ་བ་རེ་གཉིས་འདུས་པའི་འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་དཔེས་ཡུལ་དུ་ཕར་


JLD018_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཀུན་བསྡུས་པར་ཤེས་ནས་དེ་ལ་སློབ་པའོ། །ཕྱིན་དྲུག་རེ་རེར་ཐམས་ཅད་འདུས་པར་འཆད་པ་ནི་དོན་མིན་ནོ། །བདུན་པ་ནི་ཡུམ་ལ་བསླབས་པས་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པའོ། །བརྒྱད་པ་ནི་གཟུང་བ་ལ་སོགས་པའི་ལྟ་བ་དང་བྲལ་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་ཐག་ཉེ་བར་གྱུར་པའོ། །ཞེས་བྱ་བ་ནི་རེ་རེའི་མཐར་རོ། །གསུམ་པ་ནི་སྦྱོར་ལམ་རྩེ་སྦྱོར་གྱི་གསུམ་པ། བརྟན་པའི་རྩེ་སྦྱོར་ཏེ་བཟོད་པ་རྩེ་སྦྱོར་བཤད་པ། གསུམ་པ་ལ་གསུམ་ལས། དང་པོ་ནི་རྣམ་འཕེལ་གྱི་འོག་ཏུ་ངེས་བརྟན་གསུངས་ཏེ། སྔར་གྱི་དེ་ལྟར་བསོད་ནམས་རྣམ་པར་འཕེལ་བའི་རྩེ་མོས་རྣམ་པར་རམ་ཁྱད་པར་དུ་སྤེལ་བའི་རྟོགས་པ་ལ་རང་དབང་དུ་གྱུར་པ་མཐར་ཕྱིན་པའི་མཚན་ཉིད་རྣམས་ནི་ངེས་པར་བརྟན་པ་ཡིན་པས་སོ། །མདོ་འབྲེལ་ནི། རྣམ་འཕེལ་གསུངས་པ་དང་བརྒྱ་བྱིན་གྱིས་སྦྱིན་པ་ནས་མ་འདྲེས་པའི་བར་ལ་སྤྱོད་པའི་བྱང་སེམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་ན་སངས་རྒྱས་པ་ན་ལྟ་ཅི་སྨོས་སྙམ་དུ་བསམས་ནས་མེ་ཏོག་གཏོར་ཏེ་དགེ་རྩ་བསྔོས་པས་བསྟན་ཏོ། །གཉིས་པ་ནི། རང་དོན་རྟོགས་པ་བརྟན་པ་ཞེས་ནི་མངོན་པར་བརྗོད་དོ། །གང་ན། །ཀུན་མཁྱེན་ཉིད་གསུམ་གྱི་ཆོས་སུམ་ཅུ་རྣམས་ཀྱི་ཡོངས་སུ་རྫོགས་པར་བྱེད་པ་བླ་ན་མེད་པ་སྟེ། དགེ་བའི་རྩ་བ་འདིས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་བླ་མེད་རྫོགས་བྱང་དུ་དམིགས་པ་དེ་དག་གི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་


JLD018_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྣམ་མཁྱེན་གྱི་རང་བྱུང་གི་ཟག་མེད་ཀྱི་ཆོས་ལ་སྦྱར་ནས་གསུངས་པའོ། །དེ་ལ་དང་པོས་མཁྱེན་གསུམ་བསྟན་ལ་ལྷག་མ་གསུམ་གྱིས་དེ་བཤད་དོ། །གཞན་དོན་སྙིང་རྗེ་བརྟན་པ་སོགས་སོ། །གང་ན་སེམས་ཅན་གྱི་དོན་སྒྲུབ་པ་བསམ་སྦྱོར་གྱིས་ཡོངས་སུ་མི་གཏོང་པ་སྟེ། ཅི་བདག་བརྒལ་ནས་སེམས་ཅན་མ་བརྒལ་བ་སྒྲོལ་བར་འགྱུར་རམ་ཞེས་ཚིག་དེ་ཇི་བཞིན་དུ་སྦྱར་ནས་གྲོལ་བ་དབུགས་ཕྱིན་པ་ཡོངས་སུ་མྱ་ངན་ལས་བཟླ་བ་ལ་ཡང་གསུངས་སོ། །གསུམ་པ་ནི། རྩ་བའི་རིམ་པ་ལྟར་དུ་འགྲེལ་པ་བཏོན་ན་འབྲེལ་བས་དེ་ལྟར་བཤད་དེ། རྣམ་མཁྱེན་ལ་སོགས་པ་སྐབས་གསུམ་དུ་ཇི་སྐད་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་སེམས་བསྐྱེད་པ་དང༌། སོགས་པས་མཐའ་གཉིས་དང་བྲལ་བའི་མཐོང་ལམ་གྱི་བར་སུམ་ཅུ་གོང་དུ་སྨོས་པ་རྣམས་ཅི་རིགས་པར་ཡོངས་སུ་རྫོགས་པར་བྱེད་པ་ལ་སྨོས་པ་བླ་ན་མེད་པ་དང༌། དེ་ལྟར་རམ་དེ་ལྟ་བུའི་མཁྱེན་གསུམ་གྱི་ཆོས་ལས་གཞན་དུ་མི་གཡེང་བའི་རྣམ་པར་མི་རྟོག་པ་རྟོག་པའམ་ཐོབ་པའི་གནས་སྐབས་དེ་ན་ཞི་བར་ལྟུང་བ་སྤང་བའི་དོན་དུ་ཡང་དག་པ་ཕྱིན་ཅི་མ་ལོག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ངོ་བོས་ཏེ་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་སྒྲུབ་པ་ཡོངས་སུ་མི་གཏོང་བའི་མཚན་ཉིད་ནི་རིམ་པ་ལྟར་རང་གཞན་གྱི་དོན་


JLD018_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངེས་པར་བརྟན་པ་ཡིན་ནོ། །འདི་ལྟར་སྦྱར་དགོས་པ་ཡང་ཉི་སྣང་ལས། །རང་དོན་རྟོགས་པ་བརྟན་པ་བཤད་ཟིན་པའི་འོག་ཏུ་དེ་ལྟ་བུའི་རྟོགས་པ་དང་ལྡན་པའི་གནས་སྐབས་སུ་མྱ་ངན་ལས་འདས་པར་ལྟུང་བ་སྤོང་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་མངོན་དུ་ཕྱོགས་པའི་བསམ་པས་སེམས་ཅན་མ་བསྒྲལ་བ་བསྒྲལ་བ་ལ་སོགས་པའི་སེམས་བསྐྱེད་པ་དང༌། ཞེས་འབྱུང་ཞིང༌། རྒྱན་སྣང་དུ་ཡང་མདོའི་བཤད་པའི་སྐབས་སུ་འཆད་ཚུལ་དེ་ཁོ་ན་ལྟར་རོ། །དེར་མདོའི་བཤད་པ་རྫོགས་པའི་སྐབས་སུ་ཐབས་ལ་མཁས་པའི་སྟོབས་ཀྱིས་དེ་ལྟར་རྣམ་པར་མི་རྟོག་ཅེས་སོགས་འདི་བཞིན་དུ་འབྱུང་ཡང་རྩ་བའི་རིམ་པ་བཞིན་བཤད་ན་དེ་ལྟར་གྱི་སྒྲ་འབྲེལ་ཏེ། དེ་ལྟར་གྱི་དོན་ནི་སྣང་བ་གཉིས་ཀྱི་དེ་ལྟ་བུའི་ཞེས་པ་དང་གཅིག་ཡིན་པས་སོ། །དེས་ན་གང་དག་སྔར་བསོད་ནམས་ཀྱི་རིམ་པ་བཤད་པ་དེ་ལྟར་ཞེས་འཆད་པ་ལྟར་ན་གཞུང་གི་གོང་འོག་འབྲེལ་དཀའོ། །ཤེར་སྒྲོན་དུ་སྔར་བཤད་པ་ལྟར་འབྱུང་སྟེ་འོན་ཀྱང་དེར་ཐབས་མཁས་ཀྱི་སྟོབས་རྟོགས་པ་བརྟན་པ་ལ་སྦྱར་རོ། །བཞི་པ་ནི་སྦྱོར་ལམ་རྩེ་སྦྱོར་བཤད་པའི་བཞི་བ། སེམས་ཀུན་ཏུ་གནས་པའི་ཆོས་མཆོག་གི་རྩེ་སྦྱོར་བཤད་པ། བཞི་པ་ལ་གསུམ་ལས། དང་པོ་ནི། ངེས་བརྟན་གྱི་འོག་ཏུ་སེམས་ཀུན་གནས་གསུངས་ཏེ། དེ་ལྟར་ངེས་པར་བརྟན་པར་བྱེད་པའི་རྩེ་མོ་ངེས་པར་བརྟན་པར་གྱུར་པའམ་བྱས་པའི་མཚན་ཉིད་ནི་སེམས་ཀུན་གནས་ཡིན་པས་སོ། །དེ་ལྟར་བཞི་པོ་འདི་ནི་དང་པོར་ཐོབ་བར་དུ་འཕེལ་ཞིང་རང་དབང་དུ་གྱུར། ཐ་མར་དམིགས་པ་ལས་མི་གཡེང་བར་


JLD018_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའོ། །མདོ་འབྲེལ་ནི། བརྟན་པ་ཕྱི་མ་ལས་འཕྲོས་ནས་བརྒྱ་བྱིན་གྱིས་བྱང་སེམས་བཞིའི་སེམས་བསྐྱེད་ལ་ཡི་་རང་བའི་བསོད་ནམས་ཅི་ཙམ་འཕེལ་བ་དེ་བཞིན་གཤེགས་པ་ལ་ཞུས་པའི་ལན་དུ་གསུངས་སོ། །གཉིས་པ་ནི། ཡོངས་སུ་བསྒྲགས་པ་ཡིན་ནོ། །གང་ན་སེམས་ཀུན་གནས་ཀྱི་ཏིང་ངེ་འཛིན་ཏོ། །གང་ལས་ན། མདོ་ལས་སོ། །ཇི་ལྟར་ན། བསོད་ནམས་མང་པོར་བསྟན་པའི་ཐབས་ཉིད་ཀྱིས་བསྟན་ཏོ། །མང་བར་ཇི་ལྟར་བསྟན་ན། །གླིང་བཞི་པའི་འཇིག་རྟེན་དང་སྟོང་དང་པོ་སྟོང་གཉིས་པ་སྟོང་གསུམ་པ་བཞི་སྲང་ལ་གཞལ་བ་དང༌། སྟོང་གསུམ་གྱི་འཇིག་རྟེན་གྱི་ཆུའི་ཕུང་པོ་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་གཅིག་གིས་ཆུ་ཐིགས་བླངས་པ་དཔེར་མཛད་ནས་དེའི་ཚད་གཟུང་ནུས་ཀྱི་བྱང་སེམས་བཞིའི་སེམས་བསྐྱེད་ལ་ཡི་རང་བའི་དགེ་རྩ་ལ་དེ་ལྟར་མིན་པར་རོ། །ཚིག་གང་གིས་ན། མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་བ། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང༌། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་པས་སོ། །འོ་ན་ཡི་རང་ཙམ་ལ་བསོད་ནམས་དེ་ཙམ་མང་གི་ཏིང་ངེ་འཛིན་ལ་མིན་ནམ་ཞེ་ན། རྗེས་སུ་ཡི་རང་བའི་བསོད་ནམས་ལས་དཔགས་ནས་ཏིང་ངེ་འཛིན་ཀྱང་བསོད་ནམས་མང་བར་རྟོགས་ནུས་པས་ཉེས་པ་མེད་ལ། ཏིང་ངེ་འཛིན་གྱི་དམིགས་པ་ནི་ཡི་རང་གི་


JLD018_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྩ་དང་མདོ་ནས་ཡི་རང་ནས་བླ་མེད་རྫོགས་བྱང་དུ་བསྔོ་བར་བགྱི་སྟེ། ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་དང༌། གཉིས་སུ་མ་མཆིས་པའི་འདུ་ཤེས་སུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ་ཞེས་གསུངས་པའི་བསྔོ་བ་ནི་དེའི་རྣམ་པ་དང༌། ཆོས་ཉིད་གཉིས་སུ་མེད་པ་ལ་སེམས་ཀུན་ཏུ་གནས་པ་ནི་ངོ་བོའོ་ཞེས་སྙིང་མཆོག་གོ། རྒྱན་སྣང་ལས། དོན་གཞན་གྱི་ཐབས་ཀྱིས་བསོད་ནམས་ཚད་ལས་འདས་པའི་རང་བཞིན་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད་ནི་སེམས་ཀུན་ཏུ་གནས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ་ཞེས་པ་ནི་ཡི་རང་དང་བསོད་ནམས་གཉིས་རྫས་ཐ་དད་པས་བསོད་ནམས་ཀྱི་སྒོ་ནས་བསྟན་པ་ལ་དགོངས་པས་ཡི་རང་ཉིད་ཏིང་ངེ་འཛིན་དུ་འཐད་དོ། །ཐེག་པ་ལ་དང་པོར་ཞུགས་པ། སྤྱོད་པ་ལ་ཞུགས་པ། ཕྱིར་མི་ལྡོག་པ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་བཞི་ཞེས་པ་ནི་རྣམ་རྟོག་བཞིའི་གཉེན་པོ་མཐོང་སྒོམ་གྱི་རྟོགས་པ་བཞི་དང༌། སྦྱོར་རྩེ་བཞི་དང༌། མོས་སྤྱོད་མ་དག་ས་བདུན། དག་པ་ས་གསུམ། ས་བཅུ་པ་ལ་གནས་པ་སྟེ་བཞི་ལ་འདོད་པའི་ལུགས་གསུམ་བཤད་པའི་དང་པོ་ནི་འཕགས་པའི་ཡིན་ལ། ཕྱི་མ་ནི་རང་ལུགས་སུ་མངོན་པས་དེ་ཉིད་འཐད་པར་སེམས་སོ། །གསུམ་པ་ནི། སེམས་གཉིས་མེད་ཀྱི་དོན་ལ་ཀུན་ཏུ་གནས་པ་ཡིན་ནོ། །གང་ན། །མདོ་ལས་བརྗོད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ནིའོ། །ཇི་ལྟར་བརྗོད་ན། ཡི་རང་གི་བསོད་ནམས་


JLD018_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མང་བར་བསྟན་པ་ཉིད་ཀྱི་སྒོ་ནས་སོ། །གང་ལས་མང་བར་བརྗོད་ན། གླིང་བཞི་པ་ལ་སོགས་པ་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་སའི་དཀྱིལ་འཁོར་སྲང་ལ་གཞལ་བ་དང་ཆུ་ཐིགས་སྐྲའི་རྩེ་མོས་བླངས་པ་སོ་སོར་དཔེར་མཛད་ནས་དེའི་ཚད་གཟུང་ནུས་ཀྱི། །བྱང་སེམས་བཞི་ཡིས་ཕར་ཕྱིན་དྲུག་ལ་སྤྱོད་པ་དང་སོགས་པས་སེམས་བསྐྱེད་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དགེ་རྩ་ཐམས་ཅད་ལ་ཏིང་ངེ་འཛིན་ཏེ་རྩེ་གཅིག་ཏུ་ཡི་རང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཚད་གཟུང་བར་མི་ནུས་སོ་ཞེས་དཔེ་དེ་དག་ལས་ངོ་བོ་ཁྱད་པར་དུ་འཕགས་ཤིང་གྲངས་ཚད་ལས་འདས་པའི་བསོད་ནམས་མང་བར་བསྟན་པའི་སྒོ་ནས་སོ། །སྟོང་གསུམ་གྱི་ཆུ་རྣམས་ཇི་ལྟར་ན་གཞལ་བར་ནུས་ཤེ་ན། ལུགས་ལས་ཚད་སྲིད་པའི་དངོས་པོ་ནི་རྣལ་འབྱོར་པ་རྣམས་ཀྱི་མངོན་པར་ཤེས་པའི་སྲང་ཚད་ཀྱིས་གཞལ་བར་ནུས་སོ་ཞེས་འབྱུང་བའི་ཚུལ་གྱིས་སོ། །འདིར་གཞུང་དུ་ལུགས་ལས་ཞེས་པ་མེད་པ་མ་དག་སྟེ། །རྟོགས་དཀར་འབྱུང་བས་སོ། །སོ་སོར་དཔེར་མཛད་པའི་དོན་ནི་ཡང་ན་གླིང་བཞི་པ་ལ་སོགས་པ་སྲང་ལ་གཞལ་བ་རྣམས་རེ་རེ་ནས་མདོ་ལས་དཔེར་མཛད་པ་ལ་བྱའོ། །གཉིས་པ་ནི། རྟགས་ལ་སོགས་པ་ཞེས་སོགས་ཏེ། ཉི་སྣང་དུ་མཛད་པ་བཀོད་པའོ། །གཉིས་པ་ནི་རྩེ་སྦྱོར་གྱི་ཆོས་རྒྱས་པར་བཤད་པའི་གཉིས་པ་མཐོང་ལམ་རྩེ་སྦྱོར་སྟེ། འདིའི་མཚམས་སྦྱར་ཞིང་དོན་བཤད་པའི་ས་བཅད་སྤྲོ་སྟེ་ཐོག་མར་སྤང་བྱ་གཟུང་རྟོག་དང་འཛིན་རྟོག་བཤད་པ། གཉིས་པ་ལ་གཉིས། མཚམས་སྦྱར་བ་དང༌། དོན་


JLD018_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའོ། །དང་པོ་ནི། སྐྱེ་རིམ་དང་སྦྱར་ན་ངེས་ཆའི་རྩེ་མོའི་འོག་ཏུ་མཐོང་རྩེ་སྐྱེ་བ་ཡིན་ཏེ་དེས་ན་དེ་འཆད་དོ། །མདོ་འབྲེལ་ནི། བསྟན་བཅོས་ལྟར་སྦྱོར་རྩེ་བཤད་ཟིན་པ་དང་རྟོག་པ་དང་པོ་མདོར་བསྟན་ཏེ་གསུངས་སོ། །གཉིས་པ་ལ་གཉིས། སྤང་བྱ་དང༌། གཉེན་པོའོ། །དང་པོ་ལ་གཉིས། མཚམས་སྦྱར་བ་དང༌། དོན་བཤད་པའོ། །དང་པོ་ནི། མཐོང་རྩེ་དེ་ལ་དེའི་མི་མཐུན་ཕྱོགས་ཤུགས་བསྟན་གྱི་གཉེན་པོ་དང་བཅས་པ་རྣམ་པ་བཞི་ཡོད་པས་དེ་འཆད་དོ། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། གཉེན་པོ་མཚོན་ཚུལ་ལོ། །དང་པོ་ལ་གཉིས། གཟུང་རྟོག་དང༌། འཛིན་རྟོག་མདོར་བསྟན་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི་བཞི་ཡོད་པ་ལས་རེ་ཞིག་མི་མཐུན་ཕྱོགས་གཟུང་རྟོག་གཉིས་གསུངས་སོ། །གཉིས་པ་ནི། བྱང་སེམས་ཀྱི་འཇུག་པའི་ཡུལ་ཐེག་ཆེན་གྱི་ལམ་འབྲས་དང་ནི་དེས་ལྡོག་པའི་ཡུལ་ཐེག་དམན་གྱི་ལམ་འབྲས་ལ་བླང་དོར་དུ་འཛིན་པ་ནི་གཟུང་བའི་རྣམ་རྟོག་གཉིས་སོ། །དེ་གཉིས་སོ་སོར་རེ་རེ་ལ་དགུའི་བདག་ཉིད་དུ་ཡོད་ལ་དེ་དག་ནི་རང་ཡུལ་ཇི་ལྟ་བ་བཞིན་མིན་པར་འཛིན་པའི་བདག་ཉིད་ཡིན་པས་རྟོག་པར་ཤེས་པར་བྱ་སྟེ། ཕྱིར་མི་ལྡོག་པ་རྣམས་དང་སྐྱེ་བ་གཅིག་གིས་ཐོགས་པ་དེ་དག་གི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་ནས་བླ་མེད་རྫོགས་བྱང་དུ་བསྔོ་བར་བྱ་སྟེ། ཇི་ལྟར་གཉིས་ཀྱི་འདུ་


JLD018_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སུ་མི་འགྱུར་བ་དང་གཉིས་སུ་མེད་པའི་འདུ་ཤེས་སུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །ཞེས་དང༌། ཡུམ་འབའ་ཞིག་རྣམ་པར་མི་རྟོག་པ་ཡིན་ནམ། འོན་ཏེ་བསམ་གཏན་ནས་སྦྱིན་པའི་ཕ་ཕྱིན་ཡང་རྣམ་པར་མི་རྟོག་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། ཡུམ་ནི་རྣམ་པར་མི་རྟོག་པའོ་ཞེས་སོགས་ཏེ་གཉེན་པོའི་སྒོ་ནས་བསྟན་ཏོ། །གསུམ་པ་ལ་བཞི། །རྟོག་པའི་ངོ་བོ། །མི་མཐུན་ཕྱོགས་སུ་བསྟན་པ། དབྱེ་བ། འཁྲུལ་པར་སྒྲུབ་པའོ། །དང་པོ་ལ་གཉིས་ལས། དམིགས་པ་ནི་བྱང་སེམས་ཀྱི་འཇུག་ཡུལ་མཚན་མར་མི་དམིགས་པ་དང༌། དེའི་ལྡོག་ཡུལ་མཚན་མར་དམིགས་པའི་ངོ་བོ་ཉིད་རིམ་པ་ལྟར་ངོ་བོ་ཉིད་སོགས་དང༌། སྲིད་ཞིར་ལྟུང་བ་སོགས་དག་ལའོ། །རྣམ་པ་ནི། བྱང་སེམས་དང་སོགས་པས་སངས་རྒྱས་ཀྱི་ཆོས་ལེན་པར་འདོད་པའི་སྒོ་ནས་བླང་བྱའི་གཟུང་བའོ་ཞེས་ཞེན་པ་དང༌། ཉན་ཐོས་དང་སོགས་པས་རང་རྒྱལ་གྱི་ཆོས་འདོར་བར་འདོད་པའི་སྒོ་ནས་དོར་བྱའི་གཟུང་བའོ་ཞེས་ཞེན་པ་ནི། རིམ་པ་ལྟར་འཇུག་པ་དང་ལྡོག་པའི་གཟུང་བར་རྣམ་པར་རྟོག་པ་གཉིས་སོ། །གཉིས་པ་ནི། དེ་གཉིས་ནི་མཐོང་རྩེའི་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཏེ། སྤང་བྱ་ཡིན་པས་སོ། །དཔེར་ན་མཐོང་སྤང་ཉོན་མོངས་པ་དང་འདྲ་བར་རོ། །གསུམ་པ་ནི། རྟོག་པ་དེ་གཉིས་སོ་སོར་རེ་རེ་ལ་དགུ་ཡོད་


