Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  expand section
  expand section
   
   
ཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ་བ།
   
   
   
   
   
   
   


 
previousཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ་བ།next

ཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ་བ།


JLD018_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ་བ་བཞུགས་སོ། །


JLD018_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྒྱལ་དང་རྒྱལ་བའི་སྲས་རྣམས་གཤེགས་པའི་བཤུལ། །ལེགས་གསུངས་ལེགས་ལམ་ཇི་བཞིན་ཐུགས་ཆུད་ནས། །མ་ནོར་མ་འདྲེས་རྫོགས་པར་སྟོན་མཛད་པའི། །མཁས་པའི་མཁས་པ་དེ་ལ་མགོས་ཕྱག་འཚལ། །རྣམ་རིག་གཞུང་གི་ཤིན་ཏུ་དཀའ་བའི་གནས། །ཡིད་དང་ཀུན་གཞི་གསལ་བར་བསྟན་པ་དང༌། །བདག་ཉིད་དྲན་པ་གསོ་བར་བྱ་བའི་ཕྱིར། །བླ་མའི་གསུང་ལ་བརྟེན་ནས་འདིར་བཤད་བྱ། །འདིར་ཡིད་དང་ཀུན་གཞི་གཏན་ལ་འབེབས་ན་དེ་དག་གང་ནས་འབྱུང་བའི་སེམས་ཙམ་གྱི་གྲུབ་པའི་མཐའ་དེ་དུས་ཅི་ཙམ་ནས་བྱུང་ཞེ་ན། སྨྲ་བའི་དམ་པས་ཐེག་པ་མཆོག །འཛིན་པར་ལུང་བསྟན་འཕགས་པ་ཀླུས། །ཐེག་མཆོག་རྒྱས་པར་མཛད་པའི་རྗེས། །ལུང་བསྟན་བརྙེས་པའི་


JLD018_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་ཀྱིས། །སྲོལ་བཏོད། ཐུབ་པ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་པའི་རྗེས་སུ་འཛམ་བུའི་གླིང་འདིར་ཐེག་པ་ཆེན་པོའི་བསྟན་པ་ནི་ནུབ་སྟེ། ཉན་ཐོས་ཀྱི་བསྟན་པ་ཙམ་ཞིག་གནས་ལ་ནང་པའི་གྲུབ་པའི་མཐའ་སྨྲ་བ་ཡང་བྱེ་བྲག་སྨྲ་བ་སོགས་འབའ་ཞིག་ཏུ་གྱུར་པ་ཐེག་པ་ཆེན་པོའི་མདོ་རྣམས་ལ་ནི་གུས་པས་གཅེས་སྤྲས་སུ་བྱེད་པ་དང༌། མངོན་པར་སྦྱོར་བ་པོ་མེད་པས་ཆོས་མངོན་པ་འབུམ་པ་ལ་སོགས་པ་ཆུད་ཟོས་པར་གྱུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་མདོ་རྣམས་ནི་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ཀྱི་གནས་ན་བཞུགས་པར་གྲགས་ཏེ། སློབ་སྤྲིངས་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་ཕན་མཛད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་


JLD018_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་སོ། །དེ་ནས་འཕགས་པ་ལང་ཀར་གཤེགས་པ་ལས། མགོན་པོ་མྱ་ངན་འདས་འོག་ཏུ། །འཛིན་པར་སུ་འགྱུར་བཤད་དུ་གསོལ། །བདེ་གཤེགས་མྱ་ངན་འདས་འོག་ཏུ། །ཚུལ་རྣམས་འཛིན་པར་འགྱུར་བ་དེ། །དུས་དག་འདས་ནས་འབྱུང་བ་ཡིན། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་ཀླུ་སྒྲུབ་ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་སྐུ་འཁྲུངས་ནས། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཀླུའི་ཡུལ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་རྣམས་སྤྱན་དྲངས་ནས་འཛམ་བུའི་གླིང་དུ་ཐེག་པ་ཆེན་པོ་མཚན་མ་མེད་པའི་ཚུལ་གསལ་བར་མཛད་པའི་ཕྱིར་དུ་རང་གཞན་གྱི་སྡེ་པའི་ལྟ་བ་ངན་པ་སེལ་བར་མཛད་པ་དབུ་མ་རིགས་པའི་ཚོགས་ལ་སོགས་པའི་བསྟན་བཅོས་རྣམས་མཛད་དོ། །དེའི་རྗེས་སུ་འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོར་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་


JLD018_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །མདོ་ཡིས་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་ལུང་བསྟན་པའི་སློབ་དཔོན་ཐོགས་མེད་ཀྱིས་འཕགས་པ་བྱམས་པ་བསྒྲུབས་པས་ཞལ་གཟིགས་ཏེ། དགའ་ལྡན་དུ་བྱོན་ནས་བྱམས་པའི་ཆོས་ལྔ་སོགས་གསན་ཅིང་སླར་འཛམ་བུའི་གླིང་དུ་བྱམས་ཆོས་རྣམས་ཁྱེར་བྱོན་ཏེ་རང་ཉིད་ཀྱིས་ཀྱང་ཐེག་པ་ཆེན་པོ་བསྡུས་པ་སོགས་མཛད་ནས་སེམས་ཙམ་གྱི་ལྟ་བའི་སྲོལ་རྒྱས་པར་བཏོད་དེ། ཇི་སྐད་དུ། འཇིག་རྟེན་ཀུན་ལ་ཕན་ཕྱིར་ཐོགས་མེད་ཅེས་བྱ་བ། །ཆོས་རྒྱུན་ཏིང་འཛིན་སྟོབས་ཀྱིས་དྲངས་པའི་བདུད་རྩིའི་རྒྱུན། །འཕགས་པ་མི་ཕམ་ཞལ་གྱི་བུམ་པ་ནས་བླུགས་པ། །གསན་པའི་སྙིམ་པས་གསོལ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །འོ་ན་ཐོགས་མེད་ཀྱིས་སྲོལ་བཏོད་པའི་སྔོན་དུ་ཐེག་ཆེན་གྱི་ལྟ་བ་དེ་ཇི་འདྲ་བ་ཞིག་ཏུ་གནས་ཤེ་ན། སྔོན་དུ་དབུ་མ་ཉིད། །ཐོགས་མེད་ཀྱི་སྔོན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་རྟག་ཆད་ཀྱི་མཐའ་དང་བྲལ་བ་ཉིད་དེ་བཞིན་གཤེགས་པའི་བཀའི་དགོངས་པར་འགྲེལ་བ་དབུ་མའི་ཚུལ་ལས་གཞན་མེད་དེ་ཐེག་ཆེན་གསལ་བར་མཛད་པ་པོ་ཀླུ་སྒྲུབ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་མདོ་སྡེ་རྒྱན་སྤྱོད་འཇུག་དབུ་མ་སྙིང་པོ་སོགས་སུ་ཐེག་པ་ཆེན་པོ་བཀར་བསྒྲུབ་པ་འབྱུང་བ་ཡང༌འཕགས་པ་ཀླུ་སྒྲུབ་ཀྱིས་ཐེག་པ་ཆེན་པོ་འཛམ་བུའི་གླིང་དུ་དར་བར་བྱས་པའི་ཚེ་གྲུབ་མཐའ་འོག་མའི་པཎྜི་ཏ་རྣམས་ཀྱིས་རང་ཉིད་ཀྱིས་དེ་གོང་དུ་ཐེག་


JLD018_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མ་ཐོས་པ་དང༌། རང་གིས་ཚད་མར་ཁས་བླངས་པའི་སྡེ་སྣོད་ཅི་རིགས་པ་དང་མི་མཐུན་པར་འདུག་པ་རྒྱུ་མཚན་དུ་བྱས་ནས་ཐེག་པ་ཆེན་པོ་བཀའ་མ་ཡིན་ནོ་ཞེས་སྐུར་བ་བྱུང་བའི་ཚེ་དེ་དག་གི་ལོག་རྟོག་བསལ་བའི་ཕྱིར་དུ་མཛད་པ་ཡིན་ནོ། །སློབ་དཔོན་རང་ཉིད་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཐའ་བརྒྱད་ལ་སོགས་པའི་སྤྲོས་པ་མཐའ་དག་འགོག་པའི་རིགས་པ་དང༌། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པ་མཛད། །ཅེས་པ་ལྟ་བུ་ཐེག་དམན་གྱི་ལུང་ལ་བརྟེན་ནས་ཀྱང་རང་བཞིན་གྱིས་སྟོང་པ་བཀའི་དགོངས་པར་བསྟན་པ་དང༌། སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཅེས་གསུངས་པས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་བསྒྲུབས་པ་ཡིན་ནོ། །དེ་ལྟར་ཀླུ་སྒྲུབ་ཀྱི་རྗེས་སུ་ཐོགས་མེད་ཀྱིས་སེམས་ཙམ་གྱི་ལྟ་བའི་སྲོལ་རྒྱས་པར་བཏོད་པ་ན་སློབ་དཔོན་གྱི་དངོས་སློབ་ལེགས་ལྡན་འབྱེད་ལ་སོགས་པས་རྣམ་ཤེས་སྨྲ་བའི་འདོད་པ་རྣམས་རྒྱས་པར་བཀོད་ནས་འགོག་པར་བྱེད་དོ། །དེ་ལྟར་བྱས་ན་འདིར་དེ་དག་གི་དོན་འདི་འབྱུང་སྟེ། ཐུབ་པ་མྱ་ངན་ལས་འདས་པའི་རྗེས་ལ་བྱེ་བྲག་ཏུ་སྨྲ་བ་སོགས་ཀྱི་པཎྜིཏ་རྣམས་ཀྱིས་མངོན་པ་སྡེ་བདུན་སོགས་བརྩམས་ནས་རང་རང་གི་གྲུབ་མཐའ་རྒྱས་པར་བྱས་ཏེ་མདོའི་དོན་གཞན་དུ་བཀྲལ་ནས་བསྟན་པ་རིན་པོ་ཆེ་དྲི་མ་ཅན་དུ་བྱས་ཏེ། ཇི་སྐད་དུ། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང༌། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ་ཞེས་དང༌། འདི་ནི་སྟོན་པས་གསུངས་སོ་ལོ་ཞེས་


JLD018_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྟར། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་བདུད་ཀྱི་ལས་ཆེར་གཡོས། སྡེ་པ་རྣམས་ཀྱི་འཛིན་པ་སོ་སོ་ནས་ལངས་ཏེ་ཕལ་ཆེར་ཡོད་པ་ཉིད་དུ་ལྟ་བ་ལ་མངོན་པར་ཞེན་པས་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ས་རབ་ཏུ་དགའ་བ་བརྙེས་པས་ཐེག་པ་ཆེན་པོ་མཚན་མ་མེད་པའི་སྟོང་པ་ཉིད་ཀྱི་གསུངས་རབ་ལ་བརྟེན་ནས་བསྟན་བཅོས་དབུ་མ་ལ་སོགས་མཛད་ཅེས་གསུངས་པ་ལྟར་རོ། །དེ་ལྟར་དུས་རིང་མོའི་བར་དུ་གྲུབ་མཐའ་འོག་མ་ཤིན་ཏུ་དར་ལ་ཐེག་ཆེན་མིང་ཙམ་ཡང་མེད་པ་ཀླུ་སྒྲུབ་ཀྱིས་ཐེག་ཆེན་དར་བར་བྱས་ཏེ་སྲོལ་བཏོད། དེ་རྗེས་སློབ་དཔོན་ཐོགས་མེད་ཀྱིས་སེམས་ཙམ་པའི་ལྟ་བའི་སྲོལ་རྒྱས་པར་བཏོད་པ་ཡིན་པའི་ཕྱིར། ཀླུ་སྒྲུབ་དང་ཐོགས་མེད་ཀྱི་སྔོན་དུ་དབུ་མ་དང་རྣལ་འབྱོར་སྤྱོད་པའི་མིང་ཙམ་ཡོད་སྲིད་ཀྱང་མདོའི་དགོངས་པ་གྲུབ་མཐའ་གཉིས་ཐ་དད་དུ་བཀྲལ་ནས་གཞུང་འཛུགས་པ་ནི། སྔར་བསྟན་པ་ཁོ་ན་ལྟར་བཟུང་སྟེ་གཞན་དུ་ན་ཀླུ་སྒྲུབ་ཐོགས་མེད་སོགས་ཀྱི་སྔོན་དུ་ཐེག་ཆེན་གྱི་སྲོལ་བཏོད་པའི་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་དང་སློབ་དཔོན་གང་ཡིན་པ་བསྟན་དགོས་ན་དེ་ཡང་རྙེད་པ་མ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པས་ལུང་བསྟན་པའི་སློབ་དཔོན་དེ་གཉིས་དུས་ཅི་ཙམ་ནས་བྱུང་ཞེ་ན། འཕགས་པ་ཀླུ་སྒྲུབ་ནི། རྩ་རྒྱུད་དུ། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །ཞེས་འབྱུང་ལ། དགོངས་འགྲེལ་གྱི་འགྲེལ་ཆེན་བམ་པོ་བདུན་ཅུ་རྩ་ལྔ་ལས། དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ལོན་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱིས་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བསྟན་བཅོས་རྣམས་


JLD018_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང༌། དབུ་མ་ལ་སོགས་པའོ། །དེ་དག་ལས་རྣམ་པར་བརྟགས་པའི་ངོ་བོ་ཉིད་སྤངས་པས་མཚན་ཉིད་མེད་པའི་ཚུལ་རབ་ཏུ་བསྟན་ཏོ། །དེ་ནས་འཕགས་པའི་ལྷ་ལ་སོགས་པས་གཞུང་དེ་ཡང་དག་པར་བླངས་ཏེ། གཅིག་ནས་གཅིག་ཏུ་བརྒྱུད་ཅིང་སྤེལ་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལོན་པ་ན་བྱང་ཆུབ་སེམས་དཔའ་བྱམས་པས་མདོ་སྡེ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ལ་སོགས་པ་ལ་བརྟེན་ནས་བསྟན་བཅོས་རྣམས་མཛད་དེ་རྣལ་འབྱོར་སྤྱོད་པའི་ས་དང་དབུས་དང་མཐའ་རྣམ་པར་འབྱེད་པ་ལ་སོགས་པའོ། །སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་གྱིས་གཞུང་དེ་ཡང་དག་པར་བླངས་ནས་བར་ཏུ་སྤེལ་ཏེ། དེའི་ཚེ་སངས་རྒྱས་ཀྱི་ཆོས་རོ་གཅིག་པས་སྟོང་པ་དང་ཡོད་པར་སྨྲ་བ་ལ་རྩོད་པ་མེད་དོ། །དེའི་ཕྱིར་སློབ་དཔོན་ཉེ་བའི་འོད་ན་རེ་ལོ་སྟོང་གི་མདུན་རོལ་དུ་ནི་སངས་རྒྱས་ཀྱི་ཆོས་རོ་གཅིག་གོ། དེ་ཚུན་ཆད་ནས་ནི་དྲན་པ་དང་ཤེས་རབ་ཁད་ཀྱིས་འགགས་པས་སྟོང་པ་དང་ཡོད་པར་སྨྲ་བ་རྣམས་འཇིག་རྟེན་ན་རྒྱས་པར་གྱུར་ཏོ་ཞེས་བཤད་དོ་ཞེའོ་ཞེས་སོ། །འོ་ན་དེ་ལྟ་བུའི་སེམས་ཙམ་གྱི་གྲུབ་པའི་མཐའ་ལས་འབྱུང་བའི་ཀུན་གཞི་དང་ཉོན་ཡིད་དེ་ཇི་ལྟ་བུ་ཞེ་ན། མཚན་ཉིད་སྒྲུབ་པར་བྱེད་པ་དང༌། །དགུ་དང་གཅིག་པུར་འདོད་པ་དགག །དོན་རྣམ་བཞི་ཡིས་ཀུན་གཞི་དང༌། །ཉོན་མོངས་ཅན་ཡིད་ཤེས་པར་བྱ། །མཚན་ཉིད་གཏན་ལ་དབབ་པ་དང༌། །དེའི་སྒྲུབ་བྱེད་དང༌། རྣམ་ཤེས་ཚོགས་དགུར་འདོད་པ་དང༌། ཚོགས་གཅིག་ཏུ་འདོད་པ་དགག་པ་སྟེ་དོན་བཞི་ཡིས་ཀུན་གཞི་དང་ཉོན་ཡིད་ཤེས་པར་བྱའོ། །ཞེས་མདོར་བསྟན་ནོ། །རྒྱས་


JLD018_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པ་ལ་བཞི་ལས་དང་པོ་མཚན་ཉིད་ལ་ཀུན་གཞི་དང་ཉོན་ཡིད་ཀྱི་མཚན་ཉིད་གཏན་ལ་དབབ་པ་གཉིས་ལས་ཀུན་གཞི་ལ་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དང༌། བརྟེན་པ་ས་བོན་གྱི་ཀུན་གཞིའི་མཚན་ཉིད་གཉིས་ཡོད་ཅེས་སྟོན་པ་ནི། མཚན་ཉིད་གཉིས་ལས་ཀུན་གཞི་ནི། །རྟེན་དང་བརྟེན་པའི་དབྱེ་བ་ཡིས། །མཚན་ཉིད་རྣམ་པ་གཉིས་སུ་འདོད། །རྟེན་དུ་གྱུར་པའི་ཀུན་གཞིའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དེ་ལ་རྟེན་གྱུར་ཀུན་གཞི་ནི། །དོན་དང་སེམས་ཅན་བག་ཆགས་ལ། །རྣམ་པར་རིག་པ་མི་རིག་པ། །ལུང་དུ་མ་བསྟན་རེག་ལ་སོགས། །ལྔ་ཉིད་དང་ལྡན་ཞེས་པས་སྟོན་ནོ། །དེ་ཡང༌། དམིགས་པ། རྣམ་པ། ངོ་བོ། གྲོགས་ཏེ་བཞིས་རིག་པར་བྱ་སྟེ། དམིགས་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དོན་ལྔ། མིག་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་ལྔའི་སེམས་ཅན་དང༌། བདག་དང་ཆོས་ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང་གསུམ་ལ་དམིགས། རྣམ་པ་སྣོད་བཅུད་དེ་དག་སྣང་ཡང་རང་གིས་ཀྱང་མི་ངེས་ལ་རྗེས་སུ་ངེས་པ་ཡང་འདྲེན་མི་ནུས་པ། ངོ་བོ་མ་བསྒྲིབས་ལ་ལུང་དུ་མ་བསྟན་ཅིང༌། འཁོར་ཚོར་བ། འདུ་ཤེས། སེམས་པ། རེག་པ། ཡིད་ལ་བྱེད་པ་སྟེ་སེམས་བྱུང་ལྔ་ཁོ་ན་དང་མཚུངས་པར་ལྡན་པའོ། །དེ་སྐད་དུའང༌། དོན་དང་སེམས་ཅན་དུ། སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་ཞེས་དང༌། སུམ་ཅུ་པ་ལས། དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །རྟག་ཏུ་རེག་དང་ཡིད་བྱེད་དང༌། །རིག་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །རིག་ལ་


JLD018_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའང་དེ་བཞིན་ནོ། །ཞེས་སོ། །རྣམ་སྨིན་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་རྣམ་སྨིན་གྱི་དམིགས་པར་ཇི་ལྟར་འགྱུར་ཞེ་ན། ས་བོན་གྱི། དབང་གིས་གནས་དོན་ལུས་སུ་ནི། །སྣང་ཕྱིར་དམིགས་པ་དག་ཏུ་འདོད། །ས་བོན་དེ་སྣང་ནས་ཡུལ་དུ་མི་འགྱུར་ཡང་དེའི་དབང་གིས་ཀུན་གཞི་རྣམ་སྨིན་དེ་གནས་དབང་རྟེན་དང༌། ལུས་དབང་པོ་དང༌། དོན་ཡུལ་ལྔའི་སྣོད་བཅུད་དུ་སྣང་བར་འགྱུར་བས་ན་དམིགས་པར་བཞག་སྟེ། དཔེར་ན་ཡུལ་གྱི་དབང་གིས་ཤེས་པ་དེའི་རྣམ་པ་ཅན་དུ་བྱུང་བས་ཡུལ་དེ་མི་སྣང་ཡང་དམིགས་པར་འདོད་པ་བཞིན་ནོ། །འོ་ན་གཟུགས་མེད་ཀྱི་ཀུན་གཞི་ལ་ཡང་སྣོད་བཅུད་སྣང་ངམ་ཞེ་ན། ཀུན་གཞིའི་གཟུང་ཆ་དག་ལ་ནི། །རྣམ་ཤེས་ལྔ་ཡིས་འཛིན་བྱེད་ཅིང༌། །དྲུག་པས་ཐ་སྙད་འདོགས་པས་ན། །ཁམས་གཉིས་དག་ཏུ་ངེས་པ་སྟེ། །དེ་ལྟ་མིན་ན་གཟུགས་མེད་པ། །གཟུགས་ཀྱི་འདུ་ཤེས་མ་འདས་དང༌། །གཟུགས་ཅན་ས་རུ་ཐལ་འགྱུར་ཏེ། །ཤེས་ལ་གཟུགས་སུ་སྣང་བ་ལས། །མ་གཏོགས་ཕྱི་རོལ་མེད་ཕྱིར་རོ། །ཀུན་གཞི་ལ་དོན་དུ་དངོས་སུ་སྣང་བ་ལ་དབང་ཤེས་ལྔས་འཛིན་ཅིང་ཡིད་ཤེས་ཀྱིས་དབང་དོན་གཉིས་ཅར་ལ་ཐ་སྙད་འདོགས་པས་ན་གཟུགས་མེད་ཀྱི་ཀུན་གཞི་ལ་སྣོད་བཅུད་མི་སྣང་སྟེ་གཟུགས་མེད་ཀྱི་ཡིད་ཤེས་ཀྱིས་གཟུགས་ལ་ཐ་སྙད་འདོགས་པ་མི་སྲིད་དོ། །དེའི་ཕྱིར་རྟེན་གཅིག་གི་ཀུན་གཞི་ལ་དངོས་སུ་སྣང་བའི་དོན་ལྔ་ནི་རྟེན་དེའི་དབང་ཤེས་ལས་ལྐོག་ཏུ་གྱུར་པ་མ་ཡིན་ནོ། །འོ་ན་གཟུང་བྱ་གཅིག་ཉིད་རྣམ་ཤེས་གཉིས་ཀྱི་གཟུང་ཆར་འགྱུར་ལ་འདོད་ན་ཤེས་པ་ལ་གང་སྣང་བ་དེའི་བདག་ཉིད་ཡིན་པའི་ཕྱིར་ཤེས་པ་གཉིས་རྫས་གཅིག་ཏུ་འགྱུར་བས་ན་གཟུང་


JLD018_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཐུན་མོང་བ་མི་སྲིད་དོ་ཞེ་ན། སྐྱོན་མེད་དེ་ཤེས་པ་ལ་གང་སྣང་བ་དེའི་བདག་ཉིད་དམ། དེ་ལས་གཅིག་ཐ་དད་གང་དུ་ཡང་མ་གྲུབ་ཅེས་པ་ནི་རྣམ་པར་དཔྱད་པ་ན་ཡིན་གྱི་དེའི་ཚེ་ནི་ཐུན་མོང་བ་ཁས་མི་ལེན་ལ་མ་བརྟགས་མ་དཔྱད་པའི་ངོ་ན་གཟུང་ཆ་ཐུན་མོང་བ་འདོད་ཀྱང་དེ་ཤེས་པའི་བདག་ཉིད་དུ་མི་འདོད་དེ་གཞན་དུ་ན་ཕུང་པོ་ལྔའི་རྣམ་གཞག་འཇིག་པ་དང༌། སྐྲ་ཤད་དང༌། དུང་གི་སེར་པོ་སོགས་དང༌། རྨི་ལམ་གྱི་ཡུལ་རྣམས་རྫས་སུ་གྲུབ་པར་འགྱུར་བ་དང༌། གཟུགས་སྒྲ་སོགས་མྱོང་བའི་ངོ་བོར་ཐལ་བའི་ཕྱིར་རོ། །གལ་ཏེ་གཟུགས་མེད་ཀྱི་ཀུན་གཞི་ལ་སྣོད་བཅུད་སྣང་ན་གཟུགས་མེད་ཀྱི་སེམས་ཅན་རྣམས་གཟུགས་ཀྱི་འདུ་ཤེས་ལས་མ་འདས་པར་འགྱུར་ཏེ། གཟུགས་ཅན་གྱི་སྣོད་བཅུད་རང་གི་ཤེས་པ་ལ་དངོས་སུ་སྣང་བའི་ཕྱིར་རོ། །འདོད་པར་མི་ནུས་ཏེ་ཐོགས་པའི་འདུ་ཤེས་ཀྱང་ནུབ། སྣ་ཚོགས་པའི་འདུ་ཤེས་ཀྱང་ནུབ་ཅེས་གསུངས་པའི་ཕྱིར་རོ། །གཞན་ཡང་གཟུགས་མེད་པ་གཟུགས་ཅན་གྱི་ས་རུ་འགྱུར་ཏེ་དང་པོའི་ཀུན་གཞི་ལ་གཟུགས་ཅན་གྱི་སྣོད་བཅུད་མཚན་ཉིད་པ་དངོས་སུ་སྣང་བའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ་ཁམས་གོང་མ་གཉིས་ནའང་ཤེས་པ་ལ་གཟུགས་སུ་སྣང་བ་ཙམ་ལས་མ་གཏོགས་པའི་ཕྱི་རོལ་གྱི་གཟུགས་མ་གྲུབ་པའི་ཕྱིས་རོ། །དེས་ན་གཟུགས་མེད་ཀྱི་སྙོམས་འཇུག་བསྒོམས་པའི་མཐུས་ཀུན་གཞི་ལ་ཡོད་པའི་གཟུགས་ཅན་སྣང་བར་འགྱུར་བའི་ས་བོན་ལ་གནོད་པ་བྱས་པས་རེ་ཞིག་གཟུགས་མེད་དུ་གནས་ཀྱི་བར་དུ་གཟུགས་ཅན་


JLD018_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མི་ནུས་ཏེ་དཔེར་ན་འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པའི་མཐུས་ཀུན་གཞི་ལ་ཡོད་པའི་ཚོགས་དྲུག་གི་ས་བོན་ལ་གནོད་པ་བྱས་པས་སྙོམས་འཇུག་དེ་ལས་ཇི་སྲིད་མི་ལྡང་གི་བར་དུ་ཚོགས་དྲུག་མི་འབྱུང་བ་བཞིན་ནོ། །དེ་ལྟ་ན་གཟུགས་མེད་ཀྱི་ཀུན་གཞི་ལ་དམིགས་པ་མེད་པར་འགྱུར་ཏེ་གཟུགས་ཅན་གྱི་སྣོད་བཅུད་ནི་མི་སྣང་ལ་བག་ཆགས་དམིགས་པར་འཇོག་པའི་དོན་ཡང་མེད་པའི་ཕྱིར་རོ། །འདོད་ན་དམིགས་པ་དང་བྲལ་བའི་ཤེས་པ་ཁས་བླངས་པར་འགྱུར་རོ་ཞེ་ན། ཉེས་པ་མེད་དེ། ཐེག་པ་ཆེན་པོ་བསྡུས་པ་ལས། འདས་སོགས་དེ་བཞིན་རྨི་ལམ་དང༌། །གཟུགས་བརྙན་རྣམ་པ་གཉིས་པོ་ཡང༌། །དམིགས་པ་ཡོད་པ་མ་ཡིན་པས། །དེ་ལ་དམིགས་པར་རུང་ཕྱིར་རོ། །ཞེས་གསུངས་པ་ལྟར་ཤེས་པ་ཐམས་ཅད་དམིགས་པ་ཡོད་པ་ལ་བལྟོས་མི་དགོས་ཀྱི་བྱེ་བྲག་ཏུ་ཀུན་གཞི་ནི། སྔོན་གྱི་དགེ་མི་དགེའི་ལས་ཀྱིས་བདེ་འགྲོ་དང་ངན་འགྲོའི་གཞིར་འཕངས་ནས་ཅི་སྲིད་མ་ཤིའི་བར་དུ་སྐད་ཅིག་ཀྱང་མི་ལྡོག་པས་ན་འཕེན་བྱེད་ཀྱི་ལས་ཀྱི་སྟོབས་ཀྱིས་འཇུག་གི་སྣང་བའི་དམིགས་པ་ལ་བལྟོས་ནས་ནི་མ་ཡིན་ནོ། །དེ་ལྟ་ན་གཟུགས་མེད་དུ་དོན་དང་དབང་པོ་མེད་པའི་ཕྱིར་དམིགས་པ་གསུམ་ལས་བག་ཆགས་དམིགས་པ་ཡིན་ལ། དེ་ཡང་བག་ཆགས་དམིགས་པར་འགྱུར་བའི་དོན་དངོས་སུ་མེད་ཀྱང་དེའི་མཐུས་གནས་དོན་ལུས་སུ་སྣང་རུང་ཡིན་པས་དམིགས་པར་འགྱུར་ཏེ། དཔེར་ན་སྦྱང་ན་གནས་པའི་ས་བོན་དེ་རྐྱེན་དང་ཕྲད་ན་མྱུ་གུ་བསྐྱེད་རུང་ཡིན་པས་མྱུ་གུའི་རྐྱེན་བྱེད་ཅེས་བརྗོད་པ་བཞིན་ནོ། །དེ་ལྟར་བྱས་ན་གཟུགས་མེད་ཀྱི་ཀུན་གཞི་


JLD018_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟུགས་ཅན་གྱི་སྣོད་བཅུད་སྣང་ཞེས་ཁ་ཅིག་འདོད་པ་བསྣུན་པ་ཉིད་དུ་གྱུར་ཏོ། །གཟུགས་མེད་དུ་དེ་ལྟ་ཡིན་ན་ཁམས་འོག་མ་གཉིས་སུའང་ཀུན་གཞི་གཅིག་ལ་སྣོད་བཅུད་ཀྱི་རྫས་ཐམས་ཅད་སྣང་ངམ་ཞེ་ན། འོག་ནའང་སེམས་ཅན་གཅིག་གི་ནི། །ཀུན་གཞི་ལ་ནི་སྣོད་དང་བཅུད། །ཐམས་ཅད་སྣང་ན་གཟུགས་ཁམས་ཀྱི། །ལྷ་ལའང་དམྱལ་སྣང་འབྱུང་བ་དང༌། །དམྱལ་བ་ལ་ཡང་ལྷ་རྣམས་ཀྱི། །སྣོད་བཅུད་སྣང་བ་འབྱུང་བ་དང༌། །ཐ་མལ་རྣམས་ལའང་བསྐལ་པ་ཡི། །ཡུལ་སྣ་ཚོགས་པ་སྣང་བར་འགྱུར། །ཁམས་འོག་མ་གཉིས་ལའང་ཀུན་གཞི་གཅིག་ལ་སྣོད་བཅུད་ཀྱི་རྫས་ཐམས་ཅད་སྣང་ན་གཟུགས་ཁམས་ཀྱི་ལྷ་ལའང་ལྕགས་བསྲེགས་འབར་བ་སོགས་དམྱལ་བའི་སྣང་བ་རྣམས་འབྱུང་བར་འགྱུར་རོ། །འདོད་ན་དེ་དག་ལ་སྡུག་བསྔལ་གྱི་གདུང་བ་ཡོད་པར་འགྱུར་ཏེ་དེ་དག་གི་ཀུན་གཞིའི་སྟེང་གི་དམྱལ་སྣང་མཚན་ཉིད་པ་སྣང་བའི་ས་བོན་སད་པའི་ཕྱིར་རོ། །མ་གྲུབ་པ་མ་ཡིན་ཏེ། དམྱལ་སྣང་དེ་ཀུན་གཞི་ལ་དངོས་སུ་སྣང་ལ་དེ་ཡང་བག་ཆགས་སད་པ་ལ་བལྟོས་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ་ས་བོན་གྱི་མཐུས་དེ་དག་དངོས་སུ་སྣང་ན་ཕན་གནོད་དུ་འགྱུར་ཏེ་དཔེར་ན་རྨི་ལམ་གྱི་དུས་སུ་ཡིད་དུ་འོང་མི་འོང་གི་ཡུལ་སྣང་བས་ཕན་གནོད་དུ་འགྱུར་བ་བཞིན་ནོ། །འགྲོ་བ་རིགས་མཐུན་པའི་སྣོད་ནི་སྣང་འགྱུར་དང་སྤྱོད་འགྱུར་གཉིས་ཀའི་ལས་ལས་གྲུབ་པས་ཕན་གནོད་དུ་འགྱུར་ཡང་རིགས་མི་མཐུན་གྱི་སྣོད་རྣམས་སྣང་འགྱུར་གྱི་ལས་ལས་གྲུབ་ལ་སྤྱོད་འགྱུར་གྱི་ལས་ལས་མ་གྲུབ་པས་ཕན་


JLD018_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་དུ་མི་འགྱུར་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། གཟུགས་སྒྲ་སོགས་ཀྱི་ཡུལ་འགའ་ཞིག་རིགས་མཐུན་པའི་འགྲོ་བ་འགའ་ཞིག་ལ་ཡང་ཁ་ཅིག་ལ་ཕན་པར་མཐོང་ལ་ཁ་ཅིག་ལ་གནོད་པར་མཐོང་བའི་ཕྱིར་དང༌། ནང་གི་ཤེས་པ་ལ་གཟུགས་སུ་སྣང་བ་ཙམ་ལས་མ་གཏོགས་པའི་སྣོད་ཀྱང་མི་འདོད་པས་ན་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་རང་མཚན་པར་སྣང་བའི་ཡུལ་སྣང་བ་ཙམ་གྱིས་ཕན་གནོད་དུ་འགྱུར་གྱི་སྤྱོད་འགྱུར་ལ་མི་བལྟོས་ཏེ། དཔེར་ན་སྒྱུ་མའི་གཤིན་རྗེ་ལ་གཤིན་རྗེ་རང་མཚན་པར་སྣང་བ་ན་འཇིགས་པ་བསྐྱེད་པ་དང༌། སྒྱུ་མའི་ན་ཆུང་ལ་ན་ཆུང་རང་མཚན་པར་སྣང་བ་ན་དེ་ཙམ་གྱིས་ཆགས་པ་བསྐྱེད་པ་བཞིན་ནོ། །གཞན་ཡང་མི་ལྟ་བུའི་ཀུན་གཞི་ལ་དམྱལ་བ་སྣང་བ་དེ་དམྱལ་བ་པ་ལ་ཇི་ལྟར་སྣང་བ་ལྟར་སྣང་ངམ་མི་སྣང༌། དང་པོ་ལྟར་ན། དམྱལ་སྣང་དེ་དམྱལ་བ་པ་ཁོ་ནའི་ལས་དབང་གིས་སྣང་བ་དེ་མ་ཡིན་པར་ཐལ་ལོ། །འདོད་ན། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང༌། །དེས་ན་དེ་དག་ཐམས་ཅད་ནི། །སྡིག་སེམས་བྱུང་བར་ཐུབ་པས་གསུངས། །ཞེས་པས་གནོད་དོ། །ཡང་མིའི་ཀུན་གཞི་ལ་སྣོད་ཇི་ལྟར་སྣང་བ་ལྟར་དམྱལ་བའི་ཀུན་གཞི་ལ་ཡང་སྣང་བར་ཁས་ལེན་དགོས་ལ། དེ་ལྟ་ན། ཇི་སྐད་དུ། ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཅེས་ཕྱི་རོལ་གྱི་དོན་མ་གྲུབ་པའི་རིགས་པ་གསུངས་པ་རྣམས་བོར་བར་ཡང་འགྱུར་རོ། །གལ་ཏེ་དེ་ནི་སེམས་ཅན་དེ་དག་གི་དབང་ཤེས་ལ་དེ་ལྟར་སྣང་བ་ཡིན་ལ་དེ་དང་ཀུན་


JLD018_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་སྣང་བ་གཉིས་མི་གཅིག་གོ་ཞེས་ན། དབང་ཤེས་ལ་དོན་ལྔར་སྣང་བ་དེ་གཉིས་ཀ་ཀུན་གཞིའི་གཟུང་ཆ་ཉིད་ཡིན་ཏེ། དོན་དུ་སྣང་བའི་རྣམ་པར་ཤེས་ལ་སྐྱེའོ། །ཞེས་པའི་ལུང་དང༌། རྣམ་ཤེས་ལྔ་ཡིས་འཛིན་བྱེད་ཅིང༌། །ཞེས་སོགས་ཀྱིས་བསྟན་ཟིན་ཏོ། །གཉིས་པ་ལྟར་ན་དམྱལ་བ་པ་ལ་ཇི་ལྟར་སྣང་བ་ལྟར་མི་སྣང་ཡང་དམྱལ་སྣང་མཚན་ཉིད་པ་སྣང་བར་འདོད་ན་ཧ་ཅང་ཐལ་བར་འགྱུར་ཏེ། བདེ་འགྲོའི་བདེ་བ་ཐམས་ཅད་ལ་ཡང་སྣང་བར་འགྱུར་རོ། །རྐང་པ་ལྷག་མ་བཞི་ཡང་རིགས་པ་འདིས་དཔགས་ལ་ཤེས་པར་བྱའོ། །དེའི་ཕྱིར་མངོན་པ་བ་འགའ་ཞིག་ཀུན་གཞི་གཅིག་ལ་བསམ་གཏན་བཞི་པ་མན་ཆད་མནར་མེད་པ་ཡན་ཆད། སྣང་ཞེས་འདོད་ལ་ཁ་ཅིག་བསམ་གཏན་བཞི་པ་ནི་ཐུན་མོང་མ་ཡིན་པའི་ལས་ལས་གྲུབ་པས་མི་སྣང་ལ་གཞན་སྣང་ཞེས་འདོད་པ་དང༌། གཞན་དག ། བྱེ་བཤད་ལས། འདིའི་དམིགས་པ་དང་རྣམ་པ་ཡོངས་སུ་བཅད་པར་མི་ནུས་སོ་ཞེས་པའི་དོན་དུ་བསམས་ནས་ཚད་ཀྱིས་བཅད་མི་ནུས་པའི་སྣོད་བཅུད་ཀྱི་རྫས་ཐམས་ཅད་སྣང་བར་འདོད་པ་ལ་ནི་སྒྲུབ་པར་བྱེད་པ་མེད་ལ། གནོད་པར་བྱེད་པ་ཡོད་དོ། །མ་ཡིན་ཏེ་ལུང་འདི་ཉིད་གནོད་བྱེད་དོ་ཞེ་ན། ལུང་དེའི་དོན་ནི་ཚད་ཀྱིས་བཅད་མི་ནུས་པའི་སྣོད་བཅུད་ཐམས་ཅད་སྣང་བར་སྟོན་པ་མིན་གྱི་དམིགས་པ་འདི་ལྟ་བུ་ཞིག་ལ་རྣམ་པ་འདི་འདྲ་བ་ཞིག་གིས་བཟུང་ངོ་ཞེས་ཀུན་གཞི་རང་ཉིད་ཀྱིས་ཀྱང་གསལ་བར་བཅད་མི་ནུས་ལ་རྗེས་སུ་ངེས་པ་ཡང་འདྲེན་མི་ནུས་པའི་དོན་ཡིན་ཏེ་གཞན་དུ་ན་སྔར་ལྟར་གྱི་གནོད་བྱེད་འཇུག་གོ།


JLD018_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ཁམས་འོག་མ་གཉིས་ན་སྣོད་བཅུད་ཇི་ལྟ་བུ་ཞིག་སྣང་ཞེ་ན། དངོས་སུ་རང་གི་དབང་དོན་ནོ། །བརྒྱུད་ནས་དེ་ཡི་ཚོགས་དྲུག་གི། ཡུལ་དུ་སྣང་བར་གང་ནུས་པ། །ཀུན་བཞིའི་ཡུལ་དུའང་འཇོག་པ་ཡིན། །དངོས་སུ་དམིགས་པ་ནི་རང་རྒྱུད་ཀྱི་དབང་པོ་དེ་ལ་སྣང་བའི་ཡུལ་རྣམས་ཡིན་ལ་བརྒྱུད་ནས་ནི་རྟེན་དེའི་ཚོགས་དྲུག་གི་ཡུལ་དུ་སྣང་བར་གང་ནུས་པ་རྟེན་དེའི་ཀུན་གཞིའི་ཡུལ་དུའང་འཇོག་གོ། འོ་ན་སེམས་ཅན་ཞེས་པའི་འགྲེལ་པར། སེམས་ཅན་ནི་བདག་དང་གཞན་གྱི་རྒྱུད་ལ་དབང་པོ་ལྔར་སྣང་བ་གང་ཡིན་པའོ་ཞེས་པས་གནོད་དོ་ཞེ་ན། དེ་ནི་ཀུན་གཞི་ལ་སྣང་བའི་དབང་པོ་ལ་བདག་གཞན་གྱི་རྒྱུད་ཀྱི་དབང་པོ་ལྔའོ་ཞེས་སྟོན་གྱི་ཀུན་གཞི་གཅིག་ལ་བདག་གཞན་གྱི་དབང་པོ་ལྔ་དངོས་སུ་སྣང་ཞེས་སྟོན་པ་མིན་ནོ། །དེ་ལྟར་མ་ཡིན་ཏེ་རང་གི་ཀུན་གཞི་ལ་དངོས་སུ་སྣང་བའི་གཞན་གྱི་དབང་པོ་དེ་གཞན་རྒྱུད་ཀྱི་དབང་པོ་མཚན་ཉིད་པ་ཡིན་ན་འགྲོ་བ་རྣམས་རྒྱུད་གཅིག་ཏུ་འགྱུར་ཏེ་ལུས་དང་ལུས་ཅན་གྱི་རྣམ་རིག་རྣམས་ནི་མངོན་བརྗོད་ཀྱི་བག་ཆགས་ལས་འབྱུང་ལ་བག་ཆགས་དེ་ཡང་རང་གི་ཀུན་གཞི་ལ་གཞན་རྒྱུད་ཀྱི་ཤེས་པས་གནོད་མི་ནུས་པའི་ཕྱིར་རོ། །གལ་ཏེ་ཚོགས་དྲུག་གི་ཡུལ་ཐམས་ཅད་ཀུན་གཞིའི་ཡུལ་ཡིན་ན་ཡིད་ཤེས་ཀྱི་ཡུལ་གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་དང༌། འདས་སོགས་སྒྲོ་བཏགས་རྣམས་ཀྱང་ཀུན་གཞིའི་ཡུལ་དུ་འགྱུར་རམ་ཞེ་ན། དབང་དོན་ལས་གཞན་དྲུག་པའི་ཡུལ། །ཀུན་གཞིའི་ཡུལ་དུ་མི་འགྱུར་ཏེ། །དྲུག་པ་བཏགས་པའི་ཡུལ་ཅན་དང༌། །ཀུན་གཞི་བཀྲར་འཛིན་གྱིས་དབེན་ཕྱིར། །དབང་དོན་


