Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  expand section
  expand section
   
   
   
སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ།
   
   
   
   
   
   


 
previousསྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ།next

སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ།


JLD018_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། །


JLD018_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས། །བདུད་བཞི་ཕམ་མཛད་མི་གཡོ་མགོན། ངག་དབང་ལྷ་མོ་དབྱངས་ཅན་མ། །རྩོམ་འཆད་རྩོད་པའི་བློ་གྲོས་སྤེལ། །ཡུལ་དང་ཡུལ་ཅན་ཡུལ་དེ་རྟོགས་པའི་ཐབས། །རྣམ་པ་འདི་གསུམ་གཏན་ལ་དབབ་པར་བྱ། །དེ་ལ་ཡུལ་དང་ཤེས་བྱ་གཞལ་བྱ་རྣམས་གཙོ་བོར་དོན་གཅིག་ཡིན་པས། ཡུལ་གྱི་མཚན་ཉིད་གོ་བར་བྱ་བའམ་རིག་པར་བྱ། ཤེས་བྱའི་མཚན་ཉིད་བློའི་ཡུལ་དུ་བྱར་རུང་བ། གཞལ་བྱའི་མཚན་ཉིད་ཚད་མས་རྟོགས་པར་བྱ་བ། ཡུལ་ལ་ངོ་བོའི་སྒོ་ནས་དབྱེ་ན། དངོས་པོ་དང་དངོས་མེད། འདུས་བྱས་དང་འདུས་མ་བྱས། རྟག་པ་དང་མི་རྟག་པའོ། །མཚན་ཉིད་རིམ་པ་བཞིན། དོན་བྱེད་ནུས་པ། དོན་བྱེད་ནུས་སྟོང༌།


JLD018_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ནམ་མཁའ་ལྟ་བུ། རང་གི་རྒྱུ་རྐྱེན་ལས་སྐྱེས་པ། རང་གི་རྒྱུ་རྐྱེན་ལས་མ་སྐྱེས་པ། མི་འཇིག་པའི་ཆོས། རང་གྲུབ་དུས་ལས་དུས་གཉིས་པར་མི་སྡོད་པའི་དངོས་པོ་རྣམས་སོ། །དངོས་པོ་ལ་ངོ་བོའི་སྒོ་ནས་དབྱེ་ན། བེམ་རིག་གཉིས། དང་པོའི་མཚན་ཉིད་རྡུལ་དུ་གྲུབ་པ། གཉིས་པའི་མཚན་ཉིད་ཡུལ་རེག་པ། བེམ་པོ་ལ་དབྱེ་ན། ཕྱི་དོན་བེམ་པོ་དང༌ནང་དོན་བེམ་པོ་གཉིས། མཚན་ཉིད་རིམ་བཞིན། ཕྱིའི་རྡུལ་དུ་གྲུབ་པ། ནང་གི་རྡུལ་དུ་གྲུབ་པ། ཕྱི་དོན་བེམ་པོ་ལ་དབྱེ་ན། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ༌། མཚན་ཉིད་རིམ་བཞིན། བེམ་པོ་གང་ཞིག མིག་གི་དབང་ཤེས་ཀྱི་དངོས་ཡུལ་དུ་གྱུར་པ། གང་ཞིག་རྣ་བའི། གང་ཞིག་སྣའི། གང་ཞིག་ལྕེའི། གང་ཞིག་ལུས་ཀྱི་དངོས་ཡུལ་དུ་གྱུར་བ། གཟུགས་ལ་དཀར་ནག་སོགས་ཁ་དོག་


JLD018_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཟུགས་དང༌། གྲུ་བཞི་སོགས་དབྱིབས་ཀྱི་གཟུགས་གཉིས། སྒྲ་ལ་ངག་ཚིག་སོགས། ལུང་དུ་སྟོན་པའི་སྒྲ། ཆུ་སྒྲ་སོགས་ལུང་དུ་མི་སྟོན་པའི་སྒྲ་གཉིས། དྲི་ལ། ཞིམ་མི་ཞིམ་གཉིས། རོ་ལ། ཞིམ་མི་ཞིམ་གཉིས། རེག་བྱ་ལ། འཇམ་རྩུབ་གཉིས། ནང་དོན་བེམ་པོ་ལ་དབྱེ་ན། མིག་གི་དབང་པོ་གཟུགས་ཅན། རྣ་བའི། སྣའི། ལྕེའི། ལུས་ཀྱི་དབང་པོ་གཟུགས་ཅན་དང་ལྔ། མཚན་ཉིད་རིམ་པ་བཞིན། ནང་དོན་བེམ་པོ་གང་ཞིག །མིག་གི་དབང་ཤེས་ཀྱི་བདག་རྐྱེན། གང་ཞིག་རྣ་བའི། གང་ཞིག་སྣའི། གང་ཞིག་ལྕེའི། གང་ཞིག་ལུས་ཀྱི་དབང་ཤེས་ཀྱི་བདག་རྐྱེན་དུ་རུང་བ། དབྱེ་ན། རེ་རེ་ལ། མིག་གིས་ཡུལ་ལ་འཇུག་དུས་ཀྱི་མིག་དབང་ལྟ་བུ་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་དང༌། མིག་གིས་ཡུལ་ལ་མི་འཇུག་དུས་ཀྱི་མིག་དབང་ལྟ་བུ། དེ་མཚུངས་ཀྱི་དབང་པོ་གཟུགས་ཅན་གཉིས་གཉིས་སུ་ཡོད། དངོས་པོ་ལ་བྱེད་པའི་སྒོ་ནས་དབྱེ་ན། རྒྱུ་དང་འབྲས་བུ་གཉིས། མཚན་ཉིད་རིམ་བཞིན། ཆོས་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་དོན་གཞན་ཕྱི་མ། རྒྱུ་ལ་ངོ་བོའི་སྒོ་ནས་དབྱེ་ན། དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས། མཚན་ཉིད་རིམ་བཞིན། ཆོས་དེའི་རྒྱུ་གང་ཞིག ཆོས་དེའི་རྒྱུ་དང་ཁྱོད་ཀྱི་འབྲས་བུ་གཉིས་ཀ་ཡིན་པ་མེད་པ། གང་ཞིག་ཆོས་དེའི་རྒྱུ་དང་ཁྱོད་ཀྱི་འབྲས་བུ་གཉིས་ཀ་ཡིན་པ་ཡོད་པ། རྒྱུ་ལ་གཙོ་ཕལ་གྱི་སྒོ་ནས་དབྱེ་ན། ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས། མཚན་ཉིད་རིམ་བཞིན། ཆོས་དེའི་ལྷན་ཅིག་བྱེད་རྐྱེན་ལ་བལྟོས་ནས་ཆོས་དེ་སྐྱེད་པ། ཆོས་དེའི་ཉེར་ལེན་གྱིས་དེ་སྐྱེད་པའི་གྲོགས་སུ་གྱུར་པ། སྤྱིར་རྐྱེན་ལ་དབྱེ་ན། དམིགས་རྐྱེན། བདག་རྐྱེན། དེ་མ་ཐག་རྐྱེན་དང་གསུམ། མཚན་ཉིད་རིམ་བཞིན། ཆོས་དེ་ཡུལ་གྱི་


JLD018_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ལྡན་དུ་དངོས་སུ་སྐྱེད་བྱེད་ཀྱི་ཕྱི་དོན། ཆོས་དེ་རང་དབང་དུ་སྐྱེད་བྱེད། ཆོས་དེ་གསལ་རིག་གི་ངོ་བོར་གཙོ་བོར་དངོས་སུ་སྐྱེད་བྱེད། ཞར་བྱུང་དུས་གསུམ་དང༌། རགས་རྒྱུན་སོགས་འཆད་པ་ལ། འདས་པའི་མཚན་ཉིད་ཐལ་ཟིན་པ། མ་འོངས་པའི་མཚན་ཉིད་མ་སླེབ་ཅིང་ཐལ་མ་ཟིན་པ། ད་ལྟར་གྱི་མཚན་ཉིད་སྐྱེས་ལ་མ་འགགས་པ། རགས་པའི་མཚན་ཉིད་རང་གི་བདག་ཉིད་དུ་གྱུར་པའི་ཕྱོགས་ཆ་ཡོད་པའི་རྡུལ། དཔེ་བུམ་པ་ལྟ་བུ། ཆ་མེད་ཀྱི་རྡུལ་གྱི་མཚན་ཉིད། རང་གི་བདག་ཉིད་དུ་གྱུར་པའི་ཕྱོགས་ཆ་མེད་པའི་རྡུལ། དཔེ་མདུན་གྱི་རྡུལ་ཆུང་ཐ་གཅིག་ལྟ་བུའོ། ། རྒྱུན་གྱི་མཚན་ཉིད། རང་གི་བདག་ཉིད་དུ་གྱུར་པའི་སྐད་ཅིག་སྔ་ཕྱི་དུ་མ་ཡོད་པའི་དངོས་པོ། དཔེ་ལོ་ལྟ་བུའོ། །སྐད་ཅིག་ཆ་མེད་ཀྱི་མཚན་ཉིད། རང་གི་བདག་ཉིད་དུ་གྱུར་པའི་སྐད་ཅིག་སྔ་ཕྱི་མེད་པའི་དངོས་པོ། དཔེ་ཡི་གེའི་ཆ་ཤས་སུ་གྱུར་པའི་སྐད་ཅིག་དྲུག་ཅུའི་དང་པོ་ལྟ་བུའོ། །ཡུལ་ལ་ཡུལ་དུ་བྱས་ཚུལ་མི་འདྲ་བའི་སྒོ་ནས་དབྱེ་ན། སྣང་ཡུལ་ལམ། གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་གསུམ། གཟུང་ཡུལ་གྱི་མཚན་ཉིད། སྣང་ནས་རིག་པར་བྱ་བ། དབྱེ་ན། མངོན་སུམ་གྱི་གཟུང་ཡུལ། རྟོག་པའི་གཟུང་ཡུལ། རྟོག་མེད་འཁྲུལ་ཤེས་ཀྱི་གཟུང་ཡུལ་དང་གསུམ། དང་པོ་ལ་དབྱེ་ན། གཞན་རིག་མངོན་སུམ་གྱི་གཟུང་ཡུལ། རང་རིག་མངོན་སུམ་གྱི་གཟུང་ཡུལ་དང་གཉིས། རིམ་པ་བཞིན། ཆོས་དེ་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཀྱི་ཕྱི་དོན། དཔེར་ན་དབང་ཡིད་ལ་བལྟོས་ཏེ་གཟུགས་སོགས་ལྔ་ལྟ་བུའོ། །གཟུང་ཡུལ་ཕྱི་


JLD018_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཉིས་དོན་སྤྱི་ལྟ་བུ་དང༌། ཟླ་གཉིས་ལྟ་བུའོ། །ཞེན་ཡུལ་གྱི་མཚན་ཉིད། ཞེན་ནས་རིག་པར་བྱ་བ། དབྱེ་ན། ཡོད་ངེས་མེད་ངེས། བསྐལ་དོན་དང་གསུམ། ཡོད་ངེས་ཀྱི་མཚན་ཉིད། ཚད་མས་དམིགས་པ། མེད་ངེས་ཀྱི་མཚན་ཉིད། ཚད་མས་སྣང་རུང་མ་དམིགས་པ། གང་ཟག་དེའི་བསྐལ་དོན་གྱི་མཚན་ཉིད། ཡོད་ཀྱང་གང་ཟག་དེའི་ཚད་མ་ལ་བལྟར་མི་རུང་བ། དབྱེ་ན། གང་ཟག་དེ་ལ་ཡུལ་གྱི་བསྐལ་བའི་བསྐལ་དོན།དུས་ཀྱི་བསྐལ་བའི་བསྐལ་དོན། རང་བཞིན་གྱི་བསྐལ་བའི་བསྐལ་དོན་དང་གསུམ། དཔེ་རིམ་བཞིན་ཁང་པ་གཞན་ན་གནས་པའི་མིའི་སྡོད་ལུགས་ལྟ་བུ་དང༌། སང་མདུན་གྱི་གཞི་འདིར་མིའི་སྡོད་ལུགས་ལྟ་བུ་དང༌། མདུན་གྱི་གཞིར་ཤ་ཟ་ལྟ་བུའོ། །འཇུག་ཡུལ་གྱི་མཚན་ཉིད། བླང་དོར་བྱ་བའི་ཕྱིར་ཞུགས་པ་ན་མི་སླུ་བ། དཔེར་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལ་མི་རྟག་པ་ལྟ་བུ། སྔོན་པོའི་དབང་པོའི་མངོན་སུམ་ལ་སྔོན་པོ་ལྟ་བུ་དང༌། བུམ་པའི་སྒྲ་རྟོག་ཁྱད་པར་ཅན་ལ་བུམ་པ་ལྟ་བུ་དང༌། སོ་ནམ་བྱེད་པའི་སྐྱེས་བུ་ལ་ས་བོན་དང་ཆུ་ལུད་དྲོད་གཤེར་ཚོགས་པའི་ཞིང་ལྟ་བུའོ། །གཞལ་བྱ་ལ་རྟོགས་ཚུལ་གྱི་སྒོ་ནས་དབྱེ་ན། རང་མཚན་དང་སྤྱི་མཚན་གཉིས་སམ། ཡང་ན། གཞལ་བྱ་མངོན་གྱུར་ལ་སོགས་པ་གསུམ། རང་མཚན་གྱི་མཚན་ཉིད། དོན་དམ་པར་དོན་བྱེད་ནུས་པ།དཔེར་ན་སྔོན་པོ་ལྟ་བུའོ། །ཡང་ན་ཡུལ་དུས་མ་འདྲེས་པར་གནས་པའི་དངོས་པོ། སྤྱི་མཚན་གྱི་མཚན་ཉིད་དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། ཡང་ན་རྟོགས་པ་ལ་ཡུལ་དུས་འདྲེས་པར་སྣང་བའི་སྣང་ཡུལ། དཔེར་ན་


JLD018_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ལ་ལྟོ་ལྡིར་ཞབས་ཞུམ་སྣང་བ་ལྟ་བུའོ། །གཞལ་བྱ་མངོན་གྱུར་གྱི་མཚན་ཉིད་མངོན་སུམ་ཚད་མས་རྟོགས་པར་བྱ་བ། དཔེར་ན་སྔོན་པོ་ལྟ་བུའོ། །གཞལ་བྱ་ལྐོག་གྱུར་གྱི་མཚན་ཉིད་རྗེས་དཔག་ཚད་མས་རྟོགས་པར་བྱ་བ། དཔེར་ན་སྔོན་པོ་མི་རྟག་པ་ལྟ་བུའོ། །ཡང་ན་དེ་གཉིས་ཀྱི་མཚན་ཉིད།མྱོང་སྟོབས་ཀྱི་སྒྲོ་འདོགས་དཔྱད་པར་བྱ་བ་དང༌། རྟགས་སྟོབས་ཀྱིས་སྒྲོ་འདོགས་དཔྱད་པར་བྱ་བ། གཞལ་བྱ་ཤིན་ཏུ་ལོག་གྱུར་གྱི་མཚན་ཉིད་དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་རྟོགས་པར་བྱ་བ། དཔེར་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བ་ལྟ་བུའོ། །ཞར་བྱུང་བརྗོད་བྱའི་མཚན་ཉིད། བརྡ་ལས་གོ་བར་བྱ་བ། དབྱེ་ན་གཉིས་ལས། ཞེན་པའི་བརྗོད་བྱའི་མཚན་ཉིད། ངག་ཀུན་སློང་གི་ཤེས་པས་ཞེན་པའི་དབང་གིས་ངག་ལས་གོ་བར་བྱ་བ། ཞེན་པའི་བརྗོད་བྱས་ཟླས་དྲངས་པའི་དངོས་ཀྱི་བརྗོད་བྱའི་མཚན་ཉིད། ངག་ཀུན་སློང་གི་རྟོག་པ་ལ་སྣང་བའི་དབང་གིས་ངག་ལས་གོ་བར་བྱ་བ། དཔེར་ན་བུམ་པའི་དོན་སྤྱི་ལྟ་བུའོ། །ཞེན་པའི་བརྗོད་བྱ་ལ་དབྱེ་ན། དངོས་ཀྱི་ཞེན་པའི་བརྗོད་བྱ་དང༌། ཤུགས་ཀྱི་ཞེན་པའི་བརྗོད་བྱ་གཉིས། དཔེར་ན་བུམ་པ་མི་རྟག་ཅེས་པའི་སྒྲ་ལ་བལྟོས་ནས་བུམ་པ་མི་རྟག་པ་ལྟ་བུ་དང་། བུམ་པ་རྟག་པ་མ་ཡིན་པ་ལྟ་བུའོ། །ཡང་བརྗོད་བྱ་ལ་འཆད་དུས་ཀྱི་བརྗོད་བྱ་དང༌། འཇུག་དུས་ཀྱི་བརྗོད་བྱ་གཉིས། དང་པོ་ལ་དབྱེ་ན། ཞེན་པའི་བརྗོད་བྱ་དང༌། དངོས་ཀྱི་བརྗོད་བྱ་གཉིས། ཕྱི་མ་ལ་དབྱེ་བ་མེད་དོ། །ཡུལ་གྱི་