JLD018_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །ཡུལ་དགུ་དགུ་ཡོད་པའི་དབྱེ་བས་སོ། །བཞི་པ་ནི། དགུ་གཉིས་བཅོ་བརྒྱད་ཡོད་པ་ནི་ཡུལ་ཇི་ལྟར་བ་བཞིན་མ་ཡིན་པར་འཛིན་པའི་རང་གི་ངོ་བོ་དག་ཏུ་ཤེས་པར་བྱ་སྟེ། རང་ཡུལ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་ཏེ། དྷ་དུ་ར་ཟོས་པའི་རྒྱུས་ནམ་མཁའ་ལ་གསེར་གྱི་ཁབ་ལེན་པ་ལ་འཇུག་པ་ལྟར་ཞེན་ཡུལ་གྱི་དངོས་པོ་དང་མ་འབྲེལ་བར་འཇུག་པ་སྟེ་ཞེན་པ་ལྟར་ཡུལ་མི་གནས་པ་ཉིད་ཀྱིས་སོ། །གཉིས་པ་ལ་གསུམ་ལས། །དང་པོ་ནི། དེ་ལྟར་སོགས་སོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། རྩོད་པ་སྤང་བའོ། །དང་པོ་ལ་གསུམ་ལས། རྟོག་པའི་ངོ་བོ་ནི། འཛིན་པའི་རྣམ་རྟོག་དབྱེ་གཞི། དབྱེ་ན་སེམས་ཅན་དོན་སྟེངས་སུ་རྫས་སུ་ཡོད་པ་དང་སེམས་ཅན་བློས་བཏགས་པར་ཡོད་པར་རྣམ་པར་རྟོག་པའི་རྫས་འཛིན་དང༌། བཏགས་འཛིན་གྱི་རྣམ་རྟོག་དག་ཏུ་དབྱེར་ཡོད་པར་འདོད་དེ། །སོ་སོ་སྐྱེ་བོ་དང་འཕགས་པའི་དབྱེ་བས་ཏེ་དེའི་འཛིན་པ་གཉིས་ཡོད་པས་སོ། །རྟོག་པའི་དབྱེ་བ་ནི། རྟོག་པ་གཉིས་པོ་དེ་དག་སོ་སོར་རེ་རེ་ལ་དགུའི་བདག་ཉིད་དུ་ཡོད་དོ། །འཁྲུལ་པར་བསྒྲུབ་པ་ནི། ཅིའི་ཕྱིར་འདི་དག་ལ་རྟོག་པ་ཞེས་བྱ་ཞེ་ན། རྟོག་པ་དེ་དག་རང་གིས་ཇི་ལྟར་ཞེན་པ་དེ་ལྟར་འཛིན་པའི་ངོ་བོས་སྟོང་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། རྟོག་པ་དེ་དག་ཞེན་པ་ལྟར་གྱི་ཡུལ་གང་གི་འཛིན་པར་འདོད་དེ་འཛིན་པ་མིན་པའི་ཕྱིར་རོ། །རྒྱུ་མཚན་གལ་ཏེའམ་གང་གི་ཕྱིར་ན་རྟོག་པ་དེས་གཟུང་བའི་དོན་རྣམས་བཟུང་བ་དེ་


JLD018_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མེད་པས་སོ། །རྒྱུ་མཚན་འདི་དག་རྟོག་པ་སྔ་མ་གཉིས་དང་ཇི་བཞིན་ཡུལ་མིན་པའི་བདག་ཉིད་ཅེས་པ་འདིར་ཡང་སྦྱོར་བ་འཐད་དོ། །རྟོག་པ་དེ་གཉིས་ནི། ཀྱེ་མ་ཚེ་དང་ལྡན་པ་རབ་འབྱོར། བྱང་ཆེན་གང་ཡུམ་ལ་སྤྱོད་པ་དེ་ནི་སྙིང་པོ་ལ་སྤྱོད་པའོ། །དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆེན་གང་ཡུམ་ལ་སྤྱོད་པ་དེ་ནི་སྙིང་པོ་མེད་པ་ལ་སྤྱོད་པའོ༌།དེ་ཅིའི་ཕྱིར་ཞེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡུམ་ནི་སྙིང་པོ་མེད་པའོ། །ཞེས་སོགས་ཀྱིས་སྐྱེས་བུ་རྫས་སུ་ཡོད་པ་ལ་བརྟེན་པའི་རྣམ་རྟོག ་བཀག་པ་དང༌། དེ་བཞིན་ཉིད་འདི་ལ་ནི་གང་ཡང་གནས་པར་འགྱུར་བ་མེད་དེ་དེ་ལ་གནས་ཤིང་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་སུ་ཡང་མེད་ན། དེ་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ་ཞེས་འཕགས་པའི་གང་ཟག་ཐམས་ཅད་བཀག་པས་གསུངས་ཏེ་གཉེན་པོའི་སྒོ་ནས་ཡིན་ནོ། །གཉིས་པ་ལ་གསུམ། རྩོད་པ། ལན། ལན་ལ་རྩོད་སྤང་ངོ༌། །དང་པོ་ལ་གཉིས་ལས། རྫས་རྟོག་གི་ཡོད་ས་ལ་རྩོད་པ་ནི། ཆོས་ཐམས་ཅད་བདག་མེད་པ་ཡིན་ནོ་ཞེས་ཆོས་དེ་ལྟ་བུ་རྣམས་སོ་སོ་སྐྱེ་བོས་ཀྱང་རྟོགས་པ་མ་ཡིན་ནམ། དེས་ན་འཛིན་པའི་རྣམ་པར་རྟོག་པ་དང་པོའི་རྣམ་པར་བཞག་པས་མ་


JLD018_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པར་འགྱུར་རོ་ཞེན། ཞེས་པའོ། །བཏགས་རྟོག་གི་ཡོད་ས་ལ་རྩོད་པ་ནི། འཕགས་པ་ལ་ཡང་འདི་ལྟ་བུ་ཡོད་པ་ཡིན་ཏེ། དགེ་སློང་དག་མཚན་མོ་འདས་ནས་ནངས་བར་གྱི་དུས་སུ་ངས་སྲོག་ཆགས་ཅེ་སྤྱང་སྐད་འབྱིན་པའི་སྒྲ་ཐོས་སོ་ཞེས་བྱ་བ་དང༌། དེ་བཞིན་དུ་ང་དེའི་ཚེ་དེའི་དུས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཡན་ལག་མ་སྨད་པ་ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་པ་མ་ཡིན་ནམ། དེས་ན་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པར་བཞག་པ་ལ་མ་ཁྱབ་པར་འགྱུར་རོ་ཞེ་ན། ཞེས་པའོ། །དེ་གཉིས་ཀྱི་དོན་ནི་སོ་སྐྱེའི་འཛིན་པ་ལ་རྫས་རྟོག་གིས་མ་ཁྱབ་སྟེ། དེ་ལ་ཡང་ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ཡོད་པས་སེམས་ཅན་གྱི་རྫས་མེད་པར་རྟོགས་པ་ཡང་ཡོད་པས་སོ་ཞེས་པ་དང༌། འཕགས་པའི་འཛིན་པ་ལ་བཏགས་འཛིན་གྱིས་མ་ཁྱབ་སྟེ། དེ་ལ་ཡང་ང་ཞེས་འབྱུང་བས་ངར་འཛིན་ཡོད་པས་སོ་ཞེས་པའོ། །གཉིས་པ་ནི། དེ་དག་གི་དེ་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ལ། འདིར་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་བརྗོད་པར་འདོད་པ་ཡིན་པས་སྙིང་པོ་མེད་དོ་ཞེས་དང༌། དེའི་ཚིག་ནི་ཐ་སྙད་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་པས་སྙིང་པོ་མེད་དོ། །ཞེས་སོ། །དེ་གཉིས་ཀྱི་དོན་ནི་རིམ་པ་ལྟར་སོ་སྐྱེས་ཆོས་ཐམས་ཅད་བདག་མེད་དུ་ཤེས་པ་ནི་མོས་པ་ཡིད་བྱེད་ཀྱིས་བདག་བཏགས་པ་ཙམ་དུ་རྟོགས་པ་ཡིན་ལ། བཏགས་འཛིན་འཕགས་པ་ལ་བཤད་པ་ནི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་བདག་


JLD018_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ཙམ་དུ་རྟོགས་པ་ལ་འདོད་པས་རྩོད་པ་དེ་ནི་སྙིང་པོ་མེད་དོ་ཞེས་པ་དང༌། འཕགས་པས་ང་དེའི་ཚེ་ཞེས་སོགས་ཀྱི་ཚིག་ནི་གཞན་གྱིས་ཁོང་དུ་ཆུད་པའི་ཐབས་སུ་བསྟན་པ་ཐ་སྙད་པ་ཡིན་གྱི། ངར་འཛིན་པ་མཚན་ཉིད་པ་ཡོད་ནས་ནི་མིན་པས་རྩོད་པ་དེ་ནི་སྙིང་པོ་མེད་དོ་ཞེས་པའོ། །ཉི་སྣང་གི་རྩོད་ལན་འདི་དག་རྒྱན་སྣང་དུ་ཡང་འབྱུང་ངོ༌། །འོ་ན་འཕགས་པས་སྦྱོར་ལམ་པའི་རྒྱུད་ལ་སྐྱེས་བུ་བཏགས་འཛིན་གྱི་རྟོག་པ་དང་འདིར་ཡང་མཐོང་སྤང་ལ་རྟོག་པ་དེ་བཤད་པ་མི་འཐད་ཅིང་སྒོམ་སྤང་ལ་རྫས་འཛིན་གྱི་རྟོག་པ་མི་འདོད་པར་འགྱུར་ཏེ། འཛིན་རྟོག་དང་པོ་སོ་སྐྱེ་དང་གཉིས་པ་འཕགས་པ་ཁོ་ན་ལ་ཡོད་པས་ཤེ་ན། འདིའི་ལན་ལ་ཁ་ཅིག་དེ་ལྟར་བཤད་པ་ནི་རྫས་འཛིན་དང་བཏགས་འཛིན་ལ་ཡིན་གྱི་རྟོག་པ་གཉིས་ནི་འཛིན་པ་དེ་གཉིས་ཡུལ་དུ་བྱེད་པའི་རྟོག་པ་ཡིན་པས་དེ་ལ་མ་ཡིན་ནོ་ཞེས་ལན་འདེབས་སོ། །དེ་ནི་ཆེས་མི་འཐད་དེ། རྩོད་པའི་སྐབས་སུ་རྟོག་པ་དང་པོ་དང་གཉིས་པའི་རྣམ་གཞག་མ་ཁྱབ་བོ་ཞེས་རྟོག་པ་གཉིས་ལ་བརྩད་ཅིང༌། རྩ་བར་ཡང་རྣམ་རྟོག་གཉིས་སྐྱེ་འཕགས་གཉིས་ལ་སྒྲས་ཟིན་པར་ཡོད་པར་བསྟན་པ་ལ་རྩོད་པ་འདི་བྱུང་བ་དང་རྟོག་པ་ལ་མི་བྱེད་ན་སྐབས་སུ་ཡང་བབ་པར་མི་འགྱུར་བས་སོ། །གཞན་ཡང་འཕགས་པས། སྒོམ་སྤང་ལ་རྫས་འཛིན་བཤད་པ་མེད་པས་སོ། །དེས་ན་བཏགས་འཛིན་ལ་ཡིད་


JLD018_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གཉིས་ཀྱི་སྒོ་ནས་གཉིས་སུ་མཛད་པས་སོ་སྐྱེ་དང༌། མཐོང་སྤང་ལ་རྟོག་པ་ཕྱི་མ་ཡོད་པར་བཤད་པ་ནི་མོས་པ་ཡིད་བྱེད་ཀྱི་དབང་དུ་བྱས་ལ། རྩ་བར་འཕགས་པ་ལ་གསུངས་པའི་དགོངས་པ་ནི་དེ་ཁོ་ན་ཉིད་ཡིད་བྱེད་ལ་དགོངས་སོ། །སྒོམ་སྤང་ལ་ནི་རྫས་འཛིན་གྱི་ཐ་སྙད་མ་མཛད་པས་སོ། །ཤཱནྟི་པས་ནི་འདི་གཉིས་ཡོད་ས་ངེས་པ་ཅན་དུ་བཤད་དེ། ཇི་སྐད་དུ་འཛིན་པའི་རྣམ་པར་རྟོག་པ་སེམས་ཅན་རྫས་སུ་ཡོད་པ་ལ་བརྟེན་པ་ནི་སོ་སོ་སྐྱེ་བོ་དག་གི་ཡིན་ཏེ། དེ་དག་གིས་མ་སྤངས་པའི་ཕྱིར་དང༌། འཕགས་པ་དག་གི་ནི་མ་ཡིན་ཏེ། དེ་དག་གིས་སྤངས་པ་ཉིད་ཀྱི་ཕྱིར་དང༌། མཐོང་བས་སྤང་བར་བྱ་བའི་སྐབས་ཡིན་པའི་ཕྱིར་རོ། །ཞེས་དང༌། འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སེམས་ཅན་བཏགས་པར་ཡོད་པ་ལ་བརྟེན་པ་ནི་འཕགས་པ་དག་གི་སྟེ་དེ་ཉན་ཐོས་དང་རང་སངས་རྒྱས་དག་གིས་མ་སྤངས་པ་ཉིད་ཀྱི་ཕྱིར་དང༌། སོ་སོ་སྐྱེ་བོ་དག་ལ་དང་པོ་ཉིད་ཡོད་པའི་ཕྱིར་རོ། །ཞེས་སོ། །འདིས་ཀྱང་སྦྱོར་ལམ་པ་དང༌། སྒོམ་སྤང་ལ་རྟོག་པ་ཕྱི་མ་ཡོད་པར་གསུངས་པ་སྤང་དགོས་ཏེ། རྟོག་པ་གཉིས་པ་ཉན་རང་ཉིད་དང་སྔ་མ་ཁོ་ན་སོ་སྐྱེ་ལ་ཡོད་པར་འདོད་པས་སོ། །གསུམ་པ་ནི། གལ་ཏེ་འདིར་འཛིན་རྟོག་སེམས་ཅན་དུ་རྟོག་པར་བཤད་པ་འདི་གང་ཟག་དང་ཆོས་གཉིས་སུ་བྱས་པའི་གང་ཟག་ཡིན་ནམ། འོན་ཏེ་གང་ཟག་ཏུ་གདགས་པའི་གཞི་སེམས་རྒྱུད་ཀྱིས་ཟིན་པའི་


JLD018_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཙམ་ལ་འདོད། དང་པོ་ལྟར་ན་ཡུལ་ཅན་གྱི་རྟོག་པ་དེ་ཉོན་མོངས་པའི་སྒྲིབ་པར་འགྱུར་ལ་དེ་འདོད་ན་ཉན་རང་གིས་ཀྱང་འདི་དག་སྤོང་དགོས་ན་དེ་ཡང་མི་འཐད་དེ། འདི་དག་བྱང་སེམས་ལམ་གྱི་ཐུན་མོང་མིན་པའི་སྤང་བྱར་མི་འགྱུར་བ་དང༌། འདི་གཉིས་སྤོང་ན་གཟུང་རྟོག་གཉིས་ཀྱང་སྤོང་ནུས་པས། གཟུང་འཛིན་གྱི་རྟོག་པ་བཞི་ཀ་ཉན་རང་གིས་སྤོང་བར་ཧ་ཅང་ཐལ་ལོ། །གཉིས་པ་ལྟར་ན། གཞུང་ལས་སེམས་ཅན་དང་གང་ཟག་ཏུ་རྟོག་པར་བཤད་པ་དང༌། ཉི་སྣང་གི་རྩོད་ལན་ལ་ངར་འཛིན་ཡོད་མེད་ཀྱིས་རྫས་འཛིན་ཡོད་མེད་དུ་བཤད་པ་མི་འཐད་ཅེ་ན། སྤྱིར་འཛིན་རྟོག་ལ་གང་ཟག་དང་ཆོས་ཙམ་ལ་འཛིན་པ་པོར་ཞེན་པ་གཉིས་ཡོད་ཅིང་གཉིས་ཀའང་བྱང་སེམས་ཀྱིས་སྤང་དགོས་པའི་ཕྱིར་གཉིས་ཀའི་རྣམ་གཞག་ཁས་བླང་སྟེ། མདོར་བསྟན་དུ་གང་ཟག་ཏུ་རྟོག་པ་རྩ་བར་བཤད་ཅིང་རྒྱས་བཤད་དུ་ཉི་སྣང་ལས་བཤད་པ་རྣམས་ཤེས་སྒྲིབ་ཀྱི་རྟོག་པར་སྣང་བས་སོ། །དེས་ན་སྐྱེ་འཕགས་གཉིས་ཀས་གང་ཟག་གི་བདག་མེད་རྟོགས་ཀྱང་མངོན་དུ་གྱུར་མ་གྱུར་ཡོད་པས་དེ་གཉིས་ཀྱི་འཛིན་པ་ལ་རྫས་བཏགས་ཀྱི་འཛིན་པར་འཇོག་པ་ལྟར་ཆོས་བདག་མེད་པར་མངོན་སུམ་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་གྱིས་ཀྱང་སྐྱེ་འཕགས་ཀྱི་འཛིན་པ་ལ་ཆོས་ཙམ་ལ་རྫས་དང་བཏགས་པའི་ལོངས་སྤྱོད་པ་པོར་འཛིན་པའི་ཤེས་སྒྲིབ་ཀྱི་འཛིན་པ་


JLD018_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱང་ཤེས་པར་བྱའོ། །དེ་ལྟར་སྐྱེ་འཕགས་ཀྱི་འཛིན་པ་ལ་རྫས་བཏགས་ཀྱི་འཛིན་པ་གཉིས་སུ་བྱས་པ་ཡང་གཙོ་ཆེ་བས་ཡིན་ཏེ། གཞན་དུ་ན་ས་བདུན་པའི་བར་དུ་ཉོན་ཡིད་མཚན་ཉིད་པ་མི་འཇུག་པར་འགྱུར་ཏེ། ངར་འཛིན་མཚན་ཉིད་པ་ལ་རྫས་འཛིན་གྱིས་ཁྱབ་པས་སོ། །རིགས་པ་འདིས་ཆོས་ཀྱི་དབང་དུ་བྱས་པའི་འཛིན་པ་གཉིས་ཀྱི་ཡོད་ས་ཡང་ཤེས་པར་བྱའོ། །གསུམ་པ་ལ་བཞི། རྟོག་པའི་ངོ་བོ། སྤང་བྱར་བསྟན་པ། དབྱེ་བ། འཁྲུལ་པར་སྒྲུབ་པའོ། །དང་པོ་ནི། སོ་སོ་སྐྱེ་བོ་ལ་ནི་སྐྱེས་བུ་དང་དེར་གདགས་པའི་གཞི་རྫས་སུ་ཡོད་པའི་རྟེན་ཅན་ཏེ་ཡུལ་གྱི་འཛིན་པ་དང༌། འཕགས་པའི་གང་ཟག་ལ་ནི་སྐྱེས་བུ་དང་དེར་གདགས་པའི་གཞི་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་དག་ཡོད་པས་འཛིན་པར་རྣམ་པར་རྟོག་པ་རྫས་འཛིན་དང་བཏགས་འཛིན་གཉིས་སོ། །གཉིས་པ་ནི། འདིར་དཔེ་མེད་ཀྱང་སྔར་གྱི་དཔེ་དེ་འདིར་བླངས་ནས་སྔར་ལྟར་བྱའོ། །གསུམ་པ་ལ་ཡང་སྔར་ལྟར་རོ། །བཞི་པ་ནི། འཛིན་རྟོག་དགུ་ཚན་གཉིས་སུ་ཡོད་པ་ནི། རང་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་སྣང་བའི་རང་གི་ངོ་བོ་དག་ཏུ་ཤེས་པར་བྱ་སྟེ། རང་ཡུལ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་ཏེ། རྟོག་པ་དེ་དག་ནི་ཡུལ་བདེན་པ་འཛིན་པའི་ངོ་བོས་དབེན་པ་རྫུན་པ་འཛིན་པའི་ངོ་བོ་ཡིན་པས་སོ། །རྟགས་གྲུབ་སྟེ། ཡུལ་བདེན་པ་གང་གི་ཡང་འཛིན་བྱེད་མ་ཡིན་ཏེ་དེའི་ཕྱིར་ཏེ། རྒྱུ་མཚན་གང་གི་


JLD018_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྟེ་གང་གི་ཕྱིར་ན། རྟོག་པ་དེ་དག་གི་ཡུལ་གྱི་དངོས་པོར་གྱུར་པ་གཟུང་བའི་དོན་དེ་དག་ཇི་ལྟར་གཟུང་བ་དེ་བཞིན་དུ་གཟུང་བའི་ངོ་བོར་ཡོད་པ་མ་ཡིན་པ་ཞེས་བྱ་བ་དེའི་ཚེ་སྟེ་དེའི་ཕྱིར་རོ། །གཉིས་པ་ལ་གཉིས། གཟུང་རྟོག་འཛིན་རྟོག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། འཇུག་པ་དང༌། ལྡོག་པ་གཟུང་རྟོག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། གཟུང་རྟོག་དང་པོ་སོགས་སོ། །གཉིས་པ་ནི། མཐའི་ལ་ཞེས་པ་སྔ་མ་རེ་རེའི་མཐར་སྦྱར་བ་ནི་ཡུལ་དགུ་དང༌། འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་རྣམ་རྟོག་ཅེས་པ་རྟོག་པའི་ངོ་བོ་དང༌། དེ་ནི་རྣམ་པ་དགུར་འདོད་ཅེས་པ་གྲངས་སོ། །ཡུལ་དགུ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། སྤྱི་དང་ཁྱད་པར་རོ། །ཁྱད་པར་ལ་གསུམ་སྟེ། རྒྱུ། ལམ། འབྲས་བུའོ། །ལམ་ལ་གསུམ་སྟེ། ལམ་གྱི་ངོ་བོ། ཡུལ། མི་མཐུན་ཕྱོགས་སེལ་བའི་ནུས་པའོ། །འབྲས་བུ་ལ་གཉིས་ཏེ། རང་དོན་དང༌། གཞན་དོན་ནོ། །གཞན་དོན་ལ་གསུམ་སྟེ། བྱེད་པ་པོའི་ནུས་པ་དང༌། བྱ་བའི་ལས་དང༌། བྱ་བའི་འབྲས་བུ་སྟེ་དགུ་ནི་ངོ་བོ་ཉིད་ལ་སོགས་པའོ། །དེ་དག་ཀྱང་མདོར་གཉེན་པོ་མི་རྟོག་པ་དངོས་སུ་གསུངས་པའི་ལྡོག་ཕྱོགས་རྟོག་པའི་འཛིན་སྟངས་ཀྱི་ཡུལ་རྣམས་བཀོད་པ་སྟེ། བྱང་ཆུབ་རྒྱུ་འབྲས་ཀྱིས་དབེན་པའི་ངོ་བོ་ཉིད་ལ་རྟོག་པ་ནི། ཡུམ་ནི་ཤིན་ཏུ་དབེན་པའོ་ནས་རྣམ་


