Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  expand section
  expand section
   
   
   
   
གཞི་ནས་འབྱུང་བའི་བསླབ་བྱའི་ཟིན་བྲིས།
   
   
   
   
   


 
previousགཞི་ནས་འབྱུང་བའི་བསླབ་བྱའི་ཟིན་བྲིས།next

གཞི་ནས་འབྱུང་བའི་བསླབ་བྱའི་ཟིན་བྲིས།


JLD018_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ནས་འབྱུང་བའི་བསླབ་བྱའི་ཟིན་བྲིས་བཞུགས་སོ། །


JLD018_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གཞི་ནས་འབྱུང་བ་ལ། གཞི་བཅུ་བདུན་གྱི་བླང་དོར་རགས་པའི་དབང་དུ་བྱས་ནས་བརྗོད་ན། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་པ་མི་ཉམས་པར་སྲུང་བར་བྱེད་པ་དང༌། ཉམས་ན་ཕྱིར་བཅོས་པ་དང་གསུམ་མོ། །དང་པོ་གང་གིས་སྒྲུབ་པ་དང༌། གང་ལ་སྒྲུབ་པ་དང་། ཇི་ལྟར་སྒྲུབ་པ་དང་གསུམ། དང་པོ་གང་གིས་སྒྲུབ་པ་ནི། མཁན་པོ། སློབ་དཔོན། གསང་སྟེ་སྟོན་པ། ཞུ་བའི་དགེ་འདུན་ཞུ་བའི་དགེ་སློང་དང་ལྔ་ལས། དང་པོ་མཁན་པོ་ནི། བཙུན་པའི་ཡན་ལག་ཏུ་རྩ་བའི་ལྟུང་བས་མ་བགོས་ཤིང་རང་བཞིན་གྱིས་ཁ་ན་མ་ཐོ་བ་ལ་འཛེམ་པ། བརྟན་པའི་ཡན་ལག་ཏུ་བསྙེན་པར་རྫོགས་ནས་བར་མ་ཆད་དུ་ལོ་བཅུ་ལོན་པ། མཁས་པའི་ཡན་ལག་ཏུ་འདུལ་བ་


JLD018_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ། ཕན་འདོགས་པའི་ཡན་ལག་ཏུ་ལྟ་བ་དང་མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། ས་རང་བཞིན་དུ་གནས་པ། སྙིང་རྗེ་དང་ལྡན་པ། བཟོད་པ་དང་ལྡན་པ། ནང་འཁོར་དག་པ། །ཆོས་དང་ཟང་ཟིང་གི་ཕན་འདོགས་ལ་བརྩོན་པ། དུས་སུ་འདོམས་པ་ཏེ་ཆོས་བཅུ་དང་ལྡན་པ། སློབ་དཔོན་ནི་བསྙེན་པར་རྫོགས་པའི་སྡོམ་པ་དག་པ། ལྟ་བ་དང་མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། ས་རང་བཞིན་དུ་གནས་པ། མཁན་པོ་ལས་གཞན་ཡིན་པ། དགེ་ཚུལ་གྱི་སྡོམ་པ་འདོགས་པ་དང༌། བསྙེན་པར་རྫོགས་པ་ཡིན་ན། ལས་ཀྱི་ཆོ་ག་ལ་མཁས་པ་སྟེ་ཆོས་བརྒྱད་དང་ལྡན་པ། གསང་སྟོན་ནི་ས་རང་བཞིན་


