Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  collapse section
   
   
   
   
  collapse section
   
   
   
ཤོག་ལྷེབ་ ༥༠༡ ནས་ ༦༠༣ བར།
   
   
   
   
   
   
   
   
   


 
previousཤོག་ལྷེབ་ ༥༠༡ ནས་ ༦༠༣ བར།next

ཤོག་ལྷེབ་ ༥༠༡ ནས་ ༦༠༣ བར།


JLD018_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་དང༌། རིགས་པ་དྲུག་ཅུ་པར། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག། ཅེས་གཟུགས་སྐུ་དང་ཆོས་སྐུ་དམ་པ་གཉིས་སུ་བསྡུས་སོ། །དེ་བཞིན་དུ་རྒྱུད་བླ་མར་ཡང༌། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་ངོ་བོ་ཉིད་ལ་རང་དོན་དོན་དམ་པའི་སྐུ་དང་ལོངས་སྤྲུལ་གཉིས་ལ་གཞན་དོན་ཀུན་རྫོབ་ཀྱི་སྐུར་བསྟན་ཏོ། །གཉིས་པ་ནི༌། མདོ་སྡེའི་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། ཞེས་ལོངས་སྐུ་རང་དོན་སྤྲུལ་སྐུ་གཞན་དོན་ངོ་བོ་ཉིད་དེ་གཉིས་ཀྱི་རྟེན་དུ་གསུངས་པ་དང༌། རྒྱུད་བླ་མར་ཡང༌། དེ་དབྱེ་བ་དང་རྒྱ་ཆེ་དང༌། །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཆོས་ཀྱིས་རབ་ཕྱེ་རང་བཞིན་ལ། །སོགས་པའི་སྐུ་གསུམ་དག་གིས་འཇུག །ཅེས་དང༌། འཕགས་པ་ཀླུས། ཆོས་ལོངས་སྤྲུལ་པའི་སྐུ་གསུམ་དུ་བསྡུས་ནས་སྐུ་གསུམ་ལ་བསྟོད་པ་ལ་སོགས་པའོ། །གསུམ་པ་ནི། ཚིག་གསལ་ལས། ཡང་ཁ་ཅིག་ནི་ལོངས་


JLD018_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་པའི་སྐུ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་འབའ་ཞིག་གི་སྣང་བའི་ལམ་དུ་གྱུར་པ་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུ་ཇི་སྐད་བཤད་པའི་ཡེ་ཤེས་རྣམས་ཀྱི་གཞིར་གྱུར་པ་དང༌། ས་རབ་ཏུ་དགའ་བ་ལ་སོགས་པ་ལ་གནས་པའི་སྣང་བའི་ལམ་དུ་གྱུར་པ་སྤྲུལ་པའི་སྐུ་ལོངས་སྤྱོད་རྫོགས་པར་བཏགས་པ་དང༌། སྤྲུལ་པའི་སྐུ་སྟེ་ལྔར་འདོད་དོ། །གཞན་དག་ནི་སྤྲུལ་པའི་སྐུ་ལ་རྣམ་པར་སྨིན་པ་དང༌། རྣམ་པར་སྨིན་པ་མ་ཡིན་པའི་དབྱེ་བས་སྐུ་ལྔར་སྟོན་པར་བྱེད་དོ་ཞེས་པ་ལྟར་དང༌། རྟོགས་དཀར་ཡང་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་སྨོས་པ་དེ་ཡང་འཐད་པ་ཁོ་ན་ཡིན་ཏེ། སྤྲུལ་པའི་སྐུའི་དབྱེ་བ་རྣམ་པར་སྨིན་པའི་སྐུ་ཡིན་པའི་ཕྱིར་རོ། །ཞེས་དང༌། སློབ་དཔོན་འཇམ་དཔལ་གྲགས་པས་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྟེ་ཆོས་སྐུའི་དབྱེ་བ་གསུམ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་སྐུའོ་ཞེས་དང༌། སློབ་དཔོན་སྒེག་པའི་རྡོ་རྗེས་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་རྣམ་པར་སྨིན་པ་དང་སྤྲུལ་པ་དང་ཆོས་ཀྱི་སྐུའོ་ཞེས་པ་ལྟར་རོ། །བཞི་པ་ལ་གསུམ། བཞིར་བཞེད་པ་དང༌། དེ་མི་བཞེད་པའི་ལུགས་དགོད། །འཐད་པའི་ཕྱོགས་བརྟག་པའོ། །དང་པོ་ནི། རྒྱན་སྣང་དང༌། འགྲེལ་པ་འདི་གཉིས་སུ་གཟུགས་སྐུ་ལ་གཉིས་དང་ངོ་བོ་ཉིད་དང་ཡེ་ཤེས་ཆོས་སྐུ་སོ་སོར་བྱས་པས་བཞིར་མཛད་དོ། །དོན་


JLD018_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཚིག་གསལ་ལས་ཁ་ཅིག་ན་རེ་སློབ་དཔོན་གྱི་ཞལ་སྔ་ནས་ནི་གཞུང་གཞན་དུ་སྐུ་གསུམ་དུ་བསྟན་པས་དེ་ལྟར་བཞེད་མོད་ཀྱི་འདི་ནི་མཁན་པོ་ཡང་དག་རྣམ་སྣང་མཛད་ཀྱི་གདམས་ངག་གཙོར་མཛད་པས་ན་དེའི་བཞེད་པ་བཀོད་པའོ་ཞེས་ཟེར་ཏེ། འོག་ནས་སྐུའི་གྲངས་ངེས་པ་ཐ་དད་པ་བསྟན་པའི་ལུགས་སུན་མ་ཕྱུང་བས་དེ་ལྟར་ངེས་པ་ནི་ཅི་ཡང་མེད་དེ། སློབ་དཔོན་གྱི་ཞལ་སྔ་ནས་ནི་སྐུ་དུར་བཞག་ཀྱང་ཉེས་པ་མེད་པར་བཞེད་པར་གསལ་ལོ་ཞེས་སོ། །འདི་འགྲེལ་པ་ཆེ་ཆུང་གཉིས་ཀྱི་དགོངས་པར་མི་འཐད་དེ། སྐུའི་གྲངས་ལ་བརྩོད་པའི་སྐབས་སུ་གཞན་དག་ན་རེ་ཞེས་པ་ལས་མ་བྱུང་ཡང་དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས་ཞེས་དང༌། དེ་ལྟར་སྐུ་དང་པོ་བསྟན་ནས་གཉིས་པ་ཆོས་ཀྱི་སྐུ་ཞེས་བཞིར་རང་ལུགས་ལ་མཛད་པས་སོ། །ཁ་ཅིག་རྒྱན་སྣང་ལས། ཡུམ་གྱི་བཤད་སྦྱར་བྱས་པ་ལས་བྱུང་བདག་གིས་ཐོབ་པའི་དགེ་བའི་ས་བོན་ལས། །རྣམ་པ་ཀུན་གྱི་མཆོག་ཏུ་གྱུར་པའི་སྐུ་ནི་གསུམ་པོ་ངེས་པར་ཐོབ་པར་ཤོག །ཅེས་དང༌། འདི་ཉིད་ལས་དེ་ལྟར་རབ་ཏུ་བཏགས་པའི་སྐུ་གསུམ་བསྟན་ནས་ཞེས་འབྱུང་བས་སྐུ་གསུམ་དུ་བཞེད་དོ་ཞེ་ན། སྤྱིར་སློབ་དཔོན་གྱིས་ལེ་བརྒྱད་མར་ངོ་བོ་ཉིད་ལོངས་སྤྲུལ་ཞེས་འཕགས་པ་དང་མཐུན་པར་སྐུ་གསུམ་དུ་མཛད་དོ། །འོན་ཀྱང་འགྲེལ་པ་གཉིས་སུ་ནི་དེ་མི་བཞེད་པས་རྒྱན་སྣང་


JLD018_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུངས་པ་ནི། ཆོས་ལོངས་སྤྲུལ་པའི་སྐུ་གསུམ་ལ་དགོངས་ལ་སྐུ་གསུམ་བསྟན་ཞེས་པ་ནི་ཆོས་ཅན་གྱི་སྐུ་གསུམ་ལ་དགོངས་ཏེ་སྐུ་ལྷག་མ་གསུམ་ཞེས་པས་སོ། །དེས་ན་ཆོས་ལོངས་སྤྲུལ་པའི་སྐུ་གསུམ་དུ་ངེས་པར་སློབ་དཔོན་བཞེད་ཀྱང་ངོ་བོ་ཉིད་ལོངས་སྤྲུལ་གསུམ་དུ་གྲངས་ངེས་པར་མི་བཞེད་དོ། སངས་རྒྱས་སའི་སེམས་སེམས་བྱུང་རྣམས་སྐུ་དེ་མིན་པས་སོ་སྙམ་དུ་དགོངས་པས་སོ། །དེ་ལྟར་ན་ཚིག་གསལ་དང་རྟོགས་དཀའི་བཞེད་པ་ནི་བཤད་ཟིན་ཞིང་ཤེར་འབྱུང་དང་བུདྷ་ཤྲཱིས་ཀྱང་བཞིར་བཤད་ལ། གཞོན་ནུ་དཔལ་གྱིས་ཀྱང་བཞིར་མི་འདོད་པ་བཀག་ནས་བཞིར་བསྒྲུབས་པ་རྣམས་ནི་འགྲེལ་པ་འདི་གཉིས་ཀྱི་རྗེས་སུ་འབྲངས་པའོ། །གཉིས་པ་ནི། ཉི་སྣང་ལས། ད་ནི་ཆོས་ཀྱི་སྐུ་བརྗོད་པར་བྱ་བ་ཡིན་ལ་དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུའོ་ཞེས་གསུངས་ཏེ། ཕྱོགས་འདི་ལ་ནི་སངས་རྒྱས་ཀྱི་ཕྱོགས་མཐུན་ལ་སོགས་པ་དྲི་མ་མ་ལུས་པས་དག་པའི་ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ་ངོ་བོ་དེ་དང་ངོ་བོ་ཅན་ཡོན་ཏན་དེ་གཉིས་དབྱེར་མེད་པས་སོ། སྙམ་དུ་དགོངས་ཏེ་འཆད་པར་འགྱུར་རོ། །རྣམ་འགྲེལ་ཡང་ཉི་སྣང་དང་འདྲའོ། །སྙིང་མཆོག་ལས་ཀྱང་མངོན་པར་རྟོགས་པ་བརྒྱད་པ་ནི་ཆོས་ཀྱི་སྐུའི། དེའི་དངོས་པོ་ཡང་རྣམ་པ་བཞི་སྟེ། སྐུ་གསུམ་དང་མཛད་པའོ་ཞེས་སོ། །ངོ་བོ་ཉིད་ཀྱི་སྐུ་བསྟན་ཚུལ་ནི་དག་ལྡན་ལས། དེ་ལྟར་ཆོས་ཀྱི་སྐུ་ནི་ཆོས་ཀྱི་ཚོགས་ཞེས་


JLD018_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཡིན་ཏེ། གང་གི་རང་བཞིན་གྱི་ངོ་བོ་ཉིད་ནི་སངས་རྒྱས་རྣམས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཆོས་རྣམས་ཀྱི་རང་བཞིན་ཉིད་ངོ་བོ་ཉིད་སྐུའི་མཚན་ཉིད་དུ་བསྟན་ཅིང་ཆོས་དེ་དག་ཀྱང་བརྗོད་ནས་དེ་ལྟར་ཆོས་སྐུ་བརྗོད་པ་ཡིན་ཞེས་བྱ་བ་མཇུག་སྡུད་པ་ཡིན་ནོ། །ཚིག་སྔ་མའི་དངོས་པོ་གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་ཆོས་ཉིད་ཀྱི་སྐུ་སྟེ་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ནི་གཅིག་མིན་དུ་མའང་མ་ཡིན་ཞེས་བྱ་བའི་ཆོས་ཀྱི་སྐུའི་བསྟོད་པ་འཐད་པར་འགྱུར་རོ་ཞེས་སོ། །དེ་དག་གི་དོན་ནི། བྱང་ཆུབ་ཅེས་སོགས་ཀྱིས་བསྟན་པའི་ཆོས་ཀྱི་ཚོགས་དེ་དག་གི་རང་བཞིན་ངོ་བོ་ཉིད་དོ་ཞེས་མཐའི་རྐང་པ་གཅིག་པུས་གསུངས་སོ། །ཡང་ན་ཚིགས་བཅད་དང་པོས་སྐུ་དེ་བསྟན་ནས་བྱང་ཆུབ་ཅེས་སོགས་ཀྱིས་ཆོས་ཀྱི་ཚོགས་དེ་དག་བཤད་ཅིང་མཐའི་རྐང་པས་མཇུག་བསྡུས་སོ། །དེ་ཡང་ཆོས་ཉིད་ཀྱི་སྐུ་ཡིན་པ་ལ་ཉིད་མི་མངོན་པར་བྱས་ནས་ཆོས་སྐུ་ཞེས་བསྟན་ཏེ། ཆོས་སྐུ་ཉིད་ངོ་བོ་ཉིད་ཡིན་པ་དེ་ལྟར་བྱས་ན་འཕགས་པ་ཀླུས་ཆོས་སྐུ་ལ་གཅིག་དང་ཐ་དད་མ་ཡིན་པར་བསྟོད་པའང་རིགས་ཏེ། དེ་ནི་ཆོས་ཉིད་ལ་བྱེད་དགོས་པས་སོ་སྙམ་པའོ། །དག་ལྡན་ལས། གཞན་དག་ནི་ཆོས་དེ་དག་ཉིད་ཆོས་ཀྱི་སྐུ་སྟེ་སངས་རྒྱས་རྣམས་ཀྱི་སྐུ་བཞི་པ་ཡིན་ལ་དེ་ལྟ་ཡིན་དང་ཚུལ་གཞན་ལས་སྐུ་བཞིར་གསུངས་པ་དེ་ནི་ལེགས་པར་གསུངས་པ་ཡིན་ནོ་ཞེས་སྨྲའོ། །དེ་ནི་བདེན་པ་མ་


JLD018_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། བཅོམ་ལྡན་འདས་མ་ལས་སྐུ་གསུམ་ཉིད་དུ་གཞན་ཡང་ཞེས་བྱ་བའི་ཚིག་གསུམ་དང་མདོ་གཞན་ལས་ཀྱང་གསུངས་པའི་ཕྱིར་རོ། །སྔགས་ཀྱི་ཚུལ་ལ་བཞི་ཡང་རྣམ་པ་གཞན་ཉིད་དུ་ཡིན་ཏེ། སྐུ་དང་གསུང་དང་ཐུགས་ནི་སྐུ་གསུམ་ཡིན་ལ་བཞི་པ་ནི་དེ་ཉིད་ཀྱི་ལས་སམ་མཉམ་པ་ཉིད་ཡིན་ནོ། །དེ་ལྟ་ན་ནི་ཆོས་དེ་དག་སྐུ་གང་གིས་བསྡུས་པར་འགྱུར་ཞེ་ན། ངོ་བོ་ཉིད་ཀྱིས་ཏེ་དེ་དག་ནི་འཁྲུལ་བ་ཐམས་ཅད་དང་བྲལ་བས་གསལ་བའི་བདག་ཉིད་ཆོས་ཉིད་ཙམ་ཡིན་པའི་ཕྱིར་རོ། །དེ་དག་མཚན་ཉིད་ཀྱི་དབྱེ་བས་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲངས་པས་ཀུན་རྫོབ་ཡིན་ནོ་ཞེས་ཏེ། མཚན་ཉིད་ཐེག་པར་སྐུ་བཞིར་མ་བསྟན་ལ་སྔགས་ལས་བཞི་གསུངས་ཀྱང་དེ་དང་ཚུལ་མི་འགྲིག་པ་དང༌། ཆོས་དེ་དག་ལ་ཐ་དད་པར་ཕྱེ་བ་ཡང་སློབ་ལམ་གྱི་རྒྱུ་དུས་སུ་མཚན་ཉིད་མི་འདྲ་བར་ཡོད་པའི་རྗེས་སུ་འབྲངས་ནས་སངས་རྒྱས་དུས་ཀྱི་དེ་ལ་བཏགས་པ་ཙམ་གྱི་དབྱེ་བ་བྱས་ཀྱི་དོན་ལ་དབྱེ་བ་མེད་ཅེས་པའོ། །ཐུབ་དགོངས་སུ་ཡང་མདོ་རྒྱན་དང་འཕགས་པ་ཀླུ་དང་འཕགས་གྲོལ་གྱིས་སྐུ་གསུམ་དུ་མཛད་པ་ཤེས་བྱེད་དུ་བྱས་པའི་མཐར་དེའི་ཕྱིར་འཇིག་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཆོས་ཀྱི་སྐུ་སྟེ་བཞི་པའོ་ཞེས་གང་དུ་ཡང་རྣམ་པར་བཞག་པ་མེད་ཀྱི། རྣམ་པར་བཞག་པ་དེ་ནི་སེང་གེ་བཟང་པོའི་རང་དབང་ལས་ཏེ་སྤང་བར་བྱའོ། །འོ་ན་སློབ་དཔོན་དབྱིག་གཉེན་གྱིས་སངས་རྒྱས་


JLD018_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྣམས་ཀྱི་སྐུ་རྣམ་པ་གསུམ་སྟེ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ། །དེ་ལ་ཆོས་ཀྱི་སྐུ་རྣམ་པ་གཉིས་ཏེ་འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ་གང་འདུས་མ་བྱས་པ་དེ་ནི་དེ་བཞིན་ཉིད་རྣམ་པར་དག་པ་ལས་བྱུང་བ་སྟེ། དེ་ཁོ་ན་དོན་དམ་པར་བཅོམ་ལྡན་འདས་ཀྱི་རང་བཞིན་དུ་རྟོགས་པར་བྱའོ། །གང་འདུས་བྱས་པའི་ཆོས་ཀྱི་སྐུ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་རང་བཞིན་ཏེ་གང་ཡོངས་སུ་དག་པའི་འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་ཆོས་སྐུ་རྣམ་པ་གཉིས་ཉིད་ཀྱིས་ན་སྐུ་བཞི་རྣམས་སུ་རྣམ་པར་བཞག་གོ་ཞེ་ན། མ་ཡིན་ཏེ་རྣམ་པ་གསུམ་སྟེ་ཞེས་གསུངས་པའི་ཕྱིར་རོ། །ཆོས་ཉིད་ཀྱི་སྐུའི་ནང་དུ་ཆོས་ཀྱི་སྐུ་འདུས་བྱས་པ་བསྡུས་པ་ཁོ་ནར་བརྗོད་པར་འདོད་པས་ཚུལ་དཀྱོགས་པ་ཡིན་གྱི་སྐུ་བཞི་པ་ཉིད་ནི་མ་ཡིན་ཏེ། ཞེས་སོ། །གྲགས་ཆ་ལས་ཀྱང༌། ཆོས་ཀྱི་སྐུའི་སྒྲས་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་བཤད་བྱ་རྗེས་སུ་བཟུང་སྟེ། དེའི་ཕྱིར་ན་ངོ་བོ་ཉིད་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་དང་སྐུ་གསུམ་གྱི་མཛད་པ་འགྲོ་བའི་དོན་བྱེད་པའི་བྱ་བ་དང་བཅས་པས་རྣམ་པ་བཞིར་ཡོངས་སུ་བཟུང་བའོ། །དཔེར་ན་བུ་དྲུག་ཏུ་དམ་བཅས་པ་ལས་གྲངས་མ་ཚང་བས་ཚ་བོ་བསྣན་ཏེ་གྲངས་ཁ་བསླང་བ་ལྟར་མདོར་བསྟན་པའི་ཚིག་དང་བཅས་པས་སྐུ་བཞིར་ཁ་བསླང་པ་དེ་ནི་རང་དགར་བྱེད་པ་སྟེ་སྙིང་རྗེའི་གནས་ཡིན་ནོ། །ཐེག་པ་གཞན་དུ་སྐུ་བཞི་


JLD018_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐུ་ལྔ་རྣམ་པར་བཞག་པ་ནི་ཐེག་པ་གཞན་གྱི་ཚུལ་ཡིན་ལ། འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡིན་པས་སོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་འདིར་ཡང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཡོན་ཏན་གྱི་ཚོགས་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ཕྱོགས་གཅིག་ཡིན་པས་ན། སྐུ་གསུམ་དུ་རྣམ་པར་བཞག་པ་ཉིད་ཡིན་ཏེ། གཞན་དུ་ན་བཅོམ་ལྡན་འདས་ཀྱི་གདུང་ལ་སོགས་པ་ཡང་སྐུ་ལོགས་ཤིག་པར་རྣམ་པར་བཞག་པར་ཐལ་བར་འགྱུར་ཏེ། དེའི་ཕྱིར་ན་སྐུ་གསུམ་དུ་བཤད་པ་ཉིད་ནི་རིགས་པའོ་ཞེས་འཆད་པའི་ཕྱི་མ་འདི་ཟླ་འོད་དུ་བཀག་གོ །འདིས་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་པས་ཆོས་ཀྱི་ཕུང་པོའི་ཚོགས་བརྗོད་པར་འདོད་དོ། །གསུམ་པ་ནི། ལུགས་དེ་དག་ལས་གང་གཟུང་ཞེ་ན། སློབ་དཔོན་གྱི་བཞེད་པ་འདི་ལ་སྔར་བཤད་པ་ལྟར་རྒྱ་གར་བ་དང་བོད་ཀྱང་མང་པོ་ཞིག་གིས་མི་ལེགས་པར་སྨྲ་ཡང་ཁོ་བོ་ནི་འདི་ཉིད་འཐད་པར་སེམས་སོ། །འདི་ཇི་ལྟར་ཞེ་ན། དེ་ལ་ཤཱནྟི་དང་ཨ་བྷྱ་གཉིས་ཀྱི་གནོད་བྱེད་མཐར་ཐུག་མཚན་ཉིད་ཐེག་པ་ནས་ཕྱོགས་མཐུན་སོགས་ལ་སྐུ་བཞི་པར་མ་བཤད་པ་དང༌། སྔགས་ལས་བཞིར་གསུངས་ཀྱང་འདི་དང་དེ་གཉིས་འཇོག་ཚུལ་མི་གཅིག་ཅིང་ཐེག་པའང་གཞན་ཡིན་པས་སོ་ཞེས་པ་འདི་ཙམ་ཡིན་ནོ། །འདི་ལ་སྨྲ་བར་བྱ་སྟེ། མཚན་ཉིད་ཐེག་པ་ནས་སྣང་ཚོད་ལ་ནི་ཆོས་དེ་དག་ལ་སྐུ་བཞི་བར་དོན་གྱིས་བཤད་དེ་ཡུམ་གྱི་རྒྱན་དུ། ཐུབ་པའི་ངོ་བོ་ཉིད་སྐུ་ཞེས་དང༌། དེའི་འོག་ཏུ་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་


JLD018_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྒྱས་བཤད་དུ་སྐུ་བཞིའི་མིང་གསལ་བར་མ་བྱུང་ངམ། གལ་ཏེ་དེ་ནི་ཆོས་ཉིད་ཀྱི་སྐུ་ཞེས་བརྗོད་རྒྱུ་ཡིན་པས་ཉིད་ཕྱིས་པ་ཙམ་མོ་ཞེ་ན། དགོངས་པ་བླངས་ནས་ཆོས་ཉིད་དང་ཆོས་ཅན་གྱི་སྐུར་བྱེད་པ་ནི་རྩོད་གཞི་ཡིན་ལ་ཚིག་གིས་ཟིན་ཚོད་ལ་ནི་སྐུ་ལོགས་པར་གསུངས་པས་སོ། །གཞན་དུ་ན་དགོངས་པའང་བླང་ཅི་དགོས་ཁོ་བོ་ཅག་ལ་ནི་བཤད་པ་ཡོད་པ་དེ་ཙམ་གྱིས་འདོད་པ་འགྲུབ་སྟེ། ཁྱེད་ཅག་གིས་གཏན་མ་བཤད་པར་ཁས་བླངས་པས་སོ། །གཞན་ཡང་ཕྱོགས་མཐུན་སོགས་ལ་ཡེ་ཤེས་ཀྱི་སྐུ་ཞེས་ལོགས་པར་མཚན་ཉིད་ཐེག་པ་ནས་མ་བཤད་པ་དེ་བརྟག་པར་བྱ་སྟེ། ཅི་དོན་མ་བཤད་དམ་ཐ་སྙད་མེད་གཉིས་པ་ལྟར་ན་དེ་དང་དེའི་ཐ་སྙད་གསལ་བར་མ་ཟིན་པས་རྣམ་གཞག་མི་བྱེད་ན་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་པ་ལའང་ཆོས་ཉིད་ཀྱི་སྐུ་ཞེས་པ་དོར་དགོས་ཏེ་འདི་ལྟ་བུ་མཐའ་ཡས་སོ། །དང་པོ་ལྟར་ན། ཟག་མེད་ཀྱི་ཆོས་དེ་དག་གཟུགས་སྐུ་གཉིས་སམ་ངོ་བོ་ཉིད་ཀྱི་སྐུ་ཡིན། དང་པོ་ལྟར་ན། རང་གི་ཁས་བླངས་དང་ཇི་ལྟར་མི་འགལ། གཞན་ཡང་གཟུགས་སྐུ་ཡང་སྐུ་ལོགས་པར་མི་འགྱུར་ཏེ། ཟག་མེད་དེ་དག་གི་བདག་ཉིད་ཡིན་པའི་ཕྱིར་ཁྱབ་པ་ཁས་བླངས་ཏེ་ཟག་མེད་ཀྱི་ཆོས་དེ་ཉིད་བཞིན་ནོ། །གཉིས་པ་ལྟར་ན་ཆོས་དེ་དག་འདུས་མ་བྱས་ཡིན་ནམ་མ་ཡིན་གཉིས་པ་ལྟར་ན་དེ་མི་རིགས་ཏེ། འཕགས་པ་ཀླུ་དང་མདོ་རྒྱན་གྱི་ལུང་དྲངས་པ་དང་འགལ་བའི་ཕྱིར་ཏེ། དེ་གཉིས་ལས་སྐུ་དེ་


JLD018_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་དང་རང་བཞིན་གྱིས་རྟག་པར་བཤད་པས་སོ་ཞེས་པ་ནི་ཤཱནྟི་པ་དཔོན་སློབ་ལ་ཐུན་མོང་གི་གནོད་པ་ཡིན་ལ། ཨ་བྷྱ་ལ་ནི་ཉི་སྣང་ལས་སྐུ་དེ་བཅོས་མ་མིན་པ་དང་ལམ་ཡང་དེ་སྐྱེད་པ་པོ་མིན་པར་གསུངས་པས་གནོད་དོ། །དང་པོ་ལྟར་ན་གཟུགས་སྐུ་གཉིས་ཀྱང་འདུས་མ་བྱས་ཡིན་པར་འགྱུར་ཏེ། རྒྱུ་མཚན་ཁྱད་པར་མེད་པས་སོ། །གཞན་ཡང་ཆོས་སྐུ་ལ་འདུས་བྱས་མ་བྱས་གཉིས་ཡོད་པར་དབྱིག་གཉེན་གྱིས་བཤད་པ་དང་ཡང་ཇི་ལྟར་མི་འགལ་བ་སྨྲ་དགོས་སོ། །གལ་ཏེ་འདོད་པ་དེ་རྒྱན་གྱི་བཞེད་པར་མི་རིགས་ཏེ། ཡིན་ན་མདོར་བསྟན་དུ་ཆོས་སྐུ་ཞེས་པ་དེས་སྐུ་གཅིག་མདོར་བསྟན་པར་བྱེད་དགོས་ན་དེ་ཡང་མི་འཐད་དེ། དེ་ནི་ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་ཅེས་སོགས་ཀྱིས་མངོན་རྟོགས་གཞན་བདུན་ལའང་གསུངས་པ་ལྟར་རང་རང་གི་སྐབས་ཀྱི་མངོན་རྟོགས་ཀྱི་སྤྱི་མིང་ཡིན་པས་ཤེ་ན། དོགས་པ་འདི་ནི་བདེན་པ་ལྟར་སྣང་ཡང་རྒྱས་བཤད་དུ་ཆོས་སྐུ་ལོགས་སུ་བཤད་པ་དང་སྔར་ལྟར་རིགས་པས་དཔྱད་པ་ན་འདི་སྐུར་ནི་བཞག་དགོས་ལ་སྐུ་གཞན་གསུམ་དུ་མི་རུང་བས། མདོར་བསྟན་དུ་ཆོས་སྐུ་ཞེས་པས་མངོན་རྟོགས་སྤྱི་ཙམ་ཞིག་དང་ཡ་གྱལ་གྱི་སྐུ་གཅིག་ཀྱང་བསྟན་པར་གཟུང་སྟེ། རིགས་པས་ཐོབ་པ་ནི་ཚིག་གིས་བཟློག་པར་མི་རུང་བ་དང་ཚིག་གཅིག་དོན་དུ་མ་ལ་འཇུག་པ་མཐོང་བའི་ཕྱིར་རོ། །དེ་ལྟར་ན་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དུའང་མདོར་བསྟན་གྱི་གཞུང་དེའི་དོན་བྱམས་པས་སྐུ་


JLD018_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཛད་པ་དང་བཅས་པ་བཞི་བསྟན་པ་ལ་བཞེད་པ་ཡང་མི་འགལ་ཏེ། ཆོས་སྐུ་ཞེས་པས་ནི་གཙོ་བོར་མངོན་རྟོགས་ཀྱི་སྤྱི་བསྟན་པས་གཙོ་ཆེ་བ་ལ་དགོངས་པས་སོ། །རད་ཀིར་གྱིས་ཕྱོགས་མཐུན་སོགས་སྐུ་ལོགས་པར་འདོད་པ་སྙིང་རྗེའི་གནས་སུ་བྱས་ནས་དེ་དག་ལོངས་སྐུར་བཤད་པ་ནི། སྙིང་རྗེ་བ་ལས་ཀྱང་ཆེས་སྙིང་རྗེ་བའི་གནས་སོ། །སྔགས་ལས་སྐུ་བཞིར་གསུངས་པ་དང་འདི་མི་མཐུན་པས་ཞེས་སྨྲ་བས་ཀྱང་མི་གནོད་དེ། དེ་ནི་སྤྱིར་སྐུ་བཞིར་མི་བྱེད་ན་སྔགས་ནས་གསུངས་པ་དང་འགལ་ཞིང་ཡེ་ཤེས་ཀྱི་སྐུ་བཞིར་པར་བཞག་པ་ལ་གནོད་པ་མེད་པས་སྐུ་བཞིར་སྔགས་ལས་གསུངས་པ་དང་ཡང་མི་འགལ་ཞེས་པ་ཙམ་ཡིན་པས་སྔགས་ནས་ཇི་ལྟར་བཤད་པ་ལྟར་འདིར་མི་སྒྲིག་པས་སོ། །གལ་ཏེ་ཁྱེད་ཀྱིས་ངོ་བོ་ཉིད་ལོངས་སྤྲུལ་གསུམ་དུ་བྱས་པའི་སྐུ་གསུམ་གྱི་ངེས་པ་འདི་འཇིག་ན་དེའི་ཚེ་མི་འདོད་པ་ཆེན་པོར་འགྱུར་ཏེ། འདི་ལྟར་དེ་ནི་མདོ་རྒྱན་རྒྱུད་བླ་སོགས་དུ་མ་ཞིག་ནས་གསུངས་པས་ཤེ་ན། མི་འགལ་ཏེ། དེ་དག་གི་དགོངས་པ་ནི་ཡོན་ཏན་གྱི་རྟེན་དང་བརྟེན་པ་གཉིས་བསྡོམས་ནས་སྐུ་དེར་འཇོག་ལ་དེ་ལ་ཡང་སྟོབས་སོགས་ནི་ངོ་བོ་ཉིད་ཀྱི་སྐུ་དང་མཚན་དཔེ་སོགས་ནི་གཟུགས་སྐུའི་གཙོ་བོའི་ཡོན་ཏན་ཡིན་ཞིང་ཡོན་ཏན་དང་པོའི་རྟེན་ལ་མི་འདྲ་བ་མེད་པས་སྐུ་གཅིག་དང༌། གཉིས་པ་གནས་པའི་རྟེན་ལོངས་སྤྲུལ་གཉིས་ཡོད་པས་སྐུ་གཉིས་སུ་བཞག་སྟེ། རྒྱུད་བླ་ལས། དང་པོའི་


JLD018_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་རྣམས་དང་ལྡན། །ཞེས་པ་ལྟར་རོ། །འདིར་བཞིར་བཞག་པ་ནི་སྐུ་དེ་དང་དེ་ཡིན་མིན་གྱི་དབང་དུ་བྱས་པས་སོ། །དེས་ན་དབྱིག་གཉེན་གྱིས་ཀྱང་སྐུ་གསུམ་དུ་བྱས་ནས་ཆོས་སྐུ་ལ་འདུས་བྱས་མ་བྱས་གཉིས་སུ་མཛད་པ་ན་དེ་གཉིས་ལོངས་སྤྲུལ་དུ་མི་བཞག་དགོས་ན་གཉིས་པོ་རང་ཡང་ཕན་ཚུན་འགལ་བས་སྐུ་རེ་རེར་ངེས་པར་བཞག་དགོས་པས་དེ་གཉིས་ཆོས་སྐུར་བསྡུས་ན་སྐུ་གསུམ་ཡིན་ཀྱང་ཕྱེ་ན་སྐུ་བཞི་ཡིན་པས་སློབ་དཔོན་ཀྱང་འདི་བཞེད་པ་ཡིན་ནོ། །ཨ་བྷྱ་ནི་ལུང་དེའི་དགོངས་པ་བླངས་ཀྱང་དཀྱོགས་ས་ཏིལ་ཙམ་ཡང་མ་བྱུང་སྣང་ངོ༌། །སྤྱིར་སངས་རྒྱས་སར་ཆོས་ཆོས་ཅན་དང་སྤངས་རྟོགས་ཀྱི་མཚན་ཉིད་སོ་སོར་རྣམ་གཞག་ཁས་མི་ལེན་ན་སྐུ་གསུམ་གྱིའང་རྣམ་གཞག་འདོར་དགོས་ལ། ཁས་ལེན་ཕྱིན་ཆད་ཤིང་རྟ་ཆེན་པོ་བཟང་པོའི་ཞབས་ཀྱི་རྗེས་སུ་འབྲངས་ན་འཐད་དོ། །ཤིན་ཏུ་སྤྲོས་བས་ཆོག་གོ །གཉིས་པ་ནི་བྱེད་པ་པོ་སྐུ་བཤད་པའི་གཉིས་པ་སྟེ། སྐུའི་ངོ་བོ་བཤད་པ། གཉིས་པ་ལ་གཉིས། སྐུ་དང༌། ཡེ་ཤེས་སོ། །དང་པོ་ལ་བཞི། ངོ་བོ་ཉིད། ཡེ་ཤེས། ལོངས་སྤྱོད་རྫོགས་པ། སྤྲུལ་པའི་སྐུའོ། །དང་པོ་ནི། རྒྱུད་བླར། །དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་པ་ལྟར་ཡིན་ལ། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་


JLD018_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང༌། ། རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བའོ། །ཞེས་པ་སྟེ་སྐྱེ་འཇིག་གནས་གསུམ་དང་བྲལ་བ་དང༌། ཡོན་ཏན་གྱི་ཆོས་དང་དབྱེར་མེད་པ་དང༌། །གཟུང་འཛིན་གཉིས་མེད་པ་དང༌། གློ་བུར་གྱི་དྲི་མ་མ་ལུས་པས་དག་པ་དང༌། རང་བཞིན་གྱིས་དག་པ་དང༌། རྟོག་པའི་ཡུལ་མིན་པ་དང༌། སངས་རྒྱས་རྣམས་ཀྱི་ཡུལ་ཡིན་པའི་ཕྱིར་ཏེ་ཕྱི་མ་གསུམ་ནི་འོད་གསལ་བའི་རྒྱུ་མཚན་དུ་སྦྱར་རོ། །གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང༌། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །ཞེས་ཏེ་འབའ་ཞིག་ནི་སངས་རྒྱས་ཁོ་ན་ལ་ཡོད་པའོ། །ཡོན་ཏན་ཕྱི་མ་འདི་གཉིས་དང་མཚན་ཉིད་གསུམ་པས་ནི་འདི་སློབ་ལམ་དང་ལམ་མ་ཞུགས་ལ་ཡོད་པའང་བཀག་གོ། སྐུ་འདི་ནི་སེམས་ཀྱི་རང་བཞིན་དེ་བཞིན་ཉིད་ལམ་སྒོམ་སྟོབས་ཀྱིས་གནས་མ་ལུས་པར་གྱུར་པའི་བདག་ཉིད་དུ་ལེན་ཅིག་མ་ཡིན་པར་ཐེག་པ་ཆེན་པོར་བཀའ་སྩལ་བས་ན། འདི་དེ་བཞིན་ཉིད་མ་ཡིན་པའི་འདུས་མ་བྱས་གཞན་ཞིག་ཏུ་འདོད་པ་དེ་དག་ནི་དབུ་མ་པ་དང་སེམས་ཙམ་པ་གང་དང་ཡང་མི་མཐུན་ལ། ཁོ་བོ་ཅག་གིས་དབུ་སེམས་