JLD018_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་གསུམ་ལས་གཞན་པའི་ཡིད་ཤེས་ཀྱི་ཡུལ་ཡན་ལག་བཅུ་གཉིས་ལྟ་བུ་དང༌། འདས་སོགས་སྒྲོ་བཏགས་རྣམས་ནི་ཀུན་གཞིའི་ཡུལ་དུ་མི་འགྱུར་ཏེ་དེ་དག་ནི་ཡིད་ཤེས་ཀྱིས་སྒྲོ་བཏགས་ནས་ཡུལ་དུ་བྱས་པ་ཙམ་ཡིན་ཅིང་ཀུན་གཞིའི་ཡང་ཐ་སྙད་འདོགས་པའི་འདུ་ཤེས་བཀྲ་བར་འཛིན་པ་དང་བྲལ་བའི་ཕྱིར་རོ། །ཀུན་གཞི་དེ་དགེ་མི་དགེ་ལ་མི་འཇོག་པར་མ་བསྒྲིབས་ལུང་མ་བསྟན་ཁོ་ནར་ངེས་པ་ཅི་ཞེ་ན། བག་ཆགས་བསྒོ་གཞི་ཡིན་ཕྱིར་དང༌། །དགེ་དང་མི་དགེ་མངོན་གྱུར་དང༌། །རྒྱུད་གཅིག་ལ་ནི་འཇུག་པའི་ཕྱིར། །མ་བསྒྲིབས་ལུང་མ་བསྟན་དུ་གྲུབ། །ཀུན་གཞི་དེ་དགེ་མི་དགེའི་བག་ཆགས་བསྒོ་བའི་གཞི་ཡིན་པའི་ཕྱིར་དང༌། དགེ་མི་དགེའི་སེམས་མངོན་གྱུར་དང་རྒྱུད་གཅིག་ལ་དུས་གཅིག་ཏུ་འཇུག་པའི་ཕྱིར་མ་བསྒྲིབས་ལུང་མ་བསྟན་དུ་གྲུབ་སྟེ་དགེ་བ་དང་ཉོན་མོངས་ཅན་བག་ཆགས་ཀྱི་གཞིར་མི་རུང་བའི་ཕྱིར་རོ། །རེག་ལ་སོགས་ལྔ་ཉིད་དང་ལྡན་ཞེས་གང་སྨྲས་པ་འཁོར་སེམས་བྱུང་ལྔར་ངེས་པ་ཅི་ཞེ་ན། ལུང་མ་བསྟན་དང་མི་གསལ་ཕྱིར། །རེག་སོགས་ལྔར་ངེས། མ་བསྒྲིབས་ལུང་མ་བསྟན་ཡིན་པའི་ཕྱིར་དགེ་བ་བཅུ་གཅིག་དང་རྩ་ཉོན་ཉེ་ཉོན་རྣམས་མི་འབྱུང་ལ་ཡུལ་བྱེ་བྲག་ཏུ་གསལ་བར་གཅོད་མི་ནུས་པའི་ཕྱིར་ཡུལ་ངེས་ལྔ་མི་འབྱུང་ངོ༌། །གཞན་དུ་འགྱུར་བ་བཞི་ཡང་གདགས་གཞི་མི་འབྱུང་བའི་ཕྱིར་དེ་དག་གང་ཡང་ལྡན་པ་མ་ཡིན་ནོ། །ཀུན་ཏུ་འགྲོ་བ་ལྔ་དང་ནི་མཚུངས་པར་ལྡན་ཏེ། རེག་པ་ནི་སེམས་བྱུང་ཀུན་གྱི་རྒྱུ་ཡིན་པའི་ཕྱིར་


JLD018_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སེམས་ཐམས་ཅད་ལ་མྱོང་བ་རྣམ་པ་གསུམ་ལས་གང་ཡང་རུང་བ་གཅིག་དམིགས་པའི་ཕྱིར་དང༌།ཡུལ་གྱི་སྤུ་རིས་གཅོད་པ་ཙམ་དང༌། ཡུལ་ལ་གཡོ་བ་ཙམ་དང༌། རང་གི་དམིགས་པ་ལ་སེམས་གཏོད་པ་ཙམ་སེམས་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །ཀུན་གཞིའི་འཁོར་གྱི་ཚོར་བ་དེ་མྱོང་བ་གསུམ་གང་ཞེ་ན། ཚོར་བ་ནི། བར་མའོ། །ཚོར་བ་ནི་བདེ་བ་དང་གདུང་བ་གཉིས་ཀའི་ངོ་བོར་མ་གྱུར་པ་བར་མར་ཉམས་སུ་མྱོང་བ་བཏང་སྙོམས་པ་ཡིན་ཏེ། འདི་ལ་ཚོར་བ་ནི་དམིགས་ལ་བདེ་བ་དང་གདུང་བ་གང་ཡང་མེད་པའི་ཕྱིར། ཇི་ལྟར་ཞེ་ན། གལ་ཏེ་ཚོར་བ་བདེ་བ་དང་ལྡན་ན་བསམ་གཏན་བཞི་པ་ཡན་ཆད་ཀྱང་ཚོར་བ་བདེ་བའི་སར་འགྱུར་ལ། དམྱལ་བ་ན་ཡང་རྣམ་སྨིན་གྱི་བདེ་བ་ཡོད་པར་འགྱུར་རོ། །དེ་སྟེ་སྡུག་བསྔལ་དང་ལྡན་ན་བསོད་ནམས་དང་མི་གཡོ་བའི་ལས་ཀྱི་རྣམ་པར་སྨིན་པ་སྡུག་བསྔལ་འཕེལ་བར་འགྱུར་བ་དང༌། གཟུགས་མེད་པ་ལྟ་བུ་ཡང་ཚོར་བ་གདུང་བའི་སར་འགྱུར་བ་སོགས་རྒྱ་ཆེའོ། །ཅིའི་ཕྱིར་རྟེན་དུ་གྱུར་པ་རྣམ་པར་སྨིན་པའི་རྣམ་ཤེས་དེ་ལ་ཀུན་གཞི་ཞེས་བྱ་ཞེ་ན། འདི་ལ་བདག་ཏུ་ནི། སྦྱོར་བའི་ཕྱིར་ན་ཀུན་གཞིའོ། །འགྲོ་བ་ལྔའི་སེམས་ཅན་རྣམས་འདིར་ཉོན་ཡིད་ཀྱིས་བདག་ཏུ་སྦྱོར་བའི་ཕྱིར་ཀུན་གཞི་ཞེས་བྱ་སྟེ་ཉོན་ཡིད་ཀྱིས་བདག་ཏུ་ལྟ་བའི་ཡུལ་ནི་ཀུན་གཞིའི་རྣམ་སྨིན་གྱི་ཆ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་རྣམ་སྨིན་གྱི་ཆ་དེ་དུས་གང་བར་དུ་འཇུག་ཅིང་ལྡོག་ཅེ་ན། ལྷག་མ་མེད་དང་རྡོ་རྗེ་ལྟའི། །བར་དུ་རྒྱུན་མི་འཆད་དུ་འཇུག །ཐེག་དམན་གྱི་ལྷག་མེད་ཀྱི་མྱང་འདས་དང༌། ཐེག་ཆེན་གྱི་རྡོ་རྗེ་


JLD018_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་སུ་ལྡོག་ཅིང་དེའི་སྔོན་དུ་རྒྱུན་མི་འཆད་དུ་འཇུག་གོ། དེ་ཡང་ཇི་སྐད་དུ། ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི། །བག་ཆགས་བཅས་པ་སྔ་མ་ཡི། །རྣམ་པར་སྨིན་པ་ཟད་ནས་གཞན། །རྣམ་སྨིན་བསྐྱེད་པ་དེ་ཡིན་ནོ། །ཞེས་གསུངས་པ་ལྟར་ཚེ་སྔ་མའི་དགེ་སྡིག་ལས་ཀྱིས་འཕངས་པའི་ཀུན་གཞིའི་རྣམ་སྨིན་དེ་ཚེ་འདིར་ཇི་སྲིད་མ་ཤིའི་བར་དུ་འཇུག་ཅིང༌། ལས་དེའི་ནུས་པ་ཟད་པའི་ཚེ་དེ་ལོག་ནས་ཡང་ལས་ཕྱི་མས་བསྐྱེད་པའི་རྣམ་སྨིན་འཇུག་པས་རྒྱུན་མི་འཆད་དོ། །འདིར་ཅིའི་ཕྱིར་རྟེན་དུ་གྱུར་པའི་རྣམ་པར་ཤེས་པ་ཁོ་ན་ལ་རྣམ་པར་སྨིན་པ་ཞེས་བྱ། མིག་སོགས་དབང་པོ་ལྔ་ཡང་རྣམ་པར་སྨིན་པ་མ་ཡིན་ནམ་ཞེ་ན། ཉེས་པ་མེད་དེ་འདི་ལྟར་རྣམ་པར་སྨིན་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། ཚེ་ཇི་སྲིད་ཀྱི་བར་དུ་རྒྱུན་མ་ཆད་དུ་འཇུག་པ་དང༌། སྔོན་གྱི་དགེ་བའམ་མི་དགེ་བས་འཕངས་པའི་འབྲས་བུ་ཡིན་པ་སྟེ་ཁྱད་པར་གསུམ་དང་ལྡན་པ་ཞིག་དགོས་པ་ལས་དེ་ཀུན་གཞི་འཁོར་བཅས་ལས་གཞན་པ་ལ་མི་རུང་བའི་ཕྱིར་ཏེ། མ་བསྒྲིབས་ལུང་མ་བསྟན་དེ་དགེ་མི་དགེའི་རྣམ་སྨིན་དུ་འགལ་བ་མེད་ལ་དགེ་བ་དང་མི་དགེ་བ་ནི་རིམ་པ་བཞིན་མི་དགེ་བ་དང་དགེ་བའི་རྣམ་སྨིན་དུ་འགལ་ཏེ་དེ་གཉིས་མི་མཐུན་པ་དང་གཉེན་པོ་ཡིན་པའི་ཕྱིར་རོ། །གལ་ཏེ་དགེ་བ་ཉིད་དགེ་བའི་རྣམ་སྨིན་དང་མི་དགེ་བ་ཉིད་མི་དགེ་བའི་རྣམ་སྨིན་དུ་འགལ་བ་མེད་པས་རྣམ་སྨིན་ལུང་མ་བསྟན་ཁོ་ནར་མ་ངེས་སོ་ཞེ་ན། དེ་ལྟ་ན་ཀུན་ནས་ཉོན་མོངས་པ་ལྡོག་པ་མེད་པའི་སྐྱོན་དུ་འགྱུར་ཏེ། འདི་ལྟར་རྣམ་སྨིན་ནི་ཚེ་རབས་ཐམས་ཅད་དུ་ཇི་སྲིད་འཚོའི་བར་དུ་རྒྱུན་མི་འཆད་དུ་འཇུག་པ་ན་རྣམ་སྨིན་དགེ་བ་ཡིན་ན་དགེ་སེམས་སྐད་ཅིག་ཀྱང་རྒྱུན་མི་འཆད་དུ་འཇུག་པས་ཀུན་ནས་ཉོན་མོངས་པ་སྐྱེ་བའི་སྐབས་མེད་ལ་


JLD018_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད་པའི་ཕྱིར་དེ་སྔོན་དུ་འགྲོ་བའི་འགག་པའང་མེད་དོ། །རྣམ་སྨིན་གྱི་མི་དགེ་བ་ཡིན་ན་མི་དགེ་བའི་སེམས་རྒྱུན་མི་འཆད་པའི་གཉེན་པོ་སྐྱེ་བའི་སྐབས་མེད་ལ་དེ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ལྡོག་པར་མི་འགྱུར་རོ། །གཞན་ཡང་དགེ་རྩ་ཆད་པའི་གང་ཟག་ལ་དགེ་སེམས་མངོན་གྱུར་དུ་ཡོད་པ་སོགས་མཐའ་ཡས་སོ། །དེའི་ཕྱིར་མ་བསྒྲིབས་ལུང་མ་བསྟན་ཁོ་ནར་ངེས་སོ། །དེ་སྐད་དུ། ཅིའི་ཕྱིར་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཞེས་བྱ་ཞེ་ན། འདི་ལྟར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་འདི་ནི་དགེ་བ་དང་མི་དགེ་བ་དང་འགལ་བ་མེད་དེ་དགེ་བ་དང་མི་དགེ་བ་ནི་ཕན་ཚུན་མི་མཐུན་ནོ། །རྣམ་པར་སྨིན་པ་ཡང་དགེ་བ་དང་མི་དགེ་བར་འགྱུར་ན་ནི་ཀུན་ནས་ཉོན་མོངས་པ་ལོག་པར་མི་འགྱུར་རོ། །དེ་ལྟ་བས་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་མ་བསྒྲིབས་ལུང་དུ་མ་བསྟན་པ་ཉིད་དོ། །ཞེས་སོ། །ཡང་ཐེག་བསྡུས་སུ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་རྒྱུན་ཆད་པ་ནི་ཉིང་མཚམས་སྦྱོར་བ་མ་རྟོགས་པ་གཞན་དུ་མངོན་པར་འགྲུབ་པ་མེད་པའི་ཕྱིར་ཞེས་འབྱུང་བས་རྣམ་སྨིན་ཇི་སྲིད་འཚོའི་བར་དུ་འཇུག་དགོས་པ་ཡིན་པའི་ཕྱིར་མ་ཤིའི་བར་དུ་འབྱུང་དགོས་ལ་མིག་ལ་སོགས་པ་ནི་མ་ཤིའི་གོང་དུ་ཡང་ལྡོག་པ་མཐོང་བའི་ཕྱིར་དེ་དག་རྣམ་སྨིན་མཚན་ཉིད་པ་མ་ཡིན་ནོ། །ཀུན་ལས་བཏུས་སུ་ཡང༌། རྣམ་པར་སྨིན་པ་གང་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའོ་ཞེས་འབྱུང་ངོ༌དེས་ན་རྟེན་དུ་གྱུར་པའི་རྣམ་ཤེས་ཁོ་ན་རྣམ་སྨིན་ཡིན་ནོ། །དེ་དག་གིས་རྟེན་གྱི་མཚན་ཉིད་བཤད་ཟིན་ཏོ། །བརྟེན་པ་ས་བོན་གྱི་ཀུན་གཞིའི་མཚན་ཉིད་དེ་ཇི་ལྟ་བུ་ཞེ་ན། བརྟེན་པ་ས་བོན་ཀུན་གཞི་ནི། །སྒོ་བར་བྱེད་པས་བསྒོ་གཞི་ལ། །འགག་ལ་མངོན་


JLD018_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱོགས་པའི་ཚེ། །བཞག་པའི་ནུས་པའོ། །སྒོ་བྱེད་ཚོགས་བདུན་གྱིས་བསྒོ་གཞི་ལ་རང་ཉིད་འགག་པ་ལ་སྔོན་དུ་ཕྱོགས་པའི་ཚེ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ས་བོན་བཞག་པའི་ནུས་པ་ཞིག་གོ། དེ་ཡང་ཚོགས་དྲུག་གིས་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་ཆར་གྱི་ས་བོན་འཇོག་སྟེ་དེ་དག་ལ་དགེ་སོགས་གསུམ་ཆར་ཡོད་པས་སོ། །ཉོན་ཡིད་འཁོར་བཅས་ཀྱིས་ནི་ལུང་མ་བསྟན་གྱི་ས་བོན་ཁོ་ན་བསྒོ་སྟེ་དེ་ནི་རྟག་ཏུ་ལུང་མ་བསྟན་གྱི་ངོ་བོར་གནས་པའི་ཕྱིར་རོ། །སྒོ་བར་བྱེད་པ་ཚོགས་བདུན་འཁོར་བཅས་སུ་ཇི་ལྟར་ངེས་ཤེ་ན། འཇུག་ཤེས་རྣམས་དང་ཀུན་གཞི་གཉིས་ཉིད་ཕན་ཚུན་འབྲས་བུའི་དངོས་དང་རྒྱུའི་དངོས་པོར་རྟག་ཏུ་སྦྱོར་ཏེ་འདི་ལྟར་འཇུག་པའི་ཤེས་པ་རྣམས་ཀྱིས་ས་བོན་རྙིང་པ་གསོ་བའི་ཀུན་གཞི་ས་བོན་གྱི་ཆའི་བདག་རྐྱེན་བྱེད་ལ། ས་བོན་གསར་པ་འཇོག་པས་དེའི་རྒྱུའི་རྐྱེན་བྱེད་དེ་ཇི་སྐད་དུ། རྣམ་པར་ཤེས་པ་གཉིས་ནི་གཅིག་གི་རྐྱེན་གཅིག་ཡིན་ཏེ། ཆོས་མངོན་པའི་མདོ་ལས། ཆོས་ཀུན་རྣམ་པར་ཤེས་ལ་སྦྱོར། །དེ་དག་ལ་ཡང་དེ་དེ་བཞིན། །ཕན་ཚུན་འབྲས་བུའི་དངོས་པོ་དང༌། །རྒྱུ་ཡི་དངོས་པོར་རྟག་ཏུ་སྦྱོར། །ཞེས་སོ། །དུས་མཉམ་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་ནས་དེ་སྐད་བཤད་ཀྱི་མི་མཉམ་པའི་དབང་དུ་བྱས་ན། ཚེ་ཕྱི་མའི་ཀུན་གཞིའི་རྣམ་སྨིན་ཆ་འགྲུབ་པའི་ས་བོན་ཡང་འཇོག་པར་བྱེད་དོ། །དེ་ཡང་རྟེན་དེ་དང་སྒོ་བ་པོ་རང་ཉིད་སྐྱེ་འགག་ལྷན་ཅིག་ཏུ་བྱས་པས་སྒོ་བར་བྱེད་དེ། དཔེར་ན་ཏིལ་དང་སྣུམ་གཉིས་ལྷན་ཅིག་ཏུ་གནས་ཏེ་སྐྱེ་འགག་བྱས་པས་ཕྱིས་མེ་ཏོག་དེ་མེད་ཀྱང་ཏིལ་ལ་མེ་ཏོག་གི་དྲི་རྗེས་སུ་འཇུག་པ་བཞིན་ནོ། །དེ་སྐད་དུ་ཡང༌། དེ་ལ་འཇུག་པའི་རྣམ་པར་ཤེས་པ་ནི་ཀུན་གཞི་རྣམ་པར་ཤེས་


JLD018_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་རྣམ་པ་གཉིས་ཀྱིས་རྐྱེན་བྱེད་དེ། མཐོང་བའི་ཆོས་ལ་ས་བོན་ཡོངས་སུ་གསོ་བ་དང༌། ཚེ་ཕྱི་མ་ལ་དེ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་ས་བོན་ཡོངས་སུ་འཛིན་པ་འཇོག་པའི་སྒོ་ནས་སོ། །དེའི་ཕྱིར་མཐོང་བའི་ཆོས་ལ་ས་བོན་ཡོངས་སུ་རྒྱས་ན་ཇི་ལྟ་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་པའི་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་འབྱུང་བ་དེ་ལྟ་དེ་ལྟར་རང་གི་རྟེན་ལ་ལྷན་ཅིག་འབྱུང་བ་དང་འགག་པས་སྒོ་བར་བྱེད་དོ། །ཞེས་སོ། །བསྒོ་གཞི་དེ་ལ་ཇི་ལྟ་བུ་ཞིག་དགོས་ཤེ་ན། བསྒོ་གཞི་ནི། བསྟན་ལུང་མ་བསྟན་བསྒོ་བྱ་བ། །སྒོ་བར་བྱེད་དང་འབྲེལ་པ་དང༌། །མཐའ་གཅིག་རྟེན་དུ་གྱུར་པ་སྟེ། །ཁྱད་པར་ལྔ་དང་ལྡན་པའོ། །ཁྱད་པར་ལྔ་དང་ལྡན་པ་ཞིག་སྒོ་གཞིར་འཇོག་གོ། ལྔ་གང་ཞེ་ན། བརྟན་པ་ནི་ཏིལ་ལ་སོགས་པ་ལྟར་རྒྱུད་རྒྱུན་ཆགས་པ་ཞིག་དགོས་ཀྱི་སྒྲ་གློག་ལྟ་བུའི་མི་བརྟན་པ་ནི་སྒོ་གཞིར་མི་རུང་སྟེ་དེ་དག་ལ་བག་ཆགས་འཆགས་སུ་མི་འདོད་ཅིང་ཆགས་ཀྱང་ཆུད་ཟོས་པ་ཉིད་དུ་འགྱུར་རོ། །འདིས་ནི་ཚོགས་བདུན་དང་གཟུགས་བསྒོ་གཞིར་མི་རུང་བར་བསྟན་ཏེ། དེ་དག་ནི། ཇི་སྐད་དུ། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་པ། །སྙོམས་པར་འཇུག་པ་རྣམ་གཉིས་དང༌། །སེམས་མེད་གཉིད་དེའི་བརྒྱལ་མ་གཏོགས། །ཞེས་དང༌། འཇིག་རྟེན་འདས་པའི་ལམ་ན་མེད། །འགོག་པའི་སྙོམས་པར་འཇུག་ནའང་མེད། །ཅེས་འབྱུང་བ་ལྟར་རྒྱུན་འཆད་པའི་ཕྱིར་དང་གཟུགས་ཀྱང་གཟུགས་མེད་དུ་མེད་པའི་ཕྱིར་རོ། །དེ་ལྟ་ན་ཀུན་གཞི་ཡང་བསྒོ་གཞིར་མི་རུང་སྟེ། དགྲ་བཅོམ་ཉིད་ནས་དེ་ལྡོག་གོ། ཞེས་པ་ལྟར་རྒྱུན་འཆད་པའི་ཕྱིར་རོ། །ཞེ་ན། ཉེས་པ་མེད་དེ་ཇི་སྲིད་སྒོ་བྱེད་ཡོད་ཀྱི་བར་དུ་རྒྱུན་མི་འཆད་པས་ཆོག་པའི་ཕྱིར་རོ། །ལུང་དུ་མ་


JLD018_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ནི་སྒོག་སྐྱ་དང་ཙནྡན་ལྟ་བུ་དྲི་མི་མཉམ་པ་ལ་ས་བོན་ཐམས་ཅད་བསྒོད་མི་ནུས་ཀྱི་ཏིལ་ལྟ་བུའི་དྲི་མ་མཉམ་པ་ལ་ནུས་པས་ན་དྲི་མཉམ་པ་ལྟ་བུའི་ལུང་མ་བསྟན་ནི་དགེ་བ་དང་མི་དགེ་བའི་སེམས་ཧ་ཅང་གསལ་བ་དང་མི་མཐུན་པ་མེད་པའི་ཕྱིར་རོ། །འདིས་ནི་དགེ་བ་དང་ཉོན་མོངས་ཅན་སྒོ་གཞིར་མི་རུང་བར་བསྟན་ནོ། །བསྒོ་བྱ་བ་ནི། བསྒོ་བར་ནུས་པ་སྟེ་མི་རྟག་པ་ལ་བསྒོད་ཀྱི་རྟག་པ་ལ་མི་ནུས་སོ་ཞེས་པས་འདུས་མ་བྱས་སྒོ་གཞིར་མི་རུང་བར་བསྟན་ཏོ། །སྒོ་བར་བྱེད་དང་འབྲེལ་བ་ནི། སྒོ་བྱེད་དང་བསྒོ་གཞི་སྐྱེ་འགག་དུས་གཅིག་ལ་བྱས་པའི་འབྲེལ་བ་དང་ལྡན་པ་ཞིག་དགོས་སོ། །འདིས་ནི་རྒྱུད་ཐ་དད་དང་དུས་མི་མཉམ་པའི་ཆོས་རྣམས་བསྒོ་བྱ་སྒོ་བྱེད་དུ་མི་རུང་བར་བསྟན་ཏོ། །མཐའ་གཅིག་ཏུ་རྟེན་དུ་གྱུར་པ་ནི། རྣམ་གྲངས་ཀྱིས་མ་ཡིན་པར་མཐའ་གཅིག་རྟེན་དུ་གྱུར་པའོ། །འདིས་ནི་ཀུན་གཞིའི་འཁོར་གྱི་རེག་པ་སོགས་བསྒོ་གཞི་ཡིན་པ་སེལ་ཏེ་དེ་དག་ནི་གཙོ་བོ་སེམས་ཀུན་གཞི་རྣམ་ཤེས་ལ་བརྟེན་པས་ན་མཐའ་གཅིག་ཏུ་བརྟེན་པ་མ་ཡིན་ནོ། །འོ་ན་རེག་སོགས་དེ་དག་གིས་རང་འགྲུབ་པའི་ས་བོན་ཀུན་གཞི་ལ་བསྒོད་དམ་མི་བསྒོད། དང་པོ་ལྟར་ན། ཚོགས་བདུན་ལས་གཞན་པའི་སྒོ་བྱེད་ཡོད་པར་འགྱུར་རོ། །གཉིས་པ་ལྟར་ན་དེ་དག་རྒྱུ་མེད་དུ་འགྱུར་རོ། །ཞེ་ན། འདི་ལ་རྒྱུ་མེད་དུ་འགྱུར་བའི་ཕྱིར་བསྒོད་དགོས་ཞེས་པ་དང༌། དེ་དག་ཤིན་ཏུ་མི་གསལ་བའི་ལུང་མ་བསྟན་ཡིན་པའི་ཕྱིར་མི་བསྒོད་དོ། །འོན་ཀྱང་སྔོན་ལས་ཀྱི་རྣམ་སྨིན་ཡིན་པས་མ་ཤིའི་བར་དུ་འཕེན་པས་འཇུག་ཅེས་འདོད་པས་གཉིས་བཤད་ཀྱང་ཕྱི་མ་ལེགས་ཏེ་གཞན་དུ་ན་ཀུན་གཞི་ཉིད་ཀྱིས་ཀྱང་བསྒོད་དགོས་པས་བསྒོ་གཞི་མི་རྙེད་པའི་སྐྱོན་དུ་


JLD018_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལྟ་བུའི་བག་ཆགས་དེ་ལ་དབྱེ་བ་དུ་ཞིག་ཅེ་ན། དྲུག་ཏུ་དབྱེ་བ། གསུམ་ཏུ་དབྱེ་བ། བཞི་ཚན་གཉིས་སུ་དབྱེ་བ་དང་བཞིའོ། །དང་པོ་དྲུག་ཏུ་དབྱེ་བ་ནི། ཕྱི་དང་ནང་དང་མི་གསལ་བ། །གཉིས་དང་ཀུན་རྫོབ་ཉིད་དང་ནི། །དམ་པའི་དོན་དེ་དེ་དག་ཀུན། །ས་བོན་རྣམ་པ་དྲུག་ཏུ་འདོད། །ཕྱིའི་ས་བོན་ནི་ནས་དང་ཨུཏྤ་ལའི་རྩ་བ་ལྟ་བུའོ། །ནང་གི་ས་བོན་ནི་ཀུན་གཞིའི་ས་བོན་གྱི་ཆའོ། །མི་གསལ་བ་གཉིས་ནི། མི་གསལ་བ་ནི་ལུང་མ་བསྟན་པ་ཡིན་ཏེ་དེ་ལ་ནི། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་མི་གསལ་བའམ། དགེ་བ་དང་མི་དགེ་བ་གཉིས་མི་གསལ་བའི་ཕྱིར་རོ། །གཉིས་ནི་ཕྱིའི་ས་བོན་དང་ནང་གི་ས་བོན་ནོ། །ཐེག་བསྡུས་ཀྱི་ཊཱིཀ་བྱེད་ཁ་ཅིག་གི་ལུགས་ཀྱིས་ནི། གཉིས་སུ་མི་གསལ་ཞེས་འདོན་པ་ལྟར་ན། ཀུན་ནས་ཉོན་མོངས་དང་རྣམ་བྱང་ངམ། དགེ་མི་དགེར་དཔྱད་ན་དེ་དག་གང་དུ་ཡང་མི་གསལ་བ་ལུང་དུ་མ་བསྟན་པའོ། །ཡང་ན་གཉིས་ཞེས་པ་ཀུན་གཞི་རྣམ་ཤེས་དེ་ཉིད་ཉོན་མོངས་པའི་ཆོས་རྣམས་ཀྱི་ས་བོན་ཅན་ཡིན་པས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་འབྱུང་བས་དེ་དག་དང་རྒྱུ་འབྲས་དང༌། རྣམ་བྱང་གི་ཆོས་རྣམས་ཀྱི་ས་བོན་ཀྱང་གནས་སམ། རྟེན་གྱི་དངོས་པོ་བྱས་པས་དེ་དག་དང་རྒྱུ་འབྲས་སུ་གྱུར་པ་གཉིས་སོ། །དེ་ལྟར་ཡང་དོན་གསང་དུ། མི་གསལ་བ་གཉིས་ཞེས་པ་ནི། དགེ་བ་དང་མི་དགེ་བ་གཉིས་སམ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་གཉིས་མི་གསལ་ཞིང་ཡོངས་སུ་མི་གསལ་བ་སྟེ་ལུང་དུ་མ་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ། ཁ་ཅིག་ནི་གཉིས་སུ་ཞེས་འདོན་ཏེ་ས་བོན་ནི་དགེ་བ་དང་མི་དགེ་བ་གཉིས་སུ་དཔྱད་དམ། ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བ་གཉིས་སུ་དཔྱད་ན་མི་གསལ་ཏེ་ལུང་དུ་མ་


JLD018_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ་ཞེས་བྱ་བའི་དོན་ནོ། །དེ་ལ་ཕྱིའི་ས་བོན་ནི་ལུང་དུ་མ་བསྟན་པ་སྟེ་ལུང་དུ་མ་བསྟན་པ་ཉིད་ཀྱིས་མི་གསལ་བའོ། །ནང་གི་ཡང་དགེ་བ་ལ་སོགས་པའི་ངོ་བོར་མི་དམིགས་པའི་ཕྱིར་མི་གསལ་བ་ཡིན་ནོ། །ཞེས་དང༌། བཤད་སྦྱར་ལས་ཀྱང༌།མི་གསལ་བ་ནི་ལུང་དུ་མ་བསྟན་པའོ། །གཉིས་ནི་ཕྱི་དང་ནང་གིའོ། །ཡང་ན་འབྲས་བུ་དང་རྒྱུ་སྟེ་དེ་གཉིས་ཀྱི་རྒྱུ་མཚན་ཀུན་གཞི་རྣམ་པ་ཡང་གཉིས་སོ། །དེ་ལ་རྒྱུ་དང་འབྲས་བུའི་དངོས་པོས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་འབྱུང་བའི་ཕྱིར་ཞེས་སོ། །ཀུན་རྫོབ་པའི་ས་བོན་ནི་ཕྱིའི་ས་བོན་ཏེ་ཐ་སྙད་པའི་ཤེས་པའི་ཡུལ་ཙམ་ཡིན་པའི་ཕྱིར་རོ། །དོན་དམ་པའི་ས་བོན་ནི་ནང་གིས་ས་བོན་ཏེ་རྣམ་པར་དཔྱད་པ་ན་ཡང་ཁས་ལེན་དགོས་པའི་ཕྱིར་རོ། །དོན་གསང་དང་བཤད་སྦྱར་གྱི་བཤད་པ་སྔ་མ་ལྟར་ན་དང་པོ་དང་གསུམ་པ་ལྔ་པ་རྣམས་ཞར་ལ་བྱུང་བ་ཙམ་ཡིན་ལ་བཤད་སྦྱར་གྱི་བཤད་པ་གཉིས་པ་ལྟར་ན་ཞར་བྱུང་ངོ༌། །དེ་སྐད་དུ་ཡང་ཐེག་ཆེན་བསྡུས་པ་ལས། ཕྱི་དང་ནང་དང་མི་གསལ་བ། །གཉིས་དང་ཀུན་རྫོབ་ཉིད་དང་ནི། །དམ་པའི་དོན་དེ་དེ་དག་ཀུན། །ས་བོན་རྣམ་པ་དྲུག་ཏུ་འདོད། །བསྟན་ལུང་མ་བསྟན་བསྒོ་བྱ་བ། །སྒོ་བར་བྱེད་དང་འབྲེལ་བ་དང༌། །སྒོ་བྱེད་དེ་ལས་གཞན་དུ་མིན། །དེ་ནི་བག་ཆགས་མཚན་ཉིད་དོ། །ཞེས་སོ། །གཉིས་པ་གསུམ་དུ་དབྱེ་བ་ནི། གཞན་ཡང་མངོན་བརྗོད་བདག་ལྟ་དང༌། །སྲིད་པའི་ཡན་ལག་བག་ཆགས་གསུམ། །དེ་ཡང་ཇི་སྐད་དུ། ཀུན་གཞི་རྣམ་པར་ཤེས་པའི་རབ་ཏུ་དབྱེ་བ་གང་ཞེ་ན། མདོར་བསྡུས་ན་རྣམ་པ་གསུམ་དང༌། རྣམ་པ་བཞིར་བལྟ་བར་བྱའོ། །དེ་ལ་


JLD018_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་རྣམ་པ་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་སྟེ་བྲེ་བྲག་གིས་རྣམ་པ་གསུམ་སྟེ་མངོན་པར་བརྗོད་པའི་བག་ཆགས་ཀྱི་བྱེ་བྲག་དང་བདག་ཏུ་ལྟ་བའི་བག་ཆགས་ཀྱི་བྱེ་བྲག་དང༌། སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་བྱེ་བྲག་གིས་སོ། །ཞེས་པ་ལྟར་གསུམ་མོ། །དེ་ལ་བག་ཆགས་དང་པོ་ནི། ཀུན་གཞིའི་སྟེང་གི་ས་བོན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་མིང་དང་མཚན་མའི་རྣམ་པར་འབྱུང་ཞིང་མདོར་ན་ཐ་སྙད་སྣ་ཚོགས་འདོགས་པའི་ཡིད་ཤེས་ཀྱི་རྒྱུའི་རྐྱེན་ན། །འདི་ལ་སྤྲོས་པའི་བག་ཆགས་ཞེས་ཀྱང་ཟེར་ཏེ། ཡིད་ཤེས་ཡུལ་སྣ་ཚོགས་ལ་འཕྲོ་བའི་ས་བོན་ཡིན་པའི་ཕྱིར་རོ། །མངོན་བརྗོད་ཀྱི་བག་ཆགས་ཞེས་ཀྱང་ཟེར་ཏེ་མིག་མིག་ཅེས་དང༌། གཟུགས་གཟུགས་ཞེས་པའི་བརྗོད་པའི་རྣམ་པ་ཅན་གྱི་ཡིད་ཤེས་ཀྱི་ས་བོན་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཐེག་ཆེན་བསྡུས་པར། དེ་ལ་ལུས་དང་ལུས་ཅན་དང་ཟ་བ་པོའི་རྣམ་པར་རིག་པ་གང་ཡིན་པ་དང༌། དེས་ཉེ་བར་དཔྱད་པར་བྱ་བའི་རྣམ་པར་རིག་པ་གང་ཡིན་པ་དང༌། དེ་ལ་ཉེ་བར་སྤྱོད་པའི་རྣམ་པར་རིག་པ་གང་ཡིན་པ་དང༌། དུས་དང་གྲངས་དང་ཡུལ་དང་ཐ་སྙད་ཀྱི་རྣམ་པར་རིག་པ་གང་ཡིན་པ་དེ་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། ཉེས་པ་མེད་དེ་ཡིད་ཤེས་ཀྱི་ས་བོན་ཞེས་སྔར་བརྗོད་པ་ནི་གཙོ་བོའི་དབང་དུ་བྱས་ལ། འདིར་བསྟན་པ་ནི། གཞན་དབང་དེ་ཀུན་གཞིའི་ས་བོན་ཅན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་བསྡུས་པའི་རྣམ་རིག་ཡིན་ལ་དེ་ལ་ཡང་ལུས་ཞེས་པ་ནས་ཐ་སྙད་པའི་བར་གྱི་རྣམ་རིག་རྣམས་ནི་བག་ཆགས་གསུམ་དུ་བྱེད་པ་ན་མངོན་བརྗོད་ཀྱི་བག་ཆགས་ལས་འབྱུང་སྟེ། གཞན་


JLD018_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་མི་འབྱུང་ལ་འདི་དག་ཀྱང་ཡིད་ཤེས་ཀྱི་མངོན་པར་བརྗོད་པར་བྱ་བའི་ཆོས་ཡིན་པའི་ཕྱིར་རོ། །སྙམ་དུ་བསམས་སོ། །དེས་ན་མངོན་པར་བརྗོད་པར་བྱ་བའི་དབང་དུ་བྱས་ན། དེའི་བག་ཆགས་དེ་འཇོག་པ་ཡང་ཡིད་ཤེས་འཁོར་བཅས་ཁོ་ནས་འཇོག་ལ། བསྐྱེད་པ་ཡང་ཐ་སྙད་འདོགས་པའི་ཡིད་ཤེས་ཉིད་བསྐྱེད་དོ། །གཉིས་པ་བདག་ལྟའི་བག་ཆགས་ནི། ཉོན་ཡིད་མཚུངས་ལྡན་དང་བཅས་པས་བཞག་པ་བདག་དང་གཞན་དུ་སྣང་བའི་རྣམ་རིག་འབྱུང་བའི་ས་བོན་ཏེ། ཇི་སྐད་དུ། བདག་དང་གཞན་གྱི་བྱེ་བྲག་གི་རྣམ་པར་རིག་པ་གང་ཡིན་པ་དེ་ནི། བདག་ཏུ་ལྟ་བའི་བག་ཆགས་ཀྱི་ས་བོན་ལས་འབྱུང་བའི་ཕྱིར་རོ། །ཞེས་སོ། །འདི་ལ་འཇིག་ཚོགས་ལ་ལྟ་བའི་བག་ཆགས་ཞེས་ཀྱང་ཟེར་ཏེ་འཇིག་ལྟའི་ས་བོན་ཡིན་པའི་ཕྱིར་རོ། །གསུམ་པ་སྲིད་པའི་ཡན་ལག་གི་བག་ཆགས་ནི། འཇུག་ཤེས་དགེ་བའམ་མི་དགེ་བས་བཞག་པ་སྲིད་པ་བདེ་འགྲོའམ་ངན་འགྲོ། འཆི་འཕོ་དང་སྐྱེ་བར་སྣང་བའི་ས་བོན་ཏེ། ཇི་སྐད་དུ། བདེ་འགྲོ་དང་ངན་འགྲོ་དང་འཆི་འཕོ་བ་དང་སྐྱེ་བའི་རྣམ་པར་རིག་པ་གང་ཡིན་པ་དེ་ནི། སྲིད་པ་ཡན་ལག་གི་བག་ཆགས་ཀྱི་ས་བོན་ལས་བྱུང་བའི་ཕྱིར་རོ། །ཞེས་སོ། །འདི་ལ་རྣམ་སྨིན་གྱི་བག་ཆགས་ཞེས་ཀྱང་བྱ་སྟེ་འདི་ཡོངས་སུ་སྨིན་གྱི་ངོ་བོར་གྱུར་པ་ཡིན་པའི་ཕྱིར་རོ། །དབང་པོ་དང་དོན་འདི་དག་ལ་འདིར་རྣམ་པར་རིག་པ་ཞེས་པ་དེ་དག་ཤེས་རིག་གི་ངོ་བོར་གྱུར་པས་དེ་སྐད་བརྗོད་པ་ཡིན་ནམ་ཞེ་ན། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དབང་པོ་ལྔ་དང་གཟུགས་སྒྲ་སོགས་དོན་ལྔར་སྣང་བ་འདི་དག་ལ་དཔྱད་པ་ན་ཕྱི་རོལ་ལྟ་བུར་ཀུན་ཏུ་ཆད་པར་སྣང་ལ་དེའི་ཚེ་ནི་དེ་དག་ཤེས་པའི་ངོ་བོར་མི་འདོད་དེ་འཇིག་རྟེན་ན་


JLD018_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་དང་མ་དག་པའི་བློ་ལ་ཇི་ལྟར་སྣང་བ་ལྟར་རྣམ་གཞག་བྱེད་དོ། །བརྟགས་ཤིང་དཔྱད་པ་ན་དེ་ལྟར་སྣང་བ་དེ་ཤེས་པ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཏེ་ཀུན་བརྟགས་པ་ཡིན་པའི་ཕྱིར་རོ། །དེས་ན་དོན་དུ་སྣང་བར་ནི་དམིགས་ལ་མུ་སྟེགས་ལྟར་གྱི་བདག་དང་གཙོ་བོ་སོགས་དང༌། རང་སྡེ་འོག་མ་ལྟར་གྱི་རྡུལ་ཕྲན་དུ་བརྟགས་པ་རྣམས་ནི་མ་གྲུབ་སྟེ་དེ་དག་སྣང་བར་མི་རིགས་ལ་གཟུང་འཛིན་རིགས་པས་ཁེགས་ཀྱང་མྱོང་བ་རྫས་སུ་དམིགས་པའི་ཕྱིར་ནང་གི་ཤེས་པ་ཉིད་དེ་ལྟར་སྣང་བ་ཡིན་ཅིང་དེ་ལ་ཡིད་ཀྱིས་སྒྲོ་བཏགས་པ་ཡིན་ནོ། །དེ་སྐད་དུ་ཡང་ཐེག་ཆེན་བསྡུས་པར། རྣམ་པར་རིག་པ་འདི་རྣམས་ཀྱིས་ཁམས་དང་འགྲོ་བ་དང་སྐྱེ་གནས་ཐམས་ཅད་བསྡུས་པ་གཞན་གྱི་དབང་གི་མཚན་ཉིད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་བསྟན་པ་ཡིན་ནོ། །རྣམ་པར་རིག་པ་འདི་རྣམས་ཀྱི་རྣམ་པར་རིག་པ་ཙམ་ཉིད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་བསྡུས་པ་ཡོད་པ་མ་ཡིན་པ་དང༌། ནོར་བའི་དོན་སྣང་བའི་གནས་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་དོ། །དེ་ལ་ཀུན་བརྟགས་པའི་མཚན་ཉིད་གང་ཞེ་ན།གང་དོན་མེད་ཀྱང་རྣམ་པར་རིག་པ་ཙམ་དེ་དོན་ཉིད་དུ་སྣང་བའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། གང་གཞན་གྱི་དབང་གིས་མཚན་ཉིད་དེ་ལ་དོན་གྱི་མཚན་ཉིད་དེ་གཏན་མེད་པ་ཉིད་དོ། །ཞེས་དང༌། རྣམ་པར་རིག་པ་འདི་དག་ནི་དོན་མེད་པའི་ཕྱིར་རྣམ་པར་རིག་པ་ཙམ་མོ་ཞེས་བྱ་བ་འདི་ལ་དཔེ་ཅི་ཡོད་ཅེ་ན། རྨི་ལམ་ལ་སོགས་པ་ནི་དཔེར་ལྟ་བར་བྱའོ། །དཔེར་ན་རྨི་ལམ་ན་དོན་མེད་པར་ཡང་རྣམ་པར་ཤེས་པ་ཙམ་ཉིད་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང༌། ཁང་ཁྱིམ་དང་ནགས་ཚལ་དང་ས་དང་རི་ལ་སོགས་པའི་དོན་སྣ་ཚོགས་ཀྱི་རྣམ་པར་