JLD018_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པའི་བར་ཡན་ཆད་སྔ་མ་དང་འདྲ་ལ། དེའི་སྟེང་དུ་བར་ཆད་དྲི་བའི་ཆོ་ག་ལ་མཁས་པ། བསྐོ་བའི་དུས་སུ་འདུན་པ། ཞེ་སྡང༌། འཇིགས་པ། རྨོངས་པས་མི་འགྲོ་བ། ཚོགས་སུ་མ་ལོངས་པ། སྤྲོ་བ་དྲིས་པ་ན་སྤྲོ་བ། སྔར་མ་བསྐོས་པ་སྟེ་ཆོས་བཅུ་བཞི་དང་ལྡན་པའོ། །ཞུ་བའི་དགེ་འདུན་ཡུལ་དབུས་སུ་བཅུ་དང༌། མཐའ་འཁོབ་ཏུ་ལྔའི་སྒོ་ནས་གྲངས་ཚང་བ། མི་མཐུན་པ་གཉིས་དང་བྲལ་བ། ས་རང་བཞིན་དུ་གནས་པ། ཐོས་པའི་ཉེ་འཁོར་དང༌། གནས་པས་ཆོས་བཅུ་བཞི་དང་ལྡན་པའོ། །ཞུ་བ་པོའི་དགེ་སློང་ནི། ས་རང་བཞིན་དུ་གནས་པ་ཡན་ཆད་གོང་དང་འདྲ་ལ། དེའི་སྟེང་དུ་མཚམས་ཀྱི་ནང་དུ་གནས་པ། ཞུ་བའི་ཆོ་ག་ལ་མཁས་པ་སྟེ་ཆོས་དགུ་དང་ལྡན་པའོ། །གཉིས་པ་གང་ལ་སྒྲུབ་པའི་ཡུལ་གྱི་མཐུན་རྐྱེན་ནི། དགེ་ཚུལ་ཡིན་ན་ལོ་བདུན་ལོན་ཞིང་བྱ་རོག་སྒྲོད་ནུས་པ། བསྙེན་རྫོགས་ཡིན་ན་མངལ་ཤོལ་དང་བཅས་པའི་ལོ་ཉི་ཤུ་ལོན་པ། བསམ་པ་ངེས་པ་ལྔ་དང་བྲལ་བ། ཐོབ་པར་ཤེས་པ། མྱ་ངན་ལས་འདས་པའི་བསམ་པ་དང་ལྡན་པའོ། །རྟགས་ནི། དགེ་ཚུལ་ཡིན་ན་བླ་གོས་མཐང་གོས་གདིང་བ་ཆུ་ཚགས་ལྷུང་བཟེད། བསྙེན་རྫོགས་ལ་དེའི་སྟེང་དུ་སྣམ་སྦྱར་རུང་བ་ཚད་ལྡན་བརྙན་པོ་ཡན་ཆད་ཀྱི་སྒོ་ནས་ཚང་བ། འགལ་རྐྱེན་ནི། མཚམས་མེད་ལ་སོགས་པ་བར་ཆད་བཞི་དང་བྲལ་བ། གསུམ་པ་ཇི་ལྟར་སྒྲུབ་པའི་ཆོ་ག་ནི། སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་གཞན་ལས་ཤེས་


JLD018_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །གཉིས་པ་ཐོབ་ནས་མི་ཉམས་པར་བསྲུང་བའི་ཚུལ་ལ། བླ་མ་ལ་བརྟེན་པ་དང༌། བསླབ་པ་ཡོངས་སུ་སྦྱང་བ་དང༌། བདེ་བར་གནས་པའི་རྐྱེན་ལ་བརྟེན་ནས་མི་ཉམས་པར་བསྲུང་བ་དང་གསུམ་ལས། དང་པོ་བླ་མ་ལ་བརྟེན་པའི་ཚུལ་ནི། བླ་མའང་མཁན་པོའི་སྐབས་སུ་བཤད་པའི་ཆོས་བཅུ་གསུམ་དང་ལྡན་སློབ་མ་ནི་བླ་མ་ལ་གུས་པ་སྡེ་ལྔའི་སྡོམ་པ་གསོར་རུང་བ་དང་ལྡན་པ། དགེ་བ་ལ་བརྩོན་པ། བླ་མའི་བྱ་བ་ལ་གྲིམས་པ། དུལ་བ་དང་ལྡན་པ། བཟོད་པ་དང་ལྡན་པ་སྟེ། ཆོས་དྲུག་དང་ལྡན་པས་བླ་མའི་མཚན་ཉིད་བརྟགས་ལ། ཚིག་གིས་ཞུ་བས་ཏེ་གནས་པ་སློབ་དཔོན་དུ་བཅས་པ་ནི། རྐང་མཐིལ་གཉིས་ལ་ལག་མཐིལ་གཉིས་ཀྱིས་བཅངས་ལ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བཙུན་པ་ལ་གནས་བཅའ་བར་གསོལ་ན། བཙུན་པས་བདག་ལ་གནས་འཆའ་བ་སྩོལ་ཅིག །བདག་བཙུན་པ་ལ་གནས་འཆའ་ཞིང་མཆིའོ། །ཞེས་ལན་གསུམ་བརྗོད་པ་དང་ཐབས་ལེགས་བྱའོ། །བསྙེན་བཀུར་གྱི་རིམ་པ་ནི། མཁན་པོ་དང་སློབ་དཔོན་མ་ཡིན་པ་ལ་མཁན་པོ་དང་སློབ་དཔོན་ཞེས་མི་བརྗོད་པ་དང༌། མཁན་པོ་དང་སློབ་དཔོན་ཞེས་མ་སྦྱར་བར་མཁན་སློབ་ཀྱི་མིང་མི་བཟུང་ཞིང༌། ཁྱད་པར་དུ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་མ་སྦྱར་བར་མཁན་པོའི་མིང་མི་བརྗོད་པ་དང༌། རྒན་པ་ལའང་གནས་བརྟན་ཞེས་སོགས་ཉེ་བའི་ཚིག་མེད་