JLD018_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་དོན་ཤེས་པ་ལྟ་ཞོག་ཚིག་ཙམ་ཡང་མཐོང་རེ་ཞེས་མནའ་བོར་བའང་ཡིན་ནོ། །གལ་ཏེ་དེ་བཞིན་ཉིད་དུ་འདོད་ན་དེ་གདོད་མ་ནས་ཀྱང་འདོད་དགོས་པས་གཞི་དུས་སུའང་ངོ་བོ་ཉིད་ཀྱི་སྐུ་ཡོད་པར་འགྱུར་ཞེ་ན། ཉེས་པ་དེ་ནི་དེ་བཞིན་ཉིད་མ་ཡིན་པའི་འདུས་མ་བྱས་ལའང་མཚུངས་ཏེ། དེ་བཞིན་ཉིད་གཞི་དུས་ནས་ཀྱང་མི་འདོད་ན་འདུས་མ་བྱས་མ་ཡིན་པར་ཐལ་བ་འདི་ཙམ་དུ་ཟད་པས་སོ། །གཉིས་པ་ནི། སངས་རྒྱས་ཀྱི་སའི་ཟག་མེད་ཀྱི་སེམས་སེམས་བྱུང་གཞུང་ནས་འཆད་པར་འགྱུར་བ་རྣམས་ཏེ་གཟུགས་སྐུ་གཉིས་ཀྱི་བདག་རྐྱེན་ནོ། །གསུམ་པ་ནི། ཁྱད་པར་ལྔ་དང་ལྡན་པ་སྟེ། སྐུ་སྟོན་པ་དང༌། གསུང་བརྗོད་པ་དང་ཐུགས་མཛད་པ་རྒྱུན་མི་འཆད་པ་དང་དེ་དག་ལ་ཀུན་ཏུ་རྟོག་པའི་འདུ་བྱེད་མེད་པ་དང་དུ་མར་སྟོན་ཀྱང་དེ་ལྟར་མེད་པ་སྟེ། རྒྱུད་བླར། བརྗོད་སྟོན་མཛད་རྒྱུན་མི་འཆད་དང༌། །མངོན་པར་འདུ་བྱེད་མེད་པ་དང༌། །དེ་ཡི་ངོ་བོར་མིན་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་སྣང་ལྟར། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང༌། །ཞེས་སོ། །འདི་ལ་ངེས་པ་ལྔ་ལྡན་དུ་སྨྲ་བ་ལ་ནི་དོན་བསྡུས་སྒྲོན་མེར། ངེས་པ་བཞི་སྟེ་འཁོར་དང་ནི། །གནས་དང་སྟོན་པ་ཆོས་སུ་སྟེ། །ཞེས་པ་ཙམ་ལས་མ་མཐོང་ལ་འདིས་ནི། །ཁུངས་མི་ཐུབ་ཅིང་དེར་མ་ཟད་ཐེག་བསྡུས་ལྟར་ན་དེ་ལ་གནོད་པ་ཡང་སྣང་བས་དཔྱད་པར་བྱའོ། །བཞི་པ་ནི། སེམས་ཅན་


JLD018_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་ལ་སྐྱོ་བ་བསྐྱེད་ནས་མྱང་འདས་ལ་འདུན་པར་བྱེད་པ་དང༌། ཐེག་དམན་དུ་ཞུགས་པ་ཟློག་ནས་ཐེག་ཆེན་གྱིས་སྨིན་པར་བྱེད་པ་དང༌། བྱང་ཆུབ་མཆོག་ཏུ་ལུང་སྟོན་པས་རྣམ་གྲོལ་ཐོབ་པར་བརྗོད་པ་སྟེ། འབྲས་བུ་གསུམ་གྱི་རྒྱུ་བྱེད་ཅིང་ལོངས་སྐུའི་དབང་གིས་བྱུང་བ་སྟེ། རྒྱུད་བླར། མི་རྟག་སྡུག་བསྔལ་བདག་མེད་དང༌། །ཞི་བའི་སྒྲ་ཡིས་ཐབས་མཁྱེན་པས། །སེམས་ཅན་སྲིད་གསུམ་སྐྱོ་སྐྱེད་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། །ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐབས་དང་ཤེས་རབ་ཡོངས་བཟུང་བས། །ཐེག་པ་མཆོག་ལ་སྨིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ། །ཞེས་སོ། །འདི་དག་ལ་སྐུ་དང་པོས་ཤེས་བྱ་མཁྱེན་མི་མཁྱེན་དང༌། གཞི་དུས་ན་ཡོད་མེད་ཀྱི་བརྒལ་ལན་དང༌། སྐུ་ཕྱི་མ་གཉིས་སངས་རྒྱས་དངོས་ཡིན་མིན་དང༌། དེ་དག་ལ་རང་གཞན་གྱི་སྣང་བའི་ཡེ་ཤེས་ཡོད་མེད་དང༌། སངས་རྒྱས་ཀྱིས་སྤྱིར་ཤེས་བྱ་དང་བྱེ་བྲག་ཏུ་འདས་མ་འོངས་མཁྱེན་ཚུལ་དང༌། སངས་རྒྱས་སར་ཡུལ་ཅན་མཉམ་རྗེས་དང་ཡུལ་ཀུན་རྫོབ་དང་དོན་དམ་དང་དག་མ་དག་གང་སྣང་ལ་སོགས་དཔྱད་པར་བྱ་བའི་གཞི་དུ་མ་ཞིག་སྣང་མོད། ཆེ་ལོང་ཙམ་ཞིག་སྨྲས་པས་མཐའ་མི་ཆོད་ལ་མཐའ་ཆོད་པར་བརྒལ་ཞིང་བརྟགས་ན་ཚིག་གི་ཁུར་ཧ་ཅང་མངས་


JLD018_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཇིགས་ནས་རེ་ཞིག་མ་བྲིས་ཏེ་ཡི་གེ་ལོགས་པར་སྤྲོ་འདོད་དོ། །གཉིས་པ་ནི་ངོ་བོའི་གཉིས་པ་ཡེ་ཤེས་ཏེ། མེ་ལོང་ཡེ་ཤེས་སོགས་བཤད་པ། གཉིས་པ་ལ་གསུམ། ཡེ་ཤེས་ཀྱི་ངོ་བོ། དེའི་རྒྱུ། དེ་སྐུར་བསྟན་པའོ། །དང་པོ་ནི། འཕགས་པ་སངས་རྒྱས་ཀྱི་ས་ལས། ཤིན་ཏུ་འདུས་སངས་རྒྱས་ཀྱི་ས་ནི་རྣམ་པ་ལྔས་བསྡུས་ཏེ་ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་དང་བྱ་བ་ནན་ཏན་གྱི་ཡེ་ཤེས་ཡིན་ནོ་ཞེས་སོ། དེ་ལ་དང་པོ་ནི། ངོ་བོ་ཉིད་ཀྱི་སྐུ་ཡིན་ལ་ཕྱི་མ་བཞི་ནི། མདོ་སྡེའི་རྒྱན་ལས༌། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་སྒྲུབ་པ་ཁོ་ནའོ། །ཞེས་དང་པོ་མི་གཡོ་ཞིང་གཞན་གསུམ་གྱི་རྟེན་དང་ཕྱི་མ་གསུམ་གཡོ་བ་དང་དེ་ལ་བརྟེན་པའོ། །དེ་ལ་དང་པོ་ནི་ཁྱད་པར་ལྔ་དང་ལྡན་པ་སྟེ། ང་དང་ང་ཡིར་འཛིན་པ་དང་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་ང་ཡི་བ་མེད་པ་དང༌། ཤར་ལ་སོགས་པའི་ཡུལ་གྱི་སྒོ་ནས་རིས་ཡོངས་སུ་མ་ཆད་པ་དང༌། །དུས་ཀྱི་སྒོ་ནས་རྟག་ཏུ་ལྡན་པ་དང༌། རྟག་ཏུ་སྒྲིབ་པ་དང་བྲལ་བས་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པ་དང༌། རྣམ་པ་མེད་པས་ཡུལ་དེ་དག་ལ་མངོན་དུ་ཕྱོགས་པ་ཡང་མ་ཡིན་པ་སྟེ། རྒྱན་ལས༌། །མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། ཞེས་སོ། །ཁྱད་པར་ཕྱི་མའི་དོན་ནི་རྣམ་པས་བར་མ་ཆོད་པར་ཡུལ་མཁྱེན་ཞེས་


JLD018_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སམ། ཡང་ན་འཛིན་སྟངས་ཀྱི་རྣམ་པ་རིས་སུ་ཆད་པ་མེད་པས་ཡུལ་ལ་རིས་སུ་ཆད་པའི་སྒོ་ནས་ཕྱོགས་པའང་མ་ཡིན་ཞེས་པའོ། །འདིའི་སྒྲ་དོན་ཡང་དེ་ཉིད་ལས། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །ཞེས་འདི་ལ་ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བས་མེ་ལོང་ཡེ་ཤེས་སུ་བཤད་དོ། །འདི་ལོངས་སྐུར་བཤད་པ་ནི། དེའི་རྒྱུ་ཡིན་པ་ལ་ངོ་བོ་ཉིད་མེད་པས་བཤད་དོ། །གཉིས་པ་ནི་བྱང་སེམས་ཀྱི་དུས་སུ་བདག་གཞན་མཉམ་པར་བསྒོམས་པས་གཟུགས་བརྙན་ལྟ་བུའི་འགྲོ་བ་རྣམས་གང་ཟག་དང་ཆོས་ལ་བདག་མེད་པར་མཉམ་པར་རྟོགས་ནས་མི་གནས་པའི་མྱང་འདས་ལ་ཞུགས་པ་བྱམས་སྙིང་རྗེ་གཉིས་དང་མཚུངས་ལྡན་ཏེ། དེ་ཉིད་ལས། སྒོམ་པ་དག་པ་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད།། མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །ཞེས་སོ། །གསུམ་པ་ནི། རྟོག་པ་མེད་བཞིན་དུ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་སོ་སོར་རྟོགས་པར་མཛད་ཅིང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་ཀྱི་འབྱུང་གནས་སུ་གྱུར་པ་སྟེ་དེ་ཉིད་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་


JLD018_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་ཁོ་ན་ཡིན།། ཞེས་སོ། །བཞི་བ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣ་ཚོགས་སུ་སྤྲུལ་པས་སེམས་ཅན་གྱི་དོན་སྒྲུབ་པ་སྟེ། དེ་ཉིད་ལས། བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་སྒྲུབ་པ་འོ། །ཞེས་སོ། གཉིས་པ་ནི། དེ་ཉིད་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། ཡང་དག་ཆོས་རབ་སྟོན་ཕྱིར་དང༌། །བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། །ཞེས་ཏེ། འཛིན་པ་ནི་ཐོས་པར་བྱེད་པའི་ཆོས་རྣམས་དང་སེམས་མཉམ་པ་ནི་བདག་གཞན་མཉམ་པ་ཉིད་དུ་སྒོམ་པའོ། །གསུམ་པ་ནི། ཙནྡྲ་གཽ་མིས༌། གང་ཡང་ཀུན་གཞི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །དེ་ཡང་ཆོས་གྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་འགའ་ཞིག་འདོད། །ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་ཉིད་དེ་འོ། །དེ་དག་ལོངས་སྤྱོད་རྫོགས་སྐུ་ཉིད། །ཅེས་དང༌། ཁ་ཅིག་མེ་ལོང་ཡེ་ཤེས་ཀྱང༌། །ལོངས་སྤྱོད་རྫོགས་པའི་སྐུ་རུ་རྟོགས། །དེ་ཡང་དེ་ལ་རྒྱུ་ཉིད་ཕྱིར། །ཉེ་བར་བཏགས་པས་དེ་བཞིན་གཞན། །དབང་པོ་ལྔ་ཡི་རྣམ་ཤེས་གང༌། །དེ་ནི་དོན་ཀུན་ཡོངས་འཛིན་ཕྱིར། །སེམས་ཅན་ཀུན་གྱི་དོན་དུ་ནི། །བྱ་བ་སྒྲུབ་པ་ཙམ་ཉིད་ཐོབ། །དེ་ཡང་རྟག་པར་ཐམས་ཅད་དུ། །དུས་ཇི་བཞིན་དང་བསམ་ཇི་བཞིན། །སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་སྟེ། །


JLD018_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ཀུན་གྱི་རྒྱུ་ཡིན་ཕྱིར། །ཁ་ཅིག་ཡིད་ཀྱི་ཁོ་ན་ལ། །སྤྲུལ་པའི་སྐུ་ཉིད་དུ་ནི་རྟོག །དབང་པོ་ལྔ་ཡི་རྣམ་ཤེས་གང༌། །དེ་ཡི་ལོངས་སྤྱོད་རྫོགས་སྐུར་རོ། །ཞེས་དགོངས་རྒྱན་དུ་དྲངས་སོ། །དེ་ལྟར་གསུངས་ཀྱང༌། འདིར་ནི་ཡེ་ཤེས་བཞི་ཡེ་ཤེས་ཀྱི་སྐུར་བྱས་ནས་གཟུགས་སྐུ་གཉིས་དེའི་བདག་རྐྱེན་ལས་བྱུང་བའི་སྐུར་བྱའོ། །ཡང་ན་ཉེ་བར་བཏགས་པས་དེ་བཞིན་གཞན་ཞེས་གསུངས་པས་གཟུགས་སྐུ་གཉིས་ཡེ་ཤེས་བཏགས་པ་བར་བཤད་དོ། །གཉིས་པ་ནི་སྤྱི་དོན་གྱི་གཉིས་པ་སྟེ། བྱ་བ་ཕྲིན་ལས་ཀྱི་རང་བཞིན་བཤད་པ། གཉིས་པ་ནི། ཕྲིན་ལས་ཞེས་པ་ནི་སངས་རྒྱས་ཀྱི་བྱ་བ་ཡིན་ལ། བྱ་བ་དེ་ཉིད་ཀྱང་བྱེད་པ་པོ་ལ་ཡོད་པ་དང་གདུལ་བྱ་ལ་ཡོད་པའི་ཐར་ལམ་སོགས་ནི་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་ཡིན་ནོ། །དེ་ཕྱིར་སངས་རྒྱས་ཀྱིས་གདུལ་བྱ་ལམ་དང་ལམ་གྱི་རྟེན་ལ་འགོད་པ་ནི་གཉིས་ཀ་ལ་ཡོད་ཀྱང་བཀོད་པའི་ཆ་ནི་གདུལ་བྱ་ལ་ཡོད་དེ། དཔེར་ན་སྐྱེས་བུས་ཤིང་གཤགས་པའི་རྩོལ་བ་ནི་སྐྱེས་བུ་ལ་ཡོད་ཅིང་ཤིང་དུམ་བུར་གཤགས་པའི་ཆ་ཡུལ་ལ་ཡོད་པ་བཞིན་ནོ། །སྔ་མ་འདི་ཐུགས་ལ་བཞག་ནས་དག་ལྡན་ལས་ཇི་ལྟར་ན་མཛད་པ་ཆོས་ཀྱི་སྐུ་ཡིན་ཞེ་ན། མཛད་པ་དང་མཛད་པ་པོ་ཐ་མི་དད་པའི་ཕྱིར་རོ། །ཞེས་གསུངས་སོ། །འདི་དང་འཕགས་སེང་གཉིས་འགལ་བར་བཟུང་ནས་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་ལ་བཞེད་པར་འཆད་ཀྱང་འདི་ལ་འགལ་བ་མེད་དོ། །འོ་ན་གདུལ་བྱ་ལམ་གྱི་རྟེན་ནས་མྱང་འདས་ལ་བཀོད་པའི་བར་ཉེར་བདུན་ལ་ཕྲིན་


JLD018_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུ་གསུངས་པ་ཅི་ཞེ་ན། བཀོད་པའི་ཆ་དང་འགོད་པའི་ཐབས་སངས་རྒྱས་ཀྱི་བྱ་བ་ཉེར་བདུན་ལ་ཡིན་པས་ཀླན་ཀར་མི་འགྱུར་རོ། །དེ་ལྟར་བྱས་ན་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཞེས་གསུངས་པ་ཡང་ལེགས་པར་དྲངས་པར་འགྱུར་རོ། །གཉིས་པ་ནི་ཆོས་སྐུའི་ཆོས་རྒྱས་བཤད་ཀྱི་གཉིས་པ་ཡན་ལག་གི་དོན་ཏེ། གཞུང་རྩ་བ་དང་སྦྱར་བའི་འབྲས་བུ་ཆོས་སྐུ་རྒྱས་པར་བཤད་པའི་ས་བཅད་སྤྲོ་ཞིང་དང་པོར་ངོ་བོ་ཉིད་སྐུ་བཤད་པ། གཉིས་པ་ནི། ཆོས་སྐུ་དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས་དེ་དག་སྟོན་ཏོ། །འདི་ལ་གཉིས། སྐུ་དང་མཛད་པའོ༌། །དང་པོ་ལ་བཞི། ངོ་བོ་ཉིད་དང༌། ཡེ་ཤེས་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུའོ། །དང་པོ་ལ་གསུམ་ལས། དང་པོ་ནི། སྐུ་རྣམས་ཀྱི་གྲངས་ཀྱི་དང་པོ་ངོ་བོ་ཉིད་ཀྱི་སྐུ་སྟོན་ཏོ། །གཉིས་པ་ནི། སངས་རྒྱས་ཀྱི་སའི་ཟག་པ་མེད་པའི་ཆོས་རྣམ་པ་ཀུན་ཏུ་དྲི་མས་རྣམ་པར་དག་པ་ཐོབ་པར་གྱུར་པ་དེ་དག་གི་རང་བཞིན་དང་མཚན་ཉིད་དམ་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཐུབ་པ་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་སྟེ། རབ་འབྱོར་གཞན་ཡང་ཟག་པ་མེད་པའི་ཆོས་རྨི་ལམ་ལྟ་བུ་དངོས་པོ་དང་མི་ལྡན་པ་དངོས་པོ་མེད་པའི་རང་བཞིན་ཅན་གྱི་མཚན་ཉིད་ཀྱིས་སྟོང་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པར་གྱུར་པ་དེ་དག་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་མཚན་ཉིད་གཅིག་པོ་འདི་ལྟ་སྟེ་མཚན་ཉིད་མེད་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་རིག་པར་བྱ་སྟེ། ཞེས་སོ། །གསུམ་པ་ལ་བཞི། དོན་དངོས་དང༌། ངེས་པའི་ཚིག །འཐོབ་པའི་ཚུལ།


JLD018_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་གསུམ་དང་ཐ་དད་ཡིན་མིན་ནོ། །དང་པོ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་འདི་ཡིན་ཏེ་ཞེས་ཚིག་རྣམ་པར་སྦྱར་རོ། །གང་ན། རང་གི་ངོ་བོ་ཉིད་དེ་དེ་ཡང་སྐྱེ་བ་མེད་པ་སྤྲོས་བྲལ་གྱི་ངོ་བོ་ཉིད་ནིའོ། །ཆོས་ཅན་ཇི་འདྲ་བ་ཞིག་གི་ངོ་བོ་གང་ཞེ་ན། འཆད་འགྱུར་གྱི་ཟག་མེད་ཀྱི་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད་སྒྲིབ་གཉིས་ཀྱི་དྲི་མ་གློ་བུར་བ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་རྣམ་པར་དག་ཅིང་རང་བཞིན་གྱིས་དབེན་པའི་མཚན་ཉིད་དུ་གྱུར་པ་སྟེ། རང་བཞིན་གྱིས་ཀྱང་དག་པ་གང་ཡིན་པའི་ཡེ་ཤེས་དེ་དག་གིའོ། །ཟག་མེད་ཡིན་པའི་རྒྱུ་མཚན་ནི། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུའི་བདག་ཉིད་ཡིན་པ་ཉིད་ཀྱིས་སོ། །ཚིག་གསལ་ལས། ཆོས་ཅན་ཁྱད་པར་ཅན་རྣམས་ཀྱི་ཆོས་ཉིད་ཁྱད་པ་ཅན་གང་ཡིན་པ་དེ་ནི་ངོ་བོ་ཉིད་དུ་བཤད་ནས་ཆོས་ཅན་སངས་རྒྱས་སའི་དྲན་ཉེ་སོགས་ཆོས་ཉིད་ནི་དོན་དམ་བདེན་པ་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་བཤད་པའོ། །དེས་ན་དེ་བཞིན་ཉིད་དག་མ་དག་ནི་ཆོས་ཅན་འབའ་ཞིག་གི་དབང་གིས་བཞག་གོ །དེ་ཡང་ཆོས་ཅན་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འཆད་དེ་སྔ་མ་དང་དོན་མཐུན་ནོ། །གཉིས་པ་ནི། ཅིའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་ན། རྒྱུ་རྐྱེན་གྱིས་གསར་དུ་བཅོས་མ་མ་ཡིན་པའི་དོན་གྱིས་ཏེ།


JLD018_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མའི་རྩ་བར། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པ་ལྟར་རོ། །གཞུང་དེ་ནི་དེ་ལྟར་སྦྱར་ཏེ། ཉི་སྣང་ལས། བཅོས་མ་མ་ཡིན་པའི་དོན་གྱིས་ན་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡིན་པར་ཤེས་པར་བྱ་སྟེ། ངོ་བོ་ཉིད་ཅེས་བྱ་བ་ནི་བཅོས་མ་མ་ཡིན་པ་ཞེས་བྱ་བ་འདི་འཇིག་རྟེན་ན་གྲགས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ནི་དེ་ཐོབ་པར་བྱེད་པ་ཡིན་གྱི་བྱེད་པ་པོ་མ་ཡིན་ནོ་ཞེས་གསུངས་པ་འདིར་ཡང་བཀོད་པས་སོ། །ལུང་ཕྱི་མ་འདིས་ནི་རྟོགས་དཀར་མ་བྱས་པའི་རྒྱུ་མཚན་གྱིས་མ་བཅོས་པར་བསྒྲུབས་ནས་འཇིག་རྟེན་ཞེས་སོགས་ཀྱང་ངེས་ཚིག་ཏུ་འཆད་པའང་བཀག་གོ །གསུམ་པ་ནི། བྱང་སེམས་ཀྱི་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤྲོས་པ་འགའ་ཡང་མ་གཟིགས་པའི་ཚུལ་གྱིས་རྟོགས་པའི་སྒོ་ནས་འཐོབ་པར་བྱེད་ཀྱི་གསར་དུ་བྱས་པའམ་བྱེད་པ་ནི་མ་ཡིན་ནོ། །དེ་མ་ཡིན་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྣམ་པར་ཤེས་པ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སྤྲོས་པ་མཐའ་དག་དང་བྲལ་བར་རྟོགས་པ་ཙམ་གྱིས་ཐོབ་པ་ཡིན་པར་རྣམ་པར་བཞག་སྟེ། འདི་ནི་རྒྱན་སྣང་དང་བསྟུན་པའོ། །དེ་ལ་སྔ་མས་ནི་འཐོབ་པ་དང་ཕྱི་མས་ཐོབ་པའི་ཚུལ་བསྟན་ཏོ། །རྒྱན་སྣང་དུ་ཡང་གཞུང་ཕྱི་མ་འདི་འབྲས་བུའི་སྐབས་ལ་མཛད་དོ། །ཚིག་གསལ་ལས་ངོ་བོ་ཉིད་མ་བཅོས་པ་དང་ལྷན་སྐྱེས་ཞེས་པ་མིང་གི་རྣམ་གྲངས་ཡིན་ཏེ། དེའི་ཕྱིར་ན་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་ལྟར་ཡིན་


JLD018_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སུས་ཀྱང་བྱས་པ་ནི་མ་ཡིན་པས་འཇིག་རྟེན་ལས་འདས་པའི་ལམ་རབ་དགའ་ལ་སོགས་པའི་མཉམ་གཞག་གི་ཤེས་པ་སེམས་རྒྱུ་བ་ཡང་མེད་དེ་ཐོབ་པ་སྟེ་དེ་དང་དབྱེར་མེད་པར་གྱུར་པའི་ཕྱིར་དེའི་རྗེས་ཐོབ་ལའང་མཉམ་གཞག་གི་འཕེན་པ་དང་མ་བྲལ་བས་ཐོབ་པ་ཞེས་བྱའོ། །ཐོབ་པའི་དེ་སྟོན་པ་ནི་ཐོས་བསམ་སྒོམ་གསུམ་གྱི་རྣམ་པར་ཤེས་པ་དོན་དམ་པར་མེད་ཀྱང་ཐ་སྙད་དུ་དོན་བྱེད་པ་མི་འདོར་བར་སྒྱུ་མ་ལྟ་བུས་ཆོས་ཐམས་ཅད་ཆོས་དབྱིངས་ལས་མི་འདའ་བས་ན་ཆོས་དབྱིངས་རྟོགས་པས་དེ་དང་དབྱེར་མེད་པར་གྱུར་པ་ཐོབ་པ་ཡིན་ནོ་ཞེས་འཆད་ཀྱང་སློབ་ལམ་ན་སངས་རྒྱས་ཐོབ་པ་མེད་པས་མི་འཐད་དོ། །བཞི་པ་ནི། ཅི་འཆད་པར་འགྱུར་བའི་སྐུ་ལྷག་མ་གསུམ་པོ་འདི་ངོ་བོ་ཉིད་ཀྱི་སྐུ་ལས་ཐ་དད་པའམ་མི་དད་པ་ཡིན་ཞེ་ན་སྐུ་ལྷག་མ་གསུམ་པོ་ནི་ངོ་བོ་ཉིད་ཀྱི་སྐུ་དེ་དང་ཐ་མི་དད་ཀྱང་ཐ་སྙད་དུ་ཐ་དད་པར་རྣམ་པར་བཞག་གོ །ཐ་མི་དད་པའི་རྒྱུ་མཚན་ནི། ལུགས་ལས། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །དེ་ལྟ་མིན་ན་གཉིས་སྟོང་པ། །རྣམ་ཤེས་མིན་པར་ཐལ་འགྱུར་ཞིང༌། །གཉིས་མེད་པ་ལས་ལོག་པ་ནི། །གཉིས་ཀྱི་བདག་ཏུ་ཐལ་བར་འགྱུར། །དེར་འགྱུར་དེ་བཞིན་ཉིད་རང་བཞིན། །བཅོམ་ལྡན་འདས་ཉིད་ཡིན་པར་བརྗོད། །རིག་བྱ་རིག་བྱེད་དངོས་


JLD018_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། །རྣམ་པར་ཤེས་ལ་ཡང་དག་བརྟེན། །ཞེས་འབྱུང་པའི་ཕྱིར་རོ། །ལུང་འདིས་དངོས་སུ་གཞན་དབང་རྣམ་ཤེས་དང་ཡོངས་གྲུབ་སྟོང་ཉིད་གཉིས་ཐ་མི་དད་པར་བསྟན་ཀྱང་སྐུ་དང་པོ་དང་ལྷག་མ་གསུམ་ཡང་དེ་དང་རིགས་མཚུངས་པས་ཤེས་བྱེད་དུ་འགྲོའོ། །དབེན་པ་དགག་པ་ཆོས་ཅན་དང་དབེན་འགྱུར་དགག་གཞི་ཆོས་ཉིད་གསུང་བ་ནི་གོ་བཟློག་ན་འགྲིག་གོ། དེའི་ཁུངས་ནི་རྒྱན་སྣང་འགྱུར་རྙིང་དང༌། གསེར་གླིང་པས་རིགས་པའི་བསྟན་བཅོས་ལས་ཞེས་བཤད་ལ་ཚིག་འདི་དག་བརྒྱད་སྟོང་དོན་བསྡུས་ཀྱི་འགྲེལ་བར་དྲངས་སོ། །འོ་ན་ཐ་དད་དུ་འཇོག་པའི་དགོས་པ་ཅི་ཞེ་ན། སྐུ་ལྷག་མ་གསུམ་པོ་རིམ་པ་ལྟར་སངས་རྒྱས་དང་བྱང་སེམས་ས་ཆེན་པོ་ལ་བཞུགས་པ་དང་ཉན་ཐོས་དང་སོགས་པས་མ་ངེས་པ་འབྲས་བུ་གང་ལའང་མ་ཞུགས་པའི་སོ་སྐྱེ་ལས་དག་པ་རྣམས་ཀྱི་སྤྱོད་ཡུལ་དུ་རྣམ་པར་བཞག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དུའོ། །ཁ་ཅིག་སྐུ་གསུམ་བསྟན་པའི་མདོ་ལས་དེ་ལྟར་བསྟན་པའི་ཕྱིར་ཞེས་པ་ནི་རྒྱན་སྣང་དུ་བསྟན་པའི་དོན་དུ་ཞེས་པས་བཀག་གོ །དེ་ལྟར་སྤྱོད་ཡུལ་གསུམ་དུ་འཇོག་པའི་རྒྱུ་མཚན་ནི། ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་དེ་ཉིད་དོན་དམ་པར་ཆོས་ཉིད་སྤྲོས་བྲལ་གྱི་ངོ་བོ་ལ་རང་རང་གི་མོས་པ་ཇི་ལྟ་བ་ཐ་དད་པ་གསུམ་དུ་རབ་ཏུ་ཕྱེ་བའོ། ཞེས་རྟགས་སྒྲུབ་ཏུ་སྦྱོར་བ་ཡང་རྒྱན་སྣང་གིའོ། །ཡང་དག་ཀུན་རྫོབ་ནི་རྟོགས་དཀར་ཏིང་ངེ་འཛིན་གྱི་ཡུལ་དང༌། ཚིགས་གསལ་ལས། འཇིག་རྟེན་ལས་འདས་པའི་


JLD018_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཐོབ་ཀྱི་སྣང་བ་ཡིན་གྱི་གཙུག་ལག་ཁ་ཅིག་ལས་བྱིས་པ་རྣམས་ཀྱི་ཐུན་མོང་གི་ཐ་སྙད་ལ་དེར་བསྟན་པ་ནི་མ་ཡིན་ཞེས་འཆད་དོ། །གཉིས་པ་ནི་སྐུ་བཤད་པའི་གཉིས་པ་སྟེ། ཡེ་ཤེས་ཆོས་སྐུ་བཤད་པའི་ས་བཅད་སྤྲོ་ཞིང་དང་པོར་ཡེ་ཤེས་ཐ་དད་པའི་སྐུ་བསྟན་པའི་སྐོར་བཤད་པ། གཉིས་པ་ལ་གསུམ། དངོས་ཀྱི་དོན། དེའི་ཁྱད་པར་བཤད། དེ་ལ་རྩོད་སྤང་ངོ༌། དང་པོ་ལ་གསུམ། ཡེ་ཤེས་ཐ་དད་པའི་སྐུར་བསྟན། ཐ་མི་དད་པར་འདོད་པ་དགག །ཐ་དད་པ་ལ་རྩོད་པ་སྤང་བའོ། དང་པོ་ལ་གསུམ་ལས། དང་པོ་ནི། དེ་ལྟར་སྐུ་དང་པོ་ངོ་བོ་ཉིད་ཀྱི་སྐུ་བསྟན་ནས་གཉིས་པ་ཡེ་ཤེས་ཆོས་ཀྱི་སྐུ་གཟུངའཛིན་གྱི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཟག་པ་མེད་པའི་དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་ངོ་བོ་གསུངས་སོ། །མདོའི་འབྲེལ་ནི། ཟག་མེད་གྱི་ཆོས་ཐམས་ཅད་གང་ཞེས་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ནི། བྱང་ཆུབ་ཕྱོགས་མཐུན་ནས་རྣམ་པ་ཐབས་ཅད་མཁྱེན་པ་ཉིད་ཀྱི་བར་བརྒྱ་ཞེ་བཞི་མཐའི་དང་གིས་བསྡུས་པའི་མཁྱེན་པ་གཉིས་དང་བཅས་པས་བརྒྱ་ཞེ་དྲུག་ལ་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ཞེས་མདོ་ལས་དོན་གྱིས་བརྗོད་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། ཟད་པར་གྱི་སྐྱེ་མཆེད་བཅུ་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་སྨོན་གནས་མཁྱེན་པ་དང་མངོན་པར་ཤེས་པ་དྲུག་དང་སོ་སོ་ཡང་དག་པར་རིག་པ་བཞི་དང༌། རྣམ་པ་ཐམས་ཅད་


JLD018_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པ་བཞི་དང༌། དབང་བཅུ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། བསྲུང་བ་མེད་པ་གསུམ་དང༌། དྲན་པ་ཉེར་བར་བཞག་པ་གསུམ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། ཐུགས་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དེ་རབ་འབྱོར་འདི་དག་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་ཅེས་བྱའོ། །ཞེས་སོ། །དེ་ལ་རྒྱུད་དབང་བཙན་པར་བྱས་ན་ཐམས་ཅད་ཀྱང་ཐུབ་པའི་ཐུན་མོང་མ་ཡིན་པ་ཡིན་མོད། མཚན་ཉིད་དབང་བཙན་པར་བྱས་ན་ཕྱོགས་མཐུན་ནས་སོ་སོ་རིག་བཞི་ཐེག་དམན་དང༌། ཡོངས་དག་དང་དབང་བཅུ་སེམས་དཔའ་དང་ཐུན་མོང་བ་དང༌། ལྷག་མ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ནོ། །མདོ་འདི་ལེ་བརྒྱད་མར་ངོ་བོ་ཉིད་ཀྱི་སྐུའི་མདོ་ལ་དྲངས་པ་ནི་འཕགས་པ་དང་མཐུན་ནོ། །གསུམ་པ་ནི་ཡེ་ཤེས་ཐ་དད་པའི་སྐུར་བསྟན་པའི་གསུམ་པ་འགྲེལ་བ་སྟེ། འདིའི་ས་བཅད་སྤྲོ་ཞིང་སྡེ་ཚན་ལྔ་པ་ཟད་པར་གྱི་སྐོར་ཞིབ་ཏུ་འཆད་པ། གསུམ་པ་ལ་གཉིས། ཡོན་ཏན་སོ་སོར་བཤད་པ་དང༌། བསྡོམས་ཏེ་སྐུར་བཞག་པའོ། །དང་པོ་ལ། སྡེ་ཚན་ཉེར་གཅིག་ལས། བྱང་ཕྱོགས་ལ་སོགས་བཞི་ནི་སྔར་རྣམ་ཀུན་དང་རྣམ་མཁྱེན་དུ་བཤད་པ་ལྟར་གཟུང་ཞིང༌། སྔ་མ་བཞིན་ནི་བཞི་ཀ་ལ་སྦྱར་རོ། །མཐར་གྱིས་གནས་པ་ནི་སྔར་རྒྱུད་ལ་སྐྱེད་མ་མྱོང་བའི་ཚེ་འདི་དགུ་ལ་མཐར་ཆགས་སུ་འཇུག་དགོས་པའོ། །སྡེ་ཚན་ལྔ་པ་ཟད་པར་ལ་དགུ། ངོ་བོ། དབྱེ་བ། རྟེན། སྦྱོང་ཚུལ། མཚན་མ། དེ་ཡིད་ལ་བྱེད་ཚུལ།


JLD018_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལས། སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན། ངེས་ཚིག་གོ། དང་པོ་ནི། ཀུན་བཏུས་སུ་ཤེས་རབ་དང་ཏིང་ངེ་འཛིན་གཉིས་ལ་བཤད་ལ། མཛོད་ལས། དང་པོ་བརྒྱད། མ་ཆགས་པའི་དགེ་བ་དང་ཐ་མ་གཉིས་གཟུགས་མེད་དང་པོ་གཉིས་ཀྱི་དངོས་གཞི་དག་པ་བ་ལ་བཤད་དོ། །གཉིས་པ་ནི། ཟད་པར་ས་དང་ཆུ་དང་མེ་དང་རླུང་དང་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང༌། ནམ་མཁའ་དང་རྣམ་པར་ཤེས་པ་སྟེ་ཞེས་བྱ་བ་རེ་རེའི་མཐར་སྦྱར་བས་ཟད་པར་རྣམ་པ་བཅུའོ། །དེ་ལ་ཟད་པར་རླུང་གི་དམིགས་པ་ནི་གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་ཀར་འགྱུར་ལ། གཞན་ཟད་པར་གཟུགས་ཅན་བདུན་གྱི་དམིགས་པ་ནི་གཟུགས་ཀྱི་སྐྱེ་མཆེད་དུ་མཛོད་འགྲེལ་དང༌། ཐ་མ་གཉིས་ཀྱི་དམིགས་པ་ནི་རང་སའི་མིང་བཞི་ཡིན་པར་དེ་རྩ་འགྲེལ་གཉིས་ལས་སོ། །གསུམ་པ་ནི། མཛོད་ལས། ཟད་པར་བཅུའོ་བརྒྱད་མ་ཆགས། །བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། །འདོད་པའོ་གཉིས་ནི་གཟུགས་མེད་དག །ཅེས་པ་ལྟར་དང་པོ་བརྒྱད་བསམ་གཏན་བཞི་པ་དང་ཐ་མ་གཉིས་གཟུགས་མེད་དང་པོ་གཉིས་ལ་བརྟེན་ཞེས་པ་ལྟར་མངོན་པ་གོང་མ་པའང་འདོད་དགོས་སོ། །ཉི་སྣང་ལྟར་ན་བསམ་གཏན་བཞི་ཀ་ལ་བརྟེན་ནོ། །བཞི་པ་ལ་གཉིས་སྔར་སྦྱང་བ་བྱས་པས་འགྲུབ་ཚུལ་དང༌། མ་བྱས་པས་སྦྱོང་ཚུལ་ལོ། །དང་པོ་ནི། སྔར་གོམས་པ་བྱས་པས་ནི་སོ་སོའི་