JLD018_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གི་དེ་ན་དོན་ཅི་ཡང་མེད་དོ། །དཔེ་འདིས་ནི་ཐམས་ཅད་དུ་ཡང་རྣམ་པར་རིག་པ་ཙམ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །སོགས་པ་སྨོས་པས་ནི་སྒྱུ་མ་དང་མིག་རྒྱུ་དང་རབ་རིབ་རྣམས་དཔེར་རིག་པར་བྱའོ། །ཞེས་སོ། །གསུམ་པ་བཞི་ཚན་དང་པོར་དབྱེ་བ་ནི། ཐུན་མོང་ཐུན་མོང་མ་ཡིན་དང༌། །ཚོར་དང་བཅས་དང་ཚོར་མེད་པ། །ས་བོན་རྣམ་བཞི། དེ་ཡང་ས་བོན་ཐུན་མོང་བ་ནི། ཀུན་གཞིའི་སྟེང་གི་སྣོད་ཀྱི་འཇིག་རྟེན་འགྲུབ་པའི་ས་བོན་ནོ། །ཐུན་མོང་མ་ཡིན་པ་ནི། བཅུད་ཀྱི་འཇིག་རྟེན་འགྲུབ་པའི་ས་བོན་ནོ། །དེ་གཉིས་རིམ་པ་བཞིན་ཚོར་བ་མེད་པ་འབྱུང་བའི་ས་བོན་དང༌། ཚོར་བ་དང་བཅས་པ་འབྱུང་བའི་ས་བོན་ཞེས་ཀྱང་བྱ་སྟེ་སྣོད་ནི་སེམས་ཀྱིས་མ་ཟིན་པས་བདེ་སྡུག་གི་རྟེན་དུ་མི་སྣང་ལ་བཅུད་ནི་དེ་ལས་བཟློག་པས་སོ། །དེ་སྐད་དུ་ཡང༌། དེ་ལ་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། གང་དེ་ཉིད་ཐུན་མོང་གི་མཚན་ཉིད་དང༌། ཐུན་མོང་མ་ཡིན་པའི་མཚན་ཉིད་དང༌། ཚོར་བ་མེད་པ་འབྱུང་བའི་ས་བོན་ཀྱི་མཚན་ཉིད་དང༌། ཚོར་བ་དང་བཅས་པ་འབྱུང་བའི་ས་བོན་གྱི་མཚན་ཉིད་དོ། །ཐུན་མོང་ནི་སྣོད་ཀྱི་འཇིག་རྟེན་གྱི་ས་བོན་གང་ཡིན་པའོ། །ཐུན་མོང་མ་ཡིན་པ་ནི་སོ་སོ་རང་གི་སྐྱེ་མཆེད་ཀྱི་ས་བོན་གང་ཡིན་པའོ། །ཐུན་མོང་གང་ཡིན་པ་དེ་ནི་ཚོར་བ་མེད་པ་འབྱུང་བའི་ས་བོན་ནོ། །ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ནི་ཚོར་བ་དང་བཅས་པ་འབྱུང་བའི་ས་བོན་ནོ། །ཞེས་སོ། །བཞི་པ་བཞི་ཚན་གཉིས་པར་དབྱེ་བ་ནི། གནས་ངན་ལེན། ཤིན་ཏུ་སྦྱངས་དང་སྤྱད་ཟིན་དང༌། །མ་ཟིན་པ་དང་བཞི་རུའང་གསུངས། །དེ་ལ་གནས་ངན་ལེན་གྱི་ས་བོན་ནི་འདོད་ཆགས་དང་ཞེ་སྡང་སོགས་རྩ་ཉོན་དང་ཁྲོ་བ་དང་ཁོན་དུ་འཛིན་པ་སོགས་ཉེ་


JLD018_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་ནོ། །ཤིན་ཏུ་སྦྱངས་པའི་ས་བོན་ནི། འཇིག་རྟེན་པའི་ཆོས་དགེ་བ་རྣམས་ཀྱི་ས་བོན་ནོ། །སྤྱད་ཟིན་པའི་ས་བོན་ནི། དགེ་མི་དགེའི་ས་བོན་བདེ་འགྲོ་དང་ངན་འགྲོའི་རྣམ་སྨིན་གྱི་ངོ་བོར་རྣམ་པར་སྨིན་ཟིན་པ་ཡིན་ཏེ་དེ་ནི་གཡོས་སུ་བྱས་པའི་ཁ་ཟས་དང་འདྲ་བར་སླར་ཡང་རྣམ་པར་སྨིན་པར་མི་འགྱུར་བའི་ཕྱིར་རོ། །སྤྱད་མ་ཟིན་པའི་ས་བོན་ནི། མངོན་བརྗོད་ཀྱི་བག་ཆགས་ཏེ་དེ་ནི་ཐོག་མ་མེད་པ་ནས་འབྱུང་བའི་ཕྱིར་ཏེ། སེམས་ཅན་རྣམས་སྐྱེས་ཙམ་ནས་ཆེད་དུ་མ་བལྟོས་པར་གཟུང་བ་དང་འཛིན་པའི་སྤྲོས་པ་དུ་མ་རྒྱུད་ལ་འཇུག་པའི་ཕྱིར་རོ། །དེ་སྐད་དུའང་། ཡང་གནས་ངན་ལེན་གྱི་མཚན་ཉིད་དང༌། ཤིན་ཏུ་སྦྱངས་པའི་མཚན་ཉིད་དོ། །གནས་ངན་ལེན་གྱི་མཚན་ཉིད་ནི། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ས་བོན་གང་ཡིན་པའོ།། ཤིན་ཏུ་སྦྱངས་པའི་མཚན་ཉིད་ནི། ཟག་པ་དང་བཅས་པའི་དགེ་བའི་ཆོས་ཀྱི་ས་བོན་གང་ཡིན་པའོ། །ཞེས་དང༌། ཡང་སྤྱད་ཟིན་པ་དང་མ་ཟིན་པའི་མཚན་ཉིད་དོ། །སྤྱད་ཟིན་པའི་མཚན་ཉིད་ནི་གང་དགེ་བ་དང་མི་དགེ་བའི་ས་བོན་གྱི་རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པའོ། །མ་སྤྱད་པའི་མཚན་ཉིད་ནི། གང་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ཏེ་ཐོག་མ་མེད་པའི་དུས་ནས་སྤྲོས་པ་འབྱུང་བས་ས་བོན་ཡིན་པའི་ཕྱིར་རོ། །ཞེས་སོ། །དེས་ན་ཁ་ཅིག་ཐེག་བསྡུས་ལས་སྤྱད་ཟིན་མ་ཟིན་གཉིས་གསུངས་པ་ནི། རིམ་པ་ལྟར་མྱུ་གུ་སྐྱེས་པ་ན་ས་བོན་གྱི་སྙིང་པོ་འགགས་པ་ལྟར། བདེ་འགྲོ་ངན་འགྲོའི་རྣམ་སྨིན་གྱི་བག་ཆགས་རྣམ་སྨིན་གྱི་ངོ་བོར་སྨིན་ཟིན་པ་ནི་མེད་པའི་ཕྱིར་གསོ་བར་བྱ་བ་མིན་པ་དང༌། འབྲས་བུ་མ་བྱུང་བའི་བག་ཆགས་རྣམས་ནི་བག་ཆགས་གསར་པས་གསོ་བར་བྱ་བ་དང་གཉིས་ཡིན་ཞེས་བཞེད་


JLD018_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཐེག་བསྡུས་ཀྱི་དགོངས་པ་མ་ཡིན་ནོ། །དེ་ལྟ་བུའི་བག་ཆགས་དེ་དག་རང་གི་རྟེན་དུ་གྱུར་པའི་རྣམ་ཤེས་དང་རྫས་གཅིག་གམ་ཐ་དད་ཅེ་ན། བག་ཆགས་དེ་ཡང་རྟེན་ལས་ནི། །རྫས་གཅིག་ཐ་དད་གང་ཡང་མིན། །ཇི་ལྟར་ན།གཅིག་མ་ཡིན་ཞེ་ན། ས་བོན་དམིགས་རྣམ་ཡོད་པ་དང༌། །འགྲོ་བ་ལྔ་ཡི་ས་བོན་རྣམས། །འཆོལ་བ་ཉིད་དུ་འགྱུར་བ་དང༌། །ཁམས་ཀྱང་འཆོལ་ཕྱིར་གཅིག་ཉིད་མིན། །ས་བོན་དང་ཀུན་གཞི་རྣམ་ཤེས་གཉིས་རྫས་གཅིག་མ་ཡིན་ཏེ། གཞན་དུ་ན་ཀུན་གཞི་ས་བོན་ཆ་དེ་ལ་དམིགས་རྣམ་ཡོད་པར་འགྱུར་རོ། །འདོད་ན་ས་བོན་ལ་ནི་དམིགས་པ་དང་རྣམ་པ་མེད་དོ་ཞེས་བཤད་པ་དང་འགལ་ལོ། །ཡང་འགྲོ་བ་ལྔའི་ས་བོན་རྣམས་འཆོལ་བ་ཉིད་དུ་འགྱུར་ཏེ། འགྲོ་བ་ལྔའི་ས་བོན་རྣམས།རྫས་གཅིག་ཏུ་ཁས་ལེན་དགོས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། རྟེན་གཅིག་ལ་འགྲོ་བ་ལྔའི་ས་བོན་ཡོད་པ་དེ་དུས་མཉམ་དུ་ནི་ཡོད་དགོས་ལ་དེ་དག་ཀྱང་རྟེན་དེའི་ཀུན་གཞིའི་རྣམ་ཤེས་སྐད་ཅིག་མ་གཅིག་དང་རྫས་གཅིག་པར་ཁས་ལེན་དགོས་ཤིང་སྐད་ཅིག་དེ་ལ་ཆ་ཤས་མེད་པས་ན་ས་བོན་ལྔ་པོ་དེ་རྫས་ཆ་ཤེས་མེད་པ་གཅིག་ཏུ་འགྱུར་ཏེ་ཤེས་པ་ཆ་མེད་གཅིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། རྟེན་གཅིག་ལ་འགྲོ་བ་ལྔའི་ས་བོན་ཡོད་པ་དེ་དུས་མཉམ་དུ་ནི་ཡོད་དགོས་ལ་དེ་དག་ཀྱང་རྟེན་དེའི་ཀུན་གཞི་རྣམ་ཤེས་སྐད་ཅིག་མ་གཅིག་དང་རྫས་གཅིག་པར་ཁས་ལེན་དགོས་ཤིང་སྐད་ཅིག་དེ་ལ་ཆ་ཤས་མེད་པས་ན་ས་བོན་ལྔ་པོ་དེ་རྫས་ཆ་ཤས་མེད་པ་གཅིག་ཏུ་འགྱུར་ཏེ་ཤེས་པ་ཆ་ཤས་གཉིས་གཅིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་འདོན་ན་བདེ་འགྲོའི་རྣམ་སྨིན་གྱི་ས་བོན་དེ་འཇོག་བྱེད་མི་དགེ་བས་བཞག་པར་ཐལ། ངན་འགྲོའི་རྣམ་སྨིན་གྱི་ས་བོན་ཡིན་པའི་ཕྱིར་རོ། །ཡང་ངན་འགྲོའི་རྣམ་སྨིན་གྱི་ས་བོན་དེ་འཇོག་བྱེད་དགེ་བས་བཞག་པར་ཐལ། བདེ་འགྲོའི་རྣམ་སྨིན་གྱི་ས་བོན་ཡིན་པའི་ཕྱིར་རོ། །དེ་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པའི་རིགས་པ་ལ་མ་འབད་ཅིང་སྒྲའི་སྤྱི་ཙམ་ཤར་བ་ཁ་ཅིག་འགྲོ་བ་ལྔའི་ས་བོན་རྣམས་ཕན་ཚུན་


JLD018_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་མི་དགོས་ཏེ། དངོས་པོ་དང་གཟུགས་གཞན་ནོ་སྙམ་དུ་སེམས་ན། འདི་དཔྱད་དེ། ཅི་གཟུགས་དང་རྫས་གཅིག་པའི་དངོས་པོ་དེ་གཟུགས་ཀྱི་རྫས་ཡིན་ནམ་མ་ཡིན། དང་པོ་ལྟར་ན་ཁྱོད་ཀྱི་འདོད་པ་མི་འགྲུབ་སྟེ། ཁྱོད་ནི་གཟུགས་དང་རྫས་གཅིག་པའི་དངོས་པོ་དེ་སྒྲ་དང་དྲི་རོ་ལྟ་བུ་དང་ཡང་རྫས་གཅིག་པར་འདོད་ལ་གཟུགས་ཀྱི་རྫས་ཡིན་ན་དེ་དག་ལ་རྗེས་སུ་འགྲོ་བ་མེད་དོ། །གཟུགས་ཀྱི་རྫས་མ་ཡིན་ན་རྫས་གཅིག་པའང་ཡིན་ལ་རྫས་གཞན་པའང་ཡིན་པ་འདི་ནི་སྨྱོན་པའི་ཚིག་སྟེ་ཁོ་བོ་ཅག་སྨྱོན་པ་དང་ལྷན་ཅིག་མི་རྩོད་དོ། །ཆོས་ཀྱི་རྗེས་ཀྱང༌། ཤིང་མིན་ལས་ལྡོག་དངོས་པོ་སྟེ། །ཤ་པ་ཡིན་ན་གཞན་ཤིང་མིན། །གཞན་ཤིང་ཡིན་ན་ཤ་པ་མིན། །དེ་ཡི་རང་བཞིན་གཞན་མིན་ཕྱིར། །ཞེས་ཤིང་མ་ཡིན་ལས་ལྡོག་པའི་དངོས་པོ་དེ་ཤ་པ་དང་རྫས་གཅིག་གམ་ཐ་དད། དང་པོ་ལྟར་ན་ཤ་པ་ལས་གཞན་པའི་ཤིང་གི་གསལ་བ་རྣམས་ཤིང་མ་ཡིན་པར་འགྱུར་ལ། གཉིས་པ་ལྟར་ན་ཤ་པ་ཤིང་མ་ཡིན་པར་འགྱུར་ཏེ། ཤིང་མིན་ལས་མ་ལོག་པའི་ཕྱིར་རོ། །གལ་ཏེ་ཤ་པ་ལས་གཞན་ཡང་ཤིང་དང་རྫས་གཅིག་ཏུ་འདོད་ན། ཤ་པ་ཤིང་མ་ཡིན་ཏེ་རྫས་རྣམས་ཕན་ཚུན་ལ་འདྲེས་པར་གནས་པའི་ཕྱིར་ཞེས་གསུངས་པའི་རིགས་པ་དང་རྗེས་སུ་མཐུན་ནོ། །དེས་ན་ཇི་སྲིད་གསལ་བ་རྣམས་ལས་མ་གཏོགས་པའི་སྤྱི་རྫས་སུ་གྲུབ་པར་འདོད་པ་དེ་སྲིད་དུ་རྫས་གཅིག་དང་ཐ་དད་བརྟགས་པའི་སྐྱོན་གཉིས་པོ་སྤོང་མི་ནུས་སོ། །གཞན་ཡང་རྫས་གཅིག་ཏུ་ཁས་བླངས་ནས་ཆ་གཉིས་འདོད་པ་ལ་འགལ་བ་མེད་ན་ཡན་ལག་དང་ཡན་ལག་ཅན་གཉིས་རྫས་གཅིག་པ་སངས་རྒྱས་ཀྱིས་ཀྱང་དགག་པར་མི་ནུས་སོ། །ཡང་ཁམས་ཀྱང་འཆོལ་པ་ཉིད་དུ་


JLD018_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། འདི་ལྟར་གཟུགས་ཁམས་ཀྱིས་ལྷའི་སྙོམས་འཇུག་བསྒོམ་པའི་མཐུས་གཟུགས་ཀྱི་ལྷའི་རྣམ་སྨིན་འགྲུབ་པའི་ས་བོན་འདོད་པའི་ཀུན་གཞི་ལ་དགོས་པ་དེ་ཀུན་གཞི་རྣམ་ཤེས་དེ་དང་རྫས་གཅིག་ཏུ་འདོད་དགོས་པའི་ཕྱིར་དང༌། ས་བོན་ཏེ་འདོད་པའི་སར་གཏོགས་པ་ཁོ་ནར་འགྱུར་ཏེ། གསར་དུ་བཞག་པའི་ས་བོན་དེ། འདོད་ཁམས་ཀྱི་ཀུན་གཞིའི་རྣམ་ཤེས་ཡིན་པའི་ཕྱིར་རོ། །དེས་ན་རྫས་གཅིག་པ་ལ་འདི་ལྟ་བུའི་རིགས་པ་མཐའ་ཡས་སོ། །རྫས་ཐ་དད་ཇི་ལྟར་མ་ཡིན་ཞེ་ན། རྟེན་གཅིག་ལ་ནི་ཀུན་གཞི་གཉིས། །ཡོད་པར་འགྱུར་བས་སོ་སོ་མིན། །རྫས་ཐ་དད་ན། གཟུགས་དང་ལྡན་མིན་དང༌། ཚོགས་བདུན་གང་ཡང་མིན་ཏེ་རྫས་སུ་གྲུབ་པ་དང་གཟུགས་མེད་ནའང་ཡོད་པ་དང༌། ཚོགས་བདུན་མེད་པའི་ཚེ་ཡང་འབྱུང་བའི་ཕྱིར་རོ། །དེ་ན་ཀུན་གཞི་རྣམ་ཤེས་གཉིས་པོ་གཅིག་ཏུ་འགྱུར་དགོས་ལ་དེ་འདོད་ན་རྟེན་གཅིག་ལ་ཀུན་གཞི་རྣམ་ཤེས་གཉིས་ཡོད་པའི་ཕྱིར་རྒྱུད་དུ་མ་ཉིད་དུ་འགྱུར་རོ། །མ་ངེས་ཏེ་སེམས་གཅིག་གི་འཁོར་དུ་སེམས་བྱུང་དུ་མ་འབྱུང་བ་དང་ཀུན་གཞི་དང་ཚོགས་བདུན་ལྷན་ཅིག་འཇུག་ཀྱང་རྒྱུད་དུ་མར་མི་འགྱུར་བ་བཞིན་ནོ་ཞེ་ན། མི་མཚུངས་ཏེ་སེམས་གཅིག་ལ་བལྟོས་ཏེ་འཇུག་ལ་ཚོགས་བདུན་ཀུན་གཞི་གཅིག་ལ་རག་ལས་ཏེ་འཇུག་ཅིང་ཀུན་གཞི་གཉིས་ཡོད་ན་གཅིག་གཅིག་ལ་མི་བལྟོས་ཏེ་གཉིས་ཀ་བརྟན་པ་རང་དབང་ཅན་གྱི་རྣམ་ཤེས་ཡིན་པའི་ཕྱིར་སྐྱོན་སོ་ན་གནས་སོ། །འོ་ན་བག་ཆགས་དེ་ཇི་ལྟ་བུ་ཞིག་ཏུ་གནས་ཤེ་ན། དེས་ན་རྟེན་ལས་དེ་ཉིད་དང༌། །གཞན་དུ་བརྗོད་དུ་མེད་པ་སྟེ། །བཏགས་ཡོད་ཙམ་དུ་གནས་ཕྱིར་རོ། །རྫས་གཅིག་དང་ཐ་དད་གང་ཡང་མིན་པ་


JLD018_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར། རྟེན་གྱི་རྣམ་ཤེས་དེ་ལས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པ་རྣམ་ཤེས་དེའི་ནུས་པ་བག་ལ་ཉལ་གྱི་ངོ་བོར་བཏགས་ཡོད་ཙམ་དུ་གནས་ཏེ་ཇི་སྐད་དུ། ཀུན་གཞི་རྣམ་པར་ཤེས་པ་དང༌། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་དེ་དག་ཅི་སོ་སོ་ཐ་དད་དམ། འོན་ཏེ་ཐ་དད་པ་མ་ཡིན་པར་གནས་ཤེ་ན། དེ་ལ་གནས་པ་དེ་དག་དང་རྫས་སུ་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པ་ཡང་མ་ཡིན་མོད་ཀྱི་གང་དེ་འབྱུང་བའི་མཐུའི་ཁྱད་པར་ཅན་ཀུན་གཞི་རྣམ་པར་ཤེས་པ་དེ། དེ་བཞིན་དུ་འབྱུང་བ་ལ་ས་བོན་ཐམས་ཅད་པ་ཞེས་བྱའོ། །ཞེས་དང༌། དེའི་འགྲེལ་པ་དོན་གསང་དུ། དེ་ལྟར་ཕྱོགས་གཉིས་ཀ་ལ་ཡང་ཉེས་པ་སྣང་བས་དེ་ལ་གནས་པ་དེ་དག་དང་རྫས་སུ་ཐ་དད་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་རྣམས་ཡིན་ནོ་ཞེས་བྱ་བའི་དོན་དེ་ཞེས་དང༌། ཡང་དེའི་འགྲེལ་པ་བཤད་སྦྱར་ལས་ཀྱང༌། དེ་དག་དང་རྫས་སུ་ན་ཐ་དད་པ་ཡང་མ་ཡིན་ཐ་མི་དད་པ་ཡང་མ་ཡིན་མོད་ཀྱི་ཞེས་བྱ་བ་ནི། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ལས་ཡང་དག་པར་འདས་པའི་ཚུལ་གྱིས་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་རྣམས་གནས་པར་བརྗོད་དེ་ནུས་པའི་ཁྱད་པར་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །བག་ཆགས་ཞེས་བྱ་བ་ནི་ནུས་པའི་ཁྱད་པར་ཏེ་ནུས་པ་ཡང་ནུས་པ་ཅན་དེ་ཉིད་དང་གཞན་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་དག་དང་ཕན་ཚུན་ཐ་དད་དམ་ཐ་དད་པ་མ་ཡིན་ཞེས་འདྲི་བ་འདི་ཚུལ་གཞན་མ་ཡིན་པ་སྟེ་ནུས་པ་ཅན་རྒྱུར་བྱས་ནས་བཏགས་པའི་ཕྱིར་རོ། །ཞེས་བཀྲལ་བས་ན་སློབ་དཔོན་འདི། ནུས་པ་བཏགས་ཡོད། ནུས་པ་ཅན་རྫས་ཡོད་དུ་བཞེད་པའི་ཕྱིར་བག་ཆགས་དང་ཀུན་གཞིའི་རྣམ་


JLD018_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་གཉིས་རྫས་ཐ་དད་མ་ཡིན་ལྡོག་པ་གཅིག་མ་ཡིན་ཞེས་བཀྲལ་ནས་དེ་གཉིས་རྫས་གཅིག་ལྡོག་པ་ཐ་དད་དུ་འདོད་པ་ནི་གཞུང་ལུགས་གཞན་གྱི་ཆོས་སྐད་འཕྱུགས་པས་ན་རང་སྐད་མ་ཐོན་པ་ཡིན་ནོ། །གཞན་ཡང་མཛོད་ཀྱི་གནས་གཉིས་པའི་འགྲེལ་བཤད་དུ། སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་འགྲེལ་པ་ནི། ས་བོན་དང་ནུས་པ་དང་བག་ཆགས་ཞེས་བྱ་བ་ནི་དོན་གཅིག་གོ། ས་བོན་ནི་བཏགས་པའི་ཡོད་པ་ཡིན་གྱི་རྫས་སུ་ཡོད་པ་ནི་མ་ཡིན་ནོ། །ཞེས་འབྱུང་བས་སྐུ་མཆེད་དགོངས་པ་གཅིག་གོ། དེས་ན་བསྒོས་པའི་ས་བོན་འདི་ནི། འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་ལྡན་མིན་འདུ་བྱེད་ཀྱི་ཐོབ་པ་ཡིན་ཏེ། འདུས་བྱས་ཡིན་ལ་གཟུགས་སེམས་སེམས་བྱུང་གང་ཡང་མིན་པའི་ཕྱིར་དང༌། ཀུན་ལས་བཏུས་སུ་ལྡན་པ་གང་ཞེ་ན། མཚན་ཉིད་ཀྱིས་ནི་སྔ་མ་བཞིན་ནོ། །རབ་ཏུ་དབྱེ་བ་ནི་གསུམ་སྟེ་ས་བོན་དང་ལྡན་པ་དང༌། དབང་དང་ལྡན་པ་དང༌། ཀུན་འབྱུང་བ་དང་ལྡན་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་བག་ཆགས་རྣམ་པ་གསུམ་གྱི་བྱེ་བྲག་གི་རྣམ་པ་གསུམ་སྟེ་ཞེས་གོང་དུ་དྲངས་པ་དང༌། དོན་གསང་དུ་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡང་ས་བོན་དང་རྣམ་པར་སྨིན་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་དབྱེ་སྟེ་ཞེས་གསུངས་པ་རྣམས་ཇི་ལྟར་དྲངས་ཤེ་ན། ཉེས་པ་མེད་དེ་སྤྱིར་ཀུན་གཞི་ས་བོན་ལ་ཡང་རྣམ་ཤེས་ཀྱི་སྒྲས་བསྟན་པ་ནི། ས་བོན་དང་རྣམ་སྨིན་མ་ཕྱེ་བའི་རིགས་བཤད་ཡིན་ཏེ་ཕྱེ་ནས་ས་བོན་དང་རྣམ་ཤེས་རྫས་གཅིག་ཐ་དད་དྲིས་པ་ན་གང་ཡང་མ་ཡིན་པས་བསྟན་པའི་ཕྱིར་རོ། །བྱེ་བྲག་ཏུ་དོན་གསང་ལས་དེ་ལྟར་བསྟན་པ་ནི། གོང་གི་འཕྲོས་


JLD018_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་ན་བསྡུས་པའི་རྒྱས་བཤད་དུ་འདུག་པ་དང༌། སོ་སོ་ཐ་དད་དམ་ཞེས་པའི་ཐད་དུ་འགྲེལ་པ་གཉིས་ཀས་ཞལ་འཆམ་པར་བཀྲལ་བའི་ཕྱིར་དང༌། དོན་གསང་དུ་ས་བོན་སྔ་མའི་རྒྱུན་འཇུག་པས་ས་བོན་ཕྱི་མའི་དུས་ཐ་དད་པ་ཁོ་ནའི་རྒྱུའི་རྐྱེན་ཡིན་ནོ། །བདག་པོའི་རྐྱེན་ནི་མ་ཡིན་ཏེ། སྐལ་བ་མཉམ་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ཡང་མ་ཡིན་ཏེ་སེམས་ལས་བྱུང་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དམིགས་པའི་རྐྱེན་ཡང་མ་ཡིན་ཏེ་ས་བོན་ལ་དམིགས་པ་མེད་པའི་ཕྱིར་རོ་ཞེས་པ་དང༌། བཤད་སྦྱར་དུ། བག་ཆགས་ཙམ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་གྱི་ཞེས་འབྱུང་བའི་ཕྱིར་ཡི་གེ་ཙམ་མཐོང་བས་འཁྲུལ་བར་མི་རིགས་སོ། །གལ་ཏེ་ས་བོན་དངོས་པོར་འདོད་ལ་རྫས་སུ་མི་འདོད་ན། སྔོན་མེད་པའི་ལུགས་སོ་ཞེ་ན། དེ་ལ་ཡང་ཉེས་པ་མེད་དེ། སློབ་དཔོན་འདི་སྐུ་མཆེད་དངོས་པོ་ལ་རྫས་བཏགས་གཉིས་སུ་འབྱེད་དེ། ལྡན་མིན་འདུ་བྱེད་འདུས་བྱས་སུ་བཞེད་ལ་རྫས་སུ་མི་བཞེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་སློབ་དཔོན་སོ་སོའི་ལུགས་མ་འདྲེས་པར་འབྱེད་པ་ནི་མཁས་པ་མཛངས་པ་གསལ་བ་ཡིད་གཞུངས་པའོ། །བག་ཆགས་དེ་དག་དགེ་བ་དང་མི་དགེ་བ་ལུང་དུ་མ་བསྟན་པ་གསུམ་ལས་གང་ཞེ་ན། འཇོག་བྱེད་དགེ་སོགས་གང་ཡིན་ཀྱང༌། །བཞག་པའི་བག་ཆགས་ལུང་མ་བསྟན། །མ་བསྒྲིབས་ལ་ཞེས་པ་ནི་ལྷག་མའོ། །དེ་ནི་མི་རིགས་ཏེ། ལུང་དང་རིགས་པ་དང་འགལ་བའི་ཕྱིར་ཏེ། འདི་ལྟར། ཀུན་ལས་བཏུས་སུ་རྗེས་སུ་འབྲེལ་བའི་དགེ་བ་གང་ཞེ་ན། དེ་དག་ཉིད་ཀྱི་བག་ཆགས་སོ་ཞེས་དང༌། རྗེས་སུ་


JLD018_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བའི་མི་དགེ་བ་གང་ཞེ་ན། དེ་དག་ཉིད་ཀྱི་བག་ཆགས་སོགས། །ཞེས་བག་ཆགས་དགེ་མི་དགེ་གསུངས་པའི་ཕྱིར་དང༌། གལ་ཏེ་བསྒོས་པའི་བག་ཆགས་ཐམས་ཅད་ལུང་མ་བསྟན་དུ་འདོད་ན་རྣམ་སྨིན་གྱི་རྒྱུ་མི་བྱེད་པར་ཐལ་བ་དང༌། འཇུག་ཤེས་དགེ་མི་དགེ་ལུང་མ་བསྟན་བསྐྱེད་པའི་ས་བོན་གྱིས་རྒྱུ་མཐུན་གྱི་འབྲས་བུ་མི་བསྐྱེད་པར་ཐལ་བ་དང༌། སྡོམ་པ་ཐོབ་ནས་ཇི་སྲིད་མ་བཏང་བར་དུ་དགེ་བ་རྒྱུན་ཆགས་སུ་མི་འབྱུང་བར་འགྱུར་ཏེ། རྣམ་སྨིན་འཕེན་པ་ལ་དགེ་མི་དགེ་གང་རུང་ཞིག་དགོས་པའི་ཕྱིར་དང༌། རྒྱུ་མཐུན་གྱི་འབྲས་བུ་དེ་རྒྱུ་དང་རིགས་མཐུན་གཅིག་དགོས་པའི་ཕྱིར་དང༌། ཚོགས་དྲུག་འགགས་པའི་ཚེ་ན་ཡིད་མངོན་གྱུར་དུ་ནི་མེད་ལ་ས་བོན་ཡོད་ཀྱང་ལུང་མ་བསྟན་དུ་འདོད་པའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དགེ་དང་མི་དགེ་མཚན་ཉིད་པར། །འདོད་ལ་སྒྲུབ་པ་བྱེད་པ་མེད། །ཅི་སྟེ་སྔར་གྱི་ལུང་རིགས་དེ་ཉིད་དོ་ཞེ་ན། འདི་ནི་བག་ཆགས་དགེ་མི་དགེ་མཚན་ཉིད་པའི་སྒྲུབ་པར་བྱེད་པ་ཡང་དག་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ལ་ལུང་སྒྲུབ་བྱེད་དུ་མི་འགྲོ་བར་བསྟན་པ་དང༌། རིགས་པ་སྒྲུབ་བྱེད་དུ་མི་འགྲོ་བར་བསྟན་པ་གཉིས་སོ། །དང་པོ་ནི། རྗེས་སུ་འགྲེལ་བ་ཞེས་སོགས་ཀྱི་ལུང་ཡོད་པས་བག་ཆགས་དགེ་མི་དགེ་མཚན་ཉིད་པར་གྱུར་ན། དེ་ལྟར་ན་གཟུགས་མེད་དུ་ཡང་གཟུགས་མཚན་ཉིད་པ་ཞིག་ཡོད་པར་འགྱུར་ཏེ་རྗེས་སུ་འབྲེལ་བའི་གཟུགས་སུ་བཤད་པ་དེ་དེ་ན་མཚན་ཉིད་པ་ཡོད་པའི་ཕྱིར་ཏེ་གཟུགས་ཀྱི་ས་བོན་ཡོད་པའི་ཕྱིར་རོ། །ཁམས་གོང་མ་གཉིས་ན་མི་དགེ་བ་མཚན་ཉིད་པ་ཡོད་པར་ཡང་འགྱུར་རོ། །གཉིས་


JLD018_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསུམ་ལས། དང་པོ་རྣམ་སྨིན་གྱི་རྒྱུ་མི་བྱེད་པར་ཐལ་ཞེས་པ་ནི། རྣམ་སྨིན་འཕེན་བྱེད་མ་ཡིན་པར་ཐལ་བ་ནི་འདོད་པ་སྟེ་བག་ཆགས་དེ་འཇོག་བྱེད་དགེ་མི་དགེས་འཕངས་ཟིན་པ་ཡིན་པའི་ཕྱིར་འཇོག་བྱེད་ཉིད་འཕེན་བྱེད་ཡིན་པས་སོ། །རྣམ་སྨིན་མི་བྱེད་པར་ཐལ་བ་ལ་ནི་ཁྱབ་པ་མེད་དེ། གཞན་དུ་ན་ཀུན་གཞི་རྣམ་ཤེས་ཀྱི་སྐད་ཅིག་མ་སྔ་མ་ཡང་ལུང་དུ་མ་བསྟན་པར་འགྱུར་རོ། །གཉིས་པ་རྒྱུ་མཐུན་མི་རུང་བར་ཐལ་ཞེས་པས་ཀྱང་མི་གནོད་དེ། འཇོག་བྱེད་དང་རྒྱུ་མཐུན་པ་ཡིན་ལ་དེ་ཙམ་གྱིས་རྒྱུ་མཐུན་པའི་དོན་ཚང་བའི་ཕྱིར་རོ། །གསུམ་པ་སྡོམ་པ་རྒྱུན་ཆགས་སུ་མི་འབྱུང་བར་ཐལ་ཆོས་པས་ཀྱང་མི་གནོད་དེ། ཇི་སྲིད་བསླབ་བྱ་དང་འགལ་བའི་ཆོས་རྒྱུད་ལ་ཉེ་བ་ན་ངོ་ཚ་ཁྲེལ་ཡོད་དང་། དྲན་ཤེས་རྣམས་བསྐྱེད་ནས་འཚུལ་ཁྲིམས་ཀྱི་རྒྱུན་སྡོམ་པའི་ནུས་པ་ཡོད་ན་དེ་ཙམ་གྱིས་སྔར་བླངས་པའི་སྡོམ་པ་ཡོད་པར་འཇོག་ནུས་ལ་དེ་ཡང་དེའི་ཚེ་རྗེས་སུ་འཇུག་པའི་ཕྱིར་རོ། །གཞན་ཡང་མི་གསལ་བ་ཞེས་པའི་འགྲེལ་པ་གཉིས་ཀར་ལུང་མ་བསྟན་ཏུ་བཀྲལ་བའི་ཕྱིར་ལུང་མ་བསྟན་དུ་གྲུབ་བོ། །འོ་ན་དོན་གསང་དུ། ནང་གི་ཡང་ཅུང་ཟད་ཅིག་མི་གསལ་ཏེ། ནང་གི་དགེ་བ་དང་མི་དགེ་བའི་ཆོས་ཀྱིས་བསྐྱེད་པ་གང་ཡིན་པ་དེ་ནི་དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིར་རོ། །ཞེས་དང༌། ས་བོན་རྣམས་ཀྱང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་མ་བསྒྲིབས་ལུང་དུ་མ་བསྟན་པའི་ཆོས་ཉིད་འབྱུང་བ་ཁོ་ནར་འགྱུར་གྱི་མ་བསྒྲིབས་ལུང་དུ་མ་བསྟན་གྱི་ལས་དགེ་བ་དང་མི་དགེ་བའི་ཆོས་འབྱུང་བར་ནི་རུང་བ་མ་ཡིན་ནོ་ཞེས་པ་རྣམས་དང་མི་འགལ་ལམ་ཞེ་ན། ཕྱི་མ་ནི་ཕྱོགས་སྔ་མར་བཀོད་པ་ཙམ་ཡིན་གྱི་ངེས་པ་མ་ཡིན་ཏེ། གཞན་དུ་ན་ལུང་མ་བསྟན་གྱི་སེམས་


JLD018_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དགེ་བ་དང་མི་དགེ་བའི་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་མེད་པར་འགྱུར་རོ། །ལུང་སྔ་མ་ནི། མི་གསལ་བ་ཞེས་པ་ལ་བཤད་པའི་ན་ཡམས་ཙམ་བྱས་པ་ཡིན་གྱི་རང་ལུགས་ནི་སྔར་དྲངས་པའི་ན་ཡམས་སྔ་མ་ཉིད་ཡིན་ཏེ།ཚི་གུའི་རྩིའི་དཔེ་བསྟན་པའི་ཐད་ཀྱི་དོན་གསང་དུ། བག་ཆགས་ནི་ཀུན་གཞི་རྣམ་པར་ཤེས་པ་རྒྱུར་བྱས་ནས་འཇུག་པའི་ཕྱིར་ཐ་དད་པ་མ་ཡིན་དང༌། དགེ་བ་དང་མི་དགེ་བ་ཉིད་དུ་མི་དམིགས་པའི་ཕྱིར་སྣ་ཚོགས་མ་ཡིན་ལ་ཞེས་བག་ཆགས་ཀྱི་དུས་ན་ཐ་དད་པ་མ་ཡིན་ཅིང་སྣ་ཚོགས་པ་མ་ཡིན་ཞེས་ཕྱོགས་སྔ་མ་དང་རང་ལུགས་གཉིས་ཀར་ཁས་བླངས་པ་ལ་དེ་ལྟར་དུ་བཀྲལ་བའི་ཕྱིར་རོ། །གལ་ཏེ་བག་ཆགས་ཀུན་གཞི་ལས་ཐ་དད་པ་མ་ཡིན་ཅིང༌། དགེ་མི་དགེ་སྣ་ཚོགས་སུ་མི་སྣང་བ་ལས་འབྲས་བུ་རང་གི་མཚན་ཉིད་ཐ་དད་པ་དང༌། དགེ་མི་དགེ་ལ་སོགས་སྣ་ཚོགས་སུ་འབྱུང་བ་མི་འཐད་དེ། རྒྱུ་ཐ་དད་པ་མ་ཡིན་པ་ལས་འབྲས་བུ་ཐ་དད་པ་མི་རིགས་པའི་ཕྱིར་རོ་ཞེ་ན། ཉེས་པ་མེད་དེ། ཐེག་ཆེན་བསྡུས་པ་ལས།བག་ཆགས་ཐ་དད་པ་མ་ཡིན་ཅིང་སྣ་ཚོགས་མ་ཡིན་པ་ཆོས་ཐ་དད་པ་སྣ་ཚོགས་དག་གི་རྒྱུར་ཇི་ལྟར་རུང་ཞེ་ན། དཔེར་ན་ཚི་གུའི་རྩི་སྣ་ཚོགས་ཀྱིས་བསྒྱུར་བའི་རས་སྣ་ཚོགས་སུ་མི་སྣང་བ་གང་གི་ཚེ་སྣོད་ཀྱི་སྣོད་དུ་བཅུག་པ་དེའི་ཚེ་རས་ལ་ཚོན་རྣམས་ཀྱི་དབྱེ་བ་ཐ་དད་པ་རྣམ་པ་སྣ་ཚོགས་དུ་མ་སྟོན་པ་དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་བག་ཆགས་སྣ་ཚོགས་ཀྱིས་བསྒོས་པ་ཡང་བག་ཆགས་ཀྱི་དུས་ན་སྣ་ཚོགས་མ་ཡིན་ཡང་འབྲས་བུ་མངོན་པར་འགྲུབ་པའི་ཚོན་གྱི་སྣོད་དུ་མངོན་པར་ཕྱོགས་ན་ཆོས་སྣ་ཚོགས་ཚད་མེད་པ་དག་


JLD018_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཏེ། འདི་ནི་ཐེག་པ་ཆེན་པོ་ལ་ཕྲ་བ་མཆོག་ཏུ་ཟབ་པའི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་པ་ལྟར་གོ་བར་བྱའོ། །བག་ཆགས་དེ་དག་གདོད་མ་ནས་ཀུན་གཞི་ལ་གནས་པ་ཞིག་གམ། འོན་ཏེ་གསར་དུ་བགོས་པ་ཞིག་ཡིན་ཞེ་ན། བག་ཆགས་འཇོགས་པའི་ཚུལ་ལ་གསུམ། །ཆོས་ཉིད་ཀྱི་གནས་སྔོན་མེད་སྐྱེད། །དེ་དག་གཉིས་ཀར་འདོད་པའོ། །བག་ཆགས་འཇོག་ཚུལ་ལ། རྣལ་འབྱོར་སྤྱོད་པའི་སློབ་དཔོན་རྣམས་ཀྱི་ལུགས་གསུམ་མོ། །གང་ཞེ་ན། སྒོ་བྱེད་ལ་མི་བལྟོས་པར་ཆོས་ཉིད་ཀྱིས་གནས་པར་འདོད་པ་དང༌། སྒོ་བྱེད་ཀྱིས་སྔོན་མེད་གསར་དུ་བཞག་པ་དང་སྔར་བཞག་པ་སྒོ་བྱེད་ཀྱིས་གསོ་བར་འདོད་པ་དང༌། ཆོས་ཉིད་ཀྱིས་གནས་པ་གསོ་བ་དང༌། སྔོན་མེད་གསར་དུ་བཞག་པར་འདོད་པའི་ལུགས་གསུམ་དོན་གསང་དུ་བཀོད་ནས་ཕན་ཚུན་སྐྱོན་བརྗོད་པ་དང༌། དེའི་འགལ་སྤོང་རྒྱས་པར་བྱས་ཤིང་ལུགས་དང་པོ་འཐད་ཕྱོགས་སུ་ཁས་བླངས་ཀྱང་འདིར་ནི་ཕྱོགས་གསུམ་པ་བཟུང་ངོ༌། །དེ་ཡང་ཟག་མེད་ཀྱིས་བོན་དང༌། རྒྱུ་མཐུན་གྱི་ས་བོན་དང༌། རྣམ་སྨིན་གྱི་ས་བོན་གསུམ་དུ་བྱས་ནས་དཔྱད་པར་བྱའོ། །དེ་ལ་དང་པོ་ནི་རང་བཞིན་དུ་གནས་པའི་རིགས་ཡིན་པས་ཆོས་ཉིད་ཀྱིས་གནས་པ་ཡིན་ཏེ། བྱང་སར། དེ་ལ་རང་བཞིན་དུ་གནས་པའི་རིགས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ་དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་འོངས་པ་ཐོག་མ་མེད་པ་བའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །རྒྱུ་མཐུན་དང་རྣམ་སྨིན་གྱི་ས་བོན་གཉིས་ནི། རིམ་པ་བཞིན་འཇུག་ཤེས་དགེ་མི་དགེ་ལུང་མ་བསྟན་རྣམས་ཀུན་གཞི་