JLD018_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་གྱི་བར་ནི་ཤིན་ཏུ་དབེན་པའོ། །ཞེས་སོ། །ལ་རྟོག་པ་ཞེས་འོག་མ་རྣམས་སུ་ཡང་ངོ༌། །ཐེག་ཆེན་གྱི་རིགས་ནི། ནམ་མཁའ་རང་ཉིད་འགའ་ཞིག་ལ་ཉེ་རིང་དུ་མི་སེམས་པ་ལྟར་རྣམ་མཁྱེན་དང་ས་གཉིས་ལ་ཉེ་རིང་དུ་མི་སེམས་སོ་ཞེས་ཏེ། ནམ་མཁའ་ནི་མི་རྟོག་པ་གཉེན་པོ་དང་རྟོག་ཡུལ་རིགས་གཉིས་ཀའི་དཔེའོ། །འོག་ཏུ་ཡང་གཉིས་གཉིས་ཀྱི་དཔེར་བལྟའོ། །ཐེག་ཆེན་གྱི་འཕགས་ལམ་ཡང་དག་པར་འགྲུབ་པ་ནི་སྒྱུ་མའི་སྐྱེས་བུས་སྒྱུ་མ་མཁན་དང་ལྟད་མོ་བ་ལ་ཉེ་རིང་དུ་མི་སེམས་པའི་དཔེ་སྔར་ལྟར་རོ། །ཡིན་ལུགས་ཤེས་པ་སོགས་ནི། གཟུགས་བརྙན་ནི་དམིགས་པ་གང་གིས་རང་འབྱུང་བ་དང་དེ་མིན་པ་གཉིས་ལ་ཉེ་རིང་དུ་མི་སེམས་པའི་དཔེ་དང་དོན་སྔར་བཞིན་ནོ། །སྤང་གཉེན་ལ་འདོར་ལེན་བྱེད་པའི་མི་མཐུན་སོགས་ནི་དེ་བཞིན་གཤེགས་པ་ལ་སྡུག་མི་སྡུག་གི་བློ་མེད་པ་ལྟར་ཡུམ་ལ་ཡང་དེ་མེད་པར་གསུངས་སོ། །ཡུལ་ལམ་ཐོབ་བྱ་མངོན་དུ་བྱས་པའི་རང་སོགས་ནི། །དེ་བཞིན་གཤེགས་པས་རྟོག་པ་ཐམས་ཅད་སྤང་པ་ལྟར་བྱང་སེམས་ཀྱིས་ཀྱང་དེ་སྤངས་པར་གསུངས་སོ། །སེམས་ཅན་གྱི་དོན་བྱེད་པ་པོ་ནི། དེ་བཞིན་གཤེགས་པའི་སྤྲུལ་པས་རྫོགས་བྱང་དང་རྣམ་མཁྱེན་གཉིས་ལ་ཉེ་རིང་དུ་མི་འཛིན་པ་ལྟར་བྱང་ཆེན་ཡང་དེ་ལྟར་གསུངས་སོ། །དོན་བྱེད་པ་དེའི་བྱ་བའི་ལས་ནི། དེ་བཞིན་གཤེགས་པའི་སྤྲུལ་པ་མི་རྟོག་བཞིན་དུ་དོན་སྒྲུབ་པ་


JLD018_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡུམ་ཡང་དེ་ལྟར་བྱེད་པར་གསུངས་སོ། །དཔེ་འདི་གཉིས་ཀྱི་ཁྱད་པར་ནི་བྱེད་པ་པོ་དང་དེས་བྱ་བའི་ལས་གཉིས་ཀྱི་དོན་མཚོན་པས་ཡིན་ནོ། །དོན་སྒྲུབ་པའི་བྱ་བའི་འབྲས་བུ་མྱང་འདས་ནི། འཁྲུལ་འཁོར་མཁན་གྱིས་བྱས་པའི་བུད་མེད་སོགས་ཀྱིས་གཟུགས་དེ་རང་གང་གི་སླད་དུ་བྱས་པ་ལ་མི་རྟོག་པ་ལྟར་ཡུམ་ཡང་དེ་ལྟར་གསུངས་སོ། །གསུམ་པ་ལ་གཉིས། རྟོག་པའི་ངོ་བོ་དང༌། གཉེན་པོའོ། །དང་པོ་ནི། གཟུང་བར་རྣམ་པར་རྟོག་པ་དང་པོ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་ནི་རྣམ་པ་དགུ་སྟེ། ཡུལ་དགུ་ཡོད་པས་སོ། །ཡུལ་དགུ་གང་ན། དོན་དམ་པར་རྒྱུ་ཕྱིན་དྲུག་གིས་དབེན་པས་འབྲས་བུ་བླ་མེད་བྱང་ཆུབ་ཀྱིས་དབེན་པ་མ་རྟོགས་པའི་དོན་རྒྱུ་དེ་ལ་བརྟེན་ནས་འབྲས་བུ་དེ་འཐོབ་པའི་ངོ་བོ་ཉིད་དང༌། ས་མི་གཡོ་བ་ལ་སོགས་པ་གསུམ་ལ་དངོས་སུ་འཇུག་པས་སངས་རྒྱས་ཀྱི་རིགས་སུ་ངེས་པ་དང༌། ཆོས་ཐམས་ཅད་མི་བདེན་པ་སྒྱུ་མ་ལྟ་བུར་རྟོགས་པས་མཐོང་ལམ་སོགས་ཡང་དག་པར་འགྲུབ་པ་དང༌། ཆོས་ཐམས་ཅད་སྣང་བརྙན་ནས་གཟུགས་བརྙན་ཙམ་དུ་ཟད་པར་རྟོགས་པས་ཐེག་ཆེན་གྱི་ཤེས་པའི་དམིགས་པ་མ་འཁྲུལ་བ་དང༌། ཡོན་ཏན་མཐོང་བ་སྔོན་དུ་འགྲོ་བའི་སྒོ་ནས་དེ་བླང་བ་དང༌། སྐྱོན་མཐོང་བ་སྔོན་དུ་འགྲོ་བའམ་བཏང་བའི་སྒོ་ནས་དོར་བར་བྱ་བ་སྟེ་བྱེད་པ་ཉིད་ཀྱིས་གཉེན་པོ་དང་མི་མཐུན་ཕྱོགས་སྐྱེད་པ་དང་སེལ་བ་དང༌། མཁྱེན་


JLD018_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡུལ་བཅས་ཤེས་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་རང་གིས་ཡུལ་ཇི་བཞིན་དུ་རྟོགས་པ་དང༌། རྒྱུ་དམན་ཞིང་འབྲས་བུ་གྱ་ནོམ་པ་མ་ཡིན་པ་ཉིད་ཀྱིས་ཉན་ཐོས་སོགས་ཀྱི་ས་ཐག་སྲིང་བར་བྱེད་པ་དང༌། གདུལ་བྱའི་བསམ་པ་ཇི་ལྟ་བ་དང་མཐུན་པར་སྤྲུལ་ནས་དོན་བྱེད་པས་སེམས་ཅན་ཀྱི་དོན་བྱེད་པའི་ལས་དང༌། ཡང་དག་པའི་ཐབས་ཤེས་རབ་དང་སྙིང་རྗེ་བསྐྱེད་པ་ལ་མཁས་པའི་སྟོབས་ཀྱིས་གདུལ་བྱའི་སྐྱེ་བོ་ཐམས་ཅད་མྱང་འདས་ལ་འགོད་པར་བྱ་བའི་འབྲས་བུ་སྟེ། ལ་ཐམས་ཅད་ཀྱི་མཐར་སྦྱར་བས་ཡུལ་དུ་འགྱུར་ལ། དེ་དག་ལ་རྟོག་པའི་ཚུལ་ནི་དངོས་པོར་དམིགས་པ་དང་གཞན་དོན་མི་སྒྲུབ་པའི་སྐྱོན་མེད་པ་ཉིད་ཀྱིས་ཏེ་དེར་མཐོང་ནས་འདི་ནི་བདག་གི་བླང་བྱའི་གཟུང་བར་བྱ་བ་ཉིད་དུ་འཇུག་པར་བྱའོ་ཞེས་བདེན་པར་ཞེན་པའོ། །གཉིས་པ་ནི། རྟོག་པ་དེ་དག་མཐོང་ལམ་གྱི་སྦྱོར་བ་སྟེ། ཐོབ་ལ་ཡོངས་སུ་མ་རྫོགས་པའི་གནས་སྐབས་ཀྱི་སྤང་བྱར་སངས་རྒྱས་བཞེད་པ་ཡིན་ནོ། །རྟོགས་དཀར་མཐོང་ལམ་གྱི་བསམ་གཏན་གྱི་ཁྱད་པར་ལ་སྦྱོར་བར་བཤད་ལ། ཚིག་གསལ་དུ་གཟུང་རྟོག་གཉིས་རགས་པས་ཤེས་སླ་ལ། འཛིན་རྟོག་གཉིས་དེ་ལས་བཟློག་པས་རིམ་པ་ལྟར་ལམ་གཉིས་ཀྱིས་སྦྱོར་བ་ཉེར་བསྡོགས་དང་དེ་གཉིས་ཀྱི་མཇུག་གི་སེམས་སེམས་བྱུང་གིས་གཅིག་ནས་ཕྱེ་སྟེ་དང་བསྡོམས་ཏེ་སྤོང་ལ། དེ་གཉིས་ཀྱང་མོས་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ལྟ་


JLD018_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ་ཞེས་འཆད་པ་ནི། སློབ་དཔོན་གྱིས་གཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་སྦྱོར་བ་དང་ཕྱི་མ་གཉིས་མཇུག་གི་སྤང་བྱར་བཤད་པ་དང་འགལ་ལོ། །དེ་ལྟར་གཉེན་པོའི་ཁྱད་པར་བསྟན་པ་ཡང་སྒོམ་སྤང་ལ་སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། ཞེས་དང༌། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས་གསུངས་པས་དེ་ལ་དཔགས་ནས་སྦྱར་བའོ། །སྦྱོར་བ་དང་མཇུག་ནི་སྔོན་གྱི་མཁས་པ་དག་ཐོབ་ལ་མ་རྫོགས་པ་དང་རྫོགས་པའི་སྐབས་ལ་བཤད་པ་ལྟར་འཐད་དེ། །རྟོག་པ་གཉིས་ཀྱི་དང་པོ་གཉིས་རགས་ཤིང་ཕྱི་མ་གཉིས་ཕྲ་བས་རགས་པ་སྔོན་ལ་དང༌། ཕྲ་བ་མཇུག་ཏུ་སྤོང་བས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། གཟུང་བའི་སོགས་ཏེ་སྔར་ལྟར་རོ། །གཉིས་པ་ནི། བྱང་སེམས་ཀྱི་ལྡོག་པའི་ཕྱོགས་ཉན་ཐོས་དང་སོགས་པས་རང་རྒྱལ་གྱི་ཡི་དམ་རྒྱུད་ལས་འབྱུང་བའི་རྟེན་ཅན་གྱི་རྣམ་རྟོག་དེ་ནི་དགུའི་བདག་ཉིད་དུ་ཡོད་དེ། ཡུལ་དགུ་ཡོད་པས་སོ། །དེ་ཡང་རྟོགས་པ༌། ཡོངས་འཛིན། ལམ། དབང་པོ། ཐབས་མཁས་དམན་པ་སྟེ་ལམ་དམན་པ་ལྔ་དང༌། སྤངས་པ། རྟོགས་པ། གཞན་དོན་གྱི་བྱ་བ། མྱང་འདས་དམན་པ་ནི་འབྲས་བུ་དམན་པ་བཞི་སྟེ་དགུའི་མཐར་ལ་སྦྱར་བ་ནི་ཡུལ་ལོ། །གསུམ་པ་ལ་གཉིས། སྤང་བྱ་རྟོག་པ། སྤོང་བྱེད་གཉེན་པོའོ། །དང་པོ་ནི། གཟུང་བར་རྣམ་པར་རྟོག་པ་གཉིས་པ་ལྡོག་པའི་ཕྱོགས་ཉན་ཐོས་དང་


JLD018_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རང་སངས་རྒྱས་ཀྱི་རྒྱུད་ལ་བླང་བར་བྱ་བ་ཉིད་དུ་འབྱུང་བའི་རྟེན་ཅན་ལ་ནི་རྣམ་པ་དགུར་ཡོད་དེ། ཡུལ་དགུ་ཡོད་པས་སོ། །དེ་དག་གང་ན། རྟོགས་པ་དམན་པ་ནི། མཚན་མར་གཟུང་ཞིང་སྙིང་རྗེ་དམན་པས་འཁོར་འདས་གང་རུང་ཞིག་ཏུ་ལྟུང་བ་ཉིད་ཀྱིས་ཏེ། ཉི་ཟླས་གླིང་བཞིར་ལས་བྱེད་པ་དང་འཁོར་བསྒྱུར་གྱི་རིན་པོ་ཆེ་སྣ་བདུན་གྱིས་དབང་བསྒྱུར་བའི་དཔེས་རིམ་པ་ལྟར་སྙིང་རྗེ་དང་མ་བྲལ་བའི་སྦྱིན་སོགས་ལྔས་མཐའ་གཉིས་སུ་མི་ལྟུང་བ་དང་ཐོབ་བྱ་ལ་དབང་བསྒྱུར་བར་གསུངས་པས་སྲིད་ཞིར་མི་ལྟུང་བར་བྱེད་པའི་ཁྱད་པར་ལས་བཟློག་སྟེ་བསྟན་ཏོ། །གང་རུང་གི་དོན་ནི་འཁོར་བ་ལ་མཚན་མར་འཛིན་ཞིང་ཞི་བ་འབའ་ཞིག་ལ་གཞོལ་བས་གཉིས་ཀར་ལྟུང་བ་ལ་བྱའོ། །ཡོངས་སུ་འཛིན་པ་མེད་པ་ནི། སྲིད་ཞིར་ལྟུང་བ་ལས་འཛིན་པའི་དགེ་བའི་བཤེས་གཉེན་དང་ནང་གི་ཐབས་ལ་མཁས་པ་དང་བྲལ་བ་ཉིད་ཀྱིས་ཏེ། ཁྱིམ་ཐབས་ཀྱིས་མ་བསྲུངས་པ་དང་བསྲུངས་པའི་བུད་མེད་ལ་འཕྱོན་མ་བས་གླགས་རྙེད་མི་རྙེད་ཀྱི་དཔེས་དྲུག་པ་དང་བྲལ་མ་བྲལ་གྱི་ལྔ་པོ་ཡང་བདུད་ཀྱིས་ཚུགས་མི་ཚུགས་སུ་གསུངས་སོ། །འདི་ལ་ནི་དཔེ་སྔ་མའི་དོན་གཟུང་སྟེ་ཡོངས་བཟུང་གི་ཁྱད་པར་ལས་བཟློག་པའོ། །བྱང་ཆུབ་སྒྲུབ་པའི་ལམ་གྱི་རྣམ་པའི་ཆ་མ་ཚང་བ་ནི། ཉོན་སྒྲིབ་ཙམ་དང་ཤེས་སྒྲིབ་ཕྱོགས་གཅིག་གི་གཉེན་པོ་བྱེད་ཀྱང་ཤེས་སྒྲིབ་མཐའ་དག་གི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་ཏེ། གོ་


JLD018_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཚང་བ་དགྲས་མི་ཐུབ་ཅིང་འཇོམས་པའི་དཔེས་དྲུག་པ་དང་མ་བྲལ་བ་ལྔ་ཡང་བདུད་ཀྱིས་མི་ཚུགས་པར་གསུངས་ཏེ། སྒྲུབ་པ་ཚང་པའི་ཁྱད་པར་ལས་བཟློག་པའོ། །སྲིད་མཐའི་ཚེ་ཡང་གཞན་གྱི་རྐྱེན་གྱིས་འགྲོ་བ་ནི། དེ་བཞིན་གཤེགས་པ་དང་སོགས་པས་བྱང་སེམས་ཉན་ཐོས་རྣམས་ཀྱི་གདམས་ངག་བསྟན་པ་ལ་ལྟོས་པ་དང་བཅས་པ་ཉིད་ཀྱིས་ཏེ། འཁོར་བསྒྱུར་ལ་མཁར་གྱི་རྒྱལ་པོས་བསྙེན་བཀུར་བའི་ཕྱིར་འོང་བའི་དཔེས་དྲུག་པ་དང་མ་བྲལ་བ་ལྔ་ཡང་རྣམ་མཁྱེན་དུ་འོང་བར་གསུངས་ཏེ། རྟོགས་པ་ལ་རང་དབང་དུ་གྱུར་པ་ལས་བཟློག་པའོ། །འདི་ཉན་ཐོས་གཅིག་པུ་ལ་སྦྱར་རོ། །ཆེད་དུ་བྱ་བ་ལོག་པ་ནི། སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་དང་སོགས་པས་སྤངས་རྟོགས་ཆེན་པོ་ལའང་དེའི་ཆེད་དུ་ལམ་ལ་མི་འཇུག་པ་ཉིད་ཀྱིས་ཏེ། གངྒཱས་ཆུ་ཀླུང་ཕྲ་མོ་རྣམས་དྲངས་ཏེ་རྒྱ་མཚོར་འགྲོ་བའི་དཔེས་དྲུག་པའི་མཐུས་ལྔ་ཡང་རྣམ་མཁྱེན་དུ་འདོང་བར་གསུངས་ཏེ། ཐེག་གཞན་དུ་མི་འགྲོ་བར་རྣམ་མཁྱེན་དུ་འགྲོ་བ་ལས་བཟློག་པའོ། །ལམ་གྱིས་སྤང་བྱ་སྤོང་བའི་བྱེད་པ་ཉི་ཚེ་བ་ནི། ཉོན་མོངས་པའི་སྒྲིབ་པ་དང་ཤེས་སྒྲིབ་ཀྱང་ཕྱོགས་རེ་བ་ཙམ་གྱི་གཉེན་པོ་བྱེད་པ་ཉིད་ཀྱིས་ཏེ། ལག་པ་གཡས་གཡོན་གྱིས་དགོས་པ་ཐམས་ཅད་བྱེད་མི་བྱེད་ཀྱི་དཔེས་དྲུག་པ་དང་ལྔ་པོ་ཡང་དེ་ལྟར་གསུངས་པའི་དཔེ་དོན་ཕྱི་མ་སྟེ་མ་ཐེག་


JLD018_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱེད་པ་ལས་བཟློག་པའོ། །འབྲས་བུ་དང་པོ་རྒྱུན་ཞུགས་དང་སོགས་པས་དགྲ་བཅོམ་གྱི་བར་རྟོགས་པ་སྣ་ཚོགས་པའམ་ཐ་དད་པ་ཉིད་ནི། ཕུང་སོགས་ལ་དམིགས་པའི་མངོན་ཞེན་དང་བཅས་པ་ཉིད་ཀྱིས་སྤྲོས་བྲལ་གྱི་རྣམ་པར་རོ་གཅིག་ཏུ་མ་རྟོགས་པ་སྟེ། ཆུ་རླུང་ཆེ་ཆུང་རྣམས་ཀྱི་ཆུ་རྣམས་རྒྱ་མཚོར་ཕྱིན་པ་ན་རོ་གཅིག་ཏུ་འགྱུར་བའི་དཔེས་དྲུག་པས་ཟིན་པའི་ལྔ་ཡང་རྣམ་མཁྱེན་དུ་ཕྱིན་པ་ན་ཐམས་ཅད་མཁྱེན་པར་རོ་གཅིག་པར་གསུངས་ཏེ། སྤྲོས་བྲལ་རོ་གཅིག་པའི་རྣམ་པ་ལས་བཟློག་པའོ། །རྣམ་མཁྱེན་དུ་ཞུགས་ནས་རྒྱུན་དུ་གནས་པ་དང་དང་པོར་འཇུག་པའམ་འགྲོ་བ་ལ་རྨོངས་པས་མི་ཤེས་པ་ནི། ཤེས་བྱ་ལ་རྨོངས་པའི་མ་རིག་པའི་བག་ལ་ཉལ་ཐམས་ཅད་མ་སྤངས་པ་ཉིད་ཀྱིས་ཏེ། འཁོར་ལོ་རིན་པོ་ཆེས་དཔུང་འགྲོ་ཞིང་གནས་པར་བྱེད་པའི་དཔེས་དྲུག་པས་ལྔ་པོ་རྣམ་མཁྱེན་དུ་འགྲོ་ཞིང་གནས་པར་བྱེད་པར་གསུངས་སོ། །ཡང་ན་གདུལ་བྱའི་ཡུལ་དུ་ཅི་ཙམ་གནས་པ་དང་ཅི་ཙམ་ན་འགྲོ་བ་མི་ཤེས་པ་ལ་བྱའོ། །འདི་རྣམ་མཁྱེན་དུ་འཇུག་གནས་ཤེས་པ་ལས་བཟློག་པའོ། །རྗེས་ལ་འགྲོ་བ་ནི་འཇུག་ཏུ་འགྲོ་བའོ། །འདི་ལ་བཞི། གང་གི་དང༌། གང་མཇུག་ཏུ་འགྲོ་བ་དང༌། གང་དུ་འགྲོ་བ་དང༌། དེའི་རྒྱུ་མཚན་ནོ། །དང་པོ་ནི། ཐེག་དམན་གྱི་མྱ་ངན་ལས་འདས་པ་ཐམས་ཅད་ཐོབ་པའི་འོ། །གཉིས་པ་ནི། ཐེག་དམན་གྱི་གང་ཟག་རྣམས་སོ། །གསུམ་པ་ནི་རྣམ་མཁྱེན་དུའོ། །བཞི་པ་ནི་ཐེག་གསུམ་གྱི་ནང་ནས་ཐེག་པ་


JLD018_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཁོ་ན་ཐེག་པ་གསུམ་གྱི་སྤངས་རྟོགས་ཡོན་ཏན་གྱི་རིགས་ཐམས་ཅད་ཡར་ལྡན་དུ་སྡུད་པར་བྱེད་པ་ཡིན་པ་ཉིད་གྱིས་སོ། །ཁྱབ་པ་ཡོད་དེ། གྲོལ་བ་དོན་དུ་གཉེར་བས་ནི་འབྲས་བུ་མཐར་ཐུག་པ་དོན་དུ་གཉེར་ལ་རྣམ་མཁྱེན་མིན་པའི་ཐོབ་བྱ་རྣམས་ནི་ཕྱོགས་རེ་བ་ཡིན་པས་ཐོབ་བྱ་ལྷག་མ་དང་བཅས་པའི་ཕྱིར་རོ། །ཁ་ཅིག་མཇུག་ཏུ་འགྲོ་བ་པོ་འམ་ལས་པ་རྣམ་མཁྱེན་ལ་བྱེད་པ་མི་འཐད་དེ། མཇུག་ཏུ་འགྲོ་བ་ནི་རྟོག་པའི་ཡུལ་དུ་བྱེད་དགོས་ལ་དེ་ཡང་ཉན་རང་གི་རྒྱུད་ལ་ཡོད་པར་རྩ་འགྲེལ་ལས་གསུངས་པས་སོ། །མདོ་ལས་ནི་འཁོར་བསྒྱུར་གྱི་རིན་པོ་ཆེ་སྣ་བདུན་དེའི་དཔུང་གི་མདུན་དུ་འགྲོ་བ་ལྟར་དྲུག་པ་ལྔ་པོའི་མདུན་དུ་འགྲོ་ཞིང་ལྔ་ནི་དྲུག་པའི་རྗེས་སུ་འབྲང་བར་གསུངས་ཏེ་རང་ལམ་གྱི་འབྲས་བུ་ཐོབ་རྗེས་སུ་གཞན་དུ་འགྲོ་མི་དགོས་པ་ལས་བཟློག་པའོ། །ཉི་སྣང་དང་དག་ལྡན་རྣམས་སུ་དྲུག་པའི་རྗེས་ལ་ལྔ་པོ་འགྲོ་བ་ལ་བཤད་པ་ནི་མདོའི་ཚིག་ཟིན་དང་མཐུན་ལ། སློབ་དཔོན་གྱིས་དེ་དང་མི་མཐུན་པར་བཤད་པ་ནི་མདོ་ཡི་དེ་ནི་དྲུག་པ་དང་མ་བྲལ་བ་ཡིན་ལ་དེ་ཡུལ་དུ་བཤད་ན་ཉན་རང་ལ་དེ་ཡོད་པར་འགྲོ་བས་མི་འཐད་དོ་སྙམ་དུ་དགོངས་སོ། །རྟོགས་དཀར་རྣམ་མཁྱེན་དེ་མཁྱེན་གསུམ་གྱིས་ཐེག་ཆེན་ཐམས་ཅད་བསྡུས་པའི་རྒྱུ་མཚན་གྱིས་སངས་རྒྱས་ལ་སོགས་པའི་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མཇུག་ཏུ་སྟེ་དོན་དུ་འགྲོ་ཞིང་རྗེས་སུ་འབྲང་ངོ་ཞེས་འཆད་པ་ནི་མ་