JLD018_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཅུང་ཟད་མཐོང་བ་ཙམ་ལས་དེ་དང་དེའི་ཏིང་ངེ་འཛིན་གསལ་བར་འགྱུར་ཏེ། འདི་ལྟར་ཆུ་ཀླུང་སོགས་སུ་ཆུ་མཐོང་བ་ཙམ་ལས་འབད་པ་མ་བྱས་པར་ཟད་པར་ཆུའི་ཏིང་ངེ་འཛིན་འབྱུང་ངོ༌། །དེ་བཞིན་དུ་ནགས་ཀྱི་མེ་འབར་ཞིང་དུ་བ་འཐུལ་བ་རྣམས་སུ་དང༌། རླུང་གིས་བསྐྱོད་པའི་འོད་མ་དང་འཁྲི་ཤིང་གི་ལོ་མ་ལ་སོགས་པ་རྣམས་ལ་རླུང་འདི་ནི་གནས་འདིར་རབ་ཏུ་རྒྱུ་བ་ཡིན་ནོ། །ཞེས་ཀུན་ཏུ་ལྟ་བ་ཙམ་དང་མེ་ཏོག་ནོར་བུ་གོས་ལ་སོགས་པ་སྔོན་པོ་བཏིང་བ་དང༌། དེ་དག་ཉིད་སེར་པོ་དང་དམར་པོ་དཀར་པོར་གྱུར་པ་དང་མཚན་མོ་སྟེང་དངུལ་ཟླ་བའི་དཀྱིལ་འཁོར་སོགས་དང༌། དཀར་ཁུང་ནང་ན་ཤིང་གི་ལོ་མའི་གསེབ་ནས་ཟླ་བ་དང་ཉི་འོད་བྱུང་བས་ས་གཞི་ལ་སྐྱེད་པའི་འོད་ཀྱི་ཐིག་ལེ་ལ་ལྟ་བ་དང༌། སྐར་ཁུང་དང་རྩིག་པའི་བུ་ག་མཐོང་བ་ན་རིམ་པ་ལྟར་ཟད་པར་མེ་ལ་སོགས་པའི་ཏིང་ངེ་འཛིན་མངོན་དུ་འགྱུར་རོ། །གཉིས་པ་ལ་གཉིས། དམིགས་པ་རྟེན་དུ་བྱེད་པ་དང༌། དེ་ལ་ཡིད་གཏོད་པའི་ཚུལ་ལོ། །དང་པོ་ནི། སྔོ་སོགས་ཀྱི་ཁ་དོག་གི་དབྱེ་བ་དང་བྲལ་བའི་ཆུ་དྲི་མ་མེད་པ་ནམ་མཁའ་ནས་འབབ་པ་ཡོངས་སུ་དག་པའི་ཆུ་ཚགས་ལས་འཛག་པ་རྣམས་ཀྱིས་ལྷུང་བཟེད་སོགས་ཀྱི་སྣོད་གང་རུང་བཀང་བ་དང༌། སྣུམ་ཞིང་སྙིང་པོ་དང་བཅས་པའི་ཤིང་དུམ་བུར་གཏུབས་ནས་ཤིང་དྲུང་ངམ་མགྲོན་ཁང་ཡང་རུང་སྟེ་རྗེས་སུ་མཐུན་པའི་གནས་སུ་སྤུངས་ཏེ་མཐའ་རྩིག་པས་བསྐོར་བ་ལ་མཐོ་གང་སོར་བཞི་ཙམ་གྱི་བུ་ག་བྱས་པ་སྦོར་ནས་འོག་ཤིང་དང་སྟེང་


JLD018_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དུ་བ་དང་དབུས་སུ་མེ་འབར་བར་བྱས་པ་དང༌། ཡན་ལག་གི་ཕྱོགས་གང་དུ་རླུང་གིས་རེག་པར་འགྱུར་བའི་སྐར་ཁུང་དང་རྩིག་པའི་བུ་ག་ཡོད་དམ་མེད་ན་དེ་ལྟར་བྱས་པ་དང༌། རས་སྔོན་པོ་རྔ་བོ་ཆེའི་མཐིལ་ལྟར་བརྒྱངས་པ་ལ་ནི། ལ་ཀང་ས་དང་པ་ལ་ཤ་སྔོན་པོ་དང་མིག་སྨན་སྔོན་པོ་སོགས་གང་ཡང་རུང་བའི་ཚོན་གྱིས་འཕོ་བ་དང་མི་འཕོ་བའི་དཀྱིལ་འཁོར་བྱས་ནས་དེའི་མཐའ་ཁ་དོག་མི་མཐུན་པས་བཅད་པ་དང༌། སེར་པོ་དང་དམར་པོ་དང་དཀར་པོ་ལ་ཡང་དེ་བཞིན་ཏེ། སྔོན་པོའི་གནས་སུ་སེར་པོ་སོགས་བཞག་པ་ནི་ཁྱད་པར་རོ། །འདུལ་བ་མདོ་ལས་ཀྱང༌། ཟད་པར་གྱི་མཚན་མ་མངོན་དུ་བྱ་བའི་ཕྱིར་གནས་ཁང་གི་རྩིག་པ་དག་སྔོན་པོ་ལ་སོགས་པ་རྣམ་པ་བཞིར་བྱའོ་ཞེས་ཀྱང་གསུངས་སོ། །བུམ་ནང་དུ་མར་མེ་སྦར་ཏེ་ཁ་བཅད་ཅིང་བུ་ག་ཧ་ཅང་མི་ཆེ་བ་བཏོད་ནས་དེའི་འོད་ཀྱིས་རྩིག་ངོས་ལ་སྐྱེད་པའི་སྣང་བའི་དཀྱིལ་འཁོར་ཡུན་རིང་དུ་གནས་པ་དང༌། རྩིག་པ་རེ་ལྡེ་སྣམ་བུ་གང་རུང་གིས་གཡོགས་པའི་གནས་སུ་མཐོ་གང་སོར་བཞི་ཙམ་གྱི་བུ་ག་བཏོད་པ་མཐོང་བའི་ཡུལ་དུ་བྱས་པ་རྣམས་ཟད་པར་ཆུ་ལ་སོགས་པའི་དམིགས་རྟེན་ནོ། །གཉིས་པ་ནི། དམིགས་པ་དེ་དག་མཐོང་བའི་གནས་ཡིད་དང་མཐུན་པར་སྟན་ལ་བདེ་བར་འདུག་ནས་ས་ས་ཆུ་ཆུ་ཞེས་སོགས་བཅུ་པོའི་མིང་ཙམ་ལ་དམིགས་ནས་ཡང་དང་ཡང་གོམས་པར་བྱེད་པའོ། །ལྔ་པ་ལ་གཉིས། མ་གྲུབ་པའི་རྟགས་འཛིན་


JLD018_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་མ། གྲུབ་པའི་རྟགས་སྣང་བའི་མཚན་མ་འཆད་ཚུལ་ལོ། །དང་པོ་ནི་ལྦུ་བ་དང་ཆུ་བུར་འདྲེས་པའི་ཆུ་གཡོ་བའི་རྣམ་པ་ཅན་དང༌། མེ་ཆད་ཅིང་ཆད་ཅིང་ལྟུང་བ་དང་འགལ་དུམ་དང་ཐལ་བ་སོལ་བ་རྣམས་ལ་ཅུང་ཟད་གནས་པ་དང༌། འོ་མ་བསྐོལ་བ་ཕོག་མ་ཐག་པའི་རླངས་པ་འཐུལ་བ་ལྟར་གནས་པ་དང༌། མེ་ཏོག་གེ་སར་དང་སྡོང་བུ་མེད་པ་ལྟ་བུ་སྟེ་དེའང་གེ་སར་སྡོང་བུ་འདབ་མ་རྣམས་མི་མཐུན་པ་ལས་བྱས་པ་ལྟ་བུ་ཡིན་ལ། སེར་པོ་སོགས་གསུམ་ལའང་དེ་ལྟར་དང༌། སའམ་རྩིག་པར་སྐྱེས་བའི་འོད་ཀྱི་དཀྱིལ་འཁོར་དང་འདྲ་བར་དངོས་པོ་འགའ་ཞིག་ཁོ་ན་ལ་གསལ་བ་དང༌། རྩིག་མཐའ་ལ་སོགས་པའི་བུ་ག་ལྟར་སྣང་ལ་བློས་སྐྱེད་ཀྱང་མི་འཕེལ་བར་སྣང་བ་རྣམས་ནི་ཆུ་ལ་སོགས་པ་དགུའི་མ་གྲུབ་པའི་མཚན་མའོ། །དེ་དག་ཀྱང་བྱས་པ་དང་མ་བྱས་པ་དགུ་ཆར་ལ་འབྱུང་བར་གསུངས་པ་ནི་སྔར་སྦྱང་བ་བྱས་པ་དང་མ་བྱས་པ་གཉིས་ཀ་ལ་འབྱུང་བ་ཡིན་ལ། འོན་ཀྱང་གོམས་པར་བྱས་ཟིན་ལ་ནི་སྐྱོན་མ་ཡིན་ཏེ། ཉི་སྣང་ལས་མ་བྱས་ན་ནི་ཟད་པར་གྱི་ཉེས་པར་གདགས་ཞེས་གསུངས་པས་སོ། །གཉིས་པ་ནི། ནམ་མཁའ་ལ་གནས་པའི་ནོར་བུའི་རླུང་ཡབ་དང་ནོར་བུའི་རང་བཞིན་གྱི་མེ་ལོང་གི་དཀྱིལ་འཁོར་ལྟ་བུ་མི་གཡོ་བའི་རྣམ་པ་ཅན་དུ་སྣང་བ་དང༌། ནམ་མཁའ་ལ་གནས་པའི་ལྭ་བ་དམར་པོ་ཟླུམ་པོ་དང་གསེར་གྱི་རླུང་ཡབ་དང་དེའི་ཀ་བ་ལྟ་བུར་གནས་པར་སྣང་བ་དང༌། འདུག་པ་ལྟར་མི་གཡོ་བར་


JLD018_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་མཐོང་བ་དང༌། དམིགས་རྟེན་ཟད་པར་གྱི་དཀྱིལ་འཁོར་ལས་འཕགས་ནས་ནོར་བུའི་རླུང་ཡབ་ལྟ་བུ་ནམ་མཁའ་ལ་སྣང་སྟེ་གཞན་གསུམ་ལའང་དེ་ལྟར་དང༌། སྣང་བའི་ཚོགས་སྟུག་པོ་རབ་ཏུ་དང་བ་དང་འདྲ་བར་ཐམས་ཅད་ལ་གསལ་བ་དང་ནམ་མཁའི་དཀྱིལ་འཁོར་ལྟ་བུར་གྱུར་ནས་གནས་ཤིང་བློས་སྐྱེད་ན་ནི་འཕེལ་བར་སྣང་བ་རྣམས་ཆུ་ལ་སོགས་པ་དགུའི་གྲུབ་པའི་མཚན་མའོ། །ས་ལ་སྔར་སྦྱངས་པས་འགྲུབ་ཚུལ་དང་མ་སྦྱངས་པས་སྦྱོང་བའི་དམིགས་རྟེན་དང་གྲུབ་མ་གྲུབ་ཀྱི་མཚན་མ་མ་གསུངས་པའི་རྒྱུ་མཚན་ནི་ཇི་ལྟར་བ་བཞིན་མི་ཤེས་པར་སྣང་ངོ༌། །དྲུག་པ་ནི། དེ་ལྟར་མཚན་མ་དེ་དག་བྱུང་བའི་ཚེ་ཁ་དོག་ལ་སོ་སོར་རྟོག་པ་དང་མཚན་མ་ཡིད་ལ་བྱེད་པ་སྤངས་ཏེ་དེ་དང་དེའི་མིང་ཙམ་ལ་གསལ་བར་དམིགས་ནས་གོམས་པར་བྱའོ། །བདུན་པ་ནི་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་ནམ་མཁའ་འམ་ཆུ་ལ་སར་སྤྲུལ་ནས་རྐང་པས་འགྲོ་བ་སོགས་བྱེད་པ་དང༌། ས་ལ་བྱིའུ་འཛུལ་བྱེད་ཅིང་སྟེང་དུ་འབྱུང་བ་དང་ཆུ་ཡི་ཆར་འབེབས་པ་དང་ས་དང་རི་སོགས་ཆུ་བོ་དང་རྒྱ་མཚོར་སྤྲུལ་པ་དང༌། དུ་བ་འཐུལ་ཞིང་མེ་འབར་བ་དང་མེ་འདག་གི་ཆར་འབེབས་པ་དང་གང་འདོད་པ་དེ་སྲེག་པ་དང༌། མྱ་ངན་ལས་འདའ་བ་ན་མེས་ལུས་སྲེག་པ་དང་ལྷའི་མིག་གི་ཡུལ་སྣང་བར་བྱེད་པ་དང༌། རླུང་ལྟར་འགྱོགས་པར་འགྲོ་ཞིང་རླུང་གི་ཆར་འབེབས་པ་སོཊ་དང༌། གཟུཊ་


JLD018_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོར་སྤྲུལ་ཞིང་མུན་པར་བྱེད་པ་སོགས་དང༌། གཟུགས་སེར་པོར་སྤྲུལ་ཞིང་གསེར་དུ་འགྱུར་བར་བྱེད་པར་སོགས་དང༌། གཟུགས་དམར་པོར་སྤྲུལ་སོགས་དང༌། །གཟུགས་དཀར་པོར་སྤྲུལ་ཞིང་རྨུགས་གཉིད་རིང་དུ་བྱེད་མུན་པ་འཇིག་པར་བྱེད། ལྷའི་མིག་གི་ཡུལ་སྣང་བར་བྱེད་པ་དང༌། གཟུགས་གསལ་བ་དང་གཉིད་རྨུགས་རིང་དུ་བྱེད་པ་དང་ལྷའི་མིག་གི་ཡུལ་སྣང་བར་བྱེད་སོགས་དང༌། བསྒྲིབས་པ་རྣམས་འབྱེད་ཅིང་ས་དང་རི་བོ་སོགས་ཀྱི་ནང་ནམ་མཁར་སྤྲུལ་ནས་སྤྱོད་ལམ་བྱེད་པ་དང༌། རྩིག་པ་སོགས་ལ་ཐད་དཀར་འགྲོ་བར་བྱེད་པ་རྣམས་ཟད་པར་ཆུ་ལ་སོགས་པའི་བྱེད་ལས་སོ། །སའི་དངོས་གཞིར་གསེར་ལ་སོགས་པ་གང་མོས་མོས་སུ་ཟད་པར་གྱིས་བསྒྱུར་བ་རྣམས་དེ་ཁོ་ན་བཞིན་དུ་འགྱུར་ཞིང་གསེར་ལ་སོགས་པས་ཀྱང་དེ་དང་དེའི་བྱ་བ་བྱེད་ནུས་པར་བཤད་དོ། །བརྒྱད་པ་ནི། གལ་ཏེ་གཟུགས་དང་རེག་བྱ་ལ་ཟད་པར་བཞག་ནས་སྐྱེ་མཆེད་གཟུགས་ཅན་གཞན་བརྒྱད་ལ་མི་འཇོག་པ་ཅི་ཞེ་ན། གཟུགས་རེག་གཉིས་ནི་བདག་གཞན་གཉིས་ཀ་དང་གཟུགས་ཅན་གྱི་སེམས་ཅན་གྱི་ཁམས་ཐམས་ཅད་ན་ཡོད་པ་དང་དབང་པོ་ལྔ་ནི་གཞན་རྒྱུད་ལ་མེད་པ་དང་དྲི་རོ་གཉིས་ཀྱང་གཟུགས་ཁམས་ན་མེད་པས་མ་བཞག་གོ་ཞེས་པ་ནི་སའི་དངོས་གཞིའི་དགོངས་པའོ། །སྒྲ་ལ་མི་འཇོག་པ་ནི་རྒྱུན་མེད་པས་ཟེར་རོ། །གཟུགས་མེད་པ་ན་ནི་ནམ་མཁའ་ཐམས་ཅད་དུ་འགྲོ་བ་དང༌། རྣམ་ཤེས་ཀྱང་ཡུལ་ཟད་པར་གྱི་སྤྱོད་ཡུལ་ཅན་ཡིན་པས་ཟད་པར་བཞག་ལ་


JLD018_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་བརྒྱད་ཀྱིས་གཟུགས་ཁམས་ཕྱིན་ཆད་ལ་ཟད་པར་བྱེད་པར་སའི་དངོས་གཞི་ལས་སོ། །དེ་ལྟར་གཟུགས་མེད་ཕྱི་མ་གཉིས་ལ་མི་བཞག་སྟེ་གསུམ་པས་ནི་དམིགས་པ་གཅོད་པ་སྟེ་བཞི་བས་ནི་སེམས་ནང་དུ་བསྡུས་པས་མི་གསལ་བས་སོ། །གཟུགས་ཅན་གྱི་ཟད་པར་ལ་རྒྱུ་གཟུགས་ཀྱི་ཟད་པར་བཞི་བཞག་པ་ནི་འབྱུང་བ་མེད་པར་འབྱུང་འགྱུར་སྔོན་པོ་སོགས་ཀྱིས་ཡུལ་ལ་ཁྱབ་པར་བྱེད་མི་ནུས་པས་ཡིན་ནོ། །ཞེས་ཀུན་བཏུས་ལས་སོ། །དགུ་པ་ནི། ཉི་སྣང་ལས། རྒྱུན་མི་འཆད་པར་ཁྱབ་པར་སྤྲོ་བས་ན་ཟད་པར་གྱི་སྐྱེ་མཆེད་དོ་ཞེས་པ་ལྟར་རོ། །ཚུལ་འདི་ལྟར་ཟད་པར་འཆད་པ་ནི་གསུང་རབ་རྣམས་ལ་ཉི་སྣང་འབའ་ཞིག་གི་ཁྱད་ཆོས་སུ་སྣང་བས་འདིར་ཡང་དེ་དང་མཐུན་པར་ཞིབ་པར་བཀྲལ་ཏེ། ཆེན་པོ་འགའ་ཞིག་ལའང་འདིའི་དགོངས་པ་ལ་འཁྲུལ་པ་མཐོང་བས་སོ། །འདིར་ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་དྲུག་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཞིབ་ཏུ་འཆད་པ། སྡེ་ཚན་དྲུག་པ་ནི། ཟིལ་གྱིས་གནོད་པའི་སྐྱེ་མཆེད་ནི་དབྱེ་གཞིའོ། །དབྱེ་གྲངས་ནི་རྣམ་པ་བརྒྱད་དེ་དེ་ཡང་དབྱིབས་དང་ཁ་དོག་ཟིལ་གྱིས་གནོན་པ་རྣམ་པ་བཞི་བཞི་སྟེ་དེ་ལྟར་ནའོ། །དེ་ལ་དང་པོ་བཞི་ནི་ནང་རྣལ་འབྱོར་པ་རང་ལ་གཟུགས་ཅན་དུ་འདུ་ཤེས་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་ཆུང་ངུ་རྣམས་ལ་དེ་དག་གི་རྣམ་པ་དགུ་དག་ཏུ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཤིང་ཟིལ་གྱིས་མནན་ནས་མཐོང་དེ་ལྟར་འདུ་ཤེས་པར་གྱུར་པ་ཞེས་བྱ་བ་ནི་དང་པོའོ། །ཆུང་ངུའི་གནས་སུ་ཆེན་པོ་


JLD018_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ནས་གཞན་དེ་བཞིན་དུ་སྦྱར་བ་ནི་གཉིས་པའོ། །ནང་རྣལ་འབྱོར་པ་རང་ལ་གཟུགས་མེད་པར་འདུ་ཤེས་པའི་སྒོ་ནས། ཞེས་སྦྱར་ནས་ཆེ་ཆུང་གཉིས་རེ་རེར་བྱས་པ་ནི་ཕྱི་མ་གཉིས་སོ། །སོ་སོར་ཞེས་པའང་དོན་དེའོ། །དེ་ལ་ཆུང་ངུ་ནི་སེམས་ཅན་གྱི་གཟུགས་ཡིན་ལ་དེའི་བཟང་ངན་ནི་ལྷ་མི་ལ་བྱ་ཞིང༌། ཆེན་པོ་ནི་ཁང་པ་གཞལ་མེད་ཁང་རི་ལ་སོགས་པ་སྟེ་དེའི་ཁ་དོག་མཛེས་སྡུག་ནི་ཡིད་དུ་འོང་མི་འོང་ལ་བྱའོ། །ཤེས་པ་ནི་ཞི་གནས་དང་མཐོང་བ་ནི་ལྷག་མཐོང་དང་དེ་ལྟར་འདུ་ཤེས་པ་ནི་ཟིལ་གྱིས་ནོན་ནམ་མ་ནོན་ཡང་རུང་མངོན་པའི་ང་རྒྱལ་མེད་པར་སྟོན་པའོ། །གཉིས་ཚན་དེ་གཉིས་ནི་རིམ་པ་ལྟར་རྣམ་ཐར་དང་པོ་གཉིས་སྦྱངས་པའི་མཐུ་ལས་བྱུང་བའོ། །ཕྱི་མ་བཞི་ནི་སྔར་ལྟར་གཟུགས་ཆེ་ཆུང་ལ་ལྟ་བ་ན་གཟུགས་ཅན་ཡིན་མིན་གཉིས་ཀྱི་འདུ་ཤེས་མི་བྱེད་པར་ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ན་སྔོན་པོ་ནས་དཀར་པོ་དང་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་དེ་ལྟར་འདུ་ཤེས་པར་གྱུར་པ་ཞེས་བྱ་བ་རེ་རེའི་མཐར་སྦྱར་བ་བཞིའོ། །འདི་ཡང་མདོ་ལས་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་ཝ་ར་ཎཱ་སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་


JLD018_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ་ཞེས་སོ། །དེ་བཞིན་དུ་སེར་པོ་དོང་ཁ་དང་དམར་པོ་བན་དུ་ཛི་ཀའི་མེ་ཏོག་དང་དཀར་པོ་སྐར་མ་པ་བ་སངས་དང་སྦྱར་ནས་སྔོན་པོར་འདོན་པ་བསྒྱུར་ནས་གསུངས་སོ། །དེ་ལ་ནང་གཟུགས་ནས་བལྟ་སྟེའི་བར་མདོར་བསྟན་དང་དཔེར་ན་མན་ཆད་རྒྱས་བཤད་ཡིན་ལ། དེ་ཡང་དེ་བཞིན་དུ་ཡན་དཔེ་དང་ཕྱིན་ཆད་དོན་ནོ། །དེ་ལ་སྔོན་པོ་ནི་མདོར་བསྟན་ནོ། །ཁ་དོག་སྔོན་པོ་ལྷན་སྐྱེས་སོ། །སྔོན་པོ་ལྟ་བུར་སྟོན་པ་ནི་སྦྱར་འབྱུང་གི་སྔོན་པོའོ། །འོད་སྔོན་པོ་འབྱུང་བ་ནི་དེ་གཉིས་ཀ་ལ་འོད་གསལ་པོ་འབྱུང་བ་སྟེ་ཐུན་མོང་ངོ༌། །མེ་ཏོག་ནི་ལྷན་སྐྱེས་དང་རས་སྦྱར་བྱུང་གི་དཔེའོ། །དེས་ན་ཚིག་བཞིའི་ཐོག་མཐའ་གཉིས་ནི་མེ་ཏོག་དང་རས་གཉིས་ཀའི་འོ། །བར་པ་གཉིས་ནི་དེ་གཉིས་སོ་སོའི་འོ། །གཞན་གསུམ་ལའང་དེ་བཞིན་དུ་རིག་པར་བྱ་སྟེ་འདི་ནི་སྡུག་པའི་རྣམ་ཐར་གྱི་མཐའ་ལས་བྱུང་བའོ། །གནོད་འཇོམས་ཆུང་བར་ནང་གཟུགས་ཅན་དང་དེ་མ་ཡིན་པར་འདུ་ཤེས་ནས་རིམ་པ་ལྟར་ཆུང་ངུ་དང་ཆེན་པོ་ལ་བལྟ་བ་སྟེ་གཉིས་དང༌། སྔོ་སོགས་ལ་བལྟ་བ་བཞི་སྟེ་དྲུག་ནམ་མཁའ་རྣམ་ཤེས་ཀྱི་ཟིལ་གནོན་དང་བཅས་ཏེ་བརྒྱད་དུ་བྱེད་པ་ནི་ཁྲི་བརྒྱད་སྟོང་པ་དང་མཐུན་ནོ། །འདི་ནས་སྡེ་ཚན་བདུན་པ་མན་ཆད་ཀྱི་སྐོར་འཆད་པ། བདུན་པ་ཉོན་མོངས་པ་མེད་པའི་ཏིང་ངེ་


JLD018_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ནི། བསམ་གཏན་ལ་བརྟེན་ནས་ཕ་རོལ་ནས་འབྱིན་པར་མཛད་པའི་ཏིང་ངེ་འཛིན་དང་ཤེས་རབ་ཅེས་བྱ་གང་ཡིན་པ་དེའོ། །བརྒྱད་པ་སྨོན་པ་ཙམ་བྱས་ནས་ཐམས་ཅད་མཁྱེན་པ་ནི། མཚན་མའི་བློ་ཐམས་ཅད་དང་ཡང་དག་པར་བྲལ་ཞིང་མངོན་ཞེན་གྱི་ཆགས་པ་བཅོམ་པ་གདུལ་བྱའི་ཐེ་ཚོམ་སེལ་བར་མཛད་པའི་སྨོན་ལམ་གྲུབ་པས་འཁོར་བ་དང་རྣམ་གྲོལ་མྱང་འདས་ཇི་སྲིད་གནས་པ་དེ་སྲིད་པའི་གནས་སྐབས་སུ་ཡུལ་ལ་འཇུག་པ་ཞེས་བྱ་བ་སྟེ་རྟེན་ནི་སྔར་ལྟར་རོ། །སྔ་མ་དང་འདི་གཉིས་ཀའི་ངོ་བོ་ཞི་ལྷག་གོ། དགུ་པ་དང་བཅུ་པ་ནི་སྔར་རྣམ་མཁྱེན་དང་རྣམ་ཀུན་ཏུ་བཤད་པ་ལྟར་རོ། །བཅུ་གཅིག་པ་ཡོངས་སུ་དག་པ་ལ་ནི་བཞི་སྟེ། བསམ་གཏན་ལ་བརྟེན་ནས་ལུས་འདོར་ལེན་ལ་དབང་ཐོབ་པའི་རྟེན་དང༌། མེད་པ་སྤྲུལ་ཡོད་པ་སྒྱུར་བ་ལ་དབང་ཐོབ་པ་དམིགས་པ་དང༌། སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་གྲངས་མེད་པ་ལ་འཇུག་པའི་ཐུགས་དང༌། གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་ལ་དབང་འབྱོར་བ་ཡེ་ཤེས་ཏེ་ཡོངས་སུ་དག་པ་ཞེས་རེ་རེའི་མཐར་སྦྱར་བའི་ངོ་བོ་ནི་ཞི་ལྷག་གོ །བཅུ་གཉིས་པ་དབང་ལ་ནི་རྣམ་པ་བཅུ་སྟེ། ཚེའི་འདུ་བྱེད་འདོར་བ་ཇི་ལྟར་འདོད་པ་བཞིན་བྱེད་པས་བསྡུས་པའི་ཚེ་ལ་དབང་བ་དང༌། ཇི་ལྟར་འདོད་པ་བཞིན་སེམས་ཏིང་ངེ་འཛིན་ལ་འཇུག་པས་བསྡུས་པའི་སེམས་ལ་དབང་བ་དང༌། བསམ་པ་ཇི་ལྟ་བ་བཞིན་དུ་ཡོ་བྱད་ཉེ་བར་གནས་པར་བྱེད་པས་བསྡུས་བའི་ཡོ་བྱད་ལ་དབང་བ་གསུམ་ནི་སྦྱིན་འབྲས་ཏེ། ལོངས་སྤྱོད་བྱིན་


JLD018_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཚེའི་རྒྱུར་གྱུར་པ་དང་དེ་བཞིན་གཤེགས་པས་སེམས་ཅན་གྱི་བསམ་པ་བཞིན་དུ་སེམས་ཀྱི་རྗེས་སུ་གཙོ་བོར་འཇུག་པ་དང་བསམ་པ་བཞིན་དུ་ཡོ་བྱད་སྦྱིན་པས་སོ། །ལུས་ངག་གི་ལས་ཇི་ལྟར་འདོད་པ་བཞིན་ཉེ་བར་སྒྱུར་བས་བསྡུས་པའི་ལས་ལ་དབང་བ་དང༌། འགྲོ་བ་གང་དུ་ཇི་ལྟར་འདོད་པ་བཞིན་སྐྱེས་བས་བསྡུས་པའི་སྐྱེ་བ་ལ་དབང་བ་ནི། ཚུལ་འབྲས་ཏེ། སེམས་ཅན་རྣམས་ལུས་ངག་གི་ལས་སྐྱོན་མེད་པ་ལ་བསམ་པ་བཞིན་དུ་བསྐུལ་བ་དང་ཚུལ་ལྡན་གྱི་སྨོན་ལམ་འགྲུབ་པས་སོ། །ས་སོགས་གསེར་སོགས་ཀྱི་དངོས་པོར་ཇི་ལྟར་མོས་པ་བཞིན་སྒྱུར་བས་བསྡུས་པའི་མོས་པ་ལ་དབང་བ་ནི། བཟོད་འབྲས་ཏེ་སེམས་ཅན་གྱི་མོས་པའི་རྗེས་སུ་ཞུགས་པའི་ཕྱིར་རོ། །ཇི་ལྟར་མོས་པ་བཞིན་འགྲུབ་པས་བསྡུས་པའི་སྨོན་ལམ་ལ་དབང་བ་ནི། བརྩོན་འབྲས་ཏེ། སྔོན་སེམས་ཅན་གྱི་དོན་དུ་བརྩོན་པ་མ་བཏང་བས་སོ། །མངོན་ཤེས་ཀྱིས་བསྡུས་པའི་རྫུ་འཕྲུལ་ལ་དབང་བ་ནི། བསམ་འབྲས་ཏེ། སྔོན་སེམས་ཅན་གྱི་དགོས་པ་ཇི་ལྟར་བ་བཞིན་མཉམ་པར་བཞག་པས་སོ། །ཇི་ལྟར་འདོད་པ་བཞིན་ཡེ་ཤེས་མངོན་དུ་བྱེད་པས་བསྡུས་པའི་ཡེ་ཤེས་ལ་དབང་བ་དང༌། གསུང་རབ་བཅུ་གཉིས་ཇི་ལྟར་འདོད་པ་བཞིན་སྟོན་ནུས་པས་བསྡུས་པའི་ཆོས་ལ་དབང་བ་གཉིས་ནི་ཡུམ་འབྲས་ཏེ། སྔོན་སེམས་ཅན་གྱི་འདོད་པ་བཞིན་དུ་ཡེ་ཤེས་མངོན་དུ་བྱེད་པ་དང་འདོད་པ་དང་མཐུན་པར་མདོ་སོགས་ལ་སྦྱར་བས་སོ། །བཅུ་


JLD018_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དང་བཅུ་བཞི་པ་ནི་སྔར་རྣམ་ཀུན་ཏུ་བཤད་པ་ལྟར་རོ། །བཅོ་ལྔ་པ་བསྲུང་བ་མེད་པ་རྣམ་པ་གསུམ་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཉེས་སྤྱོད་མཐའ་དག་གིས་ཡོངས་སུ་དག་པ་སྟེ་དེའི་ཕྱིར་དེ་བཞིན་གཤེགས་པ་འདི་ལ་ཕྱིན་ཅི་ལོག་གི་ཀུན་སྤྱོད་ངན་པ་གང་ཟག་གཞན་གྱིས་ཡོངས་སུ་ཤེས་གྱིས་དོགས་པའི་བསྙེངས་པའམ་འཇིགས་པས་བཅབ་པ་སྟེ་གསང་བར་བྱའོ་སྙམ་པའི་དགོངས་པ་མི་མངའ་ཞེས་བྱའོ། །བཅུ་དྲུག་པ་དྲན་ཉེ་རྣམ་པ་གསུམ་ནི་ཆོས་སྟོན་པ་ན་ཁ་ཅིག་གུས་པས་ཉན་འདོད་ཅིང་རྣ་བ་གཏོད་ལ་ཀུན་ཤེས་པའི་སེམས་ཉེ་བར་འཇོག་པ་ལ་རྗེས་སུ་ཆགས་པ་དང༌། དེ་ལས་བཟློག་པ་ལ་ཁོང་ཁྲོ་བ་དང༌། ཁ་ཅིག་སྔ་མ་དང་ཁ་ཅིག་ཕྱི་མ་ལྟར་གཉིས་ཀ་དག་ལ་ཆགས་སྡང་གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་སོ་ཞེས་བྱ་བ་རེ་རེའི་མཐར་སྦྱར་བའོ། །བཅུ་བདུན་པ་བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི། སེམས་ཅན་གྱི་དོན་མཛད་དགོས་པ་ན་དེའི་དུས་ལས་མི་འདའ་བའི་མཚན་ཉིད་དོ། །བཅོ་བརྒྱད་པ་བག་ཆགས་ཡང་དག་བཅོམ་པ་ནི་ཉོན་མོངས་ནས་སྤངས་པས་ཏེ་དེ་ནི་ཉོན་མོངས་སྤངས་ཀྱང་མ་སྤངས་པ་ལྟར་ཀུན་ཏུ་སྤྱོད་པ་སྟེ་ཟད་པའོ། །བཅུ་དགུ་པ་སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ཉིད་ནི། ཉིན་མཚན་ལན་དྲུག་ཏུ་སུ་ནི་དགེ་རྩ་སྨིན་སུ་ནི་དེ་ལས་བཟློག །སུ་ནི་མངོན་མཐོའི་སྣོད་སུ་ནི་ངེས་ལེགས་ཀྱི་སྣོད་ཅེས་སོགས་སོ་སོར་རྟོག་པའི་སྐྱེ་བ་ནས་


JLD018_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ནོག་འདུག༽ཞེས་བྱ་བའོ། །ཉི་ཤུ་པ་ནི་རྣམ་ཀུན་ཏུ་བསྟན་པ་ལྟར་རོ། །ཉེར་གཅིག་པ་མཁྱེན་པའི་སྡེ་ཚན་ནི་རྣམ་མཁྱེན་དང་རྩ་བའི་དང་ཞེས་བྱ་བའི་སྒྲས་བསྡུས་པ་ལམ་ཤེས་དང་ལ་སོགས་པས་གཞི་ཤེས་སྔར་བཤད་པ་དེ་དག་ཀྱང་འདིའི་ཡོན་ཏན་གྱི་སྡེ་ཡིན་ནོ། །གཉིས་པ་ནི། བྱང་ཕྱོགས་ལ་སོགས་སློབ་ལམ་གྱི་སེམས་སེམས་བྱུང་གནས་ཡོངས་སུ་གྱུར་པས་མཐར་ཕྱིན་པའི་ལམ་དུ་གྱུར་པ་གཟུང་འཛིན་གྱི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཐམས་ཅད་ཀྱང་སྐུ་ཐ་དད་པར་ཡེ་ཤེས་ཆོས་ཀྱི་སྐུར་མངོན་པར་བརྗོད་པར་བྱ་བ་ཡིན་ནོ། །ཞེས་བྱ་བ་ནི་སྣང་མཛད་ལ་སོགས་པ་ཁ་ཅིག་གི་ཡིན་ལ་སློབ་དཔོན་ཡང་དེའི་རྗེས་སུ་འབྲང་ངོ༌། །གཉིས་པ་ནི་ཐ་དད་པའི་སྐུར་བསྟན་པའི་དངོས་དོན་གྱི་གཉིས་པ། ཐ་མི་དད་པ་འདོད་པ་དགག་པ་སྟེ། འཕགས་པ། ཨ་བྷྱ། ཆོས་བཤེས་སོགས་ཀྱི་འདོད་པ་དགོད་པ་དང༌། དེ་དགག་པ། གཉིས་པ་ལ་གཉིས། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། སྐུ་བཞིར་འདོད་པ་ལས་གཞན་སྐུ་གསུམ་དུ་འདོད་པ་དག་གིས་ནི་ཁས་བླངས་ཞེས་ཚིག་རྣམ་པར་སྦྱར་རོ། །ཇི་བཞིན་ན། ཐུབ་པ་ནས་ཅན་ཞེས་བྱ་བའི་རྩ་ཚིག་གིས་སངས་རྒྱས་སར་ཟག་མེད་ཀྱི་ཡེ་ཤེས་ཡོད་པར་བསྟན་པའི་སྒྲ་ཇི་བཞིན་ཉིད་དུ་འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་སེམས་སེམས་བྱུང་གི་ཆོས་རྣམས་ཁོ་ན་སྟེ་ངེས་པར་ཁས་བླངས་སོ། །དེ་དག་གིས་དེ་ལྟར་ཁས་བླངས་ནས་ངོ་བོ་


