Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  expand section
  expand section
   
ཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་བཞག་པ་བློ་གསལ་བགྲོད་པའི་ཐེམ་སྐས།
   
   
   
   
   
   
   
   


 
previousཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་བཞག་པ་བློ་གསལ་བགྲོད་པའི་ཐེམ་སྐས།next

ཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་བཞག་པ་བློ་གསལ་བགྲོད་པའི་ཐེམ་སྐས།


JLD018_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་བཞག་པ་བློ་གསལ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །


JLD018_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ་གུས་པས་ཕྱག་འཚལ་ལོ། །སྨྲ་བའི་དམ་པ་སྨྲ་བ་ངན་འཇོམས་སྲིད་གསུམ་འདི་ན་སྲིད་ལས་རྒལ་བ་ཤཱཀྱའི་ཏོག །ལྷ་ཡི་ལྷར་གྱུར་ལྷ་མིའི་འདྲེན་པ་མི་མཉམ་མཉམ་པ་མེད་པ་དེའི་གསུང་བདུད་རྩིའི་རྒྱུན། །ཆ་ཡི་ཆ་ཙམ་མྱངས་པ་དེས་ཀྱང་དངོས་འཛིན་གདོན་གྱི་སྤ་བཀོང་ལྟ་ངན་གཡུལ་ལས་རྒྱལ། །ཐུབ་བསྟན་འདོད་དགུའི་འབྱུང་གནས་གང་དེ་ཞེན་ལྟའི་དྲི་ཡིས་ནམ་ཡང་སྒྲིབ་པར་མ་གྱུར་ཅིག །སྟོན་པའི་རིང་ལུགས་ལུང་དང་རྟོགས་པ་དག །རབ་ཡངས་ཆོས་ཀྱི་སྤྱན་གྱིས་ཀུན་གཟིགས་ནས། །རྣམ་དག་བསྟན་པའི་རྒྱལ་མཚན་སྒྲེང་མཛད་པའི། །འཕགས་མཆོག་རྣམས་ཀྱིས་བདག་ལ་བརྩེ་བར་དགོངས། །གང་ཡང་མུ་མཐའ་བྲལ་བའི་སྲིད་པའི་མཚོ་ལས་བརྒལ་ཏེ་ཐར་པ་བླ་ན་


JLD018_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྐམ་ལ་གནས་པར་འདོད་པ་དེ་དག་ནི་གདོན་མི་ཟ་བར་རྣམ་པ་ཀུན་ཏུ་མི་བསླུ་བའི་སྐྱབས་ལ་བརྟེན་ན་འགྱུར་གྱི། གཞན་དུ་ན་འདམ་དུ་ཆེར་བྱིང་བའི་སྐྱེས་བུ་སྟོབས་དམན་པ་གཞན་དྲིང་མི་འཇོག་པར་ཕ་རོལ་ཏུ་འགྲོ་བར་འདོད་པ་ལྟར་འདོད་པའི་ཕྱོགས་སུ་མི་ཕྱིན་པར་ངལ་བ་འབའ་ཞིག་ཏུ་འགྱུར་ཏེ། སྟོན་པ་དང་དེའི་ཉན་ཐོས་ཀྱིས་བསྟན་པའི་ལམ་ལས་གཞན་པའི་ཐབས་ཀྱིས་སྲིད་པ་ཉིད་འདྲེན་པར་བྱེད་ཀྱི་སྲིད་པའི་རྩ་བ་བཟློག་པར་མི་ནུས་པའི་ཕྱིར་ཏེ། འདི་ལྟར་ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ནི་བདག་མེད་པ་རྟོགས་པ་དང་བྲལ་ལ་བདག་ཏུ་ལྟ་བ་ཡང་ལུས་ཅན་སྲིད་པར་འཆིང་བའི་རྩ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བློ་དང་ལྡན་པ་དག་གིས་སྐྱབས་གསུམ་གྱི་རང་བཞིན་ཅི་འདྲ་བ་དེ་ནི་བསམ་པར་བྱ་བ་ཁོ་ན་ཡིན་ལ། དེ་ལས་


JLD018_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདིར་ནི་ཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་བཞག་པ་ཉིད་ལྷུར་བླངས་ཏེ། འདི་དག་གི་ནང་གསེས་ཀྱི་དབྱེ་བ་དུ་མ་མ་མོའི་སྡེ་སྣོད་ནས་གསུངས་པ་རྣམས་ལ་མང་དུ་ཐོས་པའི་ཤ་ཚུགས་ཅན་རྣམས་འཁྲུལ་པར་མཐོང་བའི་ཕྱིར་རོ། །དེ་ལྟ་ན་ཞུགས་པ་དང་གནས་པའི་གང་ཟག་དེ་དག་ཀྱང་དུ་ཞིག་ཅེ་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང་འབྲས་བུ་ལ་གནས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་དང་འབྲས་བུ་ལ་གནས་པ་དང༌། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་དང་འབྲས་བུ་ལ་གནས་པ་དང༌། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་དང༌། འབྲས་བུ་ལ་གནས་པ་སྟེ། དེ་ལྟར་ན་ཞུགས་པ་བཞི་དང་གནས་པ་བཞི་སྟེ་བརྒྱད་དུ་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་གང་ཞེ་ན། འདི་ལ་རྒྱུན་ཏུ་ཞུགས་པའི་ཞུགས་པ་གང་ནས་ཞུགས་པར་འཇོག་པར་འདོད་པ་ལ་ནི་ཆོས་མངོན་པ་བ་རྣམས་ནི་མི་མཐུན་པའི་ཚུལ་གཉིས་ཏེ། འདི་ལྟར་ཆོས་མངོན་པ་བ་བྱེ་བྲག་ཏུ་སྨྲ་བ་དང་སློབ་དཔོན་འཕགས་པ་ཐོགས་མེད་དོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི། ཞུགས་གནས་བརྒྱད་པོ་ཐམས་ཅད་འཕགས་པར་འདོད་པས་ཞུགས་པ་དང་པོ་ཡང་སྡུག་བསྔལ་ལ་ཆོས་བཟོད་ནས་དང་པོའི་མཚམས་འཛིན་པ་ཡིན་ཏེ། ཇི་སྐད་དུ་མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲངས་པ། །བསྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །ཞེས་གང་གསུངས་པ་ཡིན་ནོ། །འོན་ཀྱང་ཐ་མའི་མཚམས་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནས་འཛིན་


JLD018_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་མི་མཐུན་པ་མེད་དེ་བཅུ་དྲུག་པ་ཐོབ་པ་ན་མཐོང་སྤང་མ་ལུས་པར་སྤངས་པའི་ཕྱིར་དང་དེ་ཙམ་གྱིས་རྒྱུན་ཞུགས་ཀྱི་འབྲས་བུ་ཡང་ཐོབ་པའི་ཕྱིར་རོ། །སློབ་དཔོན་ཐོགས་མེད་ནི། སྦྱོར་ལམ་ནས་དང་པོའི་མཚམས་འཛིན་པར་བཞེད་དེ། ཀུན་ལས་བཏུས་སུ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་གང་ཞེ་ན། གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་དང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གནས་པའི་གང་ཟག་གོ། ཞེས་སོ། །དེ་ཡང་སྟན་ཅིག་ལ་སྦྱོར་ལམ་དང་མཐོང་ལམ་གཉིས་བར་མ་ཆད་དུ་བསྐྱེད་པའི་སྦྱོར་ལམ་ཡིན་ལ། ཚེ་བརྗེས་ནས་མཐོང་ལམ་སྐྱེད་པའི་སྦྱོར་ལམ་པ་དང༌། ཚེ་འདི་ཉིད་ལ་མཐོང་ལམ་སྐྱེད་ཀྱང༌། སྟན་གཅིག་ལ་མི་སྐྱེད་པའི་སྦྱོར་ལམ་པ་རྣམས་ཀྱི་སྦྱོར་ལམ་ལ་མི་བཞེད་པར་མངོན་ཏེ། ཀུན་བཏུས་འགྲེལ་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟན་གཅིག་པ་ནས་བཟུང་སྟེ་དང་པོའི་འབྲས་བུ་མ་ཐོབ་བའི་བར་དུའོ། །ཞེས་འབྱུང་བའི་ཕྱིར་རོ། །འོ་ན་སྟན་གཅིག་པ་ལ་དགོས་པ་ཅི་ཞེ་ན། གང་ལ་ཞུགས་པའི་འབྲས་བུ་དེའི་ཐུན་མོང་མ་ཡིན་པའི་སྤང་བྱ་སྤོང་བའི་ཕྱིར་མི་བརྩོན་ན་དེ་ལ་ཞུགས་པ་མ་ཡིན་ཏེ་ཞུགས་པའི་དོན་འབྲས་བུ་ཐོབ་པའི་འགལ་རྐྱེན་སེལ་བ་དང༌། མཐུན་རྐྱེན་སྒྲུབ་པ་ཡིན་པའི་ཕྱིར་རོ། །དེས་ན་སྤང་བྱ་སྤོང་བ་ལ་མི་བརྩོན་པ་ནི་ཞུགས་པར་མི་འགྱུར་བས་སྤང་བྱ་སྤོང་བའི་སྦྱོར་བ་རྒྱུན་ཆགས་པ་དགོས་ལ་དེ་ཡང་སྟན་གཅིག་པ་ལ་འབྱུང་གི་གཞན་ལ་ངེས་པ་མེད་པའི་ཕྱིར་རོ། །འདིའི་དོན་གཞན་གྱིས་མ་


JLD018_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་མོད་འོན་ཀྱང་དེ་ཙམ་ཞིག་ནི་འཐད་པར་ཁོང་དུ་ཆུད་དོ། །དེ་ལྟར་ལུགས་དེ་གཉིས་ཀ་འཐད་པ་ནི་མི་རིགས་ཏེ་དཔྱད་པར་བྱ་བའི་གཞི་རྒྱུན་ཞུགས་ཞུགས་པ་གཅིག་པུའི་སྟེང་དུ་མི་མཐུན་པ་གཉིས་དམ་བཅས་པའི་ཕྱིར་རོ། །གཉིས་ཀ་མི་འཐད་ན་གང་ངེས་པའི་དོན་དུ་འདོད་པར་བྱ་ཞེ་ན་ཅི་སྐད་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཕྱོགས་དང་པོ་ནི་ཁས་མི་ལེན་ནོ། །དེ་ལྟར་ན་ཡང་ཀུན་ལས་བཏུས་ཀྱི་ལུགས་དེ་ཁོ་ན་རྨ་མེད་པ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བའི་པཎྜིཏ་དག་ནི་རང་དགར་མདོའི་དོན་གཟུ་ལུམས་གྱི་དཔྱོད་པས་དེ་དག་གི་མཛོད་ལ་སོགས་པར་མདོའི་དོན་དུ་བསམས་ནས་ཐེག་པ་གསུམ་གྱི་གང་ཟག་རྣམས་ཀྱི་མངོན་རྟོགས་རྒྱུད་ལ་བསྐྱེད་པའི་ཚུལ་ལ་སོགས་པའི་རྣམ་གཞག་བྱས་པ་ཕལ་མོ་ཆེ་ལ། སངས་རྒྱས་གཉིས་པས་རིགས་པའི་གནོད་པ་ཡང་དག་པ་བརྗོད་ནས་མདོའི་དོན་དུ་སྨྲ་བ་བཀག་པའི་ཕྱིར་དང༌སློབ་དཔོན་ཐོགས་མེད་ནི་མདོའི་དོན་འབྱེད་པའི་བསྟན་འཛིན་དམ་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་ལུང་བསྟན་པའི་ཕྱིར་རོ། །གལ་ཏེ་བྱེ་བྲག་ཏུ་སྨྲ་བ་རྣམས་ལ་ཞུགས་པ་དང་པོ་ཐམས་ཅད་མཐོང་ལམ་ལ་གནས་པར་གསུངས་པའི་མདོའི་ཁུངས་རྣམ་པར་དག་པ་ཡོད་ན་ཡང་མི་གནོད་དེ་ཕལ་ཆེ་བའམ་འཕགས་པའི་ཞུགས་པ་ལ་དགོངས་པར་བརྟག་པར་ནུས་སོ། །གང་དག་ཀུན་བཏུས་ཀྱི་ལུགས་མདོ་སྡེ་པའི་ཡིན་ནོ་ཞེས་པ་ལ་ཤེས་པར་བྱེད་པ་ཅུང་ཟད་ཀྱང་མེད་དོ། །ཡང་མདོ་སྡེ་པའི་ལུགས་སློབ་དཔོན་གྱིས་བཟུང་ནས་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནོད་པ་བརྗོད་ཅིང་ཞུགས་པ་དང་པོ་འཕགས་པ་ཡིན་ཏེ། དེ་ལྟ་ན་འདོད་པའི་བསྒོམ་


JLD018_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་གཏན་མ་སྤངས་པའམ། གཅིག་ནས་ལྔའི་བར་དུ་སྤངས་ཀྱང་དྲུག་པ་མ་སྤངས་ཤིང༌། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་ཕྱིར་དུ་བརྩོན་པའི་ཐེག་དམན་ནི་སྔར་བཤད་པ་ལྟར་སྟན་གཅིག་པའི་སྦྱོར་ལམ་ནས་བཟུང་སྟེ་ལམ་ལ་རྗེས་བཟོད་ཀྱི་བར་ལ་གནས་པ་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །དེ་ལ་ཡང་རང་གིས་བདེན་པ་རྣམས་མངོན་པར་རྟོགས་པར་བྱེད་པ་གཞན་གྱིས་བསྟན་པ་ཁོ་ནའི་རྗེས་སུ་འབྲངས་པ་དད་པའི་རྗེས་འབྲང་དང༌། ངེས་པར་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་རང་ཉིད་ཀྱི་རྣམ་དཔྱོད་ཀྱིས་བདེན་པའི་ཆོས་ཀྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱེད་པ་ཆོས་ཀྱི་རྗེས་འབྲངས་གཉིས་སུ་འགྱུར་ཏེ། ཇི་སྐད་དུ་ཀུན་བཏུས་ལས། དད་པའི་རྗེས་སུ་འབྲངས་བ་གང་ཞེ་ན། གང་ཚོགས་བསགས་པ་དབང་པོ་བརྟུལ་པོ་ཕ་རོལ་གྱིས་བསྟན་པའི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བའོ། །ཆོས་ཀྱི་རྗེས་སུ་འབྲངས་བ་གང་ཞེ་ན། གང་ཚོགས་བསགས་པ་དབང་པོ་རྣོན་པོ་བདག་ཉིད་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་ཀྱི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བའོ། །ཞེས་དང་། མཛོད་འགྲེལ་ལས་ཀྱང༌། དད་པ་དང་ཆོས་ཀྱི་རྗེས་སུ་འབྲངས་པ་དེ་དག་ཉིད་གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་བསྒོམས་པས་སྤང་བར་བྱ་བ་མ་སྤངས་པ་འཆིང་བ་མཐའ་དག་དང་ལྡན་པ་ཞིག་ཡིན་ན་ནི། །དེ་གཉིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་བསྒོམ་


JLD018_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་རྣམས་ལས་རྣམ་པ་ལྔའི་བར་དུ་སྤངས་པ་ཞིག་ཡིན་ན་ཡང་དེ་ཁོ་ན་བཞིན་དུ་དང་པོའི་འབྲས་བུ་ལ་ཞུགས་པ་དག་ཅེས་བྱའོ། །ཞེས་འབྱུང་ཞིང་དད་འབྲང་དང་ཆོས་འབྲང་གི་དོན་ཡང་སྔར་ལྟར་སྔོན་གསུང་རབ་ཀྱི་དོན་འབྱེད་པ་གཞན་དྲིང་ལ་ལྟོས་མི་ལྟོས་ལ་བཤད་དོ། །འདོད་ཉོན་དྲུག་པ་མ་སྤངས་པར། །སྦྱོར་ལམ་སྟན་གཅིག་ནས་བཟུང་སྟེ། །ལམ་ལ་རྗེས་བཟོད་པར་དག་ལ། །གནས་པ་དེ་ནི་རྒྱུན་ཞུགས་ཞུགས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་བཤད་ཟིན་ཏོ། ། ༈ རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་གང་ཞེ་ན། འདོད་པའི་སྒོམ་སྤང་དྲུག་མ་སྤངས་ཤིང་བཅུ་དྲུག་པའི་རྟོགས་པ་ལ་གནས་པའི་ཐེག་དམན་པའོ། །དེ་ཡང་སྤང་བྱ་རིམ་གྱིས་སྤོང་བའི་དབང་དུ་བྱས་པ་སྟེ་ཅིག་ཅར་བ་ནི་འོག་ཏུ་བཤད་པར་བྱའོ། །འདི་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་ལ་གནས་པ་དང༌། འབྲས་བུ་ཁྱད་པར་ཅན་ལ་གནས་པ་གཉིས་སུ་ཡོད་དོ། །དེ་ལ་རྒྱུན་ཞུགས་འབྲས་གནས་གང་འདོད་པའི་སྒོམ་སྤང་བརྟན་མ་སྤངས་པ་ད་ལྟ་སྤོང་བའི་སྦྱོར་བ་ལ་མི་བརྩོན་པའམ་གཅིག་ནས་ལྔའི་བར་གང་ཡང་རུང་བ་སྤངས་ཀྱང་ད་ལྟ་སྤོང་བའི་སྦྱོར་བ་ལ་མི་བརྩོན་པ་རྒྱུན་ཞུགས་འབྲས་གནས་ཙམ་པོ་ཉིད་དུ་འགྱུར་རོ། །དེ་ལྟར་ཡང་མཛོད་འགྲེལ་ལས། འབྲས་བུ་ལ་གནས་པ་ཇི་སྲིད་དུ་ཁྱད་པར་དུ་བྱ་བའི་ཕྱིར་འབྲས་བུ་གཞན་ཐོབ་པ་ལ་མི་བརྩོན་པ་དེ་སྲིད་དུ་ཞུགས་པ་ཞེས་མི་བྱ་སྟེ་དེ་བཞིན་དུ་འབྲས་བུ་གཞན་ལ་ཡང་སྦྱར་བར་བྱའོ། །ཞེས་དང༌། དེའི་


JLD018_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་བཤད་དུ། ཉོན་མོངས་པ་མ་སྤངས་པ་སྤོང་བའི་ཕྱིར་འབྲས་བུ་གཞན་ཐོབ་པའི་ཆེད་དུ་སྦྱོར་བ་མི་བྱེད་པ་དེ་སྲིད་དུ་ཞུགས་པ་ཞེས་མི་བྱའོ། །ཤུགས་ཀྱིས་ན་གང་གི་ཚེ་རབ་ཏུ་སྤྱོར་བ་དེའི་ཚེ་ནི་ཞུགས་པ་ཡིན་ནོ། །ཞེས་བཤད་པར་འགྱུར་ཏེ་ཞེས་རྒྱུན་ཞུགས་འབྲས་གནས་སྤོང་བའི་སྦྱོར་བ་ལ་མི་བརྩོན་ན་འབྲས་བུ་གོང་མ་ལ་མ་ཞུགས་པ་དང༌། འབྲས་བུ་ཁྱད་པར་ཅན་ལ་མི་གནས་པར་བསྟན་ནོ། །དེ་ལྟ་བུའི་འབྲས་གནས་ཙམ་པོ་བ་སྒོམ་སྤང་གཏན་མ་སྤངས་པ་སོ་སོ་སྐྱེ་བོའི་ཚེ་སྲིད་པ་བདུན་མྱོང་ངེས་ཀྱི་ལས་བསགས་པ་ནི་སྲིད་པ་ལན་བདུན་པ་ཞེས་བྱ་ལ་འདི་འདྲ་བ་དེས་ནི་ངེས་པར་སྐྱེ་བ་བདུན་ལེན་པར་ངེས་པ་ཡིན་ཏེ།མཛོད་འགྲེལ་དུ་མཆོག་ཏུ་ཐོགས་ན་ལན་བདུན་པ་གཞན་ཡང་ཡོད་མོད་ཀྱི་མ་ངེས་པས་མ་བརྗོད་དོ་ཞེས། འབྲས་གནས་སྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །ཞེས་པའི་སྐབས་སུ་བཤད་པའི་ལན་བདུན་པ་འདི་བདུན་ལེན་ངེས་པས་བརྗོད་ཀྱི་རེ་ལྟར་ཐོགས་ན་ལན་བདུན་པ་གཞན་ཡོད་ཀྱང་འདིར་མ་བརྗོད་པ་ནི་བདུན་ལེན་པ་མ་ངེས་པས་འདིར་མ་བསྟན་ཞེས་འབྱུང་བའི་ཕྱིར་དང༌། ཅིའི་ཕྱིར་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཅེ་ན། དུས་དེ་སྲིད་ཀྱིས་གདོན་མི་ཟ་བར་རྒྱུད་ཡོངས་སུ་སྨིན་པའི་ཕྱིར་ཏེ། ལམ་དེ་ནི་དེ་འདྲ་སྟེ་སྦྲུལ་གོམ་པ་བདུན་པས་ཟིན་པ་ལྟ་བུ་དང་རིམས་ཉིན་བཞི་པ་བཞིན་ནོ་ཞེས་པའི་འགྲེལ་བཤད་དུ། དཔེར་ན། སྦྲུལ་གོམ་པ་བདུན་པ་ཞེས་བྱ་བ་དེས་ཟིན་ན་གོམ་པ་བདུན་བོར་ནས་འཆིའོ། །ཕན་ཆད་དུ་ཡང་མ་ཡིན་ལ་ཚུན་ཆད་དུ་


JLD018_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་ཏེ། ཞེས་འབྱུང་བའི་ཕྱིར་དང༌། ཚེ་བདུན་གྱི་བར་དུ་སྐྱེ་བས་ན་ལན་བདུན་པའོ། །ཐམས་ཅད་ནི་མ་ཡིན་པས་རེ་ལྟར་ཐོགས་ན་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐ་ཤལ་པའོ་ཞེས་འབྲས་གནས་སྒོམ་སྤང་བྱ་མ་ཟད་ཀྱིས་བསྟན་པའི་ལན་བདུན་པ་ལན་བདུན་ལེན་པས་ལན་བདུན་པ་རྣམས་ཀྱི་ཐ་ཤལ་དུ་གསུངས་པའི་ཕྱིར་རོ། །དེ་ལྟ་ན་སྔར་བཤད་པའི་འབྲས་བུ་ལ་གནས་པ་དང༌། སྒོམ་སྤང་གཏན་མ་སྤངས་པ་དང༌། སོ་སྐྱེའི་དུས་སུ་འདོད་པར་སྐྱེ་བ་བདུན་མྱོང་ངེས་ཀྱི་ལས་བསགས་པའི་ཁྱད་པར་གསུམ་ལྡན་དེ་ཉིད་ཁོ་ན་ལན་བདུན་ལེན་པར་ལས་ཀྱི་རྒྱུན་ཞུགས་འབྲས་གནས་གཞན་རྣམས་རེ་ལྟར་ཐོགས་ན་ལན་བདུན་པ་ཡིན་ཀྱང་བདུན་ལེན་ངེས་མེད་པ་ལ་དགོངས་ནས་འོག་ཏུ་གོང་དུ་འཕོ་བ་དེ་དག་བར་སྐབས་སུ་ཡང་མྱ་ངན་ལས་འདའ་བར་རུང་བར་ལྟའོ། །འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ཉིད་ནི་ཕན་ཆད་དུ་འགྲོ་བ་མེད་པའི་ཕྱིར་ཏེ། དཔེར་ན་རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་བཞིན་ནོ། །ཞེས་དང༌དེའི་འགྲེལ་བཤད་དུའང་དཔེར་ན་རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་ཉིད་བཞིན་དེ་དེ་ལ་སྲིད་པ་གཉིས་སམ་གསུམ་མངོན་པར་གྲུབ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་མི་སྲིད་པ་མ་ཡིན་མོད་ཀྱི་དེ་ཕན་ཆད་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པར་མི་བྱེད་པས་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་དོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན་གོང་དུ་བདུན་ལེན་ངེས་སུ་གསུངས་པ་དང༌། འོག་ཏུ་ལེན་ངེས་མེད་པར་བསྟན་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །རེ་ལྟར་ཐོགས་


JLD018_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལན་བདུན་པ་ཞེས་པ་འདི་འཕགས་པ་ཁོ་ནར་ཡང་མ་ངེས་པར་གསལ་ཏེ་ལན་བདུན་པ་གཞན་ཡང་ཡོད་མོད་ཀྱི་ཞེས་པའི་འགྲེལ་བཤད་དུ། གཞན་ཡང་ཞེས་བྱ་བ་ནི་སོ་སོ་སྐྱེ་བོ་རྒྱུད་ཡོངས་སུ་སྨིན་པའོ། །མ་ངེས་པ་ཞེས་བྱ་བ་ནི་གལ་ཏེ་ན་འདི་ཉིད་དམ་སྲིད་པ་བར་མ་དོ་ལ་སོགས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བས་འདིར་མ་བརྗོད་དོ། །ཞེས་འབྱུང་བས་ན། སོ་སྐྱེ་རེ་ལྟར་ཐོགས་ན་ལན་བདུན་པ་དང་འཕགས་པ་རྒྱུན་ཞུགས་ལན་བདུན་པ་གཉིས་སུ་འགྱུར་ལ་དང་པོ་ནི་སྦྱོར་ལམ་པ་ཚེ་དེ་འམ་བུལ་ཡང་སྲིད་པ་བརྒྱད་པ་མི་འགྲུབ་པར་མྱང་འདས་མངོན་དུ་བྱེད་ངེས་རྣམས་ཡིན་ཞིང༌གཉིས་པ་ལ་ནི་གོང་དུ་སྨོས་པ་ལྟར་ངེས་པ་དང་མ་ངེས་པ་གཉིས་སོ། །འདིར་ཁ་ཅིག་འབྲས་གནས་སྒོམ་སྤང་བྱ་མ་ཟད་དབྱེ་གཞིར་བྱས་ནས་དེ་ལ་སྐྱེ་བ་གཅིག་དང་གཉིས་ལ་སོགས་པར་ལེན་པ་དང༌། རེ་ལྟར་ཐོགས་ན་ལན་བདུན་པ་གཅིག་ཀྱང་ཡོད་ཅིང་དེ་ཡང་དང་པོ་རྣམས་མ་ངེས་པ་དང་ཕྱི་མ་ལན་བདུན་པ་ངེས་པ་ཡིན་ཞེས་ཚིག་རྐང་གཉིས་པ་དབྱེ་བའི་ཡ་གྱལ་དུ་བྱས་ནས་གཞུང་གི་དགོངས་པ་དཔྱིས་ཕྱིན་པར་འདོད་པ་ནི་ཚིག་ཤེས་པ་རྣམས་དགའ་བར་བྱེད་ཀྱི་དོན་ཤེས་པ་ནི་མ་ཡིན་ཏེ། འདི་ལྟར་འབྲས་བུ་ལ་གནས་པ་སྒོམ་སྤང་མ་སྤངས་པ་རེ་ལྟར་ཐོགས་ན་ལན་བདུན་པ་གསུམ་གིས་གང་ཟག་གཅིག་སྟོན་པའི་ཕྱིར་རོ། །དེ་ལྟར་ཡང་འགྲེལ་པར་འབྲས་བུ་ལ་གནས་པ་གང་ཞིག་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་སྤངས་པ་དེ་ནི་རྒྱུན་དུ་ཞུགས་པ་ཡིན་ལ་ཚེ་བདུན་གྱི་བར་དུ་སྐྱེས་བས་ན་ལན་བདུན་པའོ་ཞེས་དང༌།


JLD018_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྡུར་ཡང་རེ་ཞིག་བསྒོམས་པས་སྤང་བར་བྱ་བ་མ་སྤངས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་ནི་དེ་ལྟ་བུ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །ཡང་གཞན་དག་སྐྱེ་བ་གཉིས་དང་གསུམ་ལ་སོགས་པ་བླངས་པའི་ཚེ་ཡང་ལན་བདུན་པར་འདོད་པ་ཡང་ལྷ་རྣམས་དགའ་བར་བྱེད་པ་སྟེ། ལན་བདུན་པ་ངེས་པ་ཅན་དེ་སྒོམ་སྤང་གཅིག་ཀྱང་མ་སྤངས་པར་བཤད་ལ་སྐྱེ་བ་བརྗེས་ནས་ཉོན་མོངས་ཕར་ཕྱིན་པ་གཅིག་ཀྱང་མ་སྤངས་པར་མི་འགྲུབ་སྟེ་ཕྱིར་འོང་དང་ཕྱིར་མི་འོང་དུ་ཡང་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་འགྲེལ་པར་བར་སྐབས་སུ་ཡང་འཕགས་པའི་ལམ་མངོན་དུ་བྱེད་ཅིང་མྱ་ངན་ལས་མི་འདའ་སྟེ་དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རོ། །ཞེས་གང་གསུངས་པ་ཡིན་ནོ། །ཚིག་ཕྱི་མ་འདིས་ནི་སྔོན་སོ་སོ་སྐྱེ་བོའི་དུས་སུ་སྲིད་པ་བདུན་མྱོང་ངེས་ཀྱི་ལས་བསགས་པ་ཞེས་བྱ་བའི་ཁྱད་པར་བསྟན་པ་ཡིན་ནོ། །དེས་ན་འདི་དང་རིགས་ནས་རིགས་སྐྱེ་བ་བདུན་དང་ཚེ་གཉིས་ད་གཟོད་ལེན་ངེས་ལ་འདོད་ཀྱི་སྐྱེ་བ་བླངས་ནས་ནི་རིགས་ནས་རིགས་སྐྱེ་ཡང་མ་ཡིན་ཏེ་འོག་ཏུ་དཔྱད་པར་བྱའོ། །ཅི་སྲིད་པ་ལན་བདུན་པ་ཞེས་པ་འགྲོ་བ་གཅིག་ཏུ་སྲིད་པ་ལན་བདུན་ལེན་པའམ་འོན་ཏེ་གཞན་ལེན་ཞེ་ན་འདི་ལ་མི་མཐུན་པ་གཉིས་ཏེ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང༌། དེ་ལས་གཞན་པའི་སྡེ་པ་འགའ་ཞིག་གོ། དེ་ལ་བྱེ་བྲག་ཏུ་སྨྲ་བ་ནི་ལྷའི་རྟེན་ལ་རྒྱུན་ཞུགས་ཐོབ་པ་དེ་ཚེ་འཕོས་ནས་མིར་སྐྱེ་སྲིད་ལན་བདུན་བར་སྲིད་ལན་བདུན་བླངས་ནས་སླར་ཡང་འདོད་ལྷའི་ནང་དུ་སྐྱེ་སྲིད་བདུན་བར་སྲིད་བདུན་བླངས་ནས་


JLD018_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རྟེན་ལ་མྱ་ངན་ལས་འདའ་ལ་མིའི་རྟེན་ལ་ཐོབ་པ་ཡིན་ན་དེ་ལས་བཟློག་པའོ། །འོ་ན་སྐྱེ་བ་ཉེར་བརྒྱད་ལེན་པས་ལན་བདུན་པར་མི་འགྱུར་རོ་ཞེ་ན་དེ་ལྟ་ཡིན་ཀྱང་ལན་བདུན་པ་མ་ཡིན་པར་མི་འགྱུར་ཏེ་བདུན་ཚན་དུ་འདྲ་བའི་ཕྱིར་རོ། །དེ་ལྟ་བུ་ཐ་སྙད་ལ་ལར་བྱས་པ་ཡོད་དམ་ཞེ་ན་ཡོད་པ་ཁོ་ན་སྟེ་དཔེར་ན་འཇིག་རྟེན་གྱི་ཐ་སྙད་ལ་ཤིང་འགའ་ཞིག་ལ་འདབ་མ་བརྒྱ་ཕྲག་མང་པོ་ཡོད་ཀྱང་ལོ་མ་རེ་རེ་ལ་འདབ་མ་བདུན་བདུན་དུ་སྐྱེ་བ་ལ་ཤིང་འདབ་མ་བདུན་པ་ཞེས་པ་དང༌། གསུང་རབ་ཀྱི་ཐ་སྙད་ལ་ཡང་དགེ་སློང་དག་ཅི་ལྟར་ན་དགེ་སློང་གནས་བདུན་ལ་མཁས་པ་ཡིན་ཞེ་ན། གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ་དང༌། གཟུགས་འགོག་པ་དང༌། གཟུགས་འགོག་པར་འགྲོ་བའི་ལམ་དང༌། གཟུགས་ཀྱི་རོ་མྱོང་བ་དང༌། ཉེས་དམིགས་དང༌། ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་ཕུང་པོ་ལྔ་ཆར་ལ་གསུངས་པས་ན་བདུན་ལྔ་སུམ་ཅུ་སོ་ལྔ་ལ་མཁས་པ་ཡིན་ཀྱང་བདུན་ཚན་དུ་འདྲ་བས་གནས་བདུན་ལ་མཁས་པ་ཞེས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །སྡེ་པ་གཞན་དག་ནི་གང་ཞིག་མི་རྣམས་ཀྱི་ནང་དུ་བདེན་པ་མཐོང་བ་དེ་ནི་ལྷ་རྣམས་ཀྱི་ནང་དུ་ལན་གསུམ་འཁོར་ལ་མི་རྣམས་ཀྱི་ནང་དུ་ཡང་ལན་གསུམ་ཁོ་ན་འཁོར་ནས་དེ་ནས་ལྷ་རྣམས་ཀྱི་ནང་དུ་འོངས་ནས་ཡོངས་སུ་མྱ་ངན་ལས་འདའོ། །གང་ཞིག་ལྷ་རྣམས་ཀྱི་ནང་དུ་བདེན་པ་མཐོང་བ་དེ་ཡང་དེ་ཁོ་ན་བཞིན་དུ་མི་རྣམས་ཀྱི་ནང་དུ་ལན་གསུམ་འཁོར་ལ་ལྷ་རྣམས་ཀྱི་ནང་དུ་