JLD018_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ལོ། །དེ་ལྟར་ན་མདོར་གཉིས་པ་དང་དྲུག་པའི་སྐབས་མ་གཏོགས་པར་གཉེན་པོ་འབའ་ཞིག་སྒྲས་ཟིན་པར་བསྟན་པའི་ཤུགས་ལ་འཕངས་པའི་རྟོག་པའི་ཡུལ་དགུ་བསྟན་བཅོས་སུ་གསུངས་སོ། །ཡུལ་དེ་དག་ལ་རྟོག་པའི་ཚུལ་ནི། དྲང་པོའི་ལམ་མེད་པར་ཡོན་པོས་འགྲོ་བའམ་གཞན་དོན་མི་སྒྲུབ་ཅིང་མཚན་མར་དམིགས་པའི་ཉེས་པ་དང་བཅས་པ་ཉིད་ཀྱིས་ཏེ་དེར་མཐོང་ནས་འདི་ནི་བདག་གིས་གཟུང་བར་བྱ་བ་ཡིན་པར་ལྡོག་པར་བྱ་བ་ཉིད་དུ་འཇུག་པར་བྱའོ་ཞེས་ལ་ཐམས་ཅད་ཀྱི་མཐར་སྦྱར་བ་ལ་རྟོག་པའོ། །གཉིས་པ་ནི། རྟོག་པ་དེ་དག་བྱང་སེམས་རྣམས་ཀྱི་མཐོང་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པ་སྟེ་རྟོགས་པ་རྒྱས་པའི་དངོས་གཞིའི་གནས་སྐབས་ཀྱི་སྤང་བྱར་སངས་རྒྱས་བཞེད་པ་ཡིན་ནོ། །གཉིས་པ་ལ་གཉིས། རྫས་འཛིན་དང༌། བཏགས་འཛིན་རྟོག་པ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། སོ་སོ་སྐྱེ་བོའི་རྒྱུད་དང་འབྲེལ་བའི་འཛིན་པ་སོགས་སོ། །གཉིས་པ་ནི། འཛིན་པའི་རྣམ་པར་རྟོག་པ་དང་པོ་ནི་དགུར་ཤེས་པར་བྱ་སྟེ། ཡུལ་དགུ་ཡོད་པས་སོ། །དེ་ཡང་གཉིས་ཏེ་རྒྱུ་ཞེན་མེད་ཀྱི་ལམ་ལས་ཉམས་པ་དང༌། འབྲས་བུ་རྣམ་མཁྱེན་མི་འཐོབ་པའོ། །དང་པོ་ལ་གསུམ་སྟེ། སྤྱོད་པ་དང༌། ཤེས་བྱ་དང༌། སྤང་གཉེན་པའོ། །དང་པོ་ལ་གསུམ་སྟེ། ཀུན་སློང་དང༌། ངོ་བོ་དང༌། ཉེས་དམིགས་སོ། །གཉིས་པ་ལ་གསུམ་སྟེ་དང་པོར་དང༌། རྒྱུན་དུ་དང༌། ཐ་སྙད་དུ་


JLD018_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པའོ། །གསུམ་པ་ལ་གཉིས་ཏེ། སྤང་བྱ་དང༌། གཉེན་པོ་ལ་ཞེན་པ་སྟེ་འཛིན་འདོར་སོགས་དང་རིམ་བཞིན་ནོ། །དེ་དག་མདོ་ནས་བསྟན་ཚུལ་ནི། ཡུམ་གྱིས་གཟུགས་སོགས་མི་འཛིན་མི་འདོར་བར་གསུངས་པ་དང༌། དེ་ཇི་ལྟར་ཞེས་ཞུས་པའི་ལན་དུ་གཟུགས་སོགས་ཡིད་ལ་མི་བྱེད་པས་དགེ་རྩ་འཕེལ་ཕྱིན་དྲུག་རྫོགས་རྣམ་མཁྱེན་ཐོབ་སྟེ་སངས་རྒྱས་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེས་དང༌། དེའི་འཐད་པ་ཞུས་པའི་ལན་དུ་ཡིད་ལ་བྱེད་མི་བྱེད་གཉིས་ཁམས་གསུམ་དང་འབྲེལ་བའི་རྒྱུ་ཡིན་མིན་དུ་དང༌། དེ་ལྟར་སྤྱོད་པ་ཆོས་ཐམས་ཅད་ལ་མི་གནས་པ་དང༌། དེའི་འཐད་པར་ཆགས་པར་བྱ་བ་མེད་པས་མངོན་པར་ཆགས་པ་མེད་པ་དང༌། ཆགས་པ་མེད་པ་ཉིད་དུ་ཡིད་ལ་བྱེད་པ་དང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མ་གཟུང་བ་ཉིད་དུ་སངས་རྒྱས་ནས་བཤད་དོ་སྙམ་ནའང་ཡུམ་ལས་རིང་ཞིང་ཉམས་པ་ཡིན་ཏེ། དེས་ཆོས་གང་ཡང་སངས་རྒྱས་པའམ་བསྟན་ཅིང་བཏགས་པ་མེད་པ་དང༌། མ་གཟུང་བ་ཉིད་དུ་ཆགས་པ་ཡང་ཡུམ་དང་བྲལ་བ་ཡིན་ཏེ་དེ་ནི་མངོན་པར་ཆགས་པས་མ་བརྗོད་པའི་ཕྱིར་རོ་ཞེས་དང༌། ཕར་ཕྱིན་སོགས་གཉེན་པོ་རྣམས་དེ་དག་དང་མ་བྲལ་བས་གཉེན་པོ་དང་དེའི་དམིགས་པ་མཉམ་པ་དང༌། འཁོར་བསྒྱུར་གྱི་དཔུང་ཚོགས་རྣམས་དེ་གར་འདོད་པར་འགྲོ་བའི་དཔེས་ལྔ་པོ་ཡུམ་གྱི་རྗེས་སུ་འབྲངས་ནས་རྣམ་མཁྱེན་དུ་འགྲོ་བར་གསུངས་པ་ནི་གཉེན་པོ་ཡིན་ལ་དེ་ཡང་གསུམ་པ་


JLD018_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲུག་བདུན་ལ་སྤང་གཉེན་གཉིས་ཀ་གསུངས་སོ། །དེའི་ཤུགས་ཀྱིས་གཉེན་པོ་དགུ་ལས་ཟློག་པའི་ཆོས་དགུ་རྫས་འཛིན་གྱི་ཡུལ་དུ་བསྟན་བཅོས་ལས་སོ། །གསུམ་པ་ལ་གཉིས། སྤང་བྱ་རྟོག་པ། སྤོང་བྱེད་གཉེན་པོའོ། །དང་པོ་ནི། འཛིན་པར་རྣམ་པར་རྟོག་པ་དང་པོ་རྫས་འཛིན་ལ་ནི་རྣམ་པ་དགུ་ཡོད་དེ། ཡུལ་དགུ་ཡོད་པས་སོ། །དེ་གང་ན། འཛིན་འདོར་ནི། ཀུན་རྫོབ་ཏུ་སྒྱུ་མ་ཡུལ་ལ་འདོར་ལེན་བྱེད་པ་ལྟར་སྣང་བ་བཞིན་དུ་ཡོན་ཏན་འཛིན་པ་དང་སྐྱོན་འདོར་བ་དང༌། ཡིད་བྱེད་ནི། ཆོས་རྣམས་ལ་ཡང་དག་པ་སྒྱུ་མ་ལྟར་ཡིད་ལ་མི་བྱེད་པར་བདེན་པར་ཡིད་ལ་བྱེད་པ་པོ་དང༌། ཁམས་གསུམ་དང་འབྲེལ་བ་ནི། མཚན་མར་ཡིད་ལ་བྱས་པའི་ཆོས་ཉིད་ཀྱིས་ཁམས་གསུམ་ཆར་དང་ཉེ་བར་འབྲེལ་བ་སྟེ་དེ་དག་ཏུ་དམིགས་པ་པོ་དང༌། གནས་ནི། སྟོང་པ་ཉིད་ཞེན་མེད་དུ་མི་གནས་པས་གཟུགས་སོགས་ལ་ཞེན་ནས་གནས་པ་པོ་དང༌། མངོན་ཞེན་ནི། དངོས་པོ་ལ་བདེན་པར་མངོན་པར་མ་ཞེན་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་སྟེ་ཡུལ་དུ་བྱེད་པ་པོ་དང༌། ཆོས་ཀྱི་དངོས་པོ་བཏགས་པ་ནི། དོན་དམ་པར་རྫས་སུ་ཡོད་པའི་ཆོས་མེད་པས་གཟུགས་སོགས་ཀྱི་ཆོས་ཐམས་ཅད་ཐ་སྙད་དུ་བཏགས་པ་ཙམ་དུ་རྟོགས་པ་པོ་དང༌། ཆགས་པ་ནི། དེ་ཁོ་ན་ཉིད་ཤེས་པའི་འཁོར་གསུམ་དུ་མ་ཆགས་པས་མངོན་པར་མ་ཞེན་པ་སྔོན་དུ་འགྲོ་བའི་སྒོ་ནས་ཕྱིན་དྲུག་ལ་ཆགས་ཤིང་ནན་ཏན་དུ་བྱེད་པ་པོ་དང༌།


JLD018_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ནི། སྲིད་ཞི་མཉམ་པ་ཉིད་དུ་སྒོམ་པའི་གཉེན་པོ་ཉིད་ཀྱིས་དེ་ལ་བླང་དོར་འཛིན་པའི་གཉེན་པོ་བྱེད་པ་པོ་དང༌། ཇི་ལྟར་འདོད་བཞིན་འགྲོ་ཉམས་ནི། ཤེར་ཕྱིན་ཡང་དག་པ་ཕྱིན་ཅི་མ་ལོག་པར་མ་ཤེས་པ་ཉིད་ཀྱིས་སྦྱིན་སོགས་ལྔས་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ཐོགས་པ་པོའོ། །རེ་རེའི་མཐར་ལ་སྦྱར་བའི་ཡུལ་དེ་དག་ལ་རྟོགས་ཚུལ་ནི། ཡུལ་དགུ་པོ་དེ་དག་དང་ལྡན་པའི་གང་ཟག་གམ་ཤེས་རྒྱུད་ལ་འདི་ནི་རྫས་སུ་ཡོད་པའི་བདག་གོ་སྙམ་དུ་དོན་དམ་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་ན་རྫས་འཛིན་ནོ། །སློབ་དཔོན་ལྟར་ན་ཡུལ་དེ་དག་སྤྱོད་པ་ལ་ལྟོས་པ་དང༌། རྟོགས་པའི་དབང་དུ་བྱས་པའི་སྤང་གཉེན་གཉིས་སུ་འདུ་ལ། དང་པོ་ལ་སྤྱོད་པའི་ངོ་བོ་སྤང་བྱའི་རང་བཞིན་ནི་དེའི་རྣམ་པ་དེའི་རྒྱུའོ། །གཉིས་པ་ལ་གཉིས། གཉེན་པོ་དང༌། སྤང་བྱའོ། །གཉེན་པོ་ལ་བཞི། རྟོག་པའི་ངོ་བོ། ཡུལ་རྟོགས་ཚུལ། ལམ་ལ་སློབ་ཚུལ། དེ་དག་གི་ནུས་པ་སྟེ་དགུའོ། །གཉིས་པ་ནི། རྟོག་པ་དེ་དག་མཐོང་ལམ་རྩེ་མོའི་སྦྱོར་བ་ཉེར་བསྡོགས་ཀྱི་གནས་སྐབས་ཀྱི་སྤང་བར་བྱ་བ་ཡིན་པར་བཞེད་པ་ཡིན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། འཛིན་པའི་སོགས་སོ། །གཉིས་པ་ནི། འཛིན་པའི་རྣམ་རྟོག་རྫས་འཛིན་ལས་གཞན་བཏགས་འཛིན་ལ་ནི་རྣམ་པ་དགུ་ཡོད་དེ། ཡུལ་དགུ་ཡོད་པས་སོ། །དེ་ཡང་གསུམ་དུ་འདུས་ཏེ། དོན་དུ་གཉེན་བྱ་མི་འཐོབ་པ་


JLD018_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱིན་ཅི་ལོག་ཏུ་རྟོག་པས་ཟིན་པ་དང་ཡང་དག་པའི་ལམ་དང་འགལ་བའོ། །གཉིས་པ་ལ་གཉིས། ལམ་དང་ཤེས་བྱ་ལ་ཕྱིན་ཅི་ལོག་པའོ། །དེ་ལ་གསུམ་དགག་སྒྲུབ་དང་ལྡན་མི་ལྡན་དང་ངོ་བོ་ལ་དོན་དམ་དུ་ཞེན་པའོ། །ལམ་དང་འགལ་བ་ལ་བཞི་ཐེག་ཆེན་གྱི་རིགས་དང་རྫོགས་བྱང་དོན་གཉེར་དང་རྣམ་མཁྱེན་གྱི་རྒྱུ་ཡུམ་དོར་བ་དང་དོར་བ་དེ་དག་གི་ཉེས་དམིགས་ཏེ། ཆེད་བཞིན་སོགས་དང་གྲངས་བཞིན་ནོ། །སློབ་དཔོན་ལྟར་ན་ཉན་རང་གི་ལམ་དང་བྱང་སེམས་ཀྱི་ལམ་དང་དེ་གཉིས་ཀའི་མི་མཐུན་ཕྱོགས་ཀྱི་དབང་དུ་བྱས་པ་སྟེ་གཉིས་དང་དྲུག་དང་གཅིག་རྣམས་རིམ་བཞིན་ནོ། །དེ་དག་ཀྱང་མདོ་ནས་གཉེན་པོ་དངོས་སུ་བསྟན་པའི་ཤུགས་ལ་འཕངས་པ་རྣམས་བསྟན་བཅོས་སུ་བཀོད་པ་སྟེ། ཁ་ལོ་བསྒྱུར་བ་རྟ་ཟུང་བཞི་པའི་ཤིང་རྟ་ལ་ཞོན་ཞིང་ལམ་མཉམ་པ་ནས་འགྲོ་བའི་དཔེས་ཡུམ་གྱིས་ལྔ་པོའི་ཁ་ལོ་བསྒྱུར་ཞིང་ཆེད་དུ་བྱ་བ་དང་མཐུན་པའི་ལམ་མཉམ་པ་ནས་འགྲོ་བ་དང༌། བྱང་སེམས་དང་ཉན་རང་གི་ལམ་རྣམ་མཁྱེན་གྱི་ལམ་ཡིན་མིན་དུ་དང༌། ཡུམ་གྱིས་ཆོས་གང་ཡང་མི་སྐྱེ་མི་འགོག་པ་དང༌། གཟུགས་སོགས་ཀྱིས་ཆོས་ཐམས་ཅད་ལ་ལྡན་མི་ལྡན་དུ་མི་རྟོག་པར་ཕྱིན་དྲུག་ལ་བརྩོན་པར་བྱ་བ་དང༌། གཟུགས་སོགས་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱ་བ་དང༌། ཨ་མྲའི་འབྲས་བུ་ཟ་འདོད་པས་དེའི་ས་བོན་ཆུད་མི་ཟ་བར་བྱ་བའི་དཔེས་སངས་རྒྱས་ཀྱི་རིགས་ཕྱིན་དྲུག་ལ་བསླབ་


JLD018_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དེས་སེམས་ཅན་རྗེས་སུ་བཟུང་བ་དང༌། གཞན་གྱི་དྲིང་མི་འཇོག་པ་ཞིང་སྦྱང་བ་སྙིང་པོ་བྱང་ཆུབ་ལ་འདུག་པ་ཆོས་འཁོར་བསྐོར་འདོད་པས་ཕྱིན་དྲུག་ལ་བསླབ་པ་དང༌། དེའི་འཐད་པར་རྒྱ་མཚོ་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་དཔེས་ཡུམ་འཕགས་པ་ཐམས་ཅད་ཀྱི་རྟོགས་པའི་རྒྱུ་དང༌། འཕོང་གི་སློབ་དཔོན་ལག་ཚོད་དང་འཚམ་པའི་གཞུ་ཐོགས་པ་དགྲས་མི་ཐུབ་པའི་དཔེས་ཡུམ་ལ་སྤྱོད་པ་བདུད་སོགས་ཀྱིས་མི་ཐུབ་པར་གསུངས་པ་ལས་བཟློག་པའོ། །འདིར་ཡང་གསུམ་པ་ནས་བརྒྱད་པའི་བར་གཉེན་པོ་ལ་བཤད་པ་ནི། རྩ་བས་གཉེན་པོ་ལས་བཟློག་སྟེ་གསུངས་པའི་སྒྲ་ཇི་བཞིན་ལ་མི་འགྲིག་ཀྱང་མི་འགལ་བའི་རྒྱུ་མཚན་ནི། མདོར་གསུངས་པའི་གཉེན་པོའི་འཛིན་སྟངས་ཀྱི་བཟློག་ཕྱོགས་ཀྱི་ཡུལ་ལམ་གཉེན་པོ་ཉིད་ཀྱང་རུང་སྟེ་གང་ལ་རྟོག་ཀྱང་སྤང་བྱར་བསྟན་པའི་ཕྱིར་ཡིན་ནོ། །དེ་ལྟར་རྟོག་པ་བཞི་པོ་འདི་མདོ་བསྟན་བཅོས་ནས་བཀྲལ་ཚུལ་འགྲེལ་པས་བཤད་པ་དང་མཐུན་པར་ཞིབ་པར་དཔྱད་པ་འདི་ནི་ཆོས་ཀྱི་རྗེ་རྔོག་ཆེན་པོའི་ཊཱི་ཀ་ནས་བྱུང་བ་ལ་གཞི་བླངས་ནས་བྲིས་པ་སྟེ། དེ་ཡང་བཤད་སྲོལ་བཟང་པོ་འདི་ནུབ་པར་མ་གྱུར་ཅིག་སྙམ་དུ་བསམས་ནས་ཡིན་ནོ། །གསུམ་པ་ལ་གཉིས། སྤང་བྱ་རྣམ་རྟོག །སྤོང་བྱེད་གཉེན་པོའོ། །དང་པོ་ནི། འཛིན་པའི་རྣམ་རྟོག་གཉིས་པ་བཏགས་འཛིན་ལ་ནི་རྣམ་པར་དགུ་ཡོད་དེ། ཡུལ་དགུ་


JLD018_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་སོ། །དེ་དག་གང་ན། ཉན་ཐོས་དང་སོགས་པས་རང་རྒྱལ་གྱི་བྱང་ཆུབ་ཏུ་ངེས་པར་འབྱུང་བ་ཉིད་ཀྱིས་ཆེད་དུ་བྱ་བ་ཆེན་པོ་གསུམ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བའི་སྐྱེས་བུ་དང༌། ཐེག་ཆེན་གྱི་ལམ་ལ་ཉན་རང་རང་གི་མངོན་པར་འདོད་པའི་ཉེར་ཞིའི་ཐབས་ཙམ་གྱི་ལམ་མེད་པར་མཐོང་ནས་ལམ་གཞན་ཐེག་ཆེན་ལ་ལམ་ཡང་དག་མ་ཡིན་པར་ངེས་པར་འཛིན་པ་པོ་དང༌། འདིར་རྩ་བ་དང་འགྲེལ་པ་ཁ་གཅིག་གིས་ལམ་དང་ལམ་མིན་ངེས་འཛིན་ཞེས་པ་མདོའི་ཚིག་ཟིན་དང་མཐུན་ཡང་མདོ་ལས་བཟློག་པའི་སྐབས་ཡིན་པས་འགྲེལ་པ་འདིའི་འགྱུར་ལྟར་ལེགས་སོ། །རྒྱུ་སྐྱེ་བ་དང་འབྲས་བུ་འགག་པ་ཀུན་རྫོབ་བཏགས་པ་ཙམ་གྱི་ངོ་བོས་བྱེད་པར་རྟོགས་པ་པོ་དང༌། བར་ཆད་མེད་པར་སྣང་བ་སྟེ་དོན་དམ་དུ་དབྱེ་བ་མེད་པར་རྟོགས་པས་གཟུགས་སོགས་ཀྱི་དངོས་པོ་མཐའ་དག་ལ་ལྡན་པ་སྟེ་དབྱེ་བ་མེད་པར་ཤེས་པ་དང༌། བར་ཆད་མེད་པ་དོན་དམ་དེའི་ཅིག་ཤོས་སུ་སྣང་བ་སྟེ་ཀུན་རྫོབ་ཏུ་དབྱེ་བ་ཡོད་པར་རྟོགས་པས་གཟུགས་སོགས་ཀྱི་དངོས་པོ་མཐའ་དག་ལ་མི་ལྡན་པ་སྟེ། དབྱེར་མེད་པར་ཤེས་པ་སྔོན་དུ་འགྲོ་བས་དབྱེ་བ་ཡོད་པར་ཤེས་པ་པོའོ། །རྩ་བ་ལྟར་ན་གཟུགས་སོགས་གཅིག་དང་ཐ་དད་དུ་འཛིན་པའོ། །ཁ་ཅིག་ལམ་དེ་དག་གི་བར་ཆད་མེད་ལམ་དེའི་རྒྱུ་འབྲས་མཐའ་དག་རྒྱུན་ལྡན་དུ་འཇུག་ཅིང་ཡོད་ན་དེ་ལས་བཟློག་པར་འཇུག་པ་ལ་འཆད་དོ། །ནམ་མཁའ་ལ་གནས་པའི་བྱ་རྟེན་མེད་པར་གནས་