JLD018_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ནོག་འདུག་༽ཉིད་ཀྱི་སྐུ་ཇི་འདྲ་བ་ཞིག་ལ་འདོད་ཅེ་ན། ངོ་བོ་ཉིད་ཀྱི་སྐུ་ནི་ཟག་མེད་ཀྱི་ཆོས་དེ་དག་གི་རང་བཞིན་སྐྱེ་བ་མེད་པ་ཉིད་གང་ཡིན་པ་དེའི་མཚན་ཉིད་དམ་བདག་ཉིད་ཅན་ཡིན་པར་འདོད་དོ། །གལ་ཏེ་བྱང་ཆུབ་ཕྱོགས་མཐུན་ཞེས་སོགས་ཀྱིས་སྐུ་ལོགས་པར་བསྟན་པར་མི་འདོད་ན་གཞུང་དེ་དག་ཇི་ལྟར་འཆད་ཅེ་ན། ངོ་བོ་ཉིད་ཀྱི་སྐུ་ཟག་མེད་ཀྱི་ཆོས་ཀྱི་སྐུའམ་ཚོགས་པ་གང་དག་གི་རང་བཞིན་སྐྱེ་བ་མེད་པའི་མཚན་ཉིད་ཅན་ཡིན་པའི་རང་བཞིན་ཅན་ཟག་མེད་ཀྱི་ཆོས་དེ་དག་ཀྱང་གང་དག་གཅིག་ཡིན་ཞེ་ན། ཞེས་མཚམས་སྦྱར་ནས་དེའི་ལན་དུ་བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། ཞེས་སོགས་ཀྱི་ཚིག་ལེའུར་བྱས་པ་འཆད་པ་ལ་འཇུག་པར་བྱེད་དེ། མདོར་ན་གཞུང་སྔ་ཕྱི་དེ་གཉིས་དོན་གཅིག་པས་ངོ་བོ་ཉིད་ཀྱི་སྐུ་ཁོ་ན་ཆོས་ཀྱི་སྐུར་བཤད་དོ་སྙམ་པའོ། །འོ་ན་རྐང་པ་ཐ་མས་ཆོས་ཉིད་སྐུ་ཞེས་སྨོས་པར་རིགས་ཀྱི་ཆོས་སྐུ་ཞེས་སྨོས་པར་འགལ་ཞེ་ན། མི་འགལ་ཏེ། ཟག་མེད་ཀྱི་རང་བཞིན་དེ་ཉིད་ཀྱང་དྷརྨ་ཏ་ཀཱ་ཡ་ཞེས་པ་ཆོས་ཉིད་ཀྱི་སྐུ་ཡིན་པ་ལས་སྡེབ་སྦྱོར་གྱི་དབང་གིས་ངོ་བོའི་རྐྱེན་ཏ་ཕྱིས་ཏེ་མི་མངོན་པར་བྱས་ནས་དྷརྨ་ཀཱ་ཡ་ཞེས་པས་ཆོས་ཀྱི་སྐུའོ་ཞེས་རྩ་བར་བསྟན་ཏོ་ཞེས་རྣམ་པར་བཤད་ནས་གཞུང་ཕྱི་མ་འཆད་དོ། །དེ་ཡང་ཉི་སྣང་ལས་རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུ་ཞེས་བྱ་སྟེ། གཞན་དུ་ན་ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་བཀག་པར་འགྱུར་བ་དང་སྤྱོད་པའི་དོན་ཡིན་པའི་ཕྱིར་འདུས་བྱས་སུ་འགྱུར་བའི་ཉེས་པ་ཡོད་དོ། །དེ་ལ་སྐུ་ཞེས་བརྗོད་པ་ནི་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲངས་ནས་ཉེ་བར་བཏགས་པ་ཡིན་པར་རིག་པར་བྱའོ། །ཞེས་སོ། །དོན་ཁྱད་པར་མེད་ཀྱང་འདིའི་


JLD018_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ལྷག་མོ་རེད་འདུག༽


JLD018_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ལྷག་མོ་རེད་འདུག༽


JLD018_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ནི་རྣམ་འགྲེལ་བདེ་སྟེ་ཇི་སྐད་དུ། གང་ཉིད་ཀྱི་རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུ་ཞེས་བྱའོ། །གཞན་དུ་ན་ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ་ཞེས་བྱས་ན་ངོ་བོ་ཉིད་བཀག་པར་འགྱུར་བ་དང༌། སྐུའི་དོན་བསགས་པ་ལ་ཡང་འགྲོ་བས་འདུས་བྱས་སུ་འགྱུར་བའི་ཉེས་པ་ཡང་ཡོད་དོ་ཞེས་སོ། །དེ་དག་གི་དོན་ནི་ཆོས་ཉིད་ཀྱི་སྐུ་ཞེས་བརྗོད་རྒྱུ་ཡིན་ནའང་སྡེབ་སྦྱོར་གྱི་ངོར་རྐྱེན་ཕྱིས་ནས་ཆོས་ཉིད་ཀྱི་སྐུ་ལ་ཆོས་སྐུ་ཞེས་བརྗོད་དོ། །གལ་ཏེ་ཆོས་ཉིད་ཀྱི་སྐུ་ལ་ཆོས་སྐུར་བཤད་པ་ལས་གཞན་དུ་ཟག་མེད་ཀྱི་ཆོས་ཚོགས་ཙམ་གྱི་སྐུ་ནི་ཆོས་སྐུའོ་ཞེས་བསྟན་ན་ངོ་བོ་ཉིད་སྐུ་མི་སྲིད་པར་འགྱུར་ཏེ། ཆོས་ཀྱི་སྐུ་ཞེས་བརྗོད་ཅེས་པས་བསྟན་པའི་སྐུ་དེ་ངོ་བོ་ཉིད་ཀྱིས་སྐུ་མ་ཡིན་ལ་གཞུང་དེ་དག་དང་ཐུབ་པའི་ཞེས་སོགས་ནི་མདོ་རྒྱས་ཡིན་པས་དོན་གཅིག་ཅིང༌། དེ་ལྟ་ན་ཡོན་ཏན་དེ་དག་གི་རང་བཞིན་ཡང་སྐུ་དེ་མ་ཡིན་པས་སོ་སྙམ་པའོ། །གཞན་ཡང་ཆོས་ཉིད་ཀྱི་སྐུ་ལ་ཆོས་སྐུར་མ་བྱས་པར་ཆོས་སྐུའི་དོན་ཟག་མེད་ཀྱི་ཆོས་བསགས་ཤིང་ཚོགས་པ་ལའང་འགྲོ་བས་དེ་དེའི་དོན་དུ་འདོད་ན་ཆོས་སྐུ་འདུས་བྱས་སུ་འགྱུར་ལ། དེ་ཡང་མི་རིགས་ཏེ། མདོར་བསྟན་གྱི་སྐུ་ཡང་དེ་ལྟར་ཐལ་བས་སོ། །སྙམ་པའོ། །འོ་ན་ཟག་མེད་ཀྱི་ཆོས་དེ་དག་ངོ་བོ་ཉིད་ཀྱིས་སྐུས་བསྡུས་ན་སྐུ་དེ་ནི་དབྱེར་མེད་པ་ཡིན་ལ་ཆོས་དེ་དག་གི་མཚན་ཉིད་ཐ་དད་པས་མི་རིགས་ཤེ་ན། སྐུ་ཞེས་བརྗོད་པའི་ཟག་མེད་དེ་ལ་མཚན་ཉིད་ཐ་དད་པར་བསྟན་པ་ནི།


JLD018_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སློབ་ལམ་གྱི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲངས་ནས་བཏགས་པ་ཙམ་ཡིན་གྱི་སངས་རྒྱས་ས་ན་ནི་ཡེ་ཤེས་དེ་དག་ཀྱང་དབྱེར་མེད་པའོ། །དོན་དེ་ཡང་རྣམ་འགྲེལ་ལས། དེ་བས་ན་སྐུ་ཞེས་བརྗོད་པ་དེ་ལ་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲང་བའི་ཉེ་བར་གདགས་པ་ཡིན་པར་ཤེས་པར་བྱའོ། །ཞེས་དང༌། དགོངས་རྒྱན་ལས། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་དེ་རྣམས་སྐུ་ཅི་ཡིས་བསྡུས་ཤེ་ན། ངོ་བོ་ཉིད་ཁོ་ན་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པས་དབེན་པའི་རང་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱི་ཆོས་ཉིད་ཙམ་ཡིན་པ་ཉིད་ཀྱི་ཕྱིར་ལ་དེ་རྣམས་ཀྱི་མཚན་ཉིད་ཐ་དད་པ་ནི་དེ་རྣམས་ཀྱི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲངས་པས་ཀུན་རྫོབ་པའོ། ཞེས་དང༌། སྔར་དག་ལྡན་དྲངས་པ་ལྟར་རོ། །ཉི་སྣང་གི་ཚིག་ཕྱི་མས་ངོ་བོ་ཉིད་ཀྱི་སྐུ་སྐུ་བཏགས་པ་བར་བསྟན་པ་ཡིན་ཞེས་ལེགས་པར་མ་སྦྱངས་པ་ཁ་ཅིག་སྨྲ་བ་ནི་ཤིན་ཏུ་བདེན་ཏེ། མང་དུ་ཐོས་ཤིང་མཐོང་པའི་བློ་གྲོས་ཀྱིས་འགྲེལ་ཆེན་རྣམས་གུང་སྒྲིག་པའི་ནུས་པ་དང་ནི་བྲལ། འགྲེལ་ཚིག་བརླིང་པོ་ལ་བློ་གྲོས་ཀྱི་མཐུ་ནི་བརྡུགས་པའི་ཕྱིར་རོ། །དེ་ལྟར་ན་ཉི་སྣང་གི་ལུང་དེ་ནི་ཤིན་ཏུ་དཀའ་བར་སྣང་བས་ཕྱོགས་སྔ་མ་དེ་ཡོངས་སུ་རྫོགས་པར་བཤད་དོ། །འདིར་སློབ་དཔོན་ཆོས་བཤེས་གཞན་དག་ནི་ཚིག་ལེའུར་བྱས་པ་ལ་འཇུག་པར་བྱེད་དོ། །ཞེས་བྱ་བ་འདི་ནི་སྔར་སློབ་དཔོན་ཉིད་ཀྱིས་ཇི་ལྟར་བཤད་པ་ཁོ་ན་ཡང་བསྡུས་ནས་བཟླས་


JLD018_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། མཁན་པོ་ཡང་དག་རྣམ་སྣང་མཛད་ཀྱི་བཤད་པའོ་ཞེས་གསུངས་པ་ནི་་གཅིག་པར་གནས་ཀྱང་གད་མོ་འབྲུག་སྒྲ་ལྟར་འོང་བའི་གཞིར་སྣང་ངོ༌། །གཉིས་པ་ནི། སྐུ་གསུམ་དུ་འདོད་པ་ལས་གཞན་སྐུ་བཞིར་འདོད་པ་དག་ན་རེ་སངས་རྒྱས་ཀྱི་ས་ཐམས་ཅད་ངོ་བོ་ཉིད་ལོངས་སྤྲུལ་གསུམ་དུ་གྲངས་ངེས་པའམ། ཡེ་ཤེས་སྐུ་ངོ་བོ་ཉིད་ལ་གཞན་དུ་མི་འདོད་པ་དེ་དག་གི་ལྟར་ན་སངས་རྒྱས་སར་གདོན་མི་ཟ་བར་ཁས་བླང་དགོས་ཤིང་བླངས་པའི་ཁྱད་པར་གསུམ་ལྡན་གྱི་ཡོན་ཏན་རྣམས་སངས་རྒྱས་སར་ཁས་ལེན་པ་མི་འཐད་པར་ཐལ། ཇི་ལྟར་ན་སྐུ་དེ་གསུམ་གྱིས་བསྡུས་ཏེ་མ་བསྡུས་པའི་ཕྱིར་རོ། །ཁྱད་པར་གསུམ་ནི་ངོ་བོའི་ཁྱད་པར་གཟུང་འཛིན་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའོ། །སྤངས་པའི་ཁྱད་པར་དྲི་བཅས་གནས་ཡོངས་སུ་གྱུར་པས་དྲི་མ་མཐའ་དག་དང་བྲལ་བར་གྱུར་པའོ། །བྱེད་ལས་ཀྱི་ཁྱད་པར་རྣལ་འབྱོར་པའི་ཀུན་རྫོབ་རྗེས་ཐོབ་ཏུ་དོན་ཁྱད་པར་ཅན་གཟུགས་སྐུ་གཉིས་སུ་སྣང་བ་སྐྱེད་པའི་སྒོ་ནས་གདུལ་བྱ་ལ་ཆོས་སྟོན་པ་དང་སོགས་པས་འོད་འགྱེད་པའི་དོན་གྱི་བྱ་བ་མཛད་པའོ། །ཁྱད་པར་ཕྱི་མ་འདིས་ནི་དེ་དག་ཁས་བླང་དགོས་པའི་རྒྱུ་མཚན་བསྟན་ཏེ་ཡོན་ཏན་དེ་དག་མེད་ན་བདག་རྐྱེན་མེད་པའི་ཕྱིར་བདག་འབྲས་ཆོས་སྟོན་པ་སོགས་མེད་པར་ཐལ་བའོ། །གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་པའི་ཚུལ་གྱིས་


JLD018_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཀྱི་བདག་ཉིད་ཅན་གྱི་སྐུ་བསྟན་པ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྐུ་བསྟན་པ་ཡིན་པས་ངོ་བོ་ཉིད་ཀྱི་སྐུས་བསྡུས་ཤེ་ན། དེ་ལྟར་ན་ལོངས་སྤྲུལ་གཉིས་ཀྱང་དེ་ལྟར་བསྟན་དགོས་པས་སྐུ་ལོགས་པར་མི་སྟོན་པར་འགྱུར་ཏེ། རིགས་པ་མཚུངས་པའི་ཕྱིར་རོ། །གལ་ཏེ་གསུང་རབ་ལས་སྐུ་གསུམ་དུ་བརྗོད་པའི་ཕྱིར་ལོངས་སྤྲུལ་དེ་དག་རྣལ་འབྱོར་པའི་ཀུན་རྫོབ་ཏུ་སྐུ་ལོགས་པར་བཞག་ཅེ་ན། འོ་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཡང་ལོངས་སྤྲུལ་བཞིན་དུ་སྐུ་ལོགས་སུ་བཞག་དགོས་པར་འགྱུར་ཏེ། གསུང་རབ་ལས་སྐུ་བཞིར་ཡང་བརྗོད་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ལྟར་ན་ཟག་མེད་ཀྱི་ཡོན་ཏན་དེ་དག་ངོ་བོ་ཉིད་ཀྱིས་བསྡུས་པར་སྨྲ་བ་ནི་རྣལ་ལན་ཡིན་ཏེ་ཤཱནྟི་དང་ཨ་བྷྱའི་ལུང་སྔར་དྲངས་པ་ལྟར་རོ། །འོན་ཀྱང་མཐའ་བཅད་ནས་འགོག་ན་གཟུགས་སྐུ་གཉིས་ཀྱིས་བསྡུས་པར་སྨྲ་ནའང་མི་འཐད་དེ། སེམས་སེམས་བྱུང་དེ་དག་ནི་ཐུབ་པའི་རང་སྣང་ལ་བཞག་དགོས་ལ་སྐུ་དེ་གཉིས་ནི་གཞན་སྣང་འབའ་ཞིག་ཡིན་པས་སོ། །སྔ་མ་རྣམས་གཟུགས་སུ་ཤེས་པ་བསྡུར་མི་རུང་བས་སོ་ཞེས་སྨྲ་བ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལ་མི་འཐད་དོ། །གསུམ་པ་ནི་དངོས་ཀྱི་དོན་གྱི་གསུམ་པ་ཐ་དད་པ་ལ་རྩོད་པ་སྤོང་བའི་ས་བཅད་སྤྲོ་ཞིང་དང་པོར་ཇི་ལྟར་རྩོད་ཚུལ་བཤད་པ། གསུམ་པ་ལ་གཉིས། རྩོད་པ་དང་ལན་ནོ། །དང་པོ་ནི། སྐུ་གསུམ་དུ་འདོད་པ་ཁ་ཅིག་ན་རེ་སྐུ་བཞིར་བསྟན་ན་ངོ་བོ་ཉིད་ནས་བརྗོད་ཅེས་བྱ་བའི་ཚིག་ལེའུར་བྱས་པ་ལས་ངོ་བོ་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་འབྱུང་དགོས་ཏེ། ལུས་དང་ཡན་ལག་


JLD018_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་མཐུན་དགོས་པས་སོ། །དེ་ལྟར་དགོས་པ་ལས་མི་འབྱུང་བས་སྐུ་ནི་གསུམ་ཁོ་ན་ཡིན་གྱི་བཞི་མ་ཡིན་ནོ་ཞེས་ཟེར་རོ། །འདིའི་བསམ་པ་ནི་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་གཉིས་སངས་རྒྱས་ཀྱི་ཡུལ་དུ་བཞག་པར་མཚུངས་པས་གཅིག་ཉིད་དུ་རིགས་ཀྱི་ངོ་བོ་ཉིད་ལས་ཆོས་སྐུ་ལོགས་ཤིག་ན་མེད་སྙམ་པའོ། །ཞེས་རྟོགས་དཀར་རོ། །ངོ་བོ་ཉིད་དང་ཆོས་སྐུ་གཉིས་མིང་གི་རྣམ་གྲངས་ཡིན་པས་སངས་རྒྱས་ཀྱི་ས་ལ་ཆོས་ཀྱི་དབྱིངས་ལྟར་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་དེ་ཙམ་ཞིག་ལ་སྔོན་གྱི་སྨོན་ལམ་གྱི་མཐུས་གདུལ་བྱ་རྣམས་ལ་བྱང་ཆུབ་ཕྱོགས་མཐུན་ཞེས་སོགས་ཀྱི་ཡོན་ཏན་རྣམས་དང་ལྡན་པར་སྣང་བ་སྐྱེད་པ་ཡིན་གྱི། རང་བཞིན་དེ་ལྟ་བུ་མ་ཡིན་ཏེ། དེའི་ཕྱིར་ན་དེའི་སྣང་བ་ལོངས་སྤྲུལ་ཡང་དེ་ཉིད་སྔོན་གྱི་སྨོན་ལམ་གྱི་མཐུའི་ཤུགས་ཀྱིས་སྣང་བས་དངོས་སུ་ན་ཐུབ་པ་ཆེན་པོ་ལ་ནི་སྐུ་གཅིག་ཏུ་ཟད་པས་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། རྒྱལ་བས་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པར་མཛད། །ཅེས་པའི་ཚུལ་གྱིས་སྐུ་གཅིག་པུ་དེ་ཉིད་བྱིས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐུ་གསུམ་དུ་བསྟན་ཏོ་ཞེས་འདོད་པའོ་ཞེས་ཚིག་གསལ་ལས་སོ། །གཉིས་པ་ནི་རྩོད་སྤོང་གི་གཉིས་པ་ལན་ཏེ། དགོས་པ་གསུམ་གྱི་སྒོ་ནས་ལན་གདབ་པ། གཉིས་པ་ནི། སྐུ་བཞིར་འདོད་པ་གཞན་དག་ན་རེ་ངོ་བོ་ཉིད་ཀྱི་མཇུག་ཏུ་ཆོས་སྐུའི་སྒྲ་


JLD018_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་བ་ནི་སྒྲུབ་བྱེད་དུ་མི་རུང་སྟེ། འདི་ལྟར་དགོས་པ་རྣམ་པ་གསུམ་གྱི་ཕྱིར་ལུས་རྣམ་གཞག་ཏུ་སྐུ་གསུམ་གྱི་མཇུག་ཐོགས་སུ་ཆོས་སྐུ་སྦྱར་བ་དེ་སྐད་དུ་གསུངས་པ་ཡིན་ཏེ། དཔེར་ན་དགོས་པའི་དབང་གིས་ལུས་དང་ཡན་ལག་མི་མཐུན་པ་ཡོངས་འཛིན་དང་རྟོགས་པ་བཞིན་ནོ། །དེ་ལ་དགོས་པ་དང་པོ་ནི། དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་ཞེས་པ་དེ་རྒྱན་སྣང་དུ་ཉེ་བར་བཤད་ཟིན་པའི་དགོས་པའི་དབང་གིས་དང་ཞེས་སོ། །འདི་ལ་བྱང་ཡེས་སངས་རྒྱས་ཀྱི་ས་ལ་སྐུ་གསུམ་གྱིས་མ་བསྡུས་པའི་ཟག་མེད་ཀྱི་ཆོས་ཀྱི་ལྷག་མ་གང་ཡིན་ཆོས་སྐུར་འདུས་སོ་ཞེས་པའི་དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་ཞེས་དང༌། འབུམ་པས་དགོས་པ་ཉེ་བར་བསྟན་ཟིན་པ་ནི་ཟག་མེད་ཀྱི་ཆོས་ཐམས་ཅད་ཆོས་སྐུས་བསྡུས་སོ་ཞེས་པའི་དགོས་པའི་དབང་གིས་ཞེས་བཤད་ཀྱང་འབྱོར་བར་མི་སྣང་ངོ༌། །དེས་ན་ཆོས་སྟོན་སོགས་ཀྱིས་གཞན་གྱི་དོན་སྒྲུབ་པའི་ཕྱིར་དུ་སངས་རྒྱས་སར་ཁས་བླང་དགོས་པར་སྔར་ལན་གྱི་སྐབས་སུ་ཉེ་བར་བསྟན་ཟིན་པའི་སེམས་སེམས་བྱུང་རྣམས་སྐུ་གཞན་གསུམ་དུ་མི་འདུ་ཞིང་ཆོས་སྐུར་འདུ་དགོས་སོ་ཞེས་པའི་དགོས་པ་འདིའི་ཤུགས་ཀྱིས་ཏེ་ཆེད་དུ་སྐུ་གཞན་གསུམ་བཤད་པའི་འོག་ཏུ་ཆོས་སྐུ་གསུངས་པའོ། །དགོས་པ་གཉིས་པ་ནི། རྒྱན་གྱིས་སཾ་སྐྲྀ་་ཏ་ལ་ཚིག་ལེའུར་བྱས་པ་སྦྱར་བ་སྟེ་སྡེབ་སྦྱོར་ཉམས་པ་སྤང་པའི་ངོར་རོ། །གསུམ་པ་ནི། ཡེ་ཤེས་ཆོས་སྐུ་ཁོ་ན་དང་མཛད་པ་གཉིས་བྱ་བ་དང་བྱེད་པ་པོར་སྦྱར་བར་


JLD018_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་རོ། །ཚིག་གསལ་ལས་དགོས་པ་དང་པོ་གཉིས་གཅིག་ཏུ་བྱས་ནས་གཉིས་སུ་འཆད་པ་ནི་རྒྱན་སྣང་ལས་གསུམ་དུ་ཕྲལ་བ་དང་མི་མཐུན་ནོ། །དེ་བཞིན་དུ་རྟོགས་དཀར་ཡང་ཉེ་བར་བསྟན་པ་སྔར་བཤད་པའི་སྐུ་བཞི་ལ་བྱས་ནས་དེའི་དགོས་པ་གཞན་དུ་མི་འཐད་པས་ཞེས་པའང་དོན་མ་ཡིན་ནོ། །འོ་ན་རྒྱས་བཤད་དུའང་མདོར་བསྟན་བཞིན་མི་འཆད་པ་ཅི་ཞེ་ན། སྐུ་རྣམས་གཙོ་བོའི་རིམ་པས་བསྟན་པ་དང༌། སྐུ་དང་པོ་གཉིས་ཆོས་ཆོས་ཅན་གྱི་འབྲེལ་བ་སྒྲུབ་པའི་ཕྱིར་ཡིན་པས་སོ་ཞེས་ཚིག་གསལ་ལས་སོ། །རྟོགས་དཀར་ནི། གང་ཞིག་གང་དང་འབྲེལ་པ་དེ། །རིང་ན་འདུག་ཀྱང་དེ་དང་དེར། །ཞེས་པ་ལྟར་མདོར་བསྟན་དུའང་ཚིག་གིས་སྐུ་དང་པོའི་འོག་ཏུ་མ་བསྟན་ཀྱང་དོན་གྱིས་འབྲེལ་བར་འཆད་དོ། །སྐུ་བཞིར་འདོད་པ་ལ་གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་པ་དེའི་ཕྱིར་ཕྱོགས་གཞན་སྔགས་ཀྱི་ཐེག་པ་ནས་སྐུ་བཞིར་གསུངས་པ་ཐམས་ཅད་དང་མི་འགལ་ཞིང་མཐུན་པར་འགྱུར་རོ་ཞེས་ཟེར་རོ། །གཉིས་པ་ནི་ཡེ་ཤེས་ཐ་དད་པའི་སྐུར་བསྟན་པའི་གཉིས་པ་དེའི་ཁྱད་པར་བཤད་པ་སྟེ། ཉོན་མོངས་མེད་པ་དང༌། སྨོན་གནས་ཤེས་པའི་ཁྱད་པར་གྱི་སྐོར་བཤད་པ། གཉིས་པ་ལ་གཉིས། ཉོན་མོངས་མེད་པ་དང༌། སྨོན་གནས་ཤེས་པའི་ཁྱད་པར་རོ། །དང་པོ་ལ་གསུམ་ལས། དང་པོ་ནི། ཏིང་ངེ་འཛིན་འདི་ཉན་རང་དགྲ་བཅོམ་ལའང་ཡོད་ན་སངས་རྒྱས་དང་ཁྱད་པར་ཅི་སྙམ་པ་ལ་ཉན་ཐོས་ལ་སོགས་པ་ཞེས་སོགས་སོ། །གཉིས་པ་ལ། གཞན་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ཆགས་སོགས་མི་སྐྱེད་པས་ཉོན་མོངས་མེད་པ་སྟེ་འདི་ལ་གཉིས་ལས། ཉན་ཐོས་དང་དེས་མཚོན་པའི་རང་


JLD018_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དགྲ་བཅོམ་གྱི་ཉོན་མོངས་པ་མེད་པའི་ལྟ་བ་སྟེ་ཏིང་ངེ་འཛིན་ནི་གྲོང་སོགས་སུ་མིས་མཚོན་པའི་སེམས་ཅན་གང་དང་གང་གི་ཉོན་མོངས་པ་ཡོངས་སུ་སྤོང་བར་འདོད་པས་དེ་དང་དེ་ལ་ལྟ་བར་མི་འདོད་པའོ། །རྒྱལ་བའི་ཉོན་མོངས་པ་མེད་པ་ནི་སེམས་ཅན་འདི་བདག་ལ་དམིགས་ནས་ཉོན་མོངས་རྒྱུན་དུ་གནས་པར་མ་གྱུར་ཅིག་ཅེས་དེ་ལ་ལྷག་པར་གཟིགས་པར་བཞེད་ཅིང་གྲོང་སོགས་སུ་གཤེགས་ནས་སེམས་ཅན་དེའི་ཉོན་མོངས་རྣམས་རྒྱུན་གཅོད་པའོ། །དག་ལྡན་ལས། ཉན་ཐོས་རྣམས་ཀྱིས་གྲོང་སོགས་སུ་གང་དག་མཐོང་བར་གྱུར་པ་ན་དེའི་ཉོན་མོངས་སྐྱེ་བར་ཤེས་པའི་ཚེ་སེམས་ཅན་མཐོང་བ་ཉིད་ཟློག་པར་བྱེད་ཀྱི་ཉོན་མོངས་མངོན་དུ་གྱུར་ཟིན་ཟློག་པར་མི་བྱེད་པ་ནི། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང༌། མཐོང་བ་མི་ཟློག་གི་མཐོང་བ་ཡོད་ཀྱང་དེ་དག་གི་ཉོན་མོངས་རྒྱུན་གཅོད་པ་ནི་དེ་བཞིན་གཤེགས་པའི་ཉོན་མོངས་མེད་པའོ་ཞེས་འཆད་དོ། །འདི་གཉིས་ལྟར་ན་ཉན་ཐོས་ནི་དམིགས་རྐྱེན་དུ་གྱུར་དོགས་ནས་སེམས་ཅན་དེ་དག་གི་དྲུང་དུ་མི་འགྲོ་བར་མངོན་ནོ། །ཀུན་བཏུས་འགྲེལ་པར། སེམས་ཅན་གང་དག་གི་མིག་ལམ་དུ་སྣང་བར་འདོད་པ་དེ་དག་བདག་ལ་དམིགས་ནས་ཉོན་མོངས་མི་འབྱུང་བར་བྱ་སྙམ་ནས་སྨོན་གནས་ཤེས་པས་མ་འོངས་པ་ན་འབྱུང་བ་ལ་བལྟས་ཏེ་དེའི་དྲུང་དུ་འགྲོ་ཡང་རུང་མི་འགྲོ་ཡང་རུང་ཅི་ནས་སེམས་ཅན་དེ་དག་ལ་ཆགས་སྡང་སོགས་མི་སྐྱེད་དོ་སྙམ་ནས་དེའི་ཕྱིར་དུ་བསམ་གཏན་ལ་བརྟེན་ནས་གཞན་གྱི་སེམས་རྗེས་སུ་བསྲུང་


JLD018_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞི་ལྷག་ལ་འཆད་དོ། །མཛོད་ལས། ཉོན་མོངས་མེད་པ་ཀུན་རྫོབ་ཤེས། །བསམ་གཏན་མཐའ་ན་མི་གཡོའི་ཆོས། །མིས་བསྐྱེད་ཉོན་མོངས་འདོད་གཏོགས་པ། །མ་སྐྱེས་གཞི་བཅས་སྤྱོད་ཡུལ་ཅན། །ཞེས་ངོ་བོ་ཀུན་རྫོབ་ཤེས་པ་དང་ས་བསམ་གཏན་བཞི་པའི་རབ་མཐའ་དང་རྒྱུད་མི་གཡོའི་དགྲ་བཅོམ་དང་རྟེན་མི་དང་དམིགས་པ་འདོད་ཉོན་ཏེ་དེ་ཡང་གཞི་བཅས་སྒོམ་སྤང་དང་གཞི་མེད་མཐོང་སྤང་གཉིས་ལས་དང་པོའོ་ཞེས་འཆད་དོ། །གསུམ་པ་ནི་གོ་སླའོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། དོགས་པ་སྔར་ལྟར་བསུས་ནས། ཉན་ཐོས་ལ་སོགས་པའི་སོགས་སོ། །གཉིས་པ་ནི། སྤྱིར་སྨོན་གནས་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་འདི་ཤེས་པར་གྱུར་ཅིག་སྙམ་པའི་སྨོན་ལམ་གྲུབ་པ་ན་ཁམས་གསུམ་ན་གནས་པའི་ཤེས་བྱ་གང་དང་གང་མཁྱེན་པར་འདོད་པ་དེ་ལ་འདི་ཤེས་པར་བྱའོ་སྙམ་དུ་ཡིད་ལ་སྨོན་ཏེ་བསམ་གཏན་ལ་ཞུགས་ནས་དེ་ལས་ལངས་པ་ན་སྨོན་པ་བྱས་པ་དེས་ཤེས་བྱ་དེ་དག་རིག་པར་འགྱུར་བའོ། །དེ་ལ་སངས་རྒྱས་ནས་ནི་ཉན་རང་གི་དེ་ལས་ཁྱད་པར་འཕགས་ཏེ་འཕགས་ཆོས་གང་ན་ལྟ་སྟེ། རང་གི་རང་གིས་འཇུག་པའི་ལྷུན་གྲུབ་དང༌། རྒྱུན་མི་འཆད་པས་ཆགས་སྤངས་དང༌། ཤེས་བྱ་ཐམས་ཅད་ལ་ཞུགས་པས་ཐོགས་མེད་དང༌། རྟག་ཏུ་མཉམ་པར་གཞག་པས་རྟག་གནས་དང༌། ཞུས་ལན་ཐམས་ཅད་འདེབས་པར་མཛད་པས་འདྲི་བ་སོགས་སོ། །མཛོད་ནས། སྨོན་


JLD018_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤེས་པའང་དེ་བཞིན་ནོ། །དེ་ཡི་དམིགས་པ་ཐམས་ཅད་དོ། ཞེས་ཁྱད་པར་གཞན་རྣམས་འདྲ་བ་ལ་དམིགས་པ་ཁྱད་པར་དུ་མཛད་དོ། །གསུམ་པ་ནི། མཚན་མ་མེད་པ་ནི་འབད་རྩོལ་གྱིས་སོ། །ཡང་དག་པའི་སོ་སོར་རིག་པ་བཞི་ནི་ཆོས་སྟོན་པའི་རྒྱུ་ཕུན་སུམ་ཚོགས་ཏེ་འདྲི་བའི་ལན་འདོན་པའི་རྒྱུའོ། །ཇི་ལྟར་ལན་ལྡོན་པ་ནི་བདེན་སྨྲས་ཞུས་པ་ལས། ཇི་ལྟར་སེམས་ཅན་ཀུན་གྱི་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ནས། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས། །ཞེས་པ་ལྟར་རོ། །ཉན་ཐོས་ལ་སོགས་པ་ཡི་ནི་ཁྱད་པར་ལྔ་ལྡན་དེ་ལས་བཟློག་པ་ཉིད་ཀྱིས་དེ་ལྟ་མ་ཡིན་པར་ཤུགས་ལ་འཕངས་སོ། །ཡེ་ཤེས་བརྒྱ་ཞེ་དྲུག་ལས་འདི་གཉིས་ཉིད་ལས་ཁྱད་པར་འཆད་པ་ནི་གཞན་རྣམས་ལའང་མཚོན་པའི་ཆེད་དེ། དེ་ཐམས་ཅད་ཀྱང་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་རབ་ཏུ་ཕྱེ་བས་སོ། །གསུམ་པ་ནི་ཡེ་ཤེས་ཐ་དད་པའི་སྐུར་བསྟན་པའི་གསུམ་དེ་ལ་རྩོད་སྤོང་སྟེ། ཆོས་སྐུའི་ཁྱབ་པ་དང་རྟག་པ་གཉིས་ཀ་ལ་རྩོད་པ་རིམ་བཞིན་སྤོང་བའི་སྐོར་བཤད་པ། གསུམ་པ་ལ་གཉིས། ཆོས་སྐུ་ཁྱབ་པ་དང༌། རྟག་པ་གཉིས་ཀ་ལ་རྩོད་སྤང་ངོ༌། །དང་པོ་ལ་གཉིས། རྩོད་པས་མཚམས་སྦྱར། ལན་གྱིས་དོན་བཤད་པའོ། །དང་པོ་ནི། སངས་རྒྱས་དེ་དུས་རྟག་ཏུ་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུ་ལ་བཞུགས་ན་ཡང་ཇི་ལྟར་རྟག་ཏུ་སེམས་ཅན་གྱི་དོན་མཛད་པ་འགལ་ལ་དོན་མི་མཛད་ནའང་ཐུགས་རྗེ་ཆེན་པོ་ལ་བཞུགས་པ་འགལ་ཞེས་བྱ་བའི་རྩོད་པ་དེའི་ལན་གདབ་པའི་ཕྱིར་བར་ཚིགས་ཀྱིས་གསུངས་སོ། །གཉིས་པ་


JLD018_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས། དོན་དངོས་དང༌། དེ་དཔེས་སྒྲུབ་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི་སྣང་ངོ༌། །གང་ལ་ན་གདུལ་བྱ་གང་དང་གང་ལའོ། །གང་ན་སངས་རྒྱས་བཅོམ་ལྡན་འདས་དེའོ། །ཉི་སྣང་དང་དག་ལྡན་ལྟར་ན་སྤྲུལ་པ་དང་ངོ་བོ་ཉིད་ཀྱི་སངས་རྒྱས་སོ། །གང་གི་ཚེ་ན། དུས་གང་དང་གང་དུ་ཆོས་སྟོན་པ་ལ་སོགས་པའི་བྱ་བས་ཕན་པར་གྱུར་པ་དེའི་ཚེའོ། །ཇི་ལྟར་ན། གདུལ་བྱའི་སྣང་བ་དེ་དང་དེ་ལ་སྣང་བ་དང་འཚམ་པའོ། །རྒྱུ་གང་ལས་ན། འཚང་རྒྱ་བའི་རྒྱུ་ཡོངས་སུ་སྨིན་པར་གྱུར་པ་དེ་ལས་སོ། །གཉིས་པ་ལ་གཉིས། རྩ་བའི་དོན་དཀྲོལ། དེས་གྲུབ་པའི་ལན་ནོ། །དང་པོ་ནི། མཛད་དོ། །གང་ན། མངོན་མཐོ་ངེས་ལེགས་ཀྱི་དོན་གྱི་བྱ་བའོ། །གང་གིས་ན། བཅོམ་ལྡན་འདས་ཀྱིས་སོ། །ཇི་ལྟར་ན། གདུལ་བྱ་དེ་དང་དེའི་ངོར་རང་རང་གི་སྣང་བ་དང་འཚམ་པར་ཏེ་རབ་དགའ་འདུལ་བ་ལ་དྲི་ཟར་སྤྲུལ་པ་ལྟ་བུའོ། །གང་གི་ཚེ་ན། གདུལ་བྱའི་སེམས་ཅན་གང་ལ་གང་གི་དུས་སུ་ཆོས་སྟོན་པ་དང་སོགས་འོད་འགྱེད་པ་སོགས་མཛད་ན་ཡུན་དུ་འཕྲོད་བ་སྐྱེ་སྟེ་སྐྱེ་བ་ཐམས་ཅད་དུ་ཕན་པར་གྱུར་པ་དེའི་ཚེའོ། །རྒྱུ་གང་ལས་ན། གདུལ་བྱ་རྒྱུད་དག་པ་དང་དེ་བཞིན་གཤེགས་པའི་སྡོན་གྱི་སྨོན་ལམ་གྱི་མཐུ་ལས་སོ་ཞེས་སྟོན་པ་ནི། དགེ་བའི་བཤེས་གཉེན་དང་སོགས་པས་གྲོགས་དམ་པ་སོགས་དང་ཕྲད་པས་རྐྱེན་བྱས་ཏེསྔོན་བསྐྱེད་པའི་དགེ་བའི་རྩ་བའི་ས་བོན་རྟས་ཤིང་མཐུ་ཅན་དུ་གྱུར་ནས་དོན་དུ་འགྱུར་བ་དེ་དང་