JLD018_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ཚོང་མེད༽ཡང་ལན་གསུམ་འཁོར་ནས་དེ་ནས་མི་རྣམས་ཀྱི་ནང་དུ་འོངས་ཏེ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་སྨྲས་སོ། །ཞེས་འགྲེལ་བཤད་དུ་འབྱུང་བ་ལྟར་འདོད་དོ། །ཤེས་བྱེད་ནི་མདོ་ལས་ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་འཁོར་ཞེས་འབྱུང་གིས་སོ་སོར་འཁོར་ཞེས་མི་འབྱུང་བའི་ཕྱིར་དང༌། གཞན་ཡང་མདོ་ལས་གང་ཟག་འཕགས་པ་རྣམས་སྲིད་པ་བརྒྱད་མི་འགྲུབ་པར་གསུངས་པས་ཉེར་བརྒྱད་ལེན་པ་ལ་གནོད་ལ་གལ་ཏེ་མདོ་དེའི་དགོངས་པ་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་མི་ལེན་པ་ལ་འདོད་ན་ཡང་མི་རུང་སྟེ། སྲིད་རྩེའི་མཐར་ཐུག་འགྲོ་ཚངས་རིས་ནས་ཚངས་ཆེན་མ་གཏོགས་པའི་འབྲས་བུ་ཆེ་བའི་བར་དུ་སྐྱེ་བར་བྱེ་བྲག་ཏུ་སྨྲ་བ་རང་ཉིད་འདོད་པས་ན་ལྷའི་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་ལེན་པའི་ཕྱིར་རོ། །འདོད་པ་ཁམས་ཀྱི་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་མི་འགྲུབ་པ་ལ་དགོངས་པ་བླང་བར་ཡང་མི་ནུས་ཏེ། འདི་ལ་ཤེས་བྱེད་མེད་པས་ལྷ་མི་གཉིས་ཀའི་ནང་དུ་བསྡོམས་པའི་ལན་བདུན་མིན་པར་སོ་སོར་ལན་བདུན་ལེན་པ་ལ་ཡང་ཤེས་བྱེད་མེད་དེ་སྔར་མདོ་དྲངས་པ་ལྟར་ཐུན་མོང་དུ་ལན་བདུན་ཞེས་འབྱུང་གི་སོ་སོར་མི་འབྱུང་བའི་ཕྱིར་རོ་སྙམ་དུ་བསམས་པའོ། །དེ་ལྟར་སྡེ་པ་གཞན་གྱིས་བྱེ་བྲག་ཏུ་སྨྲ་བའི་སྲིད་པ་ཉེར་བརྒྱད་ལེན་པར་འདོད་པའི་ཕྱོགས་ཐེ་ཚོམ་དུ་བྱས་པ་དང༌། སློབ་དཔོན་སངས་རྒྱས་གཉིས་པས་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་འཐད་པར་གཟིགས་ནས་དེའི་གཞུང་འཛུགས་པའི་ཕྱིར་འོད་སྲུངས་སྡེ་པའི་ལུང་ལས། ལྷ་རྣམས་ཀྱི་ནང་དུ་ལན་བདུན་མི་རྣམས་ཀྱི་ནང་དུ་ལན་བདུན་ཞེས་སོ་སོར་འབྱུང་བ་ཡོད་པས་ལྷ་མི་བསྡོམས་པའི་ལན་བདུན་ལ་ཞེན་པར་མི་བྱ་ཞེས་གསུངས་པས་ན་སྡེ་


JLD018_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ཚོང་མེད༽པ་གཞན་གྱི་བྱེ་བྲག་ཏུ་སྨྲ་བ་ལ་འདོད་ཁམས་ཀྱི་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་མི་ལེན་པ་དང༌། སོ་སོར་བདུན་མིན་གྱི་ཐུན་མོང་དུ་བདུན་ཡིན་པ་ལ་ཤེས་བྱེད་ཅེས་སྨྲས་པ་ཡང་བསལ་བ་ཡིན་ནོ། །དེ་ལྟར་མིན་པར་ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཞེས་པ་སྒྲ་སོར་བཞག་བྱེད་ན་སྐྱེ་སྲིད། ཉི་ཚེ་ལན་བདུན་ལེན་པར་འགྱུར་གྱི་བར་སྲིད་མ་སྨོས་པས་བར་སྲིད་མེད་པར་འགྱུར་ན་དེ་ཡང་མི་འཐད་དེ།གཟུགས་ཅན་གྱི་ཁམས་ན་སྐྱེ་བ་ལེན་པ་ལ་བར་སྲིད་མེད་པ་མི་སྲིད་པའི་ཕྱིར་རོ་སྙམ་དུ་བྱེ་བྲག་སྨྲ་བ་རྣམས་སེམས་སོ། །འདིར་སློབ་དཔོན་རྒྱལ་པོ་སྲས་ཀྱིས་ལྷ་མི་སོ་སོར་ལན་བདུན་ཞེས་པའི་ལུང་འདོད་པའི་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་མི་འགྲུབ་པ་ལ་ཤེས་བྱེད་དུ་འགྲོ་བའི་རྒྱུ་མཚན་གཟུགས་དང་གཟུགས་མེད་ཀྱི་འཕགས་པ་ཕྱིར་མི་འོང་ཡིན་པས་དེ་དག་གཟོད་མིར་མི་སྐྱེ་བའི་ཕྱིར། ལྷ་དང་མི་རྣམས་སུ་སོ་སོར་ལན་བདུན་འཁོར་ཞེས་པ་མི་འཐད་གསུངས་པ་ནི་དམ་པའི་ཆོས་མངོན་པ་ལ་ཆོས་ཀྱི་སྤྱན་ལྡན་ཆེན་པོའི་གསུང་ཡིན་ཡང་དཔྱད་ན་འཐད་པར་མི་མངོན་ཏེ། འདོད་པའི་འགྲོ་བ་གཅིག་ལ་དགོངས་པ་ཡིན་པའི་མདོ་ནི་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་གནས་མེད་ཅེས་པ་འདི་ཡིན་ལ་འདིའི་དགོངས་པ་དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་འོད་སྲུངས་སྡེ་པ་རྣམས་ལྷ་མི་སོ་སོར་ལན་བདུན་ཅེས་འབྱུང་བས་འཕགས་པས་སྲིད་པ་བརྒྱད་ལེན་པར་བསྟན་ལ་སྲིད་རྩིའི་མཐར་ཐུག་འགྲོས་ཀྱང་ལྷའི་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་ལ་སོགས་པ་ལེན་པས་ན་ཁམས་འདོད་ཁམས་པ་དང༌། འགྲོ་བ་རིགས་མཐུན་གཅིག་ཏུ་བརྒྱད་མི་ལེན་པ་ལ་མདོ་སྔ་མའི་དགོངས་པ་མི་ལེན་པར་སྒྲ་རང་སོར་བཞག་ན་དེ་གཉིས་མི་འཐད་པར་འགྱུར་


JLD018_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ་དེས་ན་འདོད་པའི་འགྲོ་བ་རིགས་གཅིག་ལ་དགོངས་པའོ་ཞེས་བཤད་ན་འགྲེལ་པའི་རྩོད་ལན་སྔ་ཕྱི་ཐམས་ཅད་འབྲེལ་པར་འགྱུར་རོ། །སྔར་བཤད་པ་དེ་དག་གི་ཤེས་བྱེད་ཡང་ཇི་སྐད་དུ་མཛོད་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དེ་ནི་དེ་ལས་གཞན་པའི་སྐྱེ་བའི་སྲིད་པ་བདུན་དང༌། སྲིད་པ་བར་མ་བདུན་དུ་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བར་བྱེད་ལ་དེ་བཞིན་དུ་ལྷ་དག་གི་ནང་དུ་ཡང་ཉིང་མཚམས་སྦྱོར་བར་བྱེད་དེ། དེ་ལྟར་སྲིད་པ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ཉིང་མཚམས་སྦྱོར་བར་བྱེད་དོ། །སྲིད་པ་བདུན་ཚན་དུ་འདྲ་བའི་ཕྱིར་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་དེ། གནས་བདུན་ལ་མཁས་པ་ཞེས་བྱ་བ་དང༌། འདབ་མ་བདུན་པ་ཞེས་བྱ་བ་བཞིན་ནོ། །ཞེས་ཟེར་རོ། །འོ་ན་ཡང་མདོ་ལས། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་པ་མངོན་པར་གྲུབ་པ་གང་ཡིན་པ་ནི་གནས་མ་ཡིན་ཅིང་གོ་སྐབས་མེད་དེ། འདི་ནི་གནས་མེད་དོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། འགྲོ་བ་གཅིག་ཏུ་དགོངས་པ་ཡིན་ནོ། །འོན་ཏེ་སྒྲ་ཇི་བཞིན་དུ་བརྟག་ན་ནི། སྲིད་པ་བར་མ་ཡང་ཡོད་པར་མི་འགྱུར་རོ། །དེ་ལྟ་ན་ཡང་སྲིད་པའི་རྩེ་མོའི་བར་དུ་གོང་དུ་འཕོ་བ་འགྲོ་བ་གཅིག་ཏུ་སྐྱེ་བའི་སྲིད་པ་བརྒྱད་པར་མི་འགྱུར་རོ་ཞེ་ན། འདོད་པའི་ཁམས་ལ་དགོངས་ཏེ། གསུངས་པའི་ཕྱིར་ཉེས་པ་མེད་དོ། །འདི་ལ་ཤེས་པར་བྱེད་པ་མདོ་འམ་རིགས་པ་ཅི་ཞིག་ཡོད། ལྷ་དང་མི་རྣམས་ཀྱི་ནང་ན་སོ་སོར་ལན་བདུན་སྐྱེའི། གཉིས་ཀའི་ནང་དུ་ནི་ལན་བདུན་མ་ཡིན་པ་ཉིད་དོ། །ཞེས་གསུངས་པ་འདི་ལ་ཤེས་པར་བྱེད་པ་ཅི་ཞིག་ཡོད་དེ། འདི་སྐད་དུ་ལྷ་རྣམས་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཞེས་འབྱུང་ངོ་ཞེ་ན།


JLD018_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྲུངས་པ་རྣམས་སུ་ལན་བདུན་ཞེས་སོ་སོར་ཡང་འདོན་པས་འདི་ལ་མངོན་པར་ཞེན་པར་མི་བྱའོ། །གང་ཞིག་མི་དག་གི་ནང་དུ་རྒྱུན་དུ་ཞུགས་པར་གྱུར་པ་དེ་ནི་དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་འདའ་ལ། གང་ཞིག་ལྷ་དག་གི་ནང་དུ་རྒྱུན་དུ་ཞུགས་པ་གྱུར་པ་དེ་ནི་དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་འདའོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟར་ལུགས་གཉིས་ལས་སངས་རྒྱས་གཉིས་པ་ནི་ཉེར་བརྒྱད་ལེན་པའི་ཕྱོགས་བཞེད་པར་འགྲེལ་བཤད་དུ་འབྱུང་ལ། ཀུན་ལས་བཏུས་སུ་ཡང་རེ་ལྟར་ཐོགས་ན་ལན་བདུན་པ་གང་ཞེ་ན། རྒྱུན་དུ་ཞུགས་པའི་གང་ཟག་ཉིད་ལྷ་དང་མིར་ཡན་མན་དུ་ལན་བདུན་དུ་སྲིད་པར་འཁོར་བར་བྱས་ནས་སྡུག་བསྔལ་གྱི་ཐ་མ་ཐོབ་པའོ་ཞེས་འབྱུང་བས་གཅེན་ཡང་སྐྱེ་བ་ཉེར་བརྒྱད་ལེན་པ་བཞེད་པར་བརྟག་ནུས་ཏེ། ལྷ་མི་ཡན་མན་ནི་ཕན་ཚུན་སོ་སོར་གྱི་དོན་དུ་བཤད་པར་ནུས་པའི་ཕྱིར་དང༌། འདོད་པར་སྐྱེ་བ་ལ་ཡང་བར་སྲིད་ལེན་པས་ཁྱབ་པའི་ཕྱིར་རོ། །ལན་བདུན་པ་ལ་སྐྱེ་འཕགས་གཉིས། །འཕགས་པ་ལ་ཡང་ངེས་མ་ངེས། །རྣམ་གཉིས་ཉེར་བརྒྱད་སྐྱེ་ན་ཡང༌། །བདུན་ཚན་འདྲ་ཕྱིར་བདུན་ཞེས་དང༌། །དང་པོར་ཐོབ་པའི་རྟེན་དེ་ལ། །མྱང་འདས་མངོན་དུ་བྱེད་པ་སྟེ། །གོང་འོག་གཉིས་ཀྱི་གཞུང་རྣམས་ཀྱིས། །སྐུ་མཆེད་གཉིས་ཀྱི་དགོངས་པར་བསྒྲུབས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཙམ་ལ་གནས་པའི་རྣམ་པར་བཞག་པ་བཤད་ཟིན་ཏོ།། ༈ རྒྱུན་དུ་ཞུགས་པའི་


JLD018_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཁྱད་པར་ཅན་ལ་གནས་པ་གང་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་གང་འདོད་པའི་བསྒོམ་སྤང་དང་པོ་ནས་དྲུག་པའི་བར་གང་ཡང་རུང་བ་སྤོང་བའི་སྦྱོར་བ་ཅན་ནོ། །དེ་ལ་ཡང་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང༌། མིའི་རིགས་ནས་རིགས་སུ་སྐྱེ་བའོ། །འོན་ཀྱང་དེ་ཙམ་དུ་གྲངས་ངེས་པ་ནི་མ་ཡིན་ཏེ། འདི་ལྟར་རྒྱུན་ཞུགས་འབྲས་གནས་ཀྱི་རྟེན་དེ་ཉིད་ལ་ཕྱིར་འོང་དང་ཕྱིར་མི་འོང་མངོན་དུ་བྱས་ཏེ་དེ་ཚེ་འཕོས་ནས་ཁམས་གོང་མར་སྐྱེ་བ་ཡོད་ལ་རིགས་ནས་རིགས་སྐྱེ་ནི་ཚེ་དེ་ལ་འབྲས་བུ་བར་པ་གཉིས་མི་བསྐྱེད་ཅིང་ཁམས་གོང་མར་ཡང་འགྲོ་བ་མི་སྲིད་པའི་ཕྱིར་རོ། །དེ་ལ་སྤྱིར་རིགས་ནས་རིགས་སུ་སྐྱེ་བ་ལ་ཁྱད་པར་གསུམ་དང་ལྡན་པ་ཅིག་དགོས་ཏེ། དེ་ཡང་གང་ཞེ་ན། མཛོད་དུ། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་འབྱུང་བ་ལྟར་ཉོན་མོངས་སྤངས་པའི་ཁྱད་པར་དང༌། སྐྱེ་བ་ལེན་ཚུལ་གྱི་ཁྱད་པར་དང༌། གཉེན་པོ་ཐོབ་པའི་ཁྱད་པར་རོ། །དེ་ལ་འདོད་པའི་བསྒོམ་སྤང་གསུམ་པ་ངེས་པར་སྤངས་བཞི་པ་མ་སྤངས་ཀྱང་བླའི་ལྔ་པ་ངེས་པར་མ་སྤངས་པ་ཞིག་དགོས་ཏེ། འགྲེལ་པར་ཉོན་མོངས་པ་སྤངས་པ་ལས་ནི་ཉོན་མོངས་པའི་རྣམ་པ་གསུམ་མམ་བཞི་སྤངས་པའི་ཕྱིར་རོ་ཞེས་གསུམ་དང་། བཞི་ལ་འདམ་ཁ་ཅན་མཛད་ལ་གཉིས་དང་གཅིག་མ་སྨོས་པའི་ཕྱིར་དང༌། ལྔ་པ་སྤངས་ན་དྲུག་པ་ཡང་ངེས་པར་སྤོང་བས་ཕྱིར་འོང་དུ་འགྱུར་ལ། དེ་ལྟར་ན་འགྲོ་བ་རིགས་མཐུན་གཅིག་ཏུ་སྐྱེ་བ་གཉིས་ལེན་མི་སྲིད་པའི་ཕྱིར་དང༌། རིགས་ནས་རིགས་སྐྱེ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གལ་


JLD018_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་ལྟ་ན་ཕྱིར་འོང་བར་ཆད་གཅིག་པ་ཡང་བརྒྱད་པ་སྤངས་པ་ན་དགུ་པ་ཡང་ངེས་པར་སྤོང་བས་ཕྱིར་མི་འོང་དུ་འགྱུར་ལ། དེ་ལྟ་ན་ཚེ་གཅིག་པར་མི་འགྱུར་རོ། །ཞེ་ན་མི་མཚུངས་ཏེ། བསྒོམ་སྤང་དགུ་པ་སྤོང་བ་ལ་ཁམས་ལས་འདའ་དགོས་པས་དཀའ་ལ་དྲུག་པ་སྤོང་པ་ལ་དེ་ལྟ་མིན་པའི་ཕྱིར་རོ། །དེ་ལྟར་ཡང་ཇི་སྐད་དུ། མཛོད་འགྲེལ་ལས། ཅིའི་ཕྱིར་རྣམ་པ་ལྔ་སྤངས་པའི་ཕྱིར་མ་ཡིན་ཞེ་ན། དེ་སྤངས་ན་དྲུག་པ་ཡང་གདོན་མི་ཟ་བར་སྤོང་བའི་ཕྱིར་ཏེ་དེའི་རྣམ་པ་གཅིག་གིས་ནི་བར་ཆད་གཅིག་པ་བཞིན་དུ་འབྲས་བུ་ལ་གེགས་བྱ་བར་མི་ནུས་ཏེ་ཁམས་ལས་མི་འདའ་བའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །སྐྱེ་བ་ལན་ཚུལ་གྱི་ཁྱད་པར་ནི་འདོད་པའི་འགྲོ་བ་གཅིག་ཏུ་སྐྱེ་བ་གཉིས་ངེས་པར་ལེན་དགོས་ཏེ་རིགས་ནས་རིགས་སྐྱེའི་དོན་ཟློས་པའམ་འདབས་པའི་དོན་ཡིན་པའི་ཕྱིར་དང༌། འདོད་པའི་འགྲོ་བ་མི་གཅིག་པ་གཉིས་སུ་ལན་གཉིས་སྐྱེ་བ་ཕྱིར་འོངས་ལ་ཡང་ཡོད་པའི་ཕྱིར་རོ། །སྐྱེ་བ་གསུམ་ནི་བླངས་ཀྱང་བླ་ལ་མ་བླངས་ཀྱང་བླའི། བཞི་ངེས་པར་མ་བླངས་པ་ཞིག་དགོས་ཏེ། འགྲེལ་པར་ཚེ་གཉིས་སམ་གསུམ་ལུས་པའི་ཕྱིར་རོ། །ཞེས་ཚེ་གསུམ་ཡན་ཆད་ལས་འདམ་ཁ་མ་མཛད་པའི་ཕྱིར་རོ། །གཉེན་པོའི་ཁྱད་པར་ནི། སྔར་བཤད་པའི་ཉོན་མོངས་སྤང་བའི་གཉེན་པོ་ཟག་མེད་ཀྱི་ལམ་ཐོབ་པའོ། །དེ་ནི་རྣམ་གསུམ་རྣམ་བཞི་ཞེས་པའི་རྐང་པ་གཉིས་སུ་དངོས་སུ་མ་སྨོས་པ་ནི་རྒྱུན་ཞུགས་ཕྱིས་ཉོན་མོངས་པའི་རྣམ་པ་གཅིག་ལ་སོགས་པ་སྤོང་བ་ནི་དེ་དག་གི་གཉེན་པོ་ཟག་མེད་ཀྱི་ལམ་ཐོབ་པ་དེ་མ་སྨོས་ཀྱང་རྟོགས་པར་འགྱུར་ཏེ་གཉེན་པོ་


JLD018_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཉོན་མོངས་སྤོང་མི་སྲིད་པའི་ཕྱིར་དང༌། འཕགས་པ་ཡིན་པས་ཟག་མེད་ཀྱི་ལམ་ཐོབ་པ་ཡང་སྐྱེ་བའི་ཕྱིར་རོ། །གལ་ཏེ་འཇིག་རྟེན་པའི་ལམ་གྱིས་སྤོང་ན་ཡང་ཟག་མེད་འཐོབ་སྟེ་ཇི་སྐད་དུ། མཛོད་ལས། འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་འཕགས་པས་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་སྤོང་བ་ལ་ཟག་བཅས་ཟག་མེད་ཀྱི་ཐོབ་པ་གཉིས་ཀ་སྐྱེ་བར་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་མཛོད་འགྲེལ་ལས། ཚིགས་སུ་བཅད་པའི་ནང་དུ་གཉིས་ཤིག་སྨོས་པ་ནི་རྒྱུན་དུ་ཞུགས་པ་ཕྱིས་ཉོན་མོངས་པ་སྤོང་བར་བྱེད་པ་ན་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་ནི་མ་སྨོས་ཀྱང་འགྲུབ་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་ན་འདོད་པའི་སྒོམ་སྤང་དྲུག་པ་མ་སྤངས་པ་ལམ་ལ་རྗེས་ཤེས་ལ་གནས་པ་ཉོན་མོངས་སྤོང་བའི་སྦྱོར་བ་དང་ལྡན་པ་འདོད་པའི་འགྲོ་བ་གཅིག་ཏུ་སྐྱེ་བ་གཉིས་ངེས་པར་བླངས་ནས་འདའ་བ་དེ་ནི་རྒྱུན་ཞུགས་རིགས་ནས་རིགས་སྐྱེ་ཡིན་ནོ། །དེ་ལ་ལྷའི་རིགས་ནས་རིགས་སྐྱེས་དང༌། མིའི་རིགས་ནས་རིགས་སྐྱེ་གཉིས་ཡོད་དོ། །དང་པོ་ནི། འདོད་ལྷ་དྲུག་པོ་གང་རུང་གི་རྟེན་ལ་རྒྱུན་ཞུགས་ཐོབ་པ་དེ་ལྟར་ལན་གཉིས་སྐྱེས་ནས་དང་པོའི་ལྷའི་རིགས་དེའམ་གཞན་ལྔ་པོ་གང་རུང་ལ་མྱ་ངན་ལས་འདའོ། །གཉིས་པ་ནི། འཛམ་བུ་གླིང་པ་ལྟ་བུའི་རྟེན་ལ་རྒྱུན་ཞུགས་ཐོབ་པ་དེ་མིར་ལན་གཉིས་སྐྱེས་ནས་གླིང་དེ་ཉིད་དམ་ཤར་ནུབ་གང་རུང་དུ་སྐྱེས་ནས་མྱ་ངན་ལས་འདའོ། །དེ་ལྟར་ཡང་ཇི་སྐད་དུ། མཛོད་འགྲེལ་ལས། རིགས་ནས་རིགས་སུ་སྐྱེ་བ་ནི་རྣམ་པ་གཉིས་ཏེ། ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་ལྷ་དག་གི་ནང་དུ་རིགས་གཉིས་སམ་གསུམ་དུ་འཁོར་


JLD018_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྷའི་རིགས་དེའམ་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི་མི་དག་གི་ནང་དུ་རིགས་གཉིས་སམ་གསུམ་དུ་འཁོར་ནས་གླིང་དེའམ་གཞན་དུ་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པའོ། །ཞེས་གང་གསུངས་པའོ། །འདིར་འགྲེལ་བཤད་དུ། གང་ཞིག་རྣམ་པ་གཅིག་གམ་གཉིས་ལས་གྲོལ་བ་དེ་ཅི་ཞིག་ཡིན་ཞེ་ན། ཁ་ཅིག་ན་རེ་རིགས་སུ་སྐྱེ་བ་ཡིན་ཏེ། རྣམ་པ་གསུམ་དང་བཞི་ལས་གྲོལ་བ་སྨོས་པ་ནི་དཔེར་བརྗོད་པའི་ཕྱིར་རམ། དེ་ཕན་ཆད་དུ་ནི་མ་ཡིན་ནོ་ཞེས་ཚད་དུ་བྱས་པའི་ཕྱིར་རོ། །ཞེས་ཟེར་རོ། །གཞན་དག་ན་རེ་རྣམ་པ་གཅིག་གམ་གཉིས་ལས་གྲོལ་བ་དེ་ནི་ཚེ་ལྔའམ་དྲུག་པ་ཡིན་ཏེ་རྣམ་པ་གསུམ་མམ་བཞི་ལས་གྲོལ་བ་ཞེས་ཁྱད་པར་སྨོས་པའི་ཕྱིར་རོ། །ཞེས་ཟེར་ཏེ་འདི་ནི་བཤད་པ་བྱེད་པ་རྣམས་ཀྱིས་མ་དཔྱད་པས་འདི་དཔྱད་དགོས་པ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་ལ་ལུགས་སྔ་མ་ནི་སྒོམ་སྤང་རྣམ་པ་གསུམ་མམ་བཞི་ལས་གྲོལ་བའི་རིགས་སྐྱེ་འདོད་པ་བཞིན་དུ་རྣམ་པ་གཅིག་གམ་གཉིས་ཙམ་ལས་གྲོལ་བའི་རིགས་སྐྱེ་ཡོད་ལ་རིགས་སྐྱེ་ལ་གསུམ་མམ་བཞི་སྤང་དགོས་པར་བསྟན་པ་ནི། རིགས་སྐྱེའི་ཕྱོགས་གཅིག་མཚོན་པའམ་བཞི་མན་ཆད་མ་སྤངས་པ་ཞིག་དགོས་ཞེས་ཕ་མཐའི་ཚད་བསྟན་པ་ཙམ་ཡིན་ནོ། །ཞེས་པའི་དོན་ནོ། །ལུགས་གཉིས་པའི་དོན་ནི། རྣམ་པ་གསུམ་མམ་བཞི་ལས་གྲོལ་བ་ལ་ཚེ་གཉིས་སམ་གསུམ་ལུས་པའི་ཁྱད་པར་བསྟན་པ་ནི། རྣམ་པ་གཅིག་གམ་གཉིས་ལུས་པར་ཡང་གོང་མའི་གནད་ཀྱིས་ཚེ་ལྔའམ་དྲུག་ལུས་པ་


JLD018_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཞེས་པའི་དོན་ནོ། །དེ་ལྟར་གཉིས་པོ་དེ་ལ་སློབ་དཔོན་རྒྱལ་པོ་སྲས་ཀྱིས་ནི། སྔོན་གྱི་ཆོས་མངོན་པའི་འཆད་པ་པོ་རྣམས་ཀྱིས་འདི་ལྟ་བུ་མ་དཔྱད་པས་དཔྱད་དགོས་པར་འདུག་ཅེས་ཐེ་ཚོམ་བསྐུར་བ་ཙམ་ལས་མི་སྣང་ཡང་མི་འཐད་པར་མངོན་ཏེ། སློབ་དཔོན་གྱིས་རིགས་སྐྱེའི་སྤངས་པའི་ཁྱད་པར་འཆད་པ་ན་གསུམ་མམ་བཞི་ལས་གྲོལ་བ་བསྟན་པ་དེ་འདི་ཚུན་སྤངས་པ་དགོས་ཞེས་པའི་དོན་ཡིན་གྱི་འདི་ཕན་ཆད་མ་སྤངས་པ་ཅིག་དགོས་ཞེས་བསྟན་ན་མ་འབྲེལ་བར་འགྱུར་ཏེ། རིགས་སྐྱེས་ཉོན་མོངས་གཅིག་གཉིས་སོགས་གང་སྤངས་འཆད་པ་ལ་བཞི་ཕན་ཆད་མ་སྤངས་པ་ཞེས་བརྗོད་པས་གཅིག་ནས་བཞིའི་བར་གང་སྤངས་མི་ཤེས་པའི་ཕྱིར་དང༌། རྣམ་གསུམ་རྣམ་བཞི་ལས་གྲོལ་བ་ཞེས་པས་རིགས་སྐྱེ་རྣམས་ཀྱི་ཕྱོགས་ཙམ་དཔེར་བརྗོད་ནས་དེས་མཚོན་པའི་དོན་འགྲེལ་པར་གསུངས་པར་རིགས་ཏེ། དེའི་འགྲེལ་པར་དེ་ལས་གལ་ཆུང་བ་རྣམས་ཀྱང་དཔྱད་པ་མཛད་འདུག་པའི་ཕྱིར་དང༌། སྐྱེ་བ་ལྔའམ་དྲུག་ཙམ་བླངས་པ་ཡང་རིགས་སྐྱེར་འགྱུར་ན་ལན་བདུན་པ་ལ་ཡང་ཐལ་ཆེས་པ་དང༌། འགྲེལ་པར་རིགས་སྐྱེའི་ཚེ་ཅི་ཙམ་ལུས་ཐུན་མོང་དུ་དཔྱོད་པ་དང༌། སོ་སོར་དཔྱོད་པའི་སྐབས་གཉིས་གར་ཡང་ཡ་མཐའ་གཉིས་དང་མ་མཐའ་གསུམ་ཁོ་ནར་མཛད་འདུག་པའི་ཡང་ཕྱིར་རོ། །ཁ་ཅིག་ཉོན་མོངས་གསུམ་སྤངས་ན་གསུམ་བཞི་སྤངས་ན་གཉིས་ལེན་ཅེས་པ་ཡང་གསོག་ཉིད་དུ་མཐོང་སྟེ། དེ་ལྟ་ན་ཡང་ལན་བདུན་པ་ཡང་ལན་དགུ་པར་འཇོག་པར་འགྱུར་བ་དང༌། དྲུག་པ་ཙམ་སྤངས་པའི་ཕྱིར་འོང་ཡང་གསུམ་ངེས་པར་ལེན་པར་ཐལ་བར་འགྱུར་རོ། །དེས་ན་གསུམ་དང་བཞི་ལས་གྲོལ་


JLD018_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཚེ་གཉིས་དང་གསུམ་ལེན་པ་གཉིས་ཀ་ལ་འགྲེལ་པར་འམ་གྱི་སྒྲ་འབྱུང་བ་འདམ་ཁ་ཅན་ཡིན་ལ་དེ་ཡང་སྔར་བཤད་པ་ལྟར་རིགས་སྐྱེས་ལ་གསུམ་སྤངས་པ་ངེས་པར་དགོས། ཡང་ན་བཞི་སྤངས་ཀྱང་བླ། ཚེ་གཉིས་ལུས་པ་དགོས་གསུམ་ལུས་ཀྱང་བླ་ཞེས་པའི་དོན་ནོ། །དེ་ལྟར་ན་སྤངས་པ་དང་སྐྱེ་བ་གཉིས་ཀ་ལ་འདམ་ཁ་ཅན་མཛད་ཀྱང་གསུམ་སྤངས་པ་དང༌། ཚེ་གཉིས་ལུས་པ་སོར་བཞག་པས་ན་ཁོ་བོས་བཤད་པ་འདི་རྨ་མེད་པའོ། །རིགས་སྐྱེ་ལ་སྐྱེ་བ་གཉིས་ལེན་ངེས་སུ་བསྟན་པ་འདིས་ནི་རིགས་སྐྱེ་ཚེ་འཕོས་པ་རིགས་སྐྱེར་ཁ་ཅིག་ཕར་ཕྱིན་པ་འདོད་པ་དང༌། རིགས་སྐྱེ་ཚེ་ཡོངས་སུ་གྱུར་པའི་འཕགས་པར་འདོད་པ་རྣམས་ཀྱང་སུན་ཕྱུང་བ་ཡིན་ཏེ་འདོད་པར་ཚེ་གྱུར་གྱི་འཕགས་པ་ནི་འཕགས་ཆོས་ཚེ་གཉིས་སུ་བརྟེན་ཟིན་པ་ཡིན་པའི་ཕྱིར་རོ། །དེ་ཡང་སྐབས་ཅི་ལྟ་བ་བཞིན་དུ་བཤད་ཕར་ཕྱིན་པ་པར་བྱའོ། །དེ་ལྟར་རིགས་ནས་རིགས་སྐྱེ་ལ་ངེས་པར་ལན་གཉིས་འཁོར་བ་ནི་སློབ་དཔོན་ཐོགས་མེད་ཀྱང་བཞེད་པ་ཡིན་ཏེ། ཀུན་ལས་བཏུས་ལས་རིགས་ནས་རིགས་སུ་སྐྱེ་བ་གང་ཞེ་ན་ལྷ་འམ་མི་རྣམས་ཀྱི་ནང་དུ་རིགས་ནས་རིགས་སུ་སོང་ནས་སྡུག་བསྔལ་གྱི་ཐ་མ་འཐོབ་པའོ་ཞེས་འབྱུང་ལ་འགྲེལ་པར་ཡང་ངེས་པར་གཉིས་འཁོར་ཞེས་འབྱུང་བའི་ཕྱིར་རོ། །དོན་འདི་ལ་ཁ་ཅིག་མཛོད་འགྲེལ་དུ་སྐྱེ་བ་ནི་གལ་ཏེ་ན་གོང་མའི་སྐལ་བ་དང་ལྡན་པའི་ཕྱིར་ཆེས་ཉུང་ངུར་ཡང་འགྱུར་བས་དེའི་ཕྱིར་འདི་སྨོས་སོ་ཞེས་པས་རིགས་ནས་རིགས་སྐྱེ་སྐྱེ་བ་གཉིས་ལས་ཀྱང་ཉུང་བར་འགྱུར་བར་བསྟན་པར་བསམས་ནས་ཀུན་བཏུས་ཀྱི་འགྲེལ་པར་ངེས་པར་གཉིས་