JLD018_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འདྲ་བར་གནས་པ་ཉིད་ཀྱིས་གཟུགས་སོགས་ཀྱི་ཆོས་རྣམས་ལ་མ་ཞེན་པར་གནས་པ་པོ་དང༌། བླ་མེད་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་སོགས་པས་གདམས་ངག་བཟུང་བའི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་ཏེ་ཞི་བ་ཙམ་དོན་གཉེར་གྱི་བློ་འཇིག་ཅིང་ལྡོག་པ་པོ་དང༌། རྩ་བ་ལྟར་ན་ཕྱི་དྲུག་གི་རིགས་འདོར་བའོ། །དེ་ཁོ་ནར་དེ་བཞིན་ཉིད་དང་དེ་ལས་ཁྱད་པར་དུ་འཕགས་པ་སྟེ། གཞན་པའི་ཆོས་གང་ཡང་འཚང་རྒྱ་བ་མེད་པས་སངས་རྒྱས་འདོད་ཅིང་དོན་དུ་གཉེར་བར་མེད་པར་རྟོགས་པ་པོ་དང༌། དོན་དམ་པའི་བདེན་པ་ལ་བརྟེན་ནས་ཏེ་དེའི་ངོར་ཆོས་སྟོན་པ་སོགས་ཀྱི་རྒྱུ་མེད་པར་རྟོགས་པ་པོ་དང༌། རྩ་བ་ལྟར་ན་འདི་གཉིས་ཐ་སྙད་དུ་དེ་གཉིས་འདོར་བའོ། །སེར་སྣས་མཚོན་པའི་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཤིན་ཏུ་གོམས་པར་བྱས་པའི་ཆོས་ཉིད་དམ་སྟོབས་ཀྱིས་བདུད་བཞི་དང་སོགས་པས་ས་གཉིས་ཀྱི་ཕྱིར་རྒོལ་བའི་དངོས་པོ་དམིགས་པ་སྟེ་ཡོད་པའོ། །ལ་ཞེས་རེ་རེའི་མཐར་སྦྱར་བའི་ཡུལ་དགུ་པོ་དེ་དག་ལ་རྟོག་པའི་ཚུལ་ནི། མི་མཐུན་པ་དང་གཉེན་པོའི་ཆོས་དེ་རྣམས་དང་ལྡན་པའི་ཤེས་རྒྱུད་ལ་འདི་ནི་བཏགས་པར་འདོད་པའི་བདག་ཏུ་བདེན་ནོ་སྙམ་དུ་བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་ན་བཏགས་འཛིན་ནོ། །གཉིས་པ་ནི། རྟོག་པ་དེ་དག་མཐོང་ལམ་རྩེ་མོའི་སེམས་དང་སེམས་ལས་བྱུང་བ་འཇུག་པ་སྟེ་


JLD018_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞིའི་གནས་སྐབས་ཀྱི་སྤང་བར་བྱ་བ་ཡིན་པར་བཞེད་པ་ཡིན་ནོ། །གསུམ་པ་ནི། ཁོང་དུ་ཆུད་པར་བྱའོ། །གང་ན། རྟོག་པར་མ་ཟད་དེའི་གཉེན་པོ་རྣམ་པ་བཞི་ཡང་ངོ༌། །ཇི་ལྟར་ན། རྟོག་པ་དེའི་དབྱེ་བས་གཉེན་པོ་དེ་ཐ་དད་དོ་ཞེས་བྱ་བར་རོ། །དེ་སྦྱོར་ཅིག་ཅེ་ན། རྟོག་པ་ལ་རྩ་བའི་དབྱེ་བ་རྣམ་པ་བཞི་ཉིད་དང༌། དེ་ལ་ཡན་ལག་གིས་ཕྱེ་ན་སོ་སོར་ཏེ་རེ་རེ་ལ་མཐོང་ལམ་རྩེ་མོའི་མི་མཐུན་ཕྱོགས་རྣམ་པ་དགུ་ཡོད་པས་དགུ་བཞི་སོ་དྲུག་ཡིན་ལ་སྟེ་ཡིན་པ་དེ་བཞིན་དུ་རྟོག་པ་དེ་དག་སྤང་བ་ཉིད་དུ་སྟེ་སྤོང་བའི་གཉེན་པོ་ཡང་རྩ་བས་ཕྱེ་ན་བཞི་དང་ཡན་ལག་གིས་ཕྱེ་ན་སོ་དྲུག་ཡོད་པར་རོ། །གང་གིས་ན་བར་སོགས་སོ། །དེས་དེ་དག་ཇི་ལྟར་ཁོང་དུ་ཆུད་པར་ནུས་པའི་རྒྱུ་མཚན་ནི། །དགུ་པོ་དེས་སྤང་བྱ་དགུ་བཞི་སོ་དྲུག་དངོས་སུ་བསྟན་པ་དེ་ལྟར་ནའོ། །དེ་ལྟར་ན་བསྟན་བཅོས་སུ་རྟོག་པ་དངོས་སུ་གསུངས་པའི་ཤུགས་ལ་གཉེན་པོ་བསྟན་ཏོ། །གཉིས་པ་ནི་མཐོང་ལམ་རྩེ་སྦྱོར་གྱི་དོན་བཤད་པའི་གཉིས་པ་གཉེན་པོ་སྟེ། འདིའི་ས་བཅད་སྤྲོ་ཞིང་ཐོག་མར་ཞར་བྱུང་གི་དང་པོ་མཐོང་རྩེའི་གྲོགས་བཤད་པ། གཉིས་པ་ལ་གཉིས། ཞར་བྱུང་དང༌། དཀྱུས་མའོ། །དང་པོ་ལ་གཉིས། མཐོང་རྩེའི་གྲོགས། དེའི་འབྲས་བུའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེ་ལྟར་མཐོང་ལམ་རྩེ་མོ་ལ་མི་མཐུན་ཕྱོགས་གཉེན་པོ་དང་བཅས་པ་བཞི་ཡོད་པ་དེ་དངོས་ཤུགས་ཅི་རིགས་པར་བསྟན་ཟིན་ནས། དེའི་འོག་ཏུ་མཐོང་ལམ་རྩེ་མོ་དེ་རྒྱུ་གང་དང་བཅས་པར་ཏེ་བཅས་ནས་བྱང་ཆུབ་ཆེན་པོར་འགྲུབ་པར་བྱེད་པའམ་སྐྱེད་པར་བཞེད་པའི་རྒྱུ་གང་ཡིན་པ་དེ་གསུངས་སོ། །ཉི་སྣང་གི་དགོངས་


JLD018_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྟོག་པ་བཞིའི་ཤུགས་ལ་དེ་སྤོང་བའི་གཉེན་པོ་མཐོང་ལམ་བཞི་བསྟན་པ་ལ་དེས་དེ་ཅིའི་ཕྱིར་སྤོང་བར་འདོད་ཅེ་ན། བྱང་ཆེན་ཐོབ་པའི་དོན་དུའོ། །དེ་གང་གིས་འཐོབ་ན་རྒྱུ་གསུམ་གྱིས་སོ་ཞེས་མཚམས་སྦྱར་རོ། །གྲགས་ཆར་མཐོང་ལམ་ནི་དང་པོར་དེ་ཁོ་ན་ཉིད་ཤེས་པའི་ཡེ་ཤེས་ཡིན་ཏེ། དེ་ཡང་ཡེ་ཚོགས་སུ་འདུས་པས་བསོད་ནམས་ཀྱི་ཚོགས་མེད་པར་དེ་ཙམ་གྱིས་བྱང་ཆུབ་ཏུ་མི་འགྱུར་རོ་སྙམ་པ་ལ་བསོད་ནམས་ཀྱི་རྒྱུ་གསུམ་བསྟན་པའི་ཕྱིར་གསུངས་སོ་ཞེས་འབྲེལ་བར་བྱེད་དོ། །གཉིས་པ་ལ་གཉིས། གཞན་དང༌། རང་གི་རྒྱུད་སྦྱོང་བའོ། །དང་པོ་ལ་གཉིས། རྟོགས་པའི་ཆོས་དང༌། རྒྱུ་ལུང་གི་ཆོས་ལ་འགོད་པའོ། །དང་པོ་ནི། གདུལ་བྱ་གཞན་ལ་མཐོང་ལམ་སོགས་ཀྱི་རྟོགས་པ་སྐྱེད་དེ་ལུང་སྟོན་པའི་སྒོ་ནས་བྱང་ཆུབ་ལ་འགོད་པ་སྟེ། བྱང་ཆེན་རྣམ་པར་སྤྱོད་པའི་དམ་པས་རྣམ་པར་སྤྱོད་པ་འདོད་པས་ཡུམ་འདི་ལ་སྤྱད་པར་བྱའོ། །བྱང་ཆེན་དེ་བཞིན་གཤེགས་པའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པར་འདོད་པས་ཡུམ་ལ་སྤྱད་པར་བྱའོ། །ཞེས་སོ། །འདིར་མཐོང་ལམ་ཐོབ་པའི་དགེ་སློང་དྲུག་སྟོང་བསྐལ་པ་དཔེ་སྐར་མ་ལྟ་བུ་ལ་དེ་བཞིན་གཤེགས་པ་མེ་ཏོག་སིལ་མ་ཞེས་པའི་ཚེ་ཚད་ལོ་ཉི་ཁྲི་བ་ཁོ་ན་འབྱུང་བ་ལུང་བསྟན་ཏོ། །གཉིས་པ་ནི། གཞན་ལ་བྱང་ཆུབ་དེའི་རྒྱུ་ཡུམ་གྱི་བྱང་ཆུབ་ནི་ཡོངས་སུ་གཏོད་པ་སྟེ།


JLD018_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བོ་དེ་བས་ན་ཡུམ་ཟབ་མོ་འདི་ཁྱོད་ལ་གཏད་དེ། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ངས་ཆོས་གང་ཇི་སྙེད་ཅིག་བཤད་པ་ལས་ཡུམ་མ་གཏོགས་པར་ངས་ཆོས་བསྟན་པ་དེ་དག་ཐམས་ཅད་བཟུང་སྟེ་ཀུན་ཆུབ་པར་བྱས་ནས་དེའི་འོག་ཏུ་ཆུད་གསན་ཏེ་བོར་ཡང་དེ་ཙམ་གྱིས་ཀུན་དགའ་བོ་ཁྱོད་ལ་སྐྱོན་དུ་མི་རྩི་ཡི། །ཀུན་དགའ་བོ། གལ་ཏེ་ཁྱོད་ཀྱིས་ཡུམ་ཟབ་མོ་འདི་བཟུང་སྟེ་ཀུན་ཆུབ་པར་བྱས་ནས་དེའི་འོག་ཏུ་ཚིག་གཅིག་ཙམ་ཆུད་གསན་ཏམ་བོར་བར་གྱུར་ན་དེ་ཙམ་གྱིས་ནི། ཀུན་དགའ་བོ་ཁྱོད་ལ་ངས་སྐྱོན་དུ་བཟུང་ངོ་ཞེས་སོ། །གཉིས་པ་ནི། བྱང་ཆུབ་དེ་ཐོབ་པ་ལ་བར་ཆད་མེད་པའི་རྒྱུ་མཐོང་ལམ་གྱི་ཡུམ་མཉམ་གཞག་ཏུ་བསྒོམ་ཞིང༌། རྗེས་ཐོབ་ཏུ་གཞན་ལ་སྟོན་པ་ནི་སྟོང་གསུམ་སེམས་ཅན་དགྲ་བཅོམ་པའི་བར་ལ་བཀོད་པ་ལས་ཀྱང་བསོད་ནམས་ཆེས་མང་བའི་མཚན་ཉིད་ཅན་ཏེ། ཀུན་དགའ་བོ་དེ་བས་ན་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་གང་བྱང་ཆེན་ལ་ཆུང་ངུ་ན་ཉི་མ་གཅིག་ཡུམ་དང་ལྡན་པའི་ཆོས་སྟོན་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་རོ། །ཞེས་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་དགྲ་བཅོམ་ཐོབ་པའི་གཞི་གསུམ་གྱི་བསོད་ནམས་ལས་མང་བར་གསུངས་སོ། །བཟང་པས་རྐང་པ་ཐ་མ་གོང་མ་གསུམ་གའི་མཐར་སྦྱོར་བ་ནི་མདོ་འགྲེལ་ཆེན་པོ་རྣམས་དང་མི་མཐུན་ནོ། །མཐོང་ལམ་གྱིས་བྱང་ཆུབ་འཐོབ་པ་ལ་ས་དགུས་བར་ཆོད་ཀྱང་འཐོབ་པར་ངེས་པའི་རྒྱུ་ཡིན་པས་


JLD018_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་མེད་པའི་རྒྱུར་བསྟན་པར་ཤཱནྟིསོ། །འདིར་དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཞིང་བསྟན་ནས་སླར་མི་སྣང་བར་བྱས་པ་ནི་མཐོང་ལམ་ཀྱི་ཚེ་རྟོག་པ་རྣམས་ནུབ་པར་བསྟན་པའི་ཕྱིར་རོ། །གསུམ་པ་ལ་གསུམ་ལས། འབྲས་བུ་རྟོགས་པའི་ཆོས་ལ་འགོད་པ་ནི། །རབ་ཏུ་འགོད་པ་ནི་མཐོང་ལམ་གྱིས་བྱང་ཆུབ་འཐོབ་པའི་རྒྱུ་གཅིག་གམ་དང་པོ་ཡིན་ནོ། །གང་ལ་ན། འཆད་པར་འགྱུར་བའི་དྲི་མ་ཟད་སྐྱེ་མེད་པར་ཤེས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ལའོ། །གང་ན་གདུལ་བྱ་གཞན་དག་གོ །ཐབས་གང་གིས་ན། མཐོང་བའི་ལམ་དང་སོགས་པས་སྒོམ་པའི་ལམ་ལ་སོགས་པ་སྟོན་པའམ་བསྐྱེད་པས་སོ། །རྒྱུ་ལུང་གི་ཆོས་ལ་འགོད་པ་ནི། གཏོང་བ་ནི་སྔར་ལྟར་གྱི་རྒྱུ་གཉིས་པ་ཡིན་ནོ། །གང་ལ་ན། །གདུལ་བྱ་དག་ལའོ། །གང་ན་གཞུང་ཤེར་ཕྱིན་ནོ། །གང་གི་སྒོ་ནས་ན། ཡང་དག་པ་ཡུམ་གྱི་ཚིག་དང་དོན་ཉན་ཞིང་འཛིན་པ་དང་སོགས་པས་ཚུལ་བཞིན་དུ་ཡིད་ལ་བྱེད་དུ་བཅུག་པའི་སྒོ་ནས་སོ། །ཇི་ལྟར་ན། ཡང་དག་པར་ཚིག་དོན་སོགས་སོ་སོར་རོ། །གང་གི་ཆེད་དུ་ན་བྱང་ཆུབ་ཀྱི་རྒྱུ་མཚན་ཏེ་རྒྱུ་ཁོ་ནའི་ཆེད་དུའོ། །རང་གི་རྒྱུད་སྦྱོང་བ་ནི། བྱང་ཆུབ་ཐོབ་པར་བྱེད་པའི་བར་ཆད་མེད་པ་སྟེ་ངེས་པའི་རྒྱུ་མཐོང་ལམ་གྱི་ཤེར་ཕྱིན་རང་གིས་སྒོམ་པ་དང་སོགས་པས་གཞན་ལ་སྟོན་པ་ལ་སོགས་པའི་བསོད་ནམས་ཐེག་དམན་དགྲ་བཅོམ་པའི་བསོད་ནམས་ལས་ཆེས་མང་བའི་མཚན་


JLD018_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་སྔར་གྱི་རྒྱུ་གསུམ་པ་ཡིན་ནོ། །གཉིས་པ་ལ་གཉིས། དོན་ལ་གནས་པའི་བྱང་ཆེན་བསྟན། །རྟོག་པས་བཏགས་པའི་བྱང་ཆེན་དགག་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། འབྲས་བུ་གང་གི་དོན་དུ་མཐོང་ལམ་སྔར་བཤད་པའི་རྒྱུ་དེ་ལྟ་བུ་གསུམ་དང་བཅས་པར་བཞེད་པའི་འབྲས་བུ་བྱང་ཆུབ་ཆེན་པོ་དེ་གང་ཡིན་ཞེ་ན། དེའི་ལན་དུ་བར་ཚིགས་ཀྱིས་བྱང་ཆེན་གསུངས་སོ། །གཉིས་པ་ནི། སྒྲིབ་གཉིས་ཀྱི་དྲི་མ་རྣམས་ཟད་པ་དང་མི་སྐྱེ་བར་ཤེས་པའི་ཡེ་ཤེས་གཉིས་ནི། བྱང་ཆུབ་ཆེན་པོ་ཞེས་བརྗོད་དོ། །ཤེས་པ་དེ་གཉིས་ཀྱང་གང་ཞེ་ན། དྲི་མ་སྔར་ཡོད་ཟད་པ་མེད་པ་དང་སྔར་མེད་སྐྱེ་བ་མེད་པའི་ཕྱིར་ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་དག་ཤེས་པར་བྱའོ། །གོ་རིམ་བཞིན་ནི་ཟད་སྐྱེ་མེད་པ་གཉིས་དང་ཤེས་པ་གཉིས་སྦྱོར་བའོ། །དེས་ན་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི། དངོས་པོར་སྨྲ་བ་ལྟར་དངོས་པོ་འཇིག་པའི་རྣམ་པ་ཅན་མ་ཡིན་གྱི་དྲི་མ་གདོད་མ་ནས་ཟད་པ་དང་སྐྱེ་བ་མེད་པའི་རྣམ་པ་ཅན་ནོ་ཞེས་ཡུལ་གྱིས་ཡུལ་ཅན་མཚོན་ནས་བསྟན་ཏེ། ཀུན་དགའ་བོ་ཡུམ་ཟད་པར་བྱ་བར་སེམས་པ་དེ་ནི་ནམ་མཁའ་ཟད་པར་བྱ་བར་སེམས་སུ་ཟད་དེ། །ཡུམ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་ལ་གསུངས་པས་ནི་ཟད་པ་ཤེས་པ་དང༌། ཆོས་དེ་དག་ལ་ནི་སྐྱེ་བ་ཡང་མེད་ན་དེ་དག་ཟད་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་པས་མི་སྐྱེ་བ་ཤེས་པ་གསུངས་ཤིང༌། དེ་ལ་ཡིད་ཆེས་པར་བྱེད་པ་ལ་


JLD018_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱི་དཀྱིལ་འཁོར་ལྗགས་ཀྱི་དབང་པོས་བཀབ་ནས་ལྕེ་འདི་ལྟ་བུ་དང་ལྡན་པས་ལོག་པར་སྨྲའམ། ཞེས་སོགས་གསུངས་སོ། །གྲགས་ཆར་ཕྱེད་དང་པོས་ཉན་ཐོས་དང་ཕྱེད་ཕྱི་མས་ཐེག་ཆེན་གྱི་བྱང་ཆུབ་བསྟན་པར་བྱས་ནས་འགོག་པ་མེད་པ་སོགས་ཀྱིས་དང་པོ་འགོག་པར་འཆད་པ་ནི་དགོངས་པ་མིན་ཏེ། གོ་རིམ་བཞིན་དང་མི་འགྲིག་པའི་ཕྱིར་རོ། །གསུམ་པ་ལ་གཉིས། རྟགས་དགོད་པ་དང༌། ཕྱོགས་ཆོས་སྒྲུབ་པའོ། །དང་པོ་ནི། དྲི་མ་རྣམས་ཟད་པ་དང་མི་སྐྱེ་བར་རྟོགས་པའི་ཐེག་ཆེན་གྱི་ཤེས་པ་གཉིས་ནི། བྱང་ཆུབ་ཆེན་པོ་ཡིན་པར་བརྗོད། ཁྱད་པར་ཇི་ལྟ་བུ་ཞེ་ན། རྟོགས་པའི་ཁྱད་པར་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་ཉིད་དམ་ངོ་བོའོ། །ངོ་བོའི་ཁྱད་པར་ནི། ཆོས་ཀྱི་སྐུ་ལ་སོགས་པ་འཁྲུལ་པའི་དྲི་མ་མ་ལུས་པ་དང་བྲལ་བས་མ་འཁྲུལ་བ་ཇི་ལྟ་བ་བཞིན་གྱི་བདག་ཉིད་དོ། །ཁ་ཅིག་འབུམ་པའི་རྒྱ་དཔེ་ལ་སོགས་སྒྲ་མེད་པས་དེ་མ་དག་པར་འདོད་པ་ནི་མི་འཐད་དེ། ཚིག་གསལ་ལས་སྐུ་ལྷག་མ་སོགས་ཁོང་ནས་བཏོན་ཞིང་རྟོགས་དཀར་ཡང་སོགས་སྒྲ་ཡོད་པས་སོ། །དེས་ན་རྒྱན་སྣང་ལས་ཆོས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟ་བ་བཞིན་གྱི་བདག་ཉིད་ཅེས་སོགས་སྒྲ་མེད་ཀྱང་འགྲེལ་བ་འདི་ལ་ཡོད་དོ། །ནི་ཞེས་པ་གང་གི་ཕྱིར་རམ་ངེས་པར་གཟུང་བའི་དོན་དུ་ཚིག་གསལ་ལས་སོ། །རྒྱུ་མཚན་


JLD018_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དྲི་མ་རྣམས་གདོད་མ་ནས་འགག་པ་དང་སྐྱེ་བ་མེད་པར་རྟོགས་པའི་ཡེ་ཤེས་མཐར་ཕྱིན་པ་ཡིན་པའི་ཕྱིར་རོ། །གོ་རིམས་བཞིན་ནི། །ཆོས་ཅན་གྱི་དོན་གཉིས་དང་རྟགས་སུ་བཟུང་བ་གཉིས་རིམ་པ་བཞིན་སྦྱོར་བའོ། །གཉིས་པ་ནི། དྲི་མ་རྣམས་སྐྱེ་འགག་མེད་པར་ཅིས་གྲུབ་ཅེ་ན། འདི་ལ་གཉིས། ལུང་དང༌། རིགས་པས་སྒྲུབ་པའོ། །དང་པོ་ནི། ཆགས་སོགས་ཉོན་མོངས་པ་དང་ཤེས་བྱ་གཟུང་འཛིན་དུ་རྟོག་པ་ཡང་དག་པའི་ཡེ་ཤེས་ཀྱི་གེགས་བྱེད་པས་སྒྲིབ་པ་སྔར་སྐྱེས་ཟིན་པར་དངོས་སྨྲ་བ་རྣམས་ཀྱིས་བརྟགས་པ་རྣམས་ནི། དེ་ཁོ་ནར་འགག་པ་མེད་ཅིང་སྔར་མ་སྐྱེས་པ་ཉིད་དུ་བཏགས་པ་རྣམས་ནི་སྐྱེ་བ་མེད་པ་ཡིན་ཏེ། དོན་དམ་པར་ཆོས་ཀྱི་དབྱིངས་སྤྲོས་བྲལ་གྱི་ངོ་བོ་ཉིད་རྣམས་ཡིན་པས་སོ། །ནམ་མཁའ་ལ་སྐྱེ་འགག་མེད་པ་བཞིན་ནི་ཁྱབ་པའི་དཔེའོ། །རྟགས་གྲུབ་སྟེ། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ།། ཞེས་ཆོས་དབྱིངས་ལས་ཕྱི་རོལ་ཏུ་གྱུར་པའི་ཆོས་མེད་དོ་ཞེས་འབྱུང་བས་སོ། །རམ་ཞེས་པ་སྒྲུབ་བྱེད་འོག་མ་འདྲེན་པའི་རྣམ་པར་བརྟག་པའི་ཚིག་གོ །གཉིས་པ་ནི། ཆོས་ཅན་དང་དམ་བཅའི་དོན་སྔར་ལྟར་སྦྱར་ནས་འཐད་པ་སྟེ་བདེན་པའི་དངོས་པོ་མེད་པས་ཞེས་རྒྱུ་མཚན་དུ་བྱའོ། །ནམ་མཁའི་པདྨ་བཞིན་ནི། དངོས་པོར་མེད་པ་ལ་སྐྱེ་འགག་མེད་པས་ཁྱབ་པའི་དཔེའོ། །རྒྱུ་མཚན་སྒྲུབ་པ་ནི། ངོ་བོ་ལ་དཔྱད་ནས་འགོག་པ་ཚད་མ་སྟེ་རྟགས་དང༌།