JLD018_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

པར་མིང་ནས་མི་བརྗོད་དོ། །རབ་བྱུང་དགོན་པ་པས་སྐྲ་སོར་གཉིས་ལས་ལྷག་པ་མི་བཞག་པ་དང༌། གྲོང་འདབས་པས་སྐྲ་སོར་ཕྱེད་གཉིས་ལས་ལྷག་པ་མི་བཞག་པ་དང༌། ལྷག་པ་ཞེས་པ་ནི་སོར་ཕྱེད་ཀྱིས་ལྷག་པ་ལ་འགྲེལ་པས་བཟུང་ངོ༌། །བླ་གོས་གྱོན་བཞིན་དུ་སྐྲ་དང་ཁ་སྤུ་མི་འདྲེག་པ་དང༌། དེའི་ཆེད་དུ་སྐྲ་བཟེད་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་ཕྱེད་དང་དོ་པ་དེའང་སྟོད་ལ་བགོ་བར་བྱ་བའི་དོན་ཡིན་གྱི་འདིང་བར་བྱ་བ་མ་ཡིན་ནོ། །ཤམ་ཐབས་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མ་མདུད་བར་འདོམས་སྣང་བའི་ཕྱོགས་སུ་མི་འཇོག་པ་དང༌། གླལ་བ་ལ་སོགས་པ་ལ་ཁ་མ་བཀབ་པར་མི་གདང་བ་དང༌། བཅོམ་ལྡན་འདས་ཀྱིས་གནང་ངམ་མ་བཀག་པའི་གོས་གཅིག་པས་བྱི་དོར་གྱི་ལས་མི་བྱ་བ་དང༌། ཚུལ་ཁྲིམས་དང་ལྡན་པས་ཚུལ་ཁྲིམས་འཆལ་པ་ལ་ཕྱག་ལ་སོགས་པའི་བསྙེན་བཀུར་མི་བྱ་བ་དང༌། ལྷུང་བཟེད་མེད་པར་རབ་ཏུ་འབྱུང་བ་དང༌། བསྙེན་པར་རྫོགས་པར་མི་བྱ་བ་དང༌། ལྷུང་བཟེད་ཡོད་ཀྱང་ཚད་ལས་ཆུང་བ་དང༌།ཆེན་པོ་དང༌། སྐྱ་བོས་མི་བྱ་བ་དང༌། ལྷུང་བཟེད་ཀྱི་ཚད་ཀྱང་ཕུལ་བརྒྱད་དང་དགུ་དང་བཅུ་ལ་ཐ་ཚད། དེ་ཉིས་འགྱུར་ལ་ཆེ་ཚད་དུ་བྱས་པ་དང༌། ཚོང་འདུས་མགུར་མོའི་བྲེ་བདུན་པ་ཐ་ཚད་དང༌། དེ་ཉིས་འགྱུར་ལ་ཆེ་ཚད་དུ་བྱས་པ་སོགས་བཞེད་པ་མི་མཐུན་པ་དུ་མས་ཚུལ་ལྡན་དོན་གཉེར་ཅན་གྱི་བཅས་པའི་མཚམས་མི་ཟིན་པར་ངལ་ཞིང་བློ་འཁྲུལ་པའི་རྒྱུ་རུ་སྣང་ཞིང༌། ཉམས་སུ་བླང་བའི་རང་ལུགས་ཚོད་བཟུང་ན། མཐེ་