JLD018_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་བཤད་པ་མི་ལེགས་པར་ཚེ་གཉིས་ལེན་པ་ཕ་མཐའ་བསྟན་པར་བཞེད་པ་ནི་མཛོད་འགྲེལ་གྱི་ལུང་དེའི་དོན་གཏན་མ་རྟོགས་པར་མངོན་ཏེ། དེའི་ལུང་དོན་ནི་རིགས་སྐྱེ་ལ་ཁྱད་པར་གསུམ་ཡོད་པ་ལས། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་པས་སྐྱེ་བའི་ཁྱད་པར་དང༌། ཉོན་མོངས་སྤང་བའི་ཁྱད་པར་གཉིས་བསྟན་ལ་གཉེན་པོ་ཐོབ་པའི་ཁྱད་པར་ནི་ཤུགས་ལས་གོ་བས་མ་བསྟན་ཅེས་སྨོས་པ་ན། འོ་ན་སྐྱེ་བའི་ཁྱད་པར་ཡང་ཤུགས་ལ་བསྟན་པས་ཆོག་མོད་སྙམ་དུ་དོགས་པ་ལ་རྒྱུན་ཞུགས་སྲིད་པ་གཉིས་ལེན་རུང་འགའ་ཞིག་གོང་མ་ཕྱིར་འོང་ནས་དགྲ་བཅོམ་གྱི་བར་སྐྱེ་བ་འདི་འམ་སྐྱེ་བ་ཕྱི་མ་ཉིད་ལ་འཐོབ་པ་ཡོད་པས་དེ་རྣམས་ནི་སྐྱེ་བ་ཉུང་བར་འགྱུར་ལ་རིགས་ནས་རིགས་སྐྱེའི་ཚེ་དེ་ལྟ་བུ་མ་ཡིན་པར་ཚེ་གཉིས་སམ་གསུམ་ངེས་པར་ལེན་པར་བསྟན་པའི་ཕྱིར་རིགས་སྐྱེའི་སྐྱེ་བའི་ཁྱད་པར་རྩ་བར་དངོས་སུ་སྨོས་ཞེས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ལུང་དེའི་འགྲེལ་བཤད་དུ། དེའི་ཕྱིར་འདིའི་ཚེ་ནི་ཚེ་གཉིས་གསུམ་དུ་རིགས་ནས་རིགས་ཞེས་ངེས་པར་བྱ་བའི་ཕྱིར་སྨོས་པ་ཡིན་ནོ། །ཞེས་འབྱུང་བས་ན་ཁོ་བོ་ཅག་ནི་ལུང་དེ་རིགས་སྐྱེ་སྲིད་པ་གཉིས་ངེས་པར་ལེན་པའི་ཁུངས་སུ་འགྲོ་བར་འདོད་པ་ཡིན་ནོ། །དེ་ལྟ་ན་དེ་དང་དེ་ལྟ་བུའི་རིགས་གཞན་བསྟན་བཅོས་སམ་གཙུག་ལག་གི་དགོངས་པར་མ་སོན་པ་རྣམས་གཟུ་བོའི་བློས་བཀག་པ་ན་བཤེས་གཉེན་ངན་པའི་ངན་རྟོག་གིས་བློ་གྲོས་བསླད་པ་དང༌། ཆོས་ལ་མི་བརྟོན་པར་གང་ཟག་ལ་བརྟོན་པ་དག་ཕྲག་དོག་གིས་རྣ་བ་མི་གཏོད་མོད། འོན་ཀྱང་བློ་དང་


JLD018_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་དག་གིས་ཕྱོགས་འཛིན་དོར་ཏེ་ཚུལ་བཞིན་བརྟགས་ན་རིགས་པ་དང་མི་རིགས་པ་དག་གི་རྣམ་པར་དབྱེ་བ་ཁོང་དུ་ཆུད་པར་འགྱུར་རོ། །འདིར་སྨྲས་པ། ཡང་དག་ལྟ་བ་འོད་སྟོང་ལྡན་པ་ནུབ། །གནས་ལུགས་འདོམས་པའི་མཁས་རྣམས་ཕལ་ཆེར་གཤེགས། །ལོག་པའི་ལམ་སྟོན་རྨོངས་པ་ཀུན་གྱིས་བཀུར། །ཀྱེ་མའོ་ཐུབ་བསྟན་སུ་ཡིས་གནས་པར་ནུས། །ཡིན་ཚུལ་བཤད་ན་མཁས་འདོད་ཅན་དུ་མཐོང༌། །ལོག་པར་བསྟན་ན་ལྟ་ངན་ཕྱི་ཕྱིར་འཕེལ། །མི་སྨྲའི་བརྟུལ་ཤུགས་བཟུང་ན་དོན་མི་འགྲུབ། །ཀྱེ་མའོ་ཐུབ་བསྟན་ཅི་ལྟར་གཟུང་བར་བྱ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཉོན་མོངས་གསུམ་དང་སྐྱེ་བ་གཉིས། །རིམ་བཞིན་ངེས་སྤང་ངེས་པར་ལེན། །བཞི་པ་སྤངས་དང་སྐྱེ་བ་ནི། །གསུམ་པ་བླངས་དང་མ་བླངས་འདྲ། །སྤང་བྱ་ལྔ་པ་སྐྱེ་བ་བཞི། །ངེས་པར་མ་སྤངས་མ་བླངས་པ། །རིགས་ནས་རིགས་སྐྱེའི་ཁྱད་ཆོས་སུ། །མཁས་པ་རྣམས་ཀྱིས་རྟོགས་པར་བྱ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གྱི་རྣམ་པར་བཞག་པ་བཤད་ཟིན་ཏོ། ། ༈ ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་གང་ཞེ་ན། འདི་དང་ཕྱིར་མི་འོང་གི་ཞུགས་གནས་བཞི་ཀ་ལ་འབྲས་བུ་ཐོས་རྒལ་བ་དང་འབྲས་བུ་རིམ་གྱིས་པ་གཉིས་ཡོད་པ་ལས་རེ་ཞིག་འབྲས་བུ་རིམ་གྱིས་པ་ཉིད་བཤད་པར་བྱའོ། །དེས་ན་བཅུ་དྲུག་པ་ཐོབ་ཅིང་འདོད་ཉོན་དྲུག་པ་མ་སྤངས་ལ་དང་པོ་ནས་དྲུག་པའི་བར་གང་ཡང་རུང་བ་སྤོང་བ་ལ་བརྩོན་པའི་གང་ཟག་དེ་དག་ནི་ཕྱིར་འོང་གི་འབྲས་བུ་ལ་


JLD018_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་ཞེས་བྱ་སྟེ། འདི་ནི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དང་རྫས་གཅིག་པའོ། །དེ་ལྟར་ཡང་འགྲེལ་པར་ཞུགས་པ་ལྷག་མ་རྣམས་ནི་འབྲས་བུ་ལ་གནས་པ་གསུམ་ལས་ཐ་མི་དད་པའི་ཕྱིར་རོ། །ཞེས་མཐར་གྱིས་པའི་སྐབས་སུ་ཞུགས་པ་དང་པོ་མ་གཏོགས་པ་ཞུགས་པ་ཕྱི་མ་གསུམ་རིམ་པ་བཞིན་དུ་རྒྱུན་དུ་ཞུགས་པ་དང་ཕྱིར་འོང་དང་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་དུ་གསུངས་པའི་ཕྱིར་རོ། །སློབ་དཔོན་ཐོགས་མེད་ནི་ཕྱིར་འོང་ཞུགས་པ་ལ་འདོད་ཉོན་ལྔ་པ་སྤངས་ནས་དྲུག་པ་སྤོང་བའི་སྦྱོར་བ་ལ་བརྩོན་པ་ཞིག་བཞེད་པར་མངོན་ཏེ། ཀུན་ལས་བཏུས་སུ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་གང་ཞེ་ན། གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་ལྔ་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ། ཞེས་གསུངས་སོ། །དེ་ལྟར་བཞེད་པའང་ཕྱིར་འོང་གི་ཞུགས་པ་ནི་ཕྱིར་འོང་གི་ཉེ་བའི་སྦྱོར་བ་ལ་ཞུགས་པ་ལ་བྱའི་ཕྱིར་འོང་གི་རྒྱུ་ཙམ་ལ་ཞུགས་པ་ཡང་ཡིན་ན་ཧ་ཅང་ཐལ་བར་འགྱུར་ལ་དེའི་ཕྱིར་གང་སྤངས་པ་ཙམ་གྱིས་ཕྱིར་འོང་གི་འབྲས་བུ་ཐོབ་པའི་སྤང་བྱ་དེ་ཉིད་སྤོང་བ་ལ་བརྩོན་པ་ནས་ཞུགས་པར་བཞག་རིགས་ལ་དེ་ཡང་ལྔ་པ་མན་ཆད་སྤོང་བ་ལ་མེད་པའི་ཕྱིར་རོ། །མངོན་པ་བ་འགའ་ཞིག་ལྔ་པ་སྤངས་པ་ཞེས་འབྱུང་བ་ཐ་མའི་མཚམས་བཟུང་བ་ཡིན་ཞེས་འཆད་པ་ཡང་ཡོད་མོད་ཀྱི་འོན་ཀྱང་འདི་དང་ཕྱིར་མི་འོང་ཞུགས་པ་གཉིས་ཆར་ལ་ལྔ་པ་སྤངས་པ་དང་བརྒྱད་པ་སྤངས་པ་ངེས་པར་སྨོས་པའི་ཕྱིར་བཤད་པ་སྔ་མ་ཉིད་དགོངས་པ་ཡིན་པར་འཐད་པར་རྟོགས་སོ། །དྲུག་པའི་བར་སྤོང་བརྩོན་པ་དང༌། །ངེས་པར་དྲུག་པ་སྤོང་བརྩོན་པ། །ཕྱིར་འོང་ཞུགས་


JLD018_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་པ་ནི། །གོང་འོག་གཉིས་ཀྱི་ལུགས་སུ་བཤད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཕྱིར་འོང་ཞུགས་པ་བཤད་ཟིན་ཏོ། ༈ ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་གང་ཞེ་ན། བཅུ་དྲུག་པ་ཐོབ་ལ་འདོད་ཉོན་དྲུག་པ་སྤངས་ཤིང་དགུ་པ་མ་སྤངས་པའི་ཐེག་དམན་ནོ། །དེ་ལ་ཡང་འབྲས་བུ་ཙམ་ལ་གནས་པ་དང༌འབྲས་བུ་ཁྱད་པར་ཅན་ལ་གནས་པ་གཉིས་སུ་འགྱུར་རོ། །དེ་ལ་ཕྱིར་འོང་འབྲས་གནས་གང་འདོད་ཉོན་དྲུག་པ་ལས། གོང་མའི་ཉོན་མོངས་སྤོང་བ་ལ་མི་བརྩོན་པ་དེ་ནི་འབྲས་བུ་ཙམ་ལ་གནས་པ་སྟེ། ཇི་སྐད་དུ་མཛོད་ལས། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །ཞེས་གང་གསུངས་པའོ། །ཕྱིར་འོང་འབྲས་གནས་གང་བདུན་པ་ནས་དགུ་པའི་བར་སྤོང་བ་ལ་བརྩོན་པ་ནི་འབྲས་བུ་ཁྱད་པར་ཅན་ལ་གནས་པ་སྟེ། ཕྱིར་མི་འོང་ཞུགས་པ་དང་གནད་གཅིག་གོ། ཕྱིར་འོང་འབྲས་གནས་ཁྱད་པར་ཅན་བར་ཆད་གཅིག་པ་ཞེས་འབྱུང་བ་དེ་ཇི་ལྟ་བུ་ཞེ་ན་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་གང་འདོད་ཉོན་བདུན་ནམ་བརྒྱད་སྤངས་པས་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་ཉོན་མོངས་གཅིག་གིས་བར་དུ་ཆོད་ལ་མྱང་འདས་འཐོབ་པ་ལ་ཚེ་གཅིག་གིས་བར་དུ་ཆོད་པ་གང་ཡིན་པ་སྟེ། ཇི་སྐད་དུ་མཛོད་ལས། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང༌། །གསུམ་པ་ལ་ནི་ཞུགས་པའང་ཡིན། །ཞེས་པས་སོ། །དེ་ལ་ཉོན་མོངས་བརྒྱད་ཟད་ན་ཚེ་གཅིག་པ་དང་བར་ཆད་གཅིག་པ་གཉིས་ཆར་ཡིན་ལ། བདུན་ཟད་ན་ཚེ་གཅིག་པ་ཡིན་ཀྱང་བར་ཆད་གཉིས་པ་ཡིན་ཞེས་


JLD018_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་འདོད་ལ་ཁ་ཅིག་ནི་བདུན་ཟད་པ་ཡང་བར་ཆད་གཅིག་པ་ཡིན་ཏེ་བར་ཆད་ནི་ཕྱིར་མི་འོང་གི་འབྲས་བུ་ལ་གེགས་བྱེད་པའི་གཙོ་བོ་ཡིན་ལ་དེ་ཡང་དགུ་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་ཀྱང་འཆད་དོ། །བར་ཆད་གཅིག་པ་འདི་ནི་བདུན་པ་ མངོན་པ་བ་དང་བརྒྱད་བདག་གི་བླ་མ་ པ་སྤངས་པའི་ཚེ་དེ་ལ་དགུ་པ་སྤངས་ནས་ཕྱིར་མི་འོང་དུ་འགྱུར་བ་མ་ཡིན་གྱི་ཚེ་འཕོས་ནས་དགུ་པ་སྤངས་ཕྱིར་མི་འོང་མངོན་དུ་བྱས་ཏེ་རྟེན་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པས་ན་ཕྱིར་མི་འོང་ལ་ཉོན་མོངས་པ་གཅིག་གིས་བར་ཆོད་མྱང་འདས་ལ་ཚེ་གཅིག་གིས་ཆོད་པ་ཞེས་བྱའོ། །ཉོན་མོངས་དགུ་པས་ཕྱིར་མི་འོང་ཚེ་དེ་ལ་འཐོབ་པ་ལ་བར་ཆད་མི་ནུས་ཏེ། དཔེར་ན་རིགས་སྐྱེས་ལྔ་པ་སྤངས་ན་དྲུག་པ་ཡང་གདོན་མི་ཟ་བར་སྤོང་བ་བཞིན་ཞེ་ན་མ་ཡིན་ཏེ་ཁམས་ལས་འདའ་མི་འདའི་ཁྱད་པར་སྔར་བཤད་པའི་ཕྱིར་རོ། །དེ་ལྟར་ཡང༌། ཇི་སྐད་དུ་མཛོད་འགྲེལ་ལས། ཇི་ལྟར་ན་འདི་ནི་རྣམ་པ་གཅིག་གིས་འབྲས་བུ་ལ་གེགས་བྱེད་པར་ནུས་ཤེ་ན། ཁམས་ལས་མི་འདའ་བའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེ་ལྟར་ན་བར་ཆད་གཅིག་པ་མཛོད་འགྲེལ་གྱི་འགྲེལ་བཤད་དུ་འགྲོ་བ་གང་དུ་སྐྱེ་མི་འབྱུང་ལ། ཀུན་ལས་བཏུས་སུ། བར་ཆད་གཅིག་པ་གང་ཞེ་ན། ལན་ཅིག་ཕྱིར་འོང་བ་ལྷ་རྣམས་ཀྱི་ནང་ཉིད་དུ་གང་སྡུག་བསྔལ་གྱི་ཐ་མ་འཐོབ་པའོ། །ཞེས་འབྱུང་བས།འདོད་ལྷའི་རྟེན་ལ་མྱང་འདས་ཐོབ་པར་གསལ་ལོ། །ཇི་སྐད་དུ། མཛོད་ལས། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །ཞེས་འབྲས་བུ་ཙམ་ལ་གནས་པའི་ཐད་དུ་འགྲེལ་པར་ལྷ་དག་གི་ནང་དུ་སོང་ནས་མིའི་འཇིག་རྟེན་དུ་ལན་ཅིག་ཕྱིར་འོང་བ་སྟེ་དེ་ཕན་ཆད་སྐྱེ་བ་མེད་པའི་


JLD018_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེས་གསུངས་པ་ནི་ཕྱིར་འོང་འབྲས་གནས་ཙམ་པོ་དེས་སྐྱེ་བ་གཉིས་ལེན་པའི་ཤེས་བྱེད་དུ་མི་སྣང་བས་ཕྱིར་འོང་འབྲས་གནས་ཙམ་པོ་ལ་སྐྱེ་བའི་ཁྱད་པར་མ་སྨོས་སོ། །འོ་ན་ཅི་ཞེ་ན། ལྷ་དང་མི་གཉིས་ཀར་སྐྱེ་བའི་ཕྱིར་འོང་ཡོད་ཀྱང་དེ་ལན་ཅིག་ཕྱིར་འོང་མ་ཡིན་པར་མི་འགྱུར་ཏེ། འགྲོ་བ་གཅིག་ཏུ་ལན་ཅིག་ལས་མི་འོང་བའི་ཕྱིར་སྙམ་དུ་བསམ་པའོ། །ཁ་ཅིག་ཕྱིར་འོང་ཡིན་ན་འདོད་པར་ལན་ཅིག་འོང་བས་ཁྱབ་ཅེས་པ་ནི་རང་གི་མཚན་ཉིད་སྟོན་པར་བྱེད་པ་སྟེ། དེ་ལྟ་ན་ཕྱིར་འོང་གི་རྟེན་ལ་ཕྱིར་མི་འོང་ཐོབ་པ་མི་སྲིད་པ་ཉིད་དུ་འགྱུར་རོ། །ཕྱིར་འོང་བར་ཆད་གཅིག་པ་དེ། །ཉོན་མོངས་བདུན་ནམ་བརྒྱད་སྤངས་ཤིང༌། །ཚེ་འཕོས་འདོད་ལྷའི་རྟེན་དག་ལ། །མྱང་འདས་མངོན་དུ་བྱེད་པར་བསྟན། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པའི་རྣམ་པར་བཞག་པ་བཤད་ཟིན་ཏོ།། ༈ ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་གང་ཞེ་ན། སྔར་བཤད་པའི་ཕྱིར་འོང་འབྲས་གནས་དེ་ཉིད་བདུན་པ་ནས་དགུ་པའི་བར་སྤོང་པའི་སྦྱོར་བ་ཅན་ནོ། །དེ་ལྟར་ཡང་མཛོད་ལས། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང༌། །གསུམ་པ་ལ་ནི་ཞུགས་པའང་ཡིན། །ཞེས་གང་གསུངས་པའོ། ། ༈ ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་གང་ཞེ་ན། བཅུ་དྲུག་པའི་རྟོགས་པ་ཐོབ་ཅིང་འདོད་པའི་བསྒོམ་སྤངས་དགུ་པ་སྤངས་པའི་ཐེག་དམན་སློབ་པའོ། །འདི་ཡང་ཁམས་གོང་མའི་ཉོན་མོངས་སྤོང་བའི་སྦྱོར་བ་ལ་མི་གནས་པ་ན་འབྲས་བུ་ཙམ་ལ་གནས་པ་ཡིན་ལ་


JLD018_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་སྲིད་རྩེའི་དགུ་པའི་བར་སྤོང་བའི་སྦྱོར་བ་ལ་གནས་པའི་ཚེ་འབྲས་བུ་ཁྱད་པར་ཅན་ལ་གནས་པ་དང༌དགྲ་བཅོམ་ཞུགས་པ་གཞི་གཅིག་པ་ཅན་ཡིན་ནོ། །གཞན་ཡང་འདི་ལ་གཟུགས་སུ་ཉེ་བར་འགྲོ་བ་དང༌གཟུགས་མེད་དུ་ཉེ་བར་འགྲོ་བ་མཐོང་ཆོས་ཞི་དང༌ལུས་མངོན་བྱེད་དེ་རྣམ་པ་བཞིར་ཡང་འགྱུར་རོ། །འདི་དག་འབྲས་བུ་ཁྱད་པར་ཅན་ལ་འབྱེད་པར་འདོད་པ་ནི་ཡོད་མོད་འོན་ཀྱང་འདི་དག་ངེས་པར་བསྒོམ་སྤང་ལྷག་མ་སྤོང་བའི་སྦྱོར་བ་ཅན་ཡིན་པ་ལ་ཤེས་པར་བྱེད་པ་མི་སྣང་ངོ༌། །གཟུགས་སུ་ཉེ་བར་འགྲོ་བ་གང་ཞེ་ན། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་གཟུགས་ཁམས་སུ་ངེས་པར་སྐྱེ་བ་བླངས་ནས་མྱང་འདས་འཐོབ་པའོ། །དེ་ཡང་གཟུགས་ཁམས་ཀྱི་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་མི་དགོས་ཏེ་བར་དོར་འདའ་བ་ལ་ཐལ་ཆེས་པར་འགྱུར་བའི་ཕྱིར་རོ། །གཟུགས་ཁམས་ཀྱི་རྟེན་ལ་འདའ་བ་ཡང་མི་དགོས་ཏེ་སྲིད་རྩེའི་མཐར་ཐུག་འགྲོ་ལ་ཐལ་བར་འགྱུར་བའི་ཕྱིར་རོ། །བོད་ཁ་ཅིག་གང་དག་གཟུགས་ཁམས་ཀྱི་སྐྱེ་སྲིད་དང་བར་སྲིད་དུ་ཉིང་མཚམས་སྦྱར་ཟིན་པ་རྣམས་ཀྱང་གཟུགས་ཀྱི་ཉེར་འགྲོ་བ་འདོད་པ་ནི་བསྟན་བཅོས་ཀྱི་དགོངས་པ་ཕྲ་མོ་རང་གི་བློ་གྲོས་ཀྱི་འཇུག་པ་རྩིང་པོས་མ་ཕྱེད་པ་ཡིན་ནོ། །དེ་ཡང་སྐབས་ཇི་ལྟ་བ་བཞིན་དུ་བཤད་པར་བྱའོ། །གཟུགས་སུ་ཉེ་བར་འགྲོ་བ་དེ་ལ་ཡང་བར་དོར་འདའ་བ་དང༌། སྐྱེས་ནས་འདའ་བ་དང༌གོང་དུ་འཕོ་བ་སྟེ་གསུམ་དུ་འགྱུར་རོ། །བར་མ་དོར་འདའ་བ་གང་ཞེ་ན་གཟུགས་སུ་ཉེ་བར་འགྲོ་བ་གང་གཟུགས་ཁམས་ཀྱི་ཚངས་ཆེན་གྱི་བར་དོ་མ་གཏོགས་པ་བར་དོ་བཅུ་དྲུག་གང་རུང་དུ་ཉིང་


JLD018_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱོར་བའི་རྟེན་དེ་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པའོ། །དེ་ལ་ཡང་མྱུར་བ་དང༌མྱུར་བ་མ་ཡིན་པ་དང༌ཡུན་རིང་མོ་ཞིག་ནས་འདའ་བ་རྣམ་པ་གསུམ་མོ། །དེ་དག་ཀྱང་རིམ་པ་བཞིན་དུ་བར་དེར་སྐྱེས་མ་ཐག་དང༌། ཚེ་དཀྱིལ་དང༌ཚེ་གཞུག་ལ་འདའ་བ་གསུམ་ཡིན་ཏེ། ཇི་སྐད་དུ་མཛོད་འགྲེལ་ལས། རེ་ཞིག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་དཔེ་གསུམ་གྱིས་མྱུར་བ་དང༌། མྱུར་བ་མ་ཡིན་པ་དང༌། ཡུན་རིང་མོ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །ཞེས་གང་གསུངས་པའོ། །དཔེ་གསུམ་ཡང་གང་ཞེ་ན། ཞོགས་མའི་མེ་སྟག་གྲུབ་མ་ཐག་འཆི་བ་དང༌། ལྕགས་མགར་གྱི་ཐོ་བས་ལྕགས་བརྡུངས་བའི་མེ་སྟག་གནམ་དུ་ཡར་བ་ཕྱིར་ལྡོག་ཁར་འཆི་བ་དང༌། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བ་ཕྱིར་ལོག་ནས་ས་ལ་མ་ལྷུང་ཙམ་དུ་འཆི་བ་གསུམ་རིམ་པ་བཞིན་བར་དོར་འདའ་བ་གསུམ་གྱི་དཔེར་སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་པའི་མདོར་འབྱུང་ངོ༌། །སློབ་དཔོན་ཐོགས་མེད་ཀྱི་བཞེད་པས་བར་དོར་འདའ་བ་གསུམ་དུ་འཇོག་པའི་ཚུལ་ནི་དང་པོ་བར་དོ་གྲུབ་པ་དང་མཉམ་དུ་ལམ་མངོན་དུ་བྱས་ནས་སྤང་བྱ་ལྷག་མ་སྤངས་ཏེ་མྱང་འདས་ཐོབ་པ་དང༌། བར་སྲིད་གྲུབ་ཅིང་སྐྱེ་སྲིད་དུ་འགྲོ་བའི་འདོད་པ་མ་བྱུང་ཙམ་དང༌། བར་སྲིད་གྲུབ་ནས་སྐྱེ་གནས་སུ་བགྲོད་པར་འདོད་པ་ན་ལམ་མངོན་དུ་བྱས་ནས་ཏེ་མྱང་འདས་ཐོབ་པར་བྱེད་ལ་དེ་དག་གཟུགས་ཁམས་ཀྱི་ལྷ་གནས་སུ་དངོས་སུ་སྐྱེ་བའི་ཉོན་མོངས་སྤངས་ཀྱང་བར་སྲིད་འགྲུབ་པའི་ཉོན་མོངས་མ་སྤངས་པས་བར་དོར་སྐྱེ་བར་བཞེས་དེ། ཀུན་ལས་བཏུས་སུ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་


JLD018_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་ཏེ། བར་མ་དོའི་སྲིད་པ་མངོན་པར་འགྲུབ་པ་ན་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་འཐོབ་པ་དང༌། བར་མ་དོའི་སྲིད་པ་མངོན་པར་གྲུབ་པ་སྐྱེ་བའི་སྲིད་པར་འགྲོ་བར་མི་སེམས་པ་ཉིད་ན་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་འཐོབ་པ་དང༌། མངོན་པར་བསམས་ནས་སྐྱེ་བའི་སྲིད་པ་ལ་མངོན་པར་འཇུག་སྟེ། སྐྱེ་བའི་སྲིད་པ་ནི་མ་ཐོབ་པ་ན་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་འཐོབ་པའོ། །ཞེས་གང་གསུངས་པའོ། །སྐྱེས་ནས་འདའ་བར་གང་ཞེ་ན། གཟུགས་སུ་ཉེ་བར་འགྲོ་བ་གང་གཟུགས་ཁམས་ཀྱི་ལྷ་གནས་བཅུ་དྲུག་གང་ཡང་རུང་བར་དང་པོར་སྐྱེས་པའི་རྟེན་དེ་ཉིད་ལ་མྱ་ངན་ལས་འདའ་བའོ། །འདི་ལ་ཡང་སྐྱེས་པ་ཙམ་ནས་འདའ་བ་དང༌། མངོན་པར་འདུ་བྱེད་པ་མེད་པར་དང༌། མངོན་པར་འདུ་བྱེད་པ་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་དུ་འགྱུར་ལ་དེ་དག་གི་ཁྱད་པར་ཡང་རིམ་པ་ལྟར་འགྲེལ་བཤད་དུ། དེ་ལྟར་མངོན་པར་བརྩོན་པ་ལ་སོགས་པ་ཐ་དད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བའི་ཁྱད་པར་བཤད་པ་ཡིན་ཏེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་ནི་མངོན་པར་བརྩོན་པ་དང༌། ལམ་ངང་གིས་འབྱུང་བ་གཉིས་ཀ་ཡོད་དོ། །མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་ནི་མངོན་པར་བརྩོན་པ་ཡོད་ཀྱི་འདི་ལ་ལམ་ངང་གིས་འབྱུང་བ་ནི་མེད་དོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ལ་ནི་གཉིས་ཀ་ཡང་མེད་དེ་མངོན་པར་བརྩོན་པ་ཡང་མེད་ལ་ལམ་ངང་གིས་འབྱུང་བ་ཡང་མེད་དོ། །


JLD018_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དེ་གསུམ་གྱི་ཁྱད་པར་དང་གོ་རིམ་ཀྱང་བྱེད་བཅས་སྔོན་ལ་བསྟན་ནས་བྱེད་མེད་ཕྱིས་སྟོན་པ་ནི་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ཡིན་པས་སངས་རྒྱས་གཉིས་པས་ལུགས་དེ་བརྗོད་ནས་དེ་ལྟར་གྲག་གོ་ཞེས་མ་རངས་པ་མཛད་ནས། རང་གི་ལུགས་ནི་འགྲེལ་པར་མདོ་ལས་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྔར་འབྱུང་བས་དེ་ཁོ་ན་བཞིན་དུ་ལམ་ངང་གིས་འབྱུང་བ་དང༌། ངང་གིས་འབྱུང་བ་མ་ཡིན་པ་དག་ནི་འབད་པ་མེད་པ་དང༌། འབད་པས་འཐོབ་པའི་སྒོ་ནས་མངོན་པར་འདུ་བྱེད་པ་མེད་པ་དང༌། མངོན་པར་འདུ་བྱེད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ལམ་ཆེས་ངང་གིས་འབྱུང་བ་དང༌། ཆེས་ཆེ་བ་དང༌། ཕྲ་རྒྱས་ཆེས་ཆུང་བ་ཡིན་ནོ་ཞེས་བར་དོར་འདའ་བ་གསུམ་དང༌། སྐྱེས་ནས་འདའ་བ་གསུམ་དང༌གོང་དུ་འཕོ་བ་སྟེ་སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་པའི་མདོ་ལས། འདུ་བྱེད་མེད་པར་འདའ་བ་བྱེད་བཅས་ཀྱིས་འདའ་བའི་སྔོན་ལ་འབྱུང་བས་གོ་རིམ་ནི་མདོ་དེའི་ལུགས་ཁོ་ན་བཞིན་ཡིན་ལ་ཁྱད་པར་ཡང་འབད་པ་དྲག་པོ་ལ་མ་བལྟོས་པར་ལམ་ངང་གིས་འབྱུང་བ་བྱེད་མེད་དེ་ལས་བཟློག་པ་བྱེད་བཅས་སོ། །འོ་ན་བྱེད་མེད་དང་སྐྱེས་ཙམ་ནས་འདའ་བ་ལ་ཁྱད་པར་ཅི་སྙམ་ན། སྐྱེས་ཙམ་ནས་འདའ་བ་ལ་ནི་ལམ་ཆོས་ངང་གིས་འབྱུང་བ་དང༌། སྤང་བྱ་ཆེས་ཆུང་ལ་བྱེད་མེད་བྱེད་བཅས་རྣམས་དེ་ལྟ་མིན་པའི་ཕྱིར་རོ་ཞེས་པའོ། །དེ་ལྟར་དུ་ཀུན་ལས་བཏུས་སུ་ཡང་འབྱུང་སྟེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། གཉིས་ཀར་ཀུན་ཏུ་སྦྱོར་བ་མ་སྤངས་པ་གཟུགས་ཀྱི་ཁམས་སུ་