JLD018_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལ་དཔྱད་པ་རྡོ་རྗེ་གཟེགས་མ་དང༌། འབྲས་བུ་ལ་དཔྱད་པ་མུ་བཞི་སྐྱེ་འགོག་དང༌། སོགས་པས་རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་བདེན་མེད་དུ་གྲུབ་བོ་ཞེས་པའོ། །ཚིག་གསལ་ལས་ནི། རྒྱུ་དང་འབྲས་བུ་དག་དོན་དམ་པར་ཡོད་པར་འཐད་པའི་དངོས་པོ་མེད་དེ། ཚད་མ་དང་སོགས་པས་ངེས་པའི་དོན་དང་ལྡན་པའི་ལུང་གིས་མ་གྲུབ་པའི་ཕྱིར་རོ། ཞེས་པའི་རང་ལུགས་དང༌། ཚད་མ་འཐད་པ་སྒྲུབ་པའི་རིགས་པ་ལ་བྱས་ནས་སོགས་ཁོང་ནས་ལྟོས་པ་བྱ་བ་བྱེད་པ་ཆོས་ཉིད་ཀྱི་རིགས་པ་གསུམ་དང་ལུང་འདོན་པའི་གཞན་ལུགས་བཞག་པ་ནི། གཉིས་ཀ་ཡང་གཞུང་འདི་ལ་འགྲིག་པར་མ་མཐོང་ངོ༌། །རིགས་པ་དེ་དག་གིས་གྲུབ་པའི་ཚུལ་ཇི་ལྟ་བུ་ཞེ་ན། དང་པོ་ནི། དོན་དམ་པར་གཅིག་དང་དུ་མ་དང་བྲལ་བ་ནི་རང་བཞིན་མེད་པས་ཁྱབ། དཔེར་ན་གཟུགས་བརྙན་བཞིན། དངོས་པོ་འདི་དག་ཀྱང་གཅིག་དང་དུ་མ་དང་བྲལ་བའོ་ཞེས་བྱ་བ་ནི་ཁྱབ་བྱེད་མི་དམིགས་པ་སྟེ། དབུ་མའི་རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་ཏུ་ནི་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་སོ། །གཉིས་པ་ནི། གང་དོན་དམ་པར་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་མི་སྐྱེ་བ་ལ་སྐྱེ་བ་བདེན་པ་བ་མེད་པས་ཁྱབ། དཔེར་ན་རི་བོང་གི་རྭ་བཞིན། དངོས་པོ་འདི་དག་ཀྱང་དོན་དམ་པར་བདག་དང་གཞན་དང་གཉིས་ཀ་


JLD018_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱུ་མེད་ལས་སྐྱེ་བ་དང་བྲལ་ལོ་ཞེས་བྱ་བ་ནི། ཁྱབ་བྱེད་མི་དམིགས་པ་སྟེ། དབུ་མའི་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །དེ་ལ་བདག་ལས་མི་སྐྱེ་སྟེ། དེ་ཉིད་ལས། རྒྱུ་དང་འབྲས་བུ་གཅིག་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་པ་ལྟར་ཕ་དང་བུ་དང༌། མེ་དང་དུ་བ་དང༌། ས་བོན་དང་མྱུ་གུ་སོགས་གཅིག་ཏུ་ཐལ་བས་སོ། །དོན་དམ་པར་གཞན་ལས་མི་སྐྱེ་སྟེ། དེ་ཉིད་ལས། རྒྱུ་དང་འབྲས་བུ་གཞན་ཡིན་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་པ་ལྟར་ས་བོན་མྱུ་གུའི་རྒྱུར་འདོད་པ་བཞིན་དུ་རྡོ་སོལ་ཡང་དེའི་རྒྱུར་ཧ་ཅང་ཐལ་ཏེ། གཞན་ཙམ་དུ་ཁྱད་པར་མེད་ཅིང་གཞན་ཁྱད་པར་ཅན་དཔྱད་ན་མི་འགྲུབ་པས་བསྒྲུབ་བྱ་དང་མཚུངས་པས་སོ། །གཉིས་ཀ་ལས་མི་སྐྱེ་སྟེ། རེ་རེ་ལ་བརྗོད་པའི་སྐྱོན་དུ་འགྱུར་ཞིང་དེ་གཉིས་འགལ་བས་དེ་ཡིན་པ་མི་སྲིད་པས་སོ། །རྒྱུ་མེད་པ་ལས་ཀྱང་མི་སྐྱེ་སྟེ། བྱ་རོག་ལ་ཡང་རྨ་བྱའི་མདོངས་བཀྲ་བ་དང་མེ་ལ་ཡང་ཆུའི་རང་བཞིན་གྲང་བ་སོགས་དམིགས་པར་ཧ་ཅང་ཐལ་ལ། ཡང་ན་རྨ་བྱ་ལ་ཡང་དེའི་མདོངས་མེད་པ་དང་ཆུ་ལ་ཡང་གྲང་བ་དམིགས་པར་མི་འགྱུར་ཏེ། རྒྱུ་མེད་དུ་འབྱུང་ན་ཡུལ་དུས་ཐམས་ཅད་དུ་ཡོད་པའམ་གཏན་མེད་དགོས་པས་སོ། །གསུམ་པ་ནི། གང་དོན་དམ་པར་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་མི་སྐྱེ་ན། འབྲས་བུ་


JLD018_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་མི་སྐྱེ་བས་ཁྱབ་སྟེ། དཔེར་ན་མོ་གཤམ་གྱི་བུ་བཞིན། དངོས་པོ་འདི་དག་ཀྱང་དོན་དམ་པར་ཡོད་མེད་གཉིས་ཀ་གཉིས་མིན་གང་ཡང་མི་སྐྱེའོ་བྱ་བ་སྟེ། སྟོང་ཉིད་བདུན་ཅུ་བ་ལས། ཡོད་པ་ཡོད་ཕྱིར་སྐྱེ་མ་ཡིན། །མེད་པ་མེད་ཕྱིར་སྐྱེ་མ་ཡིན། །ཆོས་མི་མཐུན་ཕྱིར་ཡོད་མེད་མིན། །སྐྱེ་བ་མེད་ཕྱིར་གནས་འགག་མེད། ཅེས་ཏེ་འདིས་ནི་སྦྱོར་བ་དེའི་ཕྱོགས་ཆོས་རྣམས་ཀྱང་བསྒྲུབས་སོ། །བཞི་པ་ནི། གང་རྟེན་འབྲེལ་ཡིན་པ་དེ་དོན་དམ་པར་རང་བཞིན་ནི་མེད། དཔེར་ན་སྒྱུ་མ་བཞིན། ཆོས་ཐམས་ཅད་ཀྱང་རྟེན་འབྲེལ་ལོ་ཞེས་བྱ་བ་སྟེ། མདོ་ལས་གང་རྣམས་རྟེན་ཅིང་འབྲེལ་བར་འབྱུང༌། །དེ་རྣམས་རང་བཞིན་ཅུང་ཟད་མེད། །ཅེས་སོ། །གཏན་ཚིགས་འདི་དག་ལ་ཐལ་རང་སོ་སོའི་འདོད་པས་དགག་སྒྲུབ་བྱེད་ཚུལ་ཐལ་འགྱུར་གྱིས་རང་རྒྱུད་འཕེན་མི་འཕེན་སོགས་དཔྱད་དུ་ཡོད་ཀྱང་ཡི་གེ་མངས་པས་འཇིགས་ནས་མ་བྲིས་སོ། །གཉིས་པ་ནི་དེའི་འབྲས་བུའི་གཉིས་པ་སྟེེ། རྟོག་པས་བཏགས་པའི་བྱང་ཆེན་དགག་པ། གཉིས་པ་ལ་གཉིས། དངོས་པོར་སྨྲ་བའི་ལུགས་དགག །སྟོང་པར་སྨྲ་བའི་ལུགས་བཞག་པའོ། །དང་པོ་ལ་གཉིས། ཁྱབ་བྱེད་མ་དམིགས་པ་དང༌། ཁས་བླངས་ནང་འགལ་གྱིས་དགག་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དངོས་པོར་སྨྲ་བ་དེ་དག་ལ་ཤེས་པ་དེ་མ་འཁྲུལ་བའམ་བྱང་ཆེན་དུ་རུང་བ་མ་ཡིན་ནོ་ཞེས་བར་ཚིགས་ཀྱིས་གསུངས་སོ། །འོ་ན་དེས་ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་གང་འདྲ་བ་ཞིག་ཏུ་འདོད་ཅེ་ན། དངོས་


JLD018_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སྨྲ་བ་གང་དག་སྐྱེས་ཟིན་གྱི་དྲི་མ་ལམ་གྱིས་ཟད་པར་བྱས་པ་ལ་དྲི་མ་དེ་དག་བདག་གི་རྒྱུད་ལ་ཟད་དོ་སྙམ་པའི་ཤེས་པ་ནི་ཟད་པ་ཤེས་པ་དང༌། སྐྱེ་འགྱུར་གྱི་དྲི་མ་ལམ་གྱིས་མི་སྐྱེ་བར་བྱས་པ་ལ་ཕྱིན་ཆད་བདག་གི་རྒྱུད་ལ་དྲི་མ་མི་སྐྱེའོ་སྙམ་པའི་ཤེས་པ་ནི་མི་སྐྱེ་བ་ཤེས་པ་ཡིན་པར་བརྗོད་པ་སྟེ་འདོད་ཅིང༌། ཤེས་པ་གཉིས་དེ་ལ་འདོད་པར་མ་ཟད་བྱང་ཆུབ་ཀྱང་ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་ལྟ་བུ་ཡིན་པར་བརྗོད་ཅིང་འདོད་དོ། །སྐྱེས་ཟིན་དང་སྐྱེ་འགྱུར་ལམ་གྱིས་ཟད་མི་སྐྱེར་བྱས་པ་ཡང་ཇི་ལྟ་བུ་ལ་བསམས་ནས་འདོད་ཅེ་ན། དྲི་མའི་དངོས་པོ་སྔར་ཡོད་བདེན་པ་བ་ལམ་གྱིས་འཇིག་པའམ་རྒྱུན་ཆད་པར་བྱས་པའི་བསམ་པ་སྟེ་དེ་ལྟ་བསམས་ནས་སྔར་ཡོད་ལམ་གྱིས་ཟད་པ་དང༌། དྲི་མའི་དངོས་པོ་སྐྱེ་འགྱུར་བདེན་པ་བ་ལམ་གྱི་མི་སྐྱེ་བ་སྟེ་སྐྱེ་འཕྲོ་བཅད་པའི་བསམ་པས་སྐྱེ་འགྱུར་ལམ་གྱིས་མི་སྐྱེ་བར་བྱས་པར་འདོད་པ་ཡིན་ནོ། །འོ་ན་དེ་དག་གིས་འདོད་པའི་ཤེས་པ་དེ་གཉིས་བྱང་ཆུབ་ཆེན་པོར་མི་རུང་བ་ཅི་ཞེ་ན། སྐྱེས་ཟིན་དང་སྐྱེ་འགྱུར་གྱི་དྲི་མ་བདེན་པ་བ་ལམ་གྱིས་ཟད་པ་དང་མི་སྐྱེ་བར་བྱས་པའི་ཟད་མི་སྐྱེ་མེད་པ་ཁོ་ནས་ཏེ་དེའི་ཕྱིར་རོ། །དེ་རྒྱུ་མཚན་གང་གི་ཕྱིར་ན། དྲི་མ་རྣམས་དོན་དམ་པར་ཟད་སྐྱེ་མེད་པར་ལུང་རིགས་ཀྱིས་གྲུབ་པར་དེ་ལྟ་ཡིན་པ་དེའི་ཕྱིར་རོ། །གཞུང་ལུགས་ཆེན་པོ་རྣམས་ཀྱི་དོན་ལ་རིང་དུ་མ་འདྲིས་པ་ཁ་ཅིག་ཉན་རང་དགྲ་བཅོམ་པའི་ཡེ་ཤེས་དེ་ཕྱོགས་སྔའི་འདོད་པ་འདི་ཡིན་ནོ་ཞེས་སྨྲ་བ་


JLD018_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མི་རིགས་ཏེ། འདི་དག་ནི་སེམས་ཙམ་པ་དང༌། དོན་སྨྲ་གཉིས་ཀྱིས་བྱང་ཆེན་འདི་ལྟ་བུའོ་ཞེས་གྲུབ་མཐས་བཏགས་པ་འབའ་ཞིག་ཡིན་ལ། བཏགས་པ་དེ་འདོད་པ་དབང་བཙན་པར་བྱས་ན་ནི་ཐེག་པ་གསུམ་གའི་བྱང་ཆུབ་ཡིན་ཞིང༌། དོན་དབང་བཙན་པར་བྱས་ན་ཇི་ལྟར་ཐེག་ཆེན་གྱི་བྱང་ཆུབ་ལ་འདི་མི་རུང་བ་དེ་བཞིན་དུ་ཐེག་དམན་གྱི་བྱང་ཆུབ་ལ་ཡང་མི་རུང་སྟེ། འདོད་པ་དེ་ནི་བདག་དང་གཙོ་བོ་ལྟར་བཏགས་པ་འབའ་ཞིག་ཡིན་པས་གཏན་མི་སྲིད་ཅིང༌། ཐེག་དམན་གྱི་དགེ་སློང་དགྲ་བཅོམ་པ་ཡོད་པ་ལ་སྐུར་པ་སུས་ཀྱང་གདབ་ཏུ་མི་རུང་བས་སོ། །འདི་དག་ཀྱང་དོན་ལ་གང་ཡིན་དང་འདོད་པས་བཏགས་པའི་ཁྱད་མ་ཕྱེད་པར་དོན་སྨྲ་གཉིས་ཀྱིས་རྣམ་གཞག་གིས་ཐེག་དམན་གྱི་འཕགས་པ་ལ་གྲུབ་དགོས་སྙམ་དུ་རྨོངས་པས་ལན་ནོ། །འདི་དག་གང་འདོད་པ་ནི་ཚིག་གསལ་ལས། གང་དག་ཅེས་པ་ནི། འཕགས་པ་ཉན་ཐོས་རྣམས་དང་རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམས་ཏེ། དེ་དག་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་མ་རྟོགས་པས་ན་ཟད་པ་ལ་ཟད་དོ་སྙམ་པ་ལ་སོགས་པའི་ཤེས་པ་ངེས་པར་འབྱུང་བས་སོ། །རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བས་དག་པའི་གཞི་ཡོངས་སུ་གྲུབ་པ་དོན་དམ་པའི་དངོས་པོར་ཁས་ལེན་པའི་ཕྱིར་ཞེས་བཤད་དེ། འཕགས་པ་ཉན་


JLD018_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཞེས་པ་ནི་དོན་སྨྲ་གཉིས་ལ་གཟུང་ངོ༌། །གཉིས་པ་ནི། གཉེན་པོ་མཐོང་ཞེས་བྱ་བའི་ལམ་གྱིས་ནི་དངོས་སྨྲ་བ་འདོད་པ་ལྟར་མཐོང་སྤང་རྣམ་པར་རྟོག་པའི་རིགས་སྔར་ཡོད་ཅི་ཞིག་ཟད་པར་བྱས་ཤིང་སྐྱེ་འགྱུར་མི་སྐྱེ་བར་བྱས་ནས་སྐྱེ་མེད་ཀྱི་རྣམ་པ་ཅི་ཞིག་འཐོབ་སྟེ་དེ་ལྟ་བུའི་ཟད་ཐོབ་མེད་པར་ཐལ་ཏེ། སྐྱེས་ཟིན་དང་སྐྱེ་འགྱུར་ཀྱི་དྲི་མ་བདེན་པ་བ་འགོག་པ་མེད་པའི་སྤྲོས་བྲལ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །འདིར་མཐོང་ལམ་ཞེས་དམིགས་ཀྱིས་གཟུང་ནས་འབྱུང་བ་ལྟར་ན། གོང་དུ་མཐོང་ལམ་གྱིས་མཐོང་སྤང་རྟོག་པ་སྤོང་བར་བསྟན་པ་དང༌། བྱང་ཆེན་ངོས་འཛིན་པ་ན་དྲི་མ་ཟད་སྐྱེ་མེད་པར་བསྟན་པ་གཉིས་འགལ་སྙམ་དུ་བསམ་ནས་དྲི་མ་ཟད་སྐྱེ་འགོག་པ་མེད་པའི་རང་བཞིན་དུ་འདོད་པའི་ལུགས་ལ་མཐོང་ལམ་གྱིས་རྣམ་རྟོག་བཞི་ཟད་པ་དང་མི་སྐྱེ་བར་བྱས་པ་མེད་དེ། ཞེས་དབུ་མ་པ་ལ་རྩོད་པའི་གཞུང་དུ་བཏང་ན་ཡང་འབྲེལ་པར་མངོན་ཏེ། གང་ཟག་ལ་མི་རྟོན་པ་རྣམས་ཀྱིས་དཔྱད་དགོས་སོ། །གསུམ་པ་ནི། ཟད་སྐྱེ་མེད་པ་ཤེས་པའི་བྱང་ཆུབ་ཐོབ་པར་འདོད་ན་ཁོ་བོ་ཅག་དབུ་མ་པའི་གཞུང་ལུགས་ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པ་འདི་ཁོ་ན་ཁས་བླང་བར་བྱའོ་འམ་རྟེན་ཅིག་སྙམ་དུ་རྗེ་བཙུན་གྱིས་དགོངས་པ་ཡིན་ནོ། །རྒྱུ་མཚན་ནི། དངོས་པོ་རྣམས་རང་བཞིན་མེད་པ་ལ་ལོག་པར་ཏེ་རང་བཞིན་དང་བཅས་པར་མངོན་པར་ཞེན་པ་དངོས་སྨྲ་བ་ཁྱེད་ཀྱིས་བཏགས་པ་ལྟར་གྱི་དྲི་མ་


JLD018_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པ་དང་མི་སྐྱེ་བའི་ཚུལ་ཅུང་ཟད་ཀྱང་མེད་པ་ཁོ་ན་ཡིན་པ་དེའི་ཕྱིར་རོ། །རྟགས་གྲུབ་སྟེ། ཁྱོད་ཀྱིས་བཏགས་པ་ལྟར་གཉེན་པོ་མཐོང་བའི་ལམ་གྱི་སྟོབས་ཀྱིས་སྤང་བྱ་རྣམ་པར་རྟོག་པ་ཤེས་སྒྲིབ་དང་སོགས་པས་ཉོན་སྒྲིབ་ཀྱི་ངོ་བོ་སྔར་སྐྱེས་ཟིན་བདེན་པ་བ་ནི་ཅི་ཞིག་ཟད་པ་དང༌། སྔར་མ་སྐྱེས་པ་སྐྱེ་འགྱུར་གྱི་དྲི་མ་བདེན་པ་བ་ནི་ཕྱིས་མི་སྐྱེ་བའི་ཆོས་ཅན་དེར་བྱས་པ་ཅི་ཞིག་སྐྱེ་བའམ་ཐོབ་སྟེ་ཟད་ཐོབ་བམ་ཟད་མི་སྐྱེར་བྱས་པ་གཉིས་ཐོབ་པ་མེད་དེ། སྐྱེས་ཟིན་གྱི་དྲི་མ་རྣམས་ཟད་པའི་མཚན་ཉིད་ཀྱི་འགོག་པ་དང་མ་སྐྱེས་པ་སྐྱེ་འགྱུར་གྱི་དྲི་མ་རྣམས་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཀྱི་འགོག་པ་དང་བྲལ་བ་དོན་དམ་པར་དེ་བཞིན་ཉིད་སྤྲོས་བྲལ་གྱི་ངོ་བོའི་རང་བཞིན་ཡིན་ན་སྟེ་དེའི་ཕྱིར་རོ། །ཁ་ཅིག་སྐྱེས་ཟིན་གྱི་གེགས་བྱེད་བརྟགས་འགོག་དང་སྐྱེ་འགྱུར་གྱི་གེགས་བྱེད་བརྟགས་མིན་གྱི་འགོག་པ་ལ་འཆད་ཀྱང་བརྟགས་འགོག་མ་འོངས་པ་ལ་ཡང་ཐོབ་པ་ཡིན་པས་འགྲིག་རྒྱུ་མེད་དོ། །གང་དག་འགྲེལ་བ་འདིས་རྣམ་རིག་པ་ལ་མཐོང་ལམ་ཡོད་པར་དབུ་མ་པས་འདོད་ཅེས་པ་ནི་ལྷ་དགའ་བར་བྱེད་པ་སྟེ། འདིས་ནི་ཁྱེད་ཀྱིས་བཏགས་པ་ལྟར་མཐོང་ལམ་གྱིས་དེ་མི་སྤོང་ཞེས་པའམ་ཁྱོད་འདོད་པ་ལྟར་གྱི་མཐོང་ལམ་གྱིས་མི་སྤོང་ཞེས་ཁས་བླངས་འགོག་པ་ཡིན་གྱི། ཁོ་ལ་མཐོང་ལམ་ཡོད་པར་འདོད་པ་ནི་མིན་ཏེ་བྱང་ཆུབ་ཆེན་པོ་བཞིན་ནོ། །ཚིག་གསལ་ལས་ནི། སྐྱེས་མ་སྐྱེས་ཀྱི་