JLD018_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་བཤད་ཟིན་ཏོ། །ཡུལ་ཅན་གྱི་མཚན་ཉིད་གོ་བྱེད་དམ་རིག་བྱེད། དབྱེ་ན་རྗོད་བྱེད་དང་ཤེས་པ་གཉིས། རྗོད་བྱེད་ཀྱི་མཚན་ཉིད། བརྡའི་དབང་གིས་བརྗོད་བྱ་གོ་བྱེད། ངོ་བོའི་སྒོ་ནས་དབྱེ་ན། མིང་ཚིག་ངག་གསུམ། མིང་གི་མཚན་ཉིད་ཡུལ་གྱི་ངོ་བོ་ཙམ་རྗོད་བྱེད། དཔེར་ན་བུམ་པ་ཞེས་པ་ལྟ་བུའོ། །དབྱེ་ན་གཉིས་ལས། དོན་དེའི་དངོས་མིང་གི་མཚན་ཉིད། དོན་དེ་ལ་དང་པོར་བརྡ་སྦྱར་བའི་མིང་གང་ཞིག །དོན་དེ་འཁྲུལ་མེད་དུ་གོ་བར་བྱེད་ནུས་པ། དཔེར་ན་རི་དྭགས་རྒྱལ་པོ་ལ་སེང་གེ་ཞེས་པའི་སྒྲ་ལྟ་བུའོ། །དོན་དེའི་བཏགས་མིང་གི་མཚན་ཉིད། ཁྱོད་དངོས་མིང་དུ་འཇུག་པའི་ཡུལ་དེ་དང་དོན་དེ་ཆོས་འགའ་ཞིག་མཚུངས་པ་རྒྱུ་མཚན་དུ་བྱས་ནས། དོན་དེ་ལ་ཕྱིས་བརྡ་སྦྱར་བའི་མིང༌། དཔེར་ན་བྲམ་ཟེའི་ཁྱིའུ་ཁ་ཆེ་སྣ་ཉག་ལ་སེང་གེ་ཞེས་པའི་སྒྲ་ལྟ་བུ། ཚིག་གི་མཚན་ཉིད། ཡུལ་གྱི་ངོ་བོ་ཡང་ཁྱད་ཆོས་དང་སྦྱར་ནས་རྗོད་བྱེད། དཔེར་ན། བུམ་པ་ཆུང་ངུ་ཞེས་པའི་སྒྲ་ལྟ་བུ། ངག་གི་མཚན་ཉིད། ཡུལ་གྱི་ཁྱད་ཆོས་ཀྱང་འཇུག་ལྡོག་གི་གཞི་དང་སྦྱར་ནས་རྗོད་བྱེད། དཔེར་ན་བུམ་པ་ཆུང་ངུས་ཆུ་ལོན་ཅིག་ཅེས་པའི་སྒྲ་ལྟ་བུའོ། །རྗོད་བྱེད་ལ་བརྗོད་བྱའི་སྒོ་ནས་དབྱེ་ན། རིགས་རྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲ་དང་གཉིས། དང་པོའི་མཚན་ཉིད་རང་གིས་ཟིན་པར་བརྗོད་པའི་བརྗོད་བྱའི་དོན་དེ་ཡིན་ན་རིགས་སྤྱི་ཡིན་པ། དཔེར་ན་གཟུགས་ཞེས་པའི་སྒྲ་ལྟ་བུའོ། །ཚོགས་རྗོད་ཀྱི་སྒྲའི་མཚན་ཉིད། རང་གིས་ཟིན་པར་བརྗོད་པའི་བརྗོད་བྱ་ཡིན་ན། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པ། དཔེར་ན་རི་བོ་གངས་ཅན་ཞེས་པའི་སྒྲ་ལྟ་བུའོ། །བརྗོད་བྱ་ལ་བརྗོད་ཚུལ་གྱི་སྒོ་ནས་


JLD018_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན། ཆོས་བརྗོད་ཀྱི་སྒྲ་དང༌། ཆོས་ཅན་བརྗོད་པའི་སྒྲ་གཉིས། དང་པོའི་མཚན་ཉིད་རང་གིས་ཟིན་པར་བརྗོད་པའི་བརྗོད་བྱའི་ཁྱད་ཆོས་གཞན་རྣམས་རང་གི་བརྗོད་བྱར་སྤངས་པའི་སྒོ་ནས་བརྗོད་བྱ་གོ་བྱེད། དཔེར་ན་བ་གླང་རྟ་མིན་པ་ཉིད་ཡིན་ནོ། །ཞེས་པའི་སྒྲ་ལྟ་བུའོ། །ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད། རང་གིས་ཟིན་པར་བརྗོད་པའི་བརྗོད་བྱའི་ཁྱད་ཆོས་གཞན་རྣམས་རང་གི་བརྗོད་བྱར་མ་སྤངས་པའི་སྒོ་ནས་བརྗོད་བྱ་གོ་བྱེད། དཔེར་ན་བ་གླང་རྟ་མ་ཡིན་པ་ཡིན་ནོ། །ཞེས་པའི་སྒྲ་ལྟ་བུའོ། །རྗོད་བྱེད་ལ་རྣམ་གཅོད་ཀྱི་སྒོ་ནས་དབྱེ་ན། མི་ལྡན་རྣམ་གཅོད་ཀྱི་སྒྲ་དང༌། གཞན་ལྡན་རྣམ་གཅོད་ཀྱི་སྒྲ་དང༌། མི་སྲིད་རྣམ་གཅོད་ཀྱི་སྒྲ་དང་གསུམ། མཚན་ཉིད་རིམ་པ་བཞིན། ཚིག་ཕྲད་ཁྱད་ཆོས་ཀྱི་འོག་དེ་མ་ཐག་པར་སྦྱར་ནས་རྗོད་བྱེད། ཁྱད་གཞིའི་འོག་དེ་མ་ཐག་པར་སྦྱར་ནས་རྗོད་བྱེད། བྱ་བ་སྲིད་པའི་འོག་དེ་མ་ཐག་པར་སྦྱར་ནས་བརྗོད་བྱེད། དཔེ་རིམ་བཞིན། ནག་པ་འཕོངས་སྐྱེན་པ་ཁོ་ན་ཞེས་བརྗོད་པའི་སྒྲ་དང༌། སྲིད་སྒྲུབ་ཁོ་ན་འཕོངས་སྐྱེན་ཞེས་བརྗོད་པའི་སྒྲ་དང༌། མཚོ་སྐྱེས་ལ་སྔོན་པོ་སྲིད་པ་ཁོ་ན་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །རྗོད་བྱེད་ལ་འཆད་དུས་ཀྱི་སྒོ་ནས་དབྱེ་ན། ཞེན་པའི་རྗོད་བྱེད་དང༌། དེས་ཟླས་དྲངས་པའི་དངོས་ཀྱི་རྗོད་བྱེད་གཉིས། ཕྱི་མ་ནི་བུམ་པའི་སྒྲ་སྤྱི་ལྟ་བུ། ཞེན་པའི་རྗོད་བྱེད་ལ་དབྱེ་ན། དངོས་ཀྱི་ཞེན་པའི་རྗོད་བྱེད་དང༌། ཤུགས་ཀྱི་ཞེན་པའི་རྗོད་བྱེད་གཉིས། དཔེ་རིམ་བཞིན། བུམ་པ་མི་རྟག་པ་དང་བུམ་པ་རྟག་པ་མ་ཡིན་པ་ལ་བལྟོས་ཏེ་བུམ་པ་མི་རྟག་ཅེས་པའི་སྒྲ་ལྟ་བུའོ། །ཞར་བྱུང་ཡི་གེ་དང་གང་ཟག་གཉིས་


JLD018_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཡེ་གེའི་མཚན་ཉིད་རེ་རེ་བས་དོན་སྟོན་མི་ནུས་ཀྱང་ཕྱེད་དང་གཉིས་ཡན་ཆད་ཚོགས་ན་དོན་སྟོན་རུང་གི་སྐད་ཅིག་དུ་མ་ཅན་གྱི་སྒྲ། དབྱེ་ན། ཨ་ཨི་སོགས་དབྱངས་ཡིག་དང༌། ཀ་ཁ་སོགས་གསལ་བྱེད་གཉིས་སོ། །གང་ཟག་གི་མཚན་ཉིད། ཕུང་པོ་ལྔའམ་བཞིའི་ཚོགས་རྒྱུན་ལ་བཏགས་པའི་བཏགས་ཡོད། དཔེར་ན་ལྷ་སྦྱིན་ལྟ་བུའོ། །སངས་མ་རྒྱས་པའི་དབང་དུ་བྱས་སོ། །བློ་དང༌། རིག་པ། ཤེས་པ་རྣམས་དོན་གཅིག་ཡིན་ལ། མཚན་ཉིད་སྔར་བཤད་ཟིན་ཅིང༌། དབྱེ་ན། ཚད་མ། ཚད་མིན། རྟོག་པ། རྟོག་མེད། འཁྲུལ་མ་འཁྲུལ། རང་རིག །གཞན་རིག །སེམས་སེམས་བྱུང་རྣམས་སུ་ཡོད་པ་ལས། ཚད་མའི་མཚན་ཉིད་རང་ཡུལ་གསར་དུ་རྟོགས་པའི་བློ། དེས་ན། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་པའི་དོན་མི་སླུ་བ་ཙམ་མིན་གྱི། གསར་དུ་རྟོགས་པ་འདི་ལྟ་བུ་ཡིན་ཞེས་ཤེས་པའི་ཕྱིར་དུ། མ་ཤེས་དོན་གྱིས་གསལ་བྱེད་ཀྱང༌། །ཞེས་པས་གཞུང་སྔ་མའི་དོན་གསལ་དུ་བཏང་བ་ཡིན་ནོ། །འོ་ན་ཀྱང་གི་དོན་གང་ཞེ་ན། གཞུང་སྔ་མའི་དོན་ལ། སྒྲ་བྱུང་ཚད་མ་ལ་མ་ཁྱབ་པའི་སྐྱོན་མེད་པར་མ་ཟད། ཀུན་རྫོབ་ཤེས་པ་ལ་ཁྱབ་ཆེས་པའི་སྐྱོན་ཡང་མེད། ཅེས་པའི་དོན་ནོ། །ཚད་མིན་བློའི་མཚན་ཉིད། རང་ཡུལ་གསར་དུ་རྟོགས་པ་མ་ཡིན་པའི་བློ། དབྱེ་ན། བཅད་ཤེས་ལོག་ཤེས་ཐེ་ཚོམ་ཡིད་དཔྱོད་སྣང་ལ་མ་ངེས་ཀྱི་བློ་དང་ལྔ༌། བཅད་ཤེས་ཀྱི་མཚན་ཉིད། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་བྱེད་པ་མ་ཉམས་པའི་ཡུལ་ལ་སྒྲོ་འདོག་གཅོད་ནུས་སུ་འཇུག་པའི་བློ། དབྱེ་ན། མངོན་སུམ་ཚད་མས་དྲངས་པའི་བཅད་ཤེས་དང༌། རྗེས་


JLD018_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཚད་མ་དྲངས་པའི་བཅད་ཤེས་གཉིས། དཔེ་རིམ་བཞིན། སྔོན་འཛིན་དབང་པོའི་མངོན་སུམ་གྱིས་དྲངས་པའི་སྔོན་པོ་ངེས་པའི་བློ་ལྟ་བུ་དང༌། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མས་དྲངས་པའི་སྒྲ་མི་རྟག་པར་ངེས་པའི་བློ་ལྟ་བུའོ། །མངོན་སུམ་ཚད་མས་དྲངས་པའི་མངོན་སུམ་ཕྱི་མ་རྣམས་ཀྱང་བཅད་ཤེས་ཡིན་ནོ། །ལོག་ཤེས་ཀྱི་མཚན་ཉིད་དེ་མ་ཡིན་པ་ལ་དེར་འཛིན་པའི་ཤེས་པ། དབྱེ་ན། སྒྲ་རྟག་འཛིན་གྱི་རྟོག་པ་ལྟ་བུ། རྟོག་པ་ལོག་ཤེས་དང་ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་རྟོག་མེད་ལོག་ཤེས་གཉིས། ཐེ་ཚོམ་གྱི་མཚན་ཉིད། ཡུལ་མ་ངེས་པར་ཞེན་པའི་བློ། དབྱེ་ན། ཐེ་ཚོམ་སྔོན་དུ་རྒྱུ་དང་བག་ལ་ཉལ་གཉིས། དང་པོ་ལ་དབྱེ་ན། ཆ་མཉམ་དུ་འཛིན་པ་དང་། ཤས་ཆེར་འཛིན་པ་གཉིས། དང་པོ་ནི་དཔེར་ན་སྒྲ་རྟག་གམ་མི་རྟག་སྙམ་པ། གཉིས་པ་ལ། དོན་འགྱུར་གྱི་ཐེ་ཚོམ་དང༌། དོན་མི་འགྱུར་གྱི་ཐེ་ཚོམ་གཉིས། དཔེ་རིམ་བཞིན། སྒྲ་ཕལ་ཆེར་མི་རྟག་སྙམ་པའི་བློ་ལྟ་བུ། ཐེ་ཚོམ་བག་ལ་ཉལ་ལ་དབྱེ་ན། རྟགས་ལ་མ་བརྟེན་པ་དང་བརྟེན་པ་གཉིས། དཔེ་རིམ་བཞིན། ཁྲོན་པ་ན་ཆུ་ཡོད་སྙམ་པའི་བློ་ལྟ་བུ་དང༌། མ་ངེས་པའི་རྟགས་ལ་བརྟེན་པའི་བློ་མཐའ་དག་གོ། སྣང་ལ་མ་རྟོགས་པའི་བློའི་མཚན་ཉིད། རང་མཚན་སྣང་ཞིང་དེ་ལ་སྒྲོ་འདོགས་གཅོད་མི་ནུས་པ། དབྱེ་ན། འཁྲུལ་བའི་རྒྱུ་མཚན་གྱིས་སྣང་ལ་མ་རྟོགས་པ་དང༌། ཡིད་མ་གཏད་པའི་རྒྱུ་མཚན་གྱིས་སྣང་ལ་མ་རྟོགས་པའི་བློ་གཉིས། དཔེ་རིམ་བཞིན་སྔོན་པོ་མི་རྟག་པ་ལ་སྔོན་པོའི་དབང་པོའི་མངོན་སུམ་ལྟ་བུ་


JLD018_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སེར་པོ་ལ་ཡིད་གཏད་དུས་ཀྱི་དབང་པོའི་མངོན་སུམ་ལྟ་བུའོ། །ཡིད་དཔྱོད་ཀྱི་དགག་སྒྲུབ་གཞན་དུ་བཤད་དོ། །ཚད་མ་ལ་གྲངས་ངེས་ཀྱི་སྒོ་ནས་དབྱེ་ན།མངོན་སུམ་ཚད་མ་དང༌། རྗེས་དཔག་ཚད་མ་གཉིས། མངོན་སུམ་ཚད་མའི་མཚན་ཉིད། རྟོག་བྲལ་མ་འཁྲུལ་བ་གང་ཞིག རང་ཡུལ་གསར་དུ་རྟོགས་པ། འདི་མངོན་སུམ་བཞི་ཀ་ལ་འགྲོའོ། །མངོན་སུམ་གྱི་མཚན་ཉིད་རྟོག་བྲལ་མ་འཁྲུལ་བའི་ཤེས་པ། དབྱེ་ན། དབང་པོའི། ཡིད་ཀྱི་མངོན་སུམ། རང་རིག །རྣལ་འབྱོར་མངོན་སུམ་དང་བཞིའོ། །རིམ་པ་བཞིན་དུ། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བ། དབྱེ་ན། གཟུགས་འཛིན་དབང་པོའི་མངོན་སུམ། སྒྲ་འཛིན། དྲི་འཛིན། རོ་འཛིན། རེག་འཛིན་དབང་པོའི་མངོན་སུམ་དང་ལྔའོ། །མཚན་ཉིད་རིམ་བཞིན། རང་གི་བདག་རྐྱེན་མིག་དབང༌། རྣ་བའི། སྣའི། ལྕེའི། ལུས་ཀྱི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བ། དབྱེ་ན། གཟུགས་འཛིན་ཡིད་ཀྱི་དབང་པོའི་མངོན་སུམ་ནས། རེག་འཛིན་ཡིད་ཀྱི་དབང་པོའི་མངོན་སུམ་གྱི་བར་ལྔའོ། །མཚན་ཉིད་རིམ་པ་བཞིན། རང་གི་བདག་རྐྱེན་གཟུགས་འཛིན། སྒྲ་འཛིན། དྲི་འཛིན། རོ་འཛིན། རེག་འཛིན་ཡིད་ཀྱི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བ། དབང་མངོན་སྐད་ཅིག་ཕྱི་མ་རྣམས་ཡིད་མངོན་ཡིན་ཏེ། རང་གི་གཟུང་དོན་གྲོགས་སུ་ཡོད་པའི་དབང་མངོན་གཅིག་གིས་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བའི་གཞན་རིག་གི་ཤེས་པ་རྟོག་