JLD018_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ལྟོ་གང་ལྷག་མར་འགྱུར་སྲང་དྲུག་གི་ལྗིད་དང་མཉམ་པའི་ཚུལ་ལམ་ཞུན་མར་བཞི་ཆ་ཚོད་མས་ཏེ་བྱ་ན་ཤོང་བ་ཐ་ཚད། ཡང་ན་འབྲས་རང་ཉིད་ཀྱི་སྙིམ་པ་ཁ་བཅད་དོ་བཙོས་པ་དང༌། བཞི་ཆ་ཚོད་མས་ཏེ་བྱ་ན་ཤོང་བ་ཐ་ཚད། དེ་ཉིས་འགྱུར་ལ་ཆེ་ཚད་དུ་བྱས་ན་དྲི་མ་མེད་པའི་འགྲེལ་བཤད་ཀྱི་དགོངས་པར་མངོན། ལྷུང་བཟེད་འགྲེང་བཞིན་དུ་དབྱུང་བ་དང༌། གཞུག་པ་དང༌། སྐམ་པར་མི་བྱ་བ་དང༌། རན་པར་སྤྱད་པ་སྟེ་གནང་བའི་བྱ་བས་ལོངས་སྤྱོད་པ་དང༌། སྣོད་གཞན་གྱིས་སྤངས་པའི་ལྷག་རོལ་ལྷུང་བཟེད་དུ་མི་བླུག་པ་དང༌། ལྷུང་བཟེད་རྡོའི་སྟེང་དང༌། མི་གཙང་བའི་ཕྱོགས་དང༌། འོག་གཞི་མེད་པའི་ས་ཕྱོགས་སོགས་གར་བབ་བབ་ཏུ་མི་བཞག་པ་དང༌། འཁྱེར་བའི་དུས་སུ་ལག་ཐོགས་མི་བྱེད་པ་དང༌། ཀོ་ལྤགས་མ་ཡིན་པར་སམ་སོགས་ཀྱི་ལུང་ཐག་བཏགས་ཏེ། མཆན་ཁུང་གིས་ཁུར་བར་བྱ་བ་དང༌། དེ་མིག་བཞིན་དུ་བསྐྱང་བ་དང༌། ཟས་ལ་ནར་མར་སྤྱོད་ན་ཟླ་བ་དྲུག་གི་འོག་ཏུ་སྲེག་པ་ལ་སོགས་པའི་གུས་པ་བསྟེན་པ་ལ་འབད་པར་བྱའོ། །མཁན་པོ་དང་སློབ་དཔོན་མཐོང་མ་ཐག་ཏུ་སྟན་ལས་ལང་བར་མི་བྱ་བ་དང་མ་དད་པ་དང༌། ལེ་ལོ་ཅན་ལ་སོགས་ཆད་པས་བཅད་པར་འོས་པ་ཆད་པས་མ་བཅད་པ་དང༌། ལུས་ཀྱི་བྱི་དོར་གྱི་རིམ་པ་ནི། ནང་མོ་ལངས་པའི་ཚེ་ཁའི་གནས་དང་གདོང་ལ་སོགས་པ་བཀྲུ་བར་བྱ་བ་དང༌། སོར་བརྒྱད་ཡན་ཆད་བཅུ་གཉིས་མན་ཆད་ཀྱི་སོ་ཤིང་འཆའ་


JLD018_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ལྕགས་ལས་བྱས་པའི་ལྕེ་བཞར་གྱིས་ལྕེ་བཞར་པ་དང༌། དེ་དག་ལ་དྲི་མས་བགོས་པ་སས་བཀྲུ་བ་དང༌། དེ་ཉིད་དང་བཤང་བ་དང་གཅི་བ་དང་མཆིལ་མ་ལ་སོགས་པ་སྒྲ་མ་བྱས་པར་མི་འདོར་བ་དང༌། ལུས་ཀྱི་ཀུན་སྤྱོད་བསྒྲུབས་མ་ཐག་ཏུ་དཀོན་མཆོག་གི་རྟེན་ལ་ཕྱག་བྱ་བ་དང༌། དེ་ནས་སྔར་སོང་སྟེ་གནས་ཀྱི་སློབ་དཔོན་ལ་ཕྱག་བྱས་ནས་བསྙུན་གསོལ་བ་དང༌། འདི་གནས་ཀྱི་སློབ་དཔོན་སྦགས་བ་ལ་ཕྱག་བྱ་བའི་དམིགས་བསལ་དུ་སྟོན་པར་སྣང་ངོ༌། །འདག་རྫས་དང་སོ་ཤིང་འབུལ་བ་དང༌། ཟས་གྱི་སྔ་རོལ་ཏུ་ལྷུང་བཟེད་བཀྲུ་པར་བྱ་ཞིང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ཡལ་བར་མི་འདོར་བ་དང༌། གསར་བུ་རྣམས་ལ་འཇིག་རྟེན་གྱི་གཏམ་སྣ་ཚོགས་སྨྲ་བར་མི་བྱ་བ་དང༌གསར་བུ་དབང་པོ་མི་རྒོད་པ་ཉིད་དང༌ཁམ་ཁེངས་པ་ཉིད་ལ་རྒོད་པར་བྱ་བ་དང་ཁྱིམ་པའི་གནས་དང་ཉེ་བ་ན་རབ་བྱུང་ཐམས་ཅད་ཀྱིས་དེ་ལྟར་བྱ་བ་དང༌། ཕྱི་བཞིན་འབྲང་བའི་གནས་ཀྱི་སློབ་དཔོན་གྱི་མདུན་དུ་མི་འགྲོ་བ་དང༌། གྲལ་གོང་དུ་མི་འདུག་པ་དང༌། གཏམ་གྱི་བར་ཆད་མི་བྱ་བ་དང༌། ཁྱིམ་པའི་ཁྱིམ་དུ་གནས་པ་ན་དབང་པོ་མི་རྒོད་པ་དང༌། མ་ཁེངས་པ་དང༌། ཡུན་རིང་དུ་མི་གནས་པའི་འདུ་ཤེས་དང༌། མིག་སྨད་པ་དང༌། ཆོས་ལྡན་གྱི་གཏམ་བྱ་བ་དང༌། ལྟུང་བའི་སྒོའི་སྲངས་སུ་འགྱུར་བའི་ལུས་ངག་གི་འཇུག་པ་ཐམས་ཅད་ལ་གཉེན་པོ་དྲན་པ་ཤེས་བཞིན་འབད་པ་ལ་བརྩོན་པར་བྱའོ། །གཉིས་པ་གསོ་སྦྱོང་དབྱར་གནས་དགག་དབྱེ་གསུམ་ལས། དང་པོ་གསོ་སྦྱོང་ནི།