JLD018_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐྱེ་འགག་ལྷན་ཅིག་ཏུ་བྱས་པས་མ་འོངས་པ་ན་འཇུག་ཤེས་རིགས་འདྲ་འགྲུབ་པའི་ས་བོན་འཇོག་པའི་ཕྱིར་དང༌། རྣམ་སྨིན་འཕེན་བྱེད་དགེ་བའམ་མི་དགེ་བ་མངོན་གྱུར་དུ་སྐྱེས་པས་རྣམ་སྨིན་གྱི་ས་བོན་བཞག་དགོས་པའི་ཕྱིར་དེ་གཉིས་གསར་དུ་བཞག་པའོ། །འདི་ནི་རེ་ཞིག་འཇོག་བྱེད་ལ་ལྟོས་མ་ལྟོས་ལ་ཆོས་ཉིད་ཀྱིས་གནས་པ་དང༌། གསར་དུ་བཞག་པའི་དབང་དུ་བྱས་པ་ཡིན་ནོ། །ཐོག་མ་ཡོད་མེད་ལ་བྱེད་ན། རིགས་ནི་ཐོགས་མ་ཡང་མེད་ལ་འཇོག་བྱེད་ལ་ཡང་མ་ལྟོས་པ་ཡིན་ཅིང༌། ཕྱི་མ་གཉིས་ལ་ནི་གཉིས་ཀ་ཡོད་དེ། འདི་ལྟར་རྒྱུ་མཐུན་གྱི་ས་བོན་གསར་དུ་སྒེད་མཁན་དེ་ཡང་རྒྱུ་མཐུན་གྱི་ས་བོན་སྔ་མ་ཞིག་ལས་འབྱུང་བ་ས་བོན་དེ་ཡང་རྒྱུ་མཐུན་འཇོག་བྱེད་དེའི་སྔ་མ་ཞིག་གིས་བཞག་དགོས་པས་ཐོག་མ་མེད་དོ། །རྒྱུ་མཐུན་གྱི་ཁྱད་པར་འགའ་ཞིག་ལ་ཡང་ཐོག་མ་མེད་ན་ད་ལྟ་སྐྱེས་པའི་སེམས་དགེ་མི་དགེས་མ་འོངས་པ་ན་རིགས་མཐུན་འགྲུབ་པའི་ས་བོན་མ་བཞག་པར་འགྱུར་བ་དང༌། རྣམ་སྨིན་གྱི་ས་བོན་ལ་ཐོག་མ་ཡོད་ན་འཁོར་བ་ལ་ཐོག་མ་ཡོད་པར་འགྱུར་ལ། ཁྱད་པར་འགའ་ཞིག་ལ་ཡང་ཐོག་མ་མེད་ན་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་འཕྲལ་དུ་སྤྱད་པས་རྣམ་སྨིན་གྱི་བག་ཆགས་མ་བཞག་པར་འགྱུར་རོ། །གང་ཡང་ཐོས་པའི་བག་ཆགས་ཆུང་ངུ་གསར་དུ་བཞག་པ་དེ་ཕྱིས་ཐོས་པས་གསོན་རྒྱུ་མཐུན་དང་ཟག་མེད་ཀྱི་ས་བོན་གསར་པ་གསོ་བར་འགྲུབ་ཅིང་ཐོས་པའི་བག་ཆགས་ཆོས་ཉིད་ཀྱིས་གནས་ན་འགྲོ་བ་ཀུན་ཐར་པའི་རིགས་སད་པར་ཐལ་ཏེ། དེ་འདྲ་བའི་ཐོས་པའི་བག་ཆགས་ནི་བསྒྲུབས་པའི་རིགས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ནི།


JLD018_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་དགོས་པ་ཞིག་སྟེ། འདི་ལྟར་ཐོས་པའི་བག་ཆགས་ནི་འཇོག་བྱེད་ཀྱིས་གསར་དུ་བཞག་པ་མིན་ལ་ཐོས་བསམ་སྒོམ་གསུམ་གྱིས་ཀྱང་དེ་བརྟས་པར་བྱེད་པ་ཙམ་ཞིག་གོ། གཞན་དུ་ན་རང་བཞིན་དུ་གནས་པར་མི་འགྱུར་རོ། །དེའི་ཕྱིར་ཐོས་པའི་བག་ཆགས་གསར་དུ་ཐོས་པས་བཞག་པ་ནི་མེད་ལ་ཆོས་ཉིད་ཀྱིས་གནས་པའི་བག་ཆགས་ཙམ་ནི་བསྒྲུབས་པའི་རིགས་མ་ཡིན་པས་དེ་ཙམ་ཞིག་ཡོད་པས་རིགས་སད་པར་ཐལ་བ་ཅི་ཞིག་དགོས། འདིར་རང་བཞིན་དུ་གནས་པ་དང་རྒྱས་པའི་རིགས་གང་ཞེ་ན། རང་བཞིན་དུ་གནས་པའི་རིགས་ནི་འཇོག་བྱེད་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་གནས་པ་ཟག་པ་མེད་པའི་ཆོས་རྣམས་ཀྱི་ས་བོན། གཞན་གྱི་སྒྲ་དང་ཚུལ་བཞིན་ཡིད་བྱེད་ཀྱི་རྐྱེན་དང་ཕྲད་ན་ཐོས་པ་དང་བསམ་པ་དང་སྒོམ་པ་འཕེལ་བར་འགྱུར་བའི་གནས་སུ་གྱུར་བ་ཞིག་གོ། ཅིའི་ཕྱིར་རང་བཞིན་དུ་གནས་པའི་རིགས་ཞེས་བྱ་ཞེ་ན། འཇོག་བྱེད་ཀྱིས་གསར་དུ་བཞག་པ་མིན་པར་གདོད་མ་ནས་ཆོས་ཉིད་ཀྱིས་གནས་པའི་ཕྱིར་རོ། །ཅིའི་ཕྱིར་ཐོས་པའི་བག་ཆགས་ཞེས་བྱ་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་ནས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་རྣམས་ཐོས་པའི་གནས་སུ་གྱུར་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་མཆེད་དྲུག་གི་ཁྱད་པར་ཅན་ཞེས་བྱ་ཞེ་ན། རང་ཉིད་གང་གི་རྒྱུད་ལ་ལྡན་པའི་དེའི་སྐྱེ་མཆེད་དྲུག་གཞན་ལས་ཁྱད་པར་དུ་བྱེད་པའི་ཕྱིར་རོ། །རྒྱས་པའི་རིགས་ནི་རང་བཞིན་དུ་གནས་པའི་རིགས་དེ་ཉིད་གཞན་གྱི་སྒྲ་དང་ནང་གི་ཚུལ་བཞིན་ཡིད་བྱེད་ཀྱི་རྐྱེན་དང་ཕྲད་དེ་ཐོས་བསམ་སྒོམ་གསུམ་གྱིས་


JLD018_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བརྟས་པར་བྱས་པས་ནུས་པ་མཐུ་ཅན་དུ་སོང་བ་ཉིད་ལ་འཇོག་སྟེ། འདི་གཉིས་ཀ་ཡང་རྣམ་སྨིན་གྱི་རྣམ་ཤེས་ལ་གནས་པའི་ས་བོན་ཡིན་པའི་ཕྱིར་དང༌། ཟག་མེད་ཀྱི་ས་བོན་དེ་ཡང་ཐོས་བསམ་སྒོམ་གསུམ་གྱིས་བརྟས་པར་བྱེད་པ་ཙམ་མིན་གྱི་གསར་དུ་བཞག་པ་མིན་པར་གསུངས་པའི་ཕྱིར་དང༌། བསྒྲུབ་པའི་རིགས་ཆོས་ཉིད་ཀྱིས་ནི་མི་གནས་ལ་གསར་དུ་རིགས་འཇོག་པ་ཡང་མི་འདོད་པའི་ཕྱིར་རོ། །དེ་ལྟར་ཡང་དོན་གསང་དུ། ས་བོན་གྱི་བདག་ཉིད་དེ་ཡང་རྣམ་པ་གཉིས་ཏེ། རང་བཞིན་དུ་གནས་པ་དང་རྐྱེན་གྱིས་ཡང་དག་པར་བླངས་པའོ། །ཞེས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་འདི་ལ་ཡང་དག་པར་བསྒྲུབས་པའམ། རྒྱས་པའམ། རྐྱེན་གྱིས་ཡང་དག་པར་བླངས་པ་ཞེས་བྱ་ཞེ་ན། ཆོས་ཉིད་ཀྱིས་གནས་པའི་ས་བོན་དེ་ཉིད་ཐོས་བསམ་སྒོམ་པའི་རྐྱེན་གྱིས་ནུས་པ་མཐུ་ཅན་དུ་བསྒྲུབས་པའམ། རྒྱས་པར་བྱས་པའམ། ཆུང་ངུ་ལས་འབྲིང༌། འབྲིང་ལས་ཆེན་པོར་བླངས་པའི་ཕྱིར་རོ། །དེས་ན་ས་བོན་དེ་ཉིད་ཆོས་ཉིད་ཀྱིས་གནས་པའི་ཆ་ནས་རང་བཞིན་དུ་གནས་པའི་རིགས་སུ་འཇོག་ལ་རྐྱེན་གྱིས་ཡང་དག་པར་བླངས་པའི་ཆ་ནས་རྒྱས་པའི་རིགས་སུ་འཇོག་གོ། དེ་ལྟར་བྱས་ན་སྔར་གྱི་དོན་གསང་གི་ལུང་དང༌། འཕགས་པ་རྣམ་གྲོལ་སྡེས་སེམས་ཙམ་པའི་འདོད་པ་བརྗོད་པ་ན། གཞན་དག་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ལ། དེ་ཡང་རྐྱེན་གྱིས་ཡང་དག་པར་བླངས་པ་དང༌། རང་བཞིན་དུ་གནས་པ་གཉིས་ཡོད་ཟེར་རོ། །ཞེས་འབྱུང་བ་དང་འགྲིག་པར་ཡང་འགྱུར་རོ། །དེས་ན་སློབ་དཔོན་ཐོགས་མེད་ཀྱི་བཞེད་པས་རིགས་མཚན་ཉིད་པ་ནི། སྔར་བསྟན་པ་ལྟར་ཡིན་ལ་སློབ་དཔོན་འདི་ཡི་


JLD018_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་འགའ་ཞིག་ཏུ་ཆོས་ཉིད་རྟེན་དང༌། ཆོས་ཉིད་རིགས་ཡིན་ནོ་ཞེས་འབྱུང་བ་དེ་ཡང་ཁམས་བྱང་ཆུབ། ཡོན་ཏན་འཕྲིན་ལས་བཞི་འབྲས་བུ་དཀོན་མཆོག་གསུམ་མངོན་དུ་བྱེད་པའི་རྟེན་ཙམ་དུ་འགྱུར་བ་ལ་རིགས་སུ་འདོགས་པ་བཞིན། ཆོས་ཉིད་དེ་ལ་དམིགས་ནས་ལམ་ལ་འབད་པས་ཐེག་པ་གསུམ་གྱི་ཡོན་ཏན་འབྱུང་བར་འགྱུར་བ་ཙམ་ལ་རྟེན་རིགས་ཀྱི་ཐ་སྙད་འདོགས་པ་ཡིན་ཏེ་གཞན་དུ་ན། རིགས་ལ་དངོས་པོ་ཐ་དད་པ་གསུམ་དུ་མི་བྱེད་པ་དང༌། ཉན་ཐོས་ཀྱི་རིགས་ལྷག་མ་མེད་ཀྱི་ཚེ་ལྡོག་པར་མི་སྨྲ་བར་གྱུར་པ་དང༌། ཐེག་པ་ཆེན་པོ་བསྡུས་པར་ཀུན་གཞི་མེད་ན་འཇིག་རྟེན་ལས་འདས་པའི་རྣམ་བྱང་མི་རུང་སྟེ། འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དེ་ཀུན་གཞི་ལས་གཞན་པ་ལ་གནས་སུ་མི་རུང་བར་བསྟན་པ་རང་ལུགས་ཐུན་མོང་མ་ཡིན་པར་མི་འགྱུར་བ་ལ་སོགས་པའི་སྐྱོན་མང་པོ་འཇུག་གོ། གལ་ཏེ། དེ་ལྟ་ན་རྒྱས་རིགས་ཐོབ་ནས་རང་བཞིན་དུ་གནས་པའི་རིགས་མེད་པར་འགྱུར་བ་དང༌། ངོ་བོ་ཉིད་ཀྱི་སྐུའི་རྒྱུ་འདུས་བྱས་སུ་འགྱུར་ཏེ། ཟག་མེད་ཀྱི་ས་བོན་དེ་ཉིད་རྐྱེན་གྱིས་བརྟས་པར་བྱས་པ་ཙམ་ཞིག་རྒྱས་རིགས་ཡིན་ལ་དེ་གཉིས་ཀྱང་རྒྱུར་ཡོད་ལ་འབྲས་བུར་མེད་པར་བཤད་པའི་ཕྱིར་དང༌། རང་བཞིན་དུ་གནས་བའི་རིགས་ངོ་བོ་ཉིད་ཀྱི་སྐུའི་རྒྱུར་བཤད་པས་ན་ཁྱོད་ཀྱི་ལུགས་དེ་ཡང་རྨ་མེད་པ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། ཉེས་པ་དང་པོས་གནོད་པར་མི་ནུས་ཏེ། ཟག་མེད་ཀྱི་ས་བོན་རྐྱེན་གྱིས་བརྟས་པར་བྱས་པའི་ཚེ་ཡང་ཐོས་པ་ལན་མང་དུ་བྱས་པས་ཆུང་ངུ་དང༌།དེ་ཉིད་བསམ་པ་ལན་མང་དུ་བྱས་པས་འབྲིང་དང༌། དེ་ཉིད་སྒོམ་པ་ལན་མང་དུ་བྱས་པས་ཆེན་པོར་འཕེལ་བ་ཙམ་ཡིན་ལ་ས་བོན་གྱིས་དངོས་པོ་དེ་ཉིད་གསར་དུ་སྐྱེད་པ་མིན་


JLD018_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྟས་བྱེད་ཀྱི་ལྷན་ཅིག་བྱེད་རྐྱེན་དང༌། ས་བོན་རིགས་འདྲ་སྔ་མས་རྒྱུ་རྐྱེན་བྱས་པའི་མཐུས་གོང་ནས་གོང་དུ་འཕེལ་བས་ན་དེའི་ཚེ་ཡང་ཆོས་ཉིད་ཀྱིས་གནས་པ་དང་རྐྱེན་གྱིས་ཡང་དག་པར་བླངས་པ་གཉིས་ཀ་ཡིན་པའི་ཕྱིར་དང༌། རྒྱུར་ཡོད་པ་ལ་འབྲས་བུར་མེད་པར་གསུངས་པ་ཡང་རྐྱེན་དང་མ་ཕྲད་པའི་དབང་དུ་མཛད་པའི་ཕྱིར་རོ། །ཉེས་པ་གཉིས་པས་ཀྱང་མི་གནོད་དེ། ཐེག་བསྡུས་སུ། ཟག་མེད་ཀྱི་ས་བོན་ཆོས་ཀྱི་སྐུའི་ས་བོན་དུ་གསུངས་ལ་ཆོས་ཀྱི་སྐུ་ཡང་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་དེ་བཞིན་ཉིད། སྟོབས་སོགས་ཀྱི་ཡོན་ཏན་གྱི་ཆོས་ཀྱི་རྟེན་དུ་གྱུར་པ་ཡིན་པར་འགྲེལ་པ་གཉིས་ཀས་བཀྲལ་བའི་ཕྱིར་དང༌། རིགས་དང་པོ་ངོ་བོ་ཉིད་ཀྱི་སྐུའི་རྒྱུར་གསུངས་པ་དེར་ཡང་མཉམ་གཞག་མི་རྟོག་ཡེ་ཤེས་ཆོས་སྐུའི་རྒྱུ་དང་། རྗེས་ཐོབ་གཟུགས་སྐུའི་རྒྱུར་གསུངས་པའི་ཕྱིར་དང༌། སྐབས་གཞན་དུ་ཡང་ཚོགས་གཉིས་རིམ་པ་བཞིན་སྐུ་གཉིས་ཀྱི་རྒྱུར་གསུངས་པའི་ཡང་ཕྱིར་རོ། །འདུས་མ་བྱས་ཀྱི་སྐུ་དང་འདུས་བྱས་ཀྱི་སྐུ་གཉིས་ཡོད་པ་ལྟར་དེ་དག་རིགས་ལ་ཡང་དེ་ལྟར་དགོས་ན། འདུས་བྱས་ལ་ཡང་ལོངས་སྤྲུལ་མཚན་ཉིད་ཐ་དད་པ་གཉིས་ཡོད་པས་དེ་གཉིས་ཀྱི་རིགས་མཚན་ཉིད་ཐ་དད་པ་གཉིས་དགོས་པས་རིགས་གཉིས་སུ་མ་ངེས་པར་གསུམ་དུ་ཡང་འགྱུར་རོ། །མི་འགྱུར་ཏེ་དེ་གཉིས་ཀ་ཡང་རྒྱས་རིགས་སུ་གཅིག་པས་སོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། སྔ་མ་ལས་མ་འདས་པའི་ཕྱིར་ཏེ། འདི་ལྟར་ངོ་བོ་ཉིད་སྐུ་དང་གཟུགས་སྐུ་མཚན་ཉིད་ཐ་དད་པའི་དེའི་རིགས་ཀྱང་འདུས་བྱས་འདུས་མ་བྱས་གཉིས་སུ་འདོད་དགོས་ཞེས་པ་ཙམ་དུ་ཟད་པའི་ཕྱིར་རོ། །གཞན་ཡང་


JLD018_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ལ་རིགས་སུ་འདོད་པ་ཡང་རྟེན་ཆོས་ཀྱིས་ཐ་དད་དུ་འབྱེད་པས་རིགས་ལ་དངོས་པོ་ཐ་དད་གསུམ་དུ་མི་བྱེད་པའི་སྐྱོན་དུ་མི་འགྱུར་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེ་ནི་ཐེག་གསུམ་དྲང་དོན་དུ་འདོད་པ་ལ་རུང་གི་མཐར་ཐུག་ཐེག་གསུམ་དུ་འདོད་པ་ལ་མི་འཐད་དེ། དེ་དག་གི་གཞུང་དུ་ཡང་ཁམས་ཐ་དད་དང༌། མོས་པ་ཐ་དད་དང༌། ངེས་པར་སྒྲུབ་མི་སྒྲུབ་དང༌། ས་བོན་གྱི་འབྲས་བུ་ཐ་དད་དག་གསུམ་དམིགས་པས་ན་རིགས་ཐ་དད་པ་གསུམ་ཡོད་དོ་ཞེས་འབྲས་བུའི་སྒོ་ནས་རྒྱུ་ཐ་དད་ཉིད་དུ་དཔགས་ཀྱི། རྟེན་ཐ་དད་པས་རིགས་ཐ་དད་པར་མ་བསྟན་པའི་ཕྱིར་རོ། །དེ་དག་གི་དེ་བཞིན་ཐོབ་པ་དང་ཞེས་པའི་འགྲེལ་པར་ཡང་བྱང་ས་ལྟར་སྐྱེ་མཆེད་དྲུག་གི་ཁྱད་པར་ལ་བཤད་པའི་ཕྱིར་རོ། །དེ་ལྟར་རྣམ་སྨིན་གྱི་རྣམ་ཤེས་ལ་གནས་པའི་ཟག་མེད་ཀྱི་ས་བོན་དེ་ཀུན་གཞིའི་གཉེན་པོ་ཡིན་པས། ཀུན་གཞི་མ་ཡིན་པ་དང༌། ཐོས་བསམ་སྒོམ་གསུམ་གྱིས་ལན་མང་དུ་གསོས་བཏབ་པས་རྣམ་བྱང་གི་ས་བོན་འཕེལ་ཀུན་ཉོན་གྱི་ས་བོན་འགྲིབས་ནས། ངང་པས་འོ་མ་དང་ཆུ་ཐ་དད་དུ་མི་དམིགས་པ་འོ་མ་རིལ་གྱིས་བླངས་ནས་ཆུ་གསལ་བར་འགྱུར་བ་དང་འདྲ་བར་ས་བོན་ཀྱང་ཀུན་གཞི་དང༌ཐ་དད་དུ་མི་དམིགས་པར་འཇུག་ཀྱང་ཀུན་ཉོན་གྱི་ས་བོན་འགྲིབས་རྣམ་བྱང་གི་ཕྱོགས་རྣམས་རྒྱས་ནས་གནས་གྱུར་ཏེ་སྐུ་གསུམ་མངོན་དུ་འགྱུར་བ་ཡིན་ཏེ། ཐེག་ཆེན་བསྡུས་པར། དེ་ལྟ་མ་ཡིན་ན་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ། ས་བོན་ཐམས་ཅད་པ་རྣམ་པར་ཤེས་པ་མེད་ན་མི་རུང་སྟེ། དེ་ལ་ཐོས་པའི་བག་ཆགས་ཀྱིས་ནི་དེའི་ས་བོན་ཡོངས་སུ་འཛིན་པར་མི་རིགས་པའི་ཕྱིར་རོ། །གལ་ཏེ་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་


JLD018_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ན། དེའི་གཉེན་པོ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་ཇི་ལྟར་རུང༌། འཇིག་རྟེན་ལས་འདས་པའི་སེམས་ནི་མ་འདྲིས་པ་སྟེ་དེ་བས་ན་དེའི་བག་ཆགས་ནི་མེད་པ་ཉིད་དོ། །བག་ཆགས་དེ་མེད་ན་ས་བོན་དེ་གང་ལས་འབྱུང་བ་བརྗོད་དགོས་སོ་ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ཀྱི་ས་བོན་ལས་དེ་འབྱུང་ངོ༌། །ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང་ཅི་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ན་ནི། ཇི་ལྟར་དེའི་གཉེན་པོའི་ས་བོན་དུ་རུང༌། ཅི་སྟེ་དེ་ཡི་ངོ་བོ་ཉིད་མ་ཡིན་ན་ནི། དེས་ཐོས་པའི་བག་ཆགས་ཀྱིས་ས་བོན་དེ་ཡི་གནས་ཇི་ཞིག་ཡིན་པར་ལྟ་ཞེ་ན། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་གང་ཡིན་པ་གནས་གང་ལ་འཇུག་པ་དེ་ལྷན་ཅིག་འདུས་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་སྟེ་འོ་མ་དང་ཆུ་བཞིན་ནོ། །དེ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བག་ཆགས་ཆུང་ངུ་ལ་བརྟེན་ནས་བག་ཆགས་འབྲིང་པོར་འགྱུར་རོ། །བག་ཆགས་འབྲིང་པོ་ལ་བརྟེན་ནས་བག་ཆགས་ཆེན་པོར་འགྱུར་ཏེ་ཐོས་པ་དང་བསམ་པ་དང་སྒོམ་པ་ལན་མང་དུ་བྱ་བ་དང་ལྡན་པའི་ཕྱིར་རོ། །དེ་ལ་ཐོས་པའི་བག་ཆགས་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡང་ཆོས་ཀྱི་སྐུའི་ས་བོན་དུ་ལྟས་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པས་བསྡུས་པ། འཇིག་རྟེན་པ་ཡིན་ཡང་


JLD018_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས། འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་འགྱུར་བའོ། །དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་ཉོན་མོངས་པའི་ཀུན་ནས་དཀྲིས་པའི་གཉེན་པོ་དང༌། ངན་སོང་གི་འགྲོ་བའི་གཉེན་པོ་དང༌། ཉེས་པར་བྱས་པ་ཐམས་ཅད་དེངས་པར་བྱེད་བའི་གཉེན་པོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པའི་རྗེས་སུ་མཐུན་པའོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་འཇིག་རྟེན་པ་ཡིན་ཡང་ཆོས་ཀྱི་སྐུར་བསྡུས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པར་ཡང་བལྟའོ། །དེ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་གྱི་ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོ་ཇི་ལྟ་ཇི་ལྟར་རིམ་གྱིས་འཕེལ་བ་སྟེ་དེ་ལྟ་དེ་ལྟར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཡང་འབྲི་ཞིང་གནས་ཀྱང་འགྱུར་རོ། །གནས་རྣམས་པ་ཐམས་ཅད་དུ་གྱུར་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཡང་ས་བོན་མེད་པར་གྱུར་པ་དང༌། རྣམ་པ་ཐམས་ཅད་དུ་སྤངས་པ་ཡང་ཡིན་ནོ། །ཡང་ཇི་ལྟར་ན། ཀུན་གཞི་རྣམ་པར་ཤེས་པ་དང༌། ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་ཆུ་དང་འོ་མ་བཞིན་དུ་གནས་ལྷན་ཅིག་གནས་པ་རྣམ་པ་ཐམས་ཅད་དུ་འགྲིབ་པར་འགྱུར་ཞེ་ན། ངང་པས་ཆུ་ལ་འོ་མ་འཐུངས་པ་ལྟ་བུ་དང༌། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ན་མཉམ་པར་བཞག་པ་མ་ཡིན་པའི་སའི་བག་ཆགས་འགྲིབས་ཏེ་མཉམ་པར་བཞག་པའི་སའི་བག་ཆགས་འཕེལ་ཏེ་གནས་གྱུར་པ་བཞིན་ནོ། །ཞེས་སོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་


JLD018_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་རྒྱུ་མཐུན་པ་དང༌། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཞེས་པ་དང༌། ཆོས་ཀྱི་སྐུ་དང༌། རྣམ་པར་གྲོལ་བའི་ལུས་ཀྱི་ཁྱད་པར་དང༌། གནས་གྱུར་ལ་དཔེ་གཉིས་སྨོས་པ་ཞེ་ན། དང་པོ་ནི། བཤད་སྦྱར་ལས། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་གློ་བུར་གྱི་སྒྲིབ་པ་དང་བྲལ་བ་གང་ཡིན་པ་དེའི་རྒྱུ་མཐུན་ནི་བསྟན་པའི་ཆོས་ཏེ་དེས་རྒྱུ་ལས་བྱུང་བར་གྱུར་ན་འདྲ་བའི་ཕྱིར་རོ། །དེ་མཉན་པ་ནི་ཐོས་པའོ། །དེའི་བག་ཆགས་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་སེམས་ཀྱི་ས་བོན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ནི་མཐུན་པ་མ་ཡིན་པའི་ཕྱིར་རོ་ཞེས་སོ། །གཉིས་པ་ནི། དེ་ཉིད་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཞེས་བྱ་བ་ནི་ཡེ་ཤེས་དྲི་མ་མེད་ཅིང་ཐོགས་པ་མེད་པ་མདོའི་སྡེ་ལ་སོགས་པ་བསྟན་པའི་ཆོས། ཐོས་པའི་བག་ཆགས་ཀྱི་གནས་ཡིན་གྱི་ཀུན་གཞི་རྣམ་པར་ཤེས་པ་ནི་གནས་མ་ཡིན་ཏེ། དེ་དང་ལྷན་ཅིག་ནི་འཇུག་གོ་ཞེས་སོ། །དེ་ཡང་འཕེལ་བའི་གནས་བསྟན་པའི་ཆོས་ཐོས་པ་ལྟ་བུ་ཡིན་ལ་རྟེན་པའི་གནས་ཀུན་གཞིའོ། །གསུམ་པ་ནི། དེ་ཉིད་ལས། དེ་ལ་ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། རྣམ་པར་གྲོལ་བ་ནི་ཉོན་མོངས་པའི་བཅིངས་པ་དང་བྲལ་བ་ཙམ་དུ་ཟད་དེ། དཔེར་ན་གྲོང་མི་ཞིག་ལྕགས་སྒྲོག་ལ་སོགས་པས་བཅིངས་པ་དང་བྲལ་བ་ཙམ་ན་སྡུག་བསྔལ་དེ་ལོག་པ་འབྲས་བུ་ཙམ་དུ་ཟད་ཀྱི་དེ་ལས་ལྷག་པའི་དབང་ཕྱུག་གི་ཁྱད་པར་དང་ལྡན་པ་མ་ཡིན་པ་ལྟ་བུའོ། །ཆོས་ཀྱི་སྐུ་ནི་ཉོན་མོངས་པ་དང་ཤེས་


JLD018_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་སྟོབས་དང་མི་འཇིགས་པ་ལ་སོགས་པ་ངོ་མཚར་གྱི་ཡོན་ཏན་དུ་མས་བརྒྱན་པ་འབྱོར་བ་ཐམས་ཅད་ཀྱི་གནས་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པས་རང་དབང་མཆོག་ཐོབ་པ་སྟེ། དཔེར་ན་རྒྱལ་པོའི་བུ་བཅིངས་པ་དང་བྲལ་མ་ཐག་ཏུ་སྤྱི་བོ་ནས་དབང་བསྐུར་བ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པ་མཆོག་དང་ལྡན་པ་ལྟ་བུའོ། །ཞེས་སོ། །བཞི་པ་ནི། ངང་པའི་དཔེ་ནི་འཇིག་རྟེན་ན་གྲགས་པ་ཡིན་ལ། ཆགས་བྲལ་གྱི་དཔེ་ནི་བསྟན་བཅོས་ལ་གྲགས་པའི་དབང་དུ་བྱས་པར་མངོན་ནོ། །དེ་ལྟར་བྱས་ན་མཁས་པ་ཁ་ཅིག་ཟག་མེད་ཀྱི་ས་བོན་ཀུན་གཞིར་འདོད་པ་ནི་རྩིངས་པར་མངོན་ཏེ་ལུང་འདི་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །སྤྲོས་པ་བཏང་ལ་དཀྱུས་མ་ཉིད་བཤད་དེ། ཀུན་གཞི་ས་བོན་གྱི་ཆ་དེ་ལ་ཅིའི་ཕྱིར་ཀུན་གཞི་ཞེས་བྱ་ཞེ་ན། ཀུན་ནས་ཉོན་མོངས་ཆོས་ཐམས་ཅད། །རྒྱུ་འམ་འབྲས་བུའི་དངོས་པོ་རུ། །སྦྱོར་བའི་ཕྱིར་ན་ཀུན་གཞིའོ། །ཇི་སྐད་དུ། ཅིའི་ཕྱིར་དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲས་བུའི་དངོས་པོར་དེར་སྦྱོར་བའམ། དེ་ཡང་རྒྱུའི་དངོས་པོར་དེ་དག་ཏུ་སྦྱོར་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པའོ། །ཡང་ན་སེམས་ཅན་དག་དེའི་བདག་ཏུ་སྦྱོར་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པའོ། །ཞེས་གསུངས་པ་ལྟར་བཤད་པར་བྱའོ། །དེ་ལ་འདིར་ངེས་ཚིག་གསུམ་ཆོས་གཅིག་གི་ངེས་ཚིག་ལྟར་གསུངས་པ་ནི་ས་བོན་དང་རྣམ་སྨིན་མ་ཕྱེ་བའི་དབང་དུ་བྱས་པ་ཡིན་པས། རྣམ་པར་དབྱེ་སྟེ་བཤད་དོ། །དེ་ཡང་འདིར། སྤྱིར་ཀུན་གཞི་ཞེས་འབྱུང་བའི་


JLD018_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི་འདིར་ཆོས་ཀུན་སྦྱོར་བའི་ཕྱིར་ཡིན་ལ་བྱེ་བྲག་ཏུ་ཀུན་གཞི་ས་བོན་ཀྱི་ཆ་ལ་ཀུན་གཞི་ཞེས་པ་ནི། ཚོགས་བདུན་གྱིས་བསྡུས་པའམ། ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་ཡིན་པས་དེ་དག་འདིའི་འབྲས་བུར་འདིར་སྦྱོར་བའམ། ཡང་ན་ཀུན་གཞི་དེ་ཉིད་ཆོས་དེ་དག་གི་རྒྱུའི་དངོས་པོར་འདིར་སྦྱོར་བའི་ཕྱིར་ན་ཀུན་གཞིའོ། །ཀུན་གཞི་རྣམ་སྨིན་གྱི་ཆ་ནི་འགྲོ་བ་ལྔའི་སེམས་ཅན་ཀུན་འདིར་ཉོན་ཡིད་ཀྱིས་བདག་ཏུ་སྦྱོར་བའི་ཕྱིར་ཀུན་གཞིའོ། །དེ་ལྟ་བུའི་ས་བོན་གྱི་ཆ་དེའི་ལྡོག་དུས་གང་ཞེ་ན། དེ་ཕྱིར་དབང་ཐོབ་དགྲ་བཅོམ་ལ། །ཀུན་གཞི་ཡོད་པ་མ་ཡིན་ཏེ། །འཇོག་བྱེད་གཉིས་པོ་མེད་ཕྱིར་རོ། །གང་གི་ཕྱིར་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་འབྲས་བུའི་དངོས་པོར་རམ། ས་བོན་གྱི་ཀུན་གཞི་དེ་ཉིད་དེ་དག་གི་རྒྱུའི་དངོས་པོར་སྦྱོར་བའི་ཕྱིར་དང༌། ཉོན་ཡིད་ཀྱིས་བདག་ཏུ་སྦྱོར་བའི་ཕྱིར་ན་ཀུན་གཞིར་བཞག་པ་དེའི་ཕྱིར་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་དང༌། ཉན་ཐོས་དང་རང་སངས་རྒྱས་དགྲ་བཅོམ་པ་རྣམས་ལ་བྱེ་བྲག་ཏུ་ཀུན་གཞི་ས་བོན་གྱི་ཆ་མེད་ལ་སྤྱིར་ཀུན་གཞི་རྣམ་ཤེས་མེད་དེ་ཉོན་མོངས་པ་མ་ལུས་པར་སྤངས་པས་ཀུན་གཞིར་འཇོག་བྱེད་གཉིས་པོ་གང་ཡང་མེད་པའི་ཕྱིར་རོ། །མ་གྲུབ་པ་མིན་ཏེ། ཐེག་བསྡུས་ལས། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་སློབ་པ་རྣམས་ཀྱིས་ནི་ཕྱོགས་གཅིག་སྟོན་པའི་མཚན་ཉིད་དེ། དགྲ་བཅོམ་པ་དང་རང་སངས་རྒྱས་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི། ཉོན་མོངས་པའི་སྒྲིབ་པ་མཐའ་དག་སྟོན་པའི་མཚན་ཉིད་དང༌། ཉོན་


JLD018_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་དང༌། ཤེས་བྱའི་སྒྲིབ་པ་མཐའ་དག་སྟོན་པའི་མཚན་ཉིད་ཅི་རིགས་སུ་སྦྱོར་ཞེས་སོ། །བྱེ་བྲག་ཏུ། བག་ཆགས་གསུམ་གྱི་ལྡོག་དུས་ནི། དོན་གསང་ལས། སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་ས་བོན་ནི་རྣམ་པར་སྨིན་པའི་འབྲས་བུ་མ་བྱུང་གི་བར་དུའོ། །འཇིག་ཚོགས་ལ་ལྟ་བའི་ས་བོན་དང༌། ཉོན་མོངས་པ་ཅན་གྱི་སྤྲོས་པའི་བག་ཆགས་ཀྱི་ས་བོན་ནི། གཉེན་པོ་མ་བྱུང་གི་བར་དུའོ། །དགེ་བ་དང་ལུང་དུ་མ་བསྟན་པའི་སྤྲོས་པའི་བག་ཆགས་ཀྱི་ས་བོན་ནི་ཡང༌། ཉན་ཐོས་དང་རང་སངས་རྒྱས་དེ་དག་གི་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུའོ། །དེ་བཞིན་གཤེགས་པའི་ནི། རྡོ་རྗེ་ལྟ་བུའི་བར་དུ་རྒྱུན་འཇུག་པ་ཙམ་གྱིས་རྒྱུན་ཆགས་སུ་འབྱུང་ངོ༌། །ཞེས་པ་ལྟར་རོ། །གལ་ཏེ་ཀུན་གཞི་རྣམ་ཤེས་དབང་ཐོབ་པ་དང་དགྲ་བཅོམ་པ་དག་ལ་མེད་ན། དེ་དག་གི་རྒྱུད་ལ་རྣམ་ཤེས་བརྒྱད་པོ་ཁས་ལེན་དགོས་སམ་མི་དགོས། དགོས་ན། ཀུན་གཞི་རྣམ་ཤེས་ཡོད་པར་འགྱུར་ཏེ། གཞན་དུ་ན། རྣམ་ཤེས་ཚོགས་བརྒྱད་དུ་མ་གཏོགས་པའི་རྣམ་ཤེས་ཡོད་པར་འགྱུར་རོ། །མི་དགོས་ན་རྣམ་སྨིན་གྱི་རྡོ་རྗེ་ལྟ་བུ་དང༌། ལྷག་མེད་ཀྱི་བར་དུ་འཇུག་པ་ཉམས་སོ་ཞེ་ན། ཉེས་པ་མེད་དེ། ཀུན་གཞི་རྣམ་ཤེས་ལ་རྣམ་སྨིན་གྱིས་ཁྱབ་ཀྱང་རྣམ་སྨིན་གྱི་རྣམ་ཤེས་ལ་ཀུན་གཞིས་མ་ཁྱབ་སྟེ། དབང་ཐོབ་པ་དང་དགྲ་བཅོམ་པ་ལ་རྣམ་སྨིན་གྱི་རྣམ་ཤེས་ཡོད་ཀྱང་ཀུན་གཞིའི་དོན་མེད་པའི་ཕྱིར་སྐྱོན་གཉིས་པོ་མི་འབྱུང་ལ། ཚོགས་བརྒྱད་དུ་སྟོན་པ་ན་ཀུན་གཞི་རྣམ་ཤེས་དང་བརྒྱད་དུ་བྱེད་པ་ནི། རིགས་ལ་སེམས་ཀྱི་རྫས་ལ་མ་ཡིན་ཏེ། གཞན་དུ་དགྲ་བཅོམ་པ་དང་། ས་བརྒྱད་པ་ཡན་གྱི་བྱང་སེམས་འགོག་པ་ལ་ཞུགས་པ་འཇུག་ཤེས་དང༌། ཀུན་གཞི་གཉིས་ཀ་མེད་པའི་མུར་གསུངས་པ་མི་


JLD018_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པར་འགྱུར་རོ། །ཀུན་གཞི་ས་བོན་གྱི་ཆ་མེད་པའོ་ཞེས་ཀྱང་མི་རིགས་ཏེ། རྣམ་སྨིན་གྱི་ཆ་ཀུན་གཞིར་འཇོག་པ་ཡང་ཉོན་ཡིད་ཀྱིས་བདག་ཏུ་སྦྱོར་བའི་དོན་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་དོན་གསང་ལས། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་སྟེ་ཞེས་བྱ་བ་ལ་ཀུན་གཞི་རྣམ་པར་ཤེས་པ་ལ་སྨོས་པ་ནི་མ་ཁྱབ་པའི་ཕྱིར་ཏེ། འདི་ལྟར་དེ་ནི་ས་བརྒྱད་པ་ལ་སོགས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྒྱུད་དང༌། དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ཀྱི་རྒྱུད་ལ་མེད་ཀྱི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཡོད་དོ་ཤེས་པ་དང༌། རྣམ་པར་གཏན་ལ་དབབ་པ་བསྡུ་བར་ཡང་མུ་བཞི་གསུངས་ཏེ། ཀུན་གཞི་ཡོད་ལ་འཇུག་ཤེས་མེད་པའི་མུ་ནི། སེམས་མེད་པའི་གནས་སྐབས་ལྔའོ། །བཟློག་པ་ནི་སེམས་ཡོད་པའི་གནས་སྐབས་ཀྱི་མི་སློབ་པ་དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའོ། །གཉིས་ཀ་ཡོད་པ་ནི་དེ་དག་ལས་གཞན་པའི་གནས་སྐབས་སེམས་ཡོད་པའི་དུས་སོ། །གཉིས་ཀ་མེད་པ་ནི་མི་སློབ་པ་དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་འགོག་པ་ལ་ཞུགས་པ་དང་ཕུང་པོ་ལྷག་མེད་ཀྱི་མྱང་འདས་ཞེས་གསུངས་པ་དང༌སུམ་ཅུ་པར་ཡང༌། དགྲ་བཅོམ་ཉིད་ནས་དེ་ལྡོག་གོ་ཞེས་གསུངས་པས་ན། སྔར་ཁོ་བོས་བསྟན་པའི་ཀུན་གཞི་མེད་པའི་ས་མཚམས་རྨ་མེད་པར་གཟུང་བར་བྱའོ། དེས་ན་དབང་ཐོབ་པའི་སེམས་དཔའ་དང༌། དགྲ་བཅོམ་པའི་རྒྱུད་ཀྱི་རྣམ་ཤེས་བརྒྱད་པོ་དེ་ལ་རྣམ་སྨིན་ཀྱི་རྣམ་ཤེས་དང༌། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ཡོད་པས་ལེན་པའི་རྣམ་ཤེས་ཞེས་ཟེར་གྱི་ཀུན་གཞི་ཞེས་མི་བརྗོད་དོ། །


JLD018_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་དབང་ཐོབ་པ་དང༌། དགྲ་བཅོམ་པ་ལ་སེམས་ཀྱང་མེད་པར་འགྱུར་ཏེ། ཇི་སྐད་དུ། ཅིའི་ཕྱིར་སེམས་ཞེས་ཀྱང་བྱ་ཞེ་ན། ཆོས་ཀྱི་བག་ཆགས་ཀྱི་ས་བོན་སྣ་ཚོགས་རྣམས་ཀྱིས་ཀུན་ཏུ་བསགས་པའི་ཕྱི་རོལ་ཅེས་གསུངས་པས་སོ་ཞེ་ན་མི་མཚུངས་ཏེ། དེའི་དོན་ནི། མདོ་ལས་སེམས་ཡིད་རྣམ་པར་ཤེས་པ་ཞེས་ཡིད་དང་རྣམ་ཤེས་ལས་ཐ་དད་པའི་སེམས་ཀྱི་ལུས་གསུམ་པོ་གསུངས་ལ་དེ་ནི་ཀུན་གཞི་རྣམ་ཤེས་ལ་མ་གཏོགས་པ་གཞན་ལ་བཞག་ཏུ་མེད་དེ། འདི་ལྟར་སེམས་ཀྱི་དོན་ནི་སྐབས་དེར་བསགས་པ་ལ་འཆད་དགོས་ལ་ཀུན་གཞི་ནི་བག་ཆགས་ཐམས་ཅད་བསགས་པ་ཡིན་ཅིང་དོན་དེ་ཡིད་དང་རྣམ་ཤེས་ལ་མ་ཚང་བས་སོ་སྙམ་དུ་བསམ་པས་ན་ཡིད་དང་རྣམ་ཤེས་ལས་ཐ་དད་པའི་བག་ཆགས་བསགས་པ་དེ་དག་ན་མེད་ཀྱང༌། དེ་ལ་དོན་མཐོང་རྣམ་པར་ཤེས། །ཞེས་པའི་དོན་ཚང་བའི་སེམས་ནི་ཡོད་དེ་སེམས་ཀྱི་དོན་བག་ཆགས་བསགས་པ་ཁོ་ནར་མ་ངེས་པའི་ཕྱིར་དང༌། ཀུན་གཞིར་འཇོག་བྱེད་གསུམ་མམ་གཉིས་ལས་གཞན་མ་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང༌། ཐེག་ཆེན་བསྡུས་པར། ཀུན་གཞི་རྣམ་པར་ཤེས་པ་མ་གཏོགས་པར་སེམས་ཀྱི་མུ་གསུམ་པ་མི་དམིགས་ཏེ། དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ནི་སེམས་ཉིད་ཡིན་པར་གྲུབ་ཅེས་སོ། །ད་ནི་འདི་དཔྱད་དེ། མཁས་པ་འགའ་ཞིག་རྣམ་སྨིན་གྱི་ཆ་ཐེག་དམན་གྱི་ལྷག་མེད་ནས་ལྡོག་པར་ཐེག་དམན་པ་དག་འདོད་གསུངས། ཅི་གྲུབ་མཐའ་དམན་པ་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ་རྣམས་འདོད་པ་ཡིན་ནམ། ཐེག་པ་དམའ་བ་ཉན་རང་གི་ལམ་ལ་གནས་པ་རྣམས་བཞེད་བརྟག་གྲང༌། དང་པོ་