JLD018_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ལ་གནོད་པའི་འགོག་པ་དང་བྲལ་ཏེ་རྣམ་རྟོག་མི་རྒྱུ་བ་ནི་ཁོ་བོ་དབུ་མ་པའི་དོན་དམ་པ་དེ་བཞིན་ཉིད་ཀྱི་ངོ་བོའི་རང་བཞིན་ཡིན་ན། ཁྱེད་ནི་རྟོག་པ་དེ་དག་དང་མ་བྲལ་བས་ཁྱེད་ལ་དོན་དམ་བདེན་པ་རྟོགས་པའི་ལྟ་བ་མེད་པའི་ཕྱིར། ཁྱེད་ཀྱི་མཐོང་ལམ་ཀུན་རྫོབ་བདེན་པ་ལ་དོན་དམ་བདེན་པར་ལོག་པར་ཞེན་པའི་སྟོབས་ཀྱིས་ཅི་ཞིག་ཟད་ཅིང་ཅི་ཞིག་སྐྱེ་ཞེས་འཆད་དོ། །གཉིས་པ་ནི་དངོས་སྨྲའི་ལུགས་དགག་པའི་གཉིས་པ་ཁས་བླངས་ནང་འགལ་གྱིས་དགག་པ་སྟེ། འདིའི་ས་བཅད་སྤྲོ་ཞིང་དང་པོར་རྩ་བའི་དོན་བླངས་ཏེ་བཤད་བྱ་དགོད་པ་དང༌། རྩ་བའི་དོན་མདོར་ཙམ་དུ་བསྟན་པའི་སྐོར་གཉིས་རིམ་བཞིན་བཤད་པ། གཉིས་པ་ལ་གསུམ། རྩ་བའི་དོན་བླངས་ཏེ་བཤད་བྱ་དགོད། རྩ་བའི་དོན་མདོ་ཙམ་དུ་བསྟན། དེ་ཉིད་ཕྱི་འགྲེལ་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། དབུ་མའི་གཞུང་ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པ་ཁས་ལེན་པ་དེ་ལྟ་མ་ཡིན་ཏེ། གཟུགས་སོགས་ཀྱི་ཆོས་ཡང་དག་པར་ཡོད་པར་ཁས་ལེན་ན། བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྣམ་པར་རྟོག་པས་རྣམ་པ་ཐམས་ཅད་དུ་སྟེ་མ་ལུས་པར་སྤངས་པ་ངོ་མཚར་ཆེ་བའི་གནས་ཏེ་མི་སྲིད་པ་ཡིན་ནོ་ཞེས་བར་ཚིགས་ཀྱིས་གསུངས་པ་ནིའོ། །གཉིས་པ་ནི། དབུ་མ་པ་ལས་གཞན་དངོས་སྨྲ་བ་རྣམས་ཀྱིས་གཟུང་འཛིན་དང་རང་རིག་གི་ཆོས་རྣམས་ཀྱང་དོན་དམ་པར་ཡོད་ལ་སྟེ་དེར་ཁས་ལེན་ཞིང་སྟོན་པ་སངས་རྒྱས་ལ་ཡང་ཤེས་བྱའི་སྒྲིབ་པ་ཟད་པར་བརྗོད་པ་གང་ཡིན་པ་དེ་ལ་ཁོ་བོ་བྱམས་མགོན་གྱིས་མཚར་དུའམ་བཞད་གད་དུ་བརྩིས་ཏེ་འགལ་བ་ཁས་བླངས་པས་སོ། །གསུམ་པ་ནི་ཁས་བླངས་ནང་འགལ་གྱིས་དགག་པའི་གསུམ་པ་སྟེ། དེ་ཉིད་ཕྱི་འགྲེལ་གྱིས་རྒྱས་པར་བཤད་པའི་ས་བཅད་སྤྲོ་ཞིང་དང་པོ་གཞུང་འབྲེལ་བསམ་པ། གསུམ་པ་ལ་གཉིས། ཁས་བླངས་འགལ་བའི་རྒྱུ་མཚན། ཁས་བླངས་འགལ་བ་དངོས་


JLD018_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དང་པོ་ལ་གཉིས། གཞུང་གི་འབྲེལ་བསམ། ཚིག་གི་དོན་བཤད་པའོ། །དང་པོ་ནི། དངོས་སྨྲ་ལ་ནང་འགལ་སྟོན་པའི་སྐབས་སུ་རྣལ་འབྱོར་ས་བཞི་ཅི་ཞིག་འབྲེལ་ཞེ་ན། དེ་ལ་སེམས་ཙམ་པ་དང་དབུ་མ་རང་རྒྱུད་པ་རྣམས་ནི་ཆོས་རང་བཞིན་མེད་པར་མ་རྟོགས་ཀྱང༌། བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ཙམ་དུ་རྟོགས་པས་ཁམས་གསུམ་གྱི་ཉོན་མོངས་སྤོང་ནུས་པར་དོན་སྨྲ་གཉིས་དང་མཐུན་པར་འདོད་པས་ཆོས་དོན་དམ་དུ་ཡོད་ན་སྒྲིབ་གཉིས་སྤངས་པ་འགལ་བར་བསྟན་པའི་ཉོན་སྒྲིབ་ནི། ཞར་ལ་དེ་སྤོང་བའི་རྣལ་འབྱོར་གྱི་ས་བསྟན་བཞེད་ནས་འཕྲོས་བཙལ་བ་ཙམ་ཡིན་གྱི་དེ་སྤངས་པར་འདོད་པ་ལ་འགལ་བ་སྟོན་པ་ནི་མིན་ནོ། །དེས་ན་ཤེས་སྒྲིབ་སྤོང་བའི་རྣལ་འབྱོར་གྱི་ས་གསུམ་ནི་གཙོ་བོའོ། །ཡང་ན་ཉོན་སྒྲིབ་སྤངས་པ་ལ་ཡང་ཁས་བླངས་འགལ་བ་སྟོན་པ་སྟེ། འཆད་པར་འགྱུར་རོ། །དེ་ལ་ཡང་དོན་སྨྲ་གཉིས་ལྟར་ན་གཟུང་འཛིན་བདེན་པར་འདོད་པས་དེའི་ལྟ་བས་ནི་ཤེས་སྒྲིབ་གཏན་སྤང་མི་ནུས་ལ། སེམས་ཙམ་པ་ལྟར་ན། གཟུང་འཛིན་བདེན་མེད་དུ་འདོད་པས་དེའི་ལྟ་བ་གོམས་པས་གཟུང་འཛིན་ལ་ཞེན་པའི་ཤེས་སྒྲིབ་རགས་པ་འགའ་ཞིག་སྤང་ནུས་ཀྱང་རང་རིག་ལ་ཞེན་པ་སྤོང་མི་ནུས་པའི་ཕྱིར། ཤེས་སྒྲིབ་རྫོགས་པར་སྤང་མི་ནུས་སོ། །དེའི་ཕྱིར་དེ་དག་གི་ཁས་བླངས་འགལ་བ་ཡིན་ནོ། །དབུ་མ་པ་ལྟར་ན། རང་རིག་ཙམ་ཡང་བདེན་པར་མི་འདོད་པས་དེའི་ལྟ་བ་གོམས་


JLD018_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤེས་སྒྲིབ་མཐའ་དག་སྤོང་བར་ནུས་སོ། །དེ་ཡང་སློབ་དཔོན་འདིའི་བཞེད་པས་ཉོན་སྒྲིབ་སྤོང་ཚུལ་བཞི་ཀ་ཡང་མཚུངས་ལ། ཤེས་སྒྲིབ་སྤོང་ཚུལ་ལ་གཟུང་བ་དང་འཛིན་པ་དང༌། གཉིས་མེད་ཀྱི་རང་རིག་རྣམས་ལ་ཞེན་པ་གསུམ་ཡོད་པ་ལས་དང་པོ་གཉིས་སྤོང་ཚུལ་སེམས་ཙམ་དང་ཐུན་མོང་བ་ཡིན་ཞིང༌། ཕྱི་མ་སྤོང་ཚུལ་དབུ་མའི་ཐུན་མོང་མིན་པར་བཞེད་པས་དེ་ལྟར་བཀོད་དོ། །ཐུན་མོང་བའི་དོན་ཡང་གཟུང་བ་དང་འཛིན་པ་རྫས་གཞན་ལ་ཞེན་པའི་ཡུལ་བཀག་ནས་ཡུལ་ཅན་འགོག་པ་ཙམ་དུ་འདྲའོ། །དེས་ན་སྐབས་འདིར་བཤད་པའི་ས་བཞི་ནི། གཙོ་བོར་རྟེན་གྱི་གང་ཟག་དབུ་མ་པ་ཞིག་གིས་སྒྲིབ་གཉིས་སྤང་བའི་ཕྱིར་དུ་རྒྱུད་ལ་སྐྱེད་ཚུལ་ཡིན་ནོ། །སྔར་བསྟན་པའི་འབྲེལ་དང་འོག་ནས་ཀྱང་གཞུང་འདི་དག་གི་དོན་བཟློག་པ་ལ་དངོས་སྨྲ་བའི་འདོད་པར་བྱས་ནས་སྒྲིབ་པ་སྤོང་མི་ནུས་པར་གསུངས་པས་སོ། །དེའི་ཕྱིར་རྣལ་འབྱོར་གྱི་ས་དང་པོའི་ཚེ་གཟུང་བ་དང་གཉིས་པའི་ཚེ་འཛིན་པ་དང༌། གསུམ་པའི་ཚེ་རང་རིག་ལ་ཞེན་པ་ཡོད་པར་བསྟན་པ་ནི། དོན་སྨྲ་དང་སེམས་ཙམ་པ་ལྟར་གཟུང་འཛིན་དང་རང་རིག་དོན་ལ་ཡོད་པ་འཐད་པར་ཁས་ལེན་པའི་ཞེན་པ་མིན་གྱི་གང་ཟག་གི་རྒྱུད་ལ་མངོན་ཞེན་སྐྱེ་བ་ཙམ་ལ་གོ་བར་བྱ་སྟེ། དཔེར་ན་སྤྲོས་བྲལ་གྱི་ལྟ་བ་འཛིན་པའི་ཚུར་མཐོང་གི་རྒྱུད་ལ་གཟུགས་སོགས་ཀྱི་ཆོས་དུ་མ་ལ་བག་ཆགས་ཀྱི་སྟོབས་ཀྱིས་ཞེན་པ་སྐྱེ་ཡང་ཞེན་པ་ལྟར་དུ་ཁས་མི་ལེན་པ་བཞིན་ནོ། །གཞན་


JLD018_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདིར་དང་པོར་ཉོན་སྒྲིབ་སྤངས་ཟིན་པ་དང་གཟུང་བ་ལ་ཞེན་པ་སོགས་སྔ་མ་སྔ་མའི་སྒྲིབ་པ་སྤངས་པ་དང༌། ཕྱི་མ་ཕྱི་མ་སྤོང་བར་བཤད་པ་ཡང་མ་ངེས་ཏེ། འོན་ཀྱང་རགས་རིམ་གྱི་དབང་དུ་མཛད་ནས་སྒྲིབ་པ་སྐྱེ་ཚུལ་མཚོན་པའོ། །གཞན་དུ་ན་དབུ་མ་པའི་རིགས་ཅན་གྱིས་དང་པོ་ནས་ཀྱང་རང་རིག་བདེན་མེད་དུ་གཏན་ལ་འབེབས་པ་མེད་པར་ཐལ་ལོ། །མདོར་ན་གཞུང་འདི་དག་གིས་དབུ་མ་པའི་ལུགས་ཀྱིས་སྒྲིབ་གཉིས་སྤོང་ལུགས་བསྟན་ནས་ལུགས་དེ་མི་འདོད་ན་ཤེས་སྒྲིབ་སྤང་ནུས་པ་དེ་ལྟ་མ་ཡིན་ཏེ་ཞེས་སོགས་ཀྱིས་སྟོན་པའི་གནད་མ་རྟོགས་པར། ས་དང་པོ་ཉན་རང་དང་གཉིས་པ་དང་གསུམ་པ་རྣམས་སེམས་ཙམ་པ་དང༌། བཞི་བ་དབུ་མ་པ་ལ་སྦྱོར་བ་ནི་བཞད་གད་ཀྱི་གནས་སོ། །འདིར་བསྟན་པ་བཞི་དབུ་མའི་སྒོམ་རིམ་དུ་འགྲེལ་བཤད་གཉིས་ཀྱང་བཞེད་དེ། ཚིག་གསལ་ལས། དེ་ལ་སྐྱེ་བ་དང༌། འཇིག་པས་སྟོང་པའི་ཕྱིར་ཞེས་བྱ་བས་སོགས་པས་སྙིང་པོའི་དོན་སྒོམ་པའི་རིམ་པ་ཡིད་ལ་བྱ་བ་འདི་ནི་དབུ་མའི་བསྟན་བཅོས་ལས་གསལ་བས་བདག་གིས་འདིར་མི་བསམ་མོ། ཞེས་དང༌། སྐབས་གཞན་དུ་ཡང་བྱང་སེམས་ཀྱིས་སྙིང་པོའི་དོན་སྒོམ་ཚུལ་ལ་གཞུང་འདི་དག་དྲངས་པའི་ཕྱིར་དང༌། རྟོགས་དཀའ་ལས་ནང་གི་མུ་སྟེགས་པ་རྣམས་ཀྱི་བྱང་ཆུབ་པའི་ཐབས་ཐབས་མ་ཡིན་པ་ཉིད་དུ་བསྟན་པའི་སྐབས་སུ་ཐམས་ཅད་དུ་འགྲོ་བའི་བདག་མེད་པ་


JLD018_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ནི། བྱང་ཆུབ་ཇི་ལྟ་བུ་ཡིན་པ་བླ་མའི་མན་ངག་མདོར་བསྡུས་ཏེ་བསྟན་པས་འཇུག་པའི་སྒོ་ནས་ཚིག་ལེའུར་བྱས་པ་ལས་མ་སྨོས་པའི་དོན་ཤུགས་ཀྱིས་འཕངས་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་སྐྱེ་བ་དང་ཞེས་པ་ལ་སོགས་པ་སྨོས་པ་ཡིན་ཏེ། ཞེས་སོ། །གཉིས་པ་ནི་ཁས་བླངས་འགལ་བའི་རྒྱུ་མཚན་གྱི་གཉིས་པ་ཚིག་གི་དོན་བཤད་པ་སྟེ། འདིའི་ས་བཅད་སྤྲོ་ཞིང་ཐོག་མར་དབུ་མའི་ལྟ་བས་སྒྲིབ་པ་རྫོགས་པར་སྤང་ནུས་སུ་རྣལ་འབྱོར་ས་བཞིའི་སྒོ་ནས་གཏན་ལ་དབབ་པ།གཉིས་པ་ལ་གཉིས། དབུ་མའི་ལྟ་བས་སྒྲིབ་པ་རྫོགས་པར་སྤང་ནུས་པ་དང༌། དངོས་སྨྲའི་ལྟ་བས་སྒྲིབ་པ་རྫོགས་པར་སྤང་མི་ནུས་པར་བསྟན་པའོ། །དང་པོ་ནི། དངོས་པོར་ལྟ་བ་ལ་སྒྲིབ་པ་མ་ལུས་པར་སྤངས་པའི་བྱང་ཆུབ་མི་འཐད་པར་བསྟན་པ་དེ་ལ་སྟེ་དོན་དེ་ལྟར་གནས་པ་ན་རང་ལུགས་ཀྱིས་སྒྲིབ་པ་སྤོང་ཚུལ་ལ་གཉིས། །ཉོན་སྒྲིབ་དང༌། ཤེས་སྒྲིབ་སྤོང་ཚུལ་ལོ། །དང་པོ་ལ་གསུམ་ཆོས་རྣམས་བདག་མེད་དུ་གཏན་ལ་དབབ། དེ་སྒོམ་པའི་ཚུལ། བསྒོམས་པས་བདག་ལྟ་སྤོང་ཚུལ་ལོ། །དང་པོ་ནི། །གང་ཀུན་རྫོབ་ཏུ་ཡང་སྐྱེ་བ་དང་འཇིག་པས་སྟོང་བ་ནི་རྟག་པ་དང་བདག་གི་དངོས་པོར་མེད་དོ། །རི་བོང་གི་རྭ་བཞིན། ཕྱི་ནང་གི་མུ་སྟེགས་རྣམས་ཀྱིས་བཏགས་པའི་ཤེས་པ་དང་བེམ་པོའི་བདག་དང་དབང་ཕྱུག་རྣམས་ཀྱང་ཀུན་རྫོབ་ཏུ་ཡང་སྐྱེ་འཇིག་གིས་སྟོང་བར་ཁྱེད་ཀྱིས་ཁས་བླངས་སོ། །ཞེས་པའི་རྟགས་ལ་བརྟེན་ནས་ཕུང་སོགས་ལ་བདག་རྟག་པ་མེད་པར་གཏན་ལ་འབེབས་སོ། །དེ་ཡང་ཕྱིའི་མུ་སྟེགས་བདག་ཁས་ལེན་པ་གྲངས་ཅན་ལ་སོགས་པས་བདག་རྟག་པ་ཤེས་པའི་ངོ་བོར་སྨྲ་ལ། བྱེ་བྲག་པ་སོགས་ནི་བདག་རྟག་པ་བེམ་པོའི་


JLD018_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་འདོད་ཅིང་རྟག་པ་ཡང་དོན་བྱེད་པའི་ནུས་པ་ཐམས་ཅད་ཀྱིས་དབེན་པས་སྐྱེ་འཇིག་གིས་སྟོང་པ་དང༌། ནང་གི་མུ་སྟེགས་བདག་ཁས་ལེན་པ་གནས་མ་བུ་སོགས་ ནི་རྟག་མི་རྟག་གང་དུ་ཡང་བརྗོད་བྲལ་དུ་འདོད་པས་དེ་ལ་ཡང་སྐྱེ་འཇིག་མི་རུང་ ངོ༌། །གཉིས་པ་ནི། དེ་ལྟར་གཏན་ལ་ཕབ་ནས་དམིགས་པ་བདག་དེས་དབེན་པའི་ཕུང་སོགས་དང་སོགས་པས་ཁམས་སྐྱེ་མ་རིག་པ་ནས་རྒ་ཤིའི་བར་བཅུ་གཉིས་རྒྱུ་ལས་བྱུང་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་རྫོབ་ཏུ་སྐྱེ་བ་དང་འཇིག་པའི་ཆོས་ཅན་བདག་ལྟ་ལྷན་སྐྱེས་ཀྱི་དམིགས་ཡུལ་དེ་ལ་དམིགས་ཏེ་རྣམ་བཅད་ལ་བདག་མེད་དང་ཡོངས་གཅོད་ལ་ཆོས་ཙམ་མོ་སྙམ་དུ་སྒོམ་པའོ། །གསུམ་པ་ནི། དེ་ལྟར་བསྒོམ་པས་བདག་ཏུ་མངོན་པར་ཞེན་པ་ཡོངས་སུ་བོར་བ་སྟེ་ལྡོག་པར་འགྱུར་ཏེ། བདག་ལྟ་དང་གཉིས་ཀ་དམིགས་ཡུལ་ཕུང་པོ་གཅིག་ལ་དམིགས་ཤིང་འཛིན་སྟངས་དངོས་སུ་འགལ་བའི་སྒོ་ནས་ཕུང་པོའི་གནས་ལུགས་ལ་ཞུགས་པས་སོ། །ཏེ་ནི་རྣལ་འབྱོར་གྱི་ས་འོག་མ་སྒོམ་པ་འདྲེན་པའི་ཚིག་གོ །འོག་མ་གཉིས་ཀྱི་ཡང་དེ་དང་ནས་ཀྱི་དོན་དེ་ལྟར་བལྟའོ། །འདི་ལ་བདག་མེད་པ་ལ་དམིགས་པ་རྣལ་འབྱོར་གྱི་ས་ཞེས་གསུང་ངོ༌། །གཉིས་པ་ལ་གསུམ། གཟུང་བ་དང༌། འཛིན་པ་དང༌། གཉིས་མེད་ལ་ཞེན་པའི་ཤེས་སྒྲིབ་སྤོང་ཚུལ་ལོ། །དང་པོ་ལ་གསུམ། གཟུང་བ་བདེན་མེད་དུ་གཏན་ལ་དབབ། དེ་ཇི་


JLD018_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཉམས་སུ་ལེན་ཚུལ། ཉམས་སུ་བླངས་པས་གཟུང་རྟོག་སྤོང་ཚུལ་ལོ། །དང་པོ་ནི། གང་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཏེ་དེ་ལ་རྫས་ཐ་དད་མིན་པས་ཁྱབ། བདེ་བ་དང་དེ་མྱོང་བའི་རིག་པ་བཞིན། སྔོན་པོར་སྣང་བ་དང་དེ་འཛིན་པའི་བློ་དག་ཀྱང་ལྷན་ཅིག་དམིགས་པ་ངེས་པ་ཡིན་ནོ་ཞེས་པའི་རྟགས་ལས་དོན་དུ་སྣང་བ་དེ་སྣང་མཁན་གྱི་བློ་ལས་ཕྱི་རོལ་དུ་མེད་པར་གཏན་ལ་འབེབས་སོ། །སྦྱོར་བ་འདིའི་ཆོས་ཅན་གྱི་དོན་ནི་སྣང་དང་དེ་སྣང་གི་བློ་གཉིས་སོ། །དམ་བཅའི་དོན་ནི་དེ་གཉིས་རྫས་ཐ་དད་དུ་མེད་པ་སྟེ། དེ་ཡང་རྣམ་རྫུན་པ་ལྟར་ན་ཐ་དད་བཀག་ཙམ་ཡིན་གྱི་རྣམ་བདེན་པ་ལྟར་ན་རྫས་གཅིག་ཏུ་སྒྲུབ་པར་འདོད་དེ། རྟགས་ཀྱི་དོན་ནི་དེ་གཉིས་དུས་གཅིག་པས་ན་ལྷན་ཅིག་དམིགས་པ་ནི་རྟོགས་པ། ངེས་པ་ནི་གཅིག་རྟོགས་པ་ལ་ཅིག་ཤོས་རྟོགས་པས་ཁྱབ་པའོ། །དེ་ཡང་རྣམ་པར་ངེས་པ་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན་ཞེས་པ་ལྟར་རོ། །གལ་ཏེ་འདི་ཙམ་ཞིག་གཟུང་བ་བདེན་མེད་ཀྱི་དོན་ཡིན་ན་མདོ་སྡེ་པས་ཀྱང་གཟུང་བ་བདེན་མེད་དུ་འདོད་པར་འགྱུར་ཞེ་ན། ཉེས་པ་མེད་དེ། མདོ་སྡེ་པས་དོན་སྣང་དེ་དབང་པོའི་རྣམ་རིག་ལས་གཞན་དུ་མི་འདོད་ཀྱང་རྣམ་པ་དེ་ཕྱི་རོལ་གྱིས་གཏད་པར་འདོད་ལ། འདིར་ནི་བག་ཆགས་ཀྱི་མཐུས་ཤེས་པ་ཡུལ་གྱི་རྣམ་པ་ཅན་དུ་སྐྱེ་བར་འདོད་པས་སོ། །གཉིས་པ་ནི། ཡུལ་དུ་སྣང་བ་འདི་ནི་ཡོངས་གཅོད་ལ་ནང་གི་སེམས་ཙམ་ཁོ་ན་ཡིན་གྱི་