JLD018_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔ། བཅུ་བཞི། མཐུན་པ། བཀྲ་ཤིས། གནོད་པ་ཉེར་ཞི་གསོ་སྦྱོང་བྱེད་པའི་དུས་ལ་མ་བྱས་པ་དང༌། གསོ་སྦྱོང་དང་ལས་ལ་འདུ་བའི་ཚེ་ལྟུང་བ་བྱུང་མ་བྱུང་མ་བརྟགས་པ་དང༌། བྱུང་ན་བཤགས་པ་དང༌བྱིན་རླབས་གང་འོས་མ་བྱས་པ་དང༌། འདུན་པ་དང་ཡོངས་དག་ལེན་དགོས་ལ་མ་བླངས་པ་དང༌། བླངས་ནས་མ་བརྗོད་པ་དང༌། ཚོགས་པ་དང་མི་ལྡན་པའི་ཚེ་དགེ་སློང་གཅིག་ལ་གསོ་སྦྱོང་བྱིན་གྱིས་མ་བརླབས་པ་དང༌། གསོ་སྦྱོང་དང༌། སྤྱོད་པ་བཟང་པོ་དང༌། དགེ་སློང་དང་བཅས་པ་ནས་དེ་གསུམ་མེད་པའི་ཕྱོགས་སུ་འགྲོ་བ་ལ་ཉེས་བྱས་སོ། །གཉིས་པ་དབྱར་གྱི་སྒོ་ནས་སྦྱང་བ་ནི། རབ་བྱུང་རྣམས་ཀྱིས་དབྱར་སྔ་ཕྱི་གང་རུང་ལ་ཟླ་བ་གསུམ་དུ་གནས་པར་ཁས་བླངས་པ་དང༌། བླངས་ནས་དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བསྐྱེད་པ་དང༌། ཚུལ་ཤིང་དང་པོ་སྟོན་པས་བླང༌། གཞན་རྣམས་ཀྱིས་སྟན་ལས་ལུས་ཕྱེད་འཕགས་ཏེ་བླང་ཞིང་དལ་བུས་བཞག་པ་དང༌། ཚུལ་ཤིང་བགྲངས་ནས་དགེ་སློང་དང་དགེ་ཚུལ་འདི་སྙེད་ཅིག་གིས་ཚུལ་ཤིང་བླངས་སོ། །ཞེས་བརྗོད་པ་དང༌། ཐོག་འོག་ཏུ་དགེ་སློང་གཅིག་གི་མདུན་དུ་ཁས་ལེན་ཆོ་ག་དང་མཐུན་པར་བྱ་བ་དང༌། ཆོས་ལྡན་གྱི་དོན་དུ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བའི་ཚེ་ཞག་བདུན་ལ་སོགས་པར་བྱིན་གྱིས་བརླབ་པ་དང༌། ཟས་ལ་སོགས་པའི་རྐྱེན་མེད་པར་དབྱར་དྲལ་ཡང་ཉེས་པ་མེད་ཅིང༌། ཁས་མ་བླངས་ཀྱང་ཟླ་བ་གསུམ་དུ་ཡིད་