JLD018_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ཙམ་གྱིས་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་འཐོབ་པའོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། གང་སྐྱེས་ནས་མངོན་པར་འདུ་བྱེད་པ་མེད་པར་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་འཐོབ་པའོ། །མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། གང་སྐྱེས་ནས་མངོན་པར་འདུ་བྱེད་པས་ལམ་མངོན་དུ་བྱས་ཏེ། སྡུག་བསྔལ་གྱི་ཐ་མ་འཐོབ་པའོ། །ཞེས་གོ་རིམ་དང་དེ་གསུམ་གྱི་ཁྱད་པར་ཡང་སྐུ་མཆེད་དགོངས་པ་གཅིག་ཏུ་འདུག་གོ། དེས་ན་དེ་ཁོ་ན་ལྟར་རིགས་པ་ཡིན་ཏེ་བྱེད་མེད་དང་བྱེད་བཅས་ནི་གང་ཟག་དེ་དག་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ལ་མངོན་པར་འདུ་བྱེད་པ་ཆེན་པོ་ལ་མ་ལྟོས་པར་ལམ་རྒྱུད་ལ་འབྱུང་བ་ནི་མྱ་ངན་ལས་འདའ་བ་མྱུར་བར་བྱ་དགོས་པའི་ཕྱིར་རོ། །དེའི་ཕྱིར་གང་ཡང་མངོན་པར་རྟོགས་པའི་རྒྱན་དུ། བྱེད་དང་བྱེད་མིན་འོག་མིན་འགྲོ། ཞེས་གསུངས་པ་དེ་ནི་སྡེབ་སྦྱོར་གྱི་ངོར་མཛད་པ་ཙམ་དུ་ཁོངས་སུ་ཆུད་པར་བྱའོ། །འདིར་མངོན་པ་བ་ཁ་ཅིག་ན་རེ་སྡུག་ཀུན་དང་ལམ་བདེན་ལ་དམིགས་པའི་ལམ་གྱིས་མྱང་འདས་འཐོབ་པར་བྱེད་པ་ནི་འདུ་བྱེད་དང་བཅས་པས་འདའ་བ་ཡིན་ཏེ། རྒྱུ་རྐྱེན་གྱིས་འདུས་བྱས་ལ་དམིགས་པའི་ལམ་གྱིས་འདའ་བའི་ཕྱིར་རོ། །འགོག་བདེན་ལ་དམིགས་པའི་ལམ་གྱིས་འདའ་བ་ནི་འདུ་བྱེད་མེད་པས་འདའ་བ་ཡིན་ཏེ། རྒྱུ་རྐྱེན་གྱིས་འདུས་མ་བྱས་ལ་དམིགས་པའི་ལམ་གྱིས་འདའ་བའི་ཕྱིར་རོ། །ཞེས་པ་ནི་རིགས་པ་མ་ཡིན་ཏེ་དེ་ལྟར་ན་བར་དོར་འདའ་བ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། དེ་དག་ཀྱང་བདེན་པ་བཞི་ལ་དམིགས་པའི་ལམ་


JLD018_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འདའ་བའི་ཕྱིར་རོ། །དེ་སྐད་དུ། མཛོད་འགྲེལ་ལས། གཞན་དག་ན་རེ་འདུས་བྱས་དང་འདུས་མ་བྱས་ལ་དམིགས་པའི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ནི་མི་རུང་སྟེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་འབྱུང་བའི་ཕྱིར་རོ། །ཞེས་འབྱུང་ངོ་། །ཅི་འདི་དག་གི་མྱ་ངན་ལས་འདའ་བ་དེ་མྱང་འདས་རྣམ་པ་གཉིས་ལས་གང་ཞིག་ཡིན་ཞེ་ན། ཁ་ཅིག་ནི་སྐྱེས་ཙམ་ནས་འདའ་བ་ནི་ཕུང་པོ་ལྷག་མེད་ཀྱི་མྱ་ངན་ལས་འདའ་བ་ཡིན་ནོ་ཞེས་འདོད་དོ། །དེ་ནི་རིགས་པ་མ་ཡིན་ཏེ་སྐྱེས་ནས་འདའ་བ་འདི་ཚེ་མ་རྫོགས་པར་ནི་འཆི་བ་མ་ཡིན་ལ་སྐྱེས་ཙམ་ལས་མྱ་ངན་ལས་འདའ་བ་མངོན་དུ་བྱེད་པས་ན་སྐྱེས་ཙམ་ནས་འཆི་བ་ཡང་མ་ཡིན་པའི་ཕྱིར་རོ། །དེས་ན་ཚེ་མ་རྫོགས་པར་འཆི་ན་ཚེ་འདོར་བ་ལ་དབང་ཡོད་དགོས་ན་ཡོད་པ་ཡང་མ་ཡིན་ཏེ་ཚེ་འདོར་བ་ལ་དབང་བ་ནི་རབ་མཐའི་བསམ་གཏན་གྱི་མཐུས་ཡིན་ལ་དེ་ནི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཀྱི་རྟེན་ཁོ་ན་ལ་ཡོད་པའི་ཕྱིར་རོ། །དེ་བས་ན་སྐྱེས་ནས་འདའ་བ་ནི་ལྷག་བཅས་ཀྱི་མྱང་འདས་ཡིན་ལ་བར་དོར་འདའ་བ་ནི་ལྷག་མེད་ཡིན་ནོ། །འོ་ན་བར་དོར་འདའ་བ་ཡང་ཚེ་འདོར་བ་ལ་དབང་མེད་པ་མ་ཡིན་ནམ་ཞེ་ན་བདེན་ཏེ་འོན་ཀྱང་བར་དོར་འཆི་བ་ནི་ཚེ་མ་རྫོགས་པར་འཆི་བ་ཁོ་ན་ཡིན་ཏེ་བར་སྲིད་དང་། སྐྱེ་སྲིད་གཉིས་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་ཕྱིར་རོ། །དེས་ན་བར་དོར་འདའ་བ་ནི་ཉོན་མོངས་མ་ལུས་པར་སྤངས་མ་ཐག་ཏུ་ཚེའི་འདུ་བྱེད་གཏོང་པས་ལྷག་མེད་དུ་འདའ་ལ་སྐྱེ་གནས་སུ་ཉིང་མཚམས་སྦྱར་བ་རྣམས་ནི་ཉོན་མོངས་མ་ལུས་པར་སྤངས་པའི་ལྷག་


JLD018_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྔོན་ལ་ཐོབ་ནས་ནམ་དེ་ཚེའི་དུས་བྱས་པ་དང་ལྷག་མེད་དུ་འདའ་བ་ཡིན་ཏེ། ཅི་སྐད་དུ། མཛོད་འགྲེལ་ལས། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་པ་ཙམ་ལས་མི་འཆི་བར་ཕུང་པོ་ལྷག་མ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བའི་ཕྱིར་རོ། །གཞན་དག་ན་རེ་དེ་ཡང་ཕུང་པོ་ལྷག་མ་མེད་པས་སོ། །ཞེས་ཟེར་རོ། །མ་ཡིན་ཏེ་ཚེ་འདོར་བ་ལ་དབང་མེད་པའི་ཕྱིར་རོ། །ཞེས་གང་གསུངས་པའོ། །གོང་དུ་འཕོ་བ་གང་ཞེ་ན། གཟུགས་སུ་ཉེ་བར་འགྲོ་བ་གང་གཟུགས་ཁམས་སུ་དང་པོར་སྐྱེས་པའི་རྟེན་ལ་མྱང་འདས་མི་འཐོབ་པར་གོང་དུ་འཕོས་ཏེ་འདའ་བ་ཡིན་ཏེ་ཇི་སྐད་དུ། མཛོད་འགྲེལ་ལས། གོང་དུ་འགྲོ་བ་ནི་གང་དུ་སྐྱེས་པ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གོང་དུ་འགྲོ་བ་གང་ཡིན་པ་སྟེ་ཞེས་གང་གསུངས་པའོ། །གཟུགས་ཅན་གྱི་ཁམས་ན་གོང་དུ་འགྲོ་བ་མཐར་ཐུག་པ་ནི་འོག་མིན་ཡིན་ལ། གཟུགས་མེད་ཀྱི་བགྲོད་པ་མཐར་ཐུག་པ་ནི་སྲིད་རྩེ་ཡིན་པའི་ཕྱིར། གོང་འཕོ་ལ་ཡང་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང༌། སྲིད་རྩེའི་མཐར་ཐུག་པར་འགྲོ་བ་གཉིས་སོ། །འོག་མིན་གྱི་མཐར་ཐུག་པར་འགྲོ་བ་གང་ཞེ་ན། གོང་དུ་འཕོ་བ་གང་འོག་མིན་གྱི་རྟེན་ལ་མྱང་འདས་འཐོབ་པའི་རིགས་ཅན་ནོ། །དེ་ལ་ཡང་འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་ཞིང་འཕར་བ་རྣམ་པ་གསུམ་མོ། །འཕར་བ་གང་ཞེ་ན། འོག་མིན་གྱི་མཐར་ཐུགས་པར་འགྲོ་བ་གང་ཚངས་རིས་སུ་སྐྱེས་ནས་གནས་གཞན་བར་པ་ཐམས་ཅད་བོར་ནས་འོག་མིན་གྱི་རྟེན་ལ་འདར་རུང་བའི་རིགས་ཅན་ནོ། །


JLD018_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་དུ་འཕར་བ་གང་ཞེ་ན། འོག་མིན་གྱི་མཐར་ཐུག་པར་འགྲོ་བ་གང་ཚངས་རིས་སུ་སྐྱེས་དེ་ནས་ཤི་འཕོས་ཏེ་བར་བ་རྣམས་བོར་ནས་གནས་གཙང་མ་དང་པོ་གསུམ་གང་རུང་དུ་སྐྱེས་དེ་ནས་ཀྱང་བར་པ་རྣམས་དོར་ཏེ། འོག་མིན་དུ་འདའ་བའི་རིགས་ཅན་ནོ། །གནས་ཐམས་ཅད་དུ་འཕར་བ་གང་ཞེ་ན་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་གང་ཚངས་ཆེན་མ་གཏོགས་པ་གནས་གཞན་ཐམས་ཅད་དུ་བརྒྱུད་ནས་འོག་མིན་གྱི་རྟེན་ལ་འདའ་བའི་རིགས་ཅན་ནོ། །དེ་ལྟར་ཡང་ཇི་སྐད་དུ། མཛོད་འགྲེལ་ལས། དེ་ལ་འཕར་བ་ཞེས་བྱ་བ་ནི། འདིར་བསམ་གཏན་རྣམས་སྤེལ་ནས་བསམ་གཏན་དང་པོའི་རོ་མྱངས་ཏེ་བསམ་གཏན་གསུམ་ལས་ཡོངས་སུ་ཉམས་པ་ཚངས་རིས་པ་དག་གི་ནང་དུ་སྐྱེས་ནས་སྔོན་གོམས་པའི་དབང་གིས་བསམ་གཏན་བཞི་པ་སྤེལ་ཏེ་དེ་ནས་ཤི་འཕོས་ནས་འོག་མིན་པ་དག་གི་ནང་དུ་སྐྱེ་བ་གང་ཡིན་པ་སྟེ་དེ་ནི་བར་དུ་མི་འགྲོ་བས་ན་འཕར་བ་ཞེས་བྱའོ། །ཕྱེད་དུ་འཕར་བ་ཞེས་བྱ་བ་ནི་དེ་ནས་གནས་གཙང་མ་རྣམས་སུ་སྐྱེས་ལ་བར་ནས་གནས་གཞན་འགའ་ཙམ་ཡང་བརྒལ་ཏེ་འོག་མིན་དུ་འཇུག་པ་གང་ཡིན་པའོ། །འཕགས་པ་ནི་ཚངས་པ་ཆེན་པོ་དག་གི་ནང་དུ་མི་སྐྱེ་སྟེ། ལྟ་བའི་གནས་ཡིན་པའི་ཕྱིར་དང༌། གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་རོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི། གནས་གཞན་ཐམས་ཅད་དུ་འཕོ་ཞིང་འོག་མིན་དུ་འཇུག་པ་གང་ཡིན་པའོ། །ཞེས་གང་གསུངས་པ་ཡིན་ནོ། །འདིར་འཕར་བ་གསུམ་གྱིས་དང་པོར་འདོད་པའི་རྟེན་ལ་གནས་གཙང་མར་སྐྱེ་བའི་རྒྱུ་བསམ་གཏན་བཞི་པ་སྤེལ་མར་བསྒོམས་པ་ཡིན་ལ་དེ་ལས་མ་ཉམས་ན་འདི་ནས་ཤི་འཕོས་


JLD018_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གནས་གསང་མ་ཁོ་ནར་སྐྱེ་བ་ཡིན་ཡང་བསམ་གཏན་དང་པོའི་སྙོམས་འཇུག་ལ་སྲེད་པས་རོ་མྱངས་པའི་མཐུས། བསམ་གཏན་ཕྱི་མ་གསུམ་ལས་ཉམས་ཏེ། དེ་ནས་འདི་ནས་ཚེ་འཕོས་པ་དང་ཚངས་རིས་སུ་སྐྱེས་དེར་སྔོན་འདོད་པའི་རྟེན་ལ་སྤེལ་བསྒོམ་གོམས་པའི་མཐུས་བསམ་གཏན་བཞི་པ་སྤེལ་མར་བསྒོམས་ནས་གནས་གཙང་དུ་སྐྱེ་བར་བྱེད་པ་ནི་འཕར་བ་དང་པོ་གཉིས་ཡིན་ལ་འཕར་བ་གསུམ་པ་ནི་ཚངས་རིས་ནས་འབྲས་བུ་ཆེ་བའི་བར་འོག་མ་འོག་མའི་རྟེན་ལ་གོང་མ་གོང་མའི་སྙོམས་འཇུག་བསྐྱེད་ནས་ས་གོང་མ་རྣམས་སུ་སྐྱེ་ཞིང༌། འབྲས་བུ་ཆེ་བའི་རྟེན་ལ་སྤེལ་བསྒོམ་བསྐྱེད་ནས་གནས་གཙང་རྣམས་སུ་རིམ་གྱིས་སྐྱེ་བའོ། །འོ་ན་སྤེལ་མ་བསྒོམ་པ་ཞེས་བྱ་བ་དེ་རྟེན་ཇི་ལྟ་བུས་ཏིང་ངེ་འཛིན་གང་འདྲ་བ་གཅིག་བསྒོམ་པ་ཡིན་ཞེ་ན། རྟེན་ནི་ཕྱིར་མི་འོང་དང༌། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་བསྒོམ་སྟེ། བསམ་གཏན་ཟག་མེད་དང་སྤེལ་དགོས་པས་འཕགས་པས་བསྒོམ་དགོས་ལ་རྒྱུན་ཞུགས་དང་ཕྱིར་འོང་རྣམས་ཀྱིས་བསྒོམ་མི་ནུས་ཏེ། དེ་དག་གིས་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ཕྱིར་རོ། །དེ་ཡང་དང་པོར་འདོད་པའི་རྟེན་ལ་བསྒོམ་ཞིང་ཕྱིས་ནི་གཟུགས་ཁམས་ཀྱི་རྟེན་ལ་བསྒོམས་ཏེ། ཇི་སྐད་དུ། མཛོད་འགྲེལ་ལས། དང་པོར་འདོད་པའི་ཁམས་སུ་གླིང་གསུམ་དག་ཏུ་སྤེལ་བར་བྱེད་ལ་ཕྱིས་ནི་ཡོངས་སུ་ཉམས་པས་གཟུགས་ཀྱི་ཁམས་སུ་སྤེལ་བར་བྱེད་དོ་ཞེས་སོ། །དང་པོར་གང་སྤེལ་ན་བསམ་གཏན་བཞི་པ་ཁོ་ན་སྤེལ་ཏེ་བསམ་གཏན་དེ་ནི་ཞི་ལྷག་ཆ་མཉམ་པས་ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ནང་


JLD018_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལས་སུ་རུང་ཤོས་ཡིན་པའི་ཕྱིར་རོ། །ཕྱིས་ནི་བསམ་གཏན་གཞན་རྣམས་དང་ཡང་སྤེལ་བར་བྱེད་དེ། ཇི་སྐད་དུ། མཛོད་འགྲེལ་ལས། དེ་ལྟར་བསམ་གཏན་བཞི་པ་སྤེལ་ནས་དེའི་སྟོབས་ཀྱིས་གཞན་དག་ཀྱང་སྤེལ་བར་བྱེད་དེ་ཞེས་དང༌། མཛོད་ལས། དང་པོར་བཞི་པ་སྤེལ་བར་བྱེད་ཅེས་སོ། །ཇི་ལྟར་བྱས་པས་སྤེལ་བར་བྱེད་ཅེ་ན་འདི་ལ་སྤེལ་བའི་སྦྱོར་བ་དང༌། གྲུབ་པའི་དུས་གཉིས་སུ་འགྱུར་རོ། །དེ་ལ་སྦྱོར་བ་ནི་ཇི་སྐད་དུ། མཛོད་འགྲེལ་དུ་འདི་ལྟར་སྤེལ་བར་བྱེད་དེ་དགྲ་བཅོམ་པའམ་ཕྱིར་མི་འོང་བ་ཡང་རུང་ཟག་པ་མེད་པའི་བསམ་གཏན་བཞི་པ་རྒྱུན་དང་ལྡན་པ་ལ་སྙོམས་པར་འཇུག་ཅིང་དེ་ལས་ལངས་ནས་དེ་ཉིད་ཟག་པ་དང་བཅས་པ་རྒྱུན་དང་ལྡན་པ་ལ་སྙོམས་པར་འཇུག་ལ། ཡང་ཟག་པ་མེད་པ་ལ་སྙོམས་པར་འཇིག་སྟེ་དེ་བཞིན་དུ་རྒྱུན་ཕྲི་ནས་གང་གིས་ཚེ་སྐད་ཅིག་མ་གཉིས་ཀྱི་ཟག་པ་མེད་པ་ལ་སྙོམས་པར་འཇུག་ཅིང་སྐད་ཅིག་མ་གཉིས་ཟག་པ་དང་བཅས་པ་ལ་སྙོམས་པར་འཇུག་གོ། ཞེས་གྲགས་ཏེ་འདི་ནི་སྤེལ་བའི་སྦྱོར་བ་ཡིན་ལོ་ཞེས་གསུངས་པའོ། །གྲུབ་པའི་དུས་ཀྱང་ཇི་སྐད་དུ། མཛོད་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། གང་གི་ཚེ་ཟག་པ་མེད་པའི་སྐད་ཅིག་མའི་མཇུག་ཐོགས་སུ་ཟག་པ་དང་བཅས་པ་མངོན་སུམ་དུ་བྱེད་ཅིང་ཟག་པ་དང་བཅས་པའི་མཇུག་ཐོགས་སུ་ཡང་ཟག་པ་མེད་པ་མངོན་སུམ་དུ་བྱེད་ལ་དེ་ལྟར་ན་ཟག་པ་དང་བཅས་པའི་སྐད་ཅིག་མ་དང་ཟག་པ་མེད་པ་དག་ཏུ་བསྲེས་པས་སྤེལ་བ་གྲུབ་པ་ཡིན་ཏེ་ཞེས་གསུངས་སོ། །དེ་ལྟར་ན་ལུགས་དེ་ནི་


JLD018_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་པས་གྲག་དང་ལོ་ཞེས་མ་རངས་པ་མཛད་ནས་སློབ་དཔོན་རང་གི་ལུགས་ནི་ཇི་སྐད་དུ། མཛོད་འགྲེལ་ལས། སངས་རྒྱས་མ་གཏོགས་པས་སྐད་ཅིག་མ་སྤེལ་བར་མི་ནུས་ཏེ་དེའི་ཕྱིར་རྒྱུན་ཆགས་གསུམ་ལ་ཅི་སྲིད་འདོད་པར་སྙོམས་པར་འཇུག་པའི་སྒོ་ནས་རྫོགས་པ་ཡིན་ནོ་ཞེས་བྱ་བར་ལྟའོ་ཞེས་གྲུབ་པའི་ཚད་ཀྱང་རྒྱུན་ལྡན་གསུམ་ལ་འཇུག་པ་ཡིན་ཞེས་གསུངས་པ་ཉིད་འཐད་ཕྱོགས་སུ་གཟུང་ངོ༌། །ཅིའི་ཕྱིར་སྤེལ་མ་བསྒོམ་ཞེ་ན། ཕྱིར་མི་འོང་དབང་རྣོན་རྣམས་ནི་གནས་གཙང་མར་སྐྱེ་བའི་ཆེད་དང༌། མཐོང་ཆོས་ལ་བདེ་བར་གནས་པའི་ཆེད་དུ་བསྒོམ་མོ། །ཕྱིར་མི་འོང་དབང་རྟུལ་རྣམས་ནི་དགོས་པ་གོང་མར་སྐྱེ་བ་དང་ཉོན་མོངས་ཐག་བསྲིངས་པའི་སྒོ་ནས་མི་ཉམས་པར་བྱ་བའི་ཕྱིར་རོ། །དགྲ་བཅོམ་པ་དབང་པོ་རྣོ་རྟུལ་རྣམས་ནི་རིམ་པ་ལྟར་མཐོང་ཆོས་ལ་བདེ་བར་གནས་པའི་ཆེད་དང༌། ཉོན་མོངས་པས་འཇིགས་ནས་ཉམས་པ་སྤངས་པའི་ཆེད་དུ་བསྒོམ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་ཀྱང་དགྲ་བཅོམ་པའི་རྣམ་གྲོལ་མི་གཡོ་བས་ཉམས་མི་སྲིད་དེ་དེའི་ཆེད་དུ་བསྒོམ་མི་དགོས་སོ། །དེ་ལྟར་ཡང་མཛོད་ལས། སྐྱེས་དང་གནས་པར་བྱ་ཕྱིར་དང༌། །ཉོན་མོངས་པས་ནི་འཇིགས་ཕྱིར་ཡང༌། །ཞེས་སོ། །དེ་ལྟར་ན་འབྲས་བུ་གནས་གཙང་མའི་སྐྱེ་བ་ལྔར་ངེས་ཏེ། དེའི་རྒྱུ་སྤེལ་མར་བསྒོམ་པ་ལྔར་ངེས་པའི་ཕྱིར་ཏེ། མཛོད་ལས། དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །ཞེས་གང་གསུངས་པའོ། །སྤེལ་མར་བསྒོམ་པ་ལྔ་གང་ཞེ་ན། ཇི་སྐད་དུ། མཛོད་འགྲེལ་ལས་སྤེལ་མར་བསྒོམ་པ་དེ་ནི་ཆུང་ངུ་དང༌། འབྲིང་དང༌།


JLD018_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང༌། ཤིན་ཏུ་ཆེ་བ་དང༌། ཆེས་ཤིན་ཏུ་ཆེ་བའི་བྱེ་བྲག་གིས་རྣམ་པ་ལྔ་ཡིན་ཏེ་ཞེས་པའོ། །ཆུང་ངུ་ལ་སོགས་པ་དེ་ལྔ་ལ་དུ་ཞིག་སྤེལ་ཞེ་ན། ཇི་སྐད་དུ། མཛོད་འགྲེལ་ལས། དང་པོ་ལ་ནི་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། སེམས་གསུམ་མངོན་དུ་བྱེད་དོ། །གཉིས་པ་ལ་ནི་དྲུག་གོ། གསུམ་པ་ལ་ནི་དགུའོ། །བཞི་པ་ལ་ནི་བཅུ་གཉིས་སོ། །ལྔ་པ་ལ་ནི་བཅོ་ལྔ་སྟེ་དེ་དག་གི་འབྲས་བུ་ནི་གྲངས་བཞིན་དུ་གནས་གཙང་མ་ལྔ་ཡིན་ལ་དེ་ཡང་ཟག་པ་དང་བཅས་པ་གང་ཡིན་པ་དེའི་དབང་གིས་དེ་དག་ཏུ་སྐྱེའོ། །ཞེས་གསུངས་པའོ། །དོན་འདི་ལ་གངས་ཅན་གྱི་ཆོས་མངོན་པ་བ་ཁ་ཅིག་གཉིས་པ་མན་ཆད་ལ་སྤེལ་བའི་ཚུལ་ནི་ཟག་མེད་གཉིས་ཟག་བཅས་གཉིས་ཡང་ཟག་མེད་གཉིས་བྱས་པས་དྲུག་སྤེལ། ཟག་མེད་གསུམ་ཟག་བཅས་གསུམ་ཡང་ཟག་མེད་གསུམ་བྱས་པས་དགུ་སྤེལ་སོགས་ རྣམ་ཐར་བསམས་བཟང་། སུ་འདོད་པ་ནི་བཞིན་གྱི་གཉེར་མ་ལྟར་འགྲིག་པ་ལྟར་སྣང་ཡང་བསྟན་བཅོས་མཛད་པ་པོའི་བཞེད་པ་མ་ཡིན་ཏེ། འདི་ལྟར་སློབ་དཔོན་གྱིས།གསུམ་སྤེལ་ལ་ཟག་མེད་གཅིག་ཟག་བཅས་གཅིག །ཟག་མེད་གཅིག་སྟེ་གསུམ་སྤེལ་ལུགས་བསྟན་ནས་འོག་མ་རྣམས་ལ་ཡང་སྤེལ་ལུགས་དེ་ཁོ་ན་སྦྱར་བར་དགོངས་ནས་གྲངས་ཙམ་སྨོས་ལ་འགྲེལ་བཤད་དུའང༌། གཉིས་པ་ལ་ནི་དྲུག་གོ་ཞེས་བྱ་བ་ནི་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ཞེས་བྱ་བ་གསུམ་དང་ཡང་ཟག་པ་མེད་པ་དང༌།


JLD018_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ཞེས་བྱ་བ་གསུམ་སྟེ་དྲུག་ཡིན་ནོ། །གསུམ་པ་ལ་ནི་དགུའོ་བཞི་པ་ལ་ནི་བཅུ་གཉིས་སོ་ལྔ་པ་ལ་ནི་བཅོ་ལྔ་སྟེ་ཞེས་བྱ་བ་ལ་ཡང་དེ་ཁོ་ན་བཞིན་དུ་སྦྱོར་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །སྤེལ་ལུགས་དེ་ལྟར་ཡིན་ན་གསུམ་སྤེལ་ནུས་པས་ལྷག་མ་ཐམས་ཅད་ཀྱང་སྤེལ་ནུས་པར་འགྱུར་ཏེ།དང་པོའི་སྤེལ་ལུགས་དེ་ལས་གཞན་མེད་པའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ། དཀྱུས་ཐོགས་རེ་ལ་གསུམ་སྤེལ་ནུས་ཀྱི་དྲུག་མ་ཡིན་པ་དང༌། དྲུག་སྤེལ་ནུས་ཀྱི་དགུ་སྤེལ་མི་ནུས་པ་ལྟ་བུའི་སྒོ་ནས་སྤེལ་བསྒོམ་རྣམས་སོ་སོར་འཇོག་པའི་ཕྱིར་ཏེ། ཇི་སྐད་དུ། རྒྱལ་པོ་སྲས་ཀྱིས། སེམས་གསུམ་ཞེས་བྱ་བ་ནི་གང་ཟག་དེ་ལ་ནུས་པ་དེ་ཙམ་ཞིག་ཡོད་པ་སྟེ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་བརྗོད་པར་བྱའོ། །ཞེས་འབྱུང་ངོ༌། །འོག་མིན་གྱི་མཐར་ཐུག་པར་འགྲོ་བ་བཤད་ཟིན་ཏེ།། ༈ སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་གང་ཞེ་ན། གོང་དུ་འཕོ་བ་གང་ཚངས་རིས་ནས་ཚངས་ཆེན་མ་གཏོགས་པ་འབྲས་བུ་ཆེ་བའི་བར་ཐམས་ཅད་དུ་བརྒྱུད་ཅིང་དེ་ནས་གཟུགས་མེད་བཞིར་རིམ་གྱིས་སོང་ནས་མཐར་སྲིད་རྩེའི་རྟེན་ལ་འདའ་བའི་རིགས་ཅན་ཏེ། འགྲེལ་པར་གོང་དུ་འཕོ་བ་བསམ་གཏན་མ་སྤེལ་བ་ནི་སྲིད་པའི་རྩེ་མོའི་མཐར་ཐུག་པ་ཡིན་ཏེ་དེ་ནི་སྙོམས་པར་འཇུག་པ་གཞན་རྣམས་རོ་མྱང་བར་བྱེད་ཅིང་གནས་གཞན་ཐམས་ཅད་དུ་སྐྱེ་ལ་གནས་གཙང་མ་རྣམས་སུ་མི་འཇུག་པ་ཁོ་ནར་གཟུགས་མེད་པར་སྐྱེ་བའི་རིམ་གྱིས་སྲིད་པའི་རྩེ་མོར་སོང་སྟེ་ཡོངས་སུ་མྱ་ངན་ལས་འདའོ་


JLD018_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའོ། །འཕར་བ་གསུམ་དང་འདི་བཞི་ངེས་པར་འོག་མིན་དང་སྲིད་རྩེར་འགྲོ་མི་དགོས་པ་ནི་གོང་དུ་ལན་བདུན་པའི་སྐབས་སུ་འགྲེལ་པའི་ལུང་དྲངས་པ་ལས་ཤེས་པར་བྱའོ། །འདི་ལ་ཁ་ཅིག་འཕར་གསུམ་ངེས་པར་འགྲོ་སྤྱིར་འོག་མིན་དུ་མཐར་ཐུག་འགྲོ་ལ་འོག་དུ་འགྲོ་བའི་ངེས་པ་མེད་ཅེས་པ་ནི་མི་འཐད་པར་རྟོགས་ཏེ། འཕར་གསུམ་འགྲོ་ལས་གཞན་པའི་འོག་མིན་འགྲོ་ནི་མཁས་པའི་གཞུང་ལུགས་གང་ལས་ཀྱང་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་མངོན་པ་མཛོད་དུ། འོག་མིན་དུ་འགྲོ་བ་ལ་འཕར་བ་གསུམ་གྱི་རྣམ་གཞག་མཛད་ལ། མངོན་པ་ཀུན་ལས་བཏུས་ལས་ནི། གོང་དུ་འཕོ་བ་གང་ཞེ་ན། གང་གཟུགས་ཀྱི་ཁམས་སུ་ས་ནས་སར་སྐྱེ་ཞིང་འོག་མིན་གྱི་བར་དུ་ཞུགས་ནས་དེར་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་ཐ་མ་འཐོབ་པའོ། །ལ་ལ་ནི་སྲིད་པའི་རྩེ་མོའི་བར་དུ་སོང་ནས་ལམ་མངོན་དུ་བྱས་ཏེ། སྡུག་བསྔལ་གྱི་ཐ་མ་འཐོབ་པའོ། །ཞེས་སྲིད་རྩེར་འགྲོ་དང་འོག་མིན་འགྲོ་ལ་ཡང་འཕར་བ་གསུམ་པ་ལས་འཕར་བ་དང་པོ་གཉིས་ཀྱི་རྣམ་གཞག་མ་མཛད་པར་སྣང་བའི་དགོངས་པ་ནི་བརྟག་དཀའ་བར་འདུག་སྟེ། འདི་ལྟར་ཤུགས་ཀྱིས་གོ་བས་མ་སྨོས་པ་ནི་མ་ཡིན་ཏེ། གཟུགས་ཀྱི་ས་ཐམས་ཅད་དུ་སྐྱེ་བ་བསྟན་པས་འཕར་བ་དང་པོ་གཉིས་གོ་བ་ལ་ནུས་པ་མེད་པའི་ཕྱིར་དང༌། བར་དོར་འདའ་བ་གསུམ་ལ་ཡང་གང་རུང་གཅིག་སྟོན་པར་ཐར་བའི་ཕྱིར་རོ། །ཆོས་མངོན་པའི་མདོ་ཁུངས་མ་རྣམས་ནས་འདི་དག་མ་གསུངས་ལ་བྱེ་བྲག་ཏུ་སྨྲ་བའི་རང་བཟོ་ཡིན་པའི་ཕྱིར་ཞེས་ཀྱང་སྨྲ་མི་ནུས་ཏེ། མངོན་པར་