JLD018_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་དེའི་དོན་བྱ་བའི་ཕྱིར་དུ་སྔོན་བཏབ་པའི་སྨོན་ལམ་གྱི་མཐུ་གྲུབ་པས་སོ། །སྔོན་སྐྱེད་པའི་དགེ་རྩ་ནི་སངས་རྒྱས་དང་སོགས་པས་ཉན་རང་གི་བྱང་ཆུབ་དང་མངོན་མཐོ་ལ་ཐོབ་བྱར་དམིགས་པའི་རྒྱུའོ། །རྟོགས་དཀར་སྐྱིལ་ཀྲུང་བྱས་ནས་མདུན་དུ་སངས་རྒྱས་བྱང་སེམས་བློས་དམིགས་པའི་རྒྱུ་ལམ་ལ་སོགས་པ་ལ་བསླབ་པས་ཡོངས་སུ་རྟས་པ་སྟེ་འཚང་རྒྱ་བའི་འབྲས་བུ་སྦྱིན་པ་ལ་མངོན་དུ་ཕྱོགས་པའི་རྒྱུ་བརྙེས་པའོ། །ལམ་ལ་སོགས་པ་བརྙེས་པ་དེའང་གང་ལས་ཡིན་ན། སྔོན་སྐྱེད་པའི་ས་བོན་ཡོད་པ་ལས་ཞེས་འཆད་དོ། །གཉིས་པ་ནི། །སྔར་བཤད་པ་དེ་བས་ན་དུས་ཐམས་ཅད་དུ་དགོས་པའི་དོན་སྒྲུབ་པ་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སངས་རྒྱས་དང་དུས་ཐམས་ཅད་དུ་ཐག་ཉེ་བར་གནས་ཀྱང་རང་གི་ལས་ངན་གྱི་ཉེས་པས་སྐྱེད་པའི་སེམས་ཅན་ལ་ཕྲིན་ལས་དངོས་སུ་འཇུག་པའི་རྒྱུ་མ་ཚང་བས་འབྲས་བུ་མངོན་མཐོ་སོགས་སྨིན་པར་མཛད་པར་མི་སྣང་ངོ་སྙམ་དུ་རྗེ་བཙུན་གྱིས་དགོངས་པ་ཡིན་ནོ། །གཉིས་པ་ལ་གསུམ་ལས་དང་པོ་ནི། སྔར་བཤད་པ་དེ་དཔེ་ཇི་ལྟ་བུ་ཞིག་སྙམ་པ་ལ་བར་ཚིགས་ཀྱིས་དཔེ་གསུངས་སོ། །བསྟན་བཤད་གཉིས་ལ་ལྷའི་རྒྱལ་པོ་ནི་བརྒྱ་བྱིན་ལ་རྟོགས་དཀར་འཆད་ཅིང༌། བཅོམ་རལ་ནི་ལུང་ལས་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཀྱིས་གོས་རྒྱ་མཚོར་བཅུག་སྟེ་སྤྲུགས་ནས་ཆར་འབེབས་སོ་ཞེས་གསུངས་པ་ལ་འཆད་དེ་ལྷག་མ་ནི་གོ་སླའོ། །གཉིས་པ་ལ་གཉིས། རྩོད་པས་མཚམས་སྦྱར།


JLD018_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གྱིས་དོན་བཤད་པའོ། །དང་པོ་ནི། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་ཇི་ལྟར་ན་དུས་ཐམས་ཅད་དུ་ཁྱབ་བ་ཞེས་བརྗོད་དེ་མི་རིགས་པར་ཐལ། འོག་མིན་སོགས་ན་གནས་པའི་རྣལ་འབྱོར་པ་སོ་སོར་ངེས་པའི་རྟེན་གྱི་རྒྱུད་ལ་ཡོད་པའི་ཕྱིར། ཡང་ཇི་ལྟར་ན་རྟག་པ་ཞེས་ཀྱང་བརྗོད་དེ་མི་རིགས་པར་ཐལ། སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འབྱུང་བས་ཤེ་ན། དེའི་ལན་དུ་བར་ཚིགས་གསུངས་སོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། སངས་རྒྱས་ཀྱི་ཆོས་སྐུ་ནི་སོ་སོར་ངེས་པའི་རྟེན་ལ་ཡོད་ཅིང་སྐད་ཅིག་རེ་རེ་ལ་འབྱུང་ཡང་ཁྱབ་པ་དང་རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ཏེ། རིམ་པ་ལྟར་སྔར་རྒྱུ་ནི་སོགས་སུ་བཤད་པ་དེ་ལྟར་སྐལ་ལྡན་ཐམས་ཅད་ལ་མཛད་པ་འཇུག་པ་རྒྱ་ཆེ་བའི་ཕྱིར་དང༌། སངས་རྒྱས་དེ་ཉིད་རྒྱུན་ཟད་པའམ་ཆད་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཇི་སྐད་བཤད་པ་ནི་རྒྱུ་ནི་ཞེས་སོགས་སུའོ། །ཐམས་ཅད་དུ་སྣང་བ་ནི་སྡོང་པོ་བཀོད་པ་ལས། །དེ་དག་ཀུན་ཏུ་འཚོ་བའི་ཆོས་འཛིན་ཅིང༌། །བླ་ན་ཡོད་དང་བླ་ན་མེད་རྣམས་དང༌། །རལ་པ་རིང་དང་གཞོན་ནུའི་བརྟུལ་ཞུགས་ཅན། །དེ་དག་གི་ཡང་སློབ་དཔོན་འབྱུང་བ་ཡིན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་བཟད་གཏེར་རྣམས་དང༌། །ཡིད་བཞིན་ནོར་བུ་འདོད་པ་འབྱིན་ཤིང་དང༌། །ལམ་གོལ་འཁྱམས་པ་རྣམས་ལ་ལམ་སྟོན་འགྱུར། །ཞེས་པ་ལྟར་རོ། །གསུམ་པ་ནི་སྐུ་བཤད་པའི་གསུམ་པ་སྟེ། ལོངས་སྐུ་བཤད་པའི་ས་བཅད་སྤྲོ་ཞིང་དང་པོར་རང་བཞིན་མདོར་བསྟན་གྱི་སྐོར་བཤད་པ། གསུམ་པ་ལ་གཉིས། རང་བཞིན་མདོར་བསྟན། ཡོན་ཏན་


JLD018_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེ་ལྟར་སྐུ་གཉིས་པ་ཡེ་ཤེས་ཀྱི་སྐུ་བསྟན་ཟིན་ནས་གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་སོ། །ཇི་ལྟ་བུ་ན་གཟུགས་ཀྱི་སྐུའི་ངོ་བོ་ཉིད་མཚན་དང་དཔེ་བྱད་བཟང་པོས་ལྷམ་མེར་བྱས་པའི་ཚུལ་གྱིས་འབར་བའོ། །མདོའི་འབྲེལ་ནི། ཆོས་སྐུར་བཤད་པའི་ཡོན་ཏན་དེ་དག་ཐོབ་པའི་མཐུས་ལོངས་སྐུའི་སྒོ་ནས་ཆོས་ཀྱི་ལོངས་སྤྱོད་ལ་འཇུག་པར་གསུངས་སོ། །གཉིས་པ་ནི། མཚན་ནི་ནས་བརྒྱད་ཅུའི་བདག་ཉིད་ཀྱི་གཟུགས་སྐུ་འདི་ཐུབ་ནས་བཞེད་དོ། །དེའི་སྒྲ་དོན་ནི་ཐེག་ཆེན་གྱི་ཆོས་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་ཏེ། རབ་འབྱོར་གཞན་ཡང་ཡུམ་འདི་ལ་བསླབས་ཤིང་ཆོས་དེ་དག་ཐམས་ཅད་ཐོབ་ནས་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུའི་བརྒྱན་པ། བྱང་ཆེན་རྣམས་ལ་ཐེག་པ་མཆོག་གི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང་བདེ་བ་དང་ཚིམ་པ་དང་རབ་ཏུ་དགའ་བ་སྟོན་པར་མཛད་པར་འགྱུར་རོ། །ཞེས་སོ། །གལ་ཏེ་མཚན་དཔེ་འདི་དག་སྤྲུལ་སྐུ་ལའང་ཡོད་པ་མ་ཡིན་ནམ་ཅིའི་ཕྱིར་ལོངས་སྐུ་ཉིད་ལ་བཤད་ཅེ་ན་རྒྱུད་བླ་མར། མཐོང་ན་ཚིམ་བྱེད་ཡོན་ཏན་གང༌། །སུམ་ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་རྫོགས་སྐུ་


JLD018_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་བརྟེན། །ཞེས་པ་ལྟར་གཉིས་ལ་ཡོད་ཀྱང་རྣམ་སྨིན་གྱི་འབྲས་བུ་དངོས་ནི་ལོངས་སྐུའི་ཡིན་ལ་སྤྲུལ་སྐུའི་དེ་ནི་བདག་འབྲས་ཙམ་སྟེ་འདི་ནི་ལོངས་སྐུའི་ཡང་གཟུགས་བརྙན་དུ་གསུངས་པས་སོ། །འདི་དག་འཁོར་བསྒྱུར་ལའང་ཡོད་པ་མ་ཡིན་ནམ་ཇི་ལྟར་ན་སངས་རྒྱས་ཀྱི་ཡོན་ཏན་དུ་སྦྱར་ཞེ་ན། རིན་ཆེན་ཕྲེང་བར། འཁོར་ལོས་བསྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱི། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་པ་ལྟར་ཡིན་པས་ཉེས་པ་མེད་དོ། །གསུམ་པ་ནི། སངས་རྒྱས་ནས་ཡིན་ནོ། །གང་ན། མཚན་ནས་བརྒྱད་ཅུ་དང་མཚན་པའི་ངོ་བོ་ཉིད་ཀྱི་གཟུགས་སྐུ་འདི་ནིའོ། །རྒྱུ་མཚན་ནི། བྱང་ཆེན་ནས་རྫོགས་པར་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །འདིའི་འཁོར་གྱི་བྱང་སེམས་དེ་གང་ན། གཞུང་ཁ་ཅིག་ལས་ས་བཅུ་པ་ལ་གནས་པས་ཞེས་འབྱུང་ལ་དེ་དང་མཐུན་པར་ཚིག་གསལ་ལས་ཀྱང་ས་བཅུ་པ་ལ་གནས་པར་རང་ལུགས་དང༌། ས་བརྒྱད་པ་ནས་བཟུང་སྟེ་སྣང་བའི་ལུགས་དང་སྨོན་ལམ་དང༌། བསོད་ནམས་ཆེར་བསགས་པའི་མཐུ་ལས་ཐམས་ཅད་ལ་སྣང་མོད་ཀྱི་ཉན་རང་ལ་ཆ་ལུགས་ལ་ཞེན་པ་ནི་སྣང་བར་མི་འགྱུར་ཞེས་པའི་གཞན་འདོད་བཀོད་དོ། །འོན་ཀྱང་གཞུང་ཁ་ཅིག་ལས་ས་བཅུ་ལ་གནས་པ་ཞེས་འབྱུང་ཞིང་རྒྱན་སྣང་དུའང་བྱང་ཆེན་ས་བཅུ་ལ་བཞུགས་པ་རྣམས་དང་ཞེས་འབྱུང་བས་སློབ་དཔོན་གྱི་ཆ་བཞེད་པ་ཡང་ས་བཅུ་


JLD018_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལ་གནས་པ་ཡིན་ཞིང་ཤེར་སྒྲོན་དང་གྲགས་ཆར་ཡང་དེ་ལྟར་རོ། །ཉི་སྣང་དང་རྣམ་འགྲེལ་ལས་ནི་བྱང་ཆེན་ས་ཆེན་པོ་ལ་བཞུགས་པ་རྣམས་ཞེས་པ་ཙམ་ལས་མེད་ལ། དག་ལྡན་ལས་བྱང་སེམས་ཐོབ་པ་རྣམས་ཀྱིས་རྫོགས་པར་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པའོ་ཞེས་འབྱུང་བས་སྔ་མ་དང་མཐུན་ནོ། །དཔལ་ལྡན་ཟླ་བ་གྲགས་པས་ཀྱང་འཁོར་དེ་དང་མཐུན་པ་དང་གང་དུ་བྱང་ཆུབ་པ་སོགས་གསུངས་པ་ནི། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །མཚན་དང་དཔེ་བྱད་རབ་འབར་ཞིང༌། །སྐྱེ་བོ་རྣམས་ལ་སྣ་ཚོགས་གཟུགས། །རང་མོས་དབང་གིས་འཛིན་པར་བྱེད། ། བསོད་ནམས་ཚོགས་ནི་དཔག་མེད་ལས། །བྱུང་བ་དེ་ནི་རྒྱལ་བའི་སྲས། །ས་བཅུ་ལ་ནི་གནས་རྣམས་ཀྱིས། །དེ་ལྟ་བུ་ཡི་སྐུར་གཟིགས་སོ། །འདི་དེ་ཆོས་རྫོགས་ལོངས་སྤྱོད་ལས། །རྒྱལ་སྲས་རྣམས་ཀྱི་སྤྱོད་བྱའོ། །ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། །འོག་མིན་གཞལ་ཡས་ཁང་དུ་ནི། །དེ་ཉིད་མངོན་སུམ་བྱ་བར་བཞེད། །རྣམ་པར་རྟོག་མེད་སངས་རྒྱས་ཀྱི། །གཟུགས་ཀྱི་སྐུ་རྣམས་ཡང་དག་འབྱུང༌། །སྤྲུལ་པའི་སྐུ་རྣམས་བྱང་ཆུབ་པ། །ས་ཡི་སྟེང་དུ་སྟོན་པར་བྱེད། །ཅེས་སྐྱབས་འགྲོ་བདུན་ཅུ་པར་གསུངས་སོ། །གཉིས་པ་ནི་ལོངས་སྐུ་བཤད་པའི་གཉིས་པ་སྟེ། ཡོན་ཏན་རྒྱས་པར་བཤད་པའི་ས་བཅད་སྤྲོ་ཞིང་དང་པོར་མཚན་དཔེའི་ཁྱད་པར་ཞིབ་ཏུ་བཤད་པ། གཉིས་པ་ལ་གཉིས། མཚན་དཔེའི་ཁྱད་པར་དང༌། མཚན་དཔེ་དངོས་སོ། །དང་པོ་ནི། མཚན་དཔེ་གཉིས་ལ་ཁྱད་པར་ཅི་ཞེ་ན། སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པས་མཚན་དང་གཞན་རྒྱུད་


JLD018_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོ་བར་བྱེད་པས་དཔེ་བྱད་དེ། དེའི་དོན་ཡང་ཕ་རོལ་ལ་སྐུའི་མཛེས་པ་སྐྱེད་པའོ། །གཞན་ཡང་མཚན་རྣམས་གཙོ་བོ་ཡིན་པས་རེ་རེ་ཡང་ཕྱིན་དྲུག་གི་རྒྱུ་ལས་བྱུང་བར་བསྟན་ཏེ། སྨིན་མཚམས་ཀྱི་མཛོད་སྤུ་ཁ་དོག་དཀར་བ་དང་གཡས་སུ་འཁྱིལ་བ་དང་སྤ་ཞིང་ཟིལ་གྱིས་མི་ནོན་པ་དང་རིང་བར་གནས་པ་དང་ཤིན་ཏུ་འཁྱིལ་ཞིང་ལེགས་པར་གནས་པ་དང༌། འོད་མཐའ་ཡས་པས་ཁྱབ་པ་རྣམས་རིམ་པ་ལྟར་དེ་དྲུག་གི་འབྲས་བུར་གསུངས་ཏེ། རྒྱས་པར་ནི་བསྐལ་པ་བཟང་པོ་ལས་སོ། །དཔེ་བྱད་རྣམས་ནི་འཁོར་ཡིན་པས་དེ་ལྟར་མ་བསྟན་ཏེ་གཙོ་བོ་བསྡུས་པས་སོ། །གཙོ་འཁོར་དུ་ཇི་ལྟར་གནས་ནི། སོར་མོ་དང་སེན་མོའི་དཔེ་བྱེད་དྲུག་ནི་ཕྱག་སོར་རིང་བའི་འཁོར་རོ། །དབུ་རྒྱས་པ་དང་དབུ་སྐྲ་དྲུག་སྟེ་བདུན་ནི་གཙུག་ཏོར་དང་སྤུ་གཡས་སུ་འཁྱིལ་པ་ཡིའོ། །དཔྲལ་བ་གཉིས་དང་སྨིན་མའི་བཞི་དང་ཤངས་ཀྱི་གཉིས་ཏེ་བརྒྱད་ནི་མཛོད་སྤུ་ཡིའོ། །སྤྱན་གྱི་བཞི་རྫི་མ་སྟེ་ལྔ་ནི་སྤྱན་མཐོན་མཐིང་དང་རྫི་མ་བའི་རྫི་མ་ལྟ་བུ་ཡིའོ། །གཟིགས་པ་སྒྲིབ་མེད་དག་པ་ལ་སྤྱན་མཛེས་པར་འཛུམས་པ་ཞེས་ཟེར་རོ། །སྙན་གྱི་གཉིས་ནི་འགྲམ་པ་སེང་གེ་འདྲ་བ་ཡིའོ། །ཞལ་གྱི་གཉིས་དང་ལྗགས་ཀྱི་གསུམ་དང་གསུང་གི་གསུམ་དང་མཆེ་བའི་ལྔ་སྟེ་བཅུ་གསུམ་ནི་ལྗགས་ཡངས་དང་ཚངས་དབྱངས་དང་ཚེམས་ཀྱི་མཚན་བཞི་དང༌། རོ་བྲོ་བའི་མཆོག་མཁྱེན་པའི་སྟེ་ཇི་ལྟར་རིགས་པར་སྦྱར་རོ། །རྩའི་གཉིས་དང་ལོང་བུ་མི་མངོན་པ་སྐུ་གཞོན་མདོག་ཅན་ཕྱག་འཇམ་པ་དང་


JLD018_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རིས་ཀྱི་གསུམ་སྟེ་བརྒྱད་ནི་ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་ཞབས་ལོང་མི་མངོན་པ་ཡིའོ། །ཞབས་མཉམ་ནི་རུས་སྦལ་ཞབས་ཀྱིའོ། །གཤེགས་སྟབས་བདུན་དང་གོམ་སྙོམས་དང་བརྒྱད་ནི་སོར་མོ་དྲ་བས་འབྲེལ་བ་དང་རྟིང་པ་ཡངས་པ་རྣམས་ཀྱིའོ། །སྐུ་འཁྲིལ་བག་ཆགས་པ་ནས་དག་པའི་བར་དྲུག་དང་ཁོ་ལག་ཡངས་པ་དང་སྐུ་མ་ཞུམ་པ་ནས་གྲིམས་པའི་བར་གསུམ་དང་ཡན་ལག་རྣམ་འབྱེས་དང་དཀུ་ཟླུམ་པ་ནས་ཕྱལ་ཕྱང་ངེ་བའི་བར་བཞི་དང་ཀུན་ནས་བལྟ་ན་སྡུག་པ་ནས་སྨེ་བ་མེད་པའི་བར་གསུམ་སྟེ་བཅོ་བརྒྱད་ནི་སྐུ་ཆེ་ཞིང་དྲང་བ་བདུན་མཐོ་བ་གསེར་མདོག་འདྲ་བ་པགས་པ་སྲབ་པ་དཔུང་མགོ་ཟླུམ་པ་ཐལ་གོང་རྒྱས་པ་རོ་སྟོད་སེང་གེ་འདྲ་བ་ཤིང་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པ་ཡིའོ། །ཕྱག་ཕྱང་ངེ་བ་ཕྱལ་མ་རྙོངས་པ་དཀུ་ཟླུམ་པ་ལྟེ་བ་ཟབ་པ་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ལྔ་ནི་གསང་གནས་སྦུབས་སུ་ནུབ་པ་ཡིའོ། །དཔལ་བེའུ་བཀྲ་ཤིས་ཉ་གཡུང་དྲུང་འཁྱིལ་བ་སོགས་ནི་འཁོར་ལོའི་མཚན་དང་དྲ་བས་འབྲེལ་བའི་འཁོར་ལོ་ཞེས་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གསུང་ངོ༌། །འདི་ནི་སྤྱིར་ལེགས་ཀྱང་ཞིབ་ཏུ་བརྟགས་ན་མཚན་རྫོགས་པ་དང་ཕྱལ་རིང་ཞིང་རྒྱས་པ་གཉིས་སྦྱར་དགོས་པ་ཆད་པ་དང་ཕྱལ་ཕྱང་ངེ་བ་དང་ཕྱལ་མ་རྙོངས་པ་དཀུ་ཟླུམ་པ་གསུམ་སྦྱར་ཟིན་པ་སླར་ཡང་སྦྱར་བ་དང་གསུང་ལ་གསུམ་བྱས་པ་ལྷག་ལ་མ་རྙོངས་པ་ལ་ཕྱལ་དང་དཀུ་གཉིས་སུ་བྱེད་པ་ནི་མདོ་འགྲེལ་ཚད་མ་གང་དང་ཡང་མི་མཐུན་ནོ། །


JLD018_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་སྦུབས་སུ་ནུབ་པའི་འཁོར་ལ་ལྔ་ཡོད་པའི་དང་པོ་གསུམ་དོར་ནས་མཚན་རྫོགས་པ་བཅོ་བརྒྱད་པའི་ཟླ་ལ་བགྲང་ཞིང་ཕྱག་རིང་ཞིང་རྒྱས་པ་ཕྱག་རིང་མཛེས་པའི་འཁོར་དུ་བྱའོ། །གཞན་ཡང་གཙོ་བོ་མཚན་སྤུ་གྱེན་དུ་ཕྱོགས་པ་བྱིན་པ་ཨེ་ན་ཡའི་འདྲ་བ་ཕྱག་རིང་ཞིང་མཛེས་པ་གསུམ་འཁོར་དང་མ་སྦྱར་ཡང་ཕྱི་མ་ནི་སྔར་ལྟར་བྱ་ལ་དང་པོ་ནི་སྤུ་གཡས་སུ་འཁྱིལ་བའི་ཟླ་དང་བར་པ་ནི་ཕྱག་ཞབས་འཇམ་པའམ་རུས་སྦལ་ཞབས་ཀྱི་ཟླ་ལ་བགྲང་ ངོ༌། །མཛོད་སྤུའི་འཁོར་དུ་བཤད་པའི་སྨིན་མ་བཞི་ཡང་སྤྱན་གྱི་མཚན་གཉིས་ཀྱི་འཁོར་དུ་འགྲིག་གོ །གཉིས་པ་ནི་ཡོན་ཏན་རྒྱས་བཤད་ཀྱི་གཉིས་པ་མཚན་དཔེ་དངོས་ཏེ། འདིའི་ས་བཅད་སྤྲོ་ཞིང་དང་པོར་མཚན་བཟང་སོ་གཉིས་བཤད་པ། གཉིས་པ་ལ་གཉིས། མཚན་དང་དཔེ་བྱད་དོ། །དང་པོ་ལ་གཉིས། དངོས་དང༌། དེ་སྐྱེད་པའི་རྒྱུའོ། །དང་པོ་ལ་གསུམ་ལས་དང་པོ་ནི། མཚན་སོགས་སོ། །གཉིས་པ་ནི། འགྲེལ་པར་འཆད་དོ། །གསུམ་པ་ནི། འགྲེལ་ཚིག་སྔ་མ་སོ་གཉིས་ཀྱིས་རྒྱུ་དང་ཕྱི་མ་སོ་གཉིས་ཀྱིས་ངོ་བོ་བསྟན་ནོ། །དེ་ལ་བསུ་བའི་སོགས་པས་ཆོས་མཉན་པ་ལ་བསྟོད་པ་གཙུག་ལག་ཁང་དང་མཆོད་རྟེན་ལ་མེ་ཏོག་ཕྲེང་བ་དང་བཤོས་འབུལ་བ་གཡོག་འཁོར་སྦྱིན་པའོ། །འཁོར་ལོའི་མཚན་ནི་རུས་པའམ་བ་སོ་ལ་བརྐོས་པ་དང་འདྲ་བར་རྩིབས་སྟོང་ལྟེ་བ་མུ་ཁྱུད་རྣམས་རྫོགས་པའོ། །སྡོམ་པ་ཡང་དག་པར་བླངས་པ་བརྟེན་པ་ནི། རིན་ཆེན་ཕྲེང་བར། རྒྱལ་པོ་ཆོས་ལ་རྟག་པར་ནི། །ཡང་དག་བླངས་པ་བརྟན་པོར་མཛོད། །ཅེས་པ་ལྟར་ལུང་རྟོགས་ཀྱི་ཆོས་ལ་གནས་


JLD018_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་བཅའ་བརྟེན་པའོ། །ཞབས་ཤིན་ཏུ་གནས་པ་ནི་ཞབས་མཐིལ་གཉིས་མ་རྙོངས་པར་ས་ལ་མཉམ་པར་འཇོག་པའོ། །ཕྱག་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་པ་ནི་སོར་ཚིགས་དང་པོ་ནས་བརྩམས་པའི་སོར་མོའི་བར་ལ་སེང་སེང་པོ་འང་མེད་ལ་སོར་གདུབ་ལ་སོགས་པའི་རྒྱན་ཡང་གཞུག་རུང་བ་ཞེས་དགོངས་རྒྱན་ལས་སོ། །བཟའ་བཅའ་གཉིས་ཀྱི་སོགས་པས་བཏུང་བ་དང་ལྡག་པའོ། །འཇམ་པ་ནི་ཤིན་ཏུ་གཞོན་པ་དང་གཞོན་ཤ་ཆགས་པ་ནི་ཁ་དོག་ཕུན་སུམ་ཚོགས་སོ་ཞེས་དགོངས་རྒྱན་ལས་ཏེ་ཤིང་བལ་གྱི་འདབ་མ་ལྟར་རོ། །ལྡག་པའི་སོགས་ནི་སྔར་ལྟར་རོ། །བདུན་མཐོ་བ་ནི་ཕྱག་ཞབས་ཀྱི་རྒྱབ་བཞི་དང་ཕྲག་གོང་གཉིས་དང་ལྟག་པ་རྣམས་ཤས་ཁེངས་པ་ལ་དགོངས་རྒྱན་ལས་སོ། །རྣམ་འགྲེལ་ལས་དཔུང་མགོ་གཉིས་ཞེས་སོ། །གསང་བར་བྱ་བ་ནི་བཅིངས་པ་སྟེ་དེ་ལས་ཐར་བར་བྱས་པས་ཕྱག་ཞབས་ཀྱི་སོར་མོ་རིང་བའོ། །འཚོ་བ་ལ་ཕན་བཏགས་པ་ནི་སྲོག་བསྲུངས་པའོ། །རྟིང་པ་ཡངས་པ་ནི་ཞབས་མཐིལ་གྱི་བཞི་ཆ་ཕྱིར་འཕགས་པ་ལ་ཐུབ་དགོངས་ལས་སོ། །ཉི་སྣང་དང་རྣམ་འགྲེལ་ལས་རྟིང་པ་རིང་བ་ཞེས་སོ། །སྐུ་ཆེ་བ་ཁྲུ་བདུན་ཙམ་དུ་འཕགས་པ་དང༌། དྲང་བ་ནི་ཡ་ཡོ་མེད་པ་ལ་ཉི་སྣང་ལས་སོ། །དགེ་ཆོས་རང་གི་ཡང་དག་པར་བླངས་པས་པུས་མོའི་ལྷ་ང་དང༌། ཞབས་ལོང་མི་མངོན་པའོ། །དགེ་བ་བླངས་པ་གཞན་ལ་སྤེལ་བས་སྐུའི་སྤུ་རེ་རེ་ནས་གྱེན་དུ་ཕྱོགས་པ་སྟེ་བཅུ་ཚན་དང་པོའོ། །གསོ་བ་རིག་པ་དང་གཟོ་དང་སོགས་


JLD018_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྷམ་མོ། །རི་དྭགས་ཤ་ར་ན་དང་ཨེ་ན་ཡའི་བྱིན་བ་ལྟ་བུ་ནི་ཡོངས་སུ་མ་ཉམས་ཤིང་རིམ་པར་འཚམ་ལ་རྒྱས་ཤིང་ཟླུམ་པའོ། །ཨེ་ནྱ་ནི་བསེ་ཁ་སྒོ་ལ་ཚིག་གསལ་གྱིས་སོ། །རང་ལ་བདོག་པའི་ནོར་སློང་བ་ན་སློང་བ་པོ་སོགས་སོ། །ཕྱག་རིང་བ་ནི་བརླ་དྲང་པོར་བཞག་སྟེ་མ་བཏུད་ཀྱང་ཕྱག་གིས་པུས་མོའི་ལྷ་ངར་སླེབ་པའོ། །གྲོགས་དང་མཛའ་བཤེས་རྣམས་ལ་ཕྱེ་བ་དང་བྱེ་བ་བསྡུམས་པ་ནས་གསང་ཚིག་བསྲུངས་པས་གླང་པོ་ཆེ་དང་རྟ་ཅང་ཤེས་ལྟར་འདོམས་ཀྱི་སྦ་བ་སྦུབས་སུ་མཛེས་པར་ནུབ་པའོ། །གསེར་འདྲ་ནི་ཤིན་ཏུ་དག་པའི་གསེར་ལྟར་གསལ་བ་ལ་བྱའི་སེར་བ་ལ་མི་བྱའོ། །ཁང་བཟང་གིས་སོགས་གཞལ་ཡས་ཁང་གྱ་ནོམ་པའོ། །པགས་པ་འཇམ་པ་ནི་གསེར་དངུལ་ཤིན་ཏུ་སྦྱངས་པ་ལྟར་འཇམ་ཞིང་སྙོམས་ལ་རྡུལ་གྱིས་མ་གོས་པའོ། །འདུ་འཛིའི་སོགས་པས་རྣམ་གཡེང་ངོ༌། །སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ་ནི་བ་སྤུའི་ཁུང་བུ་རེ་རེར་སྤུ་གཉིས་གཉིས་མེད་པར་འཁྱིལ་བའོ། །སྐྱེ་བོ་མཁན་སློབ་ཕ་མ་སློབ་དཔོན་བླ་མ་སྟེ་གོང་མ་ཐམས་ཅད་བསྙེན་བཀུར་གྱིས་གནས་ཇི་བཞིན་དུ་བཀོད་ཅིང་རིམ་གྲོ་བསྒྲུབས་པས་ཞལ་མཛོད་སྤུས་བརྒྱན་པ་སྟེ། དེ་ཡང་སྨིན་མཚམས་ཀྱི་བར་ཐིག་ལེའི་གནས་ན་འཇམ་པ་དཀར་བ་མཉེན་པ་དྲངས་ན་ཁྲུ་གང་དང་ཁྲུ་གཉིས་དང་ཁྲུ་གསུམ་ལ་སོགས་པའི་ཚད་འབྱུང་བ་བཏང་ན་གཡས་སུ་འཁྱིལ་བ་རྩེ་མོ་གྱེན་དུ་ཕྱོགས་པ་སྐྱུ་རུ་རའི་འབྲུའི་ཚད་ཙམ་པ་དངུལ་འབུར་གྱི་རྣམ་


JLD018_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཞེས་དགོངས་རྒྱན་ལས་སོ། །རོ་སྟོད་སེང་གེ་འདྲ་བ་ནི་རོ་སྟོད་འཕེལ་ཀ་ཆེ་བའོ། །སྙན་སྨྲ་སོགས་ཀྱི་རྗེས་སུ་མཐུན་པར་བྱས་པ་ནི་དེའི་རྗེས་སུ་བསླབས་པའོ། །དཔུང་མགོ་ཟླུམ་པ་ནི་གསེར་གྱི་བུམ་པའི་མགྲིན་པ་བཞིན་དུ་ཡོངས་སུ་ཟླུམ་པའི་མགྲིན་པ་ལེགས་པར་འབྲེལ་བ་རྩའི་དྲ་བ་མི་མངོན་པ་ལ་ཐུབ་དགོངས་ལས་སོ། །སྨན་གྱིས་སོགས་པས་སྨན་པ་དང་ཕན་པའི་ཟས་བྱིན་པའོ། །ཐལ་གོང་རྒྱས་པ་ནི་དཔུང་མགོ་ཕན་ཚུན་གྱི་བར་རྒྱས་པ་ལ་དགོངས་རྒྱན་དང་ཐལ་གོང་བྲལ་ལ་དག་ལྡན་ལས་ཏེ། མདོར་ན་གསེར་གྱི་གཏན་པ་ཕྱིས་པ་ལྟར་བྲང་མི་མཉམ་པ་མེད་པ་སྟེ་བཅུ་ཚན་གཉིས་པའོ། །རོ་མི་ཞིམ་པ་ལའང་རོ་མཆོག་བྲོ་བར་མཁྱེན་བ་སྟེ་སྣང་པ་ནི་རླུང་མཁྲིས་བད་ཀན་གྱིས་ལྗགས་མ་ཉམས་པར་རོ་བྲོ་བ་སོ་སོར་མྱང་བ་དང་མཐུན་པའི་རྣམ་ཤེས་སྐྱེ་བའོ། །ཀུན་རའི་སོགས་པས་བསིལ་ཁང་ཁྲོན་པ་བགྲོད་དཀའ་བར་ཟམ་པ་བརྒྱ་པ་སོགས་སོ། །ཤིང་ནྱ་གྲོ་ད་ལྟར་ཆུ་ཞིང་གབ་པ་ནི་འདོམ་གྱི་ཕན་ཚུན་གྱི་རྩེ་མོ་ནས་གཅལ་བ་ཇི་ཙམ་པ་ཞབས་ནས་སྤྱི་བོའི་བར་ལའང་དེ་ཙམ་པའོ། །དགོངས་རྒྱན་དུ་ནྱ་ག་ནི་དམའ་བ་སྟེ་སྐུ་སྨད་རོད་ནི་མཉམ་པ་སྟེ་ལྟེ་བ་ནས་བཟུང་ནས་སྐུ་སྨད་དང་སྐུ་སྟོད་ཚད་མཉམ་པའོ་ཞེས་དང༌། ཡང་ན་འདོམ་གྱི་ནྱ་གྲོ་ད་སྟེ་ཞེས་སྔར་ལྟར་ཡང་བཤད་དོ། །འོན་ཀྱང་མདོ་དང་ཉི་སྣང་གི་དགོངས་པ་སྔ་མའོ། །གཙུག་ལག་ཁང་དང་སོགས་པས་འདུག་གནས་བྱེད་པ་སོགས་སོ། །གཙུག་ཏོར་དང་ལྡན་


JLD018_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཟླུམ་ཞིང་ཀུན་ནས་མཉམ་པ་གཡས་སུ་འཁྱིལ་བའི་གཙུག་ཏོར་དང་ལྡན་པའོ། །ཡུན་རིང་པོ་ནས་འཇམ་པ་དང་སོགས་པས་སྙན་ལ་མཉེན་པ་གསུངས་པས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཇི་ཙམ་བཞེད་ཁེབས་པར་མཛད་པ་དང༌། ངག་གཅིག་བརྗོད་པ་རྣམ་རིག་དུ་མའི་རྒྱུ་མཚན་དུ་འགྱུར་བས་ཨུད་པ་ལ་དམར་པོའི་མདོག་འདྲ་བའི་ལྗགས་རིང་བའོ། །སྙན་གྱི་བུག་པ་དང་དཔྲལ་བའི་སྐྲ་མཚམས་ཀྱི་བར་ལྗགས་ཀྱིས་རེག་པ་ལ་དགོངས་རྒྱན་ལས་སོ། །དབྱིག་གི་སྙིང་པོ་དང་བྱ་ཀ་ལ་པིང་ཀ་ལྟ་བུའི་གསུང་མངའ་བས་ན་ཡོངས་སུ་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་དང༌། མཉན་ན་དགའ་ཞིང་མི་མཐུན་པ་མེད་པ་དང༌། ཟབ་ཅིང་དབྱངས་ཤིན་ཏུ་འབྱུང་བ་དང༌། བཏང་མི་བྲ་ཞིང་རྣར་སྙན་པ་དང༌། མ་འཁྲུགས་ཤིང་གསལ་བའི་ཡན་ལག་ལྔ་ལྡན་པའི་ཚངས་དབྱངས་སོ། །ཚིག་བཀྱལ་སྤངས་ཤིང་དུས་སུ་སྨྲ་བས་འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་མཐར་ཟླུམ་ལ་རྒྱས་ཤིང་བལྟ་ན་སྡུག་པས་འགྲམ་པ་སེང་གེའི་འདྲ་བའོ། །བཀུར་བའི་སོགས་པས་མི་བརྙས་པའོ། །ལོག་འཚོ་མེད་པས་འཚོ་བ་དག་པའོ། །མཉམ་པ་ནི་མཐོ་དམའ་མེད་པའོ། །བར་མཚམས་མ་དོད་པས་ཐགས་བཟང་བའོ། །མི་ཕལ་པ་ལྟར་ཉེར་བརྒྱད་དང་སོ་གཉིས་མ་ཡིན་པར་ཡན་མན་ལ་ཉི་ཤུ་ཉི་ཤུ་ཡོད་པས་བཞི་བཅུ་མངའ་བ་སྟེ་བཅུ་ཚན་གསུམ་པའོ། །དཀར་ནག་གི་ཆ་མ་འདྲེས་ཤིང་ཤིན་ཏུ་