JLD018_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་མ་འཁྲུལ་བ་ཡིན་པའི་ཕྱིར། ཡིད་ཤེས་ཡིན་ཏེ། རང་གི་བདག་རྐྱེན་ཡིད་དབང་ལས་དངོས་སུ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་རོ། རང་དང་རིགས་མཐུན་པའི་རྣམ་ཤེས་སྔ་མ་བཀག་ཁ་མ་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་འཆད་པ་འཐད་པ་འདྲའོ། །རང་རིག་མངོན་སུམ་གྱི་མཚན་ཉིད། ཁ་ནང་ཁོ་ནར་ཕྱོགས་པའི་འཛིན་རྣམ། ཤེས་པ་ཀུན་གྱི་སྟེང་ན་ཡོད། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད།ཡང་དག་པའི་དོན་བསྒོམས་པའི་སྟོབས་ལས་བྱུང་བའི་འཕགས་པའི་ཤེས་པ་རྟོག་བྲལ་མ་འཁྲུལ་བ། དབྱེ་ན། ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་རྣལ་འབྱོར་མངོན་སུམ་དང་གསུམ། དཔེ་རིམ་བཞིན། ཉན་ཐོས་ཀྱི་མཐོང་ལམ་དང༌། རང་རྒྱལ་གྱི་མཐོང་ལམ། ཐེག་ཆེན་གྱི་མཐོང་ལམ་ལྟ་བུའོ། །རྗེས་དཔག་ཚད་མའི་མཚན་ཉིད། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་རང་ཡུལ་ལྐོག་གྱུར་གསར་དུ་རྟོགས་པའི་བློ། དབྱེ་ན་གསུམ་ལས། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ནི། བྱས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་རྟོགས་པའི་བློ་ལྟ་བུ། གྲགས་པའི་རྗེས་དཔག་ནི། རྟོགས་ཡུལ་ན་ཡོད་པའི་རྟགས་ལ་བརྟེན་ནས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ལྟ་བུ། ཡིད་ཆེས་རྗེས་དཔག་ནི། དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་སྦྱིན་པས་ལོངས་སྤྱོད་ཅེས་སོགས་ཀྱི་ལུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་རྟོགས་པའི་བློ་ལྟ་བུའོ། །ཚད་མ་ལ་ཡུལ་ཅན་ལ་ངེས་པ་འདྲེན་ནུས་ཀྱི་སྒོ་ནས་དབྱེ་ན། རང་ལས་ངེས་ཀྱི་ཚད་མ་དང༌། གཞན་ལས་ངེས་ཀྱི་ཚད་མ་གཉིས།


JLD018_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་མཚན་ཉིད། ཚད་མ་གང་ཞིག་རང་ཉིད་ཚད་མ་ཡིན་པར་རང་སྟོབས་ཀྱིས་ངེས་པ་འདྲེན་པ། དཔེར་ན། རང་ཉིད་ཚད་མ་ཡིན་པར་རང་སྟོབས་ཀྱིས་ངེས་པ་འདྲེན་པའི་རྗེས་དཔག་དང༌། མངོན་སུམ་བཞི་ལྟ་བུའོ། །གཉིས་པའི་མཚན་ཉིད། ཚད་མ་གང་ཞིག་རང་ཉིད་ཚད་མ་ཡིན་པར་གཞན་སྟོབས་ཀྱིས་ངེས་པ་འདྲེན་པ། དཔེར་ན། རང་ཉིད་ཚད་མ་ཡིན་པར་གཞན་སྟོབས་ཀྱིས་ངེས་པ་འདྲེན་པའི་རྗེས་དཔག་དང༌། མངོན་སུམ་ཚད་མ་གསུམ་ལྟ་བུའོ། ཡང་ན་དེ་གཉིས་ཀྱི་དཔེ་རིམ་བཞིན་ཚད་མའི་བརྡ་ལ་བྱང་བའི་སྐྱེས་བུའི་རྒྱུད་ཀྱི་ཚད་མ་ལྟ་བུ་དང༌། ཚད་མའི་བརྡ་ལ་མ་བྱང་བའི་སྐྱེས་བུའི་རྒྱུད་ཀྱི་ཚད་མ་ལྟ་བུའོ། །མཁས་པ་ཁ་ཅིག རང་ལས་ངེས་དང་གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད་རིམ་བཞིན་ཚད་མ་གང་ཞིག རང་ཉིད་མི་སླུ་བ་ཅན་དུ་རང་སྟོབས་ཀྱི་ངེས་པ་འདྲེན་ནུས་པ་དང༌། གཞན་སྟོབས་ཀྱིས་ངེས་པ་འདྲེན་པ་གཉིས། དང་པོ་ལ་དབྱེ་ན། རྗེས་དཔག་ཚད་མ་དང༌། རང་རིག་མངོན་སུམ་ཚད་མ་དང༌། དོན་བྱེད་སྣང་གི་མངོན་སུམ་ཚད་མ་དང༌། གོམས་པ་ཅན་གྱི་མངོན་སུམ་ཚད་མ་དང༌། གཞན་ལས་ངེས་ནི་འཁྲུལ་རྒྱུ་ཅན་གྱི་མངོན་སུམ་ཚད་མ་སྟེ། ད་ལྟ་རྒྱང་རིང་པོའི་དམར་འབར་བ་མེའི་ཁ་དོག་ཡིན་མིན་དུ་ཐེ་ཚོམ་སྐྱེད་ཅིང་ཕྱིས་ཚད་མ་གཞན་ལ་བརྟེན་ནས་རང་ཉིད་རྒྱང་རིང་པོའི་དམར་འབར་བ་མེའི་ཁ་དོག་ཡིན་པ་ལ་མི་སླུ་བ་ལྟ་བུ་ཅན་དུ་ངེས་རྒྱུའི་རྒྱང་རིང་པོའི་དམར་འབར་བ་འཛིན་པའི་དབང་མངོན་ལྟ་བུའོ། །རྟོག་པའི་མཚན་ཉིད། རང་གི་སྣང་ཡུལ་ཡིན་ན་སྤྱི་མཚན་ཡིན་དགོས་པ། རྟོག་མེད་ཤེས་པའི་མཚན་ཉིད། ཤེས་པ་གང་ཞིག །རང་གི་སྣང་


JLD018_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡིན་ན་རང་མཚན་དང་གཞི་མ་གྲུབ་གང་རུང་ཡིན་དགོས་པ། རྟོག་པ་ལ་སྦྱོར་ཚུལ་གྱི་སྒོ་ནས་དབྱེ་ན། སྒྲ་སྦྱོར་རྟོག་པ་དང་དོན་སྦྱོར་རྟོག་པ་གཉིས། དང་པོའི་མཚན་ཉིད། བརྡ་དུས་ཀྱི་མིང་དང་ཐ་སྙད་ཀྱི་དོན་གཉིས་སྦྱར་ནས་འཛིན་པའི་ཤེས་པ། དཔེར་ན་ཡལ་འདབ་ཅན་གྱི་ཤིང་ངོ་སྙམ་པའི་བློ་ལྟ་བུའོ། །གཉིས་པའི་མཚན་ཉིད། ཁྱད་གཞི་ཁྱད་ཆོས་སྦྱར་ནས་འཛིན་པའི་ཤེས་པ། དཔེར་ན་སྐྱེས་བུ་དབྱུག་པ་ཅན་ནོ་སྙམ་དུ་འཛིན་པའི་བློ་ལྟ་བུའོ། །རྟོག་པ་ལ་སྣང་ཡུལ་གྱི་སྒོ་ནས་དབྱེ་ན། སྒྲ་སྤྱི་རྐྱང་པ་ལ་སྣང་བ་དང༌། དོན་སྤྱི་རྐྱང་པ་ལ་སྣང་བ་དང་། གཉིས་ཀ་སྣང་བའི་རྟོག་པ་གསུམ། དཔེ་རིམ་བཞིན་བརྡ་ལ་མ་བྱང་བའི་སྐྱེས་བུའི་རྒྱུད་ཀྱི་བུམ་པའི་སྒྲ་སྤྱི་སྣང་བའི་བློ་ལྟ་བུ་དང༌། བརྡ་ལ་མ་བྱང་བའི་སྐྱེས་བུའི་རྒྱུད་ཀྱི་བུམ་པའི་དོན་སྤྱི་སྣང་བའི་བློ་ལྟ་བུ་དང༌། བརྡ་ལ་བྱང་བའི་སྐྱེས་བུའི་རྒྱུད་ཀྱི་བུམ་འཛིན་རྟོག་པ་ལྟ་བུ། རྟོག་པ་ལ་དགོས་པའི་སྒོ་ནས་དབྱེ་ན། བརྡ་རྟེན་ཅན་གྱི་རྟོག་པ་དང༌། དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་དང༌། ལོག་ཏུ་གྱུར་པའི་དོན་གྱི་རྟོག་པ་གསུམ། དང་པོ་ནི། བུམ་པའི་སྤྱི་འཛིན་ཤེས་པ་ལྟ་བུ། གཉིས་པ་ནི། སྨིག་རྒྱུ་ལ་ཆུར་འཛིན་གྱི་ཤེས་པ་ལྟ་བུ། གསུམ་པ་ལ་བཞི་ལས། རྟགས་འཛིན་པའི་སེམས་ནི་དེ་སྒྲུབ་ཀྱིས་རྗེས་དཔག་ཉེར་ལེན་དུ་གྱུར་པའི་དེ་སྒྲུབ་ཀྱི་ཚུལ་གསུམ་གང་རུང་ངེས་པའི་བློ། རྗེས་དཔག་ནི་བཤད་ཟིན་ནོ། །དྲན་པ་ནི། འདས་པ་ལ་དམིགས་པའི་རྟོག་པ། མངོན་འདོད་ལས་བྱུང་བའི་རྟོག་པ་ནི། སྒྲ་ཙམ་གྱི་རྗེས་སུ་འབྲངས་བའི་རྟོག་པའོ། །རྟོག་མེད་ཤེས་པ་ལ་དབྱེ་ན། རྟོག་མེད་འཁྲུལ་


JLD018_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང༌། རྟོག་མེད་མ་འཁྲུལ་བའི་ཤེས་པ་གཉིས། དང་པོའི་མཚན་ཉིད། རང་གི་བདག་རྐྱེན་དབང་པོ་བསླད་པ་ལས་བྱུང་བའི་ཤེས་པ། དབྱེ་ན། དབང་ཤེས་འཁྲུལ་པ་དང༌། རྟོག་མེད་ཡིད་ཤེས་འཁྲུལ་པ་གཉིས། དཔེ་རིམ་བཞིན། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་དང༌། རྨི་ལམ་གསལ་སྣང་གི་ཤེས་པ་ལྟ་བུའོ། །གཉིས་པ་ནི། སྔར་བཤད་པའི་མངོན་སུམ་ཐམས་ཅད་དོ། །འཁྲུལ་རྒྱུ་ནི་རྣམ་པ་བཞི་སྟེ། གནས་ལ་ཡོད་པ་གྲུར་ཞུག་པའི་དབང་གིས་ལྗོན་ཤིང་འགྲོར་སྣང་གི་ཤེས་པ་ལྟ་བུ། རྟེན་ལ་ཡོད་པ་མིག་དབང་རབ་རིབ་ཀྱིས་དཀྲུགས་པའི་དབང་གིས་དུང་སེར་པོར་སྣང་བའི་ཤེས་པ་ལྟ་བུ་དང༌། ཡུལ་ལ་ཡོད་པ་མགལ་མེ་མྱུར་དུ་བསྐོར་བའི་དབང་གིས་འཁོར་ལོར་སྣང་བའི་ཤེས་པ་ལྟ་བུ་དང༌། དེ་མ་ཐག་རྐྱེན་ལ་ཡོད་པ་ཞེ་སྡང་དྲག་པོས་ཡིད་ཤེས་འཁྲུགས་པའི་བློ་ལྟ་བུའོ། །ཞར་ལ་མངོན་སུམ་ལྟར་སྣང་གི་མཚན་ཉིད། རང་གི་སྣང་ཡུལ་ལ་འཁྲུལ་པའི་ཤེས་པ། དབྱེ་ན་རྟོག་མེད་མངོན་སུམ་ལྟར་སྣང་དང་རྟོག་པ་མངོན་སུམ་ལྟར་སྣང༌། མཚན་ཉིད་དང་དབྱེ་བ་སྔར་བཤད་ཟིན་ཏོ། །འཁྲུལ་ཤེས་ཀྱི་མཚན་ཉིད། དེ་མ་ཡིན་པ་ལ་དེར་འཛིན་གྱི་ཤེས་པ། དབྱེ་ན་གཉིས་ལས། རྟོག་པ་འཁྲུལ་ཤེས་ནི། སྒྲ་རྟག་འཛིན་གྱི་རྟོག་པ་ལྟ་བུ་དང༌། རྟོག་མེད་འཁྲུལ་ཤེས་ནི་བཤད་ཟིན་ཏོ། །མ་འཁྲུལ་བའི་ཤེས་པའི་མཚན་ཉིད། ཡུལ་གྱི་གནས་ལུགས་རིག་པའི་ཤེས་པ། དབྱེ་ན། མངོན་སུམ་དང༌། ཞེན་ཡུལ་ལ་མ་འཁྲུལ་བའི་རྟོག་པ་གཉིས། གཉིས་པ་ནི། རྗེས་དཔག་ལྟ་བུའོ། །རང་རིག་གི་མཚན་ཉིད། འཛིན་རྣམ། གཞན་རིག་གི་མཚན་ཉིད། གཟུང་རྣམ།


JLD018_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་མཚན་ཉིད། ཡུལ་དང་ཡུལ་གྱི་ཁྱད་པར་གཉིས་ཀྱི་ནང་ནས་ཡུལ་ཙམ་རིག་པ། དབྱེ་ན། རྣམ་ཤེས་ཚོགས་དྲུག་གམ་བརྒྱད། སེམས་བྱུང་གི་མཚན་ཉིད། ཡུལ་གྱི་ཁྱད་པར་རིག་པ། དབྱེ་ན། ལྔ་བཅུ་རྩ་གཅིག །ཞར་ལ་ཚད་འབྲས་ཀྱི་རྣམ་གཞག་འཆད་པ་ནི། འབྲས་རྟོགས་དང་པོའི་སྐབས་སུ། སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་འཇོག་པ། འབྲས་རྟོགས་གཉིས་པའི་སྐབས་སུ། གཟུང་རྣམ་གཞལ་བྱ། གཟུང་རྣམ་ཡོངས་སུ་དཔྱོད་བྱེད་འཛིན་རྣམ་ཚད་མ། གཟུང་རྣམ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་འཇོག་ཅིང༌། འབྲས་རྟོགས་གསུམ་པའི་སྐབས་སུ། སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། སྔོན་པོ་ལ་བལྟོས་ནས་རང་གི་བདག་ཉིད་དུ་གྱུར་པའི་ཡུལ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་འཇོག་གོ། རྗེས་དཔག་གི་ཚད་འབྲས་ནི། སྒྲ་མི་རྟག་པ་གཞལ་བྱ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་རྟགས་ལས་སྒྲ་མི་རྟག་པའི་རྣམ་པ་ཤར་ནས་སྒྲ་མི་རྟག་པ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ་སྒྲ་མི་རྟག་པར་དངོས་སུ་རྟོགས་པའི་རྗེས་དཔག་འབྲས་བུ། སེམས་ཙམ་པའི་སྐབས་སུ། དབང་ཤེས་ཀྱི་རྐྱེན་གསུམ་གྱི་གོ་དོན་ཇི་ལྟ་བུ་ཞེ་ན། དབང་ཤེས་ཀྱི་དམིགས་རྐྱེན་གྱི་མཚན་ཉིད། རང་གིས་བསྒོས་པའི་བག་ཆགས་ཀྱི་དབང་གིས་རང་འབྲས་དབང་ཤེས་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་སྐྱེད་བྱེད། དཔེར་ན་སྔོར་སྣང་


JLD018_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཤེས་སྔ་མ་ནི་ཤེས་པ་གཞན་གྱིས་བར་ཆོད་དམ་མ་ཆོད་ཀྱང་རུང༌། རང་གི་རིགས་འདྲ་སྔོར་སྣང་དབང་ཤེས་ཕྱི་མའི་དམིགས་རྐྱེན་ཡིན་པ་བཞིན་ནོ། །གཟུང་རྣམ་དམིགས་རྐྱེན་དུ་བཤད་པ་ནི། ཐ་སྙད་དུ་ཡིན་གྱི་སྤྱིར་མ་ཡིན་ནོ། །དབང་ཤེས་ཀྱི་བདག་རྐྱེན་གྱི་མཚན་ཉིད། དབང་ཤེས་ཡུལ་འཛིན་དུ་གཙོ་བོར་སྐྱེད་བྱེད་ཀྱི་ས་བོན། དཔེར་ན་སྔོན་སྣང་དབང་ཤེས་སྔ་མའི་ནུས་པའི་དབང་གིས་སྔོར་སྣང་དབང་ཤེས་སྔོན་པོ་འཛིན་ནུས་སུ་གཙོ་བོར་སྐྱེད་པའི་ཀུན་གཞིའི་སྟེང་གི་ནུས་པ་ལྟ་བུའོ། །དེ་མ་ཐག་རྐྱེན་གྱི་མཚན་ཉིད་སྔར་བཞིན་ལ་དཔེར་ན་ཤེས་པ་སྔ་མའི་ནུས་པའི་དབང་གིས་སྔོར་སྣང་དབང་ཤེས་མྱོང་བའི་ངོ་བོར་གཙོ་བོར་དངོས་སུ་སྐྱེད་པ་ཤེས་རྒྱུད་ཀྱི་སྟེང་གི་ནུས་པ་ལྟ་བུའོ། །ཡུལ་རྟོགས་པའི་ཐབས་ལ། འགལ་བ། འབྲེལ་བ། དགག་པ། སྒྲུབ་པ། སྤྱི། བྱེ་བྲག གཅིག་དང་ཐ་དད། སེལ་འཇུག་དང༌། སྒྲུབ་འཇུག །མཚན་ཉིད་དང་མཚོན་བྱ། རྫས་ཆོས་དང་ལྡོག་ཆོས། རྗེས་དཔག་རྣམ་གཉིས་གཏན་ལ་དབབ་བའོ། །འགལ་བའི་མཚན་ཉིད་མི་མཐུན་པར་གནས་པའོ། །དབྱེ་ན། ལྷན་ཅིག་མི་གནས་འགལ་དང༌། ཕན་ཚུན་སྤང་འགལ། ཚད་མས་གནོད་འགལ་དང་གསུམ། རིམ་པ་བཞིན། ཕན་ཚུན་བྱེད་པ་འགལ་སྟོབས་མཉམ་དུ་འགྲོགས་སུ་མི་རུང་བ། དབྱེ་ན། བེམ་པོར་གྱུར་པའི་ལྷན་ཅིག་མི་གནས་འགལ། ཤེས་པར་གྱུར་པའི། སྲོག་ཆགས་སུ་གྱུར་པའི་ལྷན་ཅིག་མི་གནས་འགལ་གསུམ། དཔེ་དང་པོ་ཚ་རེག་དང་གྲང་རེག་ལྟ་བུ། སྣང་མུན་ལྟ་བུ། གཉིས་པའི་དཔེ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དང་སྒྲ་རྟག་