JLD018_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དམ་བཅས་ནས་གནས་ན་དབྱར་གྱི་ཕན་ཡོན་འཐོབ་བོ། །གསུམ་པ་དགག་དབྱེའི་སྒོ་ནས་སྦྱང་བ་ལ། དབྱར་ཐ་མའི་ཉི་མ་ལ་ལྟུང་བ་མཐོང་ཐོས་དོགས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བྱ། དགག་དབྱེ་བྱེད་པ་པོ་དགེ་སློང་གཅིག་ལ་སོགས་པ་བསྐོས་ཏེ། དེས་རྩྭ་དུར་བ་བྲིམས་པ་དང༌། གྲལ་སྟོད་སྨད་བཅད་དེ་གསུམ་ཡན་ཆད་ཀྱིས་དེ་ལ་དགག་དབྱེ་ལན་གསུམ་བྱ། ངལ་བ་སོགས་ཀྱི་རྐྱེན་ཡོད་ན་གཉིས་སམ་གཅིག་གིས་ཀྱང་འགྲུབ། དགག་དབྱེ་ལ་འདུས་པའི་ཚེ་དགེ་སློང་ཐམས་ཅད་ཀྱིས་ཕྱག་བྱས་ཏེ་བཟོད་པར་གསོལ་བ་དང༌། འཁྲུག་ལོང་སོགས་ཀྱིས་དབྱར་གནས་པར་མི་ནུས་ན་སྦྱོད་ཡུལ་དུ་གྱུར་པའི་དགེ་སློང་ལ་ཚོགས་ཀྱི་དགག་དབྱེ་བྱའོ། །གསུམ་པ་བདེ་བར་གནས་པའི་རྐྱེན་ལ། གོས། སྨན། གནས་མལ་གསུམ་ལས། དང་པོ་ནི་ཁ་ཚར་མ་བཅད་པའི་གོས་ལོངས་མི་སྤྱད་པ་དང༌། དགེ་འདུན་ནམ་གང་ཟག་གི་གནས་མལ་ཁྲ་བོ་མ་ཉམས་པ་ལ་གདིང་བ་མེད་པ་དང༌། གདིང་བ་ངན་ངོན་དང༌། དྲི་མ་ཅན་ལོངས་མི་སྤྱད། ཟས་ལ་པུས་ལའི་འདབ་མ་ཙམ་དང༌། གོས་མར་མེའི་སྙིང་པོ་ཙམ་གྱིས་ཀྱང་མ་ཉམས་པར་བགོ་བ་དང༌། ལྭ་བ་ལ་སོགས་པ་མི་གཤེགས་པར་བཙོངས་ཏེ་རིན་བགོའོ། །རྙེད་པ་ལ་དབང་བ་གཞན་དུ་སོང་ཡང་སྐལ་བ་དབང་ཞིང༌། འགྲོ་བས་ནོད་པ་བཅོལ་བ་དང༌། ཁས་བླངས་པས་མ་བླངས་ན་སྐྱིན་པ་བསབ་པ་དང༌། ནོད་པར་མ་བཅོལ་ན་མི་ནོད་པ་དང༌། མཁན་སློབ་དང་ཡིད་གཅུགས་