JLD018_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་རྒྱན་དུ་ཡང་འཕར་བ་གསུམ་མི་གསུངས་པར་འགྱུར་བའི་ཡང་ཕྱིར་རོ། །མངོན་རྟོགས་རྒྱན་དུ་གསུངས་པ་དེ་གཞན་དྲང་པའི་ཆེད་ཡིན་པས་མི་མཚུངས་པ་ཡང་མ་ཡིན་ཏེ། དེ་ལྟར་ཡིན་ན་རྒྱན་དུ་དུས་གསུམ་རྫས་སུ་གྲུབ་པ་ལ་སོགས་པའི་རྣམ་གཞག་དང༌ལམ་རྒྱུད་ལ་བསྐྱེད་ཚུལ་གྱི་རྣམ་གཞག་རྣམས་ཀྱང་བྱེ་བྲག་ཏུ་སྨྲ་བ་དང་སྒོ་བསྟུན་པར་འགྱུར་བའི་ཕྱིར་རོ། །དེས་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་པའི་མདོ་ལས་གོང་དུ་འཕོ་བ་གཅིག་ཏུ་བགྲངས་པ་ནི། མཛོད་ལས། གོང་དུ་འཕོ་བ་མ་ཕྱེ་བར། །དམ་པའི་འགྲོ་བ་བདུན་དུ་འདོད། །ཅེས་འདོད་ལ། སློབ་དཔོན་ཐོགས་མེད་ནི་མདོ་དེ་ལས་གོང་འཕོ་ལ་འཕར་བ་རྣམས་ཀྱི་རྣམ་གཞག་མ་མཛད་པའི་རྗེས་སུ་འབྲང་བ་ཡིན་ནམ་སྙམ་སྟེ་འདི་ནི་ཤེས་ལྡན་དག་གིས་དཔྱད་དགོས་པ་ཞིག་གོ། དེ་ནི་འདི་དཔྱད་དེ་ཅི་གཟུགས་སུ་ཉེར་འགྲོ་ཐམས་ཅད་འདོད་པའི་རྟེན་ཅན་ནོ་ཞེས་ཁྱོད་ཀྱིས་སྨྲས་པ་མི་འཐད་དེ་བར་དོར་འདའ་བ་ལ་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་སུ་འབྱེད་པ་ནི། མཛོད་འགྲེལ་ལས། དེ་དག་ཉིད་སའི་བྱེ་བྲག་གིས་བཞིའོ། །ཞེས་དང༌གནས་གཞན་གྱི་བྱེ་བྲག་གིས་བཅུ་དྲུག་གོ། ཞེས་བསམ་གཏན་བཞིའི་བར་དོར་འདའ་བ་བཞི་དང༌། ཚངས་ཆེན་མ་གཏོགས་པའི་བར་དོར་འདའ་བ་བཅུ་དྲུག་གསུངས་པའི་ཕྱིར་རོ་ཞེ་ན་ཉེས་པ་མེད་དེ་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་བར་དོར་འདའ་བ་དེ་ལ་བསམ་གཏན་དང་པོའི་བར་དོར་འདའ་བ་ལ་སོགས་པ་བཞི་ཚངས་རིས་ལ་སོགས་པའི་བར་དོར་སྐྱེས་ནས་འདའ་བ་བཅུ་དྲུག་ཅེས་པའི་དོན་ཡིན་གྱི་གཟུགས་ཁམས་ཀྱི་བར་སྲིད་དུ་ཉིང་


JLD018_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱར་ཟིན་པ་རྣམས་དང་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་ཟིན་པ་རྣམས་ཉེར་འགྲོའི་བར་དོ་དང་སྐྱེས་ནས་འདའ་བ་དང་གོང་འཕོར་མི་འདོད་དོ། །དེ་ལྟ་མ་ཡིན་ན། མཛོད་ལས། གསུམ་ལ་རྣམ་གསུམ་ཕྱེ་ནས་ནི། །གཟུགས་སུ་ཉེ་བར་འགྲོ་བ་དགུར། །བཤད་དོ་དེ་དག་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག་ལས། །ཞེས་བར་དོར་འདའ་བ་གསུམ་མངོན་པར་འགྲུབ་པའི་ལས་ཅན་དང༌། སྐྱེས་ནས་འདའ་བ་གསུམ་སྐྱེས་ནས་མྱོང་འགྱུར་དང༌། འཕར་བ་གསུམ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་དུ་གསུངས་པ་རྣམས་མི་རིགས་པར་འགྱུར་ཏེ། བར་སྲིད་གྲུབ་ཟིན་པ་དེ་ད་གཟོད་བར་སྲིད་འགྲུབ་པ་མི་སྲིད་པའི་ཕྱིར་དང༌། གཟུགས་ཁམས་སུ་སྐྱེས་ཟིན་པའི་སྐྱེས་ནས་འདའ་བ་དེ་ཡང་སྲིད་ལེན་མི་སྲིད་པའི་ཕྱིར་དང༌། ཁམས་གོང་དུ་སྐྱེས་ཟིན་གྱི་འཕར་བ་དང་པོ་དེས་སྐྱེ་བ་གཉིས་ལེན་མི་སྲིད་པའི་ཕྱིར་རོ། །གཞན་ཡང་ཀུན་ལས་བཏུས་སུ། བར་དོར་འདའ་བ་དེ་སྐྱེ་སྲིད་འགྲུབ་པའི་ཀུན་སྦྱོར་ཟད་ཅིང་བར་སྲིད་འགྲུབ་པའི་ཀུན་སྦྱོར་མ་ཟད་པར་བསྟན་པ་དང༌། སྐྱེས་ནས་འདའ་བ་དེ་ཀུན་སྦྱོར་གཉིས་ཀ་མ་ཟད་པར་བསྟན་པ་ཡང་མི་འཐད་པར་འགྱུར་ཏེ། གཟུགས་ཀྱི་བར་སྲིད་དང་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་ཟིན་པའི་ཕྱིར་མི་འོང་རྣམས་ནི་རིམ་པ་ལྟར་ད་གཟོད་བར་སྲིད་འགྲུབ་པ་དང་སྐྱེ་སྲིད་འགྲུབ་པའི་ཀུན་སྦྱོར་ཟད་པའི་ཕྱིར་ཏེ། དེ་དག་ཚེ་དེ་ལ་མྱ་ངན་ལས་འདའ་བའི་ཕྱིར་དང༌། ཁམས་གོང་མར་སྐྱེས་ཟིན་པའི་ཕྱིར་མི་འོང་རྣམས་ལ་གཟུགས་སུ་ཉེར་


JLD018_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དང༌། གཟུགས་མེད་ཉེར་འགྲོའི་སྒྲའི་དོན་ཡང་མེད་པའི་ཕྱིར་རོ། །ཅི་བར་དོར་འདའ་བ་ནི་ཕྱིར་མི་འོང་ཁོ་ན་ལ་ཡོད་དམ་འོན་ཏེ་ཕྱིར་འོང་དང་རྒྱུན་ཞུགས་ལ་ཡང་ཡོད་ཅེ་ན། ཕྱིར་འོང་དང་རྒྱུན་ཞུགས་ལ་ནི་བར་དོར་འདའ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལམ་ལ་ཆེས་རིང་དུ་འདྲིས་པར་མ་བྱས་པ་དང༌། ཉོན་མོངས་པ་རྣམས་ཆེས་ཆུང་བ་མ་ཡིན་པའི་ཕྱིར་རོ། །ཞེས་པ་ནི་སློབ་དཔོན་གྱི་ལན་ནོ། །རྒྱུན་ཞུགས་དང་ཕྱིར་འོང་འདིས་ནི་འདོད་པའི་ཉོན་མོངས་མི་དགེ་བ་དང༌། ཁམས་གོང་གི་ཉོན་མོངས་སྒྲིབ་ལ་ལུང་མ་བསྟན་རྣམས་སྤང་དགོས་པས་སྤང་བྱ་མང་བ་དང༌། རྒྱུན་ཞུགས་ཀྱིས་ནི་འབྲས་བུ་གསུམ་དང༌། ཕྱིར་འོང་གིས་འབྲས་བུ་གཉིས་ཐོབ་པར་བྱ་དགོས་པས་ཐོབ་བྱ་མང་བ་དང༌། གཉིས་ཀས་ཀྱང་ཁམས་གསུམ་ཆར་ལས་འདའ་བར་བྱ་དགོས་པའི་འདའ་བར་བྱ་བ་མང་པོ་ཡོད་པས་ན་དེ་རྣམས་སྲིད་པ་བར་མ་དུས་ཐུང་ངུར་གནས་པ་དེ་དག་གིས་བྱ་མི་ནུས་ཤིང་ཕྱིར་མི་འོང་ནི་སྤང་བྱ་ཐོབ་བྱ་འདའ་བར་བྱ་བ་རྣམས་ཉུང་བའི་ཕྱིར་རོ་ཞེས་པ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལན་ཡིན་ཏེ། འགྲེལ་པར་ཡང་ཅིའི་ཕྱིར་སློབ་པ་འདོད་ཆགས་དང་མ་བྲལ་བར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ཞེ་ན་ལམ་མ་འདྲིས་པ་ལས་མངོན་སུམ་དུ་མི་འགྱུར་བའི་ཕྱིར་དང༌། ཕྲ་རྒྱས་རྣམས་ཤིན་ཏུ་ཆུང་བ་མ་ཡིན་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འདོད་པའི་ཁམས་ལས་འདའ་བར་དཀའ་བའི་ཕྱིར་ཏེ་ཉོན་མོངས་པ་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྤངས་པ་དང༌། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གཉིས་སམ་གསུམ་འཐོབ་པ་དང༌། ཁམས་གསུམ་ལས་ཡང་དག་པར་འདའ་བ་དང༌།


JLD018_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཞིག་བྱ་དགོས་ལ་དེ་ཡང་སྲིད་པ་བར་མ་ལ་གནས་པས་བྱ་བར་མི་ནུས་སོ་ཞེས་ཟེར་རོ། །ཞེས་སོ། །དེ་ལྟར་བྱས་ན་ཆེས་ཉུང་ངུར་ཡང་འགྱུར་རོ་ཞེས་པའི་འགྲེལ་བཤད་དུ། སྐྱེ་བ་འདི་འམ་སྲིད་པ་བར་མ་དོར་མྱ་ངན་ལས་འདའ་ཞེས་གསུངས་པ་ནོར་བར་མངོན་ནོ། །བར་མ་དོར་འདའ་བ་ལ་ནི་ཉིས་སྟོང་ལྔ་བརྒྱ་གོ་གཉིས་སུ་ཅི་ལྟར་བྱས་པས་འགྱུར་ཞེ་ན། སྔར་བཤད་པ་ལྟར་བར་མ་དོར་འདའ་བ་ལ་གཟུགས་ཀྱི་བར་མ་དོ་བཅུ་དྲུག་ཏུ་འདའ་བ་ཡོད་པས་དེ་ལ་རིགས་དང་འདོད་ཆགས་དང་བྲལ་བ་དང༌། དབང་པོའི་སྒོ་ནས་ཕྱེ་བས་དེ་ལྟར་འགྱུར་ཏེ། འདི་ལྟར་རིགས་ནི་དྲུག་སྟེ། ཉམས་པའི་ཆོས་ཅན་དང༌། བདག་གསོད་པའི་དང༌། རྗེས་སུ་བསྲུང་བའི་དང༌། གནས་པ་ལས་མི་བསྐྱོད་པའི་དང༌། རྟོགས་པའི་འོས་སུ་གྱུར་པའི་དང༌། མི་འཁྲུགས་པའི་ཆོས་ཅན་གྱི་རིགས་སོ། །དེ་ལ་བར་དོ་གཅིག་ནའང་རིགས་དྲུག་ཡོད་དེ། དེ་ཡང་འདོད་ཆགས་དང་བྲལ་བའི་སྒོ་ནས་ཕྱེ་བ་དང་རིགས་ཀྱིས་ཕྱེ་བ་གཉིས་བསྡོམས་ན་བརྒྱད་བརྒྱ་དང་རེ་བཞིར་འགྱུར་ཏེ། བསམ་གཏན་དང་པོའི་བར་དོར་འདའ་བ་རིགས་དྲུག་པོའི་རེ་རེར་བསམ་གཏན་དང་པོའི་བསྒོམ་སྤངས་དགུ་པོ་གཏན་མ་སྤངས་པའི་འཆིང་བ་ཀུན་ལྡན་གཅིག་ནས་བསྒོམ་སྤང་བརྒྱད་པ་སྤངས་པའི་བར་རྣམ་པ་དགུ་དང༌། དེ་བཞིན་དུ་བསམ་གཏན་ཕྱི་མ་གསུམ་ལའང་དགུ་དགུ་སྟེ་དགུ་དྲུག་ལྔ་བཅུ་ང་བཞི། ང་བཞི་པ་བཅུ་དྲུག་ནི་བརྒྱད་བརྒྱ་རེ་བཞིར་འགྱུར་རོ། །དེ་ལ་དབང་པོ་རྣོ་འབྲིང་རྟུལ་གསུམ་དུ་བྱས་པས་བརྒྱད་བརྒྱ་རེ་བཞི་པ་སུམ་འགྱུར་ནི་ཉིས་སྟོང་


JLD018_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བརྒྱ་གོ་གཉིས་སོ། །རང་གི་གནས་ཀྱི་རྣམ་པ་དགུ་ལས་འདོད་ཆགས་དང་བྲལ་བ་ནི་གོང་མ་གོང་མའི་འཆིང་བ་ཀུན་ལྡན་ཡིན་པས་འོག་མའི་ཆགས་བྲལ་ལ་མི་འགྲང་ངོ༌། །དེ་ལྟར་དུ་སྐྱེས་ནས་འདའ་བ་གསུམ་དང༌། འཕར་བ་མཐའ་མ་གསུམ་དང་བཞི་ལ་ཡང་བརྩིས་པས་ཕྱིར་མི་འོང་ཁྲི་ཉིས་སྟོང་དགུ་བརྒྱ་དྲུག་ཅུར་འགྱུར་རོ། །གཟུགས་སུ་ཉེར་འགྲོ་རྣམ་པ་བཅུ། །འདོད་པའི་རྟེན་ལ་ཕྱེ་བ་དང༌། །གནས་གཙང་སྐྱེ་རྒྱུ་སྤེལ་སྒོམ་ལྔ། །མཁས་པའི་དགོངས་པ་ཇི་བཞིན་བཤད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཟུགས་ཀྱི་ཉེ་བར་འགྲོ་བ་བཤད་ཟིན་ཏོ།། ༈ གཟུགས་མེད་དུ་ཉེ་བར་འགྲོ་བ་གང་ཞེ་ན། ཕྱིར་མི་འོང་གང་གཟུགས་ཁམས་སུ་མི་འཇུག་པར་གཟུགས་མེད་དུ་སྐྱེས་ནས་འདའ་བའོ། །འདི་ལ་སྐྱེས་ནས་དང༌འདུ་བྱེད་མེད་པར་དང༌། འདུ་བྱེད་དང་བཅས་ཏེ་འདའ་བ་དང༌། གོང་དུ་འཕོ་བ་བཞི་ཡོད་ལ་དེ་དག་གི་དོན་ནི་གཟུགས་སུ་ཉེར་འགྲོའི་སྐབས་བཞིན་དུ་རིགས་པར་བྱའོ། །འདིའི་གོང་འཕོ་ལ་ཡང་འཕར་བ་གསུམ་རྩི་བའི་རྨོངས་པ་ཡོད་མོད། ཕར་ཕྱིན་པ་འགའ་ཞིག་འདི་འདྲ་བའི་རྣམ་གཞག་མཁས་པའི་གཞུང་ལས་ཆ་ཙམ་ཡང་མི་འབྱུང་ལ་རིགས་པས་ཀྱང་མི་འཐོབ་སྟེ་ཕྱེད་འཕར་རྩི་བའི་གནས་མེད་པའི་ཕྱིར་རོ། །དེ་ལྟར་གོང་དུ་སྨྲས་པ་ལྟར་གྱི་དབྱེ་བ་ཙམ་ཞིག་འཐད་དེ། འགྲེལ་པར་ཕྱིར་མི་འོང་བ་གཞན་ནི་གཟུགས་མེད་པར་ཉེ་བར་འགྲོ་བས་ཏེ། གཟུགས་ཀྱི་འདོད་ཆགས་རྣམས་དང་བྲལ་བ་འདི་ནས་ཤི་འཕོས་ནས་གཟུགས་མེད་པ་དག་གི་ནང་དུ་སྐྱེ་བ་གང་ཡིན་པའོ། །དེ་ཡང་སྐྱེས་ནས་ཡོངས་སུ་མྱ་ངན་


JLD018_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་བཞི་སྟེ་ཞེས་སོ། །གཟུགས་མེད་ཉེར་འགྲོ་བཤད་ཟིན་ཏོ། ༈ །མཐོང་བའི་ཆོས་ལ་ཞི་བ་འཐོབ་པ་གང་ཞེ་ན། ཕྱིར་མི་འོང་གང་དེ་ཐོབ་པའི་རྟེན་ལ་འདའ་བ་སྟེ། མཛོད་དུ། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་སོ། །འོན་ཀྱང་རྒྱུན་ཞུགས་དང་ཕྱིར་འོང་དང་པོ་ཐོབ་པའི་རྟེན་ལ་དགྲ་བཅོམ་པ་ཐོབ་པ་རྣམས་ཀྱང་མཐོང་ཆོས་ཞིར་འཇོག་པ་ལ་མི་རིགས་པ་མེད་དོ། །ལུས་ཀྱིས་མངོན་དུ་བྱེད་པ་གང་ཞེ་ན། ཀུན་ལས་བཏུས་སུ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་གང་ཞེ་ན། གང་སློབ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའོ་ཞེས་འབྱུང་བ་ལྟར་ཕྱིར་མི་འོང་རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག་ནུས་པའོ། །དེ་ལྟར་ན་ཕྱིར་མི་འོང་གི་དབྱེ་བ་འདི་དག་ཀྱང་འདོད་པར་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་ལ་མི་རུང་བ་ཡིན་ཏེ། འདོད་པར་ཚེ་ཡོངས་སུ་གྱུར་པ་ནི་ཁམས་གོང་མར་འགྲོ་མི་སྲིད་པའི་ཕྱིར་ཏེ། འགྲེལ་པར་ཅི་ཕྱིར་མི་འོང་བ་ཚེ་ཡོངས་སུ་གྱུར་པ་ལ་ཡང་དབྱེ་བ་འདི་ཡོད་དམ་ཞེ་ན་མེད་དེ། འདི་ལྟར་མཛོད་ལས། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི་ཁམས་གཞན་དུ་འགྲོ་བ་མེད་དེ་ཚེ་དེ་ཉིད་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཞེས་སོ། །འདོད་པར་ཚེ་ཡོངས་སུ་གྱུར་པའི་དོན་ཡང་འགྲེལ་བཤད་དུ། ཕྱིར་མི་འོང་བ་ཚེ་ཡོངས་སུ་གྱུར་པ་ནི་གང་ཞིག་ཚེ་དང་པོ་ལ་རྒྱུན་དུ་ཞུགས་པའི་


JLD018_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ནས་ཚེ་གཉིས་པ་ལ་ཕྱིར་མི་འོང་བར་གྱུར་པ་ཡིན་ནོ་ཞེས་པ་ལྟར་འབྲས་བུ་དང་པོ་གཉིས་གང་རུང་ཐོབ་ནས་ཤི་བའི་ཚེ་ཕྱི་མ་ལ་ཕྱིར་མི་འོང་ཐོབ་པ་ཞིག་ཡིན་ལ་དེ་ཡང་རྟེན་དེ་ལ་མྱ་ངན་ལས་འདའ་བར་གསུངས་པས་ན་རིགས་ནས་རིགས་སྐྱེ་འདོད་པར་ཚེ་ཡོངས་གྱུར་ཏུ་སྨྲ་བ་ལ་གནོད་པ་ཡིན་ནོ། །དེ་ལྟར་ན་འདོད་པར་ཚེ་ཡོངས་གྱུར་གྱི་ཕྱིར་མི་འོང་གི་དོན་དེ་ལྟ་བུ་ཡིན་ལ། སྤྱིར་འདོད་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི་འཕགས་ཆོས་ཚེ་གཉིས་སུ་བསྟེན་པ། ཚེ་དེ་ལ་འདའ་བ་ཞིག་དགོས་པར་གསལ་ལོ། །ཁམས་གཞན་དུ་མི་འགྲོ་བ་ལ་ཚེ་གྱུར་ཙམ་མི་སྨོས་པར་འདོད་པར་ཞེས་ཁྱད་པར་སྨོས་པ་ཅི་ཞེ་ན། འགྲེལ་པར་གཟུགས་ཀྱི་ཁམས་སུ་ཚེ་ཡོངས་སུ་གྱུར་པ་ནི་གལ་ཏེ་ན་གཟུགས་མེད་པའི་ཁམས་དག་ཏུ་ཡང་འཇུག་སྟེ་གོང་དུ་འཕོ་བ་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་གང་ཡིན་པའོ། །ཞེས་པ་ལྟར་ཡིན་ནོ། །དེ་ལྟར་ན་བརྒྱ་བྱིན་རྒྱུན་ཞུགས་ཡིན་པ་དེས་བདག་ཚེ་འཕོས་ནས་མིར་སྐྱེས་པའི་རྟེན་ལ་མྱང་འདས་མ་ཐོབ་པར་འཆི་བའི་ཐ་མར་དགྲ་བཅོམ་པ་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་ན་འོག་མིན་དུ་སྐྱེ་བར་ཤོག་ཅེས་སྟོན་པའི་དྲུང་དུ་སྨོན་ལམ་འདེབས་པ་མི་རིགས་ཏེ། འདོད་པར་འཕགས་ཆོས་ཚེ་གཉིས་སུ་བསྟེན་པའི་ཚེ་གྱུར་ཡིན་ཀྱང་གཟུགས་ཁམས་སུ་འཇུག་པ་ཡང་བསྟན་པའི་ཕྱིར་རོ། །གལ་ཏེ་བྱེ་བྲག་ཏུ་སྨྲ་བ་ཁྱོད་བརྒྱ་བྱིན་གྱིས་ཆོས་མངོན་པ་མི་ཤེས་པས་སྨོན་ལམ་དེ་ལྟར་བཏབ་ཟེར་ན་དེ་ཡང་མི་འཐད་དེ་དེ་ལྟར་ཡིན་ན་སྟོན་པས་དེ་སྐད་མ་སྨྲ་ཞེས་འགོག་རིགས་པ་ལས་མ་བཀག་པའི་ཕྱིར་ཞེ་ན། འདི་ལ་བྱེ་བྲག་ཏུ་སྨྲ་བས་


JLD018_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བརྒྱ་བྱིན་འདོད་པའི་སྡུག་བསྔལ་སྤང་བར་འདོད་ནས་དེ་སྐད་སྨྲས་པས་དེ་དགའ་བར་བྱ་བའི་ཕྱིར་མ་བཀག་ཅེས་འདོད་དེ། འགྲེལ་པར་འོ་ན་བརྒྱ་བྱིན་གྱིས། དབྱངས་དང་བཅས་པའི་བརྒྱ་བྱིན་གྱི་མདོ་ལས། འདི་ནས་ཤི་འཕོས་མིར་གྱུར་རྟེན་ལ་མི་འདའ་ཡིས། །བདག་ནི་ཐ་མར་ཉམས་ན་ལྷ་གང་འོག་མིན་ཞེས། །རྣམ་པར་གྲགས་པ་དེར་ནི་སྐྱེ་བར་འགྱུར་བར་ཤོག །ཅེས་གང་སྨྲས་པ་ཇི་ལྟ་བུ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཆོས་མངོན་པ་མངོན་པར་མི་ཤེས་པའི་ཕྱིར་ཏེ། ཡང་དག་པར་དགའ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་མ་བཀག་གོ་ཞེས་ཟེར་རོ། །ཞེས་འབྱུང་ལ། ཁ་ཆེའི་སློབ་དཔོན་འདུས་པ་བཟང་པོའི་ལན་ནི་འགྲེལ་བཤད་དུ། སློབ་དཔོན་འདུས་བཟངས་ན་རེ་འཆི་འཕོ་བའི་རྒྱུ་མཚན་ཅན་གྱི་སྐྱེ་བའི་སྡུག་བསྔལ་གྱིས་ཡིད་འབྱུང་བ་ནི་ཡང་དག་པར་དགའ་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཞེས་བརྒྱ་བྱིན་ཡང་ཡང་ཚེ་འཕོས་ནས་སྐྱེ་བ་ལེན་པ་ལ་ཡིད་འབྱུང་སྐྱེས་ལ་དེའི་ཡིད་མི་གསད་པའི་ཕྱིར་སྟོན་པས་མ་བཀག་ཅེས་ལན་འདེབས་མོད་འོན་ཀྱང་འཐད་ཕྱོགས་མ་ཡིན་པར་མངོན་ཏེ།སློབ་དཔོན་གྱིས་ཀྱང་རྩོད་པ་དེའི་ལན་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་འདི་སྐད་ཟེར་ཞེས་པ་ཙམ་ལས་མ་གསུངས་པ་དང༌། བརྒྱ་བྱིན་གྱིས་མངོན་པ་མི་ཤེས་པར་དེ་སྐད་སྨྲས་ན་སྟོན་པས་དགག་པར་རིགས་ཏེ་བརྒྱ་བྱིན་དགའ་བ་ཙམ་གྱི་ཕྱིར་སྟོན་པའི་གསུང་རབ་དང་འགལ་བའི་རྣམ་གཞག་བྱེད་པ་ཡལ་བར་འདོར་མི་རིགས་པའི་ཕྱིར་དང༌། བརྒྱ་བྱིན་ལ་ཡང་འདོད་པར་ཚེ་གྱུར་ཁམས་གཞན་དུ་སྐྱེ་མི་དགོས་པར་ཚེ་


JLD018_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འདའ་བར་བསྟན་པས་དགའ་བར་ཡང་འགྱུར་བའི་ཕྱིར་རོ། །སྔར་འདོད་པར་ཚེ་གྱུར་ཁམས་གཞན་དུ་མི་འགྲོ་བ་དང༌། ཚེ་དེ་ལ་འདའ་བར་བསྟན་པ་དང་འགལ་བར་བསམས་ནས། བྱེ་བྲག་ཏུ་སྨྲ་བའི་ལུགས་བཞག་པའི་ཕྱིར་རོ། །དེས་ན་མངོན་པར་འདོད་པར་ཚེ་གྱུར་ཁམས་གཞན་དུ་མི་འགྲོ་བར་གསུངས་པ་ཕལ་ཆེ་བ་ལ་དགོངས་སམ་སྙམ་སྟེ་དཔྱད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཁྱད་པར་ཅན་ལ་གནས་པ་རྣམས་བཤད་ཟིན་ཏོ།། ༈ །དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་གང་ཞེ་ན། གང་སྲིད་རྩེའི་ཉོན་མོངས་དགུ་པ་མ་ལུས་པར་སྤངས་པའི་ཐེག་དམན་པ་སྟེ། ཀུན་ལས་བཏུས་སུ། དགྲ་བཅོམ་པ་གང་ཞེ་ན་སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་དགུ་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ། ཞེས་སོ། །འདིར་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་མི་འཆད་པ་ནི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གྱི་སྐབས་སུ་བཤད་ཟིན་པར་བལྟའོ། །དགྲ་བཅོམ་པ་དེ་ལ་ཡང་སྤང་བྱ་སྤངས་པའི་སྒོ་ནས་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང༌། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་གཉིས་སུ་འབྱུང་ཞིང༌མཐོང་ཆོས་ལ་བདེ་བར་གནས་པ་ལས་ཉམས་པ་དང་མི་ཉམས་པའི་ཚུལ་གྱིས་ནི་ཉམས་པ་དང༌། འཆི་བར་སེམས་པའི་དང༌། རྗེས་སུ་བསྲུངས་བའི་དང༌། གནས་པ་ལ་མི་བསྐྱོད་པའི་དང༌། རབ་ཏུ་རྟོགས་པའི་འོས་སུ་གྱུར་པའི་དང༌། མི་འཁྲུག་པའི་ཆོས་ཅན་ཏེ་དྲུག་ཏུ་ཡང་འགྱུར་ལ། དབང་པོའི་བྱེ་བྲག་གིས་ནི་དུས་དང་སྦྱོར་བ་དང་དུས་དང་མི་སྦྱོར་བའི་དགྲ་བཅོམ་པ་གཉིས་སུའང་འགྱུར་རོ། །དེ་ལ་དགྲ་བཅོམ་པ་གང་


JLD018_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག་མི་ནུས་པ་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཞེས་བྱ་སྟེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཉོན་སྒྲིབ་ལས་གྲོལ་གྱི་སྙོམས་འཇུག་གི་སྒྲིབ་པ་མ་སྤངས་པའི་ཕྱིར་རོ། །རྣམ་ཐར་བརྒྱད་ལ་འཇུག་ནུས་པ་ནི་གཉིས་ཀའི་ཆ་ལས་རྣམ་གྲོལ་ཡིན་ཏེ། ཉོན་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ཆར་ལས་གྲོལ་བའི་ཕྱིར་རོ། །དེ་ལྟར་ཡང་ཀུན་ལས་བཏུས་སུ་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་གང་ཞེ་ན། གང་ཟག་པ་ཟད་པ་སྟེ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ནི་མ་ཡིན་པའོ། །གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་གང་ཞེ་ན། གང་ཟག་པ་ཟད་པ་དང་བཅས་པ་རྣམ་པར་ཐར་པ་བརྒྱད་ལ་ཡང་བསམ་གཏན་པའི་གང་ཟག་གོ། ཞེས་དང༌། མཛོད་ལས་ཀྱང་དེ་དང་མཐུན་པར། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཤེས་རབ་ཀྱིས་ནི་ཅིག་ཤོས་སོ། །ཞེས་གང་གསུངས་པའོ། །དེ་ལྟར་མཁས་པ་དག་ལ་ནི་དགྲ་བཅོམ་པ་དེ་གཉིས་ཀྱི་ཐ་སྙད་དེ་ལྟར་གྲགས་མོད་གང་ཡང་ཤེས་རབ་རྐྱང་པའི་ཆ་ལས་རྣམ་གྲོལ་དང་ཞེས་བརྡ་སྦྱོར་བ་དེ་དག་ནི་ཁོ་བོ་ཅག་ལ་ ཕར་ཕྱིན་པ་དང་སྔ་རབས་པ་འགའ་ཞིག། འདི་དག་གི་དོན་ཤེས་པ་ལྟ་ཅི་སྨོས་མིང་ཙམ་ཡང་འཆད་རྒྱུ་མེད་དོ་ཞེས་གསལ་བར་སྒྲོག་པ་ཡིན་ཏེ་ཤེས་རབ་སྤངས་པའི་འཕགས་པ་དགྲ་བཅོམ་པ་དེ་འདྲ་བ་དེ་ནི་ཤིན་ཏུ་ངོ་མཚར་བ་ཞིག་གོ། ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཉོན་མོངས་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ཆར་ལས་གྲོལ་བ་མིན་པར་ཤེར་རབ་ཀྱིས་ཉོན་མོངས་རྐྱང་པའི་ཆ་ལས་གྲོལ་བ་ལ་ཤེས་རབ་


JLD018_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲོལ་བ་ཞེས་མཁས་པར་རློམ་པ་དག་ཀྱང་བརྡ་སྦྱོར་ན། ཀྱི་ཧུད་རྒྱལ་བའི་གསུང་རབ་འབྱེད་པ་པོ་རྣམས་ནི་འདི་འདྲ་བར་གྱུར་ཏོ། །ཉམས་པའི་ཆོས་ཅན་གང་ཞེ་ན། འདི་ལ་དགྲ་བཅོམ་པ་དང་པོ་ལྔ་ཀ་དབང་པོ་རྟུལ་པོར་ཁྱད་མེད་ལ། འོན་ཀྱང་འཇིག་རྟེན་པའི་བསམ་གཏན་གྱི་ཏིང་ངེ་འཛིན་གྱིས་ཚེ་འདི་ལ་ལུས་སེམས་བདེ་བར་གནས་པའི་རྒྱུ་ལས་ཉམས་མི་ཉམས་ཀྱི་སྒོ་ནས་མཚན་ཉིད་ཐ་དད་པར་འགྱུར་ཏེ་འདི་ལྟར་དགྲ་བཅོམ་དབང་པོ་བརྟུལ་པོ་འདོད་ཡོན་གྱིས་དབྱེན་བཅོས་རུང་མ་བཅོས་རུང་ངེས་པར་བསམ་གཏན་ལས་ཉམས་པ་དང༌། འདོད་ཡོན་གྱིས་མྱོས་སམ་མ་མྱོས་ཀྱང་རང་གིས་རང་མི་གསོད་ན་ངེས་པར་ཉམས་ལ་གསོད་ན་གཏན་མི་ཉམས་པ་དང༌། འདོད་ཡོན་ལ་སེམས་བསྲུངས་ན་མི་ཉམས་ལ་ཆེད་ཆེར་མ་བསྲུངས་ན་ཉམས་པ་དང༌། འདོད་ཡོན་ལས་བསྲུངས་སམ་མ་བསྲུངས་ཀྱང་ཉམས་མི་སྲིད་ལ་དབང་པོ་བརྟུལ་པོ་ལས་རྣོན་པོར་འཕོ་མི་སྲིད་པ་དང༌། ཉམས་མི་སྲིད་ཅིང་དབང་པོ་འཕོ་བའི་སྐལ་བ་ཅན་རྣམས་རིམ་པ་ལྟར་ཉམས་པའི་ཆོས་ཅན་ནས་རྟོགས་པའི་འོས་སུ་གྱུར་པའི་ཆོས་ཅན་གྱི་བར་རྣམས་ཡིན་ཏེ། ཀུན་ལས་བཏུས་སུ། ཉམས་པའི་ཆོས་ཅན་གང་ཞེ་ན་གང་དབང་པོ་རྟུལ་པོ་མྱོས་ཀྱང་རུང་མ་མྱོས་ཀྱང་རུང་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ནོ། །བདག་གསོད་པའི་ཆོས་ཅན་གང་ཞེ་ན། གང་དབང་པོ་རྟུལ་པོ་མྱོས་ཀྱང་རུང་མ་མྱོས་ཀྱང་རུང་བདག་མི་གསོད་ན་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ཡིན་ལ་གསོད་ན་སྐལ་བ་ཅན་མ་ཡིན་པའོ། །རྗེས་སུ་བསྲུངས་པའི་ཆོས་