JLD018_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དག་པས་དམར་པོའི་ར་རི་དང་མ་འབྲེལ་བས་སྤྱན་མཐོན་མཐིང་ངོ༌། །སྤྱན་ནི་ཟླུམ་པའི་དབུས་སྣུམ་ཞིང་གནག་པ་དང་ནག་པོ་ཟླུམ་པོའི་ལོགས་གཉིས་དཀར་བ་དང་རྫི་མ་གནས་པའི་གོ་སྐབས་སྣུམ་ལ་མཐིང་ཀར་འདུག་པ་དང༌། མཐའ་གཉིས་ཤིང་པི་པྤ་ལེའི་ཤུན་པ་ལྟར་དམར་བ་དང་རྫི་མ་དང་སྤྱན་གྱི་བར་གསེར་གྱི་ཁ་དོག་གོ་ཞེས་པ་འདི་ལྟར་ལྔ་རྣམས་དང་ལྡན་ཀྱང་སྤྱན་གྱི་དཀྱིལ་འཁོར་གཙོ་བོ་ཉིད་ཀྱི་ཕྱིར། སྤྱན་མཐོན་མཐིང་ངོ་ཞེས་གསུངས་སོ། །ཞེས་དགོངས་རྒྱན་ལས་སོ། །ཁྲོ་བའི་སོགས་པས་ཆགས་པ་མེད་པ་རྨོངས་མེད་ཀྱིས་བལྟས་པས་སྟེང་འོག་གི་རྫི་མ་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པར་གནས་པས་རྫི་མ་བའི་རྫི་མ་ལྟ་བུ་ཉིད་དོ། །བ་མཆོག་ནི་བ་དང་གླང་པོ་ཡང་ན་ཁྱུ་མཆོག་ལ་བྱ་བར་དག་ལྡན་དང༌། བེའུ་གཞོན་ནུའི་ལྟ་བུར་སྙིང་མཆོག་དང་དགོངས་རྒྱན་ལས་སོ། །གཉིས་པ་ནི་མཚན་བཤད་པའི་གཉིས་པ་སྟེ། དེ་སྐྱེད་པའི་རྒྱུ་བཤད་པ། གཉིས་པ་ལ་གཉིས། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། རྒྱུ་སོགས་སོ། །གཉིས་པ་ནི། འདི་ལ་གང་ལའམ་ལོངས་སྐུའོ། །གསུམ་པ་ནི། མཚན་སོགས་སོ། །གཉིས་པ་ནི་རྒྱུའི་རྒྱས་བཤད་དེ། དཔེ་གཞན་ཀུན་ལས། གཉིས་པ་ལ་གཉིས་ལས་ཞེས་གསུངས་ཀྱང་མ་དག་སྟེ། འདི་ལ་མཚམས་སྦྱར་བ། རྩ་བ། འགྲེལ་བ་གསུམ་ཡོད་པས་གཉིས་པ་ལ་གསུམ་ཞེས་འདོན་དགོས་ཏེ། གཞན་དུ་ན་འོག་གི་གསུམ་པའི་ཞེས་པའི་ཁུངས་མི་རྙེད་པའི་སྐོར། གཉིས་པ་ལ་གསུམ་ལས། དང་པོ་ནི། རྒྱུ་དེ་སོགས་སོ། །གཉིས་པ་ནི། བླ་མ་སོགས་ཏེ་མཚན་བདུན་གྱི་རྒྱུ་སྨོས་ནས་ལྷག་མ་སོགས་ཀྱིས་བསྡུས་སོ། །མདོ་ནི་ཡུམ་མདོའོ། །གསུམ་པ་ནི། ཚིག་ལེའུར་སོགས་ཏེ་མཚན་གྱི་ངོ་བོ་བཤད་པའི་སྐབས་སུ་རྒྱུ་བཤད་ཟིན་པར་སྟོན་པའོ། །དེར་འཆད་པའང་བཤད་པ་ཟོར་ཡང་བ་དང་གཞན་གྱིས་རྒྱུ་འབྲས་རྟོགས་སླ་བས་


JLD018_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སོ། དང་པོ་ནི། དེ་ལྟར་སོགས་སོ། །གཉིས་པ་ནི། ཐུབ་པའི་ཞེས་པ་འོག་མ་ཐམས་ཅད་དང་མཐའི་རྐང་པ་དང་པོ་ཐམས་ཅད་ཀྱི་མཐར་སྦྱར་རོ། །གསུམ་པ་ནི། སྔ་མ་ཕལ་མོ་ཆེ་ནང་གི་ཡོན་ཏན་དང་ཕྱི་མ་རྣམས་དེ་གསལ་བར་བྱེད་པ་ཕྱིའི་ཡོན་ཏན་དང་ཁ་ཅིག་རྒྱུ་འབྲས་སུའང་སྦྱར་རོ། །འདི་ལ་བརྒྱད་ལས། བཅུ་ཚན་དང་པོ་ནི། རྒྱལ་རིགས་སོགས་ལས་བལྟམས་པས་རིགས་སོགས་དང༌། ཤང་ཤོང་མེད་པས་སེན་མོ་མཐོ་བ་དང་སྤྱོད་ཚུལ་དང་དགེ་རྩ་རྒྱ་ཆེན་དང༌། དགེ་རྩ་རིམ་གྱིས་བསགས་པའི་ཡང་དག་པར་མཐར་གྱིས་དང༌། ལུས་དང་སོགས་པས་ངག་ཡིད་དང༌། ཤིན་ཏུ་སྦས་པའི་གསང་བའི་གནས་ཟབ་མོ་རྟོགས་པའི་བློ་གྲོས་ཏེ་འདིའི་ལོང་བུ་ནི་ལོང་བུ་ཆུང་ངུ་དང་མཚན་གྱི་ནི་ཆེ་བའོ། །ཁ་ཅིག་ནི་མཚན་གྱི་ནི་ཕྱིའི་དང་འདིའི་ནི་ནང་གི་ལོང་བུའོ་ཞེས་འདོད་དོ་ཞེས་ཚིག་གསལ་ལས་སོ། །ཞབས་རིང་ཐུང་མེད་པས་མི་མཉམ་པ་མེད་པའོ། །བཅུ་ཚན་གཉིས་པ་ནི། སྟབས་གཤེགས་དང་པོ་བཞི་མདོ་དང་ཉི་སྣང་རྣམ་འགྲེལ་དུ་མིའི་སེང་གེ་དང་མིའི་གླང་པོ་ཆེ་དང༌། ངང་པའི་རྒྱལ་པོ་ལྟར་དང་མིའི་ཁྱུ་མཆོག་ཡིན་པས་དེ་དང་དེའི་སྟབས་སུ་གཤེགས་པར་འཆད་ལ་སློབ་དཔོན་གྱིས་དང་པོ་གཉིས་ལ་མི་དང་ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་ཞེས་གསུངས་པ་ནི་སེམས་ཅན་གྱི་ལས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས་མདོ་གཞན་ཞིག་ནས་སྟབས་དེ་གཉིས་ཀྱིས་གཤེགས་པས་འགྲོ་


JLD018_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་གཉིས་ཟིལ་གྱིས་གནོན་པར་གསུངས་པ་ཞིག་གི་རྗེས་སུ་འབྲངས་པར་གསལ་ལོ། །མཛེས་པར་མཁས་པ་ནི་ལྟ་ན་སྡུག་པ་དང༌། འཁྲིལ་བག་ཆགས་པ་ནི་འགྱིང་ལེགས་པ་དང༌། རིང་ཐུང་དང་སྦོམ་ཕྲ་རྣམས་ཐད་ཀར་འཚོལ་བས་རིམ་པར་འཚམ་པའོ། །བཅུ་ཚན་གསུམ་པ་ནི། སྐུའི་སོགས་པས་གསུང་དང་ཐུགས་དང་ཆོས་འདུལ་བ་ནི་དྲི་མ་འཇོམས་བྱེད་དེ་ཆ་ཤས་རྫོགས་པས་མཚན་རྫོགས་པ་དང༌། སྐུ་ཁྱོན་ཆེ་བས་ཁོ་ལག་ཡངས་ཤིང་ཁྱད་པར་བཟང་བ་དང༌། གོམ་པ་ཆེ་ཆུང་སྙོམས་པ་དང༌། སྐུ་ཤ་ཞུམ་པ་མེད་པ་དང༌། སྐུ་ཤ་རྒྱས་པའོ། །བཅུ་ཚན་བཞི་པ་ནི། ཤ་མི་ལྷོད་པས་གྲིམས་པ་དང་ལག་རྐང་གི་ཡན་ལག་དང་སོར་ཚིགས་སོགས་ཀྱི་ཉིང་ལག་རྣམ་པར་འབྱེས་པ་སྟེ་ལྷུ་ཚིགས་སོགས་ཀྱི་རིང་ཐུང་སོགས་ཀྱི་ཆ་ཕྱེད་པ་དང༌། ཚུལ་ཁྲིམས་ཕུན་ཚོགས་ཀྱི་སློབ་མ་དང་ལྡན་ཞེས་སྦྱར་ལ། མདོ་ནས་ཕྱལ་ཟླུམ་པ་ཕྱལ་བྱང་བ་དང་ལྡན་པ་ཕྱལ་མ་ཞོམ་པ་ཞེས་ཕྱལ་ལ་སྦྱར་ཡང་བསྟན་བཅོས་དང་འགྲེལ་ཆེན་རྣམས་ལས། དཀུ་ལ་སྦྱར་བས་དཀུ་ནི་རྐེད་སྐབས་འཚམས་ལ་བྱས་ནས་དེ་ཟླུམ་པ་སོགས་ལ་བཤད་དོ། །ཆོས་སྟོན་པ་ཟད་ཅིང་གཏུགས་པ་སོགས་དང༌། ཕྱལ་ནི་ལྟོ་བ་སྟེ་དེ་ཕྱམ་མེ་བ་ནི་མཐོ་དམའ་མེད་པའོ། །ལྟེ་བའི་གཏིང་ཟབ་པ་དང༌། མཐུན་པར་འཛིན་པའི་སློབ་མ་མངའ་བ་ཉིད་ཀྱིས་ཞེས་མདོ་དང་ཉི་སྣང་ལས་ཏེ་རང་དང་མཐུན་པར་གདམས་ངག་འཛིན་པའོ། །གཡས་སུ་འཁྱིལ་བ་ནི་ལྟེ་བའི་རི་མོའོ། །ཀུན་ནས་ནི་སྤྱོད་ལམ་སྟེ་དེ་འདྲ་བའི་འཁོར་


JLD018_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བའོ། །བཅུ་ཚན་ལྔ་པ་ནི། ཀུན་ཏུ་སྤྱོད་པ་ནི་སྤྱོད་ལམ་དང༌། དུས་མ་ཡིན་པའི་ཆོས་འདུལ་བ་ནི་དུས་མིན་དུ་གདུལ་བྱ་འདུལ་བའམ་ཡང་ན་ནག་པོའི་ཆོས་སྟོན་པའོ། །མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་ནི་རང་གི་སྐྱེ་བ་དང་སྐྱེ་བོ་གཞན་སྙོམས་པར་བྱས་པའོ། །ཆོས་ཟབ་མོ་རྟོགས་པ་ལ་གནས་པ་དང༌། ཕྱི་རྗེས་སུ་ནི་ཡང་ཡང་ཆོས་སྟོན་པའོ། །ཤིན་ཏུ་རླབས་ཆེ་བ་མ་ཡིན་པའི་བསླབ་པ་རབ་ཏུ་མང་པོའི་གཞི་འཆའ་བ་དང༌། མཆུ་བིམ་པ་ལྟར་དམར་ལ་མདོ་དང་ཉི་སྣང་ལས་ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་ཞེས་པ་དང་མཐུན་པར་དག་ལྡན་ལས་ཞལ་གཟུགས་བརྙན་སྣང་བ་དང་ཞེས་འདོན་ནོ། །ཡོན་ཏན་འཐད་པ་ནི་རིགས་པའོ། །ཉི་སྣང་ལས་ཡོན་ཏན་ཕྲ་མོའི་ཚོགས་དང་ལྡན་པས་ཞེས་སོ། །བཅུ་ཚན་དྲུག་པ་ནི། བྱིས་པའི་སྐྱེ་བོ་ཆགས་པ་ཅན་གཏིང་དཔག་དཀའ་བའི་ཆོས་ཀྱིས་འདུལ་བས་ཞེས་སྦྱར་རོ། །གླང་པོ་དང་འབྲུག་སྒྲ་ལ་བསྙིངས་པ་འཇིགས་པ་མི་མངའ་བའོ། །སྙན་པའི་སོགས་པས་མཉན་ལ་འཇམ་པར་སྨྲ་བའི་སློབ་མ་མངའ་བ་དང༌། སྲིད་པར་ཀུན་ཏུ་སྦྱོར་བ་ནི་དགུ་སྟེ་ཆགས་པ་ཁོང་ཁྲོ་ང་རྒྱལ་མ་རིག་པ་ལྟ་བ་ཐེ་ཚོམ་མཆོག་འཛིན་ཕྲག་དོག་སེར་སྣའི་ཀུན་སྦྱོར་དགུ་སྟེ་འདི་དག་གིས་སྲིད་པར་འཆིང་བས་སོ། །ཆོས་འདུལ་བ་ཤིན་ཏུ་དཀར་བ་ནི་དཀར་པོས་འདུལ་བའོ། །མཉམ་པའི་ས་ནི་སེམས་ཅན་ལ་ཉེ་རིང་དུ་འཛིན་པ་ཟད་པའི་སའོ། །བཅུ་ཚན་བདུན་པ་ནི།


JLD018_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་གཙང་མ་ཕུན་ཚོགས་ནི་གདུལ་བྱ་གཙང་ལ་ཡིད་ཆེས་པའི་གནས་སོ། །སངས་རྒྱས་ཀྱི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང་ལྡན་པ་དང༌། སེམས་ཅན་གྱི་ཚོགས་བསགས་པ་ཞེས་ཀྱང་འབྱུང་ངོ༌། །ལྷ་ལྷ་མིན་དང་མིའི་འགྲོ་བ་གཞོན་ནུ་མ་མིག་དཀར་ནག་འབྱེས་ཤིང་པད་འདབ་རངས་པ་ལྟ་བུ་དང་ལྡན་པ་མཆོག་རྣམས་མགུ་བ་སྟེ་དེ་དག་གིས་བསྟོད་པ་དང༌། ཕྱི་རྗེས་སུ་གཟིགས་པ་ནི་མོངས་པ་ན་ཅིར་འགྱུར་ལྟ་བའོ། །འཇམ་པའི་ཆོས་ཀྱིས་འདུལ་བ་ལ་མཁས་ཞེས་སྦྱར་རོ། །སྐྱོན་ཀུན་ཏུ་གཟིགས་པ་དང༌། མཆོག་ཏུ་གནོད་པ་ནི་ཉོན་མོངས་པ་སྟེ། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པ། །གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པོ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། །འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར། །ཞེས་པ་ལྟར་རོ། །མི་མཉམ་པའི་ཆགས་སོགས་ལས་རྒྱལ་བའོ། །བཅུ་ཚན་བརྒྱད་པ་ནི། ལྟ་བས་བྱས་པ་ནི་ལྟ་ངན་རེ་གཉིས་སོགས་སོ། །དཔྲལ་བ་འབྱེས་པ་ནི་སྐྲ་མཚམས་ལེགས་པར་དོད་པའོ། །སྨྲ་བ་ཐམས་ཅད་ནི་རྒོལ་བ་ངན་པ་རྣམས་སོ། །དབྱེས་ཆེ་བ་ནི་དཔྲལ་བའི་ཁྱོན་ཆེ་བའོ། །སྨོན་ལམ་གྱི་མཆོག་ནི་སངས་རྒྱས་ཐོབ་པར་གྱུར་ཅིག་པའོ། །དབུ་རྒྱས་པ་ནི་གདུགས་ལྟར་གྱུར་པའོ་བུང་བ་ལྟར་ཡུལ་ལ་དགའ་བའི་སྲེད་པ་བཟློག་པ་དང༌། བློ་འཇམ་པོ་རྟོག་མེད་ཀྱིས་བསྟན་པའི་སྙིང་པོ་ཤེས་པ་དང༌། དབུ་སྐྲ་མི་བཤོར་བ་ནི་གྱེན་དུ་མ་བརྫེས་པའོ། །ཕྱག་ཞབས་ལ་དཔལ་གྱི་བེའུ་དང་བཀྲ་ཤིས་


JLD018_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ་དེ་དག་གི་རི་མོ་ཡོད་པའོ། །མཚན་དཔེ་དེ་རྣམས་ཀྱི་འགྲུབ་ཚུལ་རིན་ཆེན་ཕྲེང་བ་ལས། །རང་སངས་རྒྱས་ཀུན་ལས་འབྱུང་དང༌། །སློབ་དང་མི་སློབ་ལས་འབྱུང་དང༌། །འཇིག་རྟེན་མ་ལུས་ཀུན་བསོད་ནམས། །འཇིག་རྟེན་བཞིན་དུ་དཔག་མེད་གང༌། །དེ་བཅུར་བསྒྲེས་པར་གྱུར་པ་ཡིས། །བ་སྤུའི་བུ་ག་གཅིག་འགྲུབ་སྟེ། །སངས་རྒྱས་བ་སྤུའི་བུ་ག་ནི། །ཐམས་ཅད་དེ་དང་འདྲ་བར་འབྱུང༌། །བ་སྤུའི་བུ་ག་ཐམས་ཅད་ནི། །སྐྱེད་པར་བྱེད་པའི་བསོད་ནམས་གང༌། །དེ་དག་བརྒྱར་ནི་བསྒྱུར་བ་ཡིས། །དཔེ་བྱད་བཟང་པོ་གཅིག་ཏུ་བཞེད། །བསོད་ནམས་དེ་སྙེད་དེ་སྙེད་ཀྱིས། །རྒྱལ་པོ་དཔེ་བྱད་བཟང་པོ་ནི། །རེ་རེ་མཐར་ཕྱིན་དེ་ལྟ་བུར། །བརྒྱད་ཅུའི་བར་དུ་འབྱུང་བར་འགྱུར། །དཔེ་བྱད་བཟང་པོ་བརྒྱད་ཅུ་དག །འགྲུབ་པའི་བསོད་ནམས་ཚོགས་གང་ཡིན། །དེ་དག་བརྒྱར་ནི་བསྒྱུར་བ་ཡིས། །སྐྱེས་བུ་ཆེན་པོའི་མཚན་གཅིག་གོ །མཚན་ནི་སུམ་ཅུ་འགྲུབ་པའི་རྒྱུ། །བསོད་ནམས་རྒྱ་ཆེན་གང་ཡིན་པ། །དེ་དག་སྟོང་དུ་བསྒྱུར་བ་ཡིས། །ཟླ་བ་ཉ་འདྲའི་མཛོད་སྤུའོ། །མཛོད་སྤུ་ཡི་ནི་བསོད་ནམས་དག །སྟོང་ཕྲག་བརྒྱ་ནི་བསྡོམས་པ་ཡིས། །སྤྱི་གཙུག་ལྟར་ནི་མི་སྣང་བ། །སྐྱོབ་པའི་གཙུག་ཏོར་སྐྱེད་པར་བྱེད། །གཙུག་ཏོར་བསོད་ནམས་བྱེ་བ་ནི། །གྲངས་མེད་རྒྱ་ཆེན་བཅུ་པོ་དང༌། །སངས་རྒྱས་གསུང་གི་སྒྲ་དབྱངས་ནི། །ཡན་ལག་དྲུག་ཅུ་སྐྱེད་པའི་མཆོག །ཅེས་སོ། །


JLD018_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བ་ནི་སྐུ་བཤད་པའི་བཞི་བ་སྟེ། སྤྲུལ་པའི་སྐུ་བཤད་པ། བཞི་པ་ལ་གསུམ་ལས། དང་པོ་ནི། དེ་ལྟར་སྐུ་གསུམ་པ་ལོངས་སྐུ་བསྟན་ནས་བཞི་པ་སྤྲུལ་པའི་སྐུ་བྱིས་པའི་སྐྱེ་བོ་ལས་དག་པ་ཐམས་ཅད་དང་ཉན་ཐོས་དང་ཐུན་མོང་དུ་སྣང་བ་གསུངས་སོ། །མདོའི་འབྲེལ་ནི་ཟག་མེད་ཀྱི་ཆོས་རྣམས་ཐོབ་པར་བྱས་ནས་སངས་རྒྱས་ཏེ་སྤྲུལ་པ་བྱེད་པར་གསུངས་སོ། །གཉིས་པ་ནི་གཟུགས་སྐུ་གང་གིས་སྲིད་པ་དང་ནམ་མཁའ་ཇི་སྲིད་པར་གདུལ་བྱའི་འགྲོ་བ་དག་མ་དག་རྣམས་ལ་འཕྲལ་དང་ཡུན་དུ་ཕན་པ་སྣ་ཚོགས་མཉམ་དུ་མཛད་པའི་སྐུ་དེ་ནི་ཐུབ་པའི་སྤྲུལ་སྐུ་སྟེ་དེའང་རྒྱུན་མི་འཆད་པའོ། །འདིས་ནི་ཉན་ཐོས་སྡེ་པ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ཚེ་མར་མེ་ཤི་བ་ལྟར་རྒྱུན་ཆད་པར་འདོད་པ་བཀག་གོ། རབ་འབྱོར་གཞན་ཡང་ཡུམ་འདི་ལ་སློབ་པ་ནི་ཆོས་དེ་དག་རྟོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཐའ་མེད་པར་དུས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱི་སྤྲིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་དེ་ལྟར་བྱང་ཆེན་གྱིས་ཡུམ་ལ་བསླབ་པར་བྱའོ་ཞེས་སོ། །གསུམ་པ་ནི། མདོ་སྡེའི་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པར་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ།། ཞེས་པ་ལྟར་བྱང་ཆུབ་མཆོག་གི་སྤྲུལ་པ་


JLD018_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་ཐུབ་པ་དང་སོགས་པས་བཟོ་སྤྲུལ་པ་རབ་དགའ་འདུལ་བའི་དོན་དུ་དྲི་ཟར་སྤྲུལ་པ་ལྟ་བུ་ལ་སོགས་པའི་གཟུགས་གང་གང་གིས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་དག་མ་དག་རྣམས་ཀྱི་འདོད་པའི་དོན་མངོན་མཐོ་དང་ངེས་ལེགས་ཉེ་རིང་མེད་པར་མཉམ་པ་ཉིད་དུ་མཛད་པའི་སྐུ་དེ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་རྒྱུན་མི་འཆད་པ་ཡིན་ཏེ། འཁོར་བ་ཇི་སྲིད་པར་རྒྱུན་ཆགས་པར་འཇུག་པ་ཉིད་ཀྱིས་སོ། །གཉིས་པ་ནི་ཡན་ལག་གི་དོན་གྱི་གཉིས་པ་མཛད་པ་སྟེ། འདིའི་ས་བཅད་སྤྲོ་ཞིང་དང་པོར་བཤད་ཟིན་གྱི་མཚམས་སྦྱོར་གྱི་སྐོར་བཤད་པ། གཉིས་པ་ལ་གསུམ་ལས། མཚམས་སྦྱར་བ་ལ་གཉིས། བཤད་ཟིན་དང་འཆད་འགྱུར་གྱིའོ། །དང་པོ་ནི། རབ་ཏུ་བཏགས་པ་སྟེ་བློས་ཇི་ལྟར་མོས་པ་བཞིན་ཕྱེ་བའི་སྐུ་གསུམ་བསྟན་ཏོ། །ཇི་ལྟར་ཕྱེ་ན་སྔར་བྱང་ཆུབ་ཅེས་སོགས་གསུམ་དུ་བཤད་པ་དེ་ལྟར་རོ། །དེར་ཇི་ལྟར་བསྟན་ན་འདི་ལ་གསུམ་ལས། ངོ་བོའི་ཁྱད་པར་ནི་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་དེ་འདིས་སྐུ་ལྷག་མ་གསུམ་དང་སྐུ་དང་པོ་གཉིས་ངོ་བོའི་སྒོ་ནས་དབྱེར་མེད་པར་བསྟན་ཏོ། །རྒྱུའི་ཁྱད་པར་ནི་གྲངས་མེད་གསུམ་དུ་སྦྱོར་བཞི་བསྒོམས་པའི་སྟོབས་ལས་བྱུང་བའོ། །འདིས་མུ་སྟེགས་རྟག་པ་རང་བྱུང་གི་ཚད་མ་འདོད་པ་ལྟར་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་བཀག་གོ །ཡུལ་ཅན་གྱི་ཁྱད་པར་ནི་སངས་རྒྱས་དང་སོགས་པས་བྱང་འཕགས་ཉན་ཐོས་སོ་སྐྱེ་རྒྱུད་དག་པའི་ཡུལ་དུ་རིམ་པ་ལྟར་སྣང་བའོ། །གང་ལ་ལྟོས་ནས་དེ་དག་གི་ཡུལ་དུ་སྣང་ན། ཟག་མེད་


JLD018_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡེ་ཤེས་བརྒྱ་ཞེ་དྲུག་ལ་ལྟོས་པ་སྟེ་དེ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཀྱི་ཡུལ་དུ་ཡེ་ཤེས་ཆོས་སྐུར་བཏགས་སོ། །དེ་བཞིན་དུ་སྦྱར་ནས་སོགས་པས་མཆོག་ཏུ་དག་པའི་འགྲོ་བ་འབའ་ཞིག་ལ་མཚན་དཔེ་རང་མཚན་པར་སྣང་བའི་གཟུགས་སྐུ་ལ་ལྟོས་ནས་ལོངས་སྐུ་དང༌། དག་མ་དག་གཉིས་ཀའི་གདུལ་བྱ་ལ་མཚན་དཔེའི་གཟུགས་བརྙན་དུ་སྣང་བའི་གཟུགས་སྐུ་ལ་ལྟོས་ནས་སྤྲུལ་པའི་སྐུར་བཏགས་སོ། །ཁ་ཅིག་ཡེ་ཤེས་མེ་ལོང་ཡེ་ཤེས་ལ་བྱས་ནས་སོགས་ཁོང་ནས་ཡེ་ཤེས་ལྷག་མ་གསུམ་འདོན་པ་ནི་མི་འཐད་དེ་ཡེ་ཤེས་ཀྱི་སོགས་ཁོང་ནས་དེ་ཉིད་བཏོན་པས་སོ། །ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་དོན་དམ་བདེན་པ་བསྒོམས་སྟོབས་ཀྱིས་སངས་རྒྱས་ཀྱི་ཡུལ་དུ་ཡེ་ཤེས་ལ་ལྟོས་ནས་ཆོས་སྐུ་དང༌། དེ་བསྒོམས་སྟོབས་ཀྱིས་བྱང་སེམས་ཀྱི་ཡུལ་དུ་མཚན་དཔེར་སྣང་བ་སྐྱེད་པའི་ནུས་པ་ལ་ལྟོས་ནས་ལོངས་སྐུ་དང་དེ་ལ་མོས་པ་ཙམ་དང་ཅུང་ཟད་བསྒོམས་པས་ཉན་ཐོས་དང་སོགས་པས་སོ་སྐྱེའི་ཡུལ་དུ་སྤྲུལ་པ་སྐྱེད་པའི་ནུས་པ་ལ་ལྟོས་ནས་སྤྲུལ་སྐུར་བཏགས་པ་སྟེ་ཐ་དད་པར་བསྟན་ཞེས་བྱང་ཡེ་འཆད་ལ། བསྒོམ་བྱ་ངོ་བོ་ཉིད་ཀྱི་སྐུ་ཡིན་ན་སློབ་ལམ་ན་བསྒོམ་བྱ་མེད་པར་ཐལ་བ་དང༌། སྐུ་བཞི་བཤད་ནས་སྐུ་གསུམ་ཙམ་ཞིག་ཡོངས་སུ་རྫོགས་པའི་མཚམས་སྦྱོར་དུ་བྱེད་པ་མི་འཐད་པས་ལུགས་སྔ་མ་མི་འཐད་པར་བྱས་ནས་ངོ་བོ་ཉིད་ཀྱི་སྐུ་དང་དེའི་བདག་ཉིད་དུ་གྱུར་བའི་སྒོམ་པ་རབ་ཀྱི་མཐར་ཕྱིན་པའི་སྟོབས་ལས་བྱུང་བ་སྐུ་གསུམ་དུ་བསྟན་ནས་ཞེས་བྱང་


JLD018_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་འཆད་དོ། །སྔ་མ་ལ་ཕྱི་མས་བཀོད་པའི་ཉེས་པ་མེད་དེ། ཕྲིན་ལས་སྐུ་ལྷག་མ་གསུམ་དང་ལས་ལས་ཅན་དུ་འབྲེལ་གྱི་སྐུ་དང་པོ་དང་མ་ཡིན་པ་ལ་དགོངས་ནས་སྐུ་གསུམ་ཞེས་གསུངས་པས་སོ། །རིགས་སྦྱིན་ནི་སྐུ་བཞིའི་མཛད་པར་འདོད་དོ། །གཉིས་པ་ནི། སྐུ་དེ་གསུམ་བསྟན་ཟིན་ནས་དེའི་འོག་ཏུ་སྐལ་པ་དང་ལྡན་པའི་གདུལ་བྱའི་སྐྱེ་བོའི་དག་པའི་སྣང་བ་ལ་བརྟེན་པ་སྟེ་དེའི་ངོ་བོར་དོན་བྱེད་པའི་ཕྲིན་ལས་གསུངས་སོ། །ཇི་ལྟར་ན་ཡེ་ཤེས་ཆོས་སྐུ་དེ་ཡིས་བདག་པོའི་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བ་རྣམས་ནི་ཆོས་སྐུ་དེའི་ཕྲིན་ལས་ཡིན་ཞེས་སྟོན་ཏོ། །དེའི་རྒྱུ་མཚན་ནི་རྣལ་འབྱོར་པའི་ཀུན་རྫོབ་རྗེས་ཐོབ་ཏུ་ཡེ་ཤེས་ཀྱི་སྐུ་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་སོགས་པས་སྤྲུལ་སྐུར་སྣང་བ་གདུལ་བྱ་ལ་སྐྱེད་པའི་སྒོ་ནས་དེ་དག་གི་དོན་བྱ་བ་མཛད་པས་ནའོ། །མདོ་འབྲེལ་ནི། སྐད་ཅིག་མ་བཞི་པའི་སྐབས་སུ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མཚན་ཉིད་ཀྱིས་སྟོང་པར་གསུངས་པ་ལ་དེ་ལྟ་ན་དགེ་སོགས་གསུམ་ལ་སོགས་པ་ཇི་ལྟར་བཞག་པ་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ནི་མཛད་པ་ཕྲིན་ལས་བཤད་པའི་གཉིས་པ་རྩ་བ་སྟེ། རྒྱན་གྱིས་ཕྲིན་ལས་ཉེར་བདུན་མདོར་རྒྱས་མཇུག་བསྡུ་དང་བཅས་ཏེ་འཆད་ཚུལ་བཤད་པ། གཉིས་པ་ལ་གསུམ། དུས་ཀྱི་སྒོ་ནས་མདོར་བསྟན། དབྱེ་བའི་སྒོ་ནས་རྒྱས་པར་བཤད། གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། དེ་བཞིན་ནི་སློབ་དཔོན་ལྟར་ན་ཆོས་སྐུ་ཡིན་ལ་འཕགས་པ་ལྟར་ན་སྤྲུལ་སྐུ་ཡིན་པར་འཆད་པ་ནི་འགྲེལ་པ་དེར་གསལ་ཁ་མི་སྣང་ཡང་དགོངས་པར་མངོན་ཏེ། ཉི་སྣང་ལས་ཚིགས་བཅད་འདི་སྤྲུལ་སྐུ་དང་འཇུག་པ་གཅིག་ཏུ་མཛད་པའི་འོག་ཏུ་


JLD018_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ལ་མཚམས་སྦྱར་བས་སོ། །དེ་བཞིན་དུ་རྣམ་འགྲེལ་དང་དག་ལྡན་དུའང་འབྱུང་ཞིང་དེ་གསུམ་གས་སྐུ་གསུམ་ག་ལ་ཆོས་སྐུར་བྱས་ནས་དེའི་ཕྲིན་ལས་སུ་འདོད་དོ། །གཉིས་པ་ལ་གསུམ། ལམ་གྱི་རྟེན་དང༌། ལམ་དང༌། ལམ་གྱི་འབྲས་བུ་ལ་འགོད་པའོ། །དང་པོ་ནི། རྐང་པ་གཉིས་པའི་འགོད་ཀྱི་སྒྲ་འདིར་ཡང་སྦྱར་ནས་གང་གིས་ནི་དེ་བཞིན་གཤེགས་པས་སོ། །གང་ན་གདུལ་བྱའོ། །གང་ལ་ན་ཐར་ལམ་སྐྱེ་བའི་དངོས་ཀྱི་གདུལ་བྱ་ལའོ། །ཇི་ལྟར་ན་ངན་སོང་གསུམ་དང་ལྷ་མའི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་རབ་ཏུ་ཞི་བ་སྒྲུབ་པའི་ལས་མཛད་པའོ། །དེ་ཡང་ངན་འགྲོ་ལ་ནི་རྫུ་འཕྲུལ་བསྟན་ཏེ་མོས་པའི་ཚེ་ཆོས་བསྟན་པས་སྐྱེ་གནས་དེ་དག་ལས་ཐར་པར་བྱས་ནས་ལྷ་མིའི་རྟེན་ལ་འགོད་ཅིང་བདེ་འགྲོ་ལ་ནི་འདོད་ལྷ་ཡུལ་ལ་སྲེད་པས་མྱོས་པ་རྣམས་ལ་གཞལ་ཡས་ཁང་མེ་འབར་བར་སྣང་བར་བྱས་ནས་འདུ་བྱེད་མི་རྟག་སོགས་སུ་བསྟན་པ་དང༌། ཁམས་གོང་གི་ལྷ་ཚངས་པའི་ལྟ་བས་བཅིངས་པ་རྣམས་ལ་ཆོས་རྣམས་སྟོང་པར་བསྟན་པས་ལྟ་ངན་དང་བྲལ་བར་བྱེད་པ་དང༌། མི་རྣམས་སྐྱབས་སུ་འགྲོ་བ་དང༌། བསླབ་གཞི་གཟུང་བ་ལ་སྦྱར་ནས་རྒྱུད་སྣོད་རུང་དུ་བྱེད་པ་སྟེ། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་བྱང་ཆེན་དག་ཆེད་དུ་བསམས་ཏེ་སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱས་ནས། ཞེས་སོ། །གང་གིས་དང༌། གང་ལ་འགོད་པ་ནི་


JLD018_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སྦྱར་རོ། །དག་ལྡན་དུ་མི་ལས་གཞན་པའི་འགྲོ་བ་ཞི་བ་ལ་བྱས་ནས་མིའི་འགྲོ་བ་ལ་སྦྱར་བའི་མདོ་གཉིས་པ་ལ་སྦྱར་རོ། །འདིར་ལས་ཞེས་པ་ཉེར་དྲུག་ལའོ། །གཉིས་པ་ལ་བཞི། ཚོགས་སྦྱོར་མཐོང་སྒོམ་ལ་འགོད་པའོ། །དང་པོ་ལ་ལྔ་ལས། དང་པོ་སྦྱིན་པ་སྙན་སྨྲ་དོན་སྤྱོད་པ་དོན་མཐུན་པའི་བསྡུ་རྣམ་བཞི་ནི། སློབ་དཔོན་རྟ་དབྱངས་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ནས། །སྙན་པར་སྨྲས་པའི་གཏམ་བྱས་ཏེ། །དོན་སྤྱོད་པ་ཡི་བག་ཕབ་ནས། །དོན་མཐུན་གྲོས་ཆེན་ངེས་པར་གདག །ཅེས་དང༌། མདོ་སྡེའི་རྒྱན་ལས། དང་པོས་སྣོད་གྱུར་དངོས་པོ་སྟེ། །གཉིས་པ་ཡིས་ནི་མོས་པར་བྱེད།། གསུམ་པ་ཡིས་ནི་སྒྲུབ་པ་སྟེ། །བཞི་པས་རྣམ་པར་སྤྱོད་པའོ། །ཞེས་པ་ལྟར་རོ། །མདོ་ལས་སྦྱིན་པ་ལ་ཆོས་ཟང་ཟིང་གཉིས་སུ་ཡོད་པའི་ཕྱི་མ་དང་དང་པོའི་འཇིག་རྟེན་པའི་ཆོས་སྦྱིན་མིའི་འགྲོ་བ་ཞི་བ་ལ་སྦྱར་ནས་འཇིག་འདས་ཀྱི་ཆོས་བསྡུ་བཞི་ལ་མཛད་དོ། །གཉིས་པ་ཀུན་ཉོན་དང་བཅས་པའི་རྣམ་བྱང་ཐོས་བསམ་ཀྱིས་བླང་དོར་དུ་རྟོགས་པ་ནི། ཀུན་ནས་ཉོན་མོངས་པར་འགྱུར་བའམ་རྣམ་པར་བྱང་བར་འགྱུར་བའམ་འགྲོ་བ་ལྔའི་འཁོར་བ་ན་གདའ་བར་འགྱུར་བའི་དངོས་པོ་དེ་ལྟ་བུ་གང་ཡང་མ་མཆིས་སོ། །ཞེས་སོ། །གསུམ་པ་སེམས་ཅན་གྱི་དོན་ཚད་མེད་པའི་རང་བཞིན་ཇི་ལྟ་བ་བཞིན་སྒྲུབ་པ་ནི། ཐབས་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང་སེམས་ཅན་དུ་མི་དམིགས་སེམས་ཅན་


JLD018_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གདགས་པའང་མི་དམིགས་སོ། །ཞེས་སོ། །བཞི་པ་གཙོ་བོར་དོན་ཕྱིན་དྲུག་ནི་བདག་ཀྱང་སྦྱིན་པ་གཏོང་བ་ཡིན་གཞན་ཡང་སྦྱིན་པ་ལ་ཡང་དག་པར་བསྐུལ་བ་ཡིན། ཞེས་སོ། །ལྔ་པ་གཉིས་ཀའི་དོན་སངས་རྒྱས་སུ་བགྲོད་པའི་ལམ་དགེ་བཅུ་ནི། བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་འཛིན་པ་ཡིན། གཞན་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བསྐུལ་བ་ཡིན། ཞེས་སོ། །གཉིས་པ་འཇིག་རྟེན་པའི་སྒོམ་བྱུང་གཙོ་བོར་གྱུར་པས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཉིད་དུ་རྟོགས་ཤིང་གོམས་པ་ནི། བྱང་ཆེན་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མཐོང་ནས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་གོ །ཞེས་སོ། །གསུམ་པ་གཟུང་འཛིན་གཉིས་ཟད་པའི་ཆོས་ཉིད་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ས་དང་པོ་ནི། བྱང་ཆེན་རང་བཞིན་སྟོང་པ་ཉིད་ཀྱི་ཕར་ཕྱིན་རྣམས་ལ་སྤྱོད་ཅིང་གཟུགས་སྟོང་པའམ་འོན་ཏེ་མི་སྟོང་བ་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཞེས་སོ། །བཞི་པ་ལ་དྲུག །ས་ལྔ་པའི་བར། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ་ལ་འགོད་པའོ། །དང་པོ་ཆོས་ཐམས་ཅད་བརྡ་ཙམ་དུ་རྟོགས་པའི་ས་གཉིས་པ་ནས་ལྔ་པའི་བར་ནི། ཆོས་དེ་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་སྟེ་བཏགས་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། ཞེས་སོ། །གཉིས་པ་ནི། གཟུང་འཛིན་གཉིས་ཀྱི་རྣམ་པར་ཆོས་རྣམས་དམིགས་སུ་མེད་པ། ས་དྲུག་པ་ནི། བྱང་ཚེ་ཐབས་ལ་མཁས་པས་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བས་བླ་མེད་རྫོགས་