JLD018_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི་མ་བཅོལ་ཡང་ནོད་དུ་རུང་བ་དང༌། གཞན་གྱི་ཕྱིར་ནོད་པ་ན་གོ་བར་བྱ་བ་དང༌། ཆོས་ཀྱི་རྙེད་པ་ཆོས་སྨྲ་བ་དང༌། མཚན་མི་མཐུན་པ་ཤི་བའི་ཡོ་བྱད་མཐུན་པ་དང་རབ་བྱུང་ཤི་བའི་ཡོ་བྱེད་རབ་བྱུང་ལས་གཞན་མི་དབང་བའོ། །ཆོས་གོས་འཚེམ་པའི་ཚེའང་ལྕི་བའི་བྱུག་པས་བསྐུས་པར་འཚེམ་པ་དང༌། ཆོས་གོས་སོགས་ཁ་དོག་ཧ་ཅང་འཚེར་པར་མི་བགོ་ཞིང༌། ངུར་སྨྲིག་ནོག་བག་ཅན་གྱི་ལོངས་སྤྱོད་པ་དང༌། སྐ་རགས་ཁྲ་བོ་མི་འཆིང་བ་དང་། ས་སྒྲེ་པོ་དང་མི་གཙང་བའི་ཕྱོགས་སུ་བླ་གོས་མི་བཞག་ཅིང༌། མི་གཙང་བའི་གནས་དང་བྱི་དོར་བྱེད་པ་དག་ཏུ་བླ་གོས་མི་བགོ་བ་དང༌། བླ་གོས་ཁུར་གྱིས་མི་གནོན་པ་དང༌། སྟོད་གཡོགས་དང་སྨད་གཡོགས་གོ་ལྡོག་ལོངས་མ་སྤྱོད། སྣམ་སྦྱར་བགོ་བའི་གནས་བརྒྱད་ལས་གཞན་དུ་མི་བགོ་ཞིང༌། དེའི་གྲྭ་ཙམ་གྱི་སྟེང་དུ་འདུག་པ་དང༌། ཉལ་བ་དང༌། དེའི་ནང་དུ་ཡོ་བྱད་འཇུག་པ་དང༌། ཤ་རྗེན་པ་ལ་བགོ་བར་མི་བྱ། འགྲོ་བའི་ཚེ་བླ་མ་ལ་ཞུས་ནས་གནང་ན་འགྲོ་བ་དང༌། འགྲོ་བ་ན་རང་གི་གནས་སུ་བྱི་དོར་བྱས་ཤིང་ཆོས་དང་ལྡན་པའི་གཏམ་མམ་འཕགས་པའི་མི་སྨྲ་བ་ཉིད་ཀྱིས་འགྲོ་བར་བྱའོ། །ངལ་བསོ་བའི་གནས་དང་ཆུ་བཅུས་པ་ན་ཆུའི་བདག་པོ་དང་ཆུའི་ལྷ་རྣམས་ཀྱི་ཕྱིར། གཙུག་ལག་གི་ཚིགས་སུ་བཅད་པ་འདོན་པ་དང༌། གཉུག་མ་བས་གློ་བུར་བ་འོངས་པ་ལེགས་ཞེས་བསུས་ཏེ་ལྷུང་བཟེད་ཆོས་གོས་ལ་སོགས་བླང་ཞིང་སྟན་འདིང་བ་དང་རྒན་ན་


JLD018_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བྱ། སྤྱོད་པ་དེའམ་ཞེས་དྲི་བ་དང༌། གནས་མལ་སྦྱིན་པ་སོགས་ཅི་ནུས་ལ་འབད་པར་བྱའོ། །རྫས་མི་ཉོ་བས་དེའི་རིན་བསྐྱེད་པར་མི་བྱ། དགེ་འདུན་གྱི་རྫས་ལ་རིན་མ་ཕུལ་བར་སྤྱད་པ་དང་བྱི་དོར་མི་བྱ། མྱང་འདས་ཀྱི་བསམ་པས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ། ཁང་པ་བརྩེགས་པ་ལྔ་བརྒྱ་པ། ཁ་ཟས་རོ་བརྒྱ་པ། དགྲ་བཅོམ་པའི་དགེ་འདུན་གྱི་རྫས་ཀྱང་ལོངས་སྤྱད་དུ་རུང་ཞིང༌། ཚུལ་ཁྲིམས་དང་ལྡན་ཀྱང་ལེ་ལོ་ཅན་ལ་ནི་སྦྱིན་བདག་ལ་བླངས་པ་དང་བདག་གིར་བྱས་པ་ནི་བུ་ལོན་དུ་འགྱུར་རོ། །སྤུ་ཅན་ཆོས་གོས་གསུམ་དུ་བྱིན་གྱིས་མི་རློབ། དེ་མལ་ཆ་འབའ་ཞིག་ཏུ་བྱ་བ་དང༌། གནོད་པ་བྱུང་ཡང་སྤུ་ཕྱིར་བསྟན་ཏེ་ཕྱི་རོལ་ཏུ་བགོ་བར་མི་བྱ། རུང་བའི་རྣམ་བརྟག་བྱེད་པ་ན། སེམས་མི་བསྟེན་པ། བསྙེན་པར་མ་རྫོགས་པ། ཡུལ་གྱི་མངོན་སུམ་དུ་མི་བྱ། སྤང་བ་ཕྱིར་བཅོས་པ་ལ་མཚན་ཉིད་མི་ཤེས་པའི་གང་ཟག་ལ་སྤང་བར་མི་བྱ་བ་དང༌། ཐུན་མོང་དུ་རྫས་འཆོལ་བའི་ཚེ་ལྷག་པ་ཉིད་ཅེས་མ་བསྒོས་པས་ན་གཅིག་གིས་ལེན་པ་ལ་ཉེས་པ་མེད་ཅིང༌། དབྱར་རྙེད་དགེ་ཚུལ་ལ་སུམ་ཆ་བྲིམས་པ་དང༌། ཟས་མཉམ་པར་བསྙེན་པར་རྫོགས་འདོད་དང་དགེ་སློབ་མ་གཉིས་ཟས་གོས་མཉམ་པར་བྱིན་པ་དང༌། ཟས་བྲིམ་པའི་ཚེ་གནས་བརྟན་གྱིས་སྙོམས་པར་བྲིམས་ཤིག་ཅེས་བསྒོ་བ་དང༌། རྒན་པ་ལ་ཟས་བྲིམ་པ་ན་སམ་པྲ་བ་ཐ་ཞེས་མ་བརྗོད་པར་ཟས་