JLD018_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་རིགས་ཏེ་གྲུབ་མཐའ་སྨྲ་བ་དེ་གཉིས་རྣམ་ཤེས་ཚོགས་དྲུག་ལས་གཞན་པའི་རྣམ་ཤེས་ཁས་མི་ལེན་པའི་ཕྱིར་རོ། །གཉིས་པ་ཡང་མི་རུང་སྟེ། དེ་དག་གིས་ཀུན་གཞིའི་འཇུག་ལྡོག་གཏན་ལ་འབེབས་པའི་རྣམ་གཞག་མཛད་པ་བསྟན་དགོས་ན་དེ་ཡང་རྙེད་པ་མ་ཡིན་ནོ། །འོ་ན་སུའི་ལུགས་ཤེ་ན། འདིའི་འཇུག་པ་དང་ལྡོག་པའི་རྣམ་གཞག་རྒྱས་པར་ནི་རྣལ་འབྱོར་སྤྱོད་པའི་གཞུང་ལས་འབྱུང་ངོ༌། །དེ་ལྟ་ན་ཐེག་ཆེན་གྱི་ལུགས་ལ་ཐེག་དམན་གྱིས་ཤེས་སྒྲིབ་ཟད་པར་སྤངས་པ་གཅིག་སྲིད་དེ། དེའི་ལྷག་མེད་ནས་རྣམ་སྨིན་གྱི་ཆ་ལྡོག་པའི་ཕྱིར་ཞེ་ན། ཉེས་པ་མེད་དེ། འདི་ལྟར་ལྷག་མེད་ཀྱི་ཚེ་ན། ཐེག་དམན་གྱི་ལམ་གྱིས་ཤེས་སྒྲིབ་ནུས་ཆུང་དུ་རིམ་གྱིས་བཏང་བའི་མ་ལུས་པར་སྤངས་པ་མེད་ཀྱང་ཤེས་སྒྲིབ་རྒྱུན་ཆད་པའི་ལྡོག་པ་ཡོད་དེ། ཕུང་པོའི་ལྔའི་རྒྱུན་ལྡོག་པའི་ཕྱིར་རོ། །མ་གྲུབ་པ་མ་ཡིན་ཏེ། ལྷག་མེད་ཀྱི་ཚེ་ན་དགྲ་བཅོམ་པ་ཚེའི་འདུ་བྱེད་བཏང་བ་ཡིན་ལ། དེ་ཤི་བའི་འོག་ཏུ་རིག་པ་འབྱུང་བ་ལ་ནི། སྐྱེ་བ་ལེན་དགོས་ན། ལས་དང་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་དང༌། དེས་བསྐྱེད་པའི་རྣམ་སྨིན་གྱི་ཕུང་པོ་ཡང་ལོག་པའི་ཕྱིར་ལས་ཉོན་གྱི་དབང་གིས་སྐྱེ་བ་ཡང་མེད་ལ་ལས་ཉོན་གྱི་རྣམ་པས་ལུས་འགྲུབ་པར་ཡང་མི་ནུས་ཏེ། འདི་ཞི་བ་ཕྱོགས་གཅིག་པ་ཡིན་པའི་ཕྱིར་དང༌། རྟེན་ལོག་པའི་ཕྱིར་རོ། །དེས་ན་འདིར་ནི་སྤྲོས་པ་ཉེ་བར་ཞི་བ་འདུས་བྱས་ཀྱི་འཇུག་པ་རྒྱུན་ཆད་པའི་མཚན་མ་མེད་པའི་དབྱིངས་འབའ་ཞིག་གོ། དེ་ལྟ་ན་ཐེག་པ་ཆེན་པོའི་མཚན་མ་མེད་པའི་དབྱིངས་དང་ཁྱད་མེད་པར་འགྱུར་རོ་ཞེ་ན་


JLD018_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ཏེ་འདི་ནི་འདུས་བྱས་ཀྱི་འཇུག་པ་ཉེ་བར་ཞི་བ་ཙམ་ཡིན་གྱི་ཞི་བའི་དབྱིངས་ནས་གཞན་དོན་བྱེད་པའི་སྐུར་མི་ལྡང་སྟེ་གཞན་དོན་དུ་ལམ་ལ་གོམས་པར་མ་བྱས་པའི་ཕྱིར་རོ། །གཞན་ཡང་རྣམ་པར་གཏན་ལ་དབབ་པ་བསྡུ་བར། འཇུག་ཤེས་དང་ཀུན་གཞི་གཉིས་ཀ་མེད་པའི་མུ། ལྷག་མེད་ཀྱི་མྱང་འདས་ལ་གསུངས་པའི་ཕྱིར་ཡང་སྔར་ལྟར་ཡིན་ནོ། །འདི་ཉན་ཐོས་དང་སྒོ་བསྟུན་ཅེས་ཀྱང་བརྗོད་མི་ནུས་ཏེ། ཀུན་གཞི་ཡོད་ན་གཏན་ལ་འབེབས་པའི་སྐབས་ཡིན་པའི་ཕྱིར་རོ། །དེས་ན་བྱེ་བྲག་སྨྲ་བ་ནི་ལྷག་མེད་ཀྱི་ཚེ། འདུས་བྱས་རྒྱུན་ཆད་པའི་སོ་སོར་བརྟག་འགོག་ནི་རྫས་སུ་གྲུབ་པའི་འདུས་མ་བྱས་ཤིག་ཡོད་པར་འདོད་ལ། མདོ་སྡེ་པ་ནི། འདུས་བྱས་འགགས་པའི་མེད་དགག་ཅང་མེད་པ་གཅིག་ཏུ་འདོད་དེ། ཕུང་པོ་དང་བྲལ་བར་ནི་འདོད་ལ། འདུས་མ་བྱས་རྫས་སུ་མི་འདོད་པའི་ཕྱིར་རོ། །གཉིས་ཀས་ཀྱང༌། ལུས་ཞིག་ཚོར་བ་བསིལ་བར་གྱུར། །འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་དེ་ནི་སྡུག་བསྔལ་མཐའ། །ཞེས་པའི་མདོའི་དོན་ཡིན་པར་སེམས་ཤིང༌བྱེ་བྲག་ཏུ་མདོ་སྡེ་པས། མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་སེམས་ནི་རྣམ་པར་ཐར། །ཞེས་དགྲ་བཅོམ་པའི་སེམས་ཀྱི་རྣམ་པར་གྲོལ་བ་མར་མེ་ཤི་བ་ལྟར་གསུངས་པ་དང༌། རང་གི་གྲུབ་མཐའ་མཐུན་པར་འདོད་དོ། །རྣལ་འབྱོར་སྤྱོད་པ་ནི། རྣམ་འབྱོར་སྤྱོད་པ་ནི། བེམ་རིག་གི་འཇུག་པ་ཐམས་ཅད་ཉེ་བར་ཞི་བའི་དེ་བཞིན་ཉིད། ཚོར་བའི་བདེ་བ་མེད་ཀྱང་སྡུག་བསྔལ་གཏན་བྲལ་བའི་བདེ་བ་ཡོད་པ། མེད་དགག་ཅང་མེད་ཀྱང་མིན་ལ། རྫས་གྲུབ་ཀྱི་ཡོད་པ་


JLD018_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མིན་པ། རྟག་པ་འགྱུར་མེད་དུ་ཡོད་པ་ཡིན་པར་འདོད་དོ། །དེའི་ཕྱིར་ལྷག་བཅས་ཕན་ཆད་དུ་ཐེག་ཆེན་དུ་འཇུག་སྲིད་ལ། འདིར་སོན་ནས་འཇུག་པར་མི་འདོད་དེ། རྣམ་པར་གཏན་ལ་དབབ་པ་བསྡུ་བར། ཉན་ཐོས་བྱང་ཆུབ་ཡོངས་སུ་འགྱུར་བ་ཅི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་དམ། འོན་ཏེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་ཅེ་ན། ཕུང་པོའི་ལྷག་མ་དང་བཅས་པའི་དབྱིངས་ལ་གནས་ཤིང་བྱེད་དེ། འདི་ལྟར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ནི། རྩོམ་པ་ཐམས་ཅད་དང་བྲལ་ཞིང་འབད་པ་ཐམས་ཅད་རྒྱུན་བཅད་པ་ཡིན་པའི་ཕྱིར་རོ་ཞེས་སོ། །དེ་ལྟ་བུའི་འདོད་ཚུལ་རྣམས་མ་ཕྱེད་པར་དབུ་སེམས་ཕྱོགས་གཅིག་ཏུ་བཟུང་ནས་རྣམ་སྨིན་གྱི་རྣམ་ཤེས་ཐེག་དམན་གྱི་ལྷག་མེད་དུ་འགའ་ཞིག་ལྡོག་པར་འདོད། འགའ་ཞིག་ལྷག་མེད་ནས་ཀྱང་ཐེག་ཆེན་དུ་འཇུག་དགོས་པས་མི་ལྡོག་ཅེས་ངལ་ཞིང་དུབ་པའི་མཐའ་ལ་བརྟེན་པར་བྱེད་དོ། །འདིར་བསྟན་པ་ལྟར་རྒྱས་པར་ཕུང་པོ་དང་བཅས་པ་དང༌། ཕུང་པོ་མེད་པའི་རྣམ་པར་གཏན་ལ་དབབ་པའི་སྡོམ་གྱི་འབྲེལ་པ་དང༌།བརྒྱད་སྟོང་འགྲེལ་ཆེན་གྱི་ཡུལ་ངེས་པ་དང་ཁྱབ་པ་དང་ཞེས་པའི་འགྲེལ་པར་སེམས་ཙམ་པའི་འདོད་པ་བཀོད་པ་ལས་ཤེས་པར་བྱའོ། །སྐབས་འདིར། ཐེག་པ་གསུམ་དུ་གསུངས་པ་དང༌། གཅིག་ཏུ་གསུངས་པའི་མདོ་ལ་ངོ་བོ་ཉིད་མེད་པར་


JLD018_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་དང༌། རྣམ་པར་ཤེས་པ་སྨྲ་བ་གཉིས། དྲང་ངེས་སུ་འདོད་ཚུལ་དེ་དག་གི་སྒྲུབ་བྱེད་དང་བཅས་ཏེ་གཞུང་ལུགས་ཆེན་པོ་རྣམས་སུ་འབྱུང་བ་རྣམས་སྦྱོར་ནུས་མོད། ཚིག་མངས་ན་དབང་པོ་རྟུལ་པོ་རྣམས་མགོ་མྱོས་པར་འགྱུར་བས་རེ་ཞིག་བཞག་གོ། དེ་དག་གིས་རྣམ་སྨིན་དང་། ས་བོན་གྱི་ཀུན་གཞིའི་དཀའ་བའི་གནས་ཐམས་ཅད་དཔྱིས་ཕྱིན་པར་བཤད་ཟིན་ཏོ།། ༈ ཉོན་ཡིད་ཀྱི་མཚན་ཉིད་དེ་ཇི་ལྟ་བུ་ཞིག་ཅེ་ན། ཉོན་མོངས་ཅན་ཡིད་མཚན་ཉིད་ནི། །ཀུན་གཞི་རྣམ་སྨིན་ཆ་ཉིད་ལ། །བདག་ལྟ་བསྒྲིབས་ལ་ལུང་མ་བསྟན། །རེག་དང་ཆགས་སོགས་དགུ་ཁོ་ན། །དེ་ལ་དམིགས་པ་ནི་ས་བོན་དང་རྣམ་སྨིན་གྱི་ཆ་གཉིས་ལས་ཕྱི་མ་སྟེ་འདིའི་དམིགས་པ་ལ་བདག་དང་ཆོས་མཚུངས་པ་ཞིག་དགོས་པའི་ཕྱིར་རོ། །རྣམ་པ་ནི་དམིགས་པ་དེ་ལ་བདག་ཏུ་རློམ་སེམས་པའོ། །དེ་ཡང་དོན་གསང་དུ། བདག་གི་རྣམ་པར་སྐྱེ་བའི་སྒོ་ནས་ཡིན་གྱི་རང་གི་ངོ་བོ་འཇོག་པའི་སྒོ་ནས་ནི་མ་ཡིན་ནོ། །ཞེས་གསུངས་པས་ན་རྣམ་སྨིན་གྱི་རྫས་དེ་ཉིད་སྣང་ནས་ཉོན་ཡིད་ཀྱི་ཡུལ་དུ་མི་འགྱུར་ཡང་རྣམ་སྨིན་གྱི་རྣམ་ཤེས་དེའི་མཐུས་རང་ཉིད་ལ་བདག་ཏུ་འཁྲུལ་པ་ཙམ་ལ་ཡུལ་དུ་འཇོག་གོ། ངོ་བོ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །བསྒྲིབས་པ་དང་མ་བསྒྲིབས་པའི་དོན་གང་ཞེ་ན། བསྒྲིབས་པ་ཞེས་པ་ནི་ཉོན་མོངས་པས་རྙོག་རྙོག་པོར་བྱས་པ་ཡིན་ལ་ཡིད་འདི་ཡང་རྩ་བའི་ཉོན་མོངས་པ་བཞིས་རྙོག་རྙོག་པོར་བྱས་པའི་ཕྱིར་རོ། །མ་བསྒྲིབས་པ་ཞེས་པ་ནི། ཉོན་མོངས་པས་དྲི་མ་ཅན་དུ་མ་བྱས་པ་དབང་པོ་ལྔ་དང་དད་པ་སོགས་


JLD018_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་ལྟ་བུའོ། །དོན་འདི་ལ་འགའ་ཞིག །ཉོན་ཡིད་འཕགས་པའི་མཉམ་གཞག་ན་མེད་པ་དང༌། ཀུན་གཞི་ཡོད་པ་ལ་བསམས་ནས་མཉམ་གཞག་ལ་བསྒྲིབ་མི་བསྒྲིབ་ཏུ་འདོད་པ་དང༌། ཉོན་སྒྲིབ་མ་ལུས་པར་མ་སྤངས་པར་ཐད་པ་མི་ཐོབ་པ་ལ་བསམས་ནས་ཐར་པ་ལ་སྒྲིབ་མི་སྒྲིབ་ཏུ་འདོད་པ་ནི། སྒྲིབ་པ་དང་མ་སྒྲིབ་པའི་རང་གི་ངོ་བོ་མ་ཤེས་ཤིང་དེ་གཉིས་ཀྱི་ཀུན་གཞི་ཉོན་ཡིད་གཉིས་ཁོ་ན་ལ་འཇོག་པས་ན་བསམ་བློ་རྒྱ་ཆུངས་པར་འདུག་སྟེ། འདི་ལྟར། དེ་གཉིས་ཀྱི་དོན་ཆོས་རང་ཉིད་བསྒྲིབས་པའམ་མ་བསྒྲིབས་པ་དཔྱོད་པ་ཡིན་གྱི་དེས་གཞན་ལ་བསྒྲིབས་མི་བསྒྲིབས་མ་ཡིན་ཏེ། གཞན་དུ་ན། འཕགས་པ་རྣམས་ཀྱི་ཡིད་དགེ་བ་དང་ལུང་དུ་མ་བསྟན་གཡེང་བའི་ཆར་གྱུར་པ་རྣམས་ཀྱང་མཉམ་གཞག་ལ་གེགས་བྱེད་པའི་ཕྱིར་བསྒྲིབས་པར་འགྱུར་བ་དང༌། ཡང་སྲིད་འཕེན་ངེས་ཀྱི་ཀུན་འབྱུང་མ་ལུས་པར་མ་སྤངས་པར་ཐར་པ་གསུམ་པོ་གང་ཡང་མི་ཐོབ་པའི་ཕྱིར་བསོད་ནམས་དང་མི་གཡོ་བའི་ལས་སྲིད་པ་འཕེན་ངེས་རྣམས་ཀྱང་བསྒྲིབས་པར་ཐལ་ལོ། །དེ་དག་ལས་ཀྱི་ཀུན་ཉོན་ཡིན་པས་བསྒྲིབས་པའོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། སྒྲིབ་པ་ནི་ཉོན་མོངས་པའམ། དེས་ཀུན་ནས་བསླངས་པའི་ལུས་ངག་གི་མི་དགེ་བ་ལ་གསུངས་པའི་ཕྱིར་དང༌། དགེ་བ་དང་། ཚེའི་ཀུན་ཉོན་མ་བསྒྲིབས་པ་རྣམས་ཀྱང་བསྒྲིབ་པར་འགྱུར་བའི་ཕྱིར་རོ། །དེ་སྐད་དུའང༌། ཀུན་ལས་བཏུས་སུ། མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཉོན་མོངས་པ་ཅན་ནོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཀུན་


JLD018_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འགྲོ་བའི་ཡིད་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། གཟུགས་དང་གཟུགས་མེད་པ་དང་མཚུངས་པར་ལྡན་པའོ། །ཞེས་དང༌། དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཞེས་དང༌། ཐེག་ཆེན་བསྡུས་པར་ཡང༌། ཡིད་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། སྒྲིབ་པའི་ཉོན་མོངས་པ་བཞི་དང་རྟག་ཏུ་མཚུངས་པར་ལྡན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་བཞིན་དུ་འདི་ནི་བསྒྲིབས་ལ་ལུང་མ་བསྟན་པ་ཉིད་དོ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཡིད་ནི་ཞི་གནས་ཀྱིས་འཁྱུད་པ་ཡིན་ལ། ཡིད་ནི་དུས་ཐམས་ཅད་དུ་ལྡན་པའི་ཕྱིར་རོ། །ཞེས་སོ། །བསྒྲིབས་པའི་དོན་དེ་ལྟར་ཡིན་ན་ལུང་མ་བསྟན་ཁོ་ནར་ངེས་པ་ཅི་ཞེ་ན། ཉོན་ཡིད་འདི་ཉོན་མོངས་པ་ཅན་ཡིན་པས་དགེ་བ་མིན་ལ། དགེ་བའི་སེམས་དང་རྒྱུད་གཅིག་ལ་དུས་གཅིག་ཏུ་མངོན་གྱུར་དུ་འཇུག་པའི་ཕྱིར་མི་དགེ་བ་མིན་ནོ། །གཞན་དུ་ན་དགེ་བའང་། མི་དགེ་བའི་སེམས་མངོན་གྱུར་སོ་སྐྱེ་ལ་སྐྱེ་མི་སྲིད་པར་འགྱུར་ཏེ། ཡིད་འདི་འཕགས་ལམ་མ་སྐྱེས་བར་དུ་རྟག་ཏུ་མངོན་གྱུར་དུ་འཇུག་པའི་ཕྱིར་རོ། །འཁོར་ནི་རེག་པ་ལ་སོགས་པ་ལྔ་དང༌། འདོད་ཆགས། མ་རིག་པ། ང་རྒྱལ། བདག་ལྟ་བཞི་སྟེ། དགུ་ཁོ་ན་འབྱུང་སྟེ། དོན་གསང་དུ། དེ་ལ་ཉོན་མོངས་པ་བཞི་དང༌། སྔར་བསྟན་པའི་ཀུན་ཏུ་འགྲོ་བ་ལྔ་དང་མཚུངས་པར་ལྡན་པའི་ཕྱིར་འདིའི་སེམས་


JLD018_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་ནི་དགུ་ཁོ་ནའོ། །ཞེས་དང༌། སུམ་ཅུ་པ་ལས། དེ་ལ་གནས་པ་རབ་འབྱུང་ཞིང༌། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་སེམས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཏུ་ཆགས་པ་སྟེ། །གང་དུ་སྐྱེས་པ་དེ་ཡི་གཞན། །རེག་སོགས་ཀྱང་སྟེ་ཞེས་འབྱུང་བའི་ཕྱིར་རོ། །འདིའི་འཁོར་གྱི་ཚོར་བ་དེ་གང་ཞེ་ན། ཚོར་བ་ནི་བཏང་སྙོམས་འབའ་ཞིག་ཡིན་ཏེ། བདེ་བ་ཡིན་ན་ཡིད་བདེ་ཡིན་དགོས་ལ་དེ་ལྟ་ན་ཡིད་བདེ་མངོན་གྱུར་དུ་རྟག་ཏུ་འབྱུང་བའི་ཕྱིར་སོ་སྐྱེ་ལ་ཡིད་མི་བདེ་གཏན་མི་འབྱུང་བར་ཐལ་བ་དང༌། བསམ་གཏན་བཞི་པ་ཡན་ཆད་ཀྱང་ཚོར་བ་བདེ་བའི་སར་འགྱུར་བ་དང༌། མནར་མེད་པ་ལ་ཡང་ཡིད་བདེ་མངོན་གྱུར་རྟག་ཏུ་འཇུག་པར་འགྱུར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། འདིའི་འཁོར་ལ་ཁམས་གསུམ་གར་མང་ཉུང་མི་འབྱུང་སྟེ།བརྟན་པའི་རྣམ་ཤེས་ཡིན་པས་གཙོ་བོ་དང་འཇུག་ལྡོག་གི་དུས་གཅིག་ཡིན་པའི་ཕྱིར་རོ། །སྡུག་བསྔལ་གྱི་ཚོར་བ་ཡང་མི་འབྱུང་བ་རིགས་པ་དེས་དཔག་པར་བྱའོ། །དེས་ན་ཉོན་ཡིད་ཀྱི་དགའ་བའི་རྣམ་པ་ནི་ཚོར་བའི་དགའ་རྣམ་མ་ཡིན་གྱི་འདོད་ཆགས་ཀྱི་དགའ་རྣམ་ཡིན་ཏེ། སུམ་ཅུ་པ་ལས། ཀུན་གཞིའི་འཁོར་གྱི་རེག་སོགས་ལྔ་པོ་ཉིད་ཡིད་ཀྱི་འཁོར་དུའང་བཤད་ཅིང་ཚོར་བ་ལ་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་རོ། །དེ་ལྟར་ཡང་དོན་གསང་ལས་དགའ་བའི་རྣམ་པ་ཅན་ཡིན་ཀྱང་སེམས་པའི་ཚོར་བ་


JLD018_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནི་མ་ཡིན་ཏེ། གང་དུ་སྐྱེས་པ་དེའི་འོ་གཞན། །ཞེས་འབྱུང་བའི་ཕྱིར་རེག་པ་ལ་སོགས་པ་ཇི་ལྟར་སྐབས་སུ་བབ་པ་དག་ཁོ་ན་བསྒྲེས་པའི་ཕྱིར་རོ། །འོན་ཏེ་ཚོར་བ་གཞན་ཡང་ཡོད་ན་ནི་ཁྱད་པར་དུ་བྱས་པར་འགྱུར་རོ་ཞེས་དང༌། འོ་ན་བཏང་སྙོམས་པ་ཡིན་ན་ཇི་ལྟར་དགའ་བའི་རྣམ་པ་ཅན་ཡིན་ཞེ་ན། བདག་ལ་ཆགས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་སོ། །ཅིའི་ཕྱིར་འདིའི་འཁོར་དགུར་ངེས། ངའོ་སྙམ་པ་ལ་བཏགས་པའི་རྣམ་གཡེང༌། འདོད་ཆགས་དང་གཏི་མུག་ལ་བཏགས་བའི་བག་མེད་འདོད་ཆགས་ལ་བཏགས་པའི་རྒོད་པ། གཏི་མུག་གི་ཆ་ལ་བཏགས་པའི་མ་དད་པ། ལེ་ལོ། རྨུགས་པ་སྟེ་དྲུག་འབྱུང་བས་ན་འཁོར་བཅོ་ལྔར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་དག་འབྱུང་བར་བཤད་ཀྱང་དགུར་གྲངས་ངེས་ཏེ་དྲུག་པོ་དེ་དག་གདགས་གཞི་ཉོན་མོངས་པ་བཞི་པོ་དེའི་རྫས་ཡིན་པས་ན་དེ་བཞི་ལས་གུད་ན་མེད་དོ། །རྫས་དགུ་པོ་འདི་ལས་སེམས་བྱུང་གཞན་མི་འབྱུང་བ་ནི། རྒྱས་པར་དོན་གསང་རྣམ་པར་ཕྱེ་བ་བསྡུས་ཏེ་བཤད་པ་ལས་ཤེས་པར་བྱ་སྟེ། འདིར་ནི་ཚིག་མངས་སུ་དོགས་པ་དང༌། དཀའ་བའི་གནས་མ་ཡིན་པས་མ་བྲིས་སོ། །ལྔ་པ་ས་དཔྱད་པ་ནི། ཅི་ཉོན་ཡིད་འདི་གང་གི་རྒྱུད་ལ་ཡོད་པ་རྟེན་དེ་གང་དུ་སྐྱེས་པའི་ས་དེ་ཡིན་ནམ་མ་ཡིན། དང་པོ་ལྟར་ན་འདོད་པའི་སོ་སྐྱེ་ཞིག་གིས་འདོད་པ་ལ་ཆགས་པ་དང་བྲལ་བ་ན་ཉོན་ཡིད་མི་ལྡོག་པས་འདོད་པའི་ཉོན་མོངས་མངོན་གྱུར་དུ་རྒྱུད་ལ་འཇུག་པར་འགྱུར་རོ། །གཉིས་པ་ལྟར་ན་རྟེན་དེའི་ཀུན་གཞི་ལ་ཉོན་ཡིད་འཁོར་བཅས་ཀྱིས་བདག་ཏུ་སྲེད་པས་


JLD018_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རིས་སུ་བཅས་པས་འདོད་པའི་ཉོན་མོངས་རྣམས་རྒྱས་པར་མི་འགྱུར་རོ་ཞེ་ན། གང་དུ་སྐྱེས་པ་དེའི་འོ་ཞེས་འབྱུང་བ་དང༌། ཇི་སྐད་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཕྱོགས་གཉིས་པ་ཁས་མི་ལེན་ནོ། །དེ་ལྟ་ན་ཕྱོགས་དང་པོ་ལ་ཡང་སྐྱོན་བརྗོད་པ་མ་ཡིན་ནམ་ཞེ་ན། ཉེས་པ་མེད་དེ། འདོད་པའི་སོ་སྐྱེ་འདོད་པ་ལ་ཆགས་པ་དང་བྲལ་ཞེས་པ་ནི། གཙོ་བོར་འཁྲིག་པ་ལ་ཆགས་པ་དང་བྲལ་བ་དང༌། ཞི་གནས་ཀྱི་ལམ་ཐོབ་པ་ཡིད་མི་བདེའི་གདུང་བ་མེད་པ་དང༌། འདོད་ཡོན་ལྔ་ལ་ཆགས་པ་མངོན་གྱུར་བ་རྒྱུད་གདུང་བར་བྱེད་པ་མེད་པས་ན། ཁ་ཕྱིར་བལྟས་ཀྱི་ཆགས་སྡང་འགའ་ཞིག་ཙམ་སྤངས་པ་ཡིན་གྱི་ཉོན་ཡིད་འདི་ནི་བདག་ལྟ་ལྷན་སྐྱེས་དང་མཚུངས་ལྡན་ཡིན་པས་འདི་གཉེན་པོའི་མཐུས་ལྡོག་པས་ཟག་མེད་ཀྱི་ཤེས་རབ་བསྐྱེད་དགོས་པ་ཡིན་པའི་ཕྱིར་རོ། །འདི་ལྟ་བུའི་ཡིད་འདི་འཇུག་ལྡོག་གི་དུས་གང་ཞེ་ན། འགོག་པ་མཉམ་གཞག་གནས་སྐབས་དུས། །དབང་ཐོབ་དགྲ་བཅོམ་མཐར་ཐུག་གོ། འདི་ལ་གནས་སྐབས་རེས་འགའ་བའི་ལྡོག་དུས་དང༌། མཐར་ཐུག་གཏན་ལྡོག་པའི་དུས་གཉིས་སོ། །དང་པོ་ནི། ས་བརྒྱད་པ་ལ་མི་སློབ་པའི་ལམ་མ་ཐོབ་པའི་དུས་ཀྱི་འགོག་པ་ལ་ཞུགས་པའི་ཚེ་དང༌། འཕགས་པ་རྣམས་ཀྱི་མཉམ་གཞག་གི་དུས་སོ། །གཉིས་པ་ནི་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་དང༌ཉན་རང་དགྲ་བཅོམ་པ་རྣམས་སོ། །དེ་ལྟར་ཡང་སུམ་ཅུ་པ་ལས། དགྲ་བཅོམ་མེད། འགོག་པའི་སྙོམས་པར་འཇུག་ན་མེད། །འཇིག་རྟེན་


JLD018_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་ལམ་ན་མེད། །འདི་ནི་གྱུར་པ་གཉིས་པའོ། །ཞེས་དང༌། ཀུན་ལས་བཏུས་སུ་ཡང༌། ཡིད་གང་ཞེ་ན་གང་དུས་རྟག་ཏུ་རློམ་སེམས་པའི་བདག་ཉིད་དང༌། ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་པ་དང༌། ཉོན་མོངས་པ་བཞི་པོ་བདག་ཏུ་ལྟ་བ་དང༌། བདག་ལ་ཆགས་པ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མ་རིག་པ་དང་མཚུངས་པར་ལྡན་པ་སྟེ། དེ་ཡང་ལམ་མངོན་དུ་གྱུར་པ་དང༌། འགོག་པའི་སྙོམས་པར་ཞུགས་པ་དང༌། མི་སློབ་པའི་ས་མ་གཏོགས་པར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཐམས་ཅད་དུ་འགྲོ་བ་དང༌། གང་ཡང་རྣམ་པར་ཤེས་པ་དྲུག་པོ་རྣམས་འགགས་མ་ཐག་པའི་རྣམ་པར་ཤེས་པའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་བྱས་ན་ཡིད་ནི་གཉིས་ཏེ་ངར་སེམས་པའི་ཡིད་དང༌། དེ་མ་ཐག་པའི་ཡིད་དོ། །དེ་གཉིས་ལ་རིམ་པ་ལྟར་དོན་དམ་པའི་ཡིད་དང༌། ཀུན་རྫོབ་པའི་ཡིད་ཅེས་ཀྱང་བྱ་སྟེ། རྣམ་ཤེས་གཞན་ལ་མ་ལྟོས་པར་རང་རྐྱ་ཐུབ་པའི་རྫས་སུ་ཡོད་པ་དང༌། ཚོགས་དྲུག་ལས་གུད་ན་གཞག་ཏུ་མེད་པའི་ཕྱིར་རོ། །དེ་ལ་དང་པོས་ནི་ཚོགས་དྲུག་མཚན་མ་ལ་འཆིང་བའི་གནས་བྱས་ནས་ཀུན་ནས་ཉོན་མོངས་པ་ཟག་པ་དང་བཅས་པར་བྱེད་ལ། གཉིས་པ་ནི་ཚོགས་དྲུག་གི་དེ་མ་ཐག་རྐྱེན་བྱས་ནས་རང་འགགས་སྟོབས་ཀྱིས་རྣམ་ཤེས་ཀྱི་ཕྱི་མ་སྐྱེ་བའི་གོ་འབྱེད་པ་ཡིན་ཏེ། ཇི་སྐད་དུ། དེ་ལ་ཡིད་ནི་རྣམ་པ་གཉིས་ཏེ་དེ་མ་ཐག་པའི་རྐྱེན་བྱེད་པས་གནས་སུ་གྱུར་པའི་ཕྱིར་རྣམ་པར་ཤེས་པ་འགགས་མ་ཐག་པའི་ཡིད་ཅེས་བྱ་བ་རྣམ་པར་


JLD018_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་སྐྱེ་བའི་གནས་དང༌། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་ཉོན་མོངས་པ་བཞི་པོ་འཇིག་ཚོགས་ལ་ལྟ་བ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། བདག་ལ་ཆགས་པ་དང༌། མ་རིག་པ་དང་རྟག་ཏུ་མཚུངས་པར་ལྡན་པ་སྟེ་དེ་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་གནས་སོ། །རྣམ་པར་ཤེས་པ་ནི་གང་གནས་གཅིག་པོས་ནི་བསྐྱེད་ལ། གཉིས་པས་ནི་ཉོན་མོངས་པ་ཅན་དུ་བྱས་པ་སྟེ། ཡུལ་ལ་རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། །དེ་མ་ཐག་པ་དང་ངར་སེམས་པའི་ཕྱིར་ཡིད་ནི་རྣམ་པ་གཉིས་སོ་ཞེས་སོ། །གལ་ཏེ་དབང་ཐོབ་པའི་སེམས་པ་དང༌། དགྲ་བཅོམ་པ་དང༌། འཕགས་པའི་མཉམ་གཞག་ན་ཉོན་ཡིད་མེད་ན། དེ་དག་ན་ཡིད་ཤེས་ཀྱང་མེད་པར་འགྱུར་ཏེ་ཡིད་ཤེས་ཀྱི་བདག་རྐྱེན་ཉོན་ཡིད་མེད་པའི་ཕྱིར་རོ། །ཡང་དབང་ཐོབ་པ་དང༌། དགྲ་བཅོམ་པས་མཉམ་ཉིད་ཡེ་ཤེས་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། ཉོན་མོངས་ཅན་ཡིད་གནས་གྱུར་པས། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །ཞེས་པ་ལྟར་ཉོན་ཡིད་ལྡོག་པའི་ཕྱིར་རོ་ཞེ་ན། ཉོན་མོངས་ཅན་དུ་འཇོག་བྱེད་པའི། །གང་ཟག་འཛིན་པ་ལོག་གྱུར་ཀྱང༌། །དེ་ཡི་རིགས་ཙམ་ཡིད་ཕྱིར་དང༌། །ཆོས་འཛིན་སྐྱེད་ནུས་མ་ལོག་ཕྱིར། །ཡིད་ཤེས་མེད་དང་མཉམ་པ་ཉིད། །ཐོབ་པའི་སྐྱོན་གཉིས་རིང་དུ་སྤངས། །འདིའི་ལན་ལ། མཉམ་གཞག་ན་ཡིད་ཡོད་མེད་དང༌། ཡིད་དེ་ཟག་པ་དང་བཅས་མ་བཅས་དཔྱད་པའོ། །དང་པོ་ནི། མཉམ་གཞག་གི་ཚེ་ཡང་། ཡིད་ཀྱི་རྫས་རྒྱུན་ཆད་པའི་ལོག་པ་ནི་མེད་དེ། དགོངས་འགྲེལ་


JLD018_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཀུན་གཞི་དེ་ཉུང་ཡང་རྣམ་ཤེས་གཅིག་ཡིད་དང་ལྷན་ཅིག་འཇུག་པར་བསྟན་པའི་ཕྱིར་དང༌། མཉམ་གཞག་གི་ཚེ། དམིགས་པ་ཀུན་གཞི་ཉེ་ཞིང༌། རྒྱུའི་རྐྱེན་ཡང་ཀུན་གཞི་ལས་འབྱུང་ལ་ཚོགས་དྲུག་ལྟར་རེས་གཟུགས་ལ་ལྟའོ། །རེས་སྒྲ་མཉན་ནོ་སྙམ་པ་ལྟ་བུའི་མྱོང་བ་རིགས་མི་མཐུན་མེད་པ་འཁོར་བ་ཇི་སྲིད་པ་རིགས་གཅིག་ཏུ་འཇུག་པའི་ཕྱིར་རོ། །འདི་ལྟར་ཡང་དོན་གསང་དུ། འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་སློབ་པའི་གནས་སྐབས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པས་མ་ངེས་པ་ཡང་མ་ཡིན་ཏེ། དེའི་ཚེ་ཡང་ཡིད་གྱུར་པ་གནས་པའི་ཕྱིར་རོ། །དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། རེས་འགའ་ནི་གཅིག་དང་སྟེ་གང་གི་ཚེ་ཡིད་དང་ཞེས་འབྱུང་བའོ། །རེས་འགའ་ནི་གཉིས་དང་སྟེ་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་ཡང་དེའི་ཚེ་གྱུར་པ་ཡང་ཡིད་མ་ཡིན་པ་ཞིག་ཏུ་གྱུར་ན་ནི། འདི་ལ་ཡང་ཡིད་མ་ཡིན་པར་འགྱུར་བ་འདི་སྐད་དུ་རེས་འགའ་ནི་གཅིག་དང་སྟེ་གང་གི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་དང་ཞེས་ཀྱང་བཤད་པར་འགྱུར་རོ། །གཞན་ཡང་རྒྱལ་བ་ལ་སོགས་པ་ལ་འཇུག་པའི་རྣམ་པར་ཤེས་པའི་ཚོགས་ཡུལ་ལ་རག་ལས་ཏེ་སྐྱེ་བ་རྣམས་དེ་མི་ཉེ་བའི་ཕྱིར་རྒྱུན་འཆད་དོ་ཞེས་བྱ་བར་ནི། ཡིད་འཁོར་བ་ཇི་སྲིད་པར་རིགས་གཅིག་པ་དང༌དམིགས་པར་ཉེ་བ་ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་བ་གོ་ཇི་ལྟར་རྒྱུན་ཆད་ཅེས་སོ། །གཉིས་པ་ཡིད་དེ་ཟག་བཅས་ཟག་མེད་དཔྱད་པ་ལ་རྣལ་འབྱོར་སྤྱོད་པའི་སློབ་དཔོན་གཉིས་ཀྱི་ལུགས་ལས། ལུགས་དང་པོ་ནི་མཉམ་


JLD018_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་གི་ཚེའི་ཡིད་དེ། དེ་ཟག་མེད་ཡིན་ཏེ། ཉོན་མོངས་པ་དང་ཟག་མེད་ཀྱི་ཤེས་པ་རྒྱུད་གཅིག་ལ་དུས་གཅིག་ཏུ་འཇུག་པ་མི་སྲིད་ལ། ཡིད་རྒྱུན་ཆད་པ་ཡང་མིན་ཅིང༌། འཇིག་ལྟ་སོགས་བཞི་དེའི་ཚེ་ས་བོན་ཙམ་གྱི་ངོ་བོར་གནས་པའི་ཕྱིར་རོ། །དེ་ཡང༌། བདག་མེད་པ་མངོན་སུམ་དུ་མཐོང་བའི་ཡིད་ཤེས་མཉམ་གཞག་གི་ཚེ་ཟག་མེད་དུ་འགྱུར་བ་ཀུན་གཞི་ལ་རང་གི་ཟག་མེད་ཀྱི་ས་བོན་གནས་པ་ལས་གྱུར་པ་བཞིན་དུ། དེའི་ཚེ་ཡིད་ཀྱང་ཟག་མེད་ཀྱི་ས་བོན་ཆོས་ཉིད་ཀྱིས་གནས་པ་ལས་ཀུན་གཞི་དང་ལྷན་ཅིག་ཏུ་ཟག་མེད་དུ་འཇུག་གོ། དེ་ལས་ལངས་ནས། ཟག་བཅས་ཀྱི་སེམས་པ་དགེ་བ་ལྟ་བུ་མངོན་དུ་གྱུར་པ་ན་ཉོན་མོངས་བཞིའི་ས་བོན་ལས་རྩ་ཉོན་བཞི་མངོན་དུ་གྱུར་ནས་ཡིད་དེ་ཉོན་མོངས་པ་ཅན་དུ་བྱེད་དོ། །དེ་ལྟར་ཡང༌། དོན་གསང་ལས། ཡིད་དེ་ཡང་ཁ་ཅིག་ན་རེ་གནས་སྐབས་དེ་ན་ཟག་པ་མེད་པ་ཡིན་ཏེ། འདི་ལྟར་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་འཕགས་པའི་ལམ་ལ་སྙོམས་པར་འཇུག་པས་རྒྱུན་ཀུན་དུ་མི་འབྱུང་བའི་ས་བོན་གྱི་གནས་སྐབས་པར་འཇོག་གོ་ཞེས་ཟེར་རོ། །ཟག་པ་མེད་པ་ནི་ཐོག་མ་མེད་པའི་རང་གི་རིགས་ལ་བདག་མེད་པ་མངོན་སུམ་དུ་བྱས་པའི་འཕགས་པའི་ལམ་བཞིན་དུ། ཀུན་གཞི་རྣམ་པར་ཤེས་པ་དང་འབྱུང་ཞེས་སོ། །དེ་ལྟར་ན་འདིའི་ལུགས་ཀྱིས་ཀྱང་མཉམ་གཞག་ན་ཉོན་མོངས་པ་བཞི་མངོན་གྱུར་དུ་མེད་པས་དེས་དྲི་མ་ཅན་དུ་བརྙོགས་པའི་ཉོན་ཡིད་མེད་ཀྱང༌། ཡིད་དེ་བཞི་དང་བྲལ་བའི་ཟག་མེད་དུ་གྱུར་པ་


JLD018_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས་ན་བདག་རྐྱེན་ཡོད་པར་འདོད་དོ། །ལུགས་གཉིས་པ་ནི། མཉམ་གཞག་ན་ཡིད་ནི་ཡོད་ལ། དེ་ཡང་ཟག་བཅས་སུ་ཡོད་པར་འདོད་དེ། འོ་ན་ཉོན་མོངས་པའི་ཟག་པ་ཡོད་དམ་ཞེ་ན། མེད་དོ། །གཞན་དུ་ན་ཇི་ལྟར་ཟག་པ་དང་བཅས་ཤེ་ན། བདུན་ཡིད་འདི་ལ་ཀུན་གཞི་ལ་ང་བདག་ཏུ་བལྟས་ནས་ཉོན་མོངས་པ་བསྐྱེད་པའི་ནུས་པ་གཅིག་དང༌། ཐ་སྙད་སྣ་ཚོགས་འདོགས་པའི་ཡིད་ཤེས་ཀྱི་ལྷན་ཅིག་སྐྱེ་བའི་རྟེན་བྱས་ནས་ཆོས་སུ་འཛིན་པ། ཤེས་སྒྲིབ་བསྐྱེད་པའི་ནུས་པ་གཅིག་དང་གཉིས་ཡོད་ལ་དེ་ལ་དང་པོ་ནི། ཡིད་ཉོན་མོངས་ཅན་དུ་འཇོག་བྱེད་ཡིན་ཅིང༌། དེ་ཡང་ཇི་སྲིད་ཉོན་མོངས་མ་ལུས་པར་མ་སྤངས་པ་དེ་སྲིད་དུ་འཇུག་ལ་མ་རིག་པ་དང་ལྟ་བ་ལོག་པ་ན་ལྡོག་པའི་ཕྱིར་བརྒྱད་པ་ཡན་དང༌། དགྲ་བཅོམ་པ་རྣམས་ཀྱིས་རྩ་བ་དང་ཉེ་བའི་ཉོན་མོངས་པ་མ་ལུས་པར་སྤངས་པས་ན་གང་ཟག་ཏུ་འཛིན་པ་སྐྱེད་པའི་ནུས་པ་ལོག ། དེ་ལོག་པས་དེས་ཉོན་མོངས་ཅན་དུ་བཞག་པ་ཡང་མེད་པས་ཉོན་ཡིད་ལོག་གོ། འོན་ཀྱང་ཡིད་དེ་ཆོས་སུ་འཛིན་པ་བསྐྱེད་པའི་ནུས་པ་མ་ལོག་པ་དང༌། ཡིད་དེའི་གསལ་རིག་གི་རྫས་ཙམ་ནི་རྒྱུན་ཆད་པ་མེད་དེ་དེའི་ཕྱིར་ཡིད་ཤེས་ཀྱི་བདག་རྐྱེན་མེད་པས་ཡིད་ཤེས་མེད་པའི་སྐྱོན་ཡང་མེད་ཅིང་མཉམ་པ་ཉིད་ཀྱི་ཡེ་ཤེས་དྲི་མ་མཐའ་དག་དང་བྲལ་བ་ལས། ཐོབ་པའི་ཕྱིར་ཆོས་སུ་འཛིན་པ་མ་བཅོམ་པར་ཡེ་ཤེས་དེ་ཐོབ་པར་ཡང་མི་འགྱུར་རོ། །འདི་ཉིད་ནི་རིགས་ཏེ། རྣམ་ཤེས་རྐྱེན་སོ་སོར་ངེས་པ་ཚང་བ་ལས་སྐྱེ་བར་ནི་འདོད་པའི་ཕྱིར་དང༌། བདུན་ཡིད་ནི་ཉོན་མོངས་པ་བཞིའི་གཞན་སྟོབས་ཀྱིས་ཉོན་མོངས་ཅན་དུ་