JLD018_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་ཡང་དག་པར་འཇུག་གོ །ཞེས་སོ། །གསུམ་པ་ལུས་ཅན་གྱི་རྒྱུད་སྒྲིབ་པ་སྤང་རུང་དང་གཉེན་པོ་སྐྱེ་རུང་དུ་ཡོངས་སུ་སྨིན་པར་བྱེད་པ་ས་བདུན་པ་ནི། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ་སེམས་ཅན་ལ་ལ་ཞིག་དམིགས་པར་བྱས་ཤིང་གདུལ་བར་བྱ་བ་དེ་ལྟ་བུའི་སེམས་ཅན་གང་ཡང་མི་དམིགས་སོ། །ཞེས་སོ། །བཞི་པ་ལ་གཉིས། རྟོགས་པ་དང༌། སྤངས་པའོ། །དང་པོ་ཉན་རང་དུ་མི་ལྟུང་བར་ངེས་པའི་བྱང་སེམས་ཀྱི་ལམ་ནི་རབ་འབྱོར་ཕར་ཕྱིན་དྲུག་ནི་བྱང་ཆེན་གྱི་བྱང་ཆུབ་ཀྱི་ལམ་མོ། །ཞེས་སོ། །གཉིས་པ་ཆོས་རྣམས་ལ་གཟུང་འཛིན་དུ་མངོན་པར་ཞེན་པ་བཟློག་པ་ནི། བྱང་ཆེན་བྱང་ཆུབ་ཀྱི་ལམ་ལ་སྤྱོད་པས་ཐོག་མ་ཉིད་དུ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ་མངོན་པར་འདུ་བྱ་བ་མ་གཏོགས་པར་འདི་ལ་ཆོས་གང་ཡང་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་དོ་ཞེས་བྱ་བར་ཡོངས་སུ་བརྟག་པར་བྱའོ། །ཞེས་སོ། །ལྔ་པ་འདིའི་ཡོངས་སྦྱོང་དུ་གསུངས་པ་ལྟར་བྱང་ཆུབ་མ་ཐོབ་ཀྱང་དེ་ཐོབ་པ་དང་འདྲ་བའི་སྤྲུལ་སྐུའི་མཛད་པ་ནུས་པས་བྱང་ཆུབ་ཐོབ་པ་ནི། བྱང་ཆུབ་ནི་ལམ་གྱིས་འཐོབ་པའང་མ་ཡིན། ལམ་མ་ཡིན་པས་འཐོབ་པའང་མ་ཡིན་ཏེ། བྱང་ཆུབ་ཉིད་ཀྱང་ལམ་མོ་ལམ་ཉིད་ཀྱང་བྱང་ཆུབ་པོ། ཞེས་སོ། །དྲུག་པ་ལ་གསུམ། བཅུ་པ་ཐོབ་མ་ཐག་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མ་ལ་འགོད་པའོ། །དང་པོ་རང་ཉིད་སངས་རྒྱས་པའི་སྣོད་བཅུད་ཀྱི་ཞིང་དག་པ་ནི། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་


JLD018_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། ཞེས་སོ། །ས་བཅུ་པ་ཐོབ་མ་ཐག་ཏུ་དབང་བསྐུར་བས་ཞིང་དག་པར་འགྱུར་བ་ལ་གཉིས། སྣང་བས་ཕྲིན་ལས་སྒྲུབ་པ་དང༌། མཆོད་པས་དབང་བསྐུར་ཐོབ་པའོ། །དང་པོ་ལ་སྣོད་དང༌། བཅུད་དག་པའི་སྣང་བ། ཕྲིན་ལས་སྒྲུབ་པ་གསུམ་ལས། དང་པོ་ནི། ས་བཅུ་པ་ཐོབ་མ་ཐག་གི་ཚེ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུའི་རྗེས་ལ་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་ཐོབ་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་རྒྱ་དང་མཉམ་པའི་པདྨ་རིན་པོ་ཆེ་དུ་མས་སྤྲས་པའི་གདན་དང༌། དེའི་འཁོར་དུ་སྟོང་གསུམ་ལ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པའི་པདྨས་གང་བར་སྣང་བའོ། །གཉིས་པ་ནི། རང་ཉིད་གདན་དེ་ལ་འཚམ་ཞིང་རྐྱེན་དུ་འབབ་པར་འདུག་ལ་འཁོར་གྱི་པདྨ་ལ་ས་དགུ་པ་མན་ཆད་ཀྱི་བྱང་སེམས་བཞུགས་པས་བསྐོར་ཏེ་འདུག་པར་སྣང་ངོ༌། །གསུམ་པ་ནི། བྱང་སེམས་དེའི་ཞབས་མཐིལ་གཉིས་དང་པུས་མོའི་ལྷ་ང་གཉིས་དང་ལྟེ་བ་དང་རྩིབ་ལོགས་གཉིས་ཕྱག་མཐིལ་གཉིས་ལས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བཅུ་སྤྲོས་པས་རིམ་པ་བཞིན་དུ་ཕྱོགས་བཅུའི་ཡི་དྭགས་དང་དམྱལ་བ་དང་དུད་འགྲོ་མི་དང་ལྷ་ལྷ་མ་ཡིན་གྱི་གནས་ཐམས་ཅད་སྣང་བར་བྱས་ནས་དུ་ཁ་རྣམས་ཞི་བར་བྱེད་དོ། །ཕྲག་པ་གཉིས་དང་རྒྱབ་མགུལ་གཉིས་དང་ཞལ་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བཅུ་སྤྲོས་པས་རིམ་པ་བཞིན་ཕྱོགས་བཅུའི་ཉན་ཐོས་དང་རང་རྒྱལ་དང་སེམས་དང་


JLD018_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྐྱེད་པ་ནས་ས་དགུ་པའི་བར་གྱི་གནས་གསུམ་པ་རྣམས་སྣང་བར་བྱས་ཤིང་ཆོས་སྣང་བའི་སྒོ་དང་ཞི་བའི་ཏིང་ངེ་འཛིན་གྱི་སྒོའི་ཚུལ་དང་ཤེས་རབ་དང་ཐབས་མཁས་པའི་ཚུལ་ཡང་རིམ་པ་བཞིན་ཉེ་བར་སྒྲུབ་བོ། །གཉིས་པ་ལ་གཉིས། མཆོད་པ་དང་དབང་བསྐུར་བའོ། །དང་པོ་ནི། བྱང་སེམས་དེའི་མཛོད་སྤུ་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་སྤྲོས་པས་ཕྱོགས་བཅུའི་བདུད་ཐམས་ཅད་ཟིལ་གྱིས་མནན་ཏེ་དབང་བསྐུར་ཐོབ་པའི་བྱང་སེམས་རྣམས་སྣང་བར་བྱས་ཏེ། དེ་དག་གི་ལུས་སུ་ནུབ་པར་བྱེད་དོ། །སྤྱི་གཙུག་ནས་འོད་ཟེར་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་དང་མཉམ་པ་འཕྲོས་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས། འཇིག་རྟེན་ལན་བཅུར་བསྐོར་ནས་སྟེང་གི་ནམ་མཁའ་ལ་འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་དུ་བྱས་ཏེ། དེ་བཞིན་གཤེགས་པ་མཆོད་སེམས་ཅན་གྱི་དོན་བྱས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་མཐིལ་དུ་ནུབ་པར་བྱེད་དོ། །གཉིས་པ་ནི། རྒྱལ་བ་སྲས་བཅས་དེ་དག་གིས་བྱང་སེམས་དེ་དབང་བསྐུར་བའི་དུས་ལ་བབ་པར་གཟིགས་ནས་ཕྱོགས་བཅུ་ནས་ས་དགུ་པ་མན་ཆད་ཀྱི་བྱང་སེམས་མཐའ་ཡས་པ་འོངས་ཏེ། བྱང་སེམས་དེ་ལ་ལྟ་ཞིང་མཆོད་དེ་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ །བྱང་སེམས་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་དཔལ་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་ལས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་


JLD018_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་དང་བཅས་པ་བྱུང་སྟེ་ཕྱོགས་བཅུ་སྣང་བར་བྱས་ཆོ་འཕྲུལ་མུ་མེད་པ་བསྟན་ཏེ། བྱང་སེམས་དེའི་དཔལ་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་སུ་ནུབ་པས་མཐུ་སྟོབས་ལྷག་པར་འཕེལ་ལོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པའི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གཅིག་འཁོར་འོད་ཟེར་གྲངས་མེད་པ་འབུམ་ཕྲག་དང་བཅས་པ་བྱུང་སྟེ་ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས།འཇིག་རྟེན་ལན་བཅུར་བསྐོར་ངན་སོང་ཞི་ཞིང་བདུད་ཟིལ་གྱིས་མནན་ནས་བྱང་སེམས་དེའི་སྤྱི་བོར་ནུབ་ལ་འཁོར་གྱི་འོད་ཟེར་རྣམས་ནི་འཁོར་རྣམས་ཀྱི་སྤྱི་བོར་ནུབ་བོ། །འོད་ཟེར་དེ་དག་གིས་ཕོག་མ་ཐག་ཏུ་བྱང་སེམས་དེ་དག་གིས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་འཐོབ་ཅིང་འོད་ཟེར་དེ་དག་ཀྱང་བྱང་སེམས་དེའི་མགོ་ལ་དུས་གཅིག་ཏུ་འབབ་པར་འགྱུར་རོ། །གཉིས་པ་ལ་གསུམ་ལས། དང་པོ་སྐྱེ་བ་ཕྱི་མ་དེ་ཉིད་ལ་ཞིང་འདིར་དུས་འདིའི་ཚེ་སངས་རྒྱས་འདི་ཞེས་བྱ་བར་འགྱུར་བར་ངེས་པའི་ནུས་པ་ནི། བྱང་ཆེན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུང་པོར་ངེས་པ་ནི་མ་ཡིན་གྱི་སངས་རྒྱས་ཀྱི་ཕུང་པོར་ངེས་པའོ་ཞེས་སོ། །གཉིས་པ་ཕྱོགས་བཅུ་ཀུན་གྱི་སེམས་ཅན་གྱི་དོན་ཚད་མེད་པ་སྒྲུབ་པ་ནི། ཐབས་མཁས་པ་དེ་དག་གིས་ཕྱོགས་བཅུའི་ཕྱོགས་བཅུ་རེ་རེའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་དེས་དེ་ལ་གང་ཡང་རིག་པར་འགྱུར་བ་མེད་དོ། །ཞེས་སོ། །གསུམ་པ་འཇིག་


JLD018_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཐམས་ཅད་དུ་དེ་བཞིན་གཤེགས་པའི་དྲུང་དུ་ཉེ་བར་འགྲོ་ཞིང་སངས་རྒྱས་བསྟན་པ་དང་སོགས་པས་དེ་ལ་ཆོས་ཉན་བསྙེན་བཀུར་བའི་ཡོན་ཏན་ནི། ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མཆིས་པ་དང༌། འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་ཆོས་སྟོན་པ་དེ་དག་ལ་བསྙེན་བཀུར་བགྱིད་པ་དང་ཆོས་ཉན་ཞིང་སངས་རྒྱས་དེ་དག་ལ་དགེ་བའི་རྩ་བ་སྐྱེད་པའི་མངོན་པར་ཤེས་པའི་ཕར་ཕྱིན་མངོན་པར་སྒྲུབ་པ་ལགས། ཞེས་སོ། །གསུམ་པ་ནི་ས་བཅུ་པ་ལ་འགོད་པའི་གསུམ་པ་སྟེ། སྲིད་པ་ཐ་མ་ལ་འགོད་ཚུལ་བཤད་པ། གསུམ་པ་ལ་བཞི། ནུས་པ། རྟོགས་པ། སྤངས་པ། དག་པའི་རྒྱུ་ཚོགས་སོ། །དང་པོའི་གཉིས་ནི། བྱང་ཆེན་གྱི་ཚོགས་མཐའ་དག་སྐྱེད་པའི་བྱང་ཆུབ་ཀྱི་ཡན་ལག་ནི། དགེ་བའི་ཆོས་ཐམས་ཅད་ནི་བྱང་ཆེན་གྱི་ལམ་གྱི་ཡན་ལག་གོ། ཞེས་སོ། །རྒྱུ་ཚོགས་གཉིས་ཀྱི་ལས་ཀྱིས་འབྲས་བུ་རྫོགས་བྱང་དངོས་སུ་འབྱིན་པས་ལས་འབྲས་ཀྱི་འབྲེལ་པ་ཆུད་མི་ཟ་བ་ནི། བྱང་སེམས་ཀྱི་སྤྱད་པ་སྤྱོད་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་རྒྱུད་ལྔའི་འཁོར་བ་ལས་སེམས་ཅན་རྣམས་ཡོངས་སུ་འགྲོལ་ཏོ། །ཞེས་སོ། །གཉིས་པའི་གཉིས་ནི། བདེན་བཞི་མཐོང་བའི་ཇི་སྙེད་པ་རྟོགས་པ་ནི་བྱང་ཆེན་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སྡུག་བསྔལ་དང་སྡུག་བསྔལ་ཀུན་འབྱུང་བ་དང་སྡུག་


JLD018_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་འགོག་པ་དང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་སོ། །འདུས་བྱས་འཁོར་བ་དང་འདུས་མ་བྱས་མྱང་འདས་ལ་བླང་དོར་ཐ་དད་དུ་ཡོངས་སུ་མི་ཤེས་པ་སྟེ་མི་འཛིན་པར་མཉམ་པ་ཉིད་དུ་མཐོང་བའི་ཇི་ལྟར་རྟོགས་པ་ནི། འདུས་བྱས་ལས་གུད་ནའང་འདུས་མ་བྱས་དམིགས་སུ་མེད་དོ། །འདུས་མ་བྱས་ལས་གུད་ནའང་འདུས་བྱས་དམིགས་སུ་མེད་དོ། །འདི་འདིར་བཤད་པ་ནི་དོན་འབྲེལ་དབང་བཙན་པར་བྱས་པའོ། །གསུམ་པའི་གཉིས་ནི། །གཙང་བདེ་རྟག་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་སྤངས་པ་ནི། བྱང་ཚེ་ཐབས་མཁས་པས་ཕྱིན་ཅི་ལོག་བཞིས་ཕུང་པོ་ལྔ་ལ་མངོན་པར་ཞེན་ནས་མི་རྟག་པ་ལ་རྟག་པའི་འདུ་ཤེས་སུ་གྱུར་པ་སྡུག་བསྔལ་བ་ལ་བདེ་བའི་འདུ་ཤེས་སུ་གྱུར་པ། བདག་མེད་པ་ལ་བདག་གི་འདུ་ཤེས་སུ་གྱུར་པ་མི་སྡུག་པ་ལ་སྡུག་པའི་འདུ་ཤེས་སུ་གྱུར་པ་དངོས་པོ་ལ་མངོན་པར་ཞེན་པ་རྣམས་དངོས་པོ་ལས་རྣམ་པར་འགྲེལ་ཏོ། །ཞེས་སོ། །ཕྱིན་ཅི་ལོག་དེའི་གཞི་སྒྲོ་བཏགས་པ་ཙམ་མ་གཏོགས་པར་དོན་ལ་མེད་པའི་ཚུལ་དུ་རྟོགས་པ་ནི། ཕྱིན་ཅི་ལོག་མ་གཏོགས་པར་གང་ལ་གནས་ཏེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལས་མངོན་པར་འདུ་བྱེད་པའི་དངོས་པོ་ནི་ཆུང་ངུ་ན་སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་ཡང་མེད་དོ། །ཞེས་སོ། །བཞི་པའི་གཉིས་ནི་སྲིད་མཐའི་སྐབས་ཀྱི་སངས་རྒྱས་ཀྱི་རྒྱུ་ཚོགས་དྲི་མས་རྣམ་པར་བྱང་བ་ནི། ཆོས་ཐམས་ཅད་ཀྱི་མཉམ་


JLD018_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་གང་ཡིན་པ་དེ་ནི་ངས་རྣམ་པར་བྱང་བར་གསུངས་སོ། །ཞེས་སོ། །རྣམ་པར་བྱང་བའི་ཡོན་ཏན་དེ་དག་སངས་རྒྱས་ཀྱི་རྒྱུའི་ཚོགས་པར་གནས་པ་ནི། ཆོས་དེ་དག་ཐམས་ཅད་ཀྱང་ལམ་སྒྲུབ་པ་དང་ལམ་སྐྱེད་པའི་རྒྱུར་འགྱུར་བ་སྟེ་འབྲས་བུ་ཐོབ་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་སོ། །གསུམ་པ་མི་གནས་པའི་མྱང་འདས་དེ་བཞིན་གཤེགས་པའི་ས་ནི། ཆོས་གང་ལ་སྐྱེ་བ་ཡང་མེད་འགག་པ་ཡང་མེད་པ་དེ་ནི་མ་སྤྲུལ་པའོ། །གསོལ་པ་བཅོམ་ལྡན་འདས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མི་མཉམ་པ་རྨོངས་པ་མེད་པའི་ཆོས་ཅན་གྱི་མྱ་ངན་ལས་འདས་པ་སྟེ་ཆོས་དེ་མ་སྤྲུལ་པའོ།། ཞེས་སོ། །མཐའི་འགོད་ཀྱི་སྒྲ་གོང་མ་ཐམས་ཅད་ལ་སྦྱར་རོ། །གསུམ་པ་ནི། ཆོས་སྐུ་སོགས་ནི་འཇུག་པའི་ཡུལ་གྱི་དབྱེ་བས་ཉི་ཤུ་རྩ་བདུན་དུ་བཞེད་དོ། །གསུམ་པ་ནི་མཛད་པ་ཕྲིན་ལས་བཤད་པའི་གསུམ་པ་སྟེ། འགྲེལ་པས་བཤད་ཚུལ་གྱི་སྐོར་བཤད་པ། གསུམ་པ་ལ་གཉིས། ཕྲིན་ལས་ཀྱི་དབྱེ་བ། དེའི་དུས། རིམ་པ་དེས་གཞན་ཡང་མཚོན་པའོ། །དང་པོ་ལ་སྔར་ལྟར་གསུམ་ལས། དང་པོ་ནི། ལམ་ལ་འགོད་པའི་དང་པོར་འགྲོ་བ་བཟང་པོ་ལྷ་མི་དང་བཟང་པོ་མ་ཡིན་པར་ངན་འགྲོའི་མངོན་ཞེན་ཉོན་མོངས་ཞི་བ་ཞེས་ཚིག་སྦྱར་རོ། །གཉིས་པ་ལ་ཡང་བཞི་ལས། ཚོགས་ལམ་ལ་འགོད་པ་ནི། ལྔ་པའི་བར་རྩ་བ་ལྟར་ཡིན་ལ་ནས་ཞེས་པ་ནི་དུས་ནམ་གྱི་ཚེ་མཛད་ན་དེའི་རྗེས་ནས་མཛད་ཅེས་སྦྱར་ཏེ་ཐམས་ཅད་ལའོ། །རང་དོན་ནི་དེ་ལ་ཞེན་པ་དང་མ་བྲལ་བ་དང་རང་གཞན་གྱི་དོན་ནི་ངག་


JLD018_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱལ་བརྣབ་སེམས་ལོག་ལྟ་སྤོང་བ་རང་དོན་དང་ལྷག་མ་རྣམས་སྤོང་བ་གཞན་དོན་དུ་ཡིན་པའམ་ཡང་ན་དགེ་བཅུ་ཡང་སངས་རྒྱས་སུ་བསྔོས་པས་གཉིས་ཀའི་དོན་ཡིན་གྱི་ཉན་ཐོས་ལྟར་རང་དོན་མ་ཡིན་ནོ་ཞེས་ཚིག་གསལ་ལས་སོ། །དང་པོ་བཞི་ཚོགས་ལམ་ཕལ་བ་དང་ལྔ་པ་ཐར་ཆ་དང་དེ་ནས་གཉིས་སྦྱོར་ལམ་ཡིན་ཞེས་དེ་ཉིད་ལས་སོ། །བདག་ཉིད་ཆེན་པོས་དང་པོ་གསུམ་བསམ་སྦྱོར་ལྟ་བ་དག་པའི་ཚོགས་ལམ་དང་དེ་ནས་བཞི་བསམ་པ་དག་པ་དང་རང་དོན་དང་གཉིས་དོན་གྱི་སྤྱོད་པ་དག་པ་དང་ལྟ་བ་དག་པའི་སྦྱོར་ལམ་དུ་གསུངས་སོ། །གཉིས་པ་ནི། སྔར་ལྟར་རོ། །གསུམ་པ་ནི། སྦྱིན་པ་ལ་བརྟེན་པ་ནི། དེ་གདུལ་བྱའི་རྒྱུད་ལ་སྐྱེད་པ་ལ་བརྟེན་ནས་ས་དང་པོ་ལ་འགོད་པ་སྟེ་འོག་མ་རྣམས་སུ་ཡང་དེ་ལྟར་སྦྱར་རོ། །བཞི་པ་ལ་ཡང་དྲུག་ལས་དང་པོ་ནི། དེ་ནས་སོགས་ཏེ་ཚོགས་རྫོགས་པའི་རྒྱུར་གྱུར་པ་ཚུལ་ཁྲིམས་སོགས་ཀྱིས་ཆོས་ཐམས་ཅད་བརྡར་བཏགས་པར་ཤེས་པ་ལ་འགོད་ཅེས་སྦྱར་རོ། །ཚིག་གསལ་ལས། ཚོགས་ནི་ས་དང་པོའི་ཚོགས་གཉིས་པོ་ས་དེར་ཚོགས་ཁྱད་པར་ཅན་ལ་གནས་ཀྱང་ཡོངས་སུ་མ་རྫོགས་པས་དེ་རྫོགས་པར་བྱ་བའི་ཕྱིར་ས་གཉིས་པ་སོགས་ལ་ཚུལ་ཁྲིམས་སོགས་ཀྱི་ཕར་ཕྱིན་གྱི་ཆོས་ཐམས་ཅད་རྫོགས་པར་བྱེད་ཅིང་དེ་དག་བརྡར་བཏགས་པར་ཤེས་པས་དཔྱོད་ཀྱི་དངོས་པོར་འཛིན་པའི་ཚུལ་གྱིས་མ་ཡིན་པ་ལ་འགོད་དོ། །ཞེས་སོ། །གཉིས་པ་ནི། དེ་བཞིན་ནི་ཚུལ་ཁྲིམས་སོགས་ལ་བརྟེན་


JLD018_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྡ་ཙམ་དུ་ཤེས་པ་བཞིན་ཞེས་པའོ། །གསུམ་པ་བཞི་པ་ལྔ་པ་རྣམས་ཀྱང་སྔར་ལྟར་ཏེ་སེམས་ཅན་སྨིན་པ་ནི་དྲོད་སོགས་ཐོབ་པ་སྟེ་ཤིང་ཏོག་དང་རྨ་སྨིན་པ་བཞིན་ནོ། །ཉན་རང་དང་ཐུན་མོང་མ་ཡིན་པ་ནི་མཚན་མེད་ཀྱི་དབྱིངས་སུ་ཡང་ཞུགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་བའི་མཐུས་ཡང་དག་མཐའ་མངོན་དུ་མི་བྱེད་པའོ། །ཞེན་པ་སྤངས་པ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ་ཞེས་བསྟན་པའི་ཆགས་པའོ། །གཞན་དག་ནི་ཆགས་པ་དེ་ས་བཅུ་པའི་བར་དུ་ལྡན་པས་ས་འོག་མ་ལ་བལྟོས་ནས་ཞེན་པ་སྤངས་པར་འདོད་དོ། །བྱང་ཆུབ་ཐོབ་པ་ནི་ཚོགས་མ་རྫོགས་པས་ཆོས་ཀྱི་སྐུ་མ་ཡིན་ཀྱང་གདུལ་བྱའི་དབང་གིས་སྨོན་ལམ་གྱི་མཐུས་གཟུགས་ཀྱི་སྐུར་འཚང་རྒྱ་བའོ་ཞེས་ཚིག་གསལ་ལས་སོ། །འདི་དང་སེམས་བསྐྱེད་ཀྱི་སྟོབས་དང་སྨོན་ལམ་གཉིས་མི་མཐུན་པ་ནི་གཉིས་ཀའང་གཉིས་ཀར་ཡོད་པ་ཕལ་པ་དང་མེད་པ་གཙོ་བོ་ཡིན་པ་ལ་དགོངས་སོ། །དྲུག་པ་ལ་ཚིག་གསལ་ལས། འགྲོ་བ་ཞི་བར་མཛད་པ་ནས་བཟུང་སྟེ་ཡེ་ཤེས་ཀྱི་ཕར་ཕྱིན་གྱི་བར་དུ་ནི་གོང་མ་གོང་མ་ལས་འོག་མ་ཐ་དད་པ་ཡེ་ཤེས་ཞིང་དག་ཁོ་ན་དང་སྦྱར་ཞིང་དེ་ནས་གསུམ་སྐྱེ་བ་གཅིག་གིས་ཐོགས་པ་དང་ཐ་མ་བརྒྱད་སྒོམ་ལམ་ཁྱད་པར་ཅན་དུ་བཞག་ཅིང་རང་རང་གི་ཆོས་ཅན་གཅིག་གི་ཡོན་ཏན་གྱི་ཁྱད་པར་དུ་འདོད་དོ། །འདིར་རྩ་བ་ལྟར་གསུམ་ལས་དང་པོ་ནི་སྔར་ལྟར་ཏེ། ཡེ་ཤེས་ནས་སྟོབས་ཀྱིས་ནི་འོག་མ་བཅུ་


JLD018_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལའང་སྦྱར་རོ། །གཉིས་པ་ནི། ཡང་ནི་སྔ་མར་མ་ཟད་པ་དང་དེ་ཉིད་ནི་ས་བཅུ་པའོ། །གསུམ་པ་ལ་བཞི་ལས། དང་པོའི་གཉིས་ནི་དེ་ལྟ་བུའི་རིམ་པ་ཞེས་པ་ནི་བཅུ་པ་ཐོབ་མ་ཐག་པ་ལ་བཀོད་རྗེས་སུ་སྐྱེ་བ་གཅིག་གིས་ཐོགས་པ་ལ་བཀོད་པ་བཞིན་དུ་དེ་ལ་བཀོད་རྗེས་སུ་སྲིད་པ་ཐ་མ་ལ་འགོད་པའོ། །ཁྱད་པར་གྱི་ལམ་ནི་ཚེ་གཅིག་གིས་ཐོགས་པ་ལས་ཁྱད་པར་དུ་ཞུགས་པ་དང༌། བྱང་ཆུབ་མཐའ་དག་འདྲེན་པ་ནི་བྱང་ཆུབ་གསུམ་གྱི་ཡོན་ཏན་གྱི་རིགས་མཐའ་དག་སྐྱེད་པའོ། །བྱང་ལག་བདུན་ལ་བྱང་ཆུབ་ཀྱི་ཡན་ལག་ཏུ་ཚིག་གསལ་ལས་འཆད་ཀྱང་རྒྱུ་སྤྱི་ལ་གཟུང་ ངོ༌། །ལས་འབྲས་ཀྱི་འབྲེལ་པ་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ་དེ་ཆུད་མི་ཟ་བ་ནི་སྐད་ཅིག་སྦྱོར་གྱིས་ཡེ་ཤེས་རྣམ་དག་སྐྱེད་ཀྱི། བསྐལ་པ་མང་པོ་གཅིག་ཏུ་དཀའ་བ་བྱས་ནས་རང་གི་ཡེ་ཤེས་རྒྱུན་གཅོད་པ་ནི་མ་ཡིན་ནོ། །ཞེས་ཚིག་གསལ་ལས་སོ།། གཉིས་པའི་གཉིས་ནི། དངོས་པོ་ནི་བདེན་བཞིའོ། །ཚིག་གསལ་ལས་དངོས་པོ་ཀུན་རྫོབ་དང༌། ཡང་དག་ཇི་བཞིན་དུ་རྟོགས་པ་དེ་དོན་དམ་ལས་ཐ་དད་པར་མི་འཛིན་པ་ལ་བཤད་དོ། །གསུམ་པའི་གཉིས་པ་ནི་ཕྱིན་ཅི་ལོག་ནི་བདེན་གཉིས་ལོག་པར་རྟོགས་པ་སྟེ་དེ་བདེན་པ་ཐ་དད་དུ་མི་འཛིན་པའི་མཐུས་སྤོང་བས་འདི་སྔ་མའི་འབྲས་བུ་དང་ཕྱིན་ལོག་སྤོང་བ་དེ་ཡང་རྫས་ཡོད་བོར་བ་ནི་མ་ཡིན་གྱི་གཟོད་མ་ནས་དངོས་པོ་ཕྱིན་ལོག་ཕྲ་བ་ཡང་མེད་པས་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟར་གནས་པ་བཞིན་མཁྱེན་པ་ཙམ་མོ། །བཞི་པའི་


JLD018_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་དང་པོ་ནི་རྒྱུ་མཚན་སྔ་མ་གཉིས་ལ་བརྟེན་ནས་རྒྱལ་སྲས་དེའི་ཡོན་ཏན་རྣམས་རབ་ཏུ་དག་ཅིང་འོད་གསལ་བའོ། །གཉིས་པ་ནི། རྣམ་པར་དག་པའི་ཡོན་ཏན་དེ་དག་ཀྱང་སངས་རྒྱས་ཀྱི་རྒྱུར་གནས་པའི་ཕྱིར། དྲི་མ་ཐམས་ཅད་དང་བྲལ་བའི་རྣམ་བྱང་གི་རྒྱུ་ཚོགས་སོ་ཞེས་ཚིག་གསལ་ལས་སོ། །གསུམ་པ་ནི། སྔར་ལྟར་རོ། །གཉིས་པ་ནི་འགྲེལ་བས་བཤད་པའི་གཉིས་པ་སྟེ། ཕྲིན་ལས་དེའི་དུས་རིམ་བཤད་པ། གཉིས་པ་ནི། ལམ་རྟེན་ལ་འགོད་པ་ནས་འབྲས་བུ་ལ་འགོད་པའི་བར་དུ་ཕྱེ་བ་དེ་ལྟར་ན་ཆོས་སྐུ་རྒྱུན་མི་འཆད་པ་བཞིན་དུ་ཆོས་སྐུ་འདིའི་ཕྲིན་ལས་ཉི་ཤུ་རྩ་བདུན་ཡང་འཁོར་བ་ཇི་སྲིད་བར་འཇུག་པར་བཞེད་པ་ཞེས་བྱ་བ་སྔར་བཤད་པ་ཉེར་བདུན་ནི། ཆོས་སྐུ་ཕྲིན་ལས་ཞེས་སྨོས་པའི་མཛད་པ་ཡིན་ནོ། །རྒྱལ་བའི་མཛད་པ་རྣམས་བཞེད་ཙམ་གྱིས་ལྷུན་གྲུབ་ཏུ་འབྱུང་བས་བཞེད་པ་མཛད་པ་ཡིན་ཞེས་སྨོས་པར་ཚིག་གསལ་ལས་འཆད་དོ། །གསུམ་པ་ནི་འགྲེལ་བས་བཤད་ཚུལ་གྱི་གསུམ་པ་སྟེ། རིམ་པ་དེས་གཞན་ཡང་མཚོན་ཚུལ་གྱི་སྐོར་བཤད་པ། གསུམ་པ་ནི། འགྲེལ་པ་འདིར་དང་པོར་སེམས་བསྐྱེད་དང་མཐར་ཕྲིན་ལས་ལ་ས་མཚམས་ཀྱི་སྐྱེ་རིམ་བརྗོད་ནས་བར་པ་རྣམས་ལ་མི་སྨོས་པ་ཅི་ཞེ་ན། ཡན་ལག་རྒྱས་བཤད་ཀྱི་དང་པོར་སེམས་བསྐྱེད་དང་ཐ་མར་ཕྲིན་ལས་ཉེར་བདུན་ལ་ས་མཚམས་བསྟན་པའི་རིམ་པ་དེས་ཤུགས་ལ་མ་བརྗོད་པའི་ལྷག་མ་བར་གྱི་ཚིག་གི་དོན་རེ་དགུ་པོ་རྣམས་ཀྱི་ས་མཚམས་ཀྱི་གོ་རིམ་ཀྱང་ཁོང་དུ་ཆུད་པར་བྱ་སྟེ། འདིར་དངོས་སུ་མ་སྨོས་པའི་རྒྱུ་མཚན་ནི། ཚིག་མངས་སུ་དོགས་པས་ཡིན་ནོ་ཞེས་ཚིག་གསལ་ལས། སེམས་བསྐྱེད་དང་ཕྲིན་ལས་རང་གི་


JLD018_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་བསྟན་པ་དང་དེ་གཉིས་ཀྱི་ལས་བསྟན་པ་ནི་རང་རང་གི་སྐབས་ཀྱི་བྱ་བ་ཡོན་ཏན་རང་བཞིན་བསྟན་པ་དང་གོ་རིམ་བསྟན་པ་ལས་དང་ནས་སངས་རྒྱས་སའི་བར་དུ་མ་འཁྲུགས་པར་བསྟན་པ་ལ་འཆད་དེ་འགྲིག་རྒྱུ་མེད་དོ། དེས་ན་རྟོགས་དཀར་དང་པོ་དང་ཐ་མར་ཞེས་འདོན་པ་ལྟར་རམ་ཡང་ན་ཐ་མའི་ལས་ཞེས་པའི་དྲུག་སྒྲ་གཞི་མཐུན་པའི་བསྡུ་བ་བྱས་ན་ལེགས་སོ། །གསུམ་པ་ནི། ཤེས་རབ་སོགས་སོ། །ཤེར་ཕྱིན་གྱི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་མང་དུ་ཐོས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་ལས་སྐབས་བརྒྱད་པའི་འགྲེལ་བཤད་དོ།།གཉིས་པ་ནི་བརྩམ་བྱ་གཞུང་གི་རང་བཞིན་བཤད་པའི་གཉིས་པ་སྟེ། འབྲིང་ལ་དད་པ་ལ་དྲུག་ཏུ་དབྱེ་བའི་སྐོར་བཤད་པ།གཉིས་པ་བར་མ་ལ་དད་པ་ལ་དྲུག་ཏུ་དབྱེ་བ་ལ་གསུམ་ལས་དང་པོ་ནི། རྒྱས་པ་སོགས་སོ། །གཉིས་པ་ནི། མཚན་ཉིད་ཀྱི་དང་དེའི་སྦྱོར་བ་སོགས་ནས་དེའི་རྣམ་སྨིན་གྱི་སྐབས་ཞེས་སྦྱར་བས་དོན་ནམ་སྐབས་དྲུག་ཏུ་འགྱུར་བ་དག་ལྡན་དུ་དེའི་ཞེས་པ་དང་པོ་མཁྱེན་གསུམ་དང༌། ཕྱི་མ་བཞི་སྦྱོར་བ་ལ་མཛད་དོ། །འདི་དང་འོག་མ་གཉིས་ལ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་དྲུག་གིས་ཡང་དག་བཤད།། ཅེས་དང༌། དངོས་པོ་གསུམ་གྱིས་ཡང་དག་བཤད་ཅེས་འཇམ་གསར་གྱིས་སྦྱར་བ་ལྟར་ནི་འཐད་དོ། །གསུམ་པ་ནི། མངོན་རྟོགས་དྲུག་གི་དང་པོར་བཤད་པའི་རྣམ་མཁྱེན་ལ་སོགས་པ་གསུམ་ནི། མཁྱེན་གསུམ་གྱི་མཚན་ཉིད་ཡིན་ཏེ། ཆོས་སུམ་ཅུས་མངོན་པར་མཚོན་པར་བྱ་བའི་གནས་