JLD018_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་སྒྲོ་འདོགས་ཀུན་བརྟགས་མངོན་གྱུར་ལྟ་བུ། གསུམ་པ་སྤྲུལ་དང་ནེའུ་ལེ་ལྟ་བུ། ཕན་ཚུན་སྤང་འགལ་གྱི་མཚན་ཉིད། ཆོས་དེ་ལས་ཐ་དད། ཁྱོད་ཀྱང་ཡིན་ཆོས་དེ་ཡིན་པའི་གཞི་མཐུན་མི་སྲིད་པ། དབྱེ་ན། དངོས་འགལ་དང་བརྒྱུད་འགལ་གཉིས། དང་པོའི་མཚན་ཉིད། ཆོས་དེ་དང་མི་མཐུན་པར་གནས་པའི་གཙོ་བོ་གང་ཞིག ཁྱོད་དང་ཆོས་དེ་གང་ཡང་མ་ཡིན་པའི་ཕུང་གསུམ་མེད་པ། དཔེར་ན་རྟག་པ་དང་མི་རྟག་པ་ལྟ་བུ། བརྒྱུད་འགལ་གྱི་མཚན་ཉིད། ཆོས་དེ་དང་མི་མཐུན་པར་གནས་པ་གང་ཞིག །ཆོས་དེ་རྣམ་པར་བཅད་ལྡོག་ཏུ་གནས་པ་མ་ཡིན་པ། དཔེར་ན་བྱས་པ་དང་རྟག་པ་ལྟ་བུའོ། །ཞར་ལ་རང་བཞིན་གྱི་འགལ་བའི་མཚན་ཉིད། ཁྱོད་ཆོས་དེ་དང་མི་མཐུན་པར་གནས་པའི་གཙོ་བོ་ཡིན་པ། ཚ་གྲང་ལྟ་བུ། ཚད་མས་གནོད་འགལ་གྱི་མཚན་ཉིད། གང་རུང་གཅིག་གིས་ཅིག་ཤོས་དངོས་སུ་འགོག་བྱེད་སྒྲུབ་པའི་གཅིག་ནས་ཅིག་ཤོས་དང་མི་མཐུན་པ། དཔེར་ན་བྱས་པ་དང་རྟག་པ་ལྟ་བུ། འབྲེལ་བའི་མཚན་ཉིད། ཁྱོད་ཆོས་དེ་ལས་ཐ་དད། ཆོས་དེ་བཀག་ན་ཁྱོད་ཁེགས་པ། དབྱེ་ན་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས། མཚན་ཉིད་རིམ་བཞིན། ཆོས་དེའི་ཁྱབ་བྱ་གང་ཞིག ཆོས་དེ་ལས་དོན་གཞན་མ་ཡིན་པ་དང་ཡིན་པ། ཁྱབ་བྱའི་མཚན་ཉིད་འབྲེལ་བ་དང་གཅིག །ཁྱབ་བྱེད་ཀྱི་མཚན་ཉིད། ཆོས་དེ་ཁྱོད་ལས་ཐ་དད། ཁྱོད་བཀག་ན་ཆོས་དེ་ཁེགས་པ། ཁྱབ་མཉམ་གྱི་མཚན་ཉིད། ཁྱོད་ཆོས་དེ་ལས་ཐ་དད། ཁྱོད་བཀག་ན་ཡང་ཆོས་དེ་ཁེགས། ཆོས་དེ་བཀག་ན་ཡང་


JLD018_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཁེགས་པ། དུས་མཉམ་གྱི་མཚན་ཉིད། ཁྱོད་ཆོས་དེ་ལས་ཐ་དད། ཁྱོད་ཀྱི་དུས་ན་ཡང་ཆོས་དེ་གྲུབ། ཆོས་དེའི་དུས་ན་ཡང་ཁྱོད་གྲུབ་པ། དགག་པའི་མཚན་ཉིད། ཆོས་གང་ཞིག །ཁྱོད་ཀྱི་དོན་སྤྱི་འཆར་བ། ཁྱོད་ཀྱི་དགག་བྱའི་དོན་སྤྱི་འཆར་བ་ལ་བལྟོས་པ། སྒྲུབ་པའི་མཚན་ཉིད། ཆོས་གང་ཞིག །ཁྱོད་ཀྱི་དོན་སྤྱི་འཆར་བ་ཁྱོད་ཀྱི་དགག་བྱའི་དོན་སྤྱི་འཆར་བ་ལ་མི་བལྟོས་པ། དཔེར་ན། བུམ་པ་ལྟ་བུ། དགག་པ་ལ་དབྱེ་ན། མེད་དགག་དང་མ་ཡིན་དགག་གཉིས། མེད་དགག་གི་མཚན་ཉིད། དགག་པ་གང་ཞིག །རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པ། དཔེར་ན། བུམ་མེད་ལྟ་བུའོ། །མ་ཡིན་དགག་གི་མཚན་ཉིད། དགག་པ་གང་ཞིག །རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ། དབྱེ་ན། ཆོས་གཞན་ཤུགས་ལ་འཕེན་པའི་མ་ཡིན་དགག །ཆོས་གཞན་དངོས་སུ་འཕེན་པའི་མ་ཡིན་དགག །དངོས་ཤུགས་གཉིས་ཀ་ལ་འཕེན་པའི་མ་ཡིན་དགག །ཆོས་གཞན་སྐབས་སྟོབས་ཀྱིས་འཕེན་པའི་མ་ཡིན་དགག་དང་བཞི། དཔེ་རིམ་བཞིན། ལྷ་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལྟ་བུ། བུམ་མེད་ཡོད་པ་ལྟ་བུ། ལྷ་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་རིད་པ་མ་ཡིན་པ་ཡོད་པ་དང༌། འདི་བྲམ་གདོལ་གང་ཡིན་དྲིས་པ་ན་བྲམ་ཟེ་མ་ཡིན་ཞེས་བརྗོད་པའི་ཚེ་འདི་བྲམ་ཟེ་མ་ཡིན་པ་ལྟ་བུའོ། །སྤྱིའི་མཚན་ཉིད། དུ་མ་ལ་རྗེས་འགྲོ་བྱེད་པ། བྱེ་བྲག་གི་མཚན་ཉིད། ཁྱོད་ཆོས་དེ་ཡིན། ཆོས་དེ་ལ་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཆོས་དེ་ཡིན་པ་དུ་མ་གྲུབ་པ། སྤྱི་ལ་དབྱེ་ན། རིགས་སྤྱི། ཚོགས་


JLD018_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི། དོན་སྤྱི། སྒྲ་སྤྱི་དང་བཞིའོ། །ཆོས་དེའི་རིགས་སྤྱིའི་མཚན་ཉིད། ཆོས་དེ་ཁྱོད་ཡིན། དེ་ཁྱོད་དང་བདག་གཅིག་ཏུ་འབྲེལ། དེ་མ་ཡིན་ཞིང་ཁྱོད་ཡིན་པ་དུ་མ་གྲུབ་པ། དཔེར་ན་གསེར་བུམ་ལ་བལྟོས་ཏེ་བུམ་པ་ལྟ་བུ། ཚོགས་སྤྱིའི་མཚན་ཉིད། ཡ་གྱལ་དུ་མ་ཚོགས་པ། དཔེར་ན་ནགས་སམ། བུམ་པ་ལྟ་བུ། ཆོས་དེའི་དོན་སྤྱིའི་མཚན་ཉིད། རྟོག་པ་ལ་ཆོས་དེའི་དོན་དུ་སྣང་བ་གང་ཞིག་དངོས་པོ་མ་ཡིན་པ།དབྱེ་ན། དངོས་པོ་དངོས་མེད་གཉིས་ཀ་ལ་བརྟེན་པའི་སྒྲ་དོན་གསུམ། དཔེ་རིམ་བཞིན་རྟོག་པ་ལ་ལྟོ་ལྡིར་ཞབས་ཞུམ་དུ་སྣང་བ་ལྟ་བུ་དང༌། རྟོག་པ་ལ་ནམ་མཁར་སྣང་བ་ལྟ་བུ་དང༌། རྟོག་པ་ལ་ཤེས་བྱར་སྣང་བ་ལྟ་བུའོ། །སྒྲ་སྤྱིའི་མཚན་ཉིད། རྟོག་པ་ལ་མིང་དུ་སྣང་བ་གང་ཞིག དངོས་པོ་མ་ཡིན་པ། དཔེར་ན། རྟོག་པ་ལ་བུམ་པ་ཞེས་པའི་སྒྲར་སྣང་བ་ལྟ་བུའོ། །སྤྱི་བྱེ་བྲག་ལ་བལྟོས་པའི་ཚིག་རྐྱང་དང༌། གཉིས་ཚོགས་བཞག་པའི་དགག་སྒྲུབ་གཞན་དུ་འཆད་དོ། །གཅིག་གི་མཚན་ཉིད། ཆོས་གང་ཞིག །རྟོག་པ་ལ་ཐ་དད་དུ་མི་འཆར་བ། དུ་མའི་མཚན་ཉིད། ཆོས་གང་ཞིག །རྟོག་པ་ལ་ཐ་དད་དུ་འཆར་བ། གཅིག་ལ་དབྱེ་ན་རྫས་གཅིག་དང་ལྡོག་པ་གཅིག །རྫས་གཅིག་གི་མཚན་ཉིད། མངོན་སུམ་ལ་སྣང་བ་གང་ཞིག །ཐ་དད་དུ་མི་སྣང་བ། དཔེར་ན་བྱས་མི་རྟག་ལྟ་བུ། རྫས་གཅིག་ལ་གཅིག་གིས་མ་ཁྱབ་བོ། །ལྡོག་པ་གཅིག་ནི་བུམ་པ་དང་བུམ་པ་ལྟ་བུ། ཐ་དད་ཀྱི་མཚན་ཉིད། གཞི་གྲུབ་ཆོས་དེ་དང་དངོས་མིང་ཐ་དད་དུ་གོ་བྱ། དབྱེ་ན། རྫས་ཐ་དད། ལྡོག་པ་ཐ་དད་གཉིས། རྫས་ཐ་དད་ཀྱི་མཚན་ཉིད། མངོན་སུམ་ལ་


JLD018_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་དུ་སྣང་བ། དཔེར་ན། ཀ་བུམ་ལྟ་བུ། ལྡོག་པ་ཐ་དད་ནི་བྱས་མི་རྟག་ལྟ་བུ། སེལ་འཇུག་གི་མཚན་ཉིད། ཆོས་དེའི་ཡུལ་ཅན་གང་ཞིག ཆོས་དེ་དང་ཡིན་ཁྱབ་མཉམ་པའི་ཆོས་ཀུན་ཡོད་ཀྱང་ཁྱོད་ཀྱིས་ཡུལ་དུ་མི་བྱེད་པ། དབྱེ་ན། སེལ་འཇུག་ཕྱིན་ཅི་ལོག་མ་ལོག་གཉིས། དཔེ་རིམ་བཞིན། སྒྲ་རྟག་འཛིན་གྱི་རྟོག་པ་ལྟ་བུ་དང༌། སྒྲ་མི་རྟག་པར་རྟོགས་པའི་བློ་ལྟ་བུའོ། །ཡང་ན། སེལ་འཇུག་ལ་རྗོད་བྱེད་ཀྱི་སྒྲ་དང༌། རྟོག་པ་དང༌། རྟགས་རྣམས་སུ་ཡོད་དོ། །སྒྲུབ་འཇུག་གི་མཚན་ཉིད། ཆོས་དེའི་ཡུལ་ཅན་གང་ཞིག །ཆོས་དེ་དང་ཡིན་ཁྱབ་མཉམ་པའི་ཆོས་ཀུན་ཡོད་ན། ཁྱོད་ཀྱིས་ཡུལ་དུ་བྱེད་པ། དབྱེ་ན་སྒྲུབ་འཇུག་འཁྲུལ་ཤེས་དང༌། མ་འཁྲུལ་བའི་ཤེས་པ་གཉིས། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་དང༌། སྔར་བཤད་པའི་མངོན་སུམ་ཐམས་ཅད་དོ། །ཡང་ན་དེ་གཉིས་ཀྱི་མཚན་ཉིད། ཆ་ཤས་སུ་ཕྱེ་ནས་ཡུལ་དུ་བྱེད་པ་དང༌ཆ་ཤས་སུ་ཕྱེ་ནས་ཡུལ་དུ་མི་བྱེད་པ་ཞེས་རུང་ངོ༌། །གཞན་སེལ་གྱི་མཚན་ཉིད། རང་གི་བསལ་བྱ་ཚིག་གིས་ཟིན་པར་བཅད་ནས་རྟོགས་པར་བྱ་བའི་ཆོས། དབྱེ་ན། གཉིས་ལས། མེད་དགག་གི་སེལ་བ་ནི། བུམ་མིན་གྱི་སྟེང་དུ་བུམ་པས་དབེན་པ་ལྟ་བུ། མ་ཡིན་དགག་གི་གཞན་སེལ་ལ་དབྱེ་ན། དོན་གྱི་གཞན་སེལ་དང༌། བློའི་གཞན་སེལ་གཉིས། དང་པོ་ནི། བུམ་པ་མ་ཡིན་པ་ལས་ལོག་པ་ལྟ་བུ། གཉིས་པ་ནི། རྟོག་པ་ལ་བུམ་མ་ཡིན་ལས་ལོག་པར་སྣང་བ་ལྟ་བུ། མཚན་ཉིད་ཀྱི་མཚན་ཉིད། དོན་ཆོས་གསུམ་ཚང་བ། མཚན་ཉིད་མ་ཡིན་པའི་མཚན་ཉིད། དོན་ཆོས་གསུམ་མ་ཚང་བ། མཚོན་བྱའི་མཚན་ཉིད་ཐ་སྙད་ཆོས་གསུམ་ཚང་བ། མཚོན་བྱ་མ་ཡིན་པའི་མཚན་ཉིད་ཐ་སྙད་ཆོས་གསུམ་


JLD018_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཚང་བ། ཡང་ན། མཚན་ཉིད་དང༌། མཚོན་བྱའི་མཚན་ཉིད། རྫས་ཡོད་ཆོས་གསུམ་ཚང་བ་དང༌། འཇོག་བྱེད་ཆོས་གསུམ་ཚང་བ་ཞེས་དང༌། རྟགས་ཡོད་ཆོས་གསུམ་ཚང་བ་དང༌། གཞག་བྱ་ཆོས་གསུམ་ཚང་བ། ཞེས་ཀྱང་རུང་ངོ༌། །མཚན་གཞིའི་མཚན་ཉིད། མཚན་ཉིད་ཀྱིས་མཚོན་བྱ་མཚོན་པའི་གཞིར་གྱུར་པ། མཚན་ཉིད་ཀྱི་སྐྱོན་ལ་དབྱེ་ན། མ་ཁྱབ་པའི་མཚན་ཉིད་ཀྱི་སྐྱོན། ཁྱབ་ཆེས་པའི་མཚན་ཉིད་ཀྱི་སྐྱོན། མཚན་གཞི་ལ་མི་གནས་པའི་མཚན་ཉིད་ཀྱི་སྐྱོན་དང་གསུམ། དཔེ་རིམ་བཞིན། བ་ལང་གི་མཚན་ཉིད་དུ་ནོག་སོགས་འདུས་པ་ཁྲ་བོ་བཀོད་པའི་ཚེ། ནོག་སོགས་འདུས་པ་ཁྲ་བོས་བ་ལང་ལ་མ་ཁྱབ་པ་ལྟ་བུ་དང༌། བ་ལང་གི་མཚན་ཉིད་དུ་མགོ་ལྡན་བཀོད་པའི་ཚེ་མགོ་ལྡན་གྱིས་བ་ལང་ལ་ཁྱབ་ཆེས་པ་ལྟ་བུ་དང༌། རྟ་བ་ལང་དུ་མཚོན་པ་ལ། ནོག་སོགས་འདུས་པ་བཀོད་པའི་ཚེ། ནོག་སོགས་འདུས་པ་རྟ་ལ་མི་གནས་པ་ལྟ་བུའོ། །ཡང་ན། མཚན་ཉིད་ལྟར་སྣང་ལ་དབྱེ་ན། རང་ལྡོག་རྫས་མ་གྲུབ། དོན་ལྡོག་གཞན་འགྱུར། མཚན་ཉིད་མཚན་གཞི་ལ་མི་གནས་པའི་མཚན་ཉིད་ལྟར་སྣང་དང་གསུམ། དཔེ་རིམ་བཞིན། བ་ལང་གི་མཚན་ཉིད་དུ་བ་ལང་བཀོད་པ་ལྟ་བུ་དང༌། རྟའི་མཚན་ཉིད་དུ་ནོག་སོགས་འདུས་པ་བཀོད་པ་ལྟ་བུའོ། །མཚོན་བྱ་ལྟར་སྣང་ལ་དབྱེ་ན། རང་ལྡོག་ཐ་སྙད་དུ་མ་གྲུབ་པ། ཐ་སྙད་གཞན་འགྱུར། ཐ་སྙད་མཚན་གཞི་ལ་མི་གནས་པ་དང་གསུམ།མཚན་ཉིད་ལྟར་སྣང་ལ། མཚན་ཉིད་མི་རྟེན་པ་དང༌། མཚོན་བྱ་མི་རྟེན་པ་གཉིས་ཏེ། མདོར་