JLD018_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཡིན་ལ། རང་གི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་པས་འཁོར་ཉོན་མོངས་ཅན་དེ་དག་ཉོན་སྒྲིབ་སྤངས་པ་ན་ལྡོག་པ་རིགས་ལ་ཡིད་རང་གི་ངོ་བོ་ཡེ་མེད་དུ་ལྡོག་པ་མི་རིགས་པའི་ཕྱིར་ཏེ། གནས་གྱུར་གྱི་དོན་གློ་བུར་གྱི་ཉེས་པ་རྣམས་ལམ་གྱི་མཐུས་ཟད་པར་བྱས་ནས་རང་གི་རང་བཞིན་གསལ་བར་འགྱུར་བར་འདོད་པའི་ཕྱིར་རོ། །དེ་སྐད་དུ་དོན་གསང་ལས། ཁ་ཅིག་ན་རེ་ཟག་པ་དང་བཅས་པ་སྟེ་འདི་ལྟར་ནུས་པ་གཉིས་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་སོ། །ཡང་ལུགས་ཕྱི་མ་འདི་ལ་ཞིབ་ཏུ་དཔྱད་པ་འདི་ཡོད་དེ། འདས་ལམ་མ་སྐྱེས་གོང་དུ་དུས་གཅིག་ཏུ་གང་ཟག་དང་ཆོས་སུ་འཛིན་པ་འབྱུང་ལ་འདས་ལམ་སྐྱེས་ན་ནི། ཉན་ཐོས་འཕགས་པ་ཞིག་ཡིན་ནོ།མཉམ་གཞག་གི་ཚེ་ཡིད་དེ་གང་ཟག་ཏུ་སྒྲོ་འདོགས་པ་མེད་པ་དང༌། གང་ཟག་གི་བདག་མེད་ཀྱི་དོན་ལ་གསལ་བར་འཇུག་ལ། ཆོས་རྣམས་ལ་སྒྲོ་འདོགས་དང་མ་བྲལ་ཞིང་མི་གསལ་བར་འཇུག་གོ། དེ་ཡང་མ་རིག་པ་ལྟ་བ་ང་རྒྱལ་དང༌། འདོད་ཆགས་ཉོན་མོངས་པ་ཅན་མ་ཡིན་པ་བཞི་དང་མཚུངས་པར་ལྡན་ལ་དེ་དག་ཀྱང་ཉོན་མོངས་ཅན་མ་ཡིན་པས་ཉན་ཐོས་ཀྱི་འབྲས་བུ་ཐོབ་པ་ལ་གེགས་མི་བྱེད་ཅིང་དགེ་བ་ཡང་མིན་ནོ། །གལ་ཏེ་བྱང་སེམས་འཕགས་པ་ཞིག་ཡིན་ན་མཉམ་གཞག་གི་ཚེ་བདག་མེད་པ་གཉིས་ཀ་མངོན་སུམ་དུ་མཐོང་བས་བདག་མེད་པ་གཉིས་མཐོང་བ་ལ་གེགས་བྱེད་པའི་གང་ཟག་ཏུ་འཛིན་པ་དང་ཆོས་སུ་འཛིན་པ་གཉིས་ཆར་མངོན་དུ་མི་འགྱུར་བས་ཟག་པ་མེད་པ་ཡིན་ནོ། །དེ་ལྟར་ཡང་དོན་


JLD018_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ལས། ཅིག་ཅར་བདག་མེད་པ་གཉིས་ཀ་མཐོང་བའི་གེགས་སུ་གྱུར་པའི་མ་རིག་པ་གང་ཡིན་པ་དེ་ལ་བརྟེན་ནས་ཐག་པའི་སྲིད་ཀྱི་དབྱིབས་ལ་རྟོག་པ་སྔོན་དུ་འགྲོ་བ་ཅན་གྱི་སྦྲུལ་དུ་རབ་ཏུ་རྟོག་པ་བཞིན་དུ། ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་ལྟ་བ་ཅིག་ཅར་ཆོས་དང་གང་ཟག་ཏུ་རབ་ཏུ་རྟོག་པར་བྱེད་པ་འབྱུང་ངོ༌། །འཇིག་རྟེན་ལས་འདས་པའི་ལམ་སྐྱེས་ན་ནི། འཕགས་པ་ཉན་ཐོས་གང་ཟག་ལ་བདག་མེད་པ་མཐོང་བའི་ཕྱིར་གང་ཟག་ཏུ་སྒྲོ་འདོགས་པ་མེད་པར་ཡིད་དེ་ཆོས་རྣམས་ལ་མི་གསལ་བ་དང༌། སྒྲོ་འདོགས་པའི་ངོ་བོ་ཉིད་གཏི་མུག་དང་ལྟ་བ་དང་མཚུངས་པར་ལྡན་པར་འབྱུང་ངོ༌། །ཉོན་མོངས་པ་ཅན་མ་ཡིན་པ་དེ་ཡང་ཉན་ཐོས་ཀྱི་འབྲས་བུ་ལ་གེགས་མི་བྱེད་པའི་ཕྱིར་དང༌། འདོད་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་དང༌། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་དགེ་བ་ནི་མ་ཡིན་ནོ་ཞེས་དང༌། ཆོས་ཉོན་མོངས་པ་ཅན་མ་ཡིན་པ་ལ་ཆགས་པ་དང་ང་རྒྱལ་དག་དང་ཡང་མཚུངས་པར་ལྡན་ནོ་ཞེས་དང༌། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའམ་ངེས་པའི་རིགས་ཅན་ཞིག་ཡིན་པར་གྱུར་ན་ནི་གནས་སྐབས་དེ་ན་བདག་མེད་པ་གཉིས་ཀ་མངོན་སུམ་པའི་ཟག་པ་མེད་པ་ཁོ་ན་འབྱུང་ངོ༌། །ཞེས་སོ། །འོ་ན་སངས་རྒྱས་ཀྱི་ས་ལ་ཡིད་ཤེས་ཀྱི་བདག་རྐྱེན་ཇི་ལྟ་བུ་ཞེ་ན། དོན་གསང་དུ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བག་ཆགས་སྒོད་དམ་མི་སྒོད། སྒོད་ན། སངས་རྒྱས་སྔ་མ་རྣམས་བག་ཆགས་སྒོ་ཡུན་རིང་བས་དེ་དག་མཐུ་ཆེ་ལ་སངས་རྒྱས་ཕྱི་མ་རྣམས་ཡུན་ཐུང་བས་མཐུ་ཆུང་


JLD018_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བ་དང༌། བག་ཆགས་སྒོ་གཞི་ལུང་མ་བསྟན་ཁོ་ནར་མ་ངེས་པར་འགྱུར་རོ། །མི་སྒོད་ན་སྟོབས་དང་མི་འཇིགས་པ་སོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བ་རྣམས་རྒྱུ་མེད་དུ་འགྱུར་ཞེས་པའི་ལན་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་ཟག་མེད་ཀྱི་ས་བོན་ཐམས་ཅད་ཅིག་ཅར་ནུས་པ་མཐར་ཐུག་ཏུ་རྒྱས་པས་ན་བག་ཆགས་གསར་བ་ལ་མ་ལྟོས་པར་རྒྱུན་ཆགས་སུ་འབྱུང་ཞེས་པ་ལྟར་རྒྱུན་མཐའི་རྗེས་སུ་ཡིད་ཤེས་ཟག་མེད་སྐྱེས་པ་དེ་ཉིད་ནུས་པ་མཐར་ཐུག་པའི་ངོ་བོ་ཉིད་དུ་སོན་པས་རྒྱུན་ཆགས་སུ་འཇུག་པར་ཐལ་ལོ་ཞེས་པའམ། ཡང་ན་རྣམ་ཤེས་གང་གནས་གྱུར་པའི་ཡེ་ཤེས་དེ་དག་ཕན་ཚུན་རྐྱེན་དང་རྐྱེན་ཅན་དུ་འགྱུར་བར་ཤེས་པར་བྱའོ། །གོང་གི་ཚུལ་དེ་ལྟར་བྱས་ནས་དགུ་པར་ཡང་ཡིད་ཤེས་གནས་གྱུར་པར་གསུངས་པ་ཡང་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་ཡེ་ཤེས་ལ་དབང་བར་འགྱུར་བའི་ཕྱིར་དང༌། སྒོམ་སྤང་ཆུང་ངུ་ཙམ་ལུས་པའི་ཕྱིར་རགས་པ་ཙམ་ལ་དགོངས་ཀྱི་ཡིད་ཤེས་མ་ལུས་པར་གནས་ན་སྤྲོས་པའི་བག་ཆགས་མ་ལུས་པར་དྲུངས་ཕྱུང་བའི་ཕྱིར་མིང་དང་མཚན་མའི་རྣམ་པར་འབྱུང་བའི་ཤེས་པ་མེད་པའི་ཕྱིར་ཤེས་སྒྲིབ་མ་ལུས་པར་སྤངས་པར་འགྱུར་རོ། །དེས་ནས་བརྒྱད་པ་ནས་མི་རྟོག་ཡེ་ཤེས་རྒྱུན་མི་འཆད་དུ་འབྱུང་བ་དང༌། འབད་རྩོལ་ཞི་བའི་འཕྲིན་ལས་ལྷུན་གྲུབ་འབྱུང་བར་བཤད་པ་ནི་བདག་གིས་མཉམ་པར་བཞག་པའོ། །བདག་གིས་སེམས་ཅན་གྱི་དོན་བསྒྲུབ་བོ་སྙམ་པའི་གང་ཟག་ཏུ་ཞེན་པའི་རྟོག་པའི་


JLD018_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

འབད་རྩོལ་ཞི་བ་ལ་དགོངས་པ་ཡིན་གྱི་ཤེས་སྒྲིབ་ཐ་སྙད་སྣ་ཚོགས་འདོགས་པའི་ཡིད་ཀྱི་འགྱུ་བ་མེད་པ་མ་ཡིན་ནོ། །དེ་ལྟར་བྱས་ན་དབང་ཐོབ་པ་དང་དགྲ་བཅོམ་པ་ལ་ཡིད་ཀྱི་གསལ་རིག་གི་རྫས་དེ་ཡོད་ཀྱང་ཉོན་ཡིད་དུ་མི་བརྗོད་པ་དང༌། རྣམ་སྨིན་གྱི་རྣམ་ཤེས་ཡོད་ཀྱང་ཀུན་གཞི་ཞེས་མི་བརྗོད་པ་ནི་དེ་དག་གི་དོན་མ་ཚང་བའི་ཕྱིར་རོ། །འདི་དག་ལ་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི་སྤྲོས་པས་ཆོག་གོ། དེ་དག་གིས་ཉོན་ཡིད་ཀྱི་མཚན་ཉིད་གཏན་ལ་དབབ་པ་བཤད་ཟིན་ཏོ། །ཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་ལས་མཚན་ཉིད་གཏན་ལ་དབབ་པ་སྟེ་ལེའུ་དང་པོའོ།། ༈ གཉིས་པ་ཡིད་དང་ཀུན་གཞིའི་སྒྲུབ་པར་བྱེད་པ་སྟོན་པ་ནི། གལ་ཏེ་རྣམ་ཤེས་དྲུག་ལས་ཐ་དད་པའི། །ཀུན་གཞི་དང་ཡིད་ཁས་ལེན་ན། དེ་དག་ཡོད་པར་གང་གིས་ཤེས་ཤེ་ན། ཡིད་ཆེས་ལུང་དང་རིགས་པ་ཡིས། །རྣམ་ཤེས་དྲུག་ལས་ཐ་དད་པའི། །ཡིད་དང་ཀུན་གཞི་རྣམ་པར་ཤེས། །ཡོད་པར་ཁོང་དུ་ཆུད་པར་བྱ། །འདི་ལ་ལུང་དང་རིགས་པའི་སྒྲུབ་བྱེད་གཉིས་སོ། །དང་པོ་ལའང་ཀུན་གཞི་དང༌ཉོན་ཡིད་ཀྱི་ལུང་གཉིས་ལས། དང་པོ་ནི། ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་དང༌། ཆོས་ཀུན་ས་བོན་ཐམས་ཅད་པ། །རྣམ་པར་སྨིན་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞི་རྣམ་ཤེས་ཏེ། །དམ་


JLD018_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ལ་ངས་བཤད་དོ། །ཞེས་དང༌། དགོངས་འགྲེལ་ལས་ཀྱང༌། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབས། །བདག་ཏུ་རྟོག་པར་འགྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཅེས་དང༌། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་པ་ནི་ཡིད་ཡིན་ནོ། །ཡུལ་ལ་རྣམ་པར་རིག་པ་གང༌། །དེ་ནི་འཇུག་པའི་རྣམ་ཤེས་འདོད། །ཅེས་སོགས་མཐའ་ཡས་པ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་འབྱུང་ངོ༌། །གཉིས་པ་ཉོན་ཡིད་ཀྱི་ལུང་ནི། དགོངས་འགྲེལ་ལས། རེས་འགའ་ནི་ཀུན་གཞི་རྣམ་པར་ཤེས་པ་འདི་རྣམ་པར་ཤེས་པ་གཅིག་དང་ལྷན་ཅིག་འཇུག་སྟེ་ཡིད་དང༌། རེས་འགའ་ནི་གཉིས་དང་སྟེ། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ངོ༌། །རེས་འགའ་ནི་འཇུག་པའི་རྣམ་པར་ཤེས་པ་བདུན་ཀ་དང་ལྷན་ཅིག་འཇུག་སྟེ་ཞེས་དང༌། གསེར་འོད་དམ་པ་བམ་པོ་བཅུ་པ་ལས། ཀུན་གཞི་ལ་གནས་པའི་ཡིད་སྦྱངས་པས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པོ་ཞེས་དང༌། གཞན་ཡང་རྒྱན་སྟུག་ལང་གཤེགས་སོགས་སུ་རྣམ་ཤེས་བརྒྱད་དུ་གསུངས་པ་རྣམས་འདིའི་སྒྲུབ་བྱེད་དོ། །གཉིས་པ་རིགས་པ་ལ་ཀུན་གཞིའི་རིགས་པ་དང༌། ཉོན་ཡིད་ཀྱི་རིགས་པ་གཉིས་ལས་དང་པོ་ནི། རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ནས། །སྒྲུབ་བྱེད་རིགས་པ་མཐའ་ཡས་པ། །གསུངས་ཀྱང་ལེན་དང་དང་པོ་གསལ། །ས་བོན་ལས་དང་ལུས་ཚོར་དང༌། །སྙོམས་འཇུག་འཆི་


JLD018_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་མི་རུང་བ། །བརྒྱད་དུ་འདུས་ཕྱིར་འདི་བཤད་བྱ། །ཐེག་བསྡུས་སུ་ཉོན་མོངས་པའི་དང༌། ལས་ཀྱི་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་མི་རུང་བ་གསུམ་དང༌། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་བྱང་མི་རུང་བ་གཉིས་ཏེ་ལྔ་དང་འཕྲོས་པ་དང་བཅས་པ་རྒྱ་ཆེན་པོ་དང༌། ཕུང་པོ་ལྔའི་རབ་ཏུ་བྱེད་པར་རིགས་པ་བཞི་དང༌། སའི་སྟོད་འགྲེལ་དུ་ལུང་གི་སྒྲུབ་བྱེད་བཅུ་བདུན་དང༌། རིགས་པའི་སྒྲུབ་བྱེད་དང༌། རྟེན་འབྲེལ་མདོ་འགྲེལ་དུ། ཐེག་བསྡུས་ཀྱི་རིགས་པ་འགའ་ཞིག་དང༌། ཀུན་ལས་བཏུས་བཀོད་ནས་བསྒྲུབ་པ་ནི་རྣམ་པར་ངེས་པ་བསྡུ་བར། ལེན་དང་དང་པོ་གསལ་བ་དང༌། །ས་བོན་ལས་དང་ལུས་ཚོར་དང༌། །སེམས་མེད་སྙོམས་པར་འཇུག་པ་དང༌། །དེ་བཞིན་འཆི་འཕོ་མི་རུང་འགྱུར། ཞེས་གསུངས་པ་ཀུན་ལས་བཏུས་ཀྱི་འགྲེལ་པར་རྣམ་པ་བརྒྱད་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་རྟོགས་པར་བྱ་སྟེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལུས་ཉེ་བར་ལེན་པ་མི་སྲིད་པ་དང༌། གཟོད་མ་འབྱུང་བ་མི་སྲིད་པ་དང༌། གསལ་བར་འབྱུང་བ་མི་སྲིད་པ་དང༌། ས་བོན་ཉིད་མི་སྲིད་པ་དང༌། ལས་མི་སྲིད་པ་དང༌། ལུས་ཀྱི་མྱོང་བ་མི་སྲིད་པ་དང༌། སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང༌། རྣམ་པར་ཤེས་པ་འཆི་འཕོ་བ་མི་སྲིད་པའི་ཕྱིར་རོ་ཞེས་བཀོད་པའི་རིགས་པ་བརྒྱད་དུ་ཕལ་ཆེར་འདུས་པས་དེའི་ཕྱིར་འདི་བརྒྱད་བཤད་པར་བྱའོ། །དེ་ལ་རིགས་པ་དང་པོ་ནི། ཀུན་གཞི་མེད་ན་ལུས་ཉེ་བར་ལེན་པ་ཇི་ལྟར་མི་རུང་ཞེ་ན། གལ་ཏེ་ཀུན་གཞི་མི་འདོད་ན་ཉོན་


JLD018_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱང་མེད་པས་ན་ཚོགས་དྲུག་གིས་ལུས་ལེན་དགོས་ལ་དེ་ནི་རྒྱུ་ལྔས་ལུས་ལེན་བྱེད་དུ་མི་རུང་སྟེ། འདི་ལྟར། ཀུན་གཞི་ནི། ཚེ་སྔ་མའི་ལས་ཀྱི་རྣམ་སྨིན་ཡིན་པས་ན་ལས་ཀྱི་མཐུས་འཇུག་པས་ཉིང་མཚམས་སྦྱོར་བ་ན་ཡང་ཡོད་པས་ལུས་ལེན་པར་རུང་ཡང༌ཚོགས་དྲུག་ནི། མདོ་ལས་ནང་གི་དབང་པོ་དང༌ཕྱིའི་ཡུལ་དང༌། ལྟ་འདོད་ལ་སོགས་པའི་ཡིད་བྱེད་ཀྱི་དབང་གིས་སྐྱེ་བར་གསུངས་པའི་ཕྱིར་དང་ལུས་གྲུབ་ཟིན་ཚེ་འདིའི་ད་ལྟ་བའི་རྐྱེན་ལས་འབྱུང་བས་ཉིང་མཚམས་སྦྱོར་བ་མེད་པའི་ཕྱིར་དང༌། འཇུག་ཤེས་སྔོན་ལས་ཀྱི་རྣམ་སྨིན་དང༌། ཡིད་ཤེས་ཉིང་མཚམས་སྦྱོར་བ་ན་ཡང་ཡོད་པས་ཚོགས་དྲུག་ལུས་ལེན་པར་སྨྲ་བར་ཡང་མི་ནུས་ཏེ། རྣམ་སྨིན་མཚན་ཉིད་པ་དང༌། ཉིང་མཚམས་སྦྱོར་བའི་རྣམ་ཤེས་ཡིན་ན་སྐྱེ་གནས་ཀྱི་དང་པོར་མཚམས་སྦྱར་བ་རྣམ་སྨིན་ཡིན་པས་མཐའ་གཅིག་ཏུ་ལུང་དུ་མ་བསྟན་པ་དགོས་པ་ལས། དེ་དག་དགེ་མི་དགེ་ཡང་མཐོང་བའི་ཕྱིར་དང༌། གལ་ཏེ་དེ་དྲུག་ལ་དགེ་མི་དགེ་ཡོད་ཀྱང་མ་བསྒྲིབས་ལུང་མ་བསྟན་ཀྱང་ཡོད་ལ་དེ་རྣམ་སྨིན་ཡིན་པས་ཉེས་པ་མེད་དོ་ཞེས་ཀྱང་སྨྲ་མི་ནུས་ཏེ། ལུང་མ་བསྟན་རྣམ་སྨིན་གྱི་ཆར་གྱུར་པ་ནི། ཚེ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་འཆད་དུ་འཇུག་ན་ཚོགས་དྲུག་ནི་ཇི་སྲིད་དུ་བར་མ་ཆད་དུ་འཇུག་པ་མེད་པའི་ཕྱིར་དང༌། ཡང་ཚོགས་དྲུག་གིས་ལུས་ལེན་ན་ལུས་ལེན་བྱེད་ཀྱི་ཤེས་རྒྱུན་གྱིས་མ་ཁྱབ་ན་གང་མ་ཁྱབ་པ་དེ་ཤེས་པས་མ་ཟིན་པས་རོ་ལྟར་འགྱུར་བས་ཚོགས་དྲུག་


JLD018_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོ་སོར་ངེས་པའི་ཕྱིར་གནས་གང་དུ་རྣམ་ཤེས་འབྱུང་བ་དེ་ཉིད་ཟིན་པར་འགྱུར་གྱི་ལུས་ལྷག་མ་མ་ཟིན་པས་དེ་ལྟར་འགྱུར་ཏེ། འཇུག་ཤེས་ལ་དུས་གཅིག་ཏུ་ལུས་ཐམས་ཅད་ལ་ཁྱབ་པར་སྐྱེ་བའི་ནུས་པ་མེད་པའི་ཕྱིར་རོ། །གལ་ཏེ་འདུ་ཤེས་ཀྱི་གནས་ལུས་དབང་གིས་ལུས་ཀུན་ལ་ཁྱབ་པས་གནས་རང་ཉིད་ཀྱིས་ཟིན་ནོ་ཞེ་ན། མི་རུང་སྟེ་རང་ཉིད་ཤེས་པ་དང་བྲལ་བས་མ་ཟིན་པའི་ཕྱིར་དང༌། ཡང་དེ་དྲུག་གིས་ལུས་ལེན་ན་ཚེ་གཅིག་ལ་ལུས་ལན་མང་པོ་ལེན་པའི་སྐྱོན་དུ་ཡང་འགྱུར་ཏེ། དེ་དག་རེས་འབྱུང་རེས་མི་འབྱུང་བའི་ཕྱིར་རོ། །དེས་ན་ཀུན་གཞི་མེད་ན་ཚོགས་དྲུག་གིས་ལུས་ལེན་པར་འདོད་དགོས་ལ་དེ་དག་རྒྱུ་ལྔས་མི་རུང་བའི་ཕྱིར་དང༌། ལུས་ལེན་པ་དམིགས་པའི་ཕྱིར་ལུས་ལེན་བྱེད་ཀུན་གཞི་རྣམ་ཤེས་ཁས་བླང་བར་བྱའོ། །དེ་སྐད་དུ་ཡང༌། ཅིའི་ཕྱིར་ལུས་ཉེ་བར་ལེན་པ་མི་རུང་ཞེ་ན། སྨྲས་པ་རྣམ་པ་ལྔ་སྟེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་སྔོན་གྱི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བའོ། །མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་ནི་ད་ལྟར་གྱི་རྐྱེན་ལས་བྱུང་བ་ཇི་སྐད་དུ་དབང་པོ་དང་ཡུལ་དང་ཡིད་ལ་བྱེད་པའི་དབང་གིས་རྣམ་པར་ཤེས་པ་རྣམས་འབྱུང་བར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུ་སྟེ་འདི་ནི་གཏན་ཚིགས་དང་པོའོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་ནི། དགེ་བ་དང་མི་དགེ་བར་དམིགས་ཏེ་འདི་ནི་གཏན་ཚིགས་གཉིས་པའོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ལ་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པས་བསྡུས་པར་གྱུར་པ་གང་ཡིན་པའི་རྣམ་པ་མི་


JLD018_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཏེ་འདི་ནི་གཏན་ཚིགས་གསུམ་པའོ། ཡང་རྣམ་པར་ཤེས་པའི་ཚོགས་དྲུག་འབྱུང་བ་ནི་གནས་སོ་སོར་ངེས་པ་སྟེ་གནས་གང་དང་གང་ལས་རྣམ་པར་ཤེས་པ་གང་དང་གང་འབྱུང་བ་དེ་དང་དེ་ནི་དེས་ཟིན་པར་འགྱུར་གྱི་ལྷག་མ་ནི་མ་ཟིན་པར་འགྱུར་ཏེ་མི་རུང་ངོ༌། །ཟིན་པར་ཡང་མི་རུང་སྟེ་རྣམ་པར་ཤེས་པ་མེད་པའི་ཕྱིར་འདི་ནི་གཏན་ཚིགས་བཞི་པའོ། །ཡང་དང་ཡང་ལུས་འཛིན་པའི་ཉེས་པར་འགྱུར་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་རེས་འགའ་ནི་འབྱུང༌། རེས་འགའ་ནི་མི་འབྱུང་ངོ་ལྷག་མ་རྣམས་ཀྱང་དེ་བཞིན་ཏེ་འདི་ནི་གཏན་ཚིགས་ལྔ་པའོ། །ཞེས་སོ། །རིགས་པ་གཉིས་པ་ནི། ཁ་ཅིག་ན་རེ་ཀུན་གཞི་ཡོད་པར་འདོད་པ་ལ་ཡང་སྐྱོད་ཡོད་དེ། འདི་ལྟར་རྣམ་ཤེས་གཉིས་ཅིག་ཅར་འབྱུང་བར་འགྱུར་ཏེ། ཀུན་གཞི་རྒྱུན་དུ་འཇུག་ལ། འཇུག་ཤེས་ཀྱང་རེས་འགའ་འབྱུང་བའི་ཕྱིར་རོ་ཞེ་ན། ཁྱོད་ནི་ཉེས་པ་མེད་པ་ལ་ཉེས་པར་འཛིན་པ་ཞིག་སྟེ་འདི་ནི་ཁོ་བོ་འདོད་པ་ཡིན་ནོ། །གལ་ཏེ་རྣམ་ཤེས་གཉིས་ཅིག་ཅར་མི་འབྱུང་ན། གང་ཟག་ཁ་ཅིག་ཡུལ་དྲུག་ལ་མཐོང་བར་འདོད་པ་ནས་རྣམ་པར་ཤེས་པའི་བར་དུ་འདོད་པ་སྟེ་ཡུལ་དྲུག་སོ་སོ་ལ་ཡིད་བྱེད་རིས་སུ་མ་ཆད་པར་དྲུག་ཀ་ལ་ཉེ་རིང་མེད་པ་ན་ཐོག་མར་རྣམ་ཤེས་བྱེ་བྲག་པ་གཅིག་ཀྱང་མི་སྐྱེ་བར་འགྱུར་ཏེ་འཇུག་ཤེས་དེ་དག་ལུས་དབང་ཡིད་བྱེད་ཀྱི་རྒྱུ་རྣམས་ཡོད་པར་ཁྱད་པར་མེད་པའི་ཕྱིར་རོ། །མཐོང་འདོད་ཉན་འདོད་ཀྱི་རྟོགས་པ་གཉིས་ཅིག་ཅར་སྐྱེ་བ་མི་སྲིད་པས་ཡུལ་དྲུག་ཀ་ལ་ཡིད་བྱེད་དྲུག་དུས་མཉམ་དུ་ཡོད་པ་ལྟར་གསུངས་ཀྱང༌། ཡུལ་


JLD018_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ལ་རིས་སུ་མ་ཆད་པར་ཉེ་རིང་མེད་པ་གང་ཡང་འབྱུང་རུང་གཅིག་ལ་བྱའོ། །གལ་ཏེ་རིས་སུ་མ་ཆད་པའི་ཡིད་བྱེད་ཀྱང་སྟེ། ཡུལ་དབང་ཡང་ཉེ་བའི་ཚེ། རྣམ་ཤེས་དྲུག་ལས་འདི་དང་པོར་སྐྱེའོ་ཞེས་མི་ངེས་ཀྱང་གང་རུང་གཅིག་སྐྱེས་པ་ན་དེ་དང་དུས་མཉམ་པར་ཤེས་པ་གཞན་མི་སྐྱེ་སྟེ། ཡིད་བྱེད་གཅིག་གིས་ཤེས་པ་རིགས་མཐུན་གཉིས་ཅིག་ཅར་སྐྱེ་བའི་སྐབས་འབྱེད་པ་མི་སྲིད་པའི་ཕྱིར་རོ་ཞེ་ན། ཡུལ་གཟུགས་ལྟ་བུ་ལ་ལྟ་འདོད་ལྟ་བུའི་ཡིད་བྱེད་ངེས་པར་རྒྱུར་དགོས་ན་རྟོག་པ་གཉིས་ཅིག་ཅར་མི་སྲིད་པས་ཁྱོད་བདེན་མོད། འོན་ཀྱང་རྐྱེན་བཞི་འཚོགས་ན་འབྲས་བུ་རྣམ་ཤེས་སྐྱེ་བས་ན་ཤེས་པ་གཉིས་ཅིག་ཅར་འབྱུང་སྟེ། འདི་ལྟར་ཚོགས་དྲུག་གའི་རྒྱུའི་རྐྱེན་དང་ཡུལ་དང་དབང་པོ་ཡང་དུས་མཉམ་དུ་ཡོད་ཅིང༌། དེ་མ་ཐག་རྐྱེན་ཀྱང་རང་གི་སྔ་རོལ་ཏུ་འགགས་པས་བྱེད་པའི་ཕྱིར་རོ། །འོ་ན་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བ་ནི་གནས་མ་ཡིན་ཅིང་སྐབས་མེད་དོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་ཤེས་པ་རིགས་མཐུན་གཉིས་ལ་དགོངས་སོ། །དེ་ལྟར་ཡང༌། ཅིའི་ཕྱིར་གཟོད་མའི་འཇུག་པ་མི་རུང་ཞེ་ན། གལ་ཏེ་ལ་ལ་ཞིག་འདི་སྐད་དུ། ཅི་སྟེ་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན། དེའི་ཕྱིར་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བར་འགྱུར་རོ་ཞེས་ཟེར་ན། དེ་ལ་འདི་སྐད་བརྗོད་པར་བྱ་སྟེ་ཉེས་པ་མེད་པ་ལ་ཁྱོད་ཉེས་པར་འདུ་ཤེས་སུ་ཟད་ཀྱི་འདི་ལྟར་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁ་ཅིག་ཅིག་ཅར་མཐོང་བར་འདོད་པ་ནས་རྣམ་པར་ཤེས་པའི་བར་དུ་འདོད་པ་ལ། ཐོག་མར་རྣམ་པར་ཤེས་པ་གང་ཡང་


JLD018_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ཞིག་འབྱུང་དུ་མི་རུང་སྟེ། འདི་ལྟར་དེ་ནི་ཡིད་ལ་བྱེད་པ་དང༌། དབང་པོ་དང་ཡུལ་ཡང་ཡོད་པར་བྱེ་བྲག་མེད་པའི་ཕྱིར་རོ། །ཞེས་སོ། །རིགས་པ་གསུམ་པ་ནི། གལ་ཏེ་རྣམ་ཤེས་གཉིས་ཅིག་ཅར་མི་འབྱུང་ན་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་མི་འཇུག་གོ། དེ་ཇི་ལྟ་ཞེ་ན། འདི་ལྟར་དབང་ཤེས་ཀྱིས་གཟུང་བའི་ཡུལ་ལ་རྗེས་སུ་རྟོག་པའི་ཡིད་ཤེས་ཀྱིས་འཇུག་པ་ལ་རྒྱུ་བ་ལ་གསལ་བ་ཞིག་ནི་དམིགས་ལ་དབང་ཤེས་ཀྱིས་སྔར་མྱོང་ཟིན་པའི་འདས་པའི་ཡུལ་དྲན་པའི་ཡིད་ཀྱི་རྒྱུ་བ་ནི་མི་གསལ་བའི་ཕྱིར་ད་ལྟ་བའི་དབང་ཤེས་ཀྱི་ཡུལ་ལ་རྒྱུ་བ་ཉིད་གསལ་བར་འདོད་དགོས་པས་ཤེས་པ་གཉིས་ཅིག་ཅར་འབྱུང་བ་དང་ཡིད་ཀྱི་རྒྱུ་བ་གསལ་བར་ཡང་རུང་ངོ༌། །དེ་ལྟར་མ་ཡིན་ན་རྗེས་སུ་རྟོག་པའི་ཡིད་ཤེས་དེ་དག་ལ་གསལ་བ་དང་མི་གསལ་བ་མི་རུང་ངོ༌། །གལ་ཏེ་དབང་ཤེས་དང་དུས་མི་མཉམ་ཡང་ད་ལྟར་བའི་ཡུལ་ཅན་ཡིད་ནི་གསལ་ལ།འདས་པ་ལྟ་བུ་མི་གསལ་བ་ཡིན་ནོ་ཞེ་ན། མི་རུང་སྟེ་ཡིད་ཤེས་དེ་གཉིས་ཀ་ཡང་ཡུལ་ལ་འཇུག་པ་ན་ཡུལ་རྣམས་ཀྱི་རང་གི་མཚན་ཉིད་ནི། མི་སྣང་ལ་འདས་པ་མེད་ཅིང་དུས་མཉམ་པའི་ཡུལ་གསལ་བར་འཛིན་པའི་ཤེས་པ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ཡང༌། རྣམ་པར་ཤེས་པ་ཅིག་ཅར་འབྱུང་བ་མེད་ན་ཅིའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་རྗེས་སུ་འཇུག་པ་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་མི་འགྱུར་ཞེ་ན། འདི་ལྟར་གང་གི་ཚེ་འདས་པའི་ཡུལ་མྱོང་བ་རྗེས་སུ་དྲན་པ་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་རུང་བ་ནི་གསལ་བ་མ་ཡིན་ལ། ད་ལྟར་གྱི་ཡུལ་ལ་


JLD018_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བའི་ཡིད་ནི་དེ་ལྟར་མི་གསལ་བ་མ་ཡིན་ཏེ་དེའི་ཕྱིར་ཡང་ཅིག་ཅར་འབྱུང་བ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་ཡང་རུང་ངོ༌། །ཞེས་སོ། །རིགས་པ་བཞི་པ་ནི། དགེ་མི་དགེ་ལ་སོགས་པའི་ས་བོན་མེད་པར་ཐལ༌། ཀུན་གཞི་མེད་པའི་ཕྱིར། མ་ངེས་པ་མ་ཡིན་ཏེ། ཀུན་གཞི་ཁོ་ན་བག་ཆགས་སོགས་པའི་གཞི་ཡིན་པའི་ཕྱིར་རོ། །གལ་ཏེ་ཚོགས་དྲུག་པོ་ས་བོན་གྱི་རྟེན་ཡིན་སྐྱོན་མེད་དོ་ཞེ་ན། མི་རིགས་ཏེ་ས་བོན་བསྒོད་པ་ལ་སྒོད་བྱེད་དང་བསྒོ་གཞི་སྐྱེ་འགག་དུས་གཅིག་ཏུ་བྱེད་དགོས་ན་དེ་དག་དགེ་བའི་འོག་ཏུ་མི་དགེ་བ་དང༌། བཟློག་པ་དང༌། དེ་བཞིན་དུ། འཇིག་རྟེན་པའི་སེམས་ཀྱི་འོག་ཏུ་འཇིག་རྟེན་ལས་འདས་པའི་སེམས་རྣམས་འབྱུང་བའི་ཕྱིར་རོ། །གཞན་ཡང་ཚོགས་དྲུག་རྒྱུན་ཆད་པའི་དུས་སུ་བག་ཆགས་ཀྱི་རྟེན་མེད་པ་དེ་ཡང་རྒྱུན་ཆད་པར་འགྱུར་ལ་དེ་ལྟ་ན་ཕྱིས་འབྱུང་བའི་སེམས་རྣམས་རྒྱུ་མེད་པར་འགྱུར་རོ། །དེ་ལྟ་ཡང༌། ཅིའི་ཕྱིར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ཕན་ཚུན་ས་བོན་ཉིད་མ་ཡིན་ཞེ་ན། འདིར་དགེ་བའི་འོག་ཏུ་མི་དགེ་བ་འབྱུང་ལ། མི་དགེ་བའི་འོག་ཏུ་དགེ་བ་དང༌། དེ་གཉིས་ཀའི་འོག་ཏུ་ལུང་མ་བསྟན་པ་དང༌། ཁམས་ངན་པའི་འོག་ཏུ་ཁམས་བར་མ་དང༌། ཁམས་བར་མའི་འོག་ཏུ་ཁམས་བཟང་པོ་དང༌། དེ་བཞིན་དུ་ཁམས་བཟང་པོའི་འོག་ཏུ་ཁམས་ངན་པ་དང༌། ཟག་པ་དང་བཅས་པའི་འོག་ཏུ་ཟག་པ་མེད་པ་དང༌། ཟག་པ་མེད་པའི་འོག་ཏུ་ཟག་པ་དང་བཅས་པ་དང༌། འཇིག་རྟེན་པའི་འོག་ཏུ་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་ལས་འདས་པའི་འོག་ཏུ་འཇིག་རྟེན་པ་འབྱུང་སྟེ་དེ་དག་ནི་


JLD018_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ས་བོན་ཉིད་དུ་མི་རུང་ངོ༌། །རྒྱུད་ཀྱི་རྒྱུན་ཆད་ནས་ཡུན་རིང་དུ་ལོན་པ་ཡང་ཡུན་རིང་ཞིག་ནས་འབྱུང་བས་དེའི་ཕྱིར་ཡང་མི་རུང་ངོ་ཞེས་སོ། །འདིས་ནི་ཐེག་བསྡུས་ཀྱི་རིགས་པ་ལྔ་བཤད་དོ། །རིགས་པ་ལྔ་པ་ནི། རྣམ་ཤེས་དུ་མ་ཅིག་ཅར་མི་འབྱུང་ན། སྣོད་ལམ་འཕྲང་ལྟ་བུའི་རྣམ་རིག་དང༌གནས་རྐང་པ་འདེགས་འཇོག་ལྟ་བུའི་རྣམ་རིག །ངའོ་སྙམ་པའི་རྣམ་རིག །ཡུལ་ལམ་གྱི་དྲུང་གི་ས་རྡོ་སོགས་ཀྱི་རྣམ་རིག་རྣམས་དུས་གཅིག་ཏུ་མི་འབྱུང་བར་ཐལ་ལོ། །འདོད་ན་མགྱོགས་པར་འགྲོ་བ་སོགས་ཀྱི་ཚེ་དེ་དག་དམིགས་པས་གསལ་ལོ་ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན། སྣོད་ཀྱི་རྣམ་རིག་ནི་བརྟན་པ་ཕྱིའི་འཇིག་རྟེན་དུ་སྣང་བའོ། །གནས་ཀྱི་རྣམ་རིག་ནི། སེམས་ཅན་གྱི་རྫས་སྐྱེ་མཆེད་དྲུག་གཞི་དང་བཅས་པ་གཡོ་བའི་འཇིག་རྟེན་དུ་སྣང་བའོ། །ངའོ་སྙམ་པའི་རྣམ་རིག་ནི། ཁ་ནང་དུ་བལྟས་ཏེ་རྟག་ཏུ་ངའོ་སྙམ་དུ་འཇུག་པའོ། །ཡུལ་གྱི་རྣམ་རིག་ནི། གཟུགས་སྒྲ་སོགས་སུ་སྣང་བའོ། །དེས་ན་ཕྱི་ནང་དུ་སྣང་བ་དང༌། ངར་འཛིན་པ་དང༌། ཡུལ་དྲུག་གང་རུང་ལ་འཛིན་པ་རྣམས་དུས་གཅིག་ཏུ་དམིགས་པའི་ཕྱིར་རྣམ་ཤེས་དུ་མ་ཅིག་ཅར་འབྱུང་སྟེ། ཤེས་པ་གཅིག་ལ་ངོ་བོ་ཐ་དད་པའི་ལས་འདི་ལྟ་བུ་མི་རུང་བའི་ཕྱིར་རོ། །བཞི་པོ་འདི་ལ་ལས་ཞེས་པ་ཅི་ཞེ་ན། འདི་ནི་བྱེད་པ་དང་ལས་ཀྱི་དབང་དུ་བྱས་པའི་ལས་སུ་མངོན་ཏེ། བདག་བདག་གི་བར་སྣང་བའི་ཕྱིར་རོ། །དེ་ལྟར་བཞི་པོ་དེ་ཀུན་གཞི་མི་འདོད་པ་ལ་མི་རིགས་ཀྱི་ཀུན་གཞི་ཁས་ལེན་པ་ལ་ནི་རིགས་ཏེ།


JLD018_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་དུ་སྣང་བ་དོན་དང་སེམས་ཅན་དུ་སྣང་བའི་རྣམ་རིག་ཀུན་གཞི་ཉིད་དོ། །བདག་ཏུ་སྣང་བ་ནི་བདག་གི་རྣམ་རིག་ཉོན་ཡིད་དོ། །ཡུལ་དུ་སྣང་བ་ནི། གསུམ་པ་ཡུལ་རྣམས་དྲུག་པོ་ལ། །དམིགས་པ་གང་ཡིན་དེ་དག་སྟེ། །ཞེས་པ་ལྟར་ཚོགས་དྲུག་གོ། དེ་ལྟར་ཡང་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བ་མེད་ན་ཅིའི་ཕྱིར་ལས་མི་སྲིད་ཅེ་ན། འདི་ལྟར་མདོར་བསྡུས་ན་ལས་རྣམ་པ་བཞི་སྟེ། སྣོད་ཀྱི་རྣམ་པར་རིག་པ་དང༌། གནས་ཀྱི་རྣམ་པར་རིག་པ་དང༌། ངའོ་སྙམ་པའི་རྣམ་པར་རིག་པ་དང༌། ཡུལ་གྱི་རྣམ་པར་རིག་པའོ། །རྣམ་པར་རིག་པ་འདི་དག་ནི་སྐད་ཅིག་སྐད་ཅིག་ལ་ཅིག་ཅར་འབྱུང་བར་དམིགས་ཏེ། རྣམ་པར་ཤེས་པ་གཅིག་གི་སྐད་ཅིག་མ་ནི་ངོ་བོ་ཐ་དད་པའི་ལས་འདི་ལྟ་བུ་འདི་མི་རུང་ངོ༌། །ཞེས་སོ། །རིགས་པ་དྲུག་པ་ནི། ཀུན་གཞི་མེད་ན་ཚུལ་བཞིན་ནམ་ཚུལ་བཞིན་མ་ཡིན་པའི་སེམས་ལ་སོགས་པའི་སྐབས་ཐམས་ཅད་དུ་ལུས་ལ་ཁྱབ་པར་སྐྱེ་བའི་མྱོང་བ་དེ་མི་སྲིད་བར་འགྱུར་ཏེ། མྱོང་བ་དེ་ལ་རྟེན་སྦྱིན་པའི་སྒོ་ནས་ལུས་ལ་སྐྱེ་བར་འཇུག་པའི་རྟེན་མེད་པས་རྒྱུའི་རྐྱེན་ས་བོན་མེད་པའི་སྐྱོན་དུ་འགྱུར་རོ། །དེ་ལྟར་ཡང༌། ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཅིའི་ཕྱིར་ལུས་ཀྱི་མྱོང་བ་མི་རུང་ཞེ་ན། འདི་ལྟར་འགའ་ཞིག་ཚུལ་བཞིན་ནམ་ཚུལ་བཞིན་མ་ཡིན་པའི་སེམས་སམ། རྗེས་སུ་རྣམ་པར་རྟོག་གམ། སེམས་མཉམ་པར་བཞག་གམ། སེམས་མཉམ་པར་མ་བཞག་ཀྱང་རུང་སྟེ། རྣམ་པ་སྣ་ཚོགས་མང་པོ་དེ་དག་འབྱུང་བ་དང༌། དམིགས་པར་ཡང་མི་རུང་སྟེ། དེའི་ཕྱིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོད་