JLD018_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གང་ཞེ་ན། གང་དབང་པོ་རྟུལ་པོ་མྱོས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཉམས་པའི་སྐལ་བ་ཅན་ཡིན་ལ་མ་མྱོས་ན་མ་ཡིན་པའོ། །གནས་པ་ལས་མི་བསྐྱོད་པ་གང་ཞེ་ན། གང་དབང་པོ་རྟུལ་པོ་མྱོས་ཀྱང་རུང་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་མ་ཡིན་ལ་དབང་པོ་རྣམ་སྦྱོང་བའི་སྐལ་བ་ཅན་ཡང་མ་ཡིན་པའོ། །རབ་ཏུ་རྟོགས་པའི་འོས་སུ་གྱུར་པ་གང་ཞེ་ན། གང་དབང་པོ་རྟུལ་པོ་མྱོས་ཀྱང་རུང་མ་མྱོས་ཀྱང་རུང་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་མ་ཡིན་ལ་དབང་པོ་རྣམས་སྦྱོང་བའི་སྐལ་བ་ཅན་ནི་ཡིན་པའོ་ཞེས་སོ། །མི་འཁྲུགས་པའི་ཆོས་ཅན་ཡང༌། དེ་ཉིད་ལས། མི་འཁྲུགས་པའི་ཆོས་ཅན་གང་ཞེ་ན། གང་རང་བཞིན་གྱིས་དབང་པོ་རྣོན་པོས་ཏེ། མྱོས་ཀྱང་རུང་མ་མྱོས་ཀྱང་རུང་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས། ཡོངས་སུ་ཉམས་པའི་སྐལ་བ་ཅན་ནི་མ་ཡིན་པའོ། །ཞེས་དབང་པོའི་སྒོ་ནས་ཁྱད་པར་དུ་བྱས་སོ། །དོན་འདི་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་ལྟར་འདོད་དེ། དགྲ་བཅོམ་པ་དྲུག་པོ་དེ་ལ་དབང་པོ་དང༌། རིགས་དང༌། སྦྱོར་བའི་ཁྱད་པར་དང༌། གང་ཞིག་གང་ལས་ཉམས་པའི་སྒོ་ནས་མཚན་ཉིད་ཐ་དད་པར་འཆད་དོ། །དབང་པོའི་ཁྱད་པར་གྱིས་ཅི་ལྟ་བུ་ཞེ་ན། དང་པོ་ལྔ་ནི་དད་མོས་སྔོན་དུ་སོང་བ་དང་དབང་རྟུལ་ཡིན་ལ་དྲུག་པ་ནི་མཐོང་བས་ཐོབ་པ་སྔོན་དུ་བཏང་བ་དབང་རྣོན་ཡིན་ཏེ། མཛོད་ལས། དགྲ་བཅོམ་དྲུག་འདོད་དེ་དག་ལས། །ལྔ་ནི་དད་པས་མོས་ལས་སྐྱེས། །དེ་དག་


JLD018_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲོལ་དུས་དང་སྦྱོར། །མི་གཡོའི་ཆོས་ཅན་མི་གཡོ་བ། །དེ་ཕྱིར་དེ་དུས་མི་སྦྱོར་གྲོལ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང༌། །ཞེས་སོ་རིགས་ཀྱི་ཁྱད་པར་གྱིས་ཇི་ལྟ་བུ་ཞེ་ན། འདི་ལ་དང་པོ་ནས་དེའི་རིགས་སུ་གནས་པ་དང༌། དང་པོ་ནས་དེའི་རིགས་མ་ཡིན་ཡང་ཕྱིས་གང་ཟག་དེའི་རིགས་སུ་སོང་བ་གཉིས་སོ། །དེ་ལ་དང་པོ་ནི་གང་ཟག་དྲུག་ཆར་ལ་ཡོད་ལ། གཉིས་པ་ནི་ཕྱི་མ་ལྔ་ལ་ཡོད་དེ། དཔེར་ན་ཉམས་པའི་ཆོས་ཅན་གྱིས་དབང་པོ་སྦྱངས་པས་བདག་གསོད་པའི་ཆོས་ཅན་གྱི་རིགས་སུ་གྱུར་པ་ལྟ་བུའོ། །ཉམས་པའི་ཆོས་ཅན་ལས་རིགས་དམན་པ་མེད་པས་དེ་ལ་འོག་མའི་རིགས་སྦྱངས་པ་ལས་ཕྱིས་རིགས་འཕོས་པ་མེད་དེ། མཛོད་ལས། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་སོ། །སྦྱོར་བའི་ཁྱད་པར་གྱིས་ཇི་ལྟ་བུ་ཞེ་ན། མཛོད་འགྲེལ་ལས། དང་པོ་གཉིས་ནི་སྔོན་སློབ་པའི་གནས་སྐབས་ཁོ་ན་ནི་རྒྱུན་དུ་སྦྱོར་བ་དང༌། གུས་པར་སྦྱོར་བ་མེད་པ་ཡིན་ནོ། །གསུམ་པ་ནི་རྒྱུན་དུ་སྦྱོར་བ་པ་ཡིན་ནོ། །བཞི་པ་ནི་གུས་པར་སྦྱོར་བ་པ་ཡིན་ནོ། །ལྔ་པ་ནི་གཉིས་ཀར་སྦྱོར་བ་པ་ཡིན་ལ་དབང་པོ་རྟུལ་པོ་ཡིན་ནོ། །དྲུག་པ་ནི་གཉིས་ཀར་སྦྱོར་བ་པ་དང་དབང་པོ་རྣོན་པོ་ཡིན་ནོ། །ཞེས་འབྱུང་བ་ལྟར་ཡིན་ལ། གུས་སྦྱོར་ནི་རྒྱུན་ཆད་མེད་པའི་བརྩོན་འགྲུས་དྲག་པོ་ཡིན་ཅིང༌རྒྱུན་སྦྱོར་ནི་རྩོལ་བ་དྲག་པོ་མེད་པའི་བརྩོན་འགྲུས་རྒྱུན་ཆགས་པའོ། །གང་ཞིག་གང་ལས་ཉམས་པའི་ཚུལ་ཡང་ཅི་ལྟ་བུ་ཞེ་ན། དེ་ལྟར་དྲུག་པོ་དེ་ལས་གང་ཞིག་ཉམས་ན་དང་པོ་ལྔ་ཉམས་པར་འགྱུར་རོ། །གང་ཞིག་ལས་ཉམས་ན་འབྲས་བུ་དང་རིགས་


JLD018_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་ཏེ། དེ་ཡང་རིགས་དང་པོ་དང་འབྲས་བུ་དང་པོ་གཉིས་ལས་ནི་མི་ཉམས་སོ། །དེ་ལ་རིགས་དང་པོ་ནི་བཤད་ཟིན་ཏོ། ༈ །འབྲས་བུ་དང་པོ་ནི་འབྲས་བུ་མཐར་གྱིས་འཐོབ་པའི་ལྟར་ན་རྒྱུན་ཞུགས་ཡིན་ལ། འབྲས་བུ་ཐོད་རྒལ་བ་ལྟར་ན་ཕྱིར་འོང་དང་ཕྱིར་མི་འོང་གཉིས་ཀྱི་འབྲས་བུ་དང་པོར་འགྱུར་བས་འབྲས་བུ་ཐོད་རྒལ་བས་ཐོབ་པའི་དགྲ་བཅོམ་པ་ནི་འབྲས་བུ་ལས་ཉམས་སྲིད་ཀྱང་འབྲས་བུ་དང་པོ་གསུམ་ལས་ཉམས་མི་སྲིད་དེ། དེ་དག་གི་སྤངས་པ་དེ་བྱིས་ལམ་དང་འདས་ལམ་གཉིས་ཆར་གྱིས་བརྟན་པར་བྱས་པའི་ཕྱིར་རོ། །རིམ་གྱིས་པ་ནི་ཁམས་གོང་མའི་ཉོན་མོངས་རྒྱུད་ལ་སྐྱེས་པས་དགྲ་བཅོམ་ལས་ཉམས་ཏེ་ཕྱིར་མི་འོང་དུ་སོང༌། འདོད་པའི་ཉོན་མོངས་བདུན་པ་ཡན་ཆད་སྐྱེས་པས་ཕྱིར་འོང་དུ་སོང༌། དྲུག་པ་མན་ཆད་སྐྱེས་པས་རྒྱུན་ཞུགས་སུ་སོང་བ་ཡོད་ཀྱང་རྒྱུན་ཞུགས་ལས་ནི་ཐོད་རྒལ་བ་དང་གཉིས་ཆར་ཉམས་མི་སྲིད་དེ་མཐོང་སྤང་རྣམས་ཀུན་བཏགས་པའི་བདག་ལྟའི་རྩ་བ་ཡིན་ལ་འཕགས་པས་ཀུན་བརྟགས་པའི་བདག་མེད་པར་མངོན་སུམ་གྱིས་རྟོགས་པས་ན་བདག་ལྟ་གཞི་མེད་ཀྱི་ཉོན་མོངས་རྣམས་མི་སྐྱེ་བའི་ཕྱིར་རྒྱུན་ཞུགས་ཀྱི་སྤངས་པ་མི་ལྡོག་གོ། སྒོམ་སྤང་གི་གཞི་ཆགས་པའི་ཡུལ་སྡུག་པ་དང་ཁོང་ཁྲོའི་ཡུལ་མི་སྡུག་པ་ལྟ་བུ་ནི་དངོས་པོ་ལ་གནས་པས་དེ་དག་ལ་དམིགས་པའི་ཉོན་མོངས་སྐྱེ་བས་སྒོམ་སྤང་སྤངས་པ་ནི་ལྡོག་གོ། རིགས་ལས་ཉམས་པ་ལ་ནི་བྱེ་བྲག་འདི་ཡོད་དེ། ཉམས་པའི་ཆོས་ཅན་ལ་རིགས་གོང་མར་འཕོ་བ་ཡོད་ཀྱང་འོག་མར་ཉམས་པ་མེད་དེ་དེ་ལས་རིགས་དམན་པ་མེད་པའི་ཕྱིར་རོ། །རིགས་དང་པོ་ལས་མི་ཉམས་པའི་རྒྱུ་མཚན་ཡང་དང་པོ་ནས་


JLD018_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་རིགས་དེ་སློབ་ལམ་དང་མི་སློབ་ལམ་གཉིས་ཀའི་སྐབས་སུ་ཡུན་རིང་དུ་འདྲིས་པས་བརྟན་པར་གྱུར་པའི་ཕྱིར་རོ། །ཕྱིས་དགྲ་བཅོམ་ཐོབ་ནས་ཉམས་པའི་ཆོས་ཅན་གྱིས་དབང་པོ་སྦྱངས་ཏེ་འཆི་བར་སེམས་པར་གྱུར་པ་ལྟ་བུའི་རིགས་ནི་ལམ་གཉིས་ཀྱིས་བརྟན་པ་མེད་པའི་ཕྱིར་རོ། །གང་ཞིག་གང་ལས་ཉམས་པའི་ཚུལ་དེ་ལྟར་ཡང་མཛོད་དུ། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཉམས་འགྱུར་དང་པོ་ལས་མ་ཡིན། །ཞེས་གང་གསུངས་པའོ། །དང་པོ་ལས་མ་ཡིན་གྱི་འགྲེལ་བཤད་དུ། འབྲས་བུ་དང་པོ་རྒྱུན་ཞུགས་ཁོ་ནར་མ་མཛད་པར་ཕྱིར་འོང་ཕྱིར་མི་འོང་ལ་ཡང་བཤད་པ་ནི་སྐབས་དེའི་འགྲེལ་པར་གསལ་ཁ་མེད་ཀྱང་འཐད་པར་རྟོགས་ཏེ། གནས་གཉིས་པར་ཐོད་རྒལ་བའི་ཕྱིར་འོང་དང་ཕྱིར་མི་འོང་ལས་ཉམས་པ་མི་སྲིད་པར་གསུངས་པ་དང༌། གནས་དྲུག་པར་ཡང༌།གལ་ཏེ་འབྲས་བུ་དང་པོ་ཐོབ་པའི་ཕྱིར་རོ་ཞེ་ན་ནི། ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་པར་འགྱུར་རོ། །ཞེས་གསུངས་པ་རྣམས་དང་ལེགས་པར་གུང་འགྲིག་པའི་ཕྱིར་རོ། །དེ་ལྟར་ཡང་མཛོད་འགྲེལ་ལས། ཡོངས་སུ་ཉམས་པའི་ཆོས་ཅན་ནི་རྣམ་པ་གསུམ་ཡིན་ཏེ། དེའི་སོ་ན་གནས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བའམ། དབང་པོ་འཕོ་བའམ་ཡོངས་སུ་ཉམས་ན་སློབ་པ་ཉིད་དུ་འགྱུར་བའོ། །འཆི་བར་སེམས་པའི་ཆོས་ཅན་ནི་བཞི་སྟེ། གསུམ་པོ་དེ་དག་ཉིད་དང༌། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་སུ་སླར་འོངས་པའོ། །དེ་བཞིན་དུ་གཞན་གསུམ་ལ་ཡང་རེ་རེ་བསྐྱེད་དེ་གོ་རིམ་བཞིན་དུ་རྣམ་པ་ལྔ་དང་དྲུག་དང་བདུན་ཡིན་པར་རིག་པར་བྱའོ། །ཞེས་པ་ལྟར་


JLD018_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་བྱེད་ལ། ཡང་དེ་ཉིད་ལས་ཡོངས་སུ་ཉམས་པའི་ཆོས་ཅན་ཡང་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བའི་ཆོས་ཅན་མ་ཡིན་ལ་རྟོགས་པའི་སྐལ་བ་ཅན་གྱི་བར་དུ་ཡང་རྟོགས་པར་འགྱུར་བ་མ་ཡིན་གྱི་སྲིད་པའི་ཕྱིར་དེ་སྐད་ཅེས་བཤད་དོ། །དེ་ལྟར་བྱས་ན་ཁམས་གསུམ་ཆར་ན་ཡང་དགྲ་བཅོམ་པ་དྲུག་ཡོད་པར་རུང་ངོ༌ཞེས་པ་བྱེ་བྲག་ཏུ་སྨྲ་བའི་འདོད་པའོ། །དེའི་འཕྲོས་ཉིད་ནས་གང་དག་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་ནས། མངོན་པར་རྟོགས་པའི་བར་དུ་འགྱུར་བ་དེ་དག་གི་ལྟར་ན་འདོད་པའི་ཁམས་ན་ནི་དྲུག་གོ། གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་གནས་པ་ལས་མི་བསྐྱོད་པ་དང་མི་གཡོ་བའི་ཆོས་ཅན་གཉིས་ཏེ། དེ་ཉིད་ན་ཡོངས་སུ་ཉམས་པ་དང༌། འཆི་བར་སེམས་པ་དང༌། དབང་པོ་འཕོ་བ་མེད་པའི་ཕྱིར་རོ། །ཞེས་བཤད་པ་ནི་ཀུན་ལས་བཏུས་དང་མཐུན་ཏེ་ཉམས་པའི་ཆོས་ཅན་ལ་སོགས་པ་ངེས་པ་ཅན་དུ་འདོད་པའི་ཕྱིར་རོ། །འདིར་བྱེ་བྲག་ཏུ་སྨྲ་བ་དགྲ་བཅོམ་པ་ལས་ཉམས་པར་འདོད་པ་ཤེས་བྱེད་གང་མཐོང་ནས་འདོད་ཅེ་ན། མདོ་ལས་རྐྱེན་ལྔ་དང༌། རྒྱུ་ལྔས་དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཡོངས་སུ་ཉམས་པར་འགྱུར་རོ། །ལྔ་གང་ཞེ་ན་ལས་ཀྱི་མཐའ་ལ་ཞུགས་པ་ཡིན་སྨྲ་བ་ལ་ཞུགས་པ་ཡིན། རྩོད་པ་ལ་ཞུགས་པ་ཡིན། རིང་དུ་རྒྱུ་བའི་སྦྱོར་བ་དང་ལྡན་པ་ཡིན། ནད་ཀྱི་རྣམ་པས་ཡུན་རིང་པོ་ནས་ཐེབས་པ་ཡིན་ཞེས་གསུངས་པ་དང༌། ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགྲ་བཅོམ་པ་ལ་ཡང་རྙེད་པ་དང༌། བཀུར་སྟིས་བར་ཆད་བྱེད་པ་ཡིན་པར་ང་སྨྲའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་འདི་སྐད་ཅེས་ཀུན་དགའ་བོ་དགྲ་བཅོམ་


JLD018_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་རྙེད་པ་དང༌། བཀུར་སྟིས་བར་ཆད་བྱེད་པ་ཡིན་པར་ང་སྨྲའོ། །ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མ་ཐོབ་པ་ཐོབ་པར་བྱ་བ་དང༌། མ་རྟོགས་པ་རྟོགས་པར་བྱ་བ་དང༌། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བ་ལ་བར་ཆད་བྱེད་པ་ནི་མ་ཡིན་པ་ཉིད་དོ། །འོན་ཀྱང་འདིས་ལྷག་པའི་སེམས་ལས་བྱུང་བ་མཐོང་བའི་ཆོས་ལ་བདེ་བར་གནས་པ་བཞི་པོ་ཐོབ་པ་གང་དག་ཡིན་པ་དེ་ཡང་རུང་བ་ཞིག་ལས་འདི་ཡོངས་སུ་ཉམས་པར་འགྱུར་བར་ང་སྨྲ་སྟེ། དེ་ཡང་འདྲེས་པར་གནས་པ་ཡིན་ནོ། །གཅིག་ཏུ་མ་འདྲེས་པར་བག་ཡོད་པ་བརྟུན་པ་པར་གནས་པ་འདིས་སེམས་ཀྱི་རྣམ་པར་གྲོལ་བ་ལུས་ཀྱིས་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ལས་ནི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བར་ང་མི་སྨྲའོ། །ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ་རྙེད་པ་དང་བཀུར་སྟི་གང་ཡིན་པ་དེ་ཟིལ་གྱིས་མནན་པར་བྱའོ། །རྙེད་པ་དང་བཀུར་སྟི་བྱུང་བ་ལས་སེམས་ཀུན་ནས་དཀྲིས་ཏེ་མི་འདུག་པ་དེ་ལྟར་ཀུན་དགའ་བོ་ཁྱོད་ཀྱིས་བསླབ་པར་བྱའོ། །ཞེས་འབྱུང་བ་དེ་ལས་མི་གཡོ་བ་ལ་ཉམས་པ་གཏན་མེད་ཅེས་ཁྱད་པར་དུ་སྨོས་པས་དུས་སྦྱོར་གྱི་དགྲ་བཅོམ་པ་ལས་ཉམས་པར་བསྟན་ཏོ། །ཡང་མདོ་ལས། ཚེ་དང་ལྡན་པ་གནག་ཚོགས་ཅན་དགྲ་བཅོམ་པ་ཡིན་པ་ཉམས་པར་གསུངས་པ་དང༌། ཡང་སོལ་བའི་ཕུང་པོ་ལྟ་བུའི་མདོ་ལས་འཕགས་


JLD018_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་སྤྱོད་པ་དེ་ལྟར་གནས་པ་དེ་བརྒྱ་ལ་རེ་འགའ་ཞིག་དྲན་པ་ཉམས་པ་ལས་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དག་སྐྱེ་བར་འགྱུར་རོ། །ཞེས་གསུངས་པས་ཀྱང་དགྲ་བཅོམ་ལས་ཉམས་པར་བསྟན་ཏོ། །གལ་ཏེ་ཉན་ཐོས་འཕགས་པ་མི་དགེ་བའི་སེམས་སྐྱེས་པ་དེ་སློབ་པ་ནི་མ་ཡིན་ཏེ། མདོ་དེ་ཉིད་ལས་གང་དག་དེའི་དབང་དུ་མཛད་ནས་ཡུན་རིང་པོ་ནས་སེམས་དབེན་པ་ལ་གཞོལ་བ་ཡིན་ཞེས་བྱ་བ་ནས་མྱ་ངན་ལས་འདའ་བ་ལ་འབབ་པ་ཡིན་ཞེས་པའི་བར་དུ་གསུངས་ཤིང༌མདོ་གཞན་ལས་དེ་དག་དགྲ་བཅོམ་པའི་སྟོབས་སུ་གསུངས་ཏེ། མདོ་ལས། བཙུན་པ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་སྟོབས་དུ་ཞིག་མཆིས། ཤཱ་རིའི་བུ་དགེ་སློང་དགྲ་བཅོམ་པའི་སྟོབས་ནི་བརྒྱད་དེ། ཡུན་རིང་པོ་ནས་ཞེས་པ་ནས་འབབ་པ་ཡིན་ཞེས་པའི་བར་དང༌། ཟག་པའི་གནས་ལྟ་བུའི་ཆོས་ཐམས་ཅད་ལས་ནི་བསིལ་བར་གྱུར་ཅིང་བསིལ་བར་གྱུར་པ་ཞེས་དགྲ་བཅོམ་པར་གསུངས་པའི་ཕྱིར་རོ། །ཞེས་མདོ་སྡེ་དེ་དག་ཤེས་བྱེད་དུ་དྲང་ནས་དགྲ་བཅོམ་པ་ལས་ཉམས་པ་ཡོད་པར་དམ་འཆའོ། །དོན་འདི་ལ་མཛོད་འགྲེལ་དུ་མདོ་སྡེ་པ་རྣམས་ན་རེ་དགྲ་བཅོམ་པ་ཉིད་ལས་ཀྱང་ཡོངས་སུ་ཉམས་པ་མེད་དོ། །ཞེས་ཟེར་ཏེ་འདི་ཉིད་རིགས་པ་ཡིན་ནོ་ཅི་ལྟར་ཁོང་དུ་ཆུད་ཅེ་ན། ལུང་དང་རིགས་པས་སོ་ཞེས་སངས་རྒྱས་གཉིས་པ་ཡང་མདོ་སྡེ་པའི་ལུགས་བཟུང་ནས་བྱེ་བྲག་ཏུ་སྨྲ་བའི་ལོག་རྟོག་སུན་འབྱིན་པར་མཛད་དོ། །འདིར་འགྲེལ་བཤད་དུ་ཀྱང་ཞེས་བྱ་བའི་སྒྲས་ནི་མཐོང་བས་སྤང་བར་བྱ་བ་


JLD018_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་པས་ཡོངས་སུ་ཉམས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་དགྲ་བཅོམ་པ་ཉིད་ལས་ཀྱང་ཡོངས་སུ་ཉམས་པ་མེད་དོ་ཞེས་སྟོན་པར་བྱེད་དོ། །དང་པོ་མ་ཡིན་པ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་ལས་ནི་ཡོངས་སུ་ཉམས་པ་སྲིད་དེ། དེ་ནི་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་སྲིད་པའི་ཕྱིར་རོ། །སྙམ་དུ་བསམས་པ་ཡིན་ནོ་ཞེས་སངས་རྒྱས་གཉིས་པའི་ཡང་བཞེད་པས་འབྲས་བུ་དང་པོ་དང་ཐ་མ་གཉིས་ངེས་པར་འཇིག་རྟེན་ལས་འདས་པའི་ལམ་ཁོ་ནས་འཐོབ་པ་མི་ཉམས་ལ་འབྲས་བུ་བར་པ་གཉིས་ནི་འཕགས་པས་འཇིག་རྟེན་པའི་ལམ་གྱིས་ཀྱང་ཐོབ་པར་བྱེད་པས་དེ་གཉིས་ལས་ཉམས་པ་སྲིད་དེ་འཇིག་རྟེན་པའི་ལམ་གྱིས་སྤངས་པ་ནི་ལྡོག་པ་སྲིད་པའི་ཕྱིར་རོ། །ཞེས་བསྟན་ཏོ། །དོན་དེ་ནི་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡང་བཞེད་པར་མངོན་ཏེ། རྣམ་འགྲེལ་དུ། དེ་ཉིད་དང་བརྟན་དང༌། མ་ལུས་ཁྱད་པར་མཁྱེན་པར་འགྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག །ཅེས་ཐུབ་པའི་རྟོགས་པ་དེ། དེ་ཁོ་ན་ཉིད་མཁྱེན་པ་དང༌། མཁྱེན་པ་བརྟན་པ་དང༌། མ་ལུས་པ་མཁྱེན་པས་རིམ་པ་ལྟར་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་ལས་ལྷག་ཅེས་པ་ལྟར། སྡུག་བསྔལ་བརྟེན་མིན་ཕྱིར་ལེགས་ཡིན་ཞེས་དང༌། བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །ཞེས་དང༌། གོམས་ཕྱིར་མ་ལུས་སྤངས་པ་ཡིན། །ཞེས་ཐུབ་པའི་སྤངས་པ་ལེགས་པར་སྤངས་པ་དང༌། སླར་མི་ལྡོག་པར་སྤངས་པ་དང༌། མ་ལུས་པར་སྤངས་པའི་


JLD018_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་པ་ཁྱད་པར་གསུམ་ལྡན་ཏེ་རིམ་པ་ལྟར་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་ལས་ལྷག་པར་བསྟན་པར་དགོངས་པ་བརྟགས་ནུས་ཤིང༌སློབ་པའི་སྤངས་པ་སླར་མི་ལྡོག་ན་མི་ལྡོག་པར་སྤངས་པས་སློབ་པ་ལས་ཁྱད་པར་དུ་གྱུར་པར་སྒྲུབ་མི་ནུས་པའི་ཕྱིར་རོ། །དེ་ལྟར་འཕགས་པ་སློབ་པའི་སྤངས་པ་ལྡོག་སྲིད་པར་མཁས་པ་གཉིས་མཐུན་ཡང་ལྡོག་པའི་རྒྱུ་མཚན་མི་འདྲ་སྟེ། ཆོས་མངོན་པའི་ལུགས་བཤད་ཟིན་ལ་རིགས་པའི་དབང་ཕྱུག་ནི་ཉོན་མོངས་པ་སྤངས་པ་སླར་རྒྱུད་ལ་སྐྱེ་ན་སྤངས་པ་མི་ལྡོག་ཅིང་ཉོན་མོངས་པ་ཡང་བདག་ལྟའི་རྒྱུ་ཅན་ཡིན་པས་ཇི་སྲིད་བདག་འཛིན་དྲུངས་མ་ཕྱུང་བ་དེ་སྲིད་དུ་ཉོན་མོངས་པ་རྣམས་འཇུག་པས་ན་སློབ་པ་རྣམས་ལ་བདག་འཛིན་དྲུངས་ཕྱུང་བ་མེད་པའི་ཕྱིར་རོ། །སྙམ་དུ་དགོངས་སོ། །འོ་ན་དགྲ་བཅོམ་པ་ལས་མི་ཉམས་པ་ལ་ལུང་གང་ཡོད་པ་ཡིན་ཞེ་ན། མདོ་ལས། དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ། །ཞེས་དེ་འདྲ་བའི་སྤངས་པ་དེ་སླར་ཉོན་མོངས་མི་སྐྱེ་བས་སྤང་ངེས་སུ་གསུངས་པ་དང༌། སློབ་པ་ལ་བག་ཡོད་པ་ལ་བག་ཡོད་པར་བྱའོ་ཞེས་གསུངས་ཀྱི་དགྲ་བཅོམ་པ་ལ་བག་ཡོད་པར་བྱའོ། །ཞེས་མི་གསུངས་པ་དང༌ཆོས་མངོན་པ་ལས་ཀྱང་གནས་གསུམ་གྱིས་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་སྐྱེ་བར་འགྱུར་ཏེ་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན། འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་འགྱུར་བའི་ཆོས་རྣམས་སྣང་བར་གྱུར་པ་ཡིན། དེ་ལ་ཡང་ཚུལ་བཞིན་མ་ཡིན་པའི་


JLD018_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱེད་པ་ཡིན་ཞེས་ཉོན་མོངས་སྐྱེ་བ་ལ་རྒྱུ་རྐྱེན་གསུམ་ཚོགས་དགོས་པར་གསུངས་ལ། དགྲ་བཅོམ་པས་ཕྲ་རྒྱས་མ་ལུས་པར་སྤངས་པས་ན་སྐྱེ་བའི་རྒྱུ་མ་ཚང་ངོ༌། །རིགས་པ་ཇི་ལྟ་བུ་ཞེ་ན། གལ་ཏེ་དགྲ་བཅོམ་པ་དེ་ལ་ཉོན་མོངས་གཏན་མི་སྐྱེ་བའི་གཉེན་པོ་སྐྱེས་ན་ཇི་ལྟར་ཉམས་པ་ཡིན། འོན་ཏེ་མ་སྐྱེས་ན་ཉོན་མོངས་ཀྱི་ས་བོན་རྩད་ནས་མ་བཏོན་ན་ཅི་ལྟར་ཟག་ཟད་ཡིན། ཟག་ཟད་མིན་ན་ཡང་དགྲ་བཅོམ་པར་ཇི་ལྟར་འགྱུར། དེས་ན་དགྲ་བཅོམ་པ་ལས་ཉམས་པ་ནི་མེད་པ་ཡིན་ནོ། །འོ་ན་བྱེ་བྲག་ཏུ་སྨྲ་བས་དྲངས་པའི་མདོ་དེ་དག་གི་དགོངས་པ་གང་ཞེ་ན། འདིར་དགྲ་བཅོམ་པ་ཉམས་པ་ནི་དུས་སྦྱོར་ཡིན་ལ། དེ་གང་ལས་ཉམས་ན་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ལས་ཉམས་པ་མདོའི་དོན་ཡིན་ནོ། །མདོ་གཉིས་པ་ལས་ཀྱང་ལྷག་པའི་སེམས་ལས་བྱུང་བའི་བསམ་གཏན་བཞི་ལས་ཉམས་ཞེས་འབྱུང་བ་དང་སེམས་རྣམ་གྲོལ་ལས་གཏན་མི་ཉམས་པར་གསུངས་པས་ན་མདོའི་དོན་དེ་ལྟ་བུ་ཡིན་ནོ། །མདོ་གསུམ་པའི་དོན་ཡང་གནག་ཚོགས་ཅན་ཡང་ཡང་ཉམས་ནས་ལྕེབས་པ་ནི་དེ་དགྲ་བཅོམ་པ་ལས་ཡང་ཡང་ཉམས་ནས་ལྕེབས་པ་མིན་ནོ། །འོ་ན་ཅི་ཞེ་ན། གནག་ཚོགས་ཅན་སློབ་པའི་ཚེ་བསམ་གཏན་གྱི་རོ་མྱངས་པ་དང༌། དབང་པོ་རྟུལ་བའི་ཕྱིར་བསམ་གཏན་ལས་ཡང་ཡང་ཉམས་པ་དང༌། ཡིད་ཆད་ནས་རང་ལ་མཚོན་བསྣུན་ནས་འཆི་ཁའི་ཚེ་དགྲ་བཅོམ་པ་ཐོབ་ནས་མྱ་ངན་ལས་འདས་པ་ཡིན་ནོ། །མདོ་བཞི་པའི་དོན་ཡང་སློབ་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །འོ་ན་དགྲ་བཅོམ་པའི་སྟོབས་དེ་ལ་ཡོད་པར་བཤད་པའི་སེམས་དབེན་པ་ལ་སོགས་པ་གསུངས་པ་མ་