JLD018_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལྟར་སྣང་བརྒྱད་པོ་རེ་རེ་ལ་གཉིས་གཉིས་ཏེ་སུམ་ཅུ་རྩ་གཉིས་སུ་བཤད་ཀྱང་འགལ་བ་ཆེར་མེད་དོ། །རྫས་ཀྱི་མཚན་ཉིད་སྐྱེས་བུའི་དགོས་དོན་སྒྲུབ་ནུས་གཟུགས་ལྟ་བུ། རྫས་ཆོས་ཀྱི་མཚན་ཉིད་རྫས་ཀྱི་བདག་ཉིད་དུ་གྱུར་པའི་གཟུགས་ཀྱི་ཡོན་ཏན། གཟུགས་ཀྱི་མི་རྟག་པ་ལྟ་བུ། ལྡོག་པའི་མཚན་ཉིད། རྟོག་པ་ལ་རིགས་མི་མཐུན་ལས་ལོག་པར་སྣང་བའི་ཆོས་གང་ཞིག དངོས་པོ་མ་ཡིན་པ།རྟག་པ་ལ་གཟུགས་སུ་སྣང་བ་ལྟ་བུ། ལྡོག་ཆོས་ཀྱི་མཚན་ཉིད། རྟོག་པ་ལ་རྫས་ཀྱི་ཡོན་ཏན་དུ་སྣང་བའི་ཆོས་གང་ཞིག་དངོས་པོ་མ་ཡིན་པ། རྟོག་པ་ལ་གཟུགས་མི་རྟག་པར་སྣང་བ་ལྟ་བུ། རྫས་ལྡོག་གི་བཤད་པ་ནི་རྗེ་བཙུན་རེད་མདའ་བའི་བཞེད་པར་སྣང་ངོ༌། །དེང་སང་གྲགས་ཚོད་ལས་རྫས་ལྡོག་གི་མཚན་ཉིད་རིམ་བཞིན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་དེ་ཁྱོད་མ་ཡིན་པར་ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་མ་ཡིན་པའམ། ཁྱོད་མ་ཡིན་དེ་ཁྱོད་ཡིན་པ་གང་རུང་ཡིན་པ། དང་པོ་གཟུགས་ལྟ་བུ། ལྡོག་ཆོས་ལ་དབྱེ་ན། གཉིས་ལས། རང་མ་ཡིན་གྱི་ལྡོག་ཆོས་ཀྱི་མཚན་ཉིད། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་མ་ཡིན་པ། མཚན་ཉིད་ལྟ་བུ། རང་ཡིན་གྱི་ལྡོག་ཆོས་ཀྱི་མཚན་ཉིད། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་དེ་ཁྱོད་ཡིན་པ། མཚོན་བྱ་ལྟ་བུའོ། །རང་ཡིན་དང་རང་མ་ཡིན་དང་རང་ཡིན་སོགས་ཤིན་ཏུ་ཁས་ལེན་དགོས་ཤིང༌། འདི་དག་ལ་རྫས་ལྡོག་གི་ཐ་སྙད་དུ་བཞག་པ་ལ་ཡིད་བརྟན་མི་སྣང་ངོ༌།། །།རང་དོན་རྗེས་དཔག་གཏན་ལ་དབབ་པ་ལ། རྟགས་ཡང་དག་གི་མཚན་ཉིད། ཚུལ་གསུམ་ཚང་


JLD018_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཚུལ་གསུམ་པོ་གང་ཞེ་ན། ཕྱོགས་ཆོས་ཀྱི་མཚན་ཉིད། རྟགས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཚད་མས་ངེས་པའི་ཚུལ། རྗེས་ཁྱབ་ཀྱི་མཚན་ཉིད། རྟགས་དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་མཐུན་ཕྱོགས་ཁོ་ནར་ཡོད་པར་ངེས་པའི་ཚུལ། ལྡོག་ཁྱབ་ཀྱི་མཚན་ཉིད། རྟགས་དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་མི་མཐུན་ཕྱོགས་ལ་མེད་པ་ཁོ་ན་རེ་ངེས་པའི་ཚུལ། ཡང་ན་རྟགས་ཡང་དག་གི་མཚན་ཉིད། བསྒྲུབ་བྱ་རང་ཉིད་ཀྱིས་ཚད་མས་མ་གྲུབ་པའི་གང་ཟག་གིས་ཚུལ་གསུམ་ཚད་མས་གྲུབ་པའི་རྟགས། དེའི་ཕྱོགས་ཆོས་ཀྱི་མཚན་ཉིད། བསྒྲུབ་བྱ་ལ་རང་ཉིད་ཀྱི་ཚད་མས་གྲུབ་བསལ་གང་ཡང་མ་ཞུགས་པའི་གང་ཟག་གིས་རྟགས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཚད་མས་གྲུབ་པའི་ཚུལ། ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་གྲུབ་པའི་རྗེས་ཁྱབ་ཀྱི་མཚན་ཉིད། ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རྟགས་དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའི་ཚུལ། དེས་གྲུབ་པའི་ལྡོག་ཁྱབ་ཀྱི་མཚན་ཉིད། ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རྟགས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་ཚུལ། དེས་ན། རྗེས་ལྡོག་གི་མཚན་ཉིད་གོང་མ་གཉིས་རྟགས་ཀྱི་རྗེས་ལྡོག་ཙམ་གྱི་མཚན་ཉིད་ཡིན་ནོ། །ཤེས་འདོད་ཆོས་ཅན་ནམ། བསྒྲུབ་བྱའི་ཆོས་ཅན་གྱི་མཚན་ཉིད། དེ་སྒྲུབ་ཀྱི་ཕྱོགས་བཏགས་པ་བ་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་གཟུང་བ། སྒྲ་ལྟ་བུ། བསྒྲུབ་བྱའི་


JLD018_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་ཕྱོགས་བཏགས་པ་བ་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཅན་གྱི་སྟེང་དུ་རྟགས་ཀྱིས་དཔག་པར་བྱ་བ། མི་རྟག་པ་ལྟ་བུ། མཐུན་ཕྱོགས་ཀྱི་མཚན་ཉིད། སྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱི་མི་སྟོང་པ། བུམ་པ་ལྟ་བུའོ། །མི་མཐུན་ཕྱོགས་ཀྱི་མཚན་ཉིད་དེ་གོ་ལྡོག །དབྱེ་ན། གཞན་པ། འགལ་བ། མེད་པ་མི་མཐུན་ཕྱོགས་དང་གསུམ་མོ། །དཔེ་རིམ་པ་བཞིན། སྒྲ་མི་རྟག་པར་སྒྲུབ་པ་ལ་ཤེས་བྱ་ལྟ་བུ་དང་རྟག་པ་ལྟ་བུ་དང༌། རི་བོང་གི་རྭ་ལྟ་བུའོ། །རྟགས་ཡང་དག་ལ་གྲངས་ངེས་ཀྱི་སྒོ་ནས་དབྱེ་ན། འབྲས་རང་མ་དམིགས་པའི་རྟགས་གསུམ། འབྲས་བུའི་རྟགས་ཡང་དག་གི་མཚན་ཉིད། ཚུལ་གསུམ་ཚང་བའི་གཏན་ཚིགས་གང་ཞིག །རང་ལས་རྫས་ཐ་དད་དུ་གྱུར་པའི་བསྒྲུབ་བྱའི་ཆོས་དང་དེ་བྱུང་དུ་འབྲེལ་བ། རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། སྒྲུབ་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་ཁྱོད་ཀྱི་བདག་གཅིག་པའི་ཁྱབ་བྱེད་ཡིན་པ། མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཚུལ་གསུམ་ཚང་བའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན། དགག་པ་ཡིན་པ། འབྲས་རྟགས་ལ་དབྱེ་ན། རྒྱུ་ཆོས་སྒྲུབ། རྒྱུ་དངོས་སྒྲུབ། རྒྱུ་སྔོན་སོང་སྒྲུབ། རྒྱུའི་ཁྱད་པར་སྒྲུབ། རྒྱུའི་སྤྱི་སྒྲུབ་པའི་འབྲས་རྟགས་དང་ལྔ། དང་པོའི་མཚན་ཉིད། དེ་སྒྲུབ་ཀྱི་འབྲས་རྟགས་གང་ཞིག །ཁྱོད་ཀྱི་དུས་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེ་གྲུབ་པས་ཁྱབ་པ། དཔེར་ན། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རམ་གྱི་གཟུགས་ད་ལྟར་བ་


JLD018_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་སྒྲུབ་པ་ལ་བུ་རམ་གྱི་རོ་ད་ལྟར་བ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་གང་ཞིག རང་ལས་རྫས་ཐ་དད་དུ་གྱུར་པའི་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འབྲས་བུ་ཡིན་པ། དཔེར་ན་དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པ་ལ། དུ་བ་རྟགས་སུ་བཀོད་པ་ལྟ་བུའོ། །ཕྱི་མ་གསུམ་པོ་དཔེ་རིམ་བཞིན། རིག་བྱེད་ཀྱི་སྒྲ་འཛིན་ཉན་ཤེས་རང་རྒྱུ་སྒྲ་མི་རྟག་པ་སྔོན་དུ་སོང་བར་སྒྲུབ་པ་ལ་རྩོལ་བྱུང་ཉན་ཤེས་རྟགས་སུ་བཀོད་པ་ལྟ་བུའོ། །གཟུགས་འཛིན་དབང་ཤེས་ལ་དབང་ཡིད་ལས་གཞན་པའི་རྒྱུ་ཡོད་པར་སྒྲུབ་པ་ལ་དབང་ཡིད་ལས་གཞན་པའི་རྒྱུ་མེད་ན་མི་སྐྱེ་བའི་དངོས་པོ་རྟགས་སུ་བཀོད་པ་ལྟ་བུའོ། །སྡུག་བདེན་རང་རྒྱུ་ཡོད་པར་སྒྲུབ་པ་ལ་རེས་འགའ་འབྱུང་བ་བཀོད་པ་ལྟ་བུའོ། །རང་བཞིན་གྱི་རྟགས་ཡང་དག་ལ་གཉིས་ལས། ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། རང་བཞིན་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་ཅེས་བརྗོད་པའི་སྒྲས་ཁྱོད་ཀྱི་ལྡོག་པ་བྱེད་ཆོས་མ་འཕངས་པ། དཔེར་ན་སྒྲ་མི་རྟག་སྒྲུབ་ལ་དངོས་པོ་བཀོད་པ་ལྟ་བུ། ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག །ཁྱོད་ཅེས་བརྗོད་པའི་སྒྲས་ཁྱོད་ཀྱི་ལྟོས་པ་བྱེད་ཆོས་འཕངས་པ། དབྱེ་ན། ཐ་མི་དད་བལྟོས་པ་བ་དང༌། ཐ་དད་བལྟོས་པའི་རང་བཞིན་གྱི་རྟགས་གཉིས། དང་པོ་ནི། སྒྲ་མི་རྟག་སྒྲུབ་ལ་སྐྱེ་ལྡན་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ལ། བལྟོས་པ་དངོས་སུ་འཕངས་པ་དང༌། ཤུགས་ལ་འཕངས་པའི་རང་བཞིན་གྱི་རྟགས་གཉིས།


JLD018_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་རིམ་བཞིན། སྒྲ་མི་རྟག་སྒྲུབ་ལ་རྒྱུ་རྐྱེན་ལས་སྐྱེས་པ་རྟགས་སུ་བཀོད་པ་ལྟ་བུ་དང༌། བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །མ་དམིགས་པའི་རྟགས་ཡང་དག་ལ་གཉིས། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་ཡུལ་དེ་ཡོད་ཀྱང༌། དེ་ཕྱོགས་ཆོས་ཅན་གྱི་གང་ཟག་ལ་བལྟར་མི་རུང་བ། དཔེར་ན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་སྐྱེས་བུས་ཤ་ཟ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་པར་སྒྲུབ་པ་ལ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་ཤ་ཟ་མ་དམིགས་པ་བཀོད་པ་ལྟ་བུ། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་ཡུལ་དེ་ཡོད་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གང་ཟག་ལ་བལྟར་རུང་བ། དབྱེ་ན་གཉིས་ལས། འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མ་དམིགས་པའི་རྟགས་ཡང་དག་གང་ཞིག །མེད་དགག་ཡིན་པ། འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།གང་ཞིག །མ་ཡིན་དགག་གམ་སྒྲུབ་པ་གང་རུང་ཡིན་པ། འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་ལ་དབྱེ་ན། རྒྱུ་མ་དམིགས། ཁྱབ་བྱེད་མ་དམིགས། རང་བཞིན། དངོས་འབྲས་མ་དམིགས་པའི་རྟགས་དང་བཞི། རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་གྱུར་པའི་དངོས་པོ་ཡིན་ན། དེ་ལས་རྫས་ཐ་དད་དུ་གྱུར་པའི་ཁྱོད་ཀྱི་དངོས་ཀྱི་ལོག་ཕྱོགས་ལ་དེ་བྱུང་དུ་འབྲེལ་


JLD018_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དེའི་རྒྱུ་ཡིན་པ། དཔེར་ན། སྔོ་འཕྱུར་བ་དང་ལྡན་པའི་མེ་མེད་ཀྱི་མཚན་མོའི་རྒྱ་མཚོ་དུ་མེད་དུ་སྒྲུབ་པ་ལ་མེ་མེད་བཀོད་པ་ལྟ་བུ། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག་དེ་སྒྲུབ་ཀྱི་དགག་བྱའི་ཆོས་དེ་ཡིན་ན། དེ་ཁྱོད་ཀྱི་དངོས་ཀྱི་ལྡོག་ཆོས་གང་ཡིན་ལ་བདག་གཅིག་ཏུ་འབྲེལ་བ། དཔེར་ན། ཤིང་མེད་ཀྱི་བྲག་རྫོང་ན་ཤ་པ་མེད་པར་སྒྲུབ་པ་ལ་ཤིང་མེད་བཀོད་པ་ལྟ་བུའོ། །རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་དངོས་ཀྱི་ལྡོག་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རང་བཞིན་ཡིན་པ། དཔེར་ན། ལྟོ་ལྡིར་ཞབས་ཞུམ་གྱིས་དག་པའི་ས་ཕྱོགས་ན་བུམ་པ་མེད་པར་སྒྲུབ་པ་ལ་ལྟོ་ལྡིར་ཞབས་ཞུམ་སྣང་རུང་མ་དམིགས་པ་ལྟ་བུ། དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་གང་ཞིག ། ཁྱོད་ཀྱི་དངོས་ཀྱི་ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཡིན་ན་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་གྱུར་པའི་དངོས་པོའི་དངོས་འབྲས་ཡིན་པ། དཔེར་ན། དུ་བས་དབེན་པའི་རྩིག་སྒོར་དུ་རྒྱུ་ནུས་པ་ཐོགས་མེད་མེད་པར་སྒྲུབ་པ་ལ་དུ་བ་མེད་པ་བཀོད་པ་ལྟ་བུའོ། །འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་དབྱེ་ན། ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་དང༌། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དེ་དང་གཉིས། དང་པོའི་མཚན་ཉིད། འགལ་ཟླ་དམིགས་པའི་རྟགས་ཡང་དག་གང་ཞིག ཕན་


JLD018_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་སྤངས་འགལ་གྱི་སྒོ་ནས་དེ་སྒྲུབ་ཀྱི་དགག་བྱ་འགོག་པ། གཉིས་པའི་མཚན་ཉིད། གང་ཞིག ལྷན་ཅིག་མི་གནས་འགལ་གྱི་སྒོ་ནས་དེ་སྒྲུབ་ཀྱི་དགག་བྱ་འགོག་པ། དང་པོ་ལ་དབྱེ་ན། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་ཁྱབ་བྱེད་འགལ་དམིགས་ཀྱི་རྟགས་ཡང་དག་དང༌། དེ་ལ་བརྟེན་པའི་འགལ་ཁྱབ་དམིགས་པའི་རྟགས་ཡང་དག་གཉིས། དཔེ་རིམ་བཞིན། སྒྲ་རྟག་དངོས་ཀྱིས་སྟོང་པར་སྒྲུབ་པ་ལ་བྱས་པ་བཀོད་པ་ལྟ་བུ། བུམ་པ་འཇིག་པ་ཕྱིས་རྒྱུ་དོན་གཞན་ལ་མི་བལྟོས་པར་སྒྲུབ་པ་ལ་རང་གྲུབ་ཙམ་ནས་འཇིག་པ་བཀོད་པ་ལྟ་བུའོ། །ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་དབྱེ་ན། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་རང་བཞིན་འགལ་དམིགས། ཁྱབ་བྱེད་འགལ་དམིགས། རྒྱུ་འགལ་དམིགས། འབྲས་བུ་འགལ་དམིགས། འགལ་འབྲས་དམིགས་པ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་དང་དྲུག །དཔེ་རིམ་བཞི། མེ་སྟོབས་ཆེན་རྒྱུན་ཆགས་པས་ཁྱབ་པར་ནོན་པའི་ས་ཕྱོགས་ན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་མེད་པར་སྒྲུབ་པ་ལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་རྟགས་སུ་བཀོད་པ་ལྟ་བུ་དང༌། དེས་ཁྱབ་པར་ནོན་པའི་ས་ཕྱོགས་ན་གྲང་རེག་རྒྱུན་ཆགས་མེད་པར་སྒྲུབ་པ་ལ་རྟགས་འདྲ། དེས་ཁྱབ་པར་ནོན་པའི་ས་ཕྱོགས་ན་གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་མེད་པར་སྒྲུབ་པ་ལ་རྟགས་འདྲ། དེས་ཁྱབ་པར་ནོན་པའི་ས་ཕྱོགས་ན་གྲང་རྒྱུ་ནུས་པ་ཐོགས་མེད་སྟོབས་ཆེན་རྒྱུན་ཆགས་མེད་པར་སྒྲུབ་པ་ལ་རྟགས་འདྲ། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་ས་ཕྱོགས་ན་གྲང་རེག་