JLD018_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཞེས་སོ། །རིགས་པ་བདུན་པ་ནི། ཀུན་གཞི་མེད་ན་སྙོམས་འཇུག་གཉིས་མི་རུང་སྟེ། འདི་ལྟར་དེ་མེད་ན་སྙོམས་འཇུག་གཉིས་ལ་ཞུགས་པའི་གང་ཟག་དེ་རྣམ་ཤེས་ཀྱིས་ལུས་བོར་བར་ཐལ། ཚོགས་དྲུག་འགགས་ཤིང་ཀུན་གཞི་མེད་པའི་ཕྱིར་འདོད་ན་དེ་དག་དང་ཤི་བའི་ཁྱད་པར་སྟོན་པ་ནི། དེའི་རྣམ་པར་ཤེས་པ་ལུས་ལས་མ་འདས་ཞེས་གསུངས་པ་དང་འགལ་ལོ། །གལ་ཏེ་ཡིད་ཀྱི་རྣམ་ཤེས་མི་གསལ་བ་དང་བཅས་པས། རྣམ་ཤེས་དང་བྲལ་བར་མི་འགྱུར་རོ་ཞེ་ན། མི་རུང་སྟེ། རྣམ་པར་ཤེས་པ་ཡོད་ན་གསུམ་འདུས་པའི་རེག་པ། དེ་ཡོད་ན་ཚོར་བ་དང་འདུ་ཤེས་རྣམས་ཡོད་པས་འདུ་ཤེས་ཚོར་འགོག་གི་སྙོམས་འཇུག་ཅེས་པ་མི་འཐད་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ཀུན་གཞི་ཡོད་ན་ཡང༌། ཚོར་བ་དང་འདུ་ཤེས་ཀུན་འགྲོ་ཡིན་པས་དེའི་ཚེ་ཡང་འདུ་ཤེས་ཚོར་འགོག་མི་འཐད་དོ་ཞེ་ན། བདེན་ཏེ་འོན་ཀྱང་ཚོགས་དྲུག་འཁོར་གྱི་འདུ་ཤེས་དང་ཚོར་བ་རྒྱུ་བ་རགས་པས་མེད་དགོས་ཤིང༌ཀུན་གཞིའི་འཁོར་གྱི་ཚོར་འདུ་ནི། དམིགས་རྣམ་ཤིན་ཏུ་ཕྲ་བས་འགོག་སྙོམས་དང་མི་འགལ་པས་ཡོད་ཀྱང་སྐྱོན་མེད་པས་མི་མཚུངས་སོ། །དེ་ལྟར་ཡང་། ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཅིའི་ཕྱིར་སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་ཅེ་ན། འདི་ལྟར་འདུ་ཤེས་མེད་པའི་སྙོམས་པར་ཞུགས་པའི་རྣམ་པར་ཤེས་པ་ཉིད་ལུས་ལས་འདའ་བར་འགྱུར་བའི་རིགས་ན་མ་འདས་ཏེ་དེའི་ཕྱིར་འཆི་བའི་དུས་བྱེད་པ་ཉིད་དུ་འགྱུར་རོ། །ཇི་


JLD018_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང༌། དེའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཞེས་སོ། །རིགས་པ་བརྒྱད་པ་ནི། ཀུན་གཞི་མེད་ན་འཆི་འཕོ་བ་མི་རུང་སྟེ། འདི་ལྟར་རྣམ་ཤེས་ཀྱིས་ལུས་འདོར་བས་འཆི་བར་ནི་འདོད་ན་དེ་ཡང་ཀུན་གཞི་མེད་ན་ཡིད་ཤེས་ཀྱིས་འདོད་དགོས་ལ་དེ་ལྟ་ན། ལུས་ཀྱི་དྲོད་རིམ་གྱིས་སྡུད་པ་མི་རུང་སྟེ། འཆི་བའི་སྐད་ཅིག་མ་ཚུན་ཆད་དུ་ཡིད་ཤེས་མི་འབྱུང་བ་མི་སྲིད་པའི་ཕྱིར་རོ། །འོ་ན་ཀུན་གཞི་ཡང་སྲོག་འགག་ཚུན་ཆད་རྒྱུན་མི་འཆད་པས་མཚུངས་སོ་ཞེ་ན། བྱེ་བཤད་དུ། ཀུན་གཞི་རྣམ་པར་ཤེས་པ་ནི་ཁོག་པ་ཐམས་ཅད་ལ་ཁྱབ་པའོ། །ཞེས་གསུངས་པ་ལྟར་ལུས་ཐམས་ཅད་ལ་ཁྱབ་པར་བརྟེན་པར་གནས་པའི་ཀུན་གཞི་དེ་ལས་ཀྱི་འཕེན་པའི་ནུས་པ་ཟད་ནས་ལུས་ཀྱི་ཕྱོགས་གང་ནས་ཀུན་གཞི་དེ་གནས་པར་མི་རུང་བར་གྱུར་པའི་ལུས་ཀྱི་ཕྱོགས་དེ་ནས་ཀུན་གཞི་དེ་བསྡུས་པས་དེ་ལ་བརྟེན་པའི་དབང་པོ་རྣམས་འགག་པར་འགྱུར་ཞིང་དྲོད་ཡལ་བར་འགྱུར་རོ། །རིམ་པ་འདིས་དབང་པོ་མ་ལུས་པ་བོར་བས་ལུས་རིལ་དྲོད་ཡལ་བར་འགྱུར་བས་འཆི་འཕོ་ལ། ཡིད་ཀྱི་ཤེས་པ་ནི་ལུས་ཐམས་ཅད་ལ་ཁྱབ་པར་གནས་ཞིང་ལུས་ཀྱི་ཕྱོགས་ཕྱོགས་ནས་སྡུད་པ་མེད་པའི་ཕྱིར་མི་མཚུངས་སོ། །དེས་ན་འཆི་བ་དྲོད་ཚོར་རིམ་གྱིས་བསྡུས་པས་ལུས་འབོར་བ་ཡིན་ཅིང༌། ཤེས་པ་ལས་གཞན་གྱིས་དེ་བྱེད་པར་མི་རིགས་ཏེ་ཤེས་པ་དང་བྲལ་བ་ལ་དེ་ལྟ་བུ་མ་དམིགས་པའི་ཕྱིར་རོ། །ཤེས་པ་ཡིན་ཡང་རེ་ཞིག་སྒོ་ལྔའི་ཤེས་པས་ནི་ལུས་འབོར་བ་མ་ཡིན་ཏེ། ཡིན་ན། དེ་དག་ལུས་ཀྱི་ཆ་ཤས་ལ་གནས་པས་


JLD018_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལུས་ཀྱི་ཆ་གང་ན་དེ་དག་མེད་པ་དེར་དྲོད་ཚོར་མེད་པར་ཐལ་བ་དང༌། བརྒྱལ་བ་སོགས་ཀྱི་ཚེ་ཤི་བར་ཡང་འགྱུར་རོ། །ཡིད་ཤེས་ནི་ལུས་ཀྱི་ཆ་ཤས་ལ་མི་གནས་ཀྱང་ལུས་ཐམས་ཅད་ལ་ཁྱབ་པར་ཀུན་གཞི་ལྟར་ཡང་མི་གནས་ལ་དེ་ཡོད་ཙམ་གྱིས་ལུས་མི་འབོར་ན་སྲོག་ཐ་མ་འཆད་ཚུན་ཆད་དུ་དྲོད་ཚོར་མི་སྡུད་པར་འགྱུར་བ་ལས་དེ་གོང་དུ་ཡང་དྲོད་ཚོར་སྡུད་པའི་ཕྱིར་དང༌། དྲོད་ཚོར་བསྡུས་ཏེ་ལུས་འབོར་བ་ཡང་མཐོང་བའི་ཕྱིར་ལུས་འདོར་བྱེད་ཀུན་གཞི་ཁས་བླང་ངོ༌། །དེ་སྐད་དུ་ཡང༌ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཅིའི་ཕྱིར་འཆི་འཕོ་བ་ཡང་མི་རུང་ཞེ་ན། འདི་ལྟར་འཆི་བའི་རྣམ་པར་ཤེས་པ་ལུས་ཀྱི་སྟོད་དམ། སྨད་དུ་དྲོད་ཡལ་བར་བྱེད་ཅིང་འདོར་ན། ཡིད་ཀྱི་རྣམ་པར་ཤེས་པ་ནི་ནམ་ཡང་མི་འབྱུང་བ་མ་ཡིན་ཏེ། དེའི་ཕྱིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ལུས་འཛིན་པ་ཉིད་དང་བྲལ་བའི་ཕྱིར་ལུས་དྲོད་ཡལ་བ་དང༌། ལུས་ཚོར་བ་མེད་པར་ཡང་དམིགས་ཀྱི། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བས་ནི་མ་ཡིན་ཏེ་དེའི་ཕྱིར་ཡང་མི་རིགས་སོ་ཞེས་སོ། །དེ་ལྟར་བྱས་ན་རིགས་པ་དང་པོ་དང༌། བཞི་པ་དང༌། དྲུག་པ་དང༌། བདུན་པ་དང༌། བརྒྱད་པ་སྟེ་ལྔ་ནི་ཀུན་གཞི་མེད་པ་ལ་སྐྱོན་བརྗོད་ནས་ཡོད་པར་སྒྲུབ་པ་དངོས་ཡིན་ལ། ལྷག་མ་གསུམ་ནི་རྩོད་སྤོང་དུ་གནས་སོ། །ཅི་ཀུན་གཞི་རྣམ་ཤེས་དེ་ཐེག་ཆེན་གྱི་མདོ་སྡེ་ལས་གཞན་པ་ཐེག་དམན་གྱི་གཙུག་ལག་རྣམས་ལས་མི་འབྱུང་ངམ། ཞེ་ན། དེ་ལྟར་ཀུན་གཞི་རྣམ་ཤེས་ནི། །ཐེག་དམན་གཙུག་ལག་རྣམས་སུ་ཡང༌། །ཀུན་གཞི་རྩ་བའི་


JLD018_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་དང༌། །འཁོར་བ་ཇི་སྲིད་ཕུང་པོ་དང༌། །སྲིད་པའི་ཡན་ལག་དག་གིས་བསྟན། །དེ་ལྟར་ཀུན་གཞི་རྣམ་ཤེས་དེ་ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་ཤེས་བྱའི་གནས་དང༌། ལེན་པའི་རྣམ་ཤེས་ཞེས་སོགས་ཀྱི་ཐ་སྙད་ཀྱིས་བསྟན་ལ་དེར་མ་ཟད་ཐེག་དམན་གྱི་གཙུག་ལག་རྣམས་སུ་ཡང་འདི་རྣམ་གྲངས་ཀྱིས་བསྟན་པ་ཡིན་ཏེ། ཐེག་པ་ཆེན་པོ་བསྡུས་པར། གཅིག་ལས་འཕྲོས་པའི་ལུང་དེ་བཞིན་གཤེགས་པ་འབྱུང་བའི་ཕན་ཡོན་རྣམ་པ་བཞི་ཡི་མདོ་ལས། སྐྱེ་རྒུ་ཀུན་གཞི་ལ་ཀུན་ཏུ་དགའ་བ།ཀུན་གཞི་ལ་དགའ་བ། ཀུན་གཞི་ལས་ཡང་དག་པར་འབྱུང་བ། ཀུན་གཞི་ལ་མངོན་པར་དགའ་བ་ཅན་དག་ལ་ཀུན་གཞི་སྤངས་པའི་ཕྱིར་ཆོས་བསྟན་ན་ཉན་འདོད་ལ་རྣ་བ་གཏོད་དེ། ཀུན་ཤེས་པར་བྱེད་པར་སེམས་ཉེ་བར་འཇོག་ཅིང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདི་ཡང་འཇིག་རྟེན་དུ་འབྱུང་ངོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། རྣམ་གྲངས་འདིས་ནི། ཀུན་གཞི་རྣམ་པར་ཤེས་པ་ཉན་ཐོས་ཀྱི་ཐེག་པར་ཡང་བསྟན་པ་ཡིན་ནོ། །དགེ་འདུན་ཕལ་ཆེན་སྡེའི་ལུང་རྣམས་ལས་ཀྱང་རྩ་བའི་རྣམ་པར་ཤེས་པ་ཞེས་འབྱུང་སྟེ། རྣམ་གྲངས་དེས་ཀྱང་དེ་ཉིད་བསྟན་ཏེ། རྩ་བ་ལ་བརྟེན་པའི་ཤིང་ལྗོན་པ་བཞིན་ནོ། །ས་སྟོན་སྡེའི་ལུང་ལས་ཀྱང༌། འཁོར་བ་ཇི་སྲིད་པའི་ཕུང་པོ་རྣམ་ཞེས་འབྱུང་སྟེ། རྣམ་གྲངས་དེས་ཀྱང་དེ་ཉིད་བསྟན་ཏེ། ལ་ལར་རེས་འགའ་གཟུགས་དང་སེམས་རྒྱུན་ཆད་པར་སྣང་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་དེའི་ས་བོན་ནི་རྒྱུན་མི་


JLD018_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པའི་ཕྱིར་རོ། །འཕགས་པ་གནས་བརྟན་པ་རྣམས་ཀྱི་ལུང་ལས་ཀྱང༌།སྲིད་པའི་ཡན་ལག་ལྟ་བ་དང༌། །ཤེས་པ་དང་ནི་བསྟོད་པ་དང༌། །གསོ་བ་དང་ནི་རྟོགས་པ་དང༌། །བདུན་པ་འཇུག་པར་བྱེད་པ་ཡིན། །ཞེས་འབྱུང་ངོ༌། །དེའི་ཕྱིར་གང་ཤེས་བྱའི་གནས་ལ་ལེན་པའི་རྣམ་པར་ཤེས་པ་ཉིད་དང༌། སེམས་ཉིད་དང༌། ཀུན་གཞི་རྣམ་པར་ཤེས་པ་ཉིད་དང༌། འཁོར་བ་ཇི་སྲིད་པའི་ཕུང་པོ་དང༌། སྲིད་པའི་ཡན་ལག་བསྟན་པ་དེ་ནི་ཀུན་གཞི་རྣམ་པར་ཤེས་པའི་ལམ་ཆེན་པོ་བསྟོད་པ་ཁོ་ན་ཡིན་ནོ་ཞེས་སོ། །གལ་ཏེ་ཉན་ཐོས་ཀྱི་ཐེག་པར་ཀུན་གཞི་བསྟན་ན། ཐེག་ཆེན་བསྡུས་པར། བསྟན་འདི་འདི་ལྟར་གཞན་ན་མ་མཐོང་ལ། །འདི་དག་བྱང་ཆུབ་མཆོག་གི་རྒྱུར་མཐོང་བས། །གནས་བཅུ་བསྟན་པར་ཁྱད་ཞུགས་གང་ཡིན་པ། །ཐེག་པ་ཆེན་པོ་སངས་རྒྱས་བཀར་འདོད་དོ། །ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། ཉེས་པ་མེད་དེ། ཉན་ཐོས་ཀྱི་ཐེག་པར་ནི་སྲིད་པའི་ལན་ལག་ཅེས་སོགས་རྣམ་གྲངས་གཞན་གྱིས་བསྟན་ལ། ཐེག་པ་ཆེན་པོར་ནི། ཀུན་གཞི་རྣམ་ཤེས་ལེན་པའི་རྣམ་ཤེས། ཤེས་བྱའི་གནས་ཞེས་སོགས་སྒྲ་དྲང་པོར་རྫོགས་པར་བསྟན་ཅིང་དེ་ལྟ་བུ་ཉན་ཐོས་ཀྱི་ཐེག་པར་བསྟན་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་དེ་ལྟར་མི་སྟོན་ཞེ་ན། ཐེག་ཆེན་དུ་བསྟན་པ་ལྟར་ཉན་ཐོས་ཀྱི་ཐེག་པར་སྟོན་དགོས་ཀྱང་མི་དགོས་ལ་བསྟན་ན་ཉེས་པར་ཡང་འགྱུར་རོ། །ཇི་


JLD018_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མི་དགོས་ན། འདི་ལྟར་ཀུན་གཞི་སྟོན་པ་ནི། ཤེས་བྱ་ཕྲ་ཞིང་ཕྲ་བ་བརྗོད་བྱར་བསྡུ་བའི་ཕྱིར་ཡིན་ལ་ཉན་ཐོས་ནི་རང་གི་འདོད་པ་གྲུབ་པ་ལ་ཤེས་བྱ་ཕྲ་མོ་ཤེས་མི་དགོས་ཏེ། ཚིག་བཞིའི་ཚིགས་སུ་བཅད་པ་ཙམ་གྱི་དོན་ལ་སྦྱངས་པས་ཀྱང་ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་གྱི་ལུས་མངོན་དུ་བྱེད་ནུས་པའི་ཕྱིར་ཏེ། དགྲ་བཅོམ་པ་ལམ་ཆུང་བ་བཞིན་ནོ། །བསྟན་ན་ཉེས་པར་ཇི་ལྟར་འགྱུར་ཞེ་ན། ཆོས་ཀུན་གྱི་ས་བོན་གྱི་རྟེན་བྱེད་པས་སྣོད་བཅུད་ཀུན་གྱི་རྒྱུ། འཁོར་བ་ཇི་སྲིད་དུ་རྒྱུན་མི་འཆད་དུ་འཇུག་པ། བཅིངས་པ་དང་གྲོལ་བའི་གཞིར་གྱུར་པའི་རྣམ་ཤེས་དེ་ཀུན་གཞིའོ་ཞེས་བསྟན་ན་ཉན་ཐོས་ཀྱི་རིགས་ཅན་མི་མཁས་པ་འགའ་ཞིག་བདག་གོ་སྙམ་ནས་བདག་ཏུ་འཛིན་ན་མི་རུང་བའི་ཕྱིར་རོ། །ཐེག་པ་ཆེན་པོར་ནི་བསྟན་དགོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཤེས་བྱ་ཕྲ་མོ་ལ་མ་སྦྱངས་པར་ཐམས་ཅད་མཁྱེན་པ་ཐོབ་མི་ནུས་པའི་ཕྱིར་དང༌། ཀུན་གཞི་དེ་སྔར་ལྟར་བསྟན་ཀྱང་མི་རྟག་གཞན་དབང་ཅན་གྱི་ཆོས་ཙམ་དུ་གོ་བར་འགྱུར་བས་ཉེས་པ་མི་སྐྱེ་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཐེག་ཆེན་བསྡུས་པར། ཅིའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་སེམས་དེ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བའམ། ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བར་མ་བསྟན་ཞེ་ན། ཤེས་བྱ་ཕྲ་མོ་བསྡུ་བའི་ཕྱིར་ཏེ། ཉན་ཐོས་རྣམས་ནི་ཤེས་བྱ་ཐམས་ཅད་ཤེས་པ་ལ་གཏོགས་པ་མ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་དེ་བསྟན་པ་མེད་པར་ཡང་ཤེས་པ་རབ་ཏུ་གྲུབ་པས། རྣམ་པར་གྲོལ་བ་རབ་ཏུ་གྲུབ་པའི་ཕྱིར་མ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་ཐམས་ཅད་ཤེས་


JLD018_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གཏོགས་པ་ཡིན་ནོ། །དེའི་ཕྱིར་དེ་དག་ལ་དེ་བསྟན་ཏེ་དེ་ཤེས་པ་མེད་པར་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་སླ་བ་མ་ཡིན་ནོ་ཞེས་སོ། །འོ་ན་ཉན་ཐོས་ཀྱི་ཐེག་པར་བསྟན་པའི་སྐྱེ་རྒུ་ཀུན་གཞི་ལ་ཞེས་པ་དེ་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་མདོའི་དོན་ཇི་ལྟ་བུ་ཞིག་ཏུ་འགྲེལ་ཞེ་ན། དེ་ལྟར་གསུངས་པའི་ཀུན་གཞི་ལ། །དབྱིག་བཤེས་མིའུ་ཐུང་དབྱངས་སྒྲོག་གསུམ། །རིམ་བཞིན་ཕུང་པོ་ཚོར་བ་དང༌། །འཇིག་ལྟ་གསུམ་ལ་དགོངས་ཞེས་འདོད། །དེ་ལ་བཙུན་པ་དབྱིག་བཤེས་ནི། མདོ་ཡི་དགོངས་པ་ཉེར་ལེན་གྱི་ཕུང་པོ་ལྔ་ལ་དགོངས་ཏེ། དེ་ནི་སྐྱེ་རྒུ་རྣམས་དགའ་བར་འགྱུར་བའི་གཞི་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་བཞིན་དུ་བཙུན་པ་མིའུ་ཐུང་དང་བཙུན་པ་དབྱངས་སྒྲོག་གཉིས་ཀྱང་ཚོར་བ་བདེ་བ་དང་འཇིག་ལྟ་དགོངས་གཞིའོ། །ཞེས་འདོད་དེ། ཐེག་ཆེན་བསྡུས་པར། ཡང་ཁ་ཅིག་ནི། བཅོམ་ལྡན་འདས་ཀྱིས་སྐྱེ་རྒུ་ཀུན་གཞི་ལ་ཀུན་ཏུ་དགའ་བ་ཞེས་རྒྱ་ཆེར་གང་གསུངས་པ་དེ་ལ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་ཀུན་གཞི་ཞེས་བྱའོ་སྙམ་དུ་སེམས་སོ། །གཞན་དག་ནི་བདེ་བའི་ཚོར་བ་འདོད་ཆགས་དང་བཅས་པ་ནི་ཀུན་གཞིའོ་སྙམ་དུ་སེམས་སོ། །གཞན་དག་ནི་འཇིག་ཚོགས་ལ་ལྟ་བ་ཀུན་གཞིའོ་སྙམ་དུ་སེམས་ཏེ། དེ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རྨོངས་ནས་ལུང་དང་རྟོགས་པས་དེ་སྙམ་དུ་སེམས་སོ། །ཞེས་སོ། །འོ་ན་ཅི་མདོ་དེའི་དོན་གྲུབ་མཐའ་སྨྲ་བ་དེ་དག་གིས་བཀྲལ་བ་ལྟར་ཐེག་པ་ཆེན་པོར་ཡང་རུང་ངམ་ཞེ་ན། ཐེག་པ་འོག་མའི་ལུགས་ལ་ནི། །ཚུལ་དེ་མི་རུང་མེད་མོད་ཀྱི། །ཐེག་ཆེན་པ་རྣམས་ལུང་དེའི་དོན། །ཀུན་གཞིར་འདོད་


JLD018_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེས་བཟུང་སྟེ། །གང་ཕྱིར་དབྱིག་བཤེས་སོགས་ཀྱིས་ནི། །བཀྲལ་བ་སྐྱོན་དང་ལྡན་ཕྱིར་རོ། །ཐེག་པ་འོག་མ་པ་དེ་དག་ནི་ཀུན་གཞི་བསྟན་པའི་སྣོད་མ་ཡིན་ཅིང་དེ་ལ་རྨོངས་པའི་ཕྱིར་ཀུན་གཞིའི་དོན་གཞན་དུ་འཆད་པ་མི་རུང་བ་མེད་པ་སྟེ་མཚང་ཆུང་མོད། འོན་ཀྱང་ཀུན་གཞི་ལ་མ་རྨོངས་པ་ཐེག་ཆེན་པ་རྣམས་ཀྱིས་ཀུན་གཞི་ཞེས་གསུངས་པའི་དོན་ཀུན་གཞི་རྣམ་ཤེས་སུ་འདོད་པ་ཆེས་བཟང་སྟེ། བཙུན་པ་གསུམ་གྱི་འདོད་པ་ནི་སྐྱོན་དང་ལྡན་ལ་ཀུན་གཞི་རྣམ་ཤེས་སུ་འདོད་པ་ནི་རྨ་མེད་པ་ཡིན་པའི་ཕྱིར་རོ། །བཙུན་པ་གསུམ་གྱི་འདོད་པ་སྐྱོན་དང་ཇི་ལྟར་ལྡན་ཞེ་ན། ཇི་སྐད་དུ། ཉན་ཐོས་ཀྱི་ཐེག་པར་རྣམ་པར་བཞག་པའི་ཚུལ་དུ་ན་ཡང་དེ་དག་གི་རྣམ་པར་བཞག་པ་དེ་མི་རུང་བ་མེད་མོད་ཀྱིས་ཀུན་གཞི་རྣམ་པར་བཞག་པ་དེ་ཀུན་གཞི་རྣམ་པར་ཤེས་པ་ཡིན་པར་ཡོངས་སུ་བཟུང་ནས་རྣམ་པར་འཇོག་པ་ནི་ཆེས་བཟང་ངོ༌། །ཇི་ལྟར་ཆེས་བཟང་ཞེ་ན། འདི་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་ཤིན་ཏུ་སྡུག་བསྔལ་བའི་ངན་འགྲོ་རྣམས་སུ་སྐྱེས་པ་དག་དང་མི་མཐུན་པ་ཡིན་ནོ། །དེས་ན་ཤིན་ཏུ་འདོད་པ་མེད་པ་དེ་དག་ལ་སྦྱོར་བ་ནི། མི་རིགས་ཏེ་འདི་ལྟར་དེ་དག་ནི་དེ་དག་དང་བྲལ་བ་ཉིད་དུ་འདོད་དོ། །བདེ་བའི་ཚོར་བ་འདོད་ཆགས་དང་བཅས་པ་ཡང་བསམ་གཏན་བཞི་པ་ཡན་ཆད་གོང་མ་ལ་མེད་དེ། དེ་དང་ལྡན་པའི་སེམས་ཅན་རྣམས་དང་མི་མཐུན་པ་ཡིན་པས་དེར་ཡང་དེ་དག་སྦྱོར་བ་མི་རིགས་སོ། །འཇིག་ཚོགས་ལ་ལྟ་བ་ཡང་ཆོས་འདི་པ་བདག་མེད་པ་ལ་མོས་པ་དག་དང་མི་མཐུན་པ་ཡིན་ཏེ་དེའི་ཕྱིར་དེ་ལ་ཡང་དེ་དག་སྦྱོར་བ་མི་རིགས་སོ། །མདོའི་དོན་ཀུན་གཞི་


JLD018_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་སུ་འདོད་པ་སྐྱོན་མེད་པ་ཇི་ལྟར་ཡིན་ཞེ་ན། ཇི་སྐད་དུ། ཀུན་གཞི་རྣམ་པར་ཤེས་པ་ལ་ནང་གི་བདག་གི་དངོས་པོར་ཁས་བླངས་པ་ནི། ཤིན་ཏུ་སྡུག་བསྔལ་བའི་འགྲོ་བ་རྣམས་སུ་སྐྱེས་པ་སྡུག་བསྔལ་གྱི་ཕུང་པོ་རྣམ་པར་ཞིག་པར་འདོད་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་ཆགས་པས་བཅིངས་པ་རྣམས། དེ་རྣམ་པར་ཞིག་པར་འདོད་པར་ནི་ནམ་ཡང་མི་འགྱུར་རོ། །བསམ་གཏན་བཞི་པ་ཡན་ཆད་གོང་མ་སྐྱེས་པ་རྣམས་འདོད་ཆགས་དང་བཅས་པའི་བདེ་བ་དང་མི་མཐུན་དུ་ཟིན་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་གི་དངོས་པོར་ཆགས་པའི་རྗེས་སུ་འབྲེལ་བ་ནི་ཡོད་པ་ཉིད་དོ། །དེ་བཞིན་དུ་ཆོས་འདི་པ་བདག་མེད་པ་ལ་མོས་པ་རྣམས་བདག་ཏུ་ལྟ་བ་དང་མི་མཐུན་དུ་ཟིན་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་གི་དངོས་པོར་ཆགས་པའི་རྗེས་སུ་འབྲེལ་བ་ཡོད་པ་ཉིད་དེ། དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ལ་ཀུན་གཞི་ཉིད་དུ་ཆོས་ལེགས་པར་རྣམ་པར་བཞག་པ་གྲུབ་བོ། །ཞེས་སོ། །དེ་དག་གིས་འདི་བསྟན་ཏེ། ཀུན་གཞི་ཞེས་པའི་དོན། སྦྱོར་བ་ཡིན་ཅིང་དེ་ཡང་བདག་ཏུ་མངོན་པར་འདོད་པའི་རྣམ་པས་སེམས་ཅན་རྣམས་དེར་སྦྱོར་བ་ཡིན་པས་ན་ངན་འགྲོ་རྣམས་དང༌། ཚོར་བ་བདེ་བ་མེད་པ་བསམ་གཏན་བཞི་པ་ཡན་ཆད་དང༌། ཆོས་འདི་པ་བདག་མེད་པ་ལ་མོས་པ་རྣམས་ཀྱང་བདག་ཏུ་མངོན་པར་འདོད་པའི་རྣམ་པས་ཀུན་གཞི་ལ་སྦྱོར་བ་ཡོད་པའི་ཕྱིར་རོ། །སྙམ་དུ་བསམས་སོ། །དེ་ལྟར་བྱས་ན་ཉོན་ཡིད་གནས་གྱུར་ནས་ཀུན་གཞི་རྣམ་ཤེས་མེད་པ་ནི་སློབ་དཔོན་འདི་ཡིས་བཞེད་པ་ཁ་ན་མ་ཐོ་བ་


JLD018_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡིན་ནོ། །ཀུན་གཞི་སྒྲུབ་བྱེད་འཕྲོས་པ་དང་བཅས་པ་བཤད་ཟིན་ཏོ།། ༈ གཉིས་པ་ཉོན་ཡིད་ཀྱི་རིགས་པ་ནི། ཉོན་མོངས་ཅན་གྱི་ཡིད་མེད་ན། །མ་འདྲེས་པ་ཡི་མ་རིག་དང༌། །ལྔ་པོ་དག་དང་འདྲ་བ་དང༌། །སྙོམས་པར་འཇུག་པའི་བྱེ་བྲག་དང༌། །ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། །འདུ་ཤེས་མེད་པར་སྐྱེས་པའི་རྒྱུན། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ངར་འཛིན་པ་དང་ལྡན་པ་ནི། །རྣམ་པ་ཀུན་ཏུ་མི་འཐད་ཕྱིར། །ཉོན་ཡིད་ཡོད་པར་ཤེས་པར་བྱ། །ཉོན་ཡིད་མེད་ན་གནོད་པ་དྲུག་འབབ་པའི་ཕྱིར་ཉོན་ཡིད་ཡོད་པར་ཁས་བླང་ངོ༌། །ཉོན་ཡིད་མེད་ན་མ་འདྲེས་པའི་མ་རིག་པ་མེད་པར་ཇི་ལྟར་འགྱུར་ཞེ་ན། ཐེག་བསྡུས་སུ། ཡང་དག་དོན་ལ་འཇུག་པ་ཡི། །སེམས་ཀྱི་གེགས་སུ་རྟག་གྱུར་དང༌། །དུས་རྣམས་ཀུན་ཏུ་འབྱུང་བ་སྟེ། །མ་འདྲེས་པ་ཡི་མ་རིག་འདོད། །ཅེས་གསུངས་པ་ལྟར་མ་རིག་པ་དེ་ནི་བདག་མེད་པའི་དོན་མངོན་སུམ་དུ་མཐོང་བ་ལ་རྟག་ཏུ་གེགས་བྱེད་པ་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་རྣམས་འབྱུང་བའི་དུས་ཐམས་ཅད་དུ་འབྱུང་བ་ཞིག་ཡིན་ལ། དེ་ཡང་སེམས་བྱུང་ཡིན་པས་གཙོ་བོ་རྣམ་ཤེས་གཅིག་དང་མཚུངས་པར་ལྡན་དགོས་ཤིང་འདི་ཉོན་མོངས་ཡིན་པ་དང༌། ཇི་སྲིད་འཕགས་ལམ་མ་སྐྱེས་བར་དུ་རྒྱུན་མི་འཆད་པའི་ཕྱིར་ཀུན་གཞི་དང་ཚོགས་དྲུག་དང་ལྡན་པ་མི་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་འདི་ལ་མ་འདྲེས་པ་ཞེས་བྱ་ཞེ་ན། བཙུན་པ་ངོ་བོ་ཉིད་མེད་པ་ན་རེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལྟར་རྟེན་ཉོན་ཡིད་ཁོ་ན་ལ་ཡོད་པའི་ཕྱིར། རྟེན་མ་འདྲེས་པ་ལ་འཆད་ལ་དོན་གསང་མཁན་


JLD018_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

པོས་འདིའི་མཐུས་ཉོན་མོངས་གཞན་འདྲེན་ནུས་ཤིང་གཞན་གྱིས་འདི་འདྲེན་མི་ནུས་པའི་ཕྱིར་མ་འདྲེས་པའམ། མ་བལྟོས་པའི་རང་དབང་ཅན་ལ་བཤད་དེ། བཤད་སྦྱར་དུ། དེ་ལྟ་ན་ཡང་འདི་དེ་ལས་གཞན་པ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་མ་འདྲེས་པ་མི་འགྲུབ་བོ། །ཞེ་ན་མ་ཡིན་ནམ། མི་མཐུན་པར་བཞག་པ་སྟེ་དེ་ནི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་མ་འདྲེས་པ་ཉིད་དུ་འདོད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། གཞན་ལ་མེད་པའི་ཕྱིར་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བཞིན་ནོ་ཞེས་སོ། །དོན་གསང་དུ། མ་འདྲེས་པ་ནི་མ་རིག་པ་རང་དབང་ཅན་ཡིན་གྱི་རྩ་བའི་ཉོན་མོངས་པ་གཞན་དང་མཚུངས་པར་མི་ལྡན་པས་མ་ཡིན་ཏེ་ཁྲོ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡང་དེར་ཐལ་བར་འགྱུར་དུ་འོང་བས་སོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་མི་ལྡན་པས་དེར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ་དེ་མེད་པར་ཐལ་བ་ཉིད་དུ་འགྱུར་བས་སོ། །དེ་ལྟ་བས་ན་རྩ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དང༌། དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བའི་ཚོགས་ལ་ཡང་རྫས་གཞན་དང་མ་འདྲེས་པའི་ཕྱིར་རང་དབང་ཅན་ནི་མ་འདྲེས་པ་ཡིན་གྱི་ཐུན་མོང་མ་ཡིན་པའི་དོན་གྱིས་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་གཞན་དང་མཚུངས་པར་ལྡན་པ་ཡང་རྣམ་པར་ཤེས་པ་གཞན་དང་ཡང་མཚུངས་པར་ལྡན་པས་དེར་ཐལ་བར་འགྱུར་དུ་འོང་བས་སོ་ཞེས། འདི་མཚུངས་ལྡན་མ་འདྲེས་པར་འདོད་པ་ལ་རྩ་ཉོན་གཞན་དང་མ་འདྲེས་པ་ལ་འཇོག་ན་ཁྲོ་བ་ལྟ་


JLD018_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དང་མཚུངས་ལྡན་གྱི་མ་རིག་པ་ཡང་མ་འདྲེས་པར་འགྱུར་ལ། རྩ་ཉོན་ཉེ་ཉོན་ཐམས་ཅད་དང་མི་ལྡན་པ་ལ་འདོད་ན་དེ་ལྟ་བུའི་མ་རིག་པ་མི་སྲིད་དོ། །དེས་ན་མ་འདྲེས་པ་ནི་རྫས་གཞན་དང་མ་འདྲེས་པ་རྫས་རང་དབང་ཅན་གྱི་དོན་ཡིན་པས་ན། རྩ་ཉོན་གཞན་དང་སེམས་སེམས་བྱུང་དེ་ལས་གཞན་པ་དང་ལྡན་པ་ལ་མཚུངས་ལྡན་མ་འདྲེས་པ་མེད་ཀྱང་རྫས་གཞན་དང་མ་འདྲེས་པ་ཡོད་པའི་ཕྱིར་མ་འདྲེས་པ་ཡིན་ཞེས་འདོད་པ་ཙམ་ལས་རང་དབང་ཅན་གྱི་དོན་གཞན་སྐབས་འདིར་མ་བཤད་ཀྱང༌། འོག་ཏུ། དེ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡིན་ནོ་དེ་ལ་ནི་མ་རིག་པ་རང་དབང་ཅན་ཡོད་དེ་དེའི་སྟོབས་ཀྱིས་དེ་དང་མཚུངས་པར་ལྡན་པའི་འདོད་ཆགས་ལ་སོགས་པ་དྲངས་པའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་རོ། །དོན་གསང་མཁན་པོ་རྫས་མ་འདྲེས་པ་ཞེས་བཤད་ཀྱང་མཐུ་མ་འདྲེས་པ་ལ་བཤད་དོ། །དེ་ལྟར་ལུགས་གཉིས་ཡོད་པ་ལས་མ་ཏ་མ་ཏི་གཉིས་པ་འཐད་པར་བཞེད་ཀྱང་རང་ལུགས་ལ་རྟེན་མ་འདྲེས་པ་འཐད་པར་མངོན་ཏེ། ཅི་ཙམ་ནས་རྨོངས་པའི་མཐུས་ཆགས་སོགས་གཞན་རྣམས་འཇུག་ཀྱང་དེ་དག་ལ་བརྟེན་ནས་ཀྱང་མ་རིག་པ་འཇུག་པའི་ཕྱིར་དང༌། ཉོན་ཡིད་ཀྱི་འཁོར་རྣམས་ཕན་ཚུན་རྒྱུ་འབྲས་ཡིན་པས་འདི་ཁོ་ནས་དྲང་ཞེས་བཞག་ཏུ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཉོན་ཡིད་མེད་ན་ལྔ་པོ་དག་དང་མི་འདྲ་བའི་སྐྱོན་དུ་འགྱུར་ཞེ་ན། ཐེག་བསྡུས་སུ། ཉོན་མོངས་པ་ཅན་གྱི་ཡིད་དེ་ཡོད་པར་ཅི་མངོན་ཞེ་ན། དེ་མེད་དུ་ཟིན་ན་མ་རིག་པ་མ་འདྲེས་པ་མེད་པའི་སྐྱོན་དུ་འགྱུར་རོ། །ལྔ་པོ་དག་དང་འདྲ་བ་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ་འདི་ལྟར་རྣམ་པར་


JLD018_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ལྔའི་ཚོགས་དག་གི་ལྷན་ཅིག་འབྱུང་བའི་གནས་ནི་མིག་ལ་སོགས་པའོ། །ཞེས་སོ། །འདི་ལ་གཉིས་དོན་གསང་གི་ལུགས་ནི་ཡིད་ཤེས་ནི་རྟེན་འདས་པ་ཁོ་ན་མ་ཡིན་ཏེ་འཇུག་ཤེས་ཡིན་པའི་ཕྱིར་དཔེར་ན་མིག་ཤེས་བཞིན། དོན་ནི་དབང་ཤེས་ལྔ་ལ་འདས་པའི་རྟེན་འདས་མ་ཐག་པའི་ཡིད་དེ་དང་ལྷན་ཅིག་པའི་རྟེན་དབང་པོ་ལྔ་སྟེ་གཉིས་ཡོད་ལ་ཡིད་ཤེས་ལ་མེད་པ་མི་འཐད་དེ་འཇུག་ཤེས་སུ་ཁྱད་པར་མེད་པའི་ཕྱིར་ཞེས་པའོ། །བཤད་སྦྱར་གྱི་ལུགས་ནི་འདི་ནི་རང་ལུགས་ལ་འདོད་པ་མིན་གྱི། གཞན་གྱི་གཞུང་ལས་ལྷན་ཅིག་སྐྱེས་པའི་གནས་མེད་པའི་རྣམ་པར་ཤེས་པ་ཅི་ཡང་མེད་དོ་ཞེས་འབྱུང་བས་ནི་དེ་སུན་འབྱིན་པའོ། །ཇི་ལྟར་ཞེ་ན་ཚོགས་དྲུག་ལས་མི་འདོད་པ་དེ་དག་ལ་ཀུན་གཞི་དང་ཉོན་ཡིད་ནི་མེད་པས་ན་ཡིད་ཤེས་མེད་པར་འགྱུར་ཏེ་ལྷན་ཅིག་པའི་རྟེན་མེད་པའི་ཕྱིར་རོ། །འགྲེལ་པ་གཉིས་ཀ་མ་གྲུབ་སྟེ་སྙིང་གི་ཕྱོགས་བུ་ག་གཅིག་ནས་དགུའི་བར་རྣམས་ཡིན་ནོ་ཞེ་ན། མི་འཐད་དེ་ཡིད་ཤེས་དེ་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་རྟོག་གིས་རྟོག་བཅས་སུ་མི་འགྱུར་ཏེ་དབང་པོ་གཟུགས་ཅན་རྟེན་དུ་ཡོད་པའི་ཕྱིར་རོ། །དཔེར་ན་དབང་ཤེས་བཞིན། གཞན་ཡང་མཛོད་ཡིད་ཤེས་ཀྱི་ཚོར་བ་རྡུལ་ཕྲ་རབ་བསགས་པ་ལ་བརྟེན་པའི་ཕྱིར་སེམས་ཚོར་བ་མ་ཡིན་པར་འགྱུར་བ་དང༌། ཡིད་ནི་ནང་གི་སྐྱེ་མཆེད་དེ་བསྟན་དུ་མེད་པ་ཞེས་པའི་མདོ་དང་འགལ་བར་གསུང་པའི་ཕྱིར་རོ། །ཞེས་པའོ། །དེ་ལྟར་ལུགས་གཉིས་ཡོད་ཀྱང༌། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དང་ལྷན་ཅིག་སྐྱེས་པའང་ཡིན། །ཞེས་པ་ལྟར་འདོད་པ་