JLD018_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ་ཞེ་ན། ཉེས་པ་མེད་དེ་ཡུན་རིང་པོ་ནས་སེམས་དབེན་པ་ལ་གཞོལ་བ་སོགས་ནི་སློབ་པ་ལ་ཡང་ཡོད་ལ། དགྲ་བཅོམ་པའི་དེ་ནི་ཤིན་ཏུ་ཕུལ་དུ་བྱུང་བས་ཁྱད་པར་ཡོད་དོ། །དགྲ་བཅོམ་སྤངས་པ་ཟློག་ཅེས་པའི། །བྱེ་བྲག་སྨྲ་བའི་ངན་རྟོགས་རྣམས། །སངས་རྒྱས་གཉིས་པས་ལུང་རིགས་ཀྱིས། །ལེགས་པར་བཀག་རྣམས་རྒྱས་པར་བཀྲལ། །མངས་ཀྱིས་དོགས་ནས་ཤེས་བྱེད་རྣམས། །རྒྱས་པར་མ་བཀོད་རང་འགྲེལ་དང༌། །འགྲེལ་བཤད་དགོངས་པ་ཚུལ་བཞིན་དུ། །ཕྱེ་བ་ཡིན་གྱི་སོམ་ཉི་དོར། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། ༈ དུས་དང་སྦྱོར་བ་དང་དུས་དང་མི་སྦྱོར་བ་ཡང་གང་ཞེ་ན། དེ་ལ་དགྲ་བཅོམ་པ་དང་པོ་ལྔ་ནི་རྣམ་གྲོལ་སྤངས་པ་དེ་དུས་རེ་ཞིག་གི་བར་དུ་གནས་ནས་ཉམས་སྲིད་པའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་ཡིན་ལ་དྲུག་པ་ནི་ཉམས་མི་སྲིད་པས་རྣམ་གྲོལ་སྤངས་པ་དེ་དུས་འདི་ཙམ་ནས་ལྡོག་པ་མེད་པའི་ཕྱིར་གཏན་དུ་གྲོལ་བས་ན་དུས་དང་མི་སྦྱོར་བར་རྣམ་གྲོལ་བ་ཞེས་བྱ་སྟེ། མཛོད་འགྲེལ་ལས། ཡོངས་སུ་ཉམས་པ་སྲིད་པ་དང༌། མི་སྲིད་པའི་སྒོ་ནས་དུས་གཞན་གྱི་བར་དང་གཏན་དུ་རྣམ་པར་གྲོལ་བའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་དང༌། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཉིད་ཡིན་ཞེས་ཏེ་དེ་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པའོ། །སློབ་དཔོན་གྱི་བཞེད་པ་ནི་དེ་ཉིད་ལས། དགྲ་བཅོམ་པ་ཉིད་ཀྱི་རྣམ་པར་གྲོལ་བ་ནི། རྟག་ཏུ་རྗེས་སུ་འབྲེལ་བའི་ཕྱིར་དུས་དང་མི་སྦྱོར་བ་ཡིན་པར་ཡང་མི་རུང་ལ་ཞེས་དགྲ་བཅོམ་པའི་རྣམ་གྲོལ་སྤངས་


JLD018_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྟག་ཏུ་དེ་ཁོ་ན་ལྟར་གནས་པས་ཉམས་པ་མི་སྲིད་པས་དེ་ལ་དུས་ལ་ལྟོས་མི་ལྟོས་མི་རུང་ཞེས་བཀག་ནས་འོ་ན། མཛོད་འགྲེལ་ལས། དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཞེས་ཅི་སྐད་ཅེས་བྱ་ཞེ་ན། གང་ཞིག་དབང་པོ་བརྟུལ་བའི་ཕྱིར་ཏིང་ངེ་འཛིན་མངོན་སུམ་དུ་འགྱུར་བ་དུས་ལ་ལྟོས་པ་ཡིན་ནོ། །ཟློག་པ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཡིན་ནོ་ཞེས་པ་ལྟར་བསམ་གཏན་གྱི་དངོས་གཞིའི་ཏིང་ངེ་འཛིན་མངོན་དུ་འགྱུར་བ་འཚོ་བའི་ཡོ་བྱེད་དང་ལྡན་པ་དང༌། ལུས་ལ་ནད་མེད་པ་དང༌། ཡུལ་མི་མཐུན་པ་མེད་པའི་དུས་ཀྱི་ཁྱད་པར་ལ་ལྟོས་པ་དང་མི་ལྟོས་པ་གཉིས་རིམ་པ་བཞིན་དུ་དུས་སྦྱོར་དང་དུས་མི་སྦྱོར་གྱི་དོན་ནོ། །བལྟོས་པའི་དུས་ཀྱི་ཁྱད་པར་ལ་བྱེ་བྲག་ཏུ་སྨྲ་བ་དང་འདྲ་ཡང་བལྟོས་ཆོས་ལ་མི་མཐུན་ཏེ་བྱེ་བྲག་ཏུ་སྨྲ་བ་ནི་རྣམ་གྲོལ་དགྲ་བཅོམ་པ་ཉིད་ལ་འཆད་ཅིང༌། སློབ་དཔོན་ནི་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ལ་བཞེད་པའི་ཕྱིར་རོ། །བཅུ་ལས་འཕྲོས་པ་ལས་ཀྱང་བསྐྱེད་པར་བྱ་བའི་ཆོས་ནི་གཅིག་སྟེ་སེམས་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་བ་ཡིད་དུ་འོང་བ་ཡིན་ནོ། །མངོན་སུམ་དུ་བྱ་བའི་ཆོས་ནི་གཅིག་སྟེ་སེམས་རྣམ་པར་གྲོལ་བ་མི་གཡོ་བ་ཡིན་ནོ་ཞེས་གསུངས་པས་ན་བྱེ་བྲག་ཏུ་སྨྲ་བའི་དེ་མི་འཐད་དེ་གལ་ཏེ་དུས་སྦྱོར་གྱི་རྣམ་གྲོལ་ནི་དགྲ་བཅོམ་པ་ཡིན་ན་མངོན་དུ་བྱ་བའི་ཆོས་སུ་བསྟན་པ་དེ་ཡང་དགྲ་བཅོམ་པ་ཉིད་ཡིན་པས་ན་དགྲ་བཅོམ་པ་ལན་གཉིས་སུ་བསྟན་པ་དང༌། དགྲ་བཅོམ་ནི་དགྲ་བཅོམ་པས་གང་དུ་ཡང་བསྐྱེད་བྱར་མ་གསུངས་ལ་སྐབས་དེའི་བསྐྱེད་བྱ་དང་མངོན་དུ་བྱ་བ་གཉིས་ནི་དགྲ་བཅོམ་པའི་དབང་དུ་མཛད་པའི་ཕྱིར་རོ། །སྔར་བཤད་པའི་དགྲ་བཅོམ་པ་དེ་


JLD018_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་མི་སློབ་པ་དགུ་ཞེས་པའི་ཐ་སྙད་ཀྱང་མཛད་དོ། །མདོ་ལས་མི་སློབ་པ་དགུ་གང་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་དང་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་ཅན་དང༌། འཆི་བར་སེམས་པའི་ཆོས་ཅན་དང༌། ཞེས་པ་ནས། མི་གཡོ་བའི་ཆོས་ཅན་དང་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་སྟེ། འདི་དག་ནི་མི་སློབ་པ་དགུ་ཞེས་བྱའོ་ཞེས་གང་གསུངས་པའོ། །བོད་རྣམས་ཁ་ཅིག་དགྲ་བཅོམ་པ་རྒྱན་ཅན་དང་རྐྱེན་མེད་ཅེས་པའི་ཐ་སྙད་བྱེད་མོད།འོན་ཀྱང་རྒྱན་ཡོད་མེད་ནི། ཀུན་ལས་བཏུས་ལས། འགོག་བདེན་ལ་ཤེས་རབ་ཀྱིས་རྣམ་གྲོལ་གྱི་འགོག་པ་རྒྱན་མེད་དང༌གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་རིག་པ་གསུམ་དང་མངོན་ཤེས་དྲུག་ལྡན་གྱི་འགོག་པ་རྒྱན་བཅས་སུ་གསུངས་ཀྱི་དགྲ་བཅོམ་པ་ལ་ནི་རྣམ་གཞག་བྱས་པ་མ་མཐོང་ལ་ཅི་སྟེ་ཐ་སྙད་འདོགས་ན་ནི་ཤེས་རབ་ཀྱིས་དང་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་རང་བཞིན་ཇི་འདྲ་བ་དེ་ལྟ་བུར་བསྙད་དོ། །དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་བཤད་ཟིན་ཏོ། ༈ དེ་ལྟར་ཞུགས་གནས་བརྒྱད་བཤད་པ་དེ་དག་ནི་སྤང་བྱ་མཐར་གྱིས་སྤོང་བ་དང༌། འབྲས་བུ་མཐར་གྱིས་མངོན་དུ་བྱེད་པའི་དབང་དུ་བྱས་ནས་བསྟན་གྱི་འཕགས་པའི་གང་ཟག་དེ་དག་དེ་ཁོ་ནར་ངེས་པ་ནི་མ་ཡིན་ཏེ། འདི་ལྟར་དུ་འབྲས་བུ་འཐོབ་པ་ལ་ཐོད་རྒལ་བ་དང་རིམ་གྱིས་པ་གཉིས་དང༌། སྤང་བྱ་སྤོང་བ་ལ་ཡང་མཐར་གྱིས་དང༌། ཅིག་ཅར་དུ་སྤོང་བ་གཉིས་ཏེ་བཞིར་འགྱུར་རོ། །དེ་ལ་འབྲས་བུ་ཐོད་རྒལ་བ་ནི། སྤང་བྱ་རིམ་གྱིས་པ་དང་


JLD018_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགལ་ལ་འབྲས་བུ་རིམ་གྱིས་པ་ནི་སྤང་བྱ་ཅིག་ཅར་བ་དང་འགལ་བ་ཡིན་ནོ། །དེ་ལྟར་གང་ཟག་བཞི་པོ་འདི་ཞུགས་གནས་གང་ལ་བཞག་ཅེ་ན་འབྲས་བུ་དང་སྤང་བྱ་མཐར་གྱིས་པ་ནི་ཞུགས་གནས་བརྒྱད་ཆར་ལ་ཡོད་ལ་འབྲས་བུ་ཐོད་རྒལ་བ་ནི་འབྲས་བུ་བར་པ་གཉིས་ཀྱི་ཞུགས་གནས་བཞི་ཁོ་ན་ལ་བཞག་སྟེ། བཅུ་དྲུག་པ་དང་པོར་ཐོབ་པའི་ཚེ་འབྲས་བུ་སྔ་མ་སྔོན་དུ་མ་བཏང་བར་འབྲས་བུ་ཕྱི་མ་ཐོབ་པ་དེ་འབྲས་བུ་ཐོད་རྒལ་བའི་དོན་ཡིན་ཞིང་རྒྱུན་ཞུགས་ལ་འབྲས་བུ་སྔ་མ་དོར་རྒྱུ་མེད་པའི་ཕྱིར་དང༌། དགྲ་བཅོམ་པ་བཅུ་དྲུག་པའི་ཚེ་ཐོབ་པར་མི་ནུས་ཏེ་མཐོང་ལམ་གྱི་སྔོན་དུ་སྲིད་རྩེའི་སྒོམ་སྤང་མི་སྤོང་བ་དང་མཐོང་ལམ་གྱིས་ཀྱང་བསྒོམ་སྤང་དེ་སྤང་མི་ནུས་པའི་ཕྱིར་རོ། །དེ་ལ་སྤང་བྱ་ཅིག་ཅར་བ་ནི་འབྲས་བུ་དང་པོ་དང་ཐ་མ་གཉིས་ཉིད་ལ་བཞག་སྟེ་ཕྱིར་འོང་ལ་ཁམས་གོང་མའི་ཉོན་མོངས་གང་ཡང་སྤངས་པ་མེད་པའི་ཕྱིར་དང༌། འདོད་པའི་དགུ་པ་མ་སྤངས་ན་ཕྱིར་མི་འོང་དུ་མི་འགྱུར་ལ་དགུ་པ་སྤངས་ན་ཁམས་གསུམ་གའི་དགུ་ཆར་སྤངས་པས་དགྲ་བཅོམ་དུ་འགྱུར་བའི་ཕྱིར་རོ། །དེ་ལ་མངོན་པ་མཛོད་དུ་ནི། འབྲས་བུ་ཐོད་རྒལ་དུ་དང་མཐར་གྱིས་མངོན་དུ་བྱེད་པ་གཉིས་བཤད་ཀྱི་ཅིག་ཅར་བ་གཏན་མི་འདོད་མོད། རྨོངས་པ་དག་ནི་མཛོད་ལས་བཤད་པའི་བསེ་རུ་ལྟ་བུའི་རང་རྒྱལ་ཅིག་ཅར་བར་འདོད་པ་ནི་ཆ་མེད་ཀྱི་རྒྱུས་གཏམ་སྨྲས་ནས་རང་གི་དེ་ཁོ་ན་ཉིད་སྟོན་པར་མཐོང་སྟེ། མཛོད་ལས། སྤྱིར་འདོད་པའི་ཁམས་ཀྱི་རྗེས་མ་ཡིན། །ཞེས་པ་ལྟར་ཁམས་གོང་གི་གཉེན་པོར་སོང་བ་དེས་འདོད་སྔ་རབས་པ་པའི་གཉེན་པོ་བྱེད་པར་གཏན་མི་འདོད་དོ། །བྱེ་བྲག་ཏུ་སྨྲ་བ་


JLD018_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བསེ་རུ་ལྟ་བུ་ནི། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །དེའི་སྔོན་དུ་ཐར་ཆ་མཐུན་ཞེས་པ་ལྟར་བསམ་གཏན་བཞི་པ་ལ་བརྟེན་ནས་སྦྱོར་ལམ་མཐོང་ལམ་བསྒོམ་ལམ་མི་སློབ་ལམ་ཀུན་སྟན་གཅིག་ལ་བསྐྱེད་པ་ཡིན་པས་ན་སོ་སོ་སྐྱེ་བོ་དང་དགྲ་བཅོམ་པ་གཞི་གཅིག་པ་གཅིག་ཁས་ལེན་དགོས་ཏེ། འདོད་ཉོན་དགུ་པ་མ་སྤངས་པར་བསམ་གཏན་གྱི་དངོས་གཞི་མི་ཐོབ་ལ་དེ་ཐོབ་ན་ཁམས་གསུམ་ཆར་གྱི་དགུ་པ་སྤངས་པས་དགྲ་བཅོམ་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་བསེ་རུ་ལྟ་བུ་ཡིན་ན་ངེས་པར་ཅིག་ཅར་བ་ཡིན་པ་འགལ་བ་ཡིན་ནོ། །དེས་ན་འབྲས་བུ་ཐོད་རྒལ་བའི་ཟླས་དྲངས་པའི་མཐར་གྱིས་པ་ནི་འབྲས་བུ་མཐར་གྱིས་པ་ཡིན་ཏེ། མཛོད་འགྲེལ་ལས། རྫས་སུ་ནི་རྣམ་པ་ལྔ་སྟེ་ཞུགས་པ་དང་པོ་དང་འབྲས་བུ་ལ་གནས་པ་བཞིའོ་ཞུགས་པ་ལྷག་མ་རྣམས་ནི་འབྲས་བུ་ལ་གནས་པ་གསུམ་ལས་ཐ་མི་དད་པའི་ཕྱིར་རོ། །མཐར་གྱིས་འཐོབ་པའི་ཕྱིར་དེ་སྐད་ཅེས་བཤད་ཀྱི་ཅེས་ཞུགས་པ་ཕྱི་མ་གསུམ་འབྲས་བུ་ལ་གནས་པ་དང་པོ་གསུམ་ལས་རྫས་ལོག་པ་མེད་པས་རྫས་ལྔར་བཞག་པ་ནི་མཐར་གྱིས་པའི་དབང་དུ་བྱས་ཞེས་པའི་འགྲེལ་བཤད་དུ། འབྲས་བུ་བཞི་མཐར་གྱིས་འཐོབ་པའི་ཕྱིར་ཞེས་འབྱུང་བའི་ཕྱིར་རོ། །ཡང་འགྲེལ་པ་དེའི་འཕྲོས་ཉིད་ནས། ཕལ་ཆེར་ལས་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་དག་ཅིག་ཡིན་ན་ནི་མཐོང་བའི་ལམ་ལ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་འབྲས་བུ་ལ་ཞུགས་པ་དག་ཡིན་གྱི་


JLD018_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དག་ཀྱང་མ་ཡིན་ནོ་ཞེས་རིམ་གྱིས་པའི་ལུགས་སྔར་བཤད་པ་ལྟར་ཡིན་གྱི་ཐོད་རྒལ་བ་ཡིན་ན་འབྲས་བུ་ཕྱི་མ་ལ་ཞུགས་པ་འབྲས་བུ་སྔ་མ་ལ་གནས་པ་ཡིན་པའི་ངེས་པ་མེད་དེ་ཐོད་རྒལ་བའི་ཕྱིར་འོང་ལ་ཞུགས་པ་དང༌། ཕྱིར་མི་འོང་ཞུགས་པ་རིམ་པ་བཞིན་རྒྱུན་ཞུགས་དང་ཕྱིར་འོང་མིན་ནོ་ཞེས་གསུངས་པའི་འགྲེལ་བཤད་དུ་དེ་ལྟ་ཡིན་ན་ནི་རྫས་སུ་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་སུ་ལ་ཞུགས་པ་གསུམ་དང༌། འབྲས་བུ་ལ་གནས་པ་བཞི་སྟེ་བདུན་དུ་འགྱུར་གྱི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་གཅིག་བུ་ཕྱིར་མི་འོང་འབྲས་བུ་ལས་ཐ་མི་དད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཞེས་མཛོད་པའི་དགོངས་པར་བསམ་ནས་ཆགས་བྲལ་སྔོན་སོང་ལ་རྫས་བདུན་གྱི་རྣམ་གཞག་ཀྱང་ཡོད་དོ། །ཞེས་ཕྱོགས་བཅུར་སྒྲོགས་པའི་མཁས་པ་ཆོས་མངོན་པའི་དོན་ལྟ་བ་ལ་བློ་གྲོས་ཀྱི་མིག་དང་ལྡན་པ་དག་སྣང་མོད། དེ་ལྟར་བཞག་པར་ནུས་པ་མ་ཡིན་ཏེ། འགྲེལ་བཤད་ཀྱི་དགོངས་པ་ནི་མཐར་གྱིས་པ་ལ་རྫས་ལྔ་དང༌། ཐོད་རྒལ་བའི་ཞུགས་པ་གཉིས་འབྲས་གནས་ལས་རྫས་ལོག་པར་བཞག་པ་དེ་ལྟ་ཡིན་ཏེ་དེ་ལྟར་བྱས་ན་ཞུགས་གནས་ཀྱི་གང་ཟག་དེ་དག་རྫས་བདུན་དུ་འགྱུར་ཏེ། མཐར་གྱིས་པའི་སྐབས་སུ་ཞུགས་པ་དང་པོ་གཅིག་པུ་དང་ཐོད་རྒལ་བའི་ཞུགས་པ་གཉིས་ཏེ་འབྲས་བུ་དང་པོ་གསུམ་ལ་ཞུགས་པའི་གང་ཟག་གསུམ་དང༌། འབྲས་གནས་བཞི་དང་བདུན་དུ་འགྱུར་བའི་ཕྱིར་རོ། །དགྲ་བཅོམ་པ་ལ་ཞུགས་པ་ནི་མཐར་གྱིས་པ་ཁོ་ནའི་ཡིན་ལ་འབྲས་བུ་


JLD018_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྔོན་དུ་བཏང་བས་ན་དེ་ཕྱིར་མི་འོང་ལས་ཐ་མི་དད་ཅེས་པའི་དོན་ཡིན་ནོ། །ཐོད་རྒལ་བའི་སྐབས་ཐམས་ཅད་དུ་ཕལ་ཆེར་ལས་དང་འདོད་པ་ལས་ཆགས་བྲལ་སྔོན་དུ་སོང་བ་གཉིས་ཁོ་ན་མངོན་པའི་གཞུང་ཐམས་ཅད་དུ་འབྱུང་བས་དེ་ལ་ནི་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་ཆོས་མངོན་པ་རྣམ་པར་འབྱེད་པ་ལ་ཆོས་ཀྱི་སྤྱན་ལྡན་ཆེན་པོ་ལ་འཁྲུལ་པའི་གནས་གང་ན་ཡོད་དེ་དེའི་ཕྱིར་ཚིག་དེ་ལྟ་བུ་ལ་རྣ་གཏད་པར་མི་བྱའོ། །སྤང་བྱ་ཅིག་ཅར་བའི་ཟླས་དྲངས་པའི་མཐར་གྱིས་པ་ནི་སྤང་བྱ་མཐར་གྱིས་པ་ཡིན་པས་མཐར་གྱིས་པའི་དོན་དེ་གཉིས་སུ་ངེས་སོ། །དེའི་ཕྱིར་གང་དག་ལམ་རིམ་གྱིས་པ་ཞེས་པའི་བརྡ་འདོགས་པ་ཡང་མཐར་གྱིས་པའི་བརྡའ་སྦྱོར་འདོད་ཀྱང་བརྡའི་དོན་མ་ཤེས་པར་ཟད་དོ། །ཐོད་རྒལ་བའི་ཕྱིར་འོང་ལ་ཞུགས་པ་གང་ཞེ་ན། སྤྱིར་འབྲས་བུར་འཇོག་པ་ནི་མཐོང་སྤང་སྤངས་པའི་སྤངས་པའི་སྟེང་དུ་སྒོམ་སྤང་གི་སྤངས་པ་བསྡོམས་བོད་སྔ་མ་ཁ་ཅིག་ནས་འབྲས་བུ་ཕྱི་མ་གསུམ་འཇོག་ལ། མཐོང་སྤང་སྤངས་པ་གཅིག་པུས་ནི་རྒྱུན་ཞུགས་ཀྱི་འབྲས་བུ་ཁོ་ན་འཇོག་གོ། དེ་ལ་མཐོང་ལམ་གྱི་སྔོན་དུ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་བསྒོམ་སྤང་དྲུག་པ་སྤངས་དགུ་པ་མ་སྤངས་པ་དང༌། རྟོགས་པ་སྐད་ཅིག་མ་དང་པོ་བཅོ་ལྔ་ལ་གནས་པ་ན་ཕྱིར་འོང་གི་འབྲས་བུ་ལ་ཞུགས་པ་ཡིན་ཞིང་དེས་བཅུ་དྲུག་པ་ཐོབ་པ་དང་མཐོང་སྤང་མ་ལུས་པར་སྤངས་པ་དང༌། སྔར་གྱི་དྲུག་པ་སྤངས་པའི་སྒོམ་སྤང་གི་སྤངས་པ་བསྡོམས་པས་ཕྱིར་འོང་གི་འབྲས་བུ་དང་པོར་


JLD018_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་དེ་ཕྱིར་འོང་ཐོད་རྒལ་བ་སྟེ་རྒྱུན་ཞུགས་ཀྱི་འབྲས་བུ་མ་ཐོབ་པར་ཕྱིར་འོང་ཐོབ་པའི་ཕྱིར་རོ། །ཐོད་རྒལ་བའི་ཕྱིར་མི་འོང་ལ་ཞུགས་པ་གང་ཞེ་ན། མཐོང་ལམ་གྱི་སྔོན་དུ་བྱིས་ལམ་གྱིས་འདོད་ཉོན་དགུ་པ་ངེས་པར་སྤངས་པ་བསམ་གཏན་དང་པོ་ནས་ཅི་ཡང་མེད་པ་ཕྱིན་ལ་ཆགས་པ་དང་མ་བྲལ་ཡང་རུང་བྲལ་ཡང་རུང་དེ་ལྟ་བུ་དེ་མཐོང་ལམ་དང་པོ་བཅོ་ལྔ་ལ་གནས་པ་ན་ཕྱིར་མི་འོང་ལ་ཞུགས་པ་ཡིན་ནོ། །དེ་ལྟ་བུ་དེས་བཅུ་དྲུག་པ་ཐོབ་པ་ན་སྔར་ལྟར་སྤངས་པ་བསྡོམས་པས་ཕྱིར་མི་འོང་ཡིན་ནོ། །དེ་དག་གི་ཤེས་བྱེད་ཀྱང་མཛོད་ལས། གཉིས་པ་ལ། དགུ་པ་ཚུན་ཆད་ཟད་པ་ཡིན། །འདོད་པའམ་ཡང་ན་གོང་མ་ལ། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གང་ཞིག་གང་ལ་ཞུགས་པ་ཡི། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་གང་གསུངས་པའོ། །འདིར་མཁས་པ་སྔ་མ་རྣམས་རྒྱུན་ཞུགས་ལ་ཡང་ཆགས་བྲལ་སྔོན་སོང་འདོད་པ་དང༌། ཀུན་ལས་བཏུས་ལས། འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་རྒྱུན་དུ་ཞུགས་པར་འགྱུར་རོ། །ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ན་ཕྱིར་མི་འོང་བར་འགྱུར་རོ་ཞེས་པའི་དོན་དུ་བསམས་ནས་ཞུགས་པ་དང་པོ་དང་ཐོད་རྒལ་བའི་འབྲས་བུ་བར་པ་གཉིས་ལ་ཞུགས་པ་རིམ་པ་བཞིན་དུ་རྒྱུན་ཞུགས་དང་ཕྱིར་འོང་དང་ཕྱིར་མི་འོང་ཡིན་ཞེས་འདོད་པ་ཡང་འཐད་པར་མ་


JLD018_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་སྟེ་རྒྱུན་ཞུགས་ལ་མཐོང་ལམ་གྱི་སྔར་འདོད་ཉོན་གཅིག་ནས་ལྔའི་བར་སྤངས་པ་སྔོན་དུ་སོང་བ་ཡོད་མོད། འོན་ཀྱང་དེ་ཙམ་གྱིས་ཆགས་བྲལ་སྔོན་སོང་དུ་མི་འགྱུར་གྱི་འབྲས་བུ་གང་དང་གང་གི་ཐུན་མོང་མ་ཡིན་པའི་སྤང་བྱ་དེ་ཉིད་སྤངས་པ་སྔོན་དུ་འགྲོ་དགོས་ཤིང་རྒྱུན་ཞུགས་ཀྱི་སྤང་བྱའི་གཙོ་བོ་མཐོང་སྤང་ཡིན་ལ། དེ་ལ་སྲིད་རྩེའི་ས་པའི་མཐོང་སྤང་ཀྱང་ཡོད་པས་དེ་བྱིས་ལམ་གྱིས་སྤོང་མི་ནུས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དགྲ་བཅོམ་པ་ལ་ཡང་ཆགས་བྲལ་སྔོན་སོང་འདོད་དགོས་ཏེ་དགྲ་བཅོམ་པ་ལ་གེགས་སུ་གྱུར་པའི་སྤང་བྱ་འགའ་ཞིག་མཐོང་ལམ་གྱི་སྔོན་དུ་ཡང་སྤངས་པ་ཡོད་པའི་ཕྱིར་རོ། །ཀུན་ལས་བཏུས་ཀྱི་ལུང་གི་དོན་ཡང་དེ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལུང་དེའི་གོང་དུ་རྒྱུན་དུ་ཞུགས་པ་གང་ཞེ་ན། གང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ལ་གནས་པའི་གང་ཟག་གོ། མཐོང་བའི་ལམ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་པ་སྟེ་ཞེས་བཅུ་དྲུག་པ་ལ་གནས་པ་དེ་རྒྱུན་ཞུགས་སུ་བཤད་པ་ན་སེམས་བཅུ་དྲུག་པ་ལ་དང་པོར་འབྲས་བུ་ཐོབ་པ་ཐམས་ཅད་རྒྱུན་ཞུགས་ཡིན་ནམ་སྙམ་པ་ལ་འདོད་པའི་ཉོན་མོངས་གཏན་མ་སྤངས་པ་ཞིག་མཐོང་ལམ་ལ་ཞུགས་ནས་བཅུ་དྲུག་པ་ཐོབ་པ་ན་རྒྱུན་ཞུགས་དང་དེ་བཞིན་དུ་འདོད་པའི་ཉོན་མོངས་ཕལ་ཆེ་བ་དྲུག་པ་མན་ཆད་ཙམ་སྤངས་པ་དང༌། འདོད་པའི་དགུ་པ་རིམ་གྱིས་སྤངས་པ་མཐོང་ལམ་ལ་ཞུགས་ནས་བཅུ་དྲུག་པ་ནམ་ཐོབ་པའི་ཚེ་རིམ་པ་བཞིན་ཕྱིར་འོང་དང་ཕྱིར་མི་འོང་ཡིན་ནོ། །ཞེས་པ་ཡིན་གྱི་བཅུ་དྲུག་


JLD018_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔོན་དུ་དེ་དག་ཡིན་ཞེས་པའི་དོན་མིན་ཏེ། ཀུན་ལས་བཏུས་ལས། དེའི་གོང་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་རྒྱུན་དུ་ཞུགས་པ་དང་དེ་བཞིན་དུ་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་གསུམ་ཆར་ལ་བཤད་པའི་ཕྱིར་རོ། །དེ་ལྟར་སློབ་དཔོན་ཐོགས་མེད་ནི། འབྲས་བུ་དང་པོ་གསུམ་ལ་གནས་པའི་མཐོང་ལམ་པར་ཡང་བཞེད་དེ་བཅུ་དྲུག་པ་མཐོང་ལམ་ཡིན་པའི་ཕྱིར་རོ། །མཛོད་པ་ནི་སློབ་པ་འབྲས་གནས་ཡིན་ན་སྒོམ་ལམ་པས་ཁྱབ་པར་འདོད་དོ། །བཅུ་དྲུག་པ་མ་ཐོབ་པར་འབྲས་བུ་མི་འཐོབ་པའི་ཕྱིར་དང༌། བཅུ་དྲུག་པ་སྒོམ་ལམ་ཡིན་པར་འདོད་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་སྔ་མ་སྔོན་དུ་མ་བཏང་བར་འབྲས་བུ་ཕྱི་མ་ཐོབ་པ་དེ་ཐོད་རྒལ་བ་ཡིན་ན་ཅིག་ཅར་བའི་དགྲ་བཅོམ་པ་ཡང་ཐོད་རྒལ་བར་འགྱུར་ཏེ་ཕྱིར་མི་འོང་མ་ཐོབ་པར་དགྲ་བཅོམ་གྱི་འབྲས་བུ་ཐོབ་པའི་ཕྱིར་རོ། །ཞེ་ན། ཉེས་པས་གོས་པ་མེད་དེ་འདི་ལྟར་ཁོ་བོ་ཅག་འབྲས་བུ་སྔ་མ་སྔོན་དུ་མ་བཏང་བར་འབྲས་བུ་ཕྱི་མ་ཐོབ་ཙམ་གྱིས་ཐོད་རྒལ་བར་མི་འདོད་དོ། །འོ་ན་ཅི་ཞེ་ན། སྤྱིར་རྒྱུན་ཞུགས་ཀྱི་འབྲས་བུ་སེམས་བཅུ་དྲུག་པ་ལ་ཐོབ་པ་དེས་ཕྱིས་ལམ་བསྒོམ་སྟེ་དྲུག་པ་སྤངས་ནས་ཕྱིར་འོང་དགུ་པ་སྤངས་ཏེ་ཕྱིར་མི་འོང་འཐོབ་པ་ལུགས་དང་མཐུན་པ་ལ། ཅི་ཡང་མེད་པ་ཕྱིན་གྱི་སྒོམ་སྤང་ཅི་རིགས་པ་བྱིས་ལམ་གྱིས་སྤོང་བ་ཡོད་པས་གང་ཟག་གི་ཁྱད་པར་འགའ་ཞིག་མཐོང་ལམ་གྱི་སྔོན་དུ་འདོད་པའི་དྲུག་པ་དང་དགུ་པ་སྤངས་པ་དེ་དག་བཅུ་དྲུག་པ་ཐོབ་མ་ཐག་འབྲས་བུ་བར་པ་གཉིས་འཐོབ་པས་དེ་དག་སྔར་བཤད་པ་ལྟར་གྱི་འབྲས་བུ་འཐོབ་པའི་གོ་རིམ་དང་མི་མཐུན་པས་ཐོད་རྒལ་བར་བཞག་ལ་དེ་ལྟ་