JLD018_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེན་རྒྱུན་ཆགས་མེད་པར་སྒྲུབ་པ་ལ་དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པ་རྟགས་སུ་བཀོད་པ་ལྟ་བུ། དེས་ཁྱབ་པར་ནོན་པའི་ས་ཕྱོགས་ན་གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་མེད་པར་སྒྲུབ་པ་ལ་དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པ་རྟགས་སུ་བཀོད་པ་ལྟ་བུའོ། །ཡང་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་དབྱེ་ན། འགལ་བའི་རང་བཞིན་དམིགས་པ་བཞི། འགལ་བའི་འབྲས་བུ་དམིགས་པ་བཞི། འགལ་བའི་ཁྱབ་བྱ་དམིགས་པ་བཞི་སྟེ་བཅུ་གཉིས་སུ་བཤད་ཀྱང་འགལ་བ་ཆེར་མེད་དོ། །རྟགས་ཡང་དག་ལ་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། སྒྲུབ་རྟགས་ཡང་དག་དང༌། དགག་རྟགས་ཡང་དག་གཉིས། མཚན་ཉིད་རིམ་བཞིན། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་སྒྲུབ་པ་ཡིན་པ། དེ་གང་ཞིག དེ་ཡིན་ན་དགག་པ་ཡིན་པ། དང་པོ་ནི། འབྲས་རང་གི་རྟགས་ཐམས་ཅད་ཡིན་ལ། ཕྱི་མ་ནི། མ་དམིགས་བའི་རྟགས་ཐམས་ཅད་ཡིན་ནོ། །རྟགས་ཡང་དག་ལ་དགོས་པའི་སྒོ་ནས་དབྱེ་ན། རང་དོན་གྱི་རྟགས་ཡང་དག་དང༌། གཞན་དོན་གྱི་རྟགས་ཡང་དག་གཉིས་ལས། མཚན་ཉིད་རིམ་པ་བཞིན། རྟགས་ཡང་དག་གང་ཞིག །སྔ་རྒོལ་གྱིས་ཕྱིར་རྒོལ་གྱི་དོན་དུ་མ་བཀོད་པ་དང་བཀོད་པ། དཔེ་རིམ་བཞིན། སྔ་རྒོལ་མེད་པའི་གང་ཟག་རང་ཉིད་ལ་དུ་བས་དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པའི་ཚེ་དུ་བ་ལྟ་བུ་དང༌། རྒོལ་བས་ཕྱིར་རྒོལ་ལ་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་བྱས་པ་ལྟ་བུའོ། །རྟགས་ཡང་དག་ལ་སྒྲུབ་ཚུལ་


JLD018_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒོ་ནས་དབྱེ་ན། དོན་སྒྲུབ་ཀྱི་རྟགས་ཡང་དག་དང༌། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གཉིས། དང་པོའི་མཚན་ཉིད། གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་དོན་དེ་ཤེས་འདོད་ཆོས་ཅན་གྱི་སྟེང་ན་ཡོད་ཀྱང་དེ་དེར་ཕྱོགས་ཆོས་ཅན་གྱི་ཚད་མ་ལ་བལྟར་མི་རུང་བ། དཔེར་ན་སྔོ་འཕྱུར་བ་དང་ལྡན་པའི་མེ་མེད་ཀྱི་མཚན་མོ་རྒྱ་མཚོ་ན་དུ་བ་མེད་པར་སྒྲུབ་པ་ལ་མེ་མེད་བཀོད་པ་ལྟ་བུ། གཉིས་པའི་མཚན་ཉིད། གང་ཞིག །དགག་བྱའི་ཆོས་ཀྱི་དོན་དེ་ཤེས་འདོད་ཆོས་ཅན་གྱི་སྟེང་ན་ཡོད་ན་དེ་དེར་ཕྱོགས་ཆོས་ཅན་གྱི་ཚད་མ་ལ་བལྟར་རུང་བ། དཔེར་ན། ལྟོ་ལྡིར་ཞབས་ཞུམ་གྱིས་དག་པའི་ས་ཕྱོགས་ན་བུམ་པ་མེད་པར་སྒྲུབ་པ་ལ་ལྟོ་ལྡིར་ཞབས་ཞུམ་སྣང་རུང་མ་དམིགས་པ་བཀོད་པ་ལྟ་བུའོ། །ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་ཐ་སྙད་དེ་ཤེས་འདོད་ཆོས་ཅན་གྱི་སྟེང་ན་ཡོད་ཀྱང༌། དེ་དེར་ཕྱོགས་ཆོས་ཅན་གྱི་ཚད་མ་ལ་བལྟར་མི་རུང་བ། ཡང་ན་རྟགས་ཡང་དག་ལ་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། དོན་སྒྲུབ་ཀྱི་རྟགས་ཡང་དག་དང༌། ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གཉིས། མཚན་ཉིད་རིམ་བཞིན། ཚུལ་གསུམ་ཚང་བའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མཚན་ཉིད་ཡིན་པ་དང༌། གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མཚོན་བྱ་ཡིན་པ། དཔེ་རིམ་བཞིན། སྐད་ཅིག་མ་སྒྲུབ་པ་ལ་རྒྱུ་རྐྱེན་ལས་སྐྱེས་པ་བཀོད་པ་ལྟ་བུ་དང༌། སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་བཀོད་པ་ལྟ་བུའོ། །རྟགས་ཡང་དག་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན།


JLD018_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་དང༌། རྣམ་པ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས། གང་ཞིག །སྒྲུབ་ཚུལ་ལྟར་མཐུན་ཕྱོགས་མཐའ་དག་ལ་ཡོད་པ། གང་ཞིག །སྒྲུབ་ཚུལ་ལྟར་མཐུན་ཕྱོགས་འགའ་ཞིག་ལ་མེད་པ། དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་བཀོད་པ་ལྟ་བུ་དང༌། རྩོལ་བྱུང་བཀོད་པ་ལྟ་བུའོ། །རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་ན་གསུམ་ལས། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་གི་མཚན་ཉིད། ཚུལ་གསུམ་ཚང་བའི་གཏན་ཚིགས་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་ན་སྒྲ་བྱུང་གྲགས་པ་དང་དེ་འགྲུབ་པ་ལུང་ལ་ལྟོས་པ་གང་ཡང་མ་ཡིན་པ། དཔེར་ན། སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་བཀོད་པ་ལྟ་བུ། གྲགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་ན་སྒྲ་བྱུང་གྲགས་པ་ཡིན་པ། དཔེར་ན་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པ་ལ་རྟོག་ཡུལ་ན་ཡོད་པ་རྟགས་སུ་བཀོད་པ་ལྟ་བུ། ཡིད་ཆེས་ཀྱི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་ན། དེ་ཚུར་མཐོང་གི་ཚད་མས་འགྲུབ་པ་ངེས་པར་ལུང་ལ་བལྟོས་པ། དཔེར་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་སྒྲུབ་པ་ལ། དཔྱད་པ་གསུམ་གྱིས་དག་པའི་ལུང་བཀོད་པ་ལྟ་བུའོ། །རྟགས་ལྟར་སྣང་གི་མཚན་ཉིད། རྟགས་སུ་བཀོད་པ་གང་ཞིག ཚུལ་གསུམ་མ་ཚང་བ། ཡང་ན་དེའི་མཚན་ཉིད། བསྒྲུབ་བྱ་རང་གིས་ཚད་མས་མ་གྲུབ་


JLD018_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གང་ཟག་གིས་ཚུལ་གསུམ་ཚད་མས་འགྲུབ་མི་སྲིད་པའི་རྟགས། དབྱེ་ན་གཉིས་ལས། འགལ་བའི་རྟགས་ཀྱི་མཚན་ཉིད། ཕྱོགས་ཆོས་གྲུབ་ཅིང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་རྟགས། མ་ངེས་པའི་རྟགས་ཀྱི་མཚན་ཉིད། ཕྱོགས་ཆོས་གྲུབ་ཅིང་ཁྱབ་པ་རྣལ་མ་དང་ཕྱིན་ཅི་ལོག་གང་དུ་ཡང་མ་ངེས་པ། ཡང་ན། ཕྱོགས་ཆོས་གྲུབ་ཅིང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱབ་པ་རྣལ་མ་དང་ཕྱིན་ཅི་ལོག་གང་དུའང་མ་ངེས་པ། མ་གྲུབ་པའི་རྟགས་ཀྱི་མཚན་ཉིད། རྟགས་སུ་བཀོད་པ་གང་ཞིག ཕྱོགས་ཆོས་མ་གྲུབ་པ། འགལ་རྟགས་ལ་སྦྱོར་བའི་སྒོ་ནས་དབྱེ་ན། འབྲས་རང་མ་དམིགས་པའི་འགལ་རྟགས་གསུམ། མཚན་ཉིད་རིམ་བཞིན། འགལ་རྟགས་གང་ཞིག །ཁྱོད་རང་ལས་རྫས་ཐ་དད་པའི་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ། སྒྲུབ་པའི་འགལ་རྟགས་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡིན་ན། ཁྱོད་ཀྱི་བདག་གཅིག་པའི་ཁྱབ་བྱེད་ཡིན་པ། གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་དགག་བྱའི་ཆོས་ཡིན་ན། དགག་པ་ཡིན་པ། དཔེ་རིམ་བཞིན། དུ་ལྡན་ལ་མེ་མེད་དུ་སྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་པ་ལྟ་བུ་དང༌། སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུ་དང༌། ཤིང་མེད་ཀྱི་བྲག་རྫོང་ན་ཤ་པ་ཡོད་པར་སྒྲུབ་པ་ལ་ཤིང་མེད་བཀོད་པ་ལྟ་བུའོ། །འགལ་རྟགས་ལ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། བཞི་ལས། ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཀྱི་མཚན་ཉིད། ཕྱོགས་ཆོས་གྲུབ་ཅིང་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ། དཔེར་ན། སྒྲ་རྟག་པར་སྒྲུབ་པ་ལ་


JLD018_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཀྱི་མཚན་ཉིད། ཕྱོགས་ཆོས་གྲུབ་ཅིང་ཞེ་འདོད་ལ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་བཟུངས་ཤིང་བརྗོད་ཚུལ་ལ་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་དུ་བཟུང་བའི་ཆོས་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ། དཔེར་ན། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་བྱེད་པར་སྒྲུབ་པ་ལ་འདུས་ཤིང་བསགས་པ་བཀོད་པ་ལྟ་བུའོ། །ཆོས་ཅན་གྱི་ངོ་བོ་བསྒྲུབ་པའི་འགལ་རྟགས་ཀྱི་མཚན་ཉིད། ཕྱོགས་ཆོས་གྲུབ་ཅིང་ཞེ་འདོད་ལ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་བཟུང་ལ། བརྗོད་ཚུལ་ལ་ཆོས་ཅན་གྱི་ངོ་བོར་བཟུང་བའི་ཆོས་དང༌།ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ། དཔེར་ན་དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པ་ལ་འདུས་མ་བྱས་བཀོད་པ་ལྟ་བུའོ། །ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཀྱི་མཚན་ཉིད། ཞེ་འདོད་ཀྱི་ཆོས་ཅན་གྱི་སྟེང་དུ་ཕྱོགས་ཆོས་གྲུབ་ཅིང༌། ཞེ་འདོད་ལ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་བཟུང་ལ། བརྗོད་ཚུལ་ལ་ཆོས་ཅན་གྱི་ཁྱད་པར་བཟུང་བའི་ཆོས་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ། དཔེར་ན་མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་དེ་གཞན་དོན་བྱེད་པར་སྒྲུབ་པ་ལ་འདུས་ཤིང་བསགས་པ་བཀོད་པ་ལྟ་བུ། མ་ངེས་པའི་རྟགས་ལ་དབྱེ་ན་གཉིས་ལས། ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། ཕྱོགས་ཆོས་གྲུབ་ཅིང་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གང་ལ་ཡང་མ་མཐོང་བ། ཡང་ན། ཕྱོགས་ཆོས་གྲུབ་ཅིང་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་ལ་


JLD018_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་མཐོང་བ། དཔེར་ན། སྒྲ་རྟག་པར་སྒྲུབ་པ་ལ་མཉན་བྱ་བཀོད་པ་དང༌། གསོན་ལུས་བདག་བཅས་སུ་སྒྲུབ་པ་ལ་སྲོག་བཀོད་པ་ལྟ་བུའོ། །ཐུན་མོང་གི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། མ་ངེས་པའི་རྟགས་གང་ཞིག །ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང་བའམ་མི་མཐུན་ཕྱོགས་ལ་མཐོང་བ་གང་རུང་ཡིན་པ། དབྱེ་ན། དངོས་ཀྱི་མ་ངེས་པ་དང་ལྷག་ལྡན་གྱི་མ་ངེས་པ་གཉིས། མཚན་ཉིད་རིམ་བཞིན། ཐུན་མོང་གི་མ་ངེས་པའི་རྟགས་གང་ཞིག །ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མཐོང་བ། གཉིས་པའི་མཚན་ཉིད། དེ་གང་ཞིག །ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མཐོང་བས་མ་ཁྱབ་པ། དང་པོ་ལ་དབྱེ་ན། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག །གཉིས་ཀ་ལ་རྣམ་གཉིས་སུ་འཇུག །མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་དངོས་ཀྱི་མ་ངེས་པའི་རྟགས་དང་བཞིའོ། །དཔེ་རིམ་བཞིན། སྒྲ་རྟག་པར་སྒྲུབ་པ་ལ་གཞལ་བྱ་བཀོད་པ་ལྟ་བུ། བྱེ་བྲག་པའི་ངོར་སྒྲ་རྟག་པར་སྒྲུབ་པ་ལ་རེག་བྱ་ཅན་མ་ཡིན་པ་རྟགས་སུ་བཀོད་པ་ལྟ་བུ། སྒྲ་རྩོལ་མ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་རྟགས་སུ་བཀོད་པ་ལྟ་བུའོ། །སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་བཀོད་པ་ལྟ་བུའོ། །ལྷག་ལྡན་གྱི་མ་ངེས་པའི་རྟགས་ལ་དབྱེ་ན་གཉིས། འགལ་བ་ལྷག་ལྡན་གྱི་མ་ངེས་པའི་རྟགས་ཀྱི་མཚན་ཉིད།


JLD018_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག །ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མཐོང་བ། དཔེར་ན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་ཡིན་པར་སྒྲུབ་པ་ལ་ངག་སྨྲ་བ་བཀོད་པ་ལྟ་བུའོ། །ཡང་དག་ལྷག་ལྡན་གྱི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། གང་ཞིག །ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་ལ་མཐོང་བ། དཔེར་ན་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པ་ལ་ངག་སྨྲ་བ་བཀོད་པ་ལྟ་བུའོ། །མ་གྲུབ་པའི་རྟགས་ལ་དབྱེ་ན། དོན་ལ་བལྟོས་ནས་མ་གྲུབ། བློ་ལ་བལྟོས་ནས་མ་གྲུབ། གང་ཟག་ལ་བལྟོས་ནས་མ་གྲུབ་པའི་རྟགས་དང་གསུམ། དང་པོ་ལ་དབྱེ་ན། གཞི་མ་གྲུབ་ནས་མ་གྲུབ། ཐ་དད་མེད་ནས་མ་གྲུབ། ཕྱོགས་གཅིག་ལ་བལྟོས་ནས་མ་གྲུབ་པའི་རྟགས་དང་གསུམ། དང་པོ་ལ་དབྱེ་ན། རྟགས་ཀྱི་ངོ་བོ་མི་སྲིད་ནས་མ་གྲུབ། ཆོས་ཀྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ་གཉིས། དཔེ་རིམ་བཞིན། སྐྱེས་བུ་བདག་བཅས་སུ་སྒྲུབ་པ་ལ་བདག་གི་ཡོན་ཏན་དང་ལྡན་པ་བཀོད་པ་ལྟ་བུ་དང༌། བདག་ཁྱབ་པ་ཡིན་པར་སྒྲུབ་པ་ལ་བདེ་སྡུག་ཡོན་ཏན་ཀུན་ལ་དམིགས་པ་བཀོད་པ་ལྟ་བུའོ། །ཐ་དད་མེད་ནས་མ་གྲུབ་པའི་རྟགས་ལ་དབྱེ་ན། གཞི་རྟགས་ཐ་དད་མེད་ནས་མ་གྲུབ། གཞི་ཆོས་ཐ་དད་མེད་ནས་མ་གྲུབ། ཆོས་རྟགས་ཐ་དད་མེད་ནས་མ་གྲུབ་པ་གསུམ་མོ། །དཔེ་རིམ་བཞིན། སྒྲ་མི་རྟག་པར་སྒྲུབ་པ་ལ་སྒྲ་དང༌། སྒྲ་སྒྲར་སྒྲུབ་པ་ལ་མི་རྟག་པ་བཀོད་པ་དང༌། སྒྲ་མི་རྟག་པར་སྒྲུབ་པ་ལ་མི་རྟག་པ་བཀོད་པ་ལྟ་