JLD018_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་དོན་གསང་ལྟར་སྒྲུབ་དགོས་ལ་ཡིད་ཤེས་ལ་ལྷན་ཅིག་སྐྱེས་པའི་རྟེན་སྙིང་གི་གསང་གཟུགས་ཡོད་པར་འདོད་པ་བཤད་སྦྱར་ལྟར་ཡང་བྱའོ། མཛོད་ཅིའི་ཕྱིར་ཉོན་ཡིད་མེད་ན་སྙོམས་འཇུག་བྱེ་བྲག་མེད་པའི་སྐྱོན་དུ་འགྱུར་རོ་ཞེ་ན། གསུང་ཉོན་ཡིད་མེད་ན་སྙོམས་འཇུག་གཉིས་ཀྱི་ངོ་བོ་ལ་ཁྱད་མེད་པར་འགྱུར་ཏེ། ཚོགས་དྲུག་འགག་པར་ནི་འདྲ་ལ་ཉོན་ཡིད་ཡོད་མེད་ཀྱི་ཁྱད་པར་མེད་པའི་ཕྱིར་རོ། །ཁོ་བོ་ཅག་ལྟར་ན་འདུ་ཤེས་མེད་པའི་སྙོམས་འཇུག་ལ་ངའོ་སྙམ་པའི་ང་རྒྱལ་དང་ངར་འཛིན་དང་བདག་ཏུ་ཆགས་པ་རྣམས་ཡོད་པས་མ་ཞི་ལ་འགོག་སྙོམས་དེ་དག་དང་བྲལ་བས་ཞི་བའི་ཕྱིར་གསུང་རོ། །གལ་བཤད་ཏེ་ས་དང་ཡིད་བྱེད་ཐ་དད་པས་བྱེ་བྲག་མེད་པར་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ་ཁྱད་པར་དེ་ཙམ་ཡོད་ཀྱང་ཞི་མ་ཞིའི་ངོ་བོའི་ཁྱད་པར་མི་འཐད་པ་སོ་ན་གནས་སོ། །འོན་ཏེ་འཕགས་པ་དང་སོ་སྐྱེའི་རྒྱུད་ཀྱི་ཁྱད་པར་ཡང་ཡོད་དོ་ཞེ་ན། དེ་གཉིས་ཀྱི་ཁྱད་གསང་བཤད་པར་ཡང་མི་འཐད་དེ་འདི་ལྟར་འཕགས་པ་རྣམས་ཀྱིས་འདུ་ཤེས་མེད་པའི་སྙོམས་འཇུག་ལ་གཡང་སར་འདུ་ཤེས་ནས་སྤོང་བ་ཡིན་ལ་དེ་ཡང་སྦྱར་དོན་ངར་འཛིན་སོགས་མ་ཞི་བས་ཡིན་གྱི་ཚོགས་དྲུག་འགག་ཙམ་གྱིས་སྤོང་ན་འགོག་སྙོམས་ཀྱང་སྤོང་བར་འགྱུར་རོ། །ཁོ་བོ་ཅག་ལྟར་ན། ཞི་བ་དང་མ་ཞི་བའི་ཁྱད་པར་ཡོད་པས་སྤོང་མི་སྤོང་རིགས་སོ། །དེ་ལྟར་ཡང་ཐེག་ཆེན་བསྡུས་པར། འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་བྱེ་བྲག་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ་འདི་ལྟར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་གྱི་འགོག་པའི་སྙོམས་པར་འཇུག་པ་ནི་མ་ཡིན་ཏེ། གཞན་དུ་ན་


JLD018_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཉིས་བྱེ་བྲག་མེད་པ་ཉིད་དུ་འགྱུར་རོ། །ཞེས་སོ། །ཅི་ཉོན་ཡིད་མེད་ན་འདུ་ཤེས་མེད་པ་པར་སྐྱེས་པ་རྣམས་ངར་འཛིན་མེད་པའི་སྐྱོན་དུ་འགྱུར་ཞེ་ན། འདུ་ཤེས་མེད་པར་སྐྱེས་པའི་དང་པོའི་ཚེ་ཡིད་ཤེས་ངར་འཛིན་དང་བཅས་པར་སྐྱེ་བས་ཉོན་མོངས་ཅན་དང་ངར་འཛིན་ཡོད་དུ་ཆུག་ཀྱང་སྐྱེས་ནས་ཇི་སྲིད་འཆི་བའི་སེམས་མ་སྐྱེས་ཀྱི་བར་གྱི་རྒྱུན་དེ་ངར་འཛིན་མེད་པར་འགྱུར་ཏེ་ཉོན་ཡིད་ནི་མེད་ལ་ཚོགས་དྲུག་འགག་པའི་ཕྱིར་རོ། །གལ་ཏེ་དང་པོ་སྐྱེས་པའི་ཚེ་ངར་འཛིན་ཅན་གྱི་ཡིད་མངོན་དུ་འགྱུར་བ་དེའི་རྗེས་སུ་ངར་འཛིན་མངོན་གྱུར་མེད་ཀྱང་བག་ཆགས་ཡོད་པས་ན་ངར་འཛིན་དང་བཅས་པའོ་ཞེ་ན། མི་རུང་སྟེ་ངར་འཛིན་གྱི་རྟེན་ཡིད་ཤེས་མེད་ལ་གཟུགས་ཀྱི་ཕུང་པོ་བག་ཆགས་ཀྱི་བཤེད་བསྒོ་གཞིར་མི་རུང་བའི་ཕྱིར་རོ། །འདུ་ཤེས་མེད་པའི་ལྷ་ལ་ངར་འཛིན་མེད་ན་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་རོ། །དེ་འདོད་ན་དོན་འཕགས་པ་རྣམས་ཀྱིས་འདུ་ཤེས་མེད་པ་དེ་དག་མི་ཁོམ་པའི་གནས་སུ་གཟིགས་ནས་སྤོང་བར་མི་འགྱུར་རོ། །ཚོགས་དྲུག་ཞི་ཙམ་གྱིས་མི་ཁོམ་པར་སྦྱར་མཐོང་ནས་སྤོང་བ་ཡང་མ་ཡིན་ཏེ་འགོག་སྙོམས་བཞིན་ནོ། །ཉོན་ཡིད་ཡོད་ན་ནི་ངར་འཛིན་ལ་སོགས་དོན་པ་ཀུན་ཏུ་འབྱུང་བ་དང་ཚོགས་དྲུག་ཀྱང་མེད་པས་ཕྱིན་ཅི་ལོག་གིས་བསྐལ་ཆེན་ལྔ་བརྒྱ་ཙམ་དུ་གནས་དགོས་པས་མི་ཁོམ་པའི་གནས་སུ་འགྱུར་རོ། །དེ་ལྟར་ཐེག་ཆེན་བསྡུས་པར། གལ་ཏེ་འདུ་ཤེས་མེད་པ་དེ་ན་ངར་འཛིན་པ་དང༌། ངའོ་སྙམ་པའི་ང་རྒྱལ་མེད་ན་འདུ་ཤེས་མེད་པ་པར་སྐྱེ་བ་ཐོབ་མ་


JLD018_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཏུ་ཉོན་མོངས་པ་ཅན་མ་ཡིན་པའི་སྐྱོན་དུ་ཡང་འགྱུར་རོ་ཞེས་སོ། །ཉོན་ཡིད་མེད་ན་ངེས་ཚིག་མེད་པའི་སྐྱོན་དུ་ཇི་ལྟར་འགྱུར་ཞེ་ན། ཉོན་ཡིད་མེད་ན་རྟག་ཏུ་ངར་སེམས་པའི་ཕྱིར་ཡོད་དོ་ཞེས་པའི་ངེས་ཚིག་འདི་རྣམ་ཤེས་གང་ལ་ཡང་མི་གནས་པར་འགྱུར་ཏེ་ཀུན་གཞི་དང་དབང་ཤེས་ལ་ངར་སེམས་པ་མེད་ལ་ཡིད་ཤེས་འཁོར་བཅས་ལ་རྟག་ཏུ་སེམས་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་ཐེག་བསྡུས་སུ་ངེས་པའི་ཚིག་མེད་པའི་སྐྱོན་དུ་ཡང་འགྱུར་རོ་ཞེས་སོ། །ཅིའི་ཕྱིར་ཉོན་ཡིད་མེད་ན་ངར་འཛིན་པ་རྣམ་པ་ཀུན་ཏུ་འབྱུང་བ་མི་འཐད་ཅེ་ན། ང་སྦྱིན་པ་བྱེད་ང་སྲོག་གཅོད་ང་ཁྲུས་བྱེད་ཅེས་པ་ལྟར་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ཐམས་ཅད་ལ་ངར་འཛིན་དམིགས་ཤིང་དེ་ཡང་ཉོན་ཡིད་ཡོད་ན་རུང་གི་མེད་ན་མི་རུང་སྟེ་དེ་མེད་ན་ངར་འཛིན་མི་དགེ་བའི་སེམས་དང་མཚུངས་པར་ལྡན་པས་ན་དགེ་བ་དང་ལུང་མ་བསྟན་གྱི་སེམས་དང་དུས་གཅིག་ཏུ་མི་འབྱུང་ངོ༌། །ཉོན་ཡིད་ཡོད་ན་དེའི་འཁོར་དུ་འབྱུང་ཞིང་དེ་ཡང་ལུང་མ་བསྟན་ཡིན་པའི་ཕྱིར་དགེ་མི་དགེའི་སེམས་དང་ལྷན་ཅིག་ཏུ་འཇུག་པར་མི་འགལ་ལོ། །དེ་སྐད་དུ་ཡང་ཐེག་བསྡུས་སུ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་རྣམས་ལ་ཡང་ངར་འཛིན་པ་དུས་ཐམས་ཅད་དུ་ཀུན་ཏུ་འབྱུང་བར་དམིགས་པའི་ཡང་ཕྱིར་རོ། །གཞན་དུ་ན་ནི་མི་དགེ་བའི་སེམས་ཁོ་ན་དང་དེ་མཚུངས་པར་ལྡན་པས་ངའོ་སྙམ་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་གི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ལ་ནི་མ་ཡིན་ནོ་ཞེས་སོ། །འདི་ལ་ངོ་བོ་ཉིད་མེད་པས་ངར་འཛིན་དུས་ཀུན་ཏུ་འབྱུང་བ་དེ་ཡང་མ་རིག་པ་མེད་ན་མེད་


JLD018_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མ་རིག་པ་དེ་ཡང་རྟེན་ཉོན་ཡིད་ཁོ་ན་ལ་ཡོད་པས་སོ་ཞེས་འཆད་ལ། དོན་གསང་དུ། ངར་འཛིན་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ཐམས་ཅད་ཀྱི་ཚེ་ཡོད་པ་ལྟར་སྣང་བ་ནི་ཆ་ཕྲ་བས་འཁྲུལ་ནས་དགེ་བ་དང་ལུང་དུ་མ་བསྟན་གྱི་སེམས་དང་དུས་མཉམ་པར་བཟུང་བ་ཡིན་ལ། ཉོན་ཡིད་མི་འདོད་ན་མི་དགེ་བའི་སེམས་ཁོ་ན་ལ་ངར་འཛིན་འབྱུང་ཞེས་པ་མི་འཐད་དེ། བྱེ་སྨྲ་ལྟར་ན་འཇིག་ལྟ་བསྒྲིབས་ལ་ལུང་མ་བསྟན་དང༌། མདོ་སྡེ་པ་དང་རང་ཉིད་ཀྱི་ལུགས་ལྟར་ན་ཡང་ངར་འཛིན་དང་ངའོ་སྙམ་པའི་ང་རྒྱལ་ལྷན་སྐྱེས་རྣམས་བསྒྲིབས་ལ་ལུང་དུ་མ་བསྟན་གྱི་སེམས་ཁོ་ན་ལ་འབྱུང་བར་འདོད་པའི་ཕྱིར་རོ། །ཞེ་ན་ཞེས་པའི་རྩོད་པ་གཉིས་བཀོད་ནས་དང་པོའི་ལན་ལ་ངར་འཛིན་དུས་ཐམས་ཅད་དུ་མི་འབྱུང་ན་སོ་སྐྱེའི་དགེ་བ་དང་ལུང་མ་བསྟན་ཇི་ལྟར་ཟག་བཅས་ཡིན། ཟག་པ་ལ་དམིགས་པས་ཟག་པ་རྒྱས་པའི་ཟག་བཅས་སུ་མི་འགྱུར་ཏེ། སེམས་དེ་གཉིས་མངོན་དུ་འགྱུར་བའི་ཚེ་རང་རྒྱུད་ཀྱི་ཟག་པ་འགག་པ་དང་མ་སྐྱེས་ནས་མེད་པས་མེད་པ་ལ་རྒྱས་པར་མི་སྲིད་པའི་ཕྱིར་རོ། །གཞན་གྱི་ཟག་པ་ལ་དམིགས་པས་ཀྱང་མ་ཡིན་ཏེ་ཕྱིའི་དམིགས་པ་མི་འདོད་པས་སོ། །ཟག་པའི་བདག་པོ་ཙམ་གྱིས་ཡིན་ན་ཟག་མེད་ལ་ཡང་ཐལ་ལོ། །ཟག་པའི་ས་བོན་དང་འབྲེལ་བས་ཡིན་ན་ལམ་བདེན་ལ་ཡང་ཐལ་ལོ། །དེས་ན་ཉོན་ཡིད་ཡོད་ན་ཟག་པ་མངོན་གྱུར་དང་ལྷན་ཅིག་འཇུག་པའི་ཕྱིར་ཟག་བཅས་སུ་རུང་ངོ་ཞེས་དང༌། གཉིས་པའི་ལན་ལ་འབྲས་བུ་མི་འདོད་པ་འབྱིན་པའི་མི་དགེ་བ་


JLD018_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གྱི་དགེ་བའི་མི་མཐུན་པའི་ཕྱོགས་ཙམ་ལ་བྱའོ། །ཞེས་འཆད་དོ། །ཉོན་ཡིད་ཀྱི་སྒྲུབ་པར་བྱེད་པ་རྣམས་བཤད་ཟིན་ཏོ། །ཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་ལས་སྒྲུབ་བྱེད་བཤད་པ་སྟེ་ལེའུ་གཉིས་པའོ།། ༈ གསུམ་པ་རྣམ་ཤེས་ཚོགས་དགུར་འདོད་པ་དགག་པ་ལ་གཉིས་ལས་ཕྱོགས་སྔ་མ་ནི། བདུན་པ་ལེན་པའི་རྣམ་ཤེས་དང༌། །ཀུན་གཞི་གསུམ་དུ་འཆད་པ་དང༌། །དགུ་པ་དྲི་མེད་རྣམ་ཤེས་སུ། །འདོད་པ་ཡང་དག་བདེན་པའི་ལུགས། །འདིར་ཐེག་པ་ཆེན་པོའི་སློབ་དཔོན་རྣམས་རྣམ་ཤེས་གྲངས་མང་ཉུང་དུ་འདོད་པ་རྣམས་རྒྱའི་སློབ་དཔོན་ཝེན་ཚེག་གིས་བཤད་པ་ལྟར་དགོད་དོ་དེ་ཡང་དགོངས་འགྲེལ་གྱི་འགྲེལ་ཆེན་བམ་པོ་དོན་ལྔ་པ་ལས། ཉན་ཐོས་ཀྱི་སྡེ་སྣོད་རྣམས་ལས་རྣམ་པར་ཤེས་པ་ནི་དྲུག་ཁོ་ནའོ་ཞེས་འབྱུང་གི་བདུན་དང་བརྒྱད་ཅེས་པ་ནི་མི་སྟོན་ཏེ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་བཤད་པ་རྣམ་པ་གཉིས་ཡོད་དེ། དེ་ལ་དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་རྣམ་པར་ཤེས་པ་ནི་དྲུག་ཁོ་ནའོ་ཞེས་བཤད་དེ། དེའི་ཕྱིར་སློབ་དཔོན་བྷ་བྱས་མཛད་པའི་བསྟན་བཅོས་དབུ་མ་སྙིང་པོའི་ནང་ནས་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ལེའུ་ལས་རྣམ་པར་ཤེས་པ་དྲུག་ལས་གུད་ན་གཞན་ཀུན་གཞི་རྣམ་པར་ཤེས་པ་མེད་དེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གིས་མ་བསྡུས་པའི་ཕྱིར་ནམ་མཁའི་མེ་ཏོག་དང་མཚུངས་པ་ཞེས་བཤད་དོ། །དེའི་ཕྱིར་དེ་དག་གི་གཞུང་གིས་


JLD018_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་དྲུག་ཁོ་ན་རྣམ་པར་བཞག་པར་རིག་པར་བྱའོ། །གཉིས་པ་འཕགས་པ་བྱམས་པའི་གཞུང་གིས་ནི། འཕགས་པ་གསེར་འོད་དམ་པའི་མདོ་སྡེ་ལ་སོགས་པ་ལ་བརྟེན་ནས་རྣམ་པར་ཤེས་པ་བརྒྱད་ཚང་བར་འཇོག་པའི་གཞུང་ལ་བརྟེན་ནས། རྒྱ་གར་ཡུལ་པའི་སློབ་དཔོན་རྣམས་རྣམ་པ་གསུམ་དུ་བཤད་དེ། དང་པོ་ནི་སློབ་དཔོན་བོ་དེ་ལེའུ་ཅེས་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་བརྟེན་ནས་སེམས་རྣམ་པ་གཉིས་རྣམ་པར་འཇོག་གོ། དེ་ལ་དང་པོ་ནི་ཆོས་ཉིད་ཀྱི་སེམས་ཏེ་དེ་ཡང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་འདི་ཉིད་ལ་སེམས་ཤེས་བྱ་ཡང་དམིགས་པ་ཅན་ནི་མ་ཡིན་ནོ། །གཉིས་པ་ནི་མཚུངས་པར་ལྡན་པའི་སེམས་ཏེ་དད་པ་དང་འདོད་ཆགས་ལ་སོགས་པའི་སེམས་ལས་བྱུང་བ་རྣམས་དང་མཚུངས་པར་ལྡན་པའོ། །ཞེས་བཤད་དེ། དེ་ནི་འདི་སྐད་དུ་རྣམ་པར་རིག་པ་ཙམ་གྱི་ཡིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡིད་དང་རྣམ་པར་ཤེས་པ་ཞེས་བཤད་ཀྱང་འགལ་བ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ། གཉིས་པ་ནི་སློབ་དཔོན་ཡང་དག་བདེན་པས་རྣམ་པར་ངེས་པའི་མཛོད་ཅེས་བྱ་བའི་བསྟན་བཅོས་ལ་བརྟེན་ནས་རྣམ་པར་ཤེས་པ་དགུའི་དོན་འཇོག་སྟེ། རྣམ་པར་ཤེས་པ་དགུའི་ལེའུ་ལས་བསྟན་པ་བཞིན་ནོ། །དེ་ལ་རྣམ་པར་ཤེས་པ་དགུ་ཞེས་བྱ་བ་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ནི་ཕལ་ཆེར་བསྟན་བཅོས་གཞན་དག་ལས་བཤད་པ་དང་མཐུན་ནོ། །བདུན་པ་ནི་ལེན་པའི་རྣམ་པར་ཤེས་པ་སྟེ་བརྒྱད་པ་ལ་བདག་དང་བདག་གིར་འཛིན་པས་ཉོན་མོངས་པ་ཁོ་ནའི་སྒྲིབ་པ་དང་ལྡན་


JLD018_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆོས་ཀྱི་འཛིན་པ་ནི་མེད་དེ་ངེས་པར་སངས་རྒྱས་སུ་མི་འགྲུབ་བོ། །བརྒྱད་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ་འདི་ཡང་རྣམ་པ་གསུམ་མོ། །ཁ་ཅིག་ན་རེ། དང་པོ་ངོ་བོ་ཉིད་ཀྱི་ཀུན་གཞི་ནི། སངས་རྒྱས་འགྲུབ་པའི་དོན་དང་ལྡན་པའོ། །གཉིས་པ་རྣམ་པར་སྨིན་པའི་ཀུན་གཞི་ནི་ཁམས་བཅོ་བརྒྱད་པོ་དག་ལ་དམིགས་པ་སྟེ་དེའི་ཕྱིར་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ལས། འདིར་བསྒྱུར་བ་ལས་མི་སྣང་ཡང་རྒྱ་ནག་ཏུ་འགྱུར་བ་ལ་ཡོད་པར་གསལ། དབང་པོ་དོན་དང་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ལས། །དེ་དང་འདྲ་བར་རབ་ཏུ་སྐྱེ། །ཞེས་འབྱུང་བས་བསྟན་བཅོས་འདི་དག་ལ་སོགས་པ་ལ་བརྟེན་ནས་བརྒྱད་པ་ཁམས་བཅོ་བརྒྱད་ལ་དམིགས་པར་བྱེད་དོ་ཞེས་བཤད་དོ། །གསུམ་པ་ཀུན་ནས་ཉོན་མོངས་པའི་ཀུན་གཞི་འདི་ནི་དེ་བཞིན་ཉིད་ཀྱི་ཡུལ་ལ་དམིགས་ནས་ང་རྒྱལ་རྣམ་པ་བཞི་འབྱུང་སྟེ། དེ་ནི་ཆོས་འཛིན་པ་ཡིན་གྱི་གང་ཟག་ཏུ་འཛིན་པ་ནི་མིན་ནོ་ཞེས་སློབ་དཔོན་བློ་བརྟན་གྱི་གཞུང་ལ་བརྟེན་ནས་དེ་སྐད་དུ་འཆད་དོ། །དགུ་པ་ནི་དྲི་མ་མེད་པའི་རྣམ་པར་ཤེས་པ་སྟེ་དེ་བཞིན་ཉིད་ཀྱི་བདག་ཉིད་དོ། །དེ་བཞིན་ཉིད་ཀྱི་བདག་ཉིད་གཅིག་ལ་དོན་གཉིས་དང་ལྡན་པས།དང་པོ་ནི་དམིགས་པར་བྱ་བའི་ཡུལ་ཏེ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི་དམིགས་པར་བྱེད་པ་སྟེ་དེ་ནི་དྲི་མ་མེད་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ། གཟོད་མ་ནས་རིག་པ་ཞེས་ཀྱང་བྱ་སྟེ་ཞིབ་ཏུ་རྣམ་པར་ཤེས་པ་དགུ་བསྟན་པ་དང༌། བསྟན་བཅོས་རྣམ་པར་ངེས་པའི་མཛོད་ཀྱི་ནང་ནས་རྣམ་པར་ཤེས་པ་དགུ་བསྟན་པའི་


JLD018_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་ལས་འབྱུང་བ་བཞིན་ནོ་ཞེའོ། །གསུམ་པ་ནི་སློབ་དཔོན་ཧྱན་ཙང་གིས་དེ་འཕགས་པ་ལང་ཀར་གཤེགས་པའི་མདོ་ཀུན་ལས་བརྒྱད་པ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལེའུ་ཆེན་པོ་ལ་སོགས་པ་ལས་ འདི་མཁས་པ་གཅིག་བྱུང་འདུག །རྣམ་པར་ཤེས་པ་ནི་དྲུག་ཁོ་ནའོ་ཞེས་གསུངས། སློབ་དཔོན་ཆོས་སྐྱོང་གི་བསྟན་བཅོས་རྣམ་པ་རིག་པ་ཙམ་དུ་གྲུབ་པ་ལས། བརྡའ་སྤྲད་དེ་བཤད་པ་ལས་ཇི་སྐད་དུ། མདོ་ལས་རྣམ་པར་ཤེས་པ་ནི་དྲུག་གོ་ཞེས་གསུངས་པ་དེ་ནི་རྗེས་སུ་འགྱུར་བའི་དོན་གྱི་སྒོ་ཡིན་ནོ། །ཡང་ན་རྟེན་དུ་གྱུར་པའི་དབང་པོ་དྲུག་གི་རྗེས་སུ་རྣམ་པ་དྲུག་གོ་ཞེས་གསུངས་པ་ཡིན་ཏེ་རྣམ་པར་ཤེས་པའི་རྣ་པའི་བྱེ་བྲག་ནི་ཡང་དག་པར་ན་རྣམ་པ་བརྒྱད་དོ་ཅི་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྣམ་པ་དྲུག་ཁོ་ནའོ་ཞེས་མ་བཞག་གམ་ཞེ་ན། སྨྲས་པ་ཡང་དག་པར་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་བདུན་དང་བརྒྱད་པ་ཡང་ཡོད་པར་ཡིད་ཆེས་མོད་ཀྱི་ཞེས་སོ། །དེ་ལྟར་འདོད་པ་གསུམ་བཀོད་ནས་ཝེན་ཚེག་རང་ཉིད་ཧྱན་ཙང་གི་རྗེས་སུ་འབྲང་ཞིང་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བཞེད་པ་བཀོད་པ་ནི་ད་ལྟ་བོད་དུ་འགྱུར་བའི་དབུ་མ་སྙིང་པོའི་ནང་ན་ཀུན་གཞི་དེ་ལྟར་བཀག་པ་མི་སྣང་ལ་ལེའུའི་མིང་འདོགས་ཀྱང་དེ་འདྲ་མི་འདུག་གོ། དེས་ན་སློབ་དཔོན་ཝེན་ཚེག་གི་མིང་ལ་འཕང་ཐང་གི་དཀར་ཆག་ཏུ་རྫོགས་གསལ་ཟེར་བ་འདུག་པས་ན་རིག་པའི་རལ་གྲི་དྲི་མ་མེད་པའི་རྣམ་ཤེས་དགུར་འདོད་མཁན་རྫོགས་གསལ་དུ་བཞེད་པ་མི་འཐད་དེ་རྫོགས་


JLD018_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རྒྱ་ནག་ཡིན་ཅིང༌དགུར་ཡང་དག་བདེན་པ་འདོད་ལ། དེ་རྒྱ་གར་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཚོགས་དགུར་འདོད་པ་དགག་པ་ནི། ཚོགས་བརྒྱད་དག་ལས་ལོགས་པ་ཡི། །གཙོ་བོ་རྣམ་ཤེས་ཡོད་གྱུར་ན། །རྟག་པའི་དངོས་པོར་འགྱུར་བའི་ཕྱིར། །ཚོགས་དགུར་འདོད་ལ་སྒྲུབ་བྱེད་མེད། །ཚོགས་བརྒྱད་ལས་ལོགས་སུ་གྱུར་པའི་གཙོ་བོ་རྣམ་ཤེས་ཡོད་ན་རྟག་པ་ཡང་ཡིན་ལ་དངོས་པོ་ཡང་ཡིན་པ་ཡོད་པར་འགྱུར་ཏེ། དེ་འདུས་བྱས་མ་ཡིན་ཞིང་ཡུལ་དམིགས་པར་བྱེད་པའི་རྣམ་ཤེས་ཡིན་པའི་ཕྱིར་རོ། །ཅི་སྟེ་ཚོགས་བརྒྱད་དུ་མི་འདུ་ཡང་འདུས་བྱས་སུ་འདོད་དོ་ཞེ་ན། མི་རུང་སྟེ་གཟུགས་དང་ལྡན་མིན་ཡིན་ན་དམིགས་བྱེད་དུ་འགལ་ཞིང་སེམས་བྱུང་ཡང་མིན་ལ་སེམས་སུ་ཡང་མི་རུང་སྟེ། ཚོགས་བརྒྱད་དུ་མི་འདུ་བའི་རྣམ་ཤེས་ཡོད་པར་འདོད་པ་ལ་ལུང་རིགས་ཡང་དག་མེད་པའི་ཕྱིར་དང༌། རྣམ་ཤེས་བདུན་པ་ལེན་པའི་རྣམ་ཤེས་སུ་དེ་བཞིན་གཤེགས་པའི་མདོ་དང་རྒྱལ་བ་བྱམས་པའི་གཞུང་གི་ཆ་གང་དུ་ཡང་མ་གསུངས་པའི་ཕྱིར་དང༌ཤིང་རྟ་ཆེན་པོ་སྐུ་མཆེད་ཀྱི་བཞེད་པ་མིན་ལ་དེ་དག་གི་གཞུང་ལ་ཚད་མར་གྱུར་པ་བློ་བརྟན་རང་དང་ཡང་མི་མཐུན་པའི་ཕྱིར་རོ། །ཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་ལས་རྣམ་ཤེས་ཚོགས་དགུར་འདོད་པ་དགག་པ་སྟེ་ལེའུ་གསུམ་པའོ།། ༈ བཞི་པ་རྣམ་ཤེས་ཚོགས་གཅིག་རུ་འདོད་པ་དགག་པ་ལ་ཕྱོགས་སྔ་མ་བརྗོད་པ་དང༌དེ་དགག་པ་གཉིས་སོ། །དང་པོ་ནི། ཡིད་ཤེས་གཅིག་ཉིད་དབང་དྲུག་གི། རྟེན་ལ་སོ་སོར་རྒྱུ་བའི་ཚེ། །


JLD018_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་མིང་དུ་བཏགས་པ་ཙམ། །བྲམ་ཟེའི་ཚོམས་དང་སྐྱེ་མཆེད་ནི། །བཅུ་གཉིས་སྟོན་པའི་མདོ་ལས་ཀྱང༌། །གཅིག་པུར་གསུངས་དང་རྣམ་ཤེས་དྲུག །ཡིད་ཀྱི་སྐྱེ་མཆེད་ཡིན་གསུང་ཕྱིར། །ཤེས་ཀུན་ཡིད་ཤེས་གཅིག་པུ་ལོ། །འདི་བྱང་སེམས་གཅིག་པུར་སྨྲ་བའི་འདོད་སྦྱར་དུ་བཤད་དོ། །དེ་ཡང་བྲམ་ཟེའི་ཚོམས་ལས། རིང་དུ་འགྲོ་བ་གཅིག་པུ་རྒྱུ། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །དེ་ནི་བྲམ་ཟེ་ངས་བཤད་དོ། །ཞེས་གཅིག་པུ་རྒྱུ་སྐྱེས་སེམས་དེ་གཅིག་པུར་གསུངས་པ་དང༌། མདོ་ལས་ཀྱང་རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དོ། །ཞེས་དང༌། རྣམ་པར་ཤེས་པ་དྲུག་གི་ཡུལ་ནི་ཡིད་ཀྱིས་མྱོང་ཞིང་ཡིད་ནི་འདི་དག་གི་སྟོན་པའོ། །ཞེས་འབྱུང་བའི་ཕྱིར་ཡིད་ཤེས་གཅིག་ཉིད་རྟེན་དབང་པོ་སོ་སོ་ལ་བརྟེན་ནས་ཡུལ་སོ་སོ་ལ་རྒྱུ་བ་རྣམ་ཤེས་སོ་སོའི་མིང་ཐོབ་པ་ཡིན་ཏེ་དཔེར་ན་ཁང་པ་བུ་ག་མང་པོ་ཡོད་པ་རུ་མར་མེ་གཅིག་བཏེག་པ་བཞིན་ནོ། །དེ་ལྟར་ཡང་ཐེག་ཆེན་བསྡུས་པར་ཁ་ཅིག་ནི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་རྟེན་དེ་དང་དེ་ནས་འཇུག་པ་ནི་དེ་དང་དེའི་མིང་འཐོབ་སྟེ་སེམས་པ་ལ་ལུས་དང་ངག་གི་ལས་ཞེས་བྱ་བ་བཞིན་ནོ་སྙམ་མོ། །རྟེན་ཐམས་ཅད་དུ་འབྱུང་བ་ན་སྣ་ཚོགས་ཀྱི་རྣམ་པས་གཉིས་སུ་སྣང་བ་འབྱུང་སྟེ་དེ་དོན་ཙམ་དུ་སྣང་བ་དང༌། རྣམ་པར་རྟོག་པ་སྣང་བའི་ཕྱིར་རོ། །གཟུགས་ཅན་གྱི་ཁམས་ན་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལུས་ལ་གནས་པའི་ཕྱིར་རོ། དེ་ལས་གཞན་པའི་དབང་པོ་གཟུགས་ཅན་ལུས་ལ་སྣང་བ་བཞིན་དུ་གནས་ཐམས་ཅད་དུ


JLD018_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

འང་རེག་བྱ་ལ་འཛིན་པར་སྣང་བའང་འབྱུང་ངོ༌། །འདིར་ཚིགས་སུ་བཅད་པ། གང་ཞིག་ལུས་མེད་ཕུག་གནས་ཤིང༌། །རིང་དུ་འགྲོ་ལ་གཅིག་པུ་རྒྱུ། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །དེ་ནི་བྲམ་ཟེ་ངས་བཤད་དོ། །ཡང་དབང་པོ་ལྔ་པོ་འདི་དག་གི་སྤྱོད་ཡུལ་གྱི་ཡུལ་ནི་ཡིད་ཀྱིས་མྱོང་སྟེ་ཡིད་ནི་འདི་དག་གི་སྟོན་པའོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་སྐྱེ་མཆེད་བཅུ་གཉིས་བསྟན་པ་ལས་རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དོ་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །ཞེས་སོ། །གཟུགས་ཅན་གྱི་ཞེས་པ་ནས་སྣང་བ་ཡང་འབྱུང་ཞེས་པའི་བར་གྱི་དོན་ནི། ཡིད་ཤེས་དེ་ལས་གཞན་པའི་དབང་པོ་གཟུགས་ཅན་ལྔ་པོ་རྣམས་ལུས་ལ་གནས་པ་སྟེ་དབང་པོ་དེ་དག་ལ་ཕན་པ་དང་གནོད་པ་གཞན་གཟུགས་ཅན་གྱི་ཁམས་ན་ཡིད་ཤེས་ལུས་ལ་གནས་པས་དེའི་མྱོང་བ་ལུས་ཀྱིའང་ཡིན་ཅིང་ལུས་ཀྱི་གནས་ཐམས་ཅད་དུ་རེག་བྱ་ལྕི་ཡང་སོགས་ལ་འཛིན་པར་ཡང་སྣང་ཞེས་པའོ། །རྣམ་པ་གཉིས་སུ་སྣང་ཞེས་པ་ཡིད་ཤེས་དེའི་ཆ་གཅིག་ནི་དོན་ཙམ་དུ་སྣང་ཞིང་རིག་ལ་ཞེན་ཅིང་རྟོག་པ་མེད་ལ་ཆ་གཅིག་ནི་དོན་དུ་སྣང་བ་ལ་ཞེན་ཅིང་རྟོགས་པས་ན་ཡིད་ཤེས་ཀྱང་ཡིན་པའི་ཕྱིར་རྟོགས་མེད་ཁོ་ནར་འགྱུར་བའི་སྐྱོན་མེད་ཅེས་པའི་དོན་ནོ། །ཁུངས་གཉིས་པར་སྟོན་པ་ཞེས་པ་ནི་ཡིད་ཀྱི་དབང་གིས་འགྲུབ་པའི་དོན་ནོ། །གཉིས་པ་དེ་དགག་པ་ནི། ལུང་དོན་གཞན་དུ་ནུས་ཕྱིར་དང༌། །དབང་ཤེས་ཀྱིས་ཀྱང་ལྐོག་གྱུར་དང༌། །འདས་དང་མ་འོངས་འཛིན་འགྱུར་ཕྱིར། །ཚོགས་གཅིག་འདོད་པ་མུན་སྤྲུལ་ལོ། །རེ་ཞིག་ལུང་ལས་རྣམ་ཤེས་གཅིག་ཏུ་མི་འགྲུབ་སྟེ་འདི་ལྟར་


JLD018_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་རྒྱུ་ཞེས་པ་ཡིད་ཤེས་ཁོ་ན་ལ་དགོངས་ཤིང་དབང་པོ་ལྔའི་སྤྱོད་ཡུལ་ལ་ཡིད་རྒྱུ་བ་དང་ཡིད་དབང་ཤེས་ཀྱི་སྟོན་པར་གསུངས་པ་ནི་རིམ་པ་ལྟར་ཡིད་ཀྱི་ཤེས་པས་ཆོས་ཐམས་ཅད་འཛིན་པ་དང༌། ཡིད་ཤེས་ཀྱི་མཐུས་དབང་ཤེས་ཡུལ་ལ་འཇུག་པ་ཡོད་པ་དང༌དེ་དག་ཡུལ་ལ་མི་འཕྲོ་བར་ནང་དུ་སྡུད་པ་ཡང་ཡིད་ཤེས་ཀྱི་ནུས་པ་ལ་དགོངས་པ་ཡིན་པའི་ཕྱིར་དང༌ཚོགས་དྲུག་ཡིད་ཀྱི་སྐྱེ་མཆེད་དུ་གསུངས་པ་སྐྱེ་མཆེད་བཅུ་གཉིས་སུ་བྱེད་པ་ལ་སྐྱེ་མཆེད་གཞན་དུ་གཞག་ཏུ་མེད་པས་དེར་བཤད་ཀྱི་ཡིད་ཤེས་སུ་སྟོན་པ་མ་ཡིན་ཏེ་ཡིད་དང་ཡིད་ཤེས་གཅིག་མ་ཡིན་པའི་ཕྱིར་རོ། །རིགས་པས་ཀྱང་མི་འགྲུབ་སྟེ། གལ་ཏེ་གཅིག་ན་དབང་ཤེས་ཀྱིས་ཀྱང་ལྐོག་གྱུར་རྟགས་ལས་དཔོག་པ་དང༌། འདས་མ་འོངས་འཛིན་པ་སྲིད་པར་འགྱུར་ཏེ་ཡིད་ཤེས་ཡིན་པའི་ཕྱིར་རོ། །ཡང་ཡིད་ཤེས་ཀྱང་རྟོག་མེད་ཁོ་ནར་འགྱུར་ཏེ་དབང་ཤེས་དང་རྫས་གཅིག་པའི་ཕྱིར་རོ། །ཅི་སྟེ་དེ་གཅིག་ཀྱང་དོན་ཙམ་དུ་སྣང་བ་དང་ཞེན་ཅིང་རྟོག་པའི་ཆ་གཉིས་ཡོད་ཅེས་མ་བརྗོད་དམ་ཞེ་ན་ཆ་གཉིས་ཀྱང་ཡིན་ལ་རྫས་གཅིག་པུ་ཡང་ཡིན་པ་འདི་ནི་ལྷ་རྣམས་དགའ་བར་བྱེད་ཀྱི་དོན་ཤེས་པ་ནི་མ་ཡིན་ནོ། །ཚོགས་གཅིག་ཏུ་འདོད་པ་འདི་ཐེག་བསྡུས་སུ་དངོས་སུ་མ་བཀག་ཀྱང་ཚོགས་བརྒྱད་བསྒྲུབ་པ་ཉིད་འདི་བཀག་པ་ཡིན་ནོ། །བཤད་སྦྱར་དུ་འདིའི་འགྲེལ་པར་མ་བཀག་མོད་འོན་ཀྱང་གོང་དུ་ཡིད་ཤེས་ཀྱི་རྟེན་གྱི་སྙིང་གི་གཟུགས་སུ་འདོད་པ་བཀག་པ་འདིའི་ཡང་དགག་པའོ། །རྣམ་ཤེས་བརྒྱད་ལས་གྲངས་མངས་བ་དང་ཉུང་བར་སྨྲ་བ་ལ་ལུང་རིགས་ཀྱི་གནོད་པ་ཡོད་པ། དེ་ཕྱིར་ཡིད་ཆེས་ལུང་རིགས་ཀྱིས། །


JLD018_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་རྣམ་ཤེས་བརྒྱད་ཡིན་ཕྱིར། །གསང་བའི་གནས་ལ་མི་ཞུམ་པའི། །མཁས་པས་བརྒྱད་ཉིད་འདོད་པར་བྱ། །དེ་བཞིན་གཤེགས་པའི་གནས་ཟབ་མོ་ཀུན་གཞི་དང༌། རྣམ་པར་རིག་པ་ཙམ་གྱི་ལྟ་བ་ལ་མི་སྐྲག་པའི་མཁས་པ་རྣམས་ཀྱིས་ཚོགས་བརྒྱད་ཉིད་དུ་འདོད་པར་བྱའོ། །ཡིད་དང་ཀུན་གཞིའི་དཀའ་གནས་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་ལས་རྣམ་ཤེས་གཅིག་པུར་འདོད་པ་དགག་པ་སྟེ་ལེའུ་བཞི་པའོ། །གཞན་གྱི་ངལ་བརྒྱས་འབད་ཀྱང་ཤིན་ཏུ་རྟོགས་དཀའི་གནས། །ཇི་བཞིན་རྟོགས་མ་ནུས་པ་ཡིད་དང་ཀུན་གཞིའི་གནས། །སྐུ་མཆེད་གཞུང་དང་དེ་འགྲེལ་དགོངས་པ་ཇི་ལྟ་བཞིན། །བླ་མའི་དྲིན་གྱིས་ངས་འདིར་མ་འདྲེས་རྫོགས་པར་བཀོད། །ལན་མང་ཐོས་པས་ཚིག་ཙམ་ཤེས་གྱུར་ཅིང༌། །འདོད་པ་རིམ་པས་ཁ་ཏོན་བྱང་བ་ཅན། །ཡི་གེ་ཙམ་གྱིས་ཆོག་པར་འཛིན་པ་ཡི། །མཁས་པའི་ཤ་ཚུགས་ཅན་རྣམས་མགུ་དཀའ་མོད། །ཐུབ་པའི་གསུང་དང་ཤིང་རྟ་ཆེ་རྣམས་ཀྱི། །གཞུང་ལུགས་འབྱེད་ལ་གཞན་དྲིང་མི་འཇོག་ཅིང༌། །མུན་སྤྲུལ་བརྡ་ཡིས་བློ་གྲོས་མ་དཀྲུགས་པའི། །མཁས་པས་མཁས་པའི་ཡིད་རབ་འཕྲོག་པར་བྱེད། །རྒྱ་ཆེན་རྒྱ་མཚོ་ལྟ་བུ་ཡི། །རྣམ་རིག་གཞུང་ལ་སྦྱངས་གྱུར་པ། །དེ་དག་གིས་ནི་རྣམ་ཤེས་འདི། །གཟུ་བློས་རིགས་དང་མི་རིགས་དཔྱད། །གལ་ཏེ་རིགས་པ་ལྟ་ན་བླང༌། །ཕྲ་ཞིང་ཕྲ་ལ་བདག་འདྲའི་བློ། །འཁྲུལ་མི་སྲིད་པ་མ་ཡིན་ཕྱིར། །ཅི་སྟེ་མིན་ན་གཞན་དུ་གྱིས། །དེ་ལས་ཐོབ་པའི་རབ་དཀར་དགེ་བ་འདི། །འདི་དང་ཕྱི་མ་ཀུན་ཏུ་མི་ཟད་གཏེར། །གཏེར་ཆེན་བུམ་བཞིན་དཔག་


JLD018_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡོན་ཏན་དག །དག་དང་མ་དག་འགྲོ་ལ་སྩོལ་གྱུར་ཅིག །གཞན་ཡང་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །སྡོམ་བརྩོན་དམ་པའི་རྗེས་སུ་འཇུག་པ་དང༌། །ཐུབ་པའི་གསུང་གི་བདུད་རྩི་འཐུང་བ་དང༌། །ཀུན་ལ་བྲན་བཞིན་ཁེངས་དང་བྲལ་གྱུར་ཅིག །ཡིད་དང་ཀུན་གཞིའི་དཀའ་གནས་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་འདི་ནི་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་དཔག་ཏུ་མེད་པ་མངའ་བས་གདུལ་བྱ་བགྲང་ལས་འདས་པའི་ཐར་པའི་ལམ་གསལ་བར་མཛད་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་ཞབས་ཀྱི་རྡུལ་སྤྱི་བོས་ལེན་ཅིང་ཚེ་རབས་དུ་མར་ཚོགས་གཉིས་རླབས་པོ་ཆེ་བསྐྲུན་པས་དེ་བཞིན་གཤེགས་པའི་གསུངས་རབ་ཕལ་མོ་ཆེ་མཐོང་བ་ཙམ་གྱིས་ཐུགས་སུ་ཆུད་ཅིང་ཐུབ་པའི་གསུང་གི་མཛོད་ཀྱི་གཅེས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་དོན་ལ་ཤེས་ནས་ཐེ་ཚོམ་བསལ་བ་ཆོས་ཀྱི་སྤྱན་ལྡན་ཆེན་པོ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་ཞབས་ཀྱི་པད་མོ་གུས་པས་བསྟེན་པས་རྒྱལ་བའི་གསུང་གི་ཕྱོགས་རེའི་དོན་ལ་བློའི་འཇུག་པ་ཅུང་ཞིག་སད་པ་ཤར་མདོ་སྨད་པ་སྡེ་སྣོད་གསུམ་པ་བློ་བཟང་གྲགས་པས་མཁས་ལ་གྲུབ་པ་བརྙེས་པའི་དམ་པ་དུ་མས་བྱིན་གྱིས་བརླབས་ཤིང་གངས་རིའི་ཁྲོད་པ་རྣམས་ཀྱི་རྡོ་རྗེའི་གདན་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་འདིས་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་གྱུར་ཅིག། མངྒ་ལཾ། །སྭ་སྟི། །རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྐྱེ་བཞི་དགེ་བཅུའི་གླིང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །


previousཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ་བ།next