JLD018_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྤངས་པ་སྔོན་དུ་སོང་བ་ནི་ཅིག་ཅར་བ་ལ་མེད་ན་ཧ་ཅང་ཐལ་བ་ཅི་སྟེ་ཚོལ་དེའི་ཕྱིར་ཀླན་ཀ་དེ་ནི་གྱི་ནའོ། །འོ་ན་ཐོད་རྒལ་བའི་ཕྱིར་འོང་འབྲས་གནས་དེས་ཕྱིས་ཕྱིར་མི་འོང་ཐོབ་པ་ན་གང་ཟག་དེ་གང་དུ་འདོད་པར་བྱ་ཞེ་ན། །འདི་འབྲས་བུ་ཐོད་རྒལ་བ་དང་མཐར་གྱིས་པ་གང་ཡང་མིན་ཞེས་པ་དང༌། ཕྱིར་མི་འོང་ལ་སྔོན་ལ་བཏང་བར་བྱས་པ་ནི་ཕྱིར་འོང་ཡིན་ལ་དེ་བཏང་བས་འབྲས་བུ་མཐར་གྱིས་པ་ཡིན་ཞེས་ཀྱང་འདོད་པ་ཡོད་པས་གང་ལ་དད་པའི་རྗེས་སུ་འབྲང་ངོ་། ། ཉེ་དཔོན་ དེ་ལྟར་ན་མཛོད་ལས་ཐོད་རྒལ་བའི་སྐབས་སུ་རྒྱུན་ཞུགས་བཤད་པ་ནི་ཞར་བྱུང་ཙམ་སྟེ་འགྲེལ་པའི་བཤད་ཟིན་གྱི་མཚམས་སྦྱོར་དུ་ཕལ་ཆེར་ལས་དང་འདོད་པ་ལས་འདོད་ཆགས་ བདག་གི་བླ་མ་དག་ དང་བྲལ་བའི་གང་ཟག་རྣམས་ཀྱི་རྣམ་པར་བཞག་པ་ནི་དེ་ལྟ་བུ་ཡིན་ནོ་ཞེས་གཉིས་ཤིག་སྨོས་པའི་ཕྱིར་རོ། །ཐོད་རྒལ་བ་ལ་རྫས་བདུན་དང༌། །ཞུགས་པ་དང་པོ་རྣམ་པ་གསུམ། །རྒྱུན་ཞུགས་སོགས་སུ་འདོད་པ་ཡི། །ངན་རྟོག་བཀག་ནས་ཐོད་རྒལ་བའི། །འཕགས་པ་རྣམས་ཀྱི་སྤངས་རྟོགས་དག །མ་ནོར་བཤད་ནས་བདག་གཞན་རྣམས། །མཁས་པའི་རྗེས་སུ་ཁྲིད་ནས་ནི། །བླུན་པོའི་ངན་རྟོག་བྲལ་བར་བྱས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཐོད་རྒལ་བ་བཤད་ཟིན་ཏོ། ༈ སྤང་བྱ་ཅིག་ཅར་དུ་སྤང་བ་གང་ཞེ་ན། ཀུན་ལས་བཏུས་ལས། རྒྱུན་དུ་ཞུགས་པའི་གང་ཟག་ཅེས་གང་གསུངས་པ་ལ་རྒྱུན་དུ་ཞུགས་པ་ནི་རྣམ་པ་གཉིས་ཏེ་མཐར་གྱིས་པ་དང༌། ཅིག་


JLD018_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་ངེས་པར་འབྱིན་པའོ། །མཐར་གྱིས་པ་ནི་ཇི་སྐད་བསྟན་པ་བཞིན་ནོ། །ཅིག་ཅར་ངེས་པར་འབྱིན་པ་ནི་གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཅར་སྤོངས་ཏེ་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་དང་འབྲས་བུ་གཉིས་ལ་གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ་འཆི་བའི་དུས་ཀྱི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་ཡང་དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ་སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེས་དེ་སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་བཤད་དོ། །དེ་ཡང་དུས་ནམ་གྱི་ཚེ་ནས་དང༌ས་གང་ལ་བརྟེན་པའི་ལམ་ཇི་ལྟ་བུས་དང༌། སྤང་བྱ་གང་ཚུལ་ཇི་ལྟར་ཅིག་ཅར་སྤོང་བ་དང༌། དེ་ལྟ་བུ་དེ་གང་ཟག་གང་ལ་བཞག་པ་དང༌།དེས་མཐར་འབྲས་བུ་མངོན་དུ་བྱེད་པའི་ཚུལ་དང་ལྔས་རིག་པར་བྱའོ། །དུས་གང་ནས་ཅིག་ཅར་སྤོང་ཞེ་ན། བདེན་པ་བཞི་མངོན་པར་རྟོགས་ཟིན་པར་བྱས་པ་བཅུ་དྲུག་པའི་ཚེ་ནས་བཟུང་སྟེ་མཐོང་ལམ་གྱི་སྔར་བྱིས་ལམ་ལ་སྤང་བྱ་ཅིག་ཅར་སྤོང་བའི་ནུས་པ་མེད་པའི་ཕྱིར་དང༌། མཐོང་ལམ་གྱི་ཚེ་ཡང་སྒོམ་སྤང་སྤོང་བ་མེད་པའི་ཕྱིར་རོ། །ས་གང་ལ་བརྟེན་པའི་ལམ་ཇི་ལྟ་བུས་ཅིག་ཅར་སྤོང་ཞེ་ན། ཁམས་གསུམ་ས་དགུ་ལས་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ཁོ་ན་ལ་བརྟེན་པའི་འདས་ལམ་གྱིས་སྤོང་སྟེ་མི་ལྕོགས་པ་མེད་པ་ལ་མི་བརྟེན་ན་དེའི་གོང་མའི་བསམ་གཏན་རྣམས་ལ་བརྟེན་དགོས་ལ་དེ་དག་ལ་བརྟེན་པ་


JLD018_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ཡིན་ཏེ། འདོད་པའི་དགུ་པ་མ་སྤངས་པར་བསམ་གཏན་དངོས་གཞི་མི་ཐོབ་ཅིང་ཅིག་ཅར་བས་ནི་ཁམས་གསུམ་གའི་ཉོན་མོངས་ཅིག་ཅར་དུ་སྤོང་དགོས་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་དང་རྒྱུན་ཞུགས་དང་ཕྱིར་འོང་རྣམས་ངེས་པར་བསམ་བཏན་དང་པོའི་ཉེར་བསྡོགས་ལ་བརྟེན་དགོས་ཏེ། འདིའམ་གོང་མ་རྣམས་ལ་བརྟེན་ནི་དགོས་ལ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ཕྱིར་རོ། །འདས་ལམ་ཁོ་ན་དགོས་པ་ཡང་འཇིག་རྟེན་པའི་ལམ་གྱིས་སྤང་བྱ་ཅིག་ཅར་སྤོང་མི་ནུས་པའི་ཕྱིར་རོ། །འདིར་མི་ལྕོགས་མེད་པ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཐམས་ཅད་ལ་འདོད་པ་ཡོད་ཀྱང་ཟག་མེད་ཁོ་ན་བཟུང་སྟེ་མི་ལྕོགས་མེད་ཀྱི་དོན་ནི་རང་ས་འོག་ས་གོང་ས་ཐམས་ཅད་ཀྱི་སྤང་བྱ་སྤོང་མི་ནུས་པ་མེད་པའི་དོན་ཡིན་ལ་དེ་ཡང་ཟག་བཅས་ཀྱི་ཉེར་བསྡོགས་ལ་མེད་པའི་ཕྱིར་རོ། །འདི་ཁོ་ན་ལ་མི་ལྕོགས་པ་མེད་ མངོན་པ་ཁ་ཅིག་པ་ཞེས་པ་ཅི་ཡིན་ཞེ་ན། མི་ལྕོགས་མེད་ཀྱི་དོན་ནི་སྔར་བསྟན་པ་ལྟར་ཡིན་པས་འདི་ཁོ་ན་ལ་ཡིན་ཏེ། འོག་མའི་ཉེར་བསྡོགས་རྫོགས་པར་མ་ཐོབ་པར་དེའི་དངོས་གཞི་མི་འཐོབ་ཅིང༌། ཉེར་བསྡོགས་རྫོགས་པ་ན་ཡང་ས་འོག་མའི་ཉོན་མོངས་དགུ་པ་སྤངས་ཟིན་པས་དངོས་གཞི་ས་འོག་མ་ལས་རྒྱལ་བར་མི་བྱེད་པའི་ཕྱིར་རོ། །དེ་ལ་དགོངས་ནས་མཛོད་ལས། བརྒྱད་ཀྱིས་རང་གོང་ས་ལས་རྒྱལ་ཅེས་བསམ་གཏན་དང་པོའི་དངོས་གཞི་ཙམ་དང༌། ཁྱད་པར་ཅན་གཉིས་བསམ་གཏན་ཕྱི་མ་གསུམ་གཟུགས་མེད་ཀྱི་དངོས་གཞི་དང་པོ་གསུམ་གྱིས་རང་


JLD018_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང་གོང་ས་ཙམ་ལས་རྒྱལ་བར་གསུངས་སོ། །སྤང་བྱ་གང་ཚུལ་ཇི་ལྟར་ཅིག་ཅར་སྤོང་ཞེ་ན། བརྗོད་པར་བྱ་སྟེ་སྤྱིར་སྤང་བྱ་ལ་ནི་གཉིས་ཏེ་མཐོང་སྤང་དང་བསྒོམ་སྤང་ངོ་། །དེ་ལ་མངོན་པ་མཛོད་པ་ནི་མཐོང་སྤང་ཀྱང་རིམ་གྱིས་སྤོང་བར་འདོད་དེ་འདི་ལྟར་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཤེས་གཉིས་ཀྱིས་འདོད་པའི་སྡུག་བསྔལ་མཐོང་སྤང་སྤོང༌སྡུག་བསྔལ་ལ་རྗེས་བཟོད་རྗེས་ཤེས་གཉིས་ཀྱིས་ཁམས་གོང་མའི་སྡུག་བསྔལ་མཐོང་སྤང་སྤོང་ངོ༌། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་འདོད་པ་ཡིན་དེ་འདོད་པ་ཁམས་ཀྱི་རྗེས་མ་ཡིན་ཞེས་པ་ལྟར་རོ། །འོ་ན་མཛོད་ལས་སྒོམ་པའི་ལམ་ལ་འགོག་པ་འམ། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཅེས་མ་བཤད་དམ་ཞེ་ན། སྐྱོན་མེད་དེ་དེ་ནི་ཤེས་པ་བཅུ་ལས་འགོག་པ་ཤེས་པ་དང་ལམ་ཤེས་པ་བསྒོམ་ལམ་གྱིས་བསྡུས་པ་ལ་རིགས་ཀྱི་དབང་དུ་བྱས་ནས་ཁམས་གསུམ་གྱི་གཉེན་པོར་བསྟན་གྱི་གཉེན་པོ་རྫས་གཅིག་གིས་ཅིག་ཅར་ཁམས་གསུམ་གྱི་ཉོན་མོངས་སྤོང་བར་གཏན་མི་འདོད་དོ། །ཀུན་ལས་བཏུས་པ་ནི་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཤེས་གཉིས་ཀྱིས་ཁམས་གསུམ་ཆར་གྱི་སྡུག་བསྔལ་མཐོང་སྤང་། སྤོང་བ་སོགས་སུ་འདོད་པས་ན་མཐོང་སྤང་ནི་མཐོང་ལམ་ཐམས་ཅད་ཀྱིས་ཅིག་ཅར་དུ་སྤོང་བར་འདོད་དོ་དེ་ཡང་ཁམས་གསུམ་གའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་ཅིག་ཅར་དུ་སྤོང་ཞེས་པ་ཡིན་གྱི་བདེན་བཞི་མཐོང་བས་སྤང་བར་བྱ་བ་ཐམས་ཅད་ཅིག་ཅར་དུ་ནི་མ་ཡིན་ནོ་དེས་ན་བསྒོམ་སྤང་བ་ཁོ་ན་ལ་ཅིག་ཅར་དང་རིམ་གྱིས་སྤོང་བ་གཉིས་སུ་འགྱུར་རོ། །དེའི་


JLD018_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འདོད་པའི་བསྒོམ་སྤང་དང་པོ་སྤོངས་པ་དང་དུས་གཅིག་ཅར་དུ་ཁམས་གསུམ་གའི་ཡང་དང་པོ་རྣམས་སྤོང་བ་ཡིན་ཏེ། གཞན་རྣམས་ལ་ཡང་དེ་ལྟར་རིག་པར་བྱའོ། །དེ་ལྟ་བུ་དེ་གང་ཟག་གང་ལ་བཞག་ཅེ་ན། གཞུང་དང་འགྲེལ་པ་གཉིས་ཀར་དགྲ་བཅོམ་དང་རྒྱུན་ཞུགས་ཀྱི་འབྲས་བུ་ལས་གཞན་མི་འབྱུང་ཞིང༌ཁ་ཅིག་རྒྱུན་ཞུགས་ཞུགས་པ་དང་དགྲ་བཅོམ་ཞུགས་པའི་རྣམ་གཞག་བྱེད་དགོས་ཟེར་ནས་མཐོང་ལམ་སྐད་ཅིག་བཅོ་ལྔའི་རྟོགས་པ་ལ་གནས་པ་བཅུ་དྲུག་པ་ཐོབ་ནས་ཅིག་ཅར་སྤང་བྱ་སྤོང་བར་འགྲོ་རྒྱུ་དེ་ལ་རྒྱུན་ཞུགས་ཞུགས་པ་དང་རྒྱུན་ཞུགས་འབྲས་གནས་ཁམས་གསུམ་གྱི་ཉོན་མོངས་དང་པོ་སྤོང་བ་ལ་བརྩོན་པ་ནས་ཁམས་གསུམ་གྱི་དགུ་པའི་བར་སྤོང་བ་ལ་བརྩོན་པ་དགྲ་བཅོམ་ཞུགས་པར་འཆད་པ་དང༌། གཞན་དག་འདིའི་ཞུགས་པ་མ་བཤད་པའི་རྒྱུ་མཚན་མཐར་གྱིས་པའི་སྐབས་སུ་སྔར་བཤད་ཟིན་པས་ཅིག་ཅར་བའི་ཞུགས་པ་ཡང་དོན་གྱིས་བཤད་ཅེས་པ་དང༌། ཞུགས་པ་མེད་པའི་འབྲས་གནས་མེད་ཅེས་སྨྲ་མོད། འོན་ཀྱང་འདིའི་ཞུགས་པ་ཚོལ་བའི་ངལ་བ་དེ་ཙམ་མི་དགོས་པར་མངོན་ཏེ་སྔར་བཤད་པ་ལྟར་བཅུ་དྲུག་པ་ཐོབ་ནས་སྤང་བྱ་དེ་ལྟར་སྤོང་བའི་ཉན་ཐོས་ནི་ཡོད་ལ་དེ་ཕྱིར་འོང་དང་ཕྱིར་མི་འོང་གཉིས་སུ་བཞག་ཏུ་མ་བཏུབ་པས་དེ་རྒྱུན་ཞུགས་སུ་བཞག་པ་ཡིན་ཅིང་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་ནི་བསྒོམ་སྤང་འགའ་ཞིག་རིམ་གྱིས་དང་ཅིག་ཅར་སྤོང་བ་ལ་ལྟོས་པ་མེད་པའི་ཕྱིར་ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པ་བརྟགས་མི་དགོས་སོ། །གཞན་ཡང་ཀུན་བཏུས་སུ་བདེན་པ་རྣམས་མངོན་པར་རྟོགས་


JLD018_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས་ཞེས་དེ་ནས་མཚམས་བཟུང་བའི་ཕྱིར་རོ། །དགྲ་བཅོམ་པ་ལ་ཞུགས་པ་ནི་རྣམ་གཞག་བྱས་ཀྱང་འགའ་བ་མེད་པ་ཙམ་ཡིན་ནོ། །གང་ཟག་དེས་འབྲས་བུ་ཐོབ་པའི་ཚུལ་ཇི་ལྟ་བུ་ཞེ་ན། འདིས་ཚེ་དེ་ལ་ཉོན་མོངས་ཐམས་ཅད་སྤངས་ནས་མཐོང་ཆོས་སམ་འཆི་བའི་སྔོན་རོལ་ཡན་ཆད་སྔོན་དུས་ཀྱི་སྲིད་པའི་ཚེ་འམ་འཆི་སྲིད་ཀྱི་ཚེ་དགྲ་བཅོམ་པ་ཕལ་ཆེར་འཐོབ་ལ་གལ་ཏེ་ཚེ་དེ་ལ་ཉོན་མོངས་མ་ལུས་པར་སྤང་མ་ནུས་ན་ཤི་ནས་ཡང་འདོད་ཁམས་སུ་སྐྱེས་ནས་དགྲ་བཅོམ་འཐོབ་ཅིང་དེ་ཡང་དེའི་ཚེ་སངས་རྒྱས་དང་ཉན་ཐོས་མེད་པ་དང་དེ་དག་གི་བསྟན་པ་ནུབ་པ་དང་འདོམས་ན་སྲིད་པ་ཐ་མའི་ཚེ་འདོད་པར་གཞན་ལ་མ་ལྟོས་པར་བྱང་ཆུབ་མངོན་དུ་བྱས་པའི་ཐེག་དམན་ཡིན་པའི་ཕྱིར་རང་རྒྱལ་བར་འགྱུར་རོ། །དེས་ན་ཅིག་ཅར་སྤོང་བའི་ཚེ་རང་རྒྱལ་མིན་ཡང་སྤངས་ནས་རང་རྒྱལ་དུ་འགྱུར་བ་ནི་ཡོད་དོ། །ད་ནི་འདི་དཔྱད་དེ་ཅི་ཞུགས་གནས་བརྒྱད་པོ་དེ་དག་རང་རྒྱལ་ལ་ཡང་རྩིར་རུང་ངམ་ཞེ་ན་འདི་ལ་སྔ་རབས་པ་རྣམས་རང་རྒྱལ་ལ་འབྲས་བུ་བར་པ་གཉིས་མི་འོང་ཞེས་ཟེར་ནས་འབྲས་བུ་རྣམ་གྲོལ་གྱི་ལམ་ཡང་བཅུ་བདུན་དུ་གྲངས་ངེས་པའི་ཡིད་བརྟན་མི་རུང་བའི་རྟོག་བཟོ་མང་པོ་བྱེད་མོད། འོན་ཀྱང་འཐད་པར་མི་རྟོག་སྟེ་འབྲས་བུ་བར་པ་གཉིས་མི་རྩི་བའི་རྒྱུ་མཚན་རང་རྒྱལ་ཅིག་ཅར་བར་འཆད་པ་ནི་བཀག་ཟིན་ཏོ། །སྤྱིར་རང་རྒྱལ་གྱི་རྣམ་གཞག་ཆེ་ལོང་ཙམ་ནི་འདི་ཡིན་ཏེ། ཀུན་ལས་བཏུས་སུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་སྐྱེས་པ་བསྐྱེད་པ་དང༌། སྔོན་འབྲས་བུ་མ་ཐོབ་པ་ཐོབ་པ་ཡང་རུང་སྟེ་སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ཀྱིས་ལམ་མངོན་དུ་བྱས་ན་བསེ་རུ་ལྟ་བུར་གྱུར་


JLD018_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གཅིག་པུར་གནས་པའམ་རང་རྒྱལ་བར་འགྱུར་ཏེ། ཚོགས་དང་སྤྱོད་པ་གང་སྡུག་བསྔལ་གྱི་མཐར་ཕྱིན་པ་འཐོབ་པའོ། །ཞེས་པ་ལྟར་བཤད་ན་རང་རྒྱལ་ལ། ཉན་ཐོས་ཀྱི་ལམ་སྔོན་དུ་མ་བཏང་བ་དང༌། བཏང་བ་ལ་གཉིས་ལས། དང་པོ་ནི་ཚེ་རབས་སྔ་མ་ལ་ངེས་འབྱེད་ཆ་མཐུན་མ་བསྐྱེད་པ་བསེ་རུ་ལྟ་བུ་དང༌། གཉིས་པ་ནི་འབྲས་བུ་མ་ཐོབ་པར་སྦྱོར་ལམ་ཙམ་སྔོན་དུ་བཏང་ནས་རང་རྒྱལ་དུ་གྱུར་པ་དང༌། རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་ཐོབ་ནས་རང་རྒྱལ་དུ་གྱུར་པ་གཉིས་སོ། །དེ་ཡང་སྔོན་མེ་ལྔ་བསྟེན་པའི་དྲང་སྲོང་ལྔ་བརྒྱ་དབེན་པ་ཞིག་ན་གནས་པའི་སར་རང་རྒྱལ་གྱི་དྲུང་དུ་བསྡད་པའི་སྤྲེའུ་ཞིག་དེར་ཕྱིན་ནས་རང་རྒྱལ་གྱི་ལུས་ཀྱི་སྤྱོད་ལམ་དེ་སྤྲེའུ་དེས་དེ་རྣམས་ལ་བསྟན་པས་དེ་རྣམས་ཀྱིས་ཀྱང་དེ་ལྟར་བྱས་པས་རང་རྒྱལ་ལྔ་བརྒྱར་གྱུར་ཅེས་འབྱུང་བས་ན་བསེ་རུ་ལྟ་བུ་གཅིག་པུར་གནས་ལ་འཕགས་པ་དཀའ་ཐུབ་དྲག་པོས་གདུངས་པ་མ་ཡིན་པས་སོ་སྐྱེའི་ལམ་ཙམ་སྔོན་དུ་བཏང་བའི་རང་རྒྱལ་ཡིན་ནོ། །དེ་ལ་ཕྱི་མ་གཉིས་ལ་ནི་ཚོགས་དང་གནས་པ་ཡང་ཟེར་ལ་ཚོགས་སྤྱོད་ཆེ་ཆུང་ནི་བོད་ཀྱི་ཐ་སྙད་དུ་སྣང་ངོ༌། །དེའི་ཕྱིར་ཕྱི་མ་གཉིས་ལྟ་བུའི་རང་རྒྱལ་ལ་ནི་ཕྱིར་འོང་དང་ཕྱིར་མི་འོང་ཡང་ཡོད་དེ། རྒྱུན་ཞུགས་ཙམ་ཐོབ་ནས་རང་རྒྱལ་དུ་གྱུར་ནས་དེས་འདོད་ཉོན་དྲུག་པ་སྤངས་ནས་ཕྱིར་འོང་དགུ་པ་སྤངས་ན་ཕྱིར་མི་འོང་དུ་འགྱུར་བའི་ཕྱིར་རོ། །འོ་ན་དགེ་སྦྱོང་གི་འབྲས་བུ་བཞིར་འཇོག་པའི་རྒྱུ་མཚན་ཡང་གང་ཞེ་ན། འདི་ལ་བྱེ་བྲག་སྨྲ་བ་ནི། མཛོད་ལས། འབྲས་བུ་བཞི་རྣམས་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང༌། །གཞན་ཐོབ་པ་དང་


JLD018_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་བསྡོམས་དང༌། །ཤེས་པ་བརྒྱད་ཚན་ཐོབ་པ་དང༌། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་འབྲས་བུ་བཞིར་འཇོག་པ་ལ་ཞུགས་པའི་ལམ་སྔོན་ལ་བཏང་བ་དང༌། གཞན་འབྲས་བུའི་ལམ་ཐོབ་པ་དང་ཟད་པ་བསྡོམས་པ་ནི་སྤང་པ་བསྡོམས་པ་སྟེ། དཔེར་ན་བཅུ་དྲུག་པའི་ཚེ་མཐོང་སྤང་སྤངས་པ་ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པ་ལྟ་བུའོ། །ཆོས་ཤེས་བཞི་རྗེས་ཤེས་བཞི་སྟེ་བརྒྱད་ཐོབ་པ་དང༌། མི་རྟག་པ་ལ་སོགས་པའི་ཟག་མེད་ཀྱི་རྣམ་པ་བཅུ་དྲུག་ཐོབ་པ་སྟེ། ཁྱད་པར་དེ་ལྔ་ཐོབ་པ་ནི་འབྲས་བུ་བཞིར་འཇོག་པའོ་ཞེས་འདོད་དོ། །འོན་ཀྱང་སྤང་བྱ་སྤངས་པའི་སྒོ་ནས་འབྲས་བུར་འཇོག་ལ་དེ་ཡང་འབྲས་བུ་དང་པོ་ནི་མཐོང་སྤང་སྤོངས་པ་ཙམ་གྱིས་འཇོག་ལ་སྒོམ་སྤང་སྤངས་པའི་སྒོ་ནས། འབྲས་བུ་ཕྱི་མ་གསུམ་འཇོག་སྟེ་དེ་ཡང་འདོད་པའི་སྒོམ་སྤང་སྤངས་པ་ལས་འབྲས་བུ་གཉིས་འཇོག་སྟེ་དྲུག་པ་སྤངས་པའི་ཕྱིར་འོང་དང༌། དགུ་པ་སྤངས་པས་ཕྱིར་མི་འོང་དུ་འཇོག་པའི་ཕྱིར་རོ། །ཁམས་གོང་མའི་ཉོན་མོངས་མ་ལུས་པར་སྤངས་པས་ནི་དགྲ་བཅོམ་པའི་འབྲས་བུར་འཇོག་གོ། དེ་ལྟར་ན་དེ་དག་གིས་ནི་ཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་བཞག་པ་རྣམས་དཔྱིས་ཕྱིན་པར་བཤད་ཟིན་ཏོ། །དེ་ལྟར་ན། ཁོ་བོས་ཞུགས་གནས་ཀྱི་སྐྱེས་བུ་རྣམས་ལས་བརྩམས་ཏེ་བརྒལ་བ་དང་ལན་གྱིས་སྤྲོས་ན་སྟོན་པའི་གསུང་རབ་དང་ཤིང་རྟ་ཆེན་པོ་རྣམས་ཀྱི་བསྟན་བཅོས་ཕལ་མོ་ཆེ་བཤད་པར་ནུས་མོད། འོན་ཀྱང་བློ་དམན་པ་རྣམས་ཀྱིས་རྗེས་སུ་འབྲང་བར་མི་ནུས་པས་བཞག་གོ། འཕགས་པ་འདི་དག་གི་རྣམ་གཞག་ལ་ཚིག་སྐྱོན་ཆོད་པ་གཙོ་བོར་བྱས་ཏེ་མཚན་ཉིད་ཉུང་ཟད་རེ་དང་དེའི་ཤེས་བྱེད་དུ་ལུང་ཅུང་ཟད་དྲངས་ཏེ།


JLD018_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ལོང་ཙམ་ཞིག་བརྩམས་ན་རྨོངས་པ་ཚིག་ལ་རྟོན་པ་དག་མགུ་མོད། ཤེས་རབ་ཅན་དོན་ལ་རྟོན་པ་དག་ནི་མཐའ་དཔྱད་དེ་གསུང་རབ་ཀྱི་དོན་ཤེས་པར་འདོད་པས་དེ་དག་རྗེས་སུ་བཟུང་བའི་ཕྱིར་བདག་གིས་རྒྱས་པར་བཀྲལ་ལོ། །གང་ཞིག་བརྟེན་ན་ཐར་ལམ་བཀྲི་བའི་གྲོགས། །གྲོགས་ཀྱི་མཆོག་གྱུར་ཞུགས་གནས་འཕགས་པའི་ཚོགས། །ཚོགས་མཆོག་དམ་པ་དགེ་འདུན་རྣམས་ཀྱི་ཚུལ། །ཚུལ་བཞིན་མ་ནོར་གསལ་བར་བདག་གིས་བཤད། །རྒྱ་ཆེན་རྒྱ་མཚོ་ལྟ་བུ་ཤེས་བྱའི་གནས། །ཇི་སྙེད་ཅི་བཞིན་སྟོན་པ་མངོན་པའི་ཆོས། །མ་ནོར་མ་འདྲེས་འབྱེད་པར་བྱེད་པ་ལ། །བློ་བཟང་བློ་ལ་གཞན་གྱིས་བསྐྲུན་པར་དཀའ། །གང་གསུངས་ལེགས་བཤད་རྒྱུ་སྐར་ཕྲེང་བ་ཡིས། །བདག་བློའོ་བྱ་ལམ་ཡངས་པ་མཛེས་བྱེད་པའི། །མཁས་མཆོག་ཆོས་ཀྱི་སྤྱན་ལྡན་རེ་མདའ་བ། །གཞོན་ནུའི་མཚན་ཅན་གང་དེ་རྟག་ཏུ་རྒྱལ། །གོང་འོག་མངོན་པའི་གཞུང་དང་འགྲེལ་བཤད་ལ། །རིང་དུ་འདྲིས་ནས་མི་འཇིགས་ཐོབ་པའི་ཚེ། །གཞན་གྱིས་བསྐུལ་ཕྱིར་རང་བློ་འཕེལ་བའི་ཕྱིར། །བློ་གསལ་འཇུག་པའི་ཐེམ་སྐས་འདི་བྱས་སོ། །མི་བརྟན་ཚེ་འདིའི་བདེ་ཙམ་སྒྲུབ་པའི་ཐབས། །ཟང་ཟིང་རྫས་ལའང་ཆོག་ཤེས་མེད་གྱུར་ན། །གཏན་བདེ་སྒྲུབ་བྱེད་ནོར་མཆོག་ཐོས་པའི་ནོར། །དེ་ལ་ཆོག་པར་འཛིན་རྣམ་བདུད་ཀྱིས་ཐེབས། །ཤེས་ཀྱི་ཁེ་དང་རྙེད་བཀུར་འདོད་པ་རིང་དུ་དོར། །མཁས་མཁས་གམ་དུ་རློམ་པ་སྤངས་ཏེ་དོན་ལ་སྦྱངས། །ལུང་བསྟན་བརྙེས་པའི་


JLD018_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་རྣམས་དགོངས་པ་རིང་ནས་རྙེད། །ཨེ་མའོ་དེ་ནི་ཐོས་ལ་བརྩོན་བྱས་དགོས་པ་གྲུབ། །རྙེད་བཀུར་ཕྱིར་དུ་གཞན་ངོར་ཚིག་བརྒྱུད་ཙམ་ཞིག་འཛིན། །འཁོར་ལ་སྲེད་ནས་མྱུར་བར་སློབ་མའི་ཚོགས་མང་སྡུད། །ཡིད་བརྟན་མེད་པར་ཁ་ཚོན་བཅད་དེ་ངན་རྟོག་འདོམས། །དེ་དག་མཐོང་ཚེ་བློ་བཟང་གྲགས་པ་ཤིན་ཏུ་སྐྱོ། །དེ་ལྟར་བདག་གིས་འབད་ལ་མ་བཤད་མིན་པར་བཤད་ལ་སོགས། །ཉེས་ཚོགས་མཆིས་ན་རྡུལ་བྲལ་རྣམས་དང་འཛམ་གླིང་མཁས་པའི་མཆོག །སྐུ་མཆེད་གཉིས་དང་མཁས་པའི་མཁས་པ་ཆེན་པོ་རྒྱལ་པོའི་སྲས། །གྲགས་པའི་བཤེས་གཉེན་རྣམས་ལ་ནོངས་པ་འཆགས་སོ་བཟོད་པར་གསོལ། །བདག་གིས་ལྷག་བསམ་དག་པས་འབད་པ་བགྱིས་ལས་བསྐྲུན་པའི་བསོད་ནམས་གང་ཞིག་ཐོབ་པ་དེས། །སྲིད་ནས་སྲིད་དུ་རྒྱལ་བའི་ཆོས་ཀྱི་ཚུལ་འཛིན་མཁས་མཆོག་རྣམས་ལ་མི་ངོམས་པའི། །མང་དུ་ཐོས་པར་བྱེད་ཅིང་མཁས་རློམ་དོར་ཏེ་གཞན་གྱི་ལེགས་བཤད་ལྟ་བ་ལའང༌། །ཕྲག་དོག་ཟུག་རྔུས་བློ་གྲོས་མིག་ནི་ནམ་ཡང་སྒྲིབ་པར་མ་གྱུར་ཅིག །ཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་བཞག་པ་བློ་གསལ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི། བདེ་བར་གཤེགས་པའི་གསུངས་རབ་ཐམས་ཅད་ལ་ཆོས་ཀྱི་སྤྱན་ལྡན་ཆེན་པོ་དཔལ་ལྡན་ས་སྐྱའི་པཎྜི་ཏ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་དྲིན་ལས། ཆོས་མངོན་པའི་གཞུང་གོང་འོག་ཐམས་ཅད་ཀྱི་དོན་ལ། བློའི་སྣང་བ་ཐོབ་ཅིང་མདོ་སྡེ་དང་འདུལ་


JLD018_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྡེ་སྣོད་དང༌། གཏན་ཚིགས་རིག་པའི་ཚུལ་ལ་ཡང་སྤོངས་པ་དགེ་བས་རིགས་པ་དང༌། མི་རིགས་པ་རྣམ་པར་དཔྱོད་པར་ནུས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པས་བློ་གསལ་དོན་གཉེར་དང་ལྡན་པ་འགས་བསྐུལ་བའི་ངོར་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའོ།། །།སྭ་སྟི། །རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྐྱེ་བཞི་དགེ་བཅུའི་གླིང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །


previousཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་བཞག་པ་བློ་གསལ་བགྲོད་པའི་ཐེམ་སྐས།next