JLD018_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །ཕྱོགས་གཅིག་ལ་བལྟོས་ནས་མ་གྲུབ་པའི་རྟགས་ནི། དཔེར་ན། ཟླ་བ་གཉིས་སྣང་གི་དབང་ཤེས་མངོན་སུམ་དུ་སྒྲུབ་པ་ལ་རྟོག་བྲལ་མ་འཁྲུལ་བ་རྟགས་སུ་བཀོད་པ་ལྟ་བུའོ། །བློ་ངོ་ལ་ལྟོས་ནས་མ་གྲུབ་པའི་རྟགས་ལ་དབྱེ་ན། ཐེ་ཚོམ་ཟ་ནས་མ་གྲུབ། ཤེས་འདོད་མེད་ནས་མ་གྲུབ་པའི་རྟགས་གཉིས།དང་པོ་ལ་དབྱེ་ན། ཆོས་ཅན་ལ་ཐེ་ཚོམ་ཟ་ནས་མ་གྲུབ། རྟགས་ལ་ཐེ་ཚོམ་ཟ་ནས་མ་གྲུབ། དེ་གཉིས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དང་གསུམ། དཔེ་རིམ་བཞིན། ཤ་ཟའི་བུམ་པ་མི་རྟག་པར་སྒྲུབ་པ་ལ་བྱས་པ་བཀོད་པ་ལྟ་བུ་དང༌། དུ་བའམ་རླངས་པ་ཡིན་མིན་ཐེ་ཚོམ་ཟ་བའི་སྔོ་ལོང་པོ་ཡོད་པའི་ས་ཕྱོགས་སུ་མེ་ཡོད་པར་སྒྲུབ་པ་ལ་དུ་བ་ཡོད་པ་རྟགས་སུ་བཀོད་པ་ལྟ་བུ། རི་སུལ་གསུམ་གྱི་དབུས་མ་ན་རྨ་བྱ་ཡོད་པར་སྒྲུབ་པ་ལ་རྨ་བྱའི་སྒྲ་གྲགས་པ་བཀོད་པ་ལྟ་བུའོ། །གཉིས་པ་ནི། དཔེར་ན་སྒྲ་མི་རྟག་པར་གྲུབ་ཟིན་མ་བརྗེད་པའི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པ་ལྟ་བུའོ། །གང་ཟག་ལ་བལྟོས་ནས་མ་གྲུབ་པའི་རྟགས་ལ་དབྱེ་ན། རྒོལ་བ་ལ་བལྟོས་ནས་མ་གྲུབ། ཕྱིར་རྒོལ་ལ་བལྟོས་ནས་མ་གྲུབ། གཉིས་ཀ་ལ་བལྟོས་ནས་མ་གྲུབ་པའི་རྟགས་གསུམ། དཔེ་རིམ་བཞིན། གྲངས་ཅན་པས་སངས་རྒྱས་པ་ལ་བློ་བདེ་སེམས་མེད་དུ་བསྒྲུབ་པ་ལ་སྐྱེ་འཇིག་ཅན་བཀོད་པ་ལྟ་བུ། གཅེར་བུ་པས་ཤིང་སེམས་ལྡན་དུ་སྒྲུབ་པ་ལ། ཤུན་པ་བཤུས་ན་འཆི་བ་བཀོད་པ་ལྟ་བུ། སྒྲ་མི་རྟག་པར་སྒྲུབ་པ་ལ་མིག་ཤེས་ཀྱི་གཟུང་བྱ་བཀོད་པ་ལྟ་བུའོ། །དཔེ་ཡང་དག་གི་མཚན་ཉིད། བསྒྲུབ་བྱ་ངེས་པའི་སྔོན་དུ་ཁྱབ་པ་ངེས་པའི་


JLD018_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

གཞིར་གྱུར་པ། དབྱེ་ན་གཉིས་ལས། མཐུན་དཔེ་ཡང་དག་གི་མཚན་ཉིད། བསྒྲུབ་བྱ་ངེས་པའི་སྔོན་དུ་རྗེས་ཁྱབ་སྔོན་དུ་ངེས་པའི་གཞིར་གྱུར་པ། དབྱེ་ན། དངོས་ཀྱི་མཐུན་དཔེ་ཡང་དག་དང༌། རིགས་འདྲའི་མཐུན་དཔེ་ཡང་དག་གཉིས། དཔེ་རིམ་བཞིན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེར་བུམ་པ་བཀོད་པ་ལྟ་བུ་དང༌། ལྟོ་ལྡིར་བ་སྣང་རུང་མ་དམིགས་པས་ལྟོ་ལྡིར་བས་དག་པའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པ་ལ། རི་བོང་གི་མགོ་ལ་རྭ་བཀོད་པ་ལྟ་བུའོ། །མི་མཐུན་དཔེ་ཡང་དག་གི་མཚན་ཉིད། བསྒྲུབ་བྱ་ངེས་པའི་སྔོན་དུ་ལྡོག་ཁྱབ་དངོས་སུ་ངེས་པའི་གཞིར་གྱུར་པ། དཔེར་ན་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་དཔེར་ནམ་མཁའ་བཀོད་པ་ལྟ་བུའོ། །དཔེ་ལྟར་སྣང་གི་མཚན་ཉིད། བསྒྲུབ་བྱ་ངེས་པའི་སྔོན་དུ་ཁྱབ་པ་ངེས་པའི་གཞིར་གཟུང་ཞིང༌། ངེས་པར་མི་ནུས་པ། དབྱེ་ན། མཐུན་དཔེ་ལྟར་སྣང་དང་མི་མཐུན་དཔེ་ལྟར་སྣང་གཉིས། དང་པོའི་མཚན་ཉིད། བསྒྲུབ་བྱ་ངེས་པའི་སྔོན་དུ་རྗེས་ཁྱབ་དངོས་སུ་ངེས་པའི་གཞིར་བཟུང་ཞིང་ངེས་པར་མི་ནུས་པ། དབྱེ་ན། དོན་སྐྱོན་ཅན། བློ་སྐྱོན་ཅན། སྒྲ་སྐྱོན་ཅན་གྱི་མཐུན་དཔེ་དང་གསུམ། དང་པོ་ལ་དབྱེ་ན། ཆོས་ཀྱིས། རྟགས་ཀྱིས་སྟོང༌། དེ་གཉིས་ཀས་སྟོང་པའི་མཐུན་དཔེ་ལྟར་སྣང་གསུམ། དཔེ་རིམ་བཞིན། ལུས་ཅན་མ་ཡིན་པའི་སྒྲ་རྟག་པར་སྒྲུབ་པའི་མཐུན་དཔེར་ལས་དང༌། རྡུལ་ཕྲ་རབ་དང་བུམ་པ་བཀོད་པ་ལྟ་བུའོ། །གཞན་གཉིས་རེ་ཞིག་གཞོག །མི་མཐུན་དཔེ་ལྟར་སྣང་གི་མཚན་ཉིད། བསྒྲུབ་བྱ་ངེས་པའི་སྔོན་དུ་ལྡོག་


JLD018_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་དངོས་སུ་ངེས་པའི་གཞིར་བཟུང་ཞིང་ངེས་པར་མི་ནུས་པ། དབྱེ་ན། དོན་སྐྱོན་ཅན་སོགས་གསུམ་གྱི་མི་མཐུན་དཔེ་ལྟར་སྣང་གསུམ། དང་པོ་ལ། ཆོས་ཀྱིས་མི་སྟོང༌། རྟགས་ཀྱིས་མི་སྟོང༌། དེ་གཉིས་ཀས་མི་སྟོང་པའི་མི་མཐུན་དཔེ་ལྟར་སྣང་གསུམ། དཔེར་ན། ལུས་ཅན་མ་ཡིན་པས་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་དཔེར། རྡུལ་ཕྲ་རབ་དང་ལས་དང་ནམ་མཁའ་བཀོད་པ་ལྟ་བུའོ། །ཞར་བྱུང་རྟགས་དཔེའི་སྐྱོན་འཆད་པ་ལ། རྟགས་སྐྱོན་གྱི་མཚན་ཉིད།དེ་སྒྲུབ་ཀྱི་རྟགས་སུ་བཀོད་ལེའོ་དེ་ཁོ་ན་ལ་ལྡན་ཞིང་རྟགས་སུ་བཀོད་ལེ་འོ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་རྟགས་གང་ཞིག །བསྒྲུབ་བྱ་སྒྲུབ་ནུས་དང་ཚུལ་གསུམ་གང་རུང་གི་དངོས་ཀྱི་ལྡོག་ཕྱོགས་གང་རུང་ཡིན་པ། དབྱེ་ན། མ་གྲུབ་པའི་རྟགས་ཀྱི་སྐྱོན། འགལ་རྟགས་ཀྱི་སྐྱོན། མ་ངེས་པའི་རྟགས་ཀྱི་སྐྱོན་དང་གསུམ། དཔེ་རིམ་བཞིན། སྒྲ་མི་རྟག་པར་སྒྲུབ་པ་ལ་མིག་ཤེས་ཀྱི་གཟུང་བྱ་བཀོད་པའི་ཚེ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་སུ་བཀོད་ན་ཕྱོགས་ཆོས་མ་གྲུབ་པ་ལྟ་བུ་དང༌། སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་བཀོད་པའི་ཚེ་སྒྲ་རྟག་སྒྲུབ་ཀྱི་རྟགས་སུ་བཀོད་ན་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ལྟ་བུ་དང༌། སྒྲ་རྟག་པར་སྒྲུབ་པ་ལ་གཞལ་བྱ་བཀོད་པའི་ཚེ་སྒྲ་རྟག་པར་སྒྲུབ་ཀྱི་རྟགས་སུ་བཀོད་ན་ཁྱབ་པ་རྣལ་མ་དང་ཕྱིན་ཅི་ལོག་གང་དུ་ཡང་མ་ངེས་པ་ལྟ་བུའོ། །དེས་ན་རྟགས་སྐྱོན་ལ་གཞི་གྲུབ་པས་ཁྱབ་ལ། རྟགས་སྐྱོན་ཅན་ལ་གཞི་གྲུབ་མ་གྲུབ་ཅི་རིགས་སུ་ཡོད་དོ། །རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་ན་གཞི་མ་གྲུབ་དགོས་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་


JLD018_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་མ་ཡིན་པ་དང་མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་ལྟ་བུ་ནི་རྟགས་ཡང་དག་གི་བསལ་བྱ་ཡིན་པའི་ཕྱིར་རོ། །འདི་ནི་དཔེ་དང་ཕྱོགས་ཀྱི་སྐབས་སུ་ཡང་གོ་བར་བྱའོ། །དཔེ་སྐྱོན་གྱི་མཚན་ཉིད། དེ་སྒྲུབ་ཀྱི་དཔེར་བཀོད་ལེ་འོ་དེ་ཁོ་ན་ལ་ལྡན་ཞིང༌། དེ་སྒྲུབ་ཀྱི་དཔེར་བཀོད་ལེ་འོ་དེ་དེ་སྒྲུབ་ཀྱི་དཔེ་ཡང་དག་མ་ཡིན་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་རྟགས་གང་ཞིག །བསྒྲུབ་བྱ་ངེས་པའི་སྔོན་དུ་ཁྱབ་པ་ངེས་པའི་གཞིར་གྱུར་པའི་དངོས་ཀྱི་ལྡོག་ཕྱོགས་ཡིན་པ། དབྱེ་ན་མཐུན་དཔེའི་སྐྱོན་དང༌། མི་མཐུན་དཔེའི་སྐྱོན་གཉིས། དཔེ་རིམ་བཞིན། ལུས་ཅན་མ་ཡིན་པས་སྒྲ་རྟག་པར་སྒྲུབ་པའི་མཐུན་དཔེར་བུམ་པ་བཀོད་པའི་ཚེ། རྟག་པས་སྟོང་བ་ལྟ་བུ་དང༌། ལུས་ཅན་མ་ཡིན་པས་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་དཔེར་ནམ་མཁའ་བཀོད་པའི་ཚེ་རྟག་པས་མི་སྟོང་བ་ལྟ་བུའོ། །གཞན་དོན་རྗེས་དཔག་གཏན་ལ་དབབ་པ་ལ། དངོས་དང་བསྒྲུབ་བྱ་སུན་འབྱིན་སོགས་བཤད་པ་ལ་གསུམ་ལས། གཞན་དོན་རྗེས་དཔག་གམ། སྒྲུབ་ངག་ཡང་དག་གི་མཚན་ཉིད། རྒོལ་བ་རང་གིས་ཚད་མས་གྲུབ་པའི་རྟགས་ཀྱིས་ཚུལ་གསུམ་ཕྱིར་རྒོལ་ལ་ལྷག་ཆད་མེད་པར་སྟོན་པའི་ངག་ཡན་ལག་གཉིས་ལྡན། དབྱེ་ན། གཉིས་ལས། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་ཉིད། རྒོལ་བ་རང་གིས་ཚད་མས་གྲུབ་པའི་ཕྱོགས་ཆོས་དང་རྗེས་ཁྱབ་ཕྱིར་རྒོལ་ལ་དངོས་སུ་ལྷག་ཆད་མེད་པར་སྟོན་པའི་ངག་ཡན་ལག་གཉིས་ལྡན། དཔེར་ན། གང་བྱས་མི་རྟག་དཔེར་ན་བུམ་པ་བཞིན་


JLD018_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ནི་བྱས་ཞེས་པའི་ངག་ལྟ་བུའོ། །ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་ཉིད། རྒོལ་བ་རང་གིས་ཚད་མས་གྲུབ་པའི་ཕྱོགས་ཆོས་དང་ལྡོག་ཁྱབ་ཕྱིར་རྒོལ་ལ་དངོས་སུ་ལྷག་ཆད་མེད་པར་སྟོན་པའི་ངག་ཡན་ལག་གཉིས་ལྡན། དཔེར་ན། གང་རྟག་པ་མ་བྱས་ནམ་མཁའ་བཞིན་སྒྲ་ནི་བྱས་སོ་ཞེས་པའི་ངག་ལྟ་བུའོ། །སྒྲུབ་ངག་ལྟར་སྣང་གི་མཚན་ཉིད། སྒྲུབ་ངག་ཏུ་བཀོད་པ་གང་ཞིག སྐྱོན་གང་རུང་དང་ལྡན་པ། དབྱེ་ན་གསུམ་ལས། བློ་སྐྱོན་ཅན་གྱི་སྒྲུབ་ངག་ལྟར་སྣང་ནི། བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། གཟུགས་སོགས་བཞིན་ཞེས་པའི་ངག་ལྟ་བུའོ། །དོན་སྐྱོན་ཅན་གྱི་སྒྲུབ་ངག་ལྟར་སྣང་ནི། སྒྲ་ནི་རྟག་པ་ཡིན་ཏེ། ཕྱོགས་དང་མཐུན་ཕྱོགས་གང་རུང་ཡིན་པའི་ཕྱིར། ཞེས་པའི་ངག་ལྟ་བུ། སྒྲ་སྐྱོན་ཅན་གྱི་སྒྲུབ་ངག་ལྟར་སྣང་ནི། དཔེར་ན་སྒྲ་ནི་མི་རྟག་སྟེ་བྱས་པ་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས། དེའི་ཕྱིར་སྒྲ་མི་རྟག་ཅེས་པའི་ངག་ལྟ་བུའོ། །རྟགས་ཡང་དག་གི་བསྒྲུབ་བྱའི་མཚན་ཉིད། རྟགས་ཡང་དག་ལ་བརྟེན་ནས་གཟོད་གོ་བར་བྱ་བ། དབྱེ་ན། རང་དོན་གྱི་རྟགས་ཡང་དག་གི་བསྒྲུབ་བྱ་དང༌། གཞན་དོན་གྱི་རྟགས་ཡང་དག་གི་བསྒྲུབ་བྱ་གཉིས། དང་པོའི་མཚན་ཉིད་གློ་བུར་དུ་རྟགས་ཚད་མས་གྲུབ་པ་ལ་བརྟེན་ནས་གཟོད་གོ་བར་བྱ་བ། གཞན་དོན་གྱི་རྟགས་ཡང་དག་གི་བསྒྲུབ་བྱའི་མཚན་ཉིད། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ། ཡང་ན་བསྒྲུབ་བྱར་འོས་ཤིང་རྒོལ་བས་བསྒྲུབ་བྱར་ཁས་བླངས་པ། ཆོས་ལྔ་ནི། ཀུན་ལས་བཏུས་ལས། ངོ་བོ་ཁོ་ན་རང་ཉིད་དང༌། །འདོད་འགྱུར་མ་བསལ་