JLD018_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སོ། །འདི་ནི་མཚན་ཉིད་ཀྱི་སྒྲས་བྱ་བྱེད་གཉིས་ཀ་འཛིན་པས་བྱ་བའི་དབང་དུ་བྱས་པའོ། །མཁྱེན་གསུམ་གྱི་ཡུལ་གཞི་ལམ་རྣམ་གསུམ་མཚོན་པར་བྱེད་པས་མཚན་ཉིད་ཅེས་འཆད་པ་ནི་དོན་མ་ཡིན་ནོ། །སང་ཡེས་ཀྱིས་བླང་དོར་གྱི་མཚན་ཉིད་དུ་འདོད་དོ། །དེ་ནས་ཞེས་པ་རྣམས་དེའི་འོག་ནས་བཤད་པ་འདི་དང་འདི་ཞེས་སྦྱར་རོ། །རྣམ་པ་ནས་རྟོགས་པ་ནི་མཁྱེན་གསུམ་གྱི་སྦྱོར་བ་ཡིན་ཏེ། སྐྱེ་མེད་གསུམ་ཤེས་པའི་མཁྱེན་གསུམ་ལ་དབང་དུ་བྱ་བའི་ཕྱིར་རྣམ་ཀུན་འདིས་ནས་པས་ནའོ། །རྩེ་ནས་ནི་མཁྱེན་གསུམ་གྱི་རབ་ཀྱི་གནས་སྐབས་ཡིན་ཏེ། མཁྱེན་གསུམ་ལ་ཤིན་ཏུ་ནས་ཕྱིར་རོ། །མཐར་ནས་ནི་མཁྱེན་གསུམ་གྱི་གོ་རིམས་ཀྱི་གནས་སྐབས་ཡིན་ཏེ༌། མཁྱེན་གསུམ་གྱི་རྟོགས་པའི་དངོས་པོ་ནས་ཕྱིར་དུ་སྔར་བཤད་པ་ལྟར་གྱི་སོ་སོ་བ་དང་མཐའ་དག་ཏུ་རྣམ་པར་བསྒོམས་པའི་དོན་གཞུང་སྲོང་བ་སྟེ་མ་ཉམས་པར་རྒྱུན་ལྡན་དུ་སྐྱོང་བར་བྱེད་པས་སོ། །སྐད་ཅིག་ནས་ནི། མཁྱེན་གསུམ་གྱི་མཐར་ཐུག་པའི་གནས་སྐབས་ཡིན་ཏེ། སློབ་པའི་སྐབས་སུ་དེ་ལས་ཁྱད་པར་དུ་འགྲོར་མེད་པས་སོ། །ཆོས་ནས་ནི་མཁྱེན་གསུམ་གྱི་རྣམ་སྨིན་མཐར་ཐུག་པ་ཡིན་ཏེ། མཁྱེན་གསུམ་དེའི་འབྲས་བུ་མཐར་ཐུག་ཡིན་པས་སོ། །འདི་ཡི་མཁྱེན་གསུམ་ནི་སྐྱེ་མེད་གསུམ་མཁྱེན་པའི་བྱང་སེམས་ཀྱི་རྣམ་འབྱོར་ལ་བྱའོ། །མཚན་ཉིད་ནས་རྣམ་སྨིན་གྱི་བར་ན་ཡོད་པ་དེ་ལྟ་ན་ཡུམ་གསུམ་པོ་ཐམས་ཅད་ཀྱི་དོན་བསྡུས་པ་བརྒྱད་དུ་ཕྱེ་བ་ལས་གཞན་རྣམ་པ་དྲུག་སྟེ་ཚིག་


JLD018_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོན་ནི་སྔ་མ་བརྒྱད་དུ་ཕྱེ་བའི་སྐབས་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། །གསུམ་པ་ནི་བརྩམ་བྱ་གཞུང་གི་རང་བཞིན་བཤད་པའི་གསུམ་པ་སྟེ། བསྡུས་པ་ལ་དད་པ་ལ་གསུམ་དུ་དབྱེ་བའི་སྐོར་བཤད་པ། གསུམ་པ་བསྡུས་པ་ལ་དད་པ་ལ་མངོན་རྟོགས་གསུམ་དུ་དབྱེ་བ་ལ་གསུམ་ལས། དང་པོ་ནི། བར་མ་སོགས་སོ། །གཉིས་པ་ནི། སྐབས་གསུམ་དུ་འགྱུར་ཏེ། མཁྱེན་པ་རྣམ་པ་གསུམ་ནི་ཡུལ་དང་སྦྱོར་བཞིའི་བདག་ཉིད་ནི་རྒྱུ་དང་ཆོས་སྐུ་ཕྲིན་ལས་དང་བཅས་པ་ནི་འབྲས་བུ་སྟེ་དོན་གསུམ་དུ་བསྡུས་པ་དྲུག་ལས་གཞན་རྣམ་པ་གསུམ་མོ། །གསུམ་པ་ནི། དང་པོར་བཤད་པའི་རྣམ་མཁྱེན་སོགས་གསུམ་ནི་བྱང་སེམས་ཀྱི་སྦྱོར་བའི་འཇུག་པར་བྱ་བའི་ཡུལ་དང་རྒྱུ་གཞི་མཐུན་པ་སྟེ་དེ་ཡང་མཁྱེན་གསུམ་གཏན་ལ་ཕབ་པ་ལས་ཆོས་སྐུ་འཐོབ་པ་ཙམ་ལ་བྱའོ། །དག་ལྡན་ལས་ཀྱང་ཡུལ་དང་རྒྱུ་གཞི་མཐུན་པར་བཤད་དོ། །འོན་ཀྱང་འགྱུར་འདི་མི་ལེགས་པས་རྒྱན་སྣང་གི་འགྱུར་ལྟར་རྒྱུ་དང་སྦྱོར་བ་གཞི་མཐུན་དུ་མཛད་པ་ལྟར་རིགས་སོ། །ཡུལ་དེ་ལ་ཚུལ་ཇི་ལྟར་རབ་ཏུ་སྦྱོར་ཞེ་ན། དེའི་འོག་ཏུ་བཤད་པའི་རྣམ་ཀུན་སོགས་བཞི་ནི་སྦྱོར་བའོ། །སྦྱོར་བ་དེ་ལྟ་བུ་དང་ལྡན་པའི་རྒྱུ་མཁྱེན་གསུམ་དེའི་ནས་ཞེ་ན། དེའི་འོག་ཏུ་སོགས་ཏེ་གོ་སླའི། འདི་ལའང་འགྱུར་སྔར་ལྟར་བཅོས་ནས་ཡུལ་དེ་དང་ལྡན་པའི་སྦྱོར་བ་ཞེས་སྦྱར་དགོས་སོ། །གལ་ཏེ་མངོན་རྟོགས་བསྡུ་ཚུལ་གསུམ་ག་ལ་ཚིག་དོན་བརྒྱད་ཀྱི་སྐབས་སུ་བཤད་པ་བཞིན་དུ་བཤད་དགོས་ན་དབང་པོ་གསུམ་ཀྱི་ཁྱད་པར་ཆེ་བ་དོན་མེད་ཅེ་ན། འདི་གསུམ་གྱི་ཁྱད་པར་ལ་བདག་ཉིད་ཆེན་པོས་བརྒྱད་དུ་བཤད་པ་མངོན་རྟོགས་རང་རང་གི་མཚན་ཉིད་དང་དྲུག་ཏུ་བཞག་པ་


JLD018_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་གོ་རིམ་ངེས་པ་དང་གསུམ་དུ་བཞག་པ་གྲངས་ངེས་དང་ཟློས་པའི་སྐྱོན་སྤོང་གཙོ་བོར་བྱས་ནས་བསྟན་པའོ་ཞེས་གསུངས་པར་བྱང་ཡེ་འཆད་དེ་བསྟན་བཅོས་ཀྱི་དགོངས་པ་མཐར་ཐུག་པའོ། །དེས་ན་དངོས་པོ་སོ་སོའི་མཚན་ཉིད་ངེས་པར་འབྱེད་པ་ན་ཚིགས་ལྷུར་ལེན་དགོས་ལ་དེ་དག་གི་གོ་རིམ་ངེས་པ་གཙོ་བོར་བྱེད་པ་ན་ཚིག་དེ་ཙམ་དུ་མི་རྒྱས་པ་དང་ཡུལ་དང་རྒྱུ་འབྲས་གསུམ་དུ་བསྡུས་ནས་གྲངས་ངེས་དང་ཟློས་སྤོང་གཙོ་བོར་བྱེད་པ་ན་ཚིག་བསྡུས་པ་ཙམ་ཡོད་པ་སྟེ། མདོར་ན་ཚིག་དོན་རེ་རེ་ནས་འཆད་པ་ན་ཁྱད་པར་མེད་ཀྱང་མངོན་རྟོགས་སྤྱིའི་ངོ་བོ་ཤེས་པར་བྱེད་པ་ལ་རྒྱས་བསྡུས་ཡོད་པའོ། །གསུམ་པ་གཞུང་དངོས་བཤད་པའི་ས་བཅད་གསུམ་པ་བརྩམས་པ་མཐར་ཕྱིན་པ་སྟེ། སློབ་དཔོན་གྱིས་འགྲེལ་ཆུང་འདི་བརྩམས་པ་མཐར་ཕྱིན་པའི་ཚུལ་བཤད་པ། གསུམ་པ་ལ་བཞི། གཞུང་གཟུགས་པ། དགེ་བ་བསྔོ་བ། ཁེངས་བསྐྱུང་བ། རྟོགས་པའི་དུས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ལ་གསུམ། ཀུན་གྱི་རྒྱན་དུ་གྱུར་པ་དང༌། དགོས་པ་དང༌། བརྩམ་པར་དམ་བཅའི་གཞུང་གཟུགས་པའོ། །དང་པོ་ནི་གལ་ཏེ་ཁྱོད་ཀྱིས་རྒྱན་འདི་ཡུམ་གསུམ་པོ་ཀུན་གྱི་རྒྱན་དུ་དབྱེ་ཞེས་པ་མ་གྲུབ་སྟེ། རྒྱན་འདི་ལ་རྒྱས་འབྲིང་གི་དོན་ཚང་བར་སྣང་ཡང་བསྡུས་པའི་དོན་མ་ཚང་སྟེ་དེ་ལ་ནི་སེམས་བསྐྱེད་ཉེར་གཉིས་དང་གདམས་ངག་དང་པོ་དྲུག་གི་མདོ་ལ་སོགས་པ་མི་སྣང་བས་ཤེ་ན། འདིའི་ལན་ལ་གསུམ། དོན་ཁྱད་མང་བ་རྗེས་འགྲོ་དང་ལྡོག་བའི་སྒོ་ནས་བསྟན། དེ་ལ་ཟློས་སྐྱོན་སྤང་བའོ། །དང་པོ་ནི། ལ་ལ་ཡུམ་བརྒྱད་སྟོང་པ་ལས་མངོན་རྟོགས་ཀྱི་དོན་ཙམ་དང་དེ་ལས་གཞན་ཉི་ཁྲི་ལས་ཚིག་རྐྱང་ཚང་བ་དང་དེ་གཉིས་


JLD018_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་རྒྱས་པ་ལས་དོན་རེ་རེ་ལ་ཡང་མིང་གི་རྣམ་གྲངས་ཀྱིས་གསུམ་པོ་ཀུན་ལ་དོན་གྱི་ཁྱད་པར་མདོར་བསྡུས་ནས་བསྟན་པ་དེ་ཙམ་དུ་ཤེས་པར་བྱའོ། །འདིས་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་དུ་འཇོག་པ་བརྗོད་བྱའི་དོན་གྱིས་མི་འཇོག་གི་རྗོད་བྱེད་ཀྱི་ཚིག་གིས་འཇོག་པར་བསྟན་ཏོ། །གཉིས་པ་ནི། ཡུམ་གསུམ་དོན་ལ་ཁྱད་པར་མེད་ཅིང་ཚིག་གིས་ཕྱེ་བ་དེ་ལྟ་མ་ཡིན་ན་ཡུམ་ཐམས་ཅད་ཀྱི་བརྗོད་བྱའི་དོན་གྱི་རིམ་པ་མདོ་བརྒྱད་སྟོང་པས་ལེགས་པར་བསྡུས་པ་མ་ཡིན་པར་ཐལ་ལོ། །འདོད་པར་མི་ནུས་ཏེ། ཕྱོགས་གླང་གིས། དེ་ལྟར་ཇི་སྐད་བཤད་དོན་གྱིས། །བརྒྱད་སྟོང་དོན་འདིར་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་པར་འདོད། །ཅེས་ལུང་འདི་དྲངས་ནས་རྒྱན་སྣང་དུ་རྒྱན་དང་བརྒྱད་སྟོང་པ་སྦྱོར་བ་རིགས་པར་བསྒྲུབས་པས་སོ། །ཁ་ཅིག་བསྟན་བཅོས་ཀྱིས་ཡུམ་གསུམ་ཐམས་ཅད་ཀྱི་རིམ་པ་མ་བསྡུས་པར་སྦྱོར་བ་ནི་མ་འབྲེལ་ལོ། །གསུམ་པ་ནི། ཡུམ་གསུམ་ལ་དོན་ཁྱད་མེད་ན་ཟློས་པར་ཐལ་ཞེ་ན། ཡུམ་གསུམ་དེ་ལ་ཚིག་བསྡུས་པ་དང་སོགས་པས་རྒྱས་འབྲིང་གི་དབྱེ་བ་ཡོད་པས་ཁྱད་པར་ཡོད་དོ། །ཁོ་ནར་ཟད་པས་ནི་དོན་ཁྱད་མེད་པར་བསྟན་ཏོ། །འདི་དག་གིས་ནི་ཡུམ་གསུམ་ལ་དོན་ཁྱད་མེད་པར་འགྲུབ་ལ། དེ་གྲུབ་པ་ན་བསྟན་བཅོས་ཡུམ་ཀུན་གྱི་རྒྱན་དུ་གྲུབ་སྟེ་འབྲིང་གི་རྒྱན་དུ་གྲུབ་པར་མཐུན་ལ་དེ་དང་གཞན་གཉིས་དོན་ཁྱད་མེད་པས་སོ། །གཉིས་པ་ནི། གལ་ཏེ་བསྟན་བཅོས་ཡུམ་ཀུན་གྱི་རྒྱན་དུ་གྲུབ་ཀྱང་ཁྱོད་ཀྱི་འགྲེལ་པ་འདི་ལ་བརྟེན་ནས་དེར་


JLD018_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་མི་ནུས་ཏེ་མདོ་གསུམ་པོ་དེ་འདིར་མ་སྦྱར་བས་ཤེ་ན། འཕགས་པ་རྣམ་གྲོལ་སྡེས་མཛད་པའི་འགྲེལ་པ་ལ་འདྲིས་པར་བྱས་པའི་མཐུ་ཡིས་བསྟན་བཅོས་ཀྱི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའི་སྒོ་ནས་ཏེ་རྒྱུ་དེ་ལ་བརྟེན་ནས་ཚུལ་ནི་མདོའི་ཚིག་དང་ངག་དོན་དང་སོགས་པས་མིང་གི་རྣམ་གྲངས་དང་བསྟན་བཅོས་སྦྱོར་བ་མ་བྱས་པར་ཚིག་ནས་འདི་ནི་བྱས་ཞེས་རྣམ་པར་སྦྱར་རོ། །དགོས་པ་ནི། གཞུང་དོན་གོ་བར་སླ་བའི་ཕྱིར་ཏེ། སྐབས་ཀྱི་དོན་ངེས་པར་བྱེད་པ་ན་རྒྱ་ཆེན་པོའི་བཤད་པ་ནི་གེགས་སུ་འགྱུར་བས་སོ། །ཚིག་གསལ་ལས། ཚིག་ནི་ཆོས་ཀྱི་ཁྱད་པར་སྟོན་པ་དང་ངག་ནི་ཚིག་ཇི་སྙེད་པས་བརྗོད་བྱ་གཅིག་སྟོན་པ་སྟེ་ཀ་བ་ནི་བྱས་པའི་ཕྱིར་མི་རྟག་ལ་དེའི་ཕྱིར་དེ་ལ་རང་བཞིན་མེད་ཅེས་པ་ལྟ་བུའོ། །སོགས་པས་སྡེབ་སྦྱོར་གྱི་བསྟན་བཅོས་ལྷུར་བླངས་ཏེ་དོན་སྟོན་པར་མཚུངས་ཀྱང་ཚིག་ཡིད་དུ་འོང་བའི་སྙན་དངགས་མ་བྱས་པར་ཞེས་འཆད་དོ། །འདིས་ཀུན་གྱི་རྒྱན་དུ་འགྱུར་བའི་ཕྱིར་ཞེས་སྨྲས་པའི་དགོས་པ་དེ་གྲུབ་པར་བསྟན་ཏོ། །གསུམ་པ་ནི། ཅི་འདི་གཞན་གྱིས་མ་གནང་བར་བྱས་སམ་ཞེ་ན། མ་ཡིན་ཏེ། ཉེ་བར་ལུང་འབོགས་པས་མཁན་པོ་ཡང་དག་པ་མཚན་རྣམ་སྣང་མཛད་ཅེས་པའི་བླ་མ་བཟང་པོ་དེ་ལ་ཕྱག་འཚལ་ཏེ་མན་ངག་གི་གནང་བ་མནོས་ནས་བདག་སེང་གེ་བཟང་པོས་ཚིག་ནས་འགྲེལ་པ་དོན་གསལ་བ་འདི་ནི་བྱས་སོ། །ཁ་ཅིག་ནི་བླ་མ་བཟང་པོ་འཕགས་པ་གྲོལ་སྡེ་ལ་འདོད་པར་ཚིག་གསལ་


JLD018_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སོ། །འདིས་རྣམ་པར་དབྱེ་ཞེས་པའི་དམ་བཅའ་དེ་གྲུབ་པར་བསྟན་ཏོ། །གཉིས་པ་ནི། རྒྱན་འགྲེལ་དེ་བསྡེབས་པ་ལས་བྱུང་བའི་དགེ་བ་བདག་བཟང་པོའི་ཞབས་ཀྱིས་གང་འཐོབ་པ་དེ་ཡིས་ཆེད་དུ་བྱ་བ་སྐྱེ་བོ་ཐམས་ཅད་ནི་ཐོབ་བྱ་བདེ་གཤེགས་ཤེས་རབ་ཆོས་སྐུའམ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐོབ་པར་ཤོག་ཅིག་ཅེས་འདོད་བྱ་ལ་སྨོན་པའོ། །གསུམ་པ་ལ་གཉིས། ནོངས་པ་འབྱུང་བའི་རྒྱུ། དེ་ལ་བཟོད་པར་གསོལ་བའོ། །དང་པོ་ནི། བསྟན་བཅོས་རྒྱན་གྱི་དོན་ཀུན་ནི་བདག་གིས་གང་རྟོགས་པ་ཞིག་ཡིན་ཏེ་ཇི་བཞིན་མི་རྟོགས་ཏེ་བསྟན་བཅོས་ཀྱི་དོན་ཀུན་བདག་གི་བློ་ལས་ཕྱི་རོལ་ལྐོག་ཏུ་གྱུར་པའི་ཕྱིར་ཏེ་དོན་དེ་ལ་ཤེས་རབ་མི་གསལ་བ་སྤྱིའི་ཚུལ་གྱིས་འཇུག་པས་སོ། འོ་ན་སུའི་ཡུལ་སྙམ་ན། བདག་ཉིད་ཆེན་པོ་སངས་རྒྱས་དང་བྱམས་པ་དང་འཕགས་གྲོལ་སོགས་ཀྱི་འཕགས་པ་རྣམས་ཀྱི་བློའི་སྤྱོད་ཡུལ་ལོ། །དེས་ན་འཕགས་ཆེན་གྱི་སྤྱོད་ཡུལ་གྱི་བསྟན་བཅོས་ཀྱི་དོན་དེ་ནི་ཚུར་མཐོང་བདག་གི་ཡུལ་གང་ན་ཡིན་ཏེ་མ་ཡིན་ནོ། །གཉིས་པ་ནི། སྤྱོད་ཡུལ་མིན་ན་ལོག་པར་འཆད་པས་འགྲེལ་པ་བྱེད་མི་རིགས་ཤེ་ན། སྤྱོད་ཡུལ་མ་ཡིན་པ་འོན་ཀྱང་སྤྱོད་ཡུལ་མ་ཡིན་པའི་བསྟན་བཅོས་ཀྱི་དོན་ལ་འགྲེལ་པ་རྩོམ་པའི་འབད་པ་བགྱིས་པའི་ནོངས་པ་ལ་མཁས་པར་བློ་སྦྱངས་པའི་སྐྱེ་བོ་རྣམས་ཀྱིས་བཟོད་པར་མཛོད་ཅིག་སྟེ་རང་གི་རྟོགས་པ་མི་བརྗེད་པའི་དོན་དང་གཞན་ཡུམ་ཟབ་མོ་ལ་ཞུགས་ན་ཅི་མི་རུང་སྙམ་ནས་དེའི་བློ་འཕེལ་བའི་དོན་གྱི་ངོ་བོར་བརྩམས་པ་ཡིན་


JLD018_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ། སྙིང་བརྩེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད་ཅེས་པ་ལྟར་རོ། །བཞི་པ་ནི། ཀྱེ་མ་ཞེས་པ་དོན་དུ་མ་ལ་འཇུག་ཀྱང་འདིར་ནི་ངོ་མཚར་བའོ། །གྲུབ་མཐའ་གོང་འོག་གི་གཞུང་ལུགས་ཏེ་འདོད་ཚུལ་མི་འདྲ་བ་སྣ་ཚོགས་ལ་སྦྱངས་པའི་དཀའ་སྤྱོད་ཀྱིས་ཡིན་རིང་དུ་ཡིད་ངལ་ཞིང་དུབ་པར་གྱུར་པ་བདག་གི་ངལ་བསོ་ཞིང་དབུགས་འབྱིན་པའི་གནས་སུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལུགས་ངེས་པའི་དོན་ནི། ཕྱིས་དུས་ཡུན་རིང་མོ་ཞིག་ནས་ཇི་ལྟ་བ་བཞིན་མཐོང་ཞིང་མཐོང་བ་ལྟར་གཞན་ལ་བསྟན་པས་ཡུམ་ཟབ་མོ་འདིའི་བསྟན་པ་ཕྱོགས་ཐམས་ཅད་དུ་རྒྱས་པར་བྱས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་འགྲེལ་པ་དོན་གསལ་བ་འདི་ནི། རིགས་པའི་གནས་མཐའ་དག་ལ་ཐོགས་པ་མེད་པའི་མཁྱེན་པ་རྒྱས་པས་མཁས་པ་རྣམས་གྱི་གཙུག་གི་ནོར་བུར་གྱུར་ཅིང༌། བྱང་ཆུབ་ཀྱི་ཐུགས་གཉིས་ལེགས་པར་འབྱོངས་པས་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེའི་ཕ་རོལ་ཏུ་སོན་པ། ཡུམ་ཟབ་མོ་འདི་འདོམས་པའི་དགེ་བའི་བཤེས་གཉེན་ལོ་བཅུ་བདུན་དུ་ཚུལ་ཐམས་ཅད་ཀྱིས་མཉེས་པར་བྱས་པའི་མཐར་བཅོམ་ལྡན་འདས་མ་ཕམ་པ་ཉིད་ཀྱིས་མདོ་དང་རྒྱན་སྦྱར་ཏེ་བཤད་ནས་ཐེ་ཚོམ་གྱི་དྲ་བ་མཐའ་དག་བསལ་བ། མཚན་བརྗོད་པར་དཀའ་བའི་སློབ་དཔོན་ཆེན་པོ་སེང་གེ་བཟང་པོ་ཞེས་


JLD018_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་དང་ཟླ་བ་ལྟར་གྲགས་པ་དེས་མཛད་པ་རྫོགས་པར་གྲུབ་པའོ། །གསུམ་པ་ནི། བིདྱ་ཀ་ར་པྲ་བྷ་ནི་རིག་པའི་འབྱུང་གནས་འོད་ཟེར་རམ་རིག་བྱེད་འོད་ཟེར་དང༌། བདག་ཅག་གངས་རིའི་ཁྲོད་པ་རྣམས་ཀྱི་མིག་གཅིག་པུ་ཚིག་དོན་གཉིས་ཀའི་ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་དཔལ་བརྩེགས་རཀྵི་ཏ་ཞེས་མཚན་ཡོངས་སུ་གྲགས་པ་དེས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་ཚིག་དོན་གཉིས་ཀ་དག་པར་ཞུས་ཏེ་འཆད་ཉན་གྱིས་ཀྱང་གཏན་ལ་ཕབ་པའོ། །སླད་ཀྱིས་ནི་དུས་ཕྱིས་སོ། །གོ་མི་ནི་བཙུན་པའམ་དགེ་བསྙེན་ནོ། །ལོ་ཙྪ་བ་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆོས་རྗེ་རྔོག་བློ་ལྡན་ཤེས་རབ་སྟེ་དེས་ཀྱང་སྔར་ལྟར་བསྒྱུར་བ་སོགས་ཀྱིས་ལེགས་པར་གཏན་ལ་ཕབ་ནས་གངས་ཅན་གྱི་ལྗོངས་སུ་རྒྱལ་བ་སྲས་བཅས་ཀྱི་ལམ་གཅིག་པུ་འདི་ཕྱོགས་དུས་ཐམས་ཅད་དུ་ཡར་ངོའི་ཟླ་བ་ལྟར་རྒྱས་པར་མཛད་དོ། །སྣ་ཚོགས་དགོངས་པའི་སྐད་ཀྱི་རླབས་ཀྱི་ཕྲེང་བ་གྱ་གྱུར་གཡོ། །མི་མཁས་སྙིང་ལ་འཇིགས་སྐྱེད་ཟབ་མོའི་ཚུལ་ནི་ངམ་གནག་ཅིང༌། །གཏིང་མཐའ་མཚོན་པའི་དཔེ་དང་བྲལ་བ་རྒྱལ་ཡུམ་ཆུ་གཏེར་ཆེར། །ཡུན་རིང་དུས་ནས་གབ་པར་གྱུར་པ་ཡུམ་དོན་ཡིད་བཞིན་ནོར། །གཞུང་ལུགས་རྒྱ་མཚོའི་འཇིང་ལ་གནས་བཅས་ཤིང༌། །ལེགས་བཤད་རིན་ཆེན་ནོར་ལ་དབང་འབྱོར་པ། །མང་ཐོས་ལག་འགྲོའི་དབང་པོ་བདག་གིས་ནི། །རྣམ་དཔྱོད་བརྩོན་པའི་


JLD018_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཡིས་རིང་ནས་རྙེད། །ཉུང་ངུའི་ཡི་གེས་ཤིན་ཏུ་རྒྱ་ཆེའི་གནས། །གནས་ལུགས་ཇི་བཞིན་གསལ་བྱེད་ཡུམ་གྱི་རྒྱན། །རྒྱན་གྱི་རྣམ་བཤད་མཆོག་གྱུར་བཟང་པོའི་གཞུང༌། །གཞུང་བརྒྱའི་དགོངས་པ་ཇི་བཞིན་ཁོ་བོས་བཤད། །ཉིན་མཚན་ཀུན་ཏུ་བརྩོན་འགྲུས་དྲི་ཡི་བཞོན་པས་བསྐྱེད། །རྣམ་དཔྱོད་མི་མཉམ་རྟ་ལྗང་ཤིང་རྟས་དྲངས་པ་ཡིས། །འབུམ་ཕྲག་གཞུང་གི་རི་གླིང་གསལ་བའི་ཉིན་བྱེད་གཅིག །མ་ཕམ་གཞུང་འགྲེལ་ཤར་རིའི་རྩེ་ལ་དེང་ནས་ཤར། །གང་དེ་མཐའ་མེད་གསུང་རབ་དགོངས་འགྲེལ་དང༌། །ཁྱད་པར་རྒྱན་འགྲེལ་བཅུ་ཕྲག་གཉིས་དང་གཅིག །གངས་རིའི་ལྗོངས་ཀྱི་སྔ་ཕྱིའི་མཁས་རྣམས་ཀྱི། །ལེགས་བཤད་རྣ་བའི་རྒྱན་དུ་བྱས་པ་དང༌། །མཁྱེན་པས་ཤེས་བྱའི་གནས་ལ་དབང་བསྒྱུར་ཞིང༌། །བརྩེ་བས་གཞན་ཕན་སྒྲུབ་ལ་མི་སྐྱོ་བ། །ཐོག་མཐའ་བར་གྱི་ཡོངས་འཛིན་རྣམ་པ་བཞི། །སྤྱི་གཙུག་རྒྱན་དུ་བསྟེན་པའི་མཐུ་ལས་སོ། །སྤྱི་དོན་རིགས་པས་ལེགས་པར་མཐའ་བཅད་ཅིང༌། །ཚིག་དོན་རྣོ་ཞིང་གསལ་ལ་རབ་ཏུ་འདྲིལ། །དེ་ཡང་ཡིད་ཆེས་གཞུང་དང་མི་འགལ་བར། །གྲུབ་པ་འདི་ནི་འདི་ཡི་ཁྱད་པར་རོ། །བརྗོད་བྱ་ལུང་རིགས་སྟོབས་ལས་འོངས་པའི་ཕྱིར། །རང་བཟོའི་འཁྲུལ་པས་ཅུང་


JLD018_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་གོས་པ་མེད། །རྗོད་བྱེད་ཚིག་རྒྱན་གཞུང་དང་མི་འགལ་ཕྱིར། །རྨོངས་ཚིག་གྲོང་པའི་སྐྱོན་གྱིས་རིང་དུ་དོར། །དེ་ལྟར་རྗོད་བྱེད་སྒྲིག་ལེགས་བརྗོད་བྱའི་དོན། །འཕཊ་དང་མཁས་པའི་གཞུང་མང་དུ་མ་དང༌། །འབྲེལ་བར་བཤད་པས་བློ་གསལ་ཡིད་འཕྲོག་འདི། །ཁོ་བོའི་བློ་གྲོས་མིན་པ་གཞན་སུ་ཞིག །དེ་ཕྱིར་འདི་ལ་ནོངས་པ་མེད་སེམས་མོད། །གཟིགས་པ་སྒྲིབ་མེད་རྣམས་ཀྱི་མཁྱེན་པ་ལ། །ཉམ་ཆུང་བྱིས་པའི་རྟོག་པས་དཔྱད་པའི་ཕྱིར། །འཁྲུལ་གང་འཕགས་དང་རང་ལས་མཁས་ལ་བཤགས། །བློ་གྲོས་རྩོལ་བའི་གྲོཊ་ཀྱིས་དོར་བ་དང༌། །རྩོལ་ལྡན་བློ་གྲོས་ནོར་གྱིས་དབུལ་བ་དང༌། །རང་གཞན་གྲུབ་མཐའི་རྒྱ་མཚོའི་མ་མཐོང་བའི། །མཁས་རློམ་དེ་ཡིས་སྨོད་ན་སྡངས་ཤུགས་ཙམ། །འཇིག་རྟེན་མེས་པོས་འཇིག་རྟེན་མ་ལུས་པ། །རང་གི་འདོད་པས་རང་དགར་བྱེད་པ་བརྫུན། །འདི་ཉིད་བདེན་ན་འདི་ལ་འགྲན་བཟོད་པའི། །རྣམ་བཤད་འདི་འདྲའི་རྣམ་འགྲེལ་མེད་པ་ཅི། །གང་དག་རྣམ་དཔྱོད་ནུས་པ་མི་དམན་ལ། །རྩོལ་བས་ལེ་ལོའི་གོ་སྐབས་བཅོམ་གྱུར་པ། །སྙིང་ནས་རྒྱལ་ཡུམ་མཁས་པའི་གཞུང་བཞིན་དུ། །ཤེས་འདོད་དེ་ཡིས་རྣམ་བཤད་འདིར་འཇུག་རིགས། །


JLD018_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདིར་འབད་ལས་བདག་གི་བསོད་ནམས་གང༌། །ཟླ་ཟེར་ལྷུང་བའི་གངས་རིའི་ཏོག་འདྲ་དེས། །ལམ་གོལ་འཁྱམས་པའི་ལུས་ཅན་འདི་དག་ཀུན། །རྒྱལ་བའི་ལམ་བཟང་དམ་པ་འདིར་འཇུག་ཤོག །བདག་ཀྱང་ལམ་བཟང་འདི་དང་མི་འབྲལ་ཞིང༌། །ཡུན་རིང་འགྲོགས་པའི་གྲོགས་བཟང་ལུས་སེམས་གཉིས། །མ་རུངས་འཆི་བདག་ཕྲ་མས་ཕྱེ་བའི་ཚེ། །དེ་ལ་མི་འདོད་མེད་པར་དགའ་བཞིན་དུ། །དེ་ཡི་མོད་ལ་སེམས་ཀྱི་གཞོན་ནུ་ཡིས། །སྨོན་ལམ་ཚུལ་ཁྲིམས་གཞོན་པ་ལ་རོལ་ཏེ། །མི་ཕམ་རྒྱལ་བའི་དྲུང་དུ་སོན་གྱུར་ནས། །གསུང་གི་བདུད་རྩིས་རྣ་བ་ཚིམ་བྱེད་ཤོག །མདོ་འགྲེལ་རྒྱ་མཚོ་མང་ཐོས་ཁྱབ་འཇུག་མཐུས་བསྲུབས་པས། །ལེགས་བཤད་ཆ་ཤས་ཡོངས་སུ་རྫོགས་པར་འཁྲུངས་གྱུར་ཅིང༌། །བརྒྱ་ཕྲག་དཀའ་གནས་ཀུན་དའི་ཟེའུ་འབྲུ་གསལ་བྱེད་འདི། །གྲངས་མེད་གདུལ་བྱ་བདེ་འབྱུང་གཙུག་ན་གསལ་གྱུར་ཅིག །ལྷ་ཡི་ལམ་ནས་ཉི་ཟླ་འཛིན་མར་མ་ལྟུང་ཞིང༌། །རི་ཡི་དབང་པོ་ཆུ་གཏེར་སྨད་གཡོགས་མ་གྲོལ་བ། །དེ་སྲིད་འདི་ན་ཡུམ་དོན་དོན་གཉེར་སྐལ་ལྡན་གྱི། །རེ་བ་སྐོང་བའི་དབང་གི་རྒྱལ་པོར་འདིར་གནས་ཤོག །མཛད་བྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་འདི་ནི་མཐའ་ཡས་པའི་ལུང་དང་རྟོགས་པའི་ཡོན་ཏན་ལ་དབང་འབྱོར་བས་


JLD018_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་དུ་མའི་ཐར་པའི་ལམ་གསལ་བར་མཛད་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་མཚན་གཞན་ཤར་ཕྱོགས་པ་རིགས་པའི་དཔའ་བོའི་ཞབས་ཀྱི་རྡུལ་སྤྱི་བོས་གུས་པར་བླངས་ཤིང༌། གཏིང་ཟབ་ལ་མཐའ་མེད་པའི་མཁྱེན་པ་དྲི་མ་མེད་པ་མངའ་བས། བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཇི་བཞིན་དུ་འབྱེད་པ་ལ་གཞན་དྲིང་མི་འཇོག་པའི་བློ་གྲོས་ཀྱི་སྤོབས་པ་དང༌། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། དཔལ་ལྡན་ས་སྐྱའི་པཎྜི་ཏ་ཆེན་པོ་ཀུ་མཱ་ར་མ་ཏའི་གསུང་གི་བདུད་རྩིས་བློ་གྲོས་ཀྱི་ལུས་སྟོབས་རྒྱས་པར་བྱས་པས། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཀྱང་ཁེངས་པ་དང་བྲལ་ཞིང་ཐུབ་པའི་དབང་པོའི་བརྟུལ་ཞུགས་ལ་ལེགས་པར་གནས་པ། ཡུལ་གངས་ཅན་གྱི་མཐར་སྐྱེས་པའི། མང་དུ་ཐོས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། བློ་གསལ་ཞིང་དོན་དུ་གཉེར་བའི་འདུན་པ་དང་ལྡན་པའི། བཤེས་གཉེན་མང་པོས་ཡུན་རིང་མོ་ནས་གསོལ་བ་བཏབ་པའི་དོན་དུ། བདེ་བར་གཤེགས་པའི་གསུང་རབ་འགྱུར་རོ་འཚལ་བཞུགས་པའི་གཙུག་ལག་ཁང་ཆེན་པོ། འཚལ་ཡང་དགོན་དུ་ཕལ་ཆེར་གྲུབ་པར་བྱས་ཤིང༌། མཁས་གྲུབ་བར་མ་ཆད་དུ་བྱོན་པའི་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་རབ་བྱུང་གི་ལོ་སྣྲོན་གྱི་ཟླ་བ་ལ་མཇུག་ཡོངས་སུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི། ལམ་བཟང་པོ་འདི་ལ་ཤེས་ནས་མོས་པ་ཐོབ་པ་ཤར་མདོ་སྨད་པ་ལྡོང་


JLD018_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཛྙཱ་ན་ཤྲཱིའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ལ་ཕན་ཐོགས་པར་གྱུར་ཅིག མངྒལཾ། རྒྱལ་བའི་དགོངས་ཟབ་ཡུམ་དོན་འཛམ་བུའི་འབྲས། །ཟབ་པ་རླིང་མདོ་འགྲེལ་རྒྱ་མཚོར་འབབ་པའི་བཅུད། །ལུང་རིགས་གཟི་འོད་འབུམ་གྱི་ལེགས་བསྟེར་བའི། །གསེར་གྱི་ཕྲེང་མཛེས་བློ་གསལ་རྒྱན་གྱི་ཕུལ། །བློ་བཟང་བསྟན་པའི་གདུགས་དཀར་མཁའ་ཁྱབ་ཏུ། །འདེགས་མཁས་གྲུབ་དབང་མཁྱེན་བརྩེའི་ཉི་མའི་གཟི། །ཆོས་སྦྱིན་མི་ཟད་དབར་དུ་བསྒྲུན་པའི་དགེས། །ཐུབ་བསྟན་སྙིང་པོ་ཞྭ་སེར་ལུགས་བཟང་རྒྱས། །བསྟན་འཛིན་བརྟན་ཅིང་མགོན་པོའི་སྐུ་ཕྲེང་ཀུན། །འཆད་རྩོད་རྩོམ་དང་མཁས་བཙུན་བཟང་པོ་ཡིས། །མདོ་སྔགས་བཤད་སྒྲུབ་སྤེལ་ཟླ་བྲལ་ཤོག །རྨད་བྱུང་མཛད་འཕྲིན་སྐྱེ་བ་ལྔ་བའི་སྒོ། །སྲིད་གསུམ་གདུང་བའི་རིམས་ནད་འཕྲོག་པའི་སྨན། །རིས་མེད་ཡོངས་ལ་ཕན་བདེའི་ཤིས་བྱེད་པའི། །བཀྲ་ཤིས་དབྱངས་སྙན་རྟག་ཏུ་སྒྲོག་གྱུར་ཅིག །སྭ་སྟི། །རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྐྱེ་བཞི་དགེ་བཅུའི་གླིང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousཤོག་ལྷེབ་ ༥༠༡ ནས་ ༦༠༣ བར།next