JLD018_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཅད་ལ་ཕྱི་རོལ་གྱི་དོན་མེད་དོ་ཞེས་བྱ་བར་ཡིད་ལ་བྱེད་ཅིང་སྒོམ་པའོ། །གསུམ་པ་ནི། དེ་ལྟར་གཟུང་བ་མེད་པའི་འཛིན་པ་ཙམ་ཞིག་གོ་སྙམ་དུ་བསྒོམས་པས་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་ཤིང་ནང་གི་སེམས་ལ་འཛིན་པའི་རྣམ་པ་ཅན་དུ་མངོན་པར་ཞེན་པ་ཡོངས་སུ་མ་བོར་ཏེ། དེ་ཡང་དེ་ཕྱི་རོལ་མེད་ན་དེ་འཛིན་བྱེད་དོན་ལ་མི་འཐད་ཀྱང༌། ཐོག་མེད་ནས་བརྒྱུད་པའི་བག་ཆགས་ལས་དོན་གྱི་རྣམ་པ་ཅན་གྱི་སེམས་སྐྱེ་བས་དེ་ལ་འཛིན་པར་ཞེན་པ་ནི་ཡོད་པའོ། །གཉིས་པ་ལ་གསུམ། འཛིན་པ་བདེན་མེད་དུ་གཏན་ལ་དབབ། དེ་རྟོགས་ཏེ་སྒོམ་ཚུལ། བསྒོམས་པས་འཛིན་རྟོག་སྤོང་ཚུལ་ལོ། །དང་པོ་ནི། སུམ་ཅུ་བ་ལས། གཟུང་བ་མེད་པས་དེ་འཛིན་མེད། །ཅེས་པ་ལྟར་གཟུང་བ་མེད་ན་དེ་འཛིན་པ་ཡང་མེད་དེ། དེ་གཉིས་ཕན་ཚུན་ལྟོས་པའི་ཕྱིར་རོ་ཞེས་གཏན་ལ་འབེབས་ཏེ། རྣམ་འགྲེལ་ལས། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་པ་ལྟར་རོ། །གཉིས་པ་ནི། དེ་ལྟར་གཟུང་འཛིན་གཉིས་ཆར་མེད་དོ་སྙམ་དུ་ངེས་པར་སེམས་པས་སྒོམ་པའོ། །གསུམ་པ་ནི། དེ་ལྟར་བསྒོམས་པས་སེམས་གཉིས་སུ་མེད་པ་ལ་འཛིན་པའི་རྣམ་པའི་མཚན་ཉིད་རྣམ་པར་རིག་པའམ་འཛིན་པ་ཙམ་དུ་ཞེན་པ་དེ་ཡང་བསལ་ཏེ། འོན་ཏེ་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་སྙམ་དུ་


JLD018_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་བྱས་པ་སྟེ་ཞེན་པ་ནི་ཡོད་དོ། །རྟོགས་དཀར། གཟུང་བ་ལ་སོགས་པས་སྟོང་པ་ངེས་པར་འབྱེད་པའི་ཆའི་རྣམ་པའི་ཤེས་པ་ཙམ་འབའ་ཞིག་ཅེས་པའི་ངེས་འབྱེད་ནི་གཟུང་འཛིན་ངེས་པར་འབྱེད་པའམ་དེ་དང་བྲལ་བ་ལ་བྱའི་སྦྱོར་ལམ་ལ་མ་ཡིན་ནོ། །སློབ་དཔོན་འདི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་པས་དེ་ཡན་ཆད་སེམས་ཙམ་དང་མཚུངས་པར་བཤད་དོ། །གསུམ་པ་ལ་གསུམ། རང་རིག་བདེན་མེད་དུ་གཏན་ལ་དབབ། དེ་རྟོགས་པས་སྒོམ་ཚུལ། བསྒོམས་པས་དེ་ལ་ཞེན་པ་ལྡོག་ཚུལ་ལོ། །དང་པོ་ནི། གང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པ་ལ་བདེན་པའི་ངོ་བོ་ཉིད་མེད་པས་ཁྱབ། དཔེར་ན་སྒྱུ་མའི་རྟ་གླང་གི་སྣང་པ་བཞིན་དུའོ། །གཉིས་མེད་ཀྱི་རང་རིག་དེ་ཡང་རྟེན་འབྲེལ་ཡིན་ནོ་ཞེས་གཏན་ལ་འབེབས་སོ། །གཉིས་པ་ནི། ཡང་དག་པར་རམ་རིགས་པས་དཔྱད་པ་ན་མཐའ་གཅིག་ཏུ་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་དང་སོགས་པས་གཉིས་ཀ་དང་གཉིས་མ་ཡིན་པར་རྣམ་པར་བརྟག་པར་བྱ་བའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་སྒོམ་པའོ། །གསུམ་པ་ནི། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་གཟུང་འཛིན་དང་རང་རིག་རྣམས་ལ་ཞེན་པའི་ཤེས་བྱའི་སྒྲིབ་པ་ཡང་དག་པར་ཏེ་མ་ལུས་པར་སྤོང་ངོ༌། །གང་གི་ཚེ་སྤོང་ན། རིགས་པས་བཏགས་ན་རྒྱུ་འབྲས་ཀྱི་དངོས་པོར་མི་འཐད་པས་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་ཆགས་སོགས་


JLD018_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟོག་པས་སྟོང་པའི་མཐོང་ལམ་རྣམ་པར་མི་རྟོག་པ་རྣལ་འབྱོར་པ་སོ་སོ་རང་གིས་བརྗོད་མེད་དུ་རིག་པར་བྱ་བ་ཅི་ཞིག་ལྟར་ཏེ་འགའ་ཞིག་ཡང་དག་པར་རྒྱུད་ལ་སྐྱེས་པ་ནའོ། །གང་གི་ཚེ་སྐྱེ་ན་དེ་ལྟར་མཐའ་བཞི་དང་བྲལ་བར་བསྒོམས་པས་སྒོམ་པའི་སྟོབས་གྲུབ་པ་སྟེ་སྒོམ་པ་རབ་ཀྱི་མཐར་ཕྱིན་པ་ནའོ། །དེའི་ཚེ་སྤོང་བའི་རྒྱུ་མཚན་ནི། དེའི་ཚེ་སོ་སྐྱེ་ཁ་ཅིག་ལ་ནོར་བུ་དང་དངུལ་དང་སོགས་པས་མེ་ལོང་གཡའ་དག་པ་ལ་གཅིག་དང་དུ་མས་སྟོང་པའི་གཟུགས་བརྙན་གྱི་ཤེས་པ་འཁྲུལ་པ་སྣང་བ་བཞིན་དུ་གནས་ལུགས་མཐོང་བ་ལ་སྒྲིབ་པའི་འཁྲུལ་པའི་མཚན་མར་རགས་པ་མཐའ་དག་སྤངས་པ་སྟེ་བྲལ་བས་སོ། །ཚིག་གསལ་ལས། ནོར་བུ་སོགས་སྐྱེས་བུ་མིག་དག་པས་དུས་གཅིག་ཏུ་དེ་དག་མཐོང་ལ་དེའི་ཚེ་ཡང་མི་གནོད་ཅིང་ཕན་པ་ལྟར་དུ་མཐོང་བའི་ཡུལ་དུ་ཡང་ཀུན་རྫོབ་པ་རྣམས་ལག་མཐིལ་དུ་ཤིང་ཐོག་བཞག་པ་ལྟར་གསལ་བར་སྣང་ཞིང་དེ་དག་གིས་མི་གནོད་ལ། སངས་རྒྱས་ཀྱི་ཆོས་སྐྱེད་པ་ལ་ཕན་པར་བྱེད་པས་དམིགས་པ་དག་ཅིང་ཡིད་དུ་འོང་བའི་དཔེ་དང་སྒྱུ་མ་ལྟ་བུ་ཞེས་པ་ཀུན་རྫོབ་པ་རྣམས་པད་འདབ་ལྟར་མ་འདྲེས་པར་སྣང་ཡང་དེ་ལ་མི་རྟོག་པའི་དཔེར་འཆད་པའི་ཕྱི་མ་འདི་མི་འགྲིག་པས་རྟོགས་དཀའ་ལྟར་ལེགས་སོ། །བླ་མ་རྣམས་ལང་གཤེགས་ལས། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་


JLD018_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གོ །དེ་བཞིན་ཉིད་ཀྱི་དམིགས་གནས་ནས། །སེམས་ཙམ་ལས་ནི་བཟླ་བར་བྱ། །སེམས་ཙམ་ལས་ནི་བཟླས་ནས་ཀྱང༌། །སྣང་བ་མེད་ལས་བཟླ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་པའི་རྗེས་སུ་འབྲངས་ནས་སེམས་ཙམ་དང༌། དེ་བཞིན་ཉིད་དང༌། སྣང་མེད་ལ་གནས་པའི་རྣལ་འབྱོར་གྱི་སར་མཛད་ནས་སྔ་མའི་སྐབས་སུ་ལྟ་བས་ཆོས་རྣམས་སེམས་ཙམ་དུ་གཏན་ལ་དབབ་ཅེས་གསུང་བ་འགྲིག་ཤས་ཆུང་སྟེ། གཏན་ལ་འབེབས་མཁན་དབུ་མ་པ་ཡིན་པས་དེས་ལྟ་བས་ཆོས་ཐམས་ཅད་སྤྲོས་བྲལ་དུ་གཏན་ལ་འབེབས་པས་སོ། །གཉིས་པ་ནི་ཚིག་གི་དོན་བཤད་པའི་གཉིས་པ་དངོས་སྨྲའི་ལྟ་བས་སྒྲིབ་པ་རྫོགས་པར་སྤང་མི་ནུས་པ་བསྟན་པའི་སྐོར་བཤད་པ།གཉིས་པ་ལ་གཉིས་ལས། ཁས་བླངས་བརྗོད་པ་ནི། གལ་ཏེ་གཟུང་འཛིན་དང་རང་རིག་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟ་མ་ཡིན་པར་དེ་དག་བདེན་པར་ཡོད་ན་ཞེས་པ་སྟེ། དེ་ཡང་དོན་སྨྲ་གཉིས་ཀྱིས་སེམས་སེམས་བྱུང་གི་དྲི་མ་དང་རྣམ་རིག་པས་དེ་དག་གཞན་དབང་བདེན་པ་བར་འདོད་པས་དོན་དམ་དུ་གྲུབ་པར་འདོད་དོ། །དེ་དགག་པ་ནི། ཆགས་སོགས་ཀྱི་དྲི་མ་དེ་དག་ལ་ནི་རང་རང་གི་གཉེན་པོ་བསྒོམས་པས་གནོད་པ་ཅུང་ཟད་ཀྱང་མི་བྱེད་པར་འགྱུར་ཏེ། དོན་དམ་དུ་ཡོད་པ་དེའི་ཚེ་སྟེ་དེའི་ཕྱིར་རོ། །ནམ་མཁའ་ལ་གནོད་པ་བྱར་མེད་པ་བཞིན་དུ་ཞེས་པ་ནི་ཐལ་བའི་དམ་བཅའི་དཔེའོ། །སྐད་ཅིག་མའི་ཆོས་ཤེས་པའི་ངོ་འཛིན་པ་དང་ཤེས་ཙམ་གཉིས་མེད་ཀྱི་རང་རིག་དང་ཤེས་བྱའི་མཚན་ཉིད་དེ་


JLD018_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བ་རྣམས་དོན་དམ་པར་ཡོད་པ་ཉིད་དུ་གྱུར་ན་སྐྱེད་པའི་སྒོ་ནས་འཕེལ་བ་དང་སྤང་བའི་སྒོ་ནས་འགྲིབ་པར་བྱར་མེད་པའི་རང་གི་ངོ་བོ་འཛིན་དགོས་པའི་ཕྱིར་ན་ཁྱབ་པ་གྲུབ་བོ། །ནམ་མཁའ་ཐོགས་པའི་རེག་བྱའི་རྫས་མེད་པ་ཙམ་གྱི་ངོ་བོ་འཛིན་པ་སྟེ། དེར་གནས་ལ་འཕེལ་འགྲིབ་བྱར་མེད་པ་བཞིན་དུའོ་ཞེས་པ་ནི་ཁྱབ་པ་སྒྲུབ་པའི་རྟགས་ཀྱི་དཔེའོ། །གཞན་ཡང་དོན་སྨྲ་དང་རྣམ་རིག་པ་གང་དག་གཟུང་འཛིན་དང་རང་རིག་བདེན་མེད་དུ་གཏན་ལ་ཕབ་ནས་དེ་དག་ལ་ཞེན་པ་ལྡོག་པར་མི་འདོད་པ་རྣམས་ལ། དེ་དག་ལ་ཞེན་པའི་ཤེས་སྒྲིབ་སྤང་དུ་མི་རུང་པར་ཐལ། ཡུལ་དེ་དག་དོན་དམ་པར་གྲུབ་པའི་ཕྱིར་ཏེ། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན།། ཞེས་པ་ལྟར་གྱི་གནོད་བྱེད་ཀྱང་དགོད་པར་བྱའོ། །གཟུང་འཛིན་སོགས་དེ་དག་ལ་བདེན་མེད་དུ་རྟོགས་པ་སྐྱེད་པ་དང་བདེན་འཛིན་གྱི་བློ་སྤང་དུ་མེད་པར་འགྱུར་ཏེ། བདེན་པར་གྲུབ་པས་སོ། །དཔེར་ན་ནམ་མཁའ་རྫས་མེད་དུ་གནས་པ་ལ་རྫས་ཡོད་དུ་རྟོགས་པ་སྐྱེད་པ་དང་རྫས་མེད་དུ་འཛིན་པའི་བློ་བཟློག་པར་མི་ནུས་པ་བཞིན་ནོ། །འདོད་ན། བདེན་འཛིན་དེ་ལ་གནོད་པ་མི་བྱེད་པར་ཐལ། དཔེར་ན་ནམ་མཁའ་བཞིན་ཞེས་ཀྱང་འཆད་དོ། །གཉིས་པ་ནི་དེ་ཉིད་ཕྱི་འགྲེལ་གྱིས་རྒྱས་པར་བཤད་པའི་གཉིས་པ་སྟེ། ཁས་བླངས་འགལ་བ་དངོས་བཤད་པ།གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ཤེས་སྒྲིབ་རྣམ་པ་ཐམས་ཅད་དུ་སྤངས་པ་གང་ཡིན་པ་དང༌། གཟུང་འཛིན་དང་རང་རིག་གི་ཆོས་


JLD018_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་དོན་དམ་པར་ཡོད་པར་ཁས་ལེན་པ་གང་ཡིན་པ་དེ་ལ་ནི་ཁོ་བོ་བྱམས་མགོན་གྱིས་ངོ་མཚར་དུ་བརྩིས་སོ་ཞེས་བྱ་བ་ཡིན་ནོ། །རྒྱུ་མཚན་ནི། ཕན་ཚུན་འགལ་བའི་དོན་ཁས་ལེན་ཞིང་དམ་བཅས་པའི་ཕྱིར་ཏེ། དངོས་སྨྲ་བ་གཞན་དག་གིས་བཏགས་པ་ལྟར་ན་དངོས་པོར་མངོན་པར་ཞེན་པའི་ཕྱིན་ཅི་ལོག་གི་རྟོག་པ་དེ་དག་མི་ལྡོག་པ་སྤང་དུ་མི་རུང་བས་སོ། །རྟགས་གྲུབ་སྟེ། དྲི་མའི་ཆོས་དོན་དམ་དུ་གྲུབ་ན་སྤང་དུ་མི་རུང་བའམ་ཡུལ་བདེན་པར་གྲུབ་ན་བདེན་འཛིན་སྤང་དུ་མི་རུང་བ་དེའི་ཕྱིར་རོ། །གཉིས་པ་ནི་རྟོག་པས་བཏགས་པའི་བྱང་ཆེན་དགག་པའི་གཉིས་པ་སྟེ། སྟོང་པ་སྨྲ་བའི་ལུགས་བཞག་པའི་སྐོར་བཤད་པ།གཉིས་པ་ལ་གསུམ་ལས། དང་པོ་ནི། དེ་ལྟར་གཟུང་འཛིན་སོགས་ཡོད་པར་འདོད་པའི་ཕྱོགས་བསལ་ནས་དེའི་འོག་ཏུ་ཐར་པ་རྫོགས་བྱང་འདོད་པ་རྣམས་ཀྱིས་དངོས་པོ་ཐམས་ཅད་རང་བཞིན་མེད་པར་སྟོན་པའི་ལུགས་འདི་ཁོ་ན་ཁས་བླང་བར་བྱའོ་ཞེས་བར་ཚིགས་ཀྱིས་གནས་པའི་ཕྱོགས་ཏེ་ལུང་རིགས་ཀྱིས་ངེས་པའི་གྲུབ་མཐའ་གསུངས་ཏེ། དགོས་པ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་འདོད་པའི་ཕྱོགས་བརྟན་པོར་མཛད་པར་བྱ་བའི་ཕྱིར་རོ། །གཉིས་པ་ལ་གསུམ། སྒྲོ་སྐུར་དང་བྲལ་བའི་ཡུལ། སྒྲོ་སྐུར་དུ་མི་འཛིན་པའི་ལམ། ལམ་དེས་ཐོབ་པའི་འབྲས་བུའོ། །དང་པོ་ནི། རྟེན་འབྲེལ་འདི་ལ་བདག་གཉིས་བསལ་བར་བྱ་བ་ཅི་ཡང་མེད་དེ། དེ་གཉིས་དང་པོ་ནས་ཡོད་མ་མྱོང་བས་སོ། །བདག་མེད་གཉིས་གཞག་པའམ་བསྣན་པར་བྱ་བ་ཅུང་ཟད་མེད་དེ། དེ་གཉིས་ལ་ཐོག་མཐའ་མེད་


JLD018_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །དེ་ལྟར་ན་བདག་ཡོད་མེད་ཀྱི་བསལ་བཞག་དང་བྲལ་བའོ། །གཉིས་པ་ནི། ཡང་དག་པ་བསལ་བཞག་གཉིས་དང་བྲལ་བ་དེ་ཉིད་ལ་ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པར་ལྟ་བའོ། །གསུམ་པ་ནི། ཡང་དག་པའི་དོན་བདག་མེད་གཉིས་མཐོང་ན་རིམ་པ་ལྟར་ཉོན་སྒྲིབ་དང་ཤེས་སྒྲིབ་ལས་རྣམ་པར་གྲོལ་བར་འགྱུར་རོ། །གསུམ་པ་ནི། བརྟག་པར་བྱ་སྟེའོ། །གང་ལ་ན། གཟུགས་ལ་སོགས་པའི་རྟེན་འབྲེལ་ཅིང་འབྲེལ་པར་འབྱུང་བ་འདི་ཉིད་ལའོ། །གང་གིས་ན་རྫོགས་བྱང་དོན་གཉེར་གྱིས་སོ། །ཇི་ལྟར་ན། རྟེན་འབྲེལ་གྱི་ཆོས་གང་ལ་ཡང་སྐུར་བ་འདེབས་པའི་ངོ་བོས་ཐ་སྙད་དུ་བསལ་བ་མ་བྱས་པར་ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་དང༌། དེ་ལ་སྒྲོ་འདོགས་པའི་ངོ་བོས་དོན་དམ་དུ་བཞག་པར་མ་བྱས་པར་དེ་ཁོ་ནར་རང་བཞིན་མེད་པ་དང་སོགས་པས་སྐྱེ་འགག་མེད་པའི་ངོ་བོར་རོ། །དེ་ལྟར་བརྟག་དགོས་པའི་རྒྱུ་མཚན་གང་གི་ཕྱིར་ན། སྒྲོ་སྐུར་གྱི་དངོས་པོར་མངོན་པར་ཞེན་པའི་ལྟ་བ་གོམས་པ་ལས་གྲོལ་བ་རྫོགས་བྱང་ཐོབ་པ་མི་འཐད་པར་གོང་དུ་བསྒྲུབས་པ་དེའི་ཕྱིར་རོ། །དེ་ལྟར་བརྟགས་པའི་དགོས་པ་ནི། སྒྲོ་སྐུར་དང་བྲལ་བ་དེ་ལྟར་བལྟས་པ་ན། ཡུལ་ལ་བདེན་ཞེན་གྱི་ཕྱིན་ཅི་ལོག་ལྡོག་པས་ཡུལ་གྱི་དེ་ཁོ་ན་ཉིད་མཐོང་ལ་དེའི་ཚེ་ན་རྣམ་པར་གྲོལ་པར་འགྱུར་རོ། །སྤང་གཉེན་གྱི་རང་བཞིན་ཇི་ལྟ་བུ་ཞེ་ན། དོན་ལ་ཕམ་རྒྱལ་མེད་ཀྱང་


JLD018_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ངོར་སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་ལྟར་སྣང་བ་བཞིན་དུ་སྒྱུ་མའི་གཉེན་པོས་སྒྱུ་མའི་སྤང་བྱ་འཇོམས་པ་ལྟར་སྣང་བ་ཙམ་དུ་བས་སོ། །གཉིས་པ་ནི་གཉེན་པོའི་གཉིས་པ་དཀྱུས་མའི་དོན་ཏེ་རྣལ་མ། མཐོང་ལམ་རྩེ་སྦྱོར་གྱི་ངོ་བོ་ཉིད་བཤད་པ།གཉིས་པ་ལ་གཉིས། དངོས་དང༌། ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེ་ལྟར་ལུས་རྣམ་གཞག་གི་སྡོམ་གྱིས་མ་བསྡུས་པས་ཞལ་ལ་འོངས་པའི་ཚིགས་བཅད་གྲོགས་ནས་བཤད་མ་ཐག་པའི་བར་བརྗོད་ནས་རྣལ་མ་སྟེ་དཀྱུས་མ་མཐོང་བའི་ལམ་གྱི་ངོ་བོ་ཉིད་གསུངས་སོ། །གཉིས་པ་ནི། སྦྱིན་པ་ལ་སོགས་པ་དྲུག་པོ་རེ་རེར་ནི་དྲུག་པོ་དེ་དག་ཕན་ཚུན་དུ་བསྡུས་པ་གང་ཡིན་པ་སྐད་ཅིག་གཅིག་པའི་བཟོད་པ་ཡིས་བསྡུས་པ་དེ་རྩེ་སྦྱོར་འདིར་མཐོང་ལམ་ཡིན་ཏེ། བྱང་ཆེན་སྦྱིན་པ་ཡོངས་སུ་གཏོང་ཞིང་རྣམ་མཁྱེན་ཉིད་དུ་ཡོངས་སུ་བསྔོ་བའི་ཚེ། སེམས་ཅན་རྣམས་ལ་བྱམས་པའི་ལུས་ཀྱི་ལས་དང་བྱམས་པའི་ངག་གི་ལས་དང་བྱམས་པའི་ཡིད་ཀྱི་ལས་ཉེ་བར་གནས་པར་འགྱུར་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་སུ་མི་བསྔོ་ཡི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་མེད་རྫོགས་བྱང་དུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་གང་ཡོངས་སུ་བསྔོ་བ་དང༌། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོའོ། །རབ་འབྱོར་དེ་ལྟར་བྱང་ཆེན་སྦྱིན་པའི་ཕར་ཕྱིན་ལ་གནས་པས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡོངས་སུ་འཛིན་པ་ཡིན་ནོ། ཞེས་


previousཤོག་ལྷེབ་ ༣༢༧ ནས་ ༤༠༠ བར།next