JLD018_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བྱ་བ། ཞེས་འབྱུང་བ་ལྟར་དུ། དེ་སྒྲུབ་ཀྱི་ཕྱིར་རྒོལ་གྱིས་ཚད་མས་གྲུབ་ཟིན་མ་བརྗེད་པ་མ་ཡིན་པ་དང༌། དེ་སྒྲུབ་ཀྱི་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པ་དང༌། དེ་སྒྲུབ་ཀྱི་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་དང༌། དེ་སྒྲུབ་ཀྱི་རྒོལ་བ་ཞེ་པས་འདོད་པ་དང༌། དེ་སྒྲུབ་ཀྱི་ཕྱིར་རྒོལ་གྱིས་ཚད་མས་མ་བསལ་བ་རྣམས་སོ། །གཞན་དོན་གྱི་ཕྱོགས་ལྟར་སྣང་གི་མཚན་ཉིད། སྔ་རྒོལ་གྱིས་དམ་བཅས་པར་ཚོགས་དོན་གང་ཞིག །ངོ་བོའི་དོན་སོགས་ཆོས་ལྔ་མ་ཚང་བ། དབྱེ་ན་ལྔ་ལས། གྲུབ་ཟིན་པའི་ཕྱོགས་ལྟར་སྣང་ནི། སྒྲ་མི་རྟག་པར་ཚད་མས་གྲུབ་ཟིན་པའི་གང་ཟག་གི་ངོར། སྒྲ་མི་རྟག་པར་དམ་བཅས་པའི་ཚེ་སྒྲ་མི་རྟག་པ་ལྟ་བུའོ། །སྒྲུབ་བྱེད་དུ་བཀོད་བཞིན་པའི་ཕྱོགས་ལྟར་སྣང་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་སྒྲ་མི་རྟག་པ་བཀོད་པའི་ཚེ་སྒྲ་མི་རྟག་པ་ལྟ་བུའོ། །རྒོལ་བ་དཔག་འདོད་མེད་པའི་ཕྱོགས་ལྟར་སྣང་ནི། རྒོལ་བས་སྔར་གཟིགས་ཟིན་གྱི་ལུང་ཁས་བླངས་ནས། ཕྱིས་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། སྒྲ་རྟག་པ་ནམ་ཡོན་ལྟ་བུའོ། །རྒོལ་བ་ཞེ་པས་མི་འདོད་པའི་ཕྱོགས་ལྟར་སྣང་ནི། གྲངས་ཅན་པས་མིག་སོགས་བདག་དོན་བྱེད་པར་སྒྲུབ་པར་འདོད་ནས། ངག་ཏུ་མིག་སོགས་གཞན་དོན་བྱེད་པར་དམ་བཅས་པའི་ཚེ་མིག་སོགས་གཞན་དོན་བྱེད་པ་ལྟ་བུའོ། །བསལ་བ་ཞུགས་པའི་ཕྱོགས་ལྟར་སྣང་ནི། སྒྲ་མཉན་བྱ་མ་ཡིན་པ་ལྟ་བུ། བསལ་བའི་མཚན་ཉིད། དམ་བཅའ་ལྟར་སྣང་གང་ཞིག ཁྱོད་ཀྱི་ལྡོག་ཕྱོགས་ཀྱི་དོན་ཚད་མས་གྲུབ་པ། དབྱེ་ན་གཉིས་ལས། མངོན་སུམ་བསལ་བའི་མཚན་ཉིད། གང་


JLD018_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །ཁྱོད་ཀྱི་དངོས་ཀྱི་ལྡོག་ཕྱོགས་ཀྱི་དོན་མངོན་སུམ་ཚད་མས་གྲུབ་པ། དཔེར་ན། སྒྲ་མཉན་བྱ་མ་ཡིན་པ་ལྟ་བུའོ། །དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གི་བསལ་བའི་མཚན་ཉིད། གང་ཞིག །ཁྱོད་ཀྱི་དངོས་ཀྱི་ལྡོག་ཕྱོགས་ཀྱི་དོན་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གིས་གྲུབ་པ། དཔེར་ན། སྒྲ་རྟག་པ་ལྟ་བུ། གྲགས་པའི་རྗེས་དཔག་གི་བསལ་བའི་མཚན་ཉིད། གང་ཞིག །ཁྱོད་ཀྱི་དངོས་ཀྱི་ལྡོག་ཕྱོགས་ཀྱི་དོན་གྲགས་པའི་རྗེས་དཔག་གིས་གྲུབ་པ། དཔེར་ན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་ལྟ་བུ། ཡིད་ཆེས་བསལ་བའི་མཚན་ཉིད། སྔར་ཁས་བླངས་པའི་དམ་བཅའ་དག་ཕྱི་མས་ཉམས་པར་བྱས་པའི་དམ་བཅའ་ལྟར་སྣང་གི་དོན། དབྱེ་ན། རང་ཚིག་སྔ་ཕྱི་འགལ་བའི་སྒོ་ནས་ཁས་བླངས་ཀྱིས་བསལ་བ་དང༌། ཡིད་ཆེས་པའི་བསལ་བ་གཉིས། དང་པོའི་མཚན་ཉིད། རང་ཚིག་སྔ་མས་བཞག་པ་རང་ཚིག་ཕྱི་མས་ཉམས་པར་བྱས་པའི་དམ་བཅའ་ལྟར་སྣང་གི་དོན། དཔེར་ན་བུད་མེད་གཅིག་སྔར་མར་དམ་བཅས་ནས་ཕྱིས་མོ་གཤམ་དུ་དམ་བཅས་པའི་ཚེ་བུད་མེད་བུ་སྐྱེད་པའི་ནུས་ལྡན་ཡིན་མིན་གཉིས་ཀ་ཡིན་པ་ལྟ་བུ། གཉིས་པའི་མཚན་ཉིད། དམ་བཅའ་ལྟར་སྣང་གི་དོན་གང་ཞིག །རང་གི་དངོས་ཀྱི་ལོག་ཕྱོགས་ཀྱི་དོན་ཡིད་ཆེས་རྗེས་དཔག་གིས་གྲུབ་པ། དཔེར་ན། སྔར་སངས་རྒྱས་ཀྱི་ལུང་ཚད་མར་ཁས་བླངས་ནས། ཕྱིས་སྦྱིན་སོགས་དཀར་ཆོས་ལ་སྤྱོད་པ་ལས་མ་འོངས་པ་ན་བདེ་བ་མི་འབྱུང་བར་དམ་བཅས་པའི་དོན་ལྟ་བུའོ། །དེས་ན། ཡིད་ཆེས་བསལ་བ་ཡིན་པ་ལ་ཡིད་ཆེས་རྗེས་དཔག་གིས་བསལ་བ་ཡིན་པས་མ་ཁྱབ་ཅིང༌། སྤྱིར་ཡིད་ཆེས་བསལ་བ་དང་དངོས་པོ་སྟོབས་


JLD018_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཀྱི་བསལ་བ་ཡང་མི་འགལ་ལོ། །ཡང་ཀུན་ལས་བཏུས་སུ། ཡིད་ཆེས། ཞེས་གཅིག་ཏུ་བསྡུས་ནས་བཤད་པའི་རང་ཚིག་དང་ལུང་ཚིག་གི་མཚན་ཉིད། རིམ་པ་བཞིན་རྒོལ་བ་རང་གིས་བདེན་ཞེན་གྱིས་སྨྲས་པའི་བསྒྲུབ་བྱ་བརྗོད་པའི་ཚིག་དང༌། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པ། བླ་མ་སྔ་མ་དག་གཉིས་པོའི་མཚན་ཉིད་རིམ་བཞིན། བསྒྲུབ་བྱ་བརྗོད་པའི་ཚིག་གང་ཞིག །ཆོས་ཅན་ཡོད་ན་ཚུར་མཐོང་གིས་དངོས་པོ་སྟོབས་ཞུགས་ཀྱིས་འགྲུབ་པ་ལུང་ལ་མི་བལྟོས་པ་དང་ཞེས་གསུངས་ཏེ་དཔྱད་དོ། །ཞར་ལ་ཕྱོགས་སྐྱོན་གྱི་མཚན་ཉིད། ཕྱོགས་སུ་བཟུང་ལེ་འོ་དེ་ཁོ་ན་ལ་ལྡན་ཞིང༌། དེ་དེ་སྒྲུབ་ཀྱི་ཕྱོགས་མཚན་ཉིད་པ་མ་ཡིན་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་རྟགས་གང་ཞིག །ངོ་བོའི་དོན་སོགས་ཆོས་ལྔ་གང་རུང་གི་དངོས་ཀྱི་ལོག་ཕྱོགས་ཡིན་པ། དབྱེ་ན་ལྔ་ལས། གྲུབ་ཟིན་པའི་ཕྱོགས་ལྟར་སྣང་གི་སྐྱོན་ནི། སྒྲ་མཉན་བྱ་ཡིན་པ་ལ་སྒྲ་མཉན་བྱ་ཡིན་པར་སྒྲུབ་པའི་ཕྱིར་རྒོལ་གྱི་ཚད་མས་གྲུབ་པ་ཞུགས་པ་ལྟ་བུའོ། །ལྷག་མ་བཞིའང་དེས་འགྲེའོ། །སུན་འབྱིན་བཤད་པ་ལ། སུན་འབྱིན་ཡང་དག་གི་མཚན་ཉིད། སྐྱོན་ལས་སྐྱོན་དུ་བརྗོད་པས་སྐྱོན་ཅན་གོ་ནུས་པའི་ངག དབྱེ་ན། རང་རྒྱུད་ཀྱི་སུན་འབྱིན་ཡང་དག་དང༌། ཐལ་འགྱུར་གྱི་སུན་འབྱིན་ཡང་དག་གཉིས། རང་རྒྱུད་ནི་སྒྲུབ་ངག་ཡང་དག་ཡིན་པས་བཤད་ཟིན་ནོ། །སུན་འབྱིན་ལྟར་སྣང་གི་མཚན་ཉིད། སུན་འབྱིན་དུ་བཀོད་པ་གང་ཞིག སྐྱོན་ལ་སྐྱོན་དུ་བརྗོད་པས་སྐྱོན་དུ་གོ་མི་ནུས་པ། ཐལ་འགྱུར་ཡང་དག་གི་མཚན་ཉིད། ལན་གྱིས་ལྡོག་མི་


JLD018_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའི་ཐལ་ངག །དབྱེ་ན། སྒྲུབ་བྱེད་འཕེན་པ་དང༌། མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས། དང་པོའི་མཚན་ཉིད། ཐལ་འགྱུར་ཡང་དག་གང་ཞིག །ཆོས་ལོག་གིས་རང་གི་ཆོས་ཅན་གྱི་སྟེང་དུ། རྟགས་ལོག་སྒྲུབ་ན་ཚུལ་གསུམ་ཚང་བ། དབྱེ་ན། རང་རིགས་དང་གཞན་རིགས་འཕེན་པའི་ཐལ་འགྱུར་ཡང་དག་གཉིས། དང་པོའི་མཚན་ཉིད། གང་ཞིག །ཆོས་ལོག་གིས་རང་གི་ཆོས་ཅན་གྱི་སྟེང་དུ། རྟགས་ལོག་སྒྲུབ་ན་རང་དང་རིགས་གཅིག་པའི་ཚུལ་གསུམ་ཚང་བ་ཡིན་པ། དཔེར་ན་ཕ་རོལ་པོས་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ས་ཕྱོགས་ན་གྲང་རེག་རྒྱུན་ཆགས་ཡོད་པར་ཁས་ལེན་པ་ལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ས་ཕྱོགས་ཆོས་ཅན། མེ་སྟོབས་ཆེན་གྱིས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། གྲང་རེག་སྟོབས་ཆེན་རྒྱུན་ཆགས་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ། གཞན་རིགས་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། གང་ཞིག་ཆོས་ལོག་གིས་རང་གི་ཆོས་ཅན་གྱི་སྟེང་དུ། རྟགས་ལོག་སྒྲུབ་ན་རང་དང་རིགས་མི་གཅིག་པའི་ཚུལ་གསུམ་ཚང་བ། དཔེར་ན་ཕ་རོལ་པོས་སྔོ་འཕྱུར་བ་དང་ལྡན་པའི་མཚན་མོའི་རྒྱ་མཚོར་དུ་བ་ཡོད་པར་ཁས་ལེན་པ་ན། སྔོ་འཕྱུར་བ་དང་ལྡན་པའི་མཚན་མོའི་རྒྱ་མཚོ་ན་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། གང་ཞིག །ཆོས་ལོག་གི་རང་གི་ཆོས་ཅན་གྱི་སྟེང་དུ། རྟགས་ལོག་སྒྲུབ་ན་ཚུལ་གསུམ་མ་ཚང་བ། དཔེར་ན། ཕ་རོལ་པོས་ལྟོ་ལྡིར་ཞབས་ཞུམ་གྱིས་དག་


JLD018_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ཕྱོགས་ན་བུམ་པ་ཡོད་པར་ཁས་བླངས་པ་ལ། ལྟོ་ལྡིར་བས་དག་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་པར་ཐལ། ལྟོ་ལྡིར་བ་སྣང་རུང་མ་དམིགས་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ། ཐལ་འགྱུར་ལྟར་སྣང་བའི་མཚན་ཉིད། ལན་གྱིས་ལྡོག་པར་ནུས་པའི་ཐལ་འགྱུར། དཔེར་ན་ཕ་རོལ་པོས་སྒྲ་རྟག་པར་ཁས་བླངས་པ་ལ། སྒྲ་ཆོས་ཅན། མི་རྟག་པར་ཐལ། མཉན་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །རྒོལ་བའི་མཚན་ཉིད། ཕྱོགས་སྔ་མ་འཇོག་ནུས་པར་ཁས་ལེན་པའི་གང་ཟག །ཕྱིར་རྒོལ་གྱི་མཚན་ཉིད། ཕྱོགས་སྔ་མ་སུན་འབྱིན་པར་ཁས་ལེན་བའི་གང་ཟག །དཔང་པོའི་མཚན་ཉིད། རྒོལ་བ་གཉིས་ཀྱི་རྩོད་པ་རྒྱལ་ཕམ་ཤན་འབྱེད་པར་ཁས་ལེན་པའི་གང་ཟག །གཞན་ཡང་ཐལ་འགྱུར་ལྟར་སྣང་ལ་ལན་འདེབས་ཚུལ་བཤད་པར་བྱ་སྟེ། སྒྲ་རྟག་པར་ཐལ། བྱས་པ་ཡིན་པའི་ཕྱིར་ལ། ཁྱབ་པ་འགལ་ཞེས་པ་ལྟ་བུ་དང༌། སྒྲ་མི་རྟག་པར་ཐལ་མཉན་བྱ་ཡིན་པའི་ཕྱིར་ལ་ཁྱབ་པ་མ་ངེས་ཞེས་པ་ལྟ་བུ་དང༌། སྒྲ་མི་རྟག་པར་ཐལ་མིག་གི་གཟུང་བྱ་ཡིན་པའི་ཕྱིར་ལ། རྟགས་མ་གྲུབ་ཅེས་པ་ལྟ་བུ་དང༌། མདུན་གྱི་གཞི་འདིར་ཤ་ཟའི་བུམ་པ་ཆོས་ཅན། མི་རྟག་པར་ཐལ་བྱས་པའི་ཕྱིར་ལ། རྟགས་ལ་ཐེ་ཚོམ་ཟ་ཞེས་པ་ལྟ་བུ་དང༌། དྲང་དོན་གྱི་ལུང་བསྟན་བྱའི་དོན་ལ་མི་བསླུ་བར་ཐལ། དཔྱད་པ་གསུམ་གྱི་དག་པའི་ལུང་ཡིན་པའི་ཕྱིར་ལ་འདོད་ཅེས་པ་ལྟ་བུའི་ལན་འདེབས་པར་བྱའོ།། །།འདིར་འབད་དགེ་བས་དང་པོའི་ལས་ཅན་


JLD018_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༌། གནས་སྐབས་རིགས་པའི་སྒོ་ལ་འཇུག་པ་དང༌། །མཐར་ཐུག་བླང་དོར་གནས་ལ་ཚུལ་བཞིན་དུ། །སྦྱངས་ནས་བྱང་ཆུབ་དམ་པ་ཐོབ་པར་ཤོག །བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །མཐའ་བྲལ་ལྟ་བས་ཆོས་ཀུན་སྟོང་པར་གཟིགས། །ཡང་དག་རིགས་པས་རྩོད་ངན་དྲེགས་པ་འཇོམས། །དམིགས་མེད་ཐུགས་རྗེས་ཀུན་ལ་བུ་ལྟར་བརྩེ། །འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ལ་ཕྱག་འཚལ། །རྣམ་བཀྲའི་གཟུགས་ལ་མིག་གིས་བལྟ་བ་བཞིན། །རྣམ་མང་རྒྱལ་བའི་གསུང་རབ་ཇི་སྙེད་ལ། །རྣམ་དག་མཁྱེན་པ་ཐོགས་པ་མེད་འཇུག་པ། །ཐོགས་མེད་སྐུ་མཆེད་ཞབས་ལ་ཕྱག་འཚལ་ལོ། །གནས་གསུམ་གཞལ་བྱའི་དེ་ཉིད་མ་ལུས་པ། །ཚད་མ་གསུམ་གྱིས་གཏན་ལ་ཕབ་པའི་དོན། །སྒྲུབ་དང་སུན་འབྱིན་ངག་གིས་འདོམས་མཛད་པ། །རིགས་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང༌། །འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུ་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཅེས་པ་རིགས་རུས་ཕུན་སུམ་ཚོགས་པའི་བདག་ཉིད་བདག་པོ་གྲགས་པ་རྒྱལ་མཚན་པས་བསྐུལ་བའི་དོན་དུ། ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། སྭ་སྟི། །རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྐྱེ་བཞི་དགེ་བཅུའི་གླིང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། མངྒ་ལཾ།། །།


previousསྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ།next