JLD018_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

མི་བླང༌། ཆོས་གོས་གསུམ་སྦྱིན་པར་མི་བྱ་ཞིང༌། དགེ་འདུན་ལ་སྦྱིན་པ་ན་ནད་གསོ་བ་དང་ཕྱིར་སྦྱིན་པའི་བསམ་པ་ལས་གཞན་པའི་བླང་བར་མི་བྱ། ཀོ་ལྤགས་ཀྱི་ལས་རུང་བ་མ་བྱས་པའི་མཆིལ་ལྷམ་རིམ་པ་གཉིས་དང་ཁྲ་བོ་སེར་ལྷམ་ལྟ་བུ་དང༌། ལུག་རུ་ལྟ་བུའི་གཉེར་མ་ཡོད་པ་དང༌། རིན་པོ་ཆེས་སྤྲས་པ་སྒྲ་དང་བཅས་པ་སྒེག་རྫས་སུ་འགྱུར་བའི་མཆིལ་ལྷམ་མི་བཅང་བ་དང༌། བླ་མའི་མདུན་དུ་མཆིལ་ལྷམ་བགོ་བ་བསྟེན་པ་དང་བརྡབ་པར་མི་བྱ། ནད་པ་མ་ཡིན་པ་ཀོ་ལྤགས་ལ་ལོངས་མི་སྤྱད་ཅིང་མིག་ལ་ཕན་པའི་ཕྱིར་དོམ་ལྤགས་རྐང་པའི་གནས་སུ་གདིང་བ་དང་། མཆིལ་ལྷམ་གྱི་ནང་དུ་བགོ་བ་དང༌། རླུང་ནད་ཅན་གྱིས་འདུག་པ་དང་ཉལ་བར་ཡང་བྱ། གཉིས་པ་སྨན་གྱི་གཞི་ལས། སྨན་ཕྱི་མ་གསུམ་ནད་པ་ལས་གཞན་པས་བྱིན་གྱིས་མི་རློབ། ལོངས་སྤྱོད་པ་ན་ནད་པ་དང༌། ཞག་བདུན་པ་ལ་དགེ་སྐོས། ལམ་དུ་ཞུགས་པ། ཟན་ཆད་པ་ལས་གཞན་པས་ལོངས་སྤྱོད་པར་མི་བྱ། སྨན་གྱི་ཕྱིར་ནད་པས་མི་ཤ་མ་ཡིན་པའི་ཤ་རློན་པ་བསྟེན་དུ་རུང་ཞིང་སྤྱད་པ་དང༌། བསྔོས་པའི་ཤ། རྨིག་པ་གཅིག་པ། སྡེར་ཅན་གྱི་ཤ་རྣམས་སྤྱད་པར་མི་བྱ། ཤའི་སྦྱིན་ལེན་སྟོབས་པ་ན་བཅད་པ་ལས་བྱུང་བ་མ་ཡིན་ནམ་ཡང་ན་འདི་ཅིའི་ཤ་ཞེས་དུ་མ་ཡིན་ན་དང་པོ། ཉམས་ན་འོག་མས་མ་དྲིས་པར་མི་བཟའ། དགེ་བསྙེན་ཡན་ཆད་ཀྱིས་ཆང་ནི་རྩྭ་མཆོག་གིས་ཀྱང་མི་བཏུང་།


JLD018_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་མི་བླུད། ནད་པ་ལས་གཞན་པས་སྒོག་པ་བཟའ་པར་མི་བྱ། བཤང་བ་དང་གཅི་བ་དང་ཆང་གི་བུམ་པ་མི་གཟུང༌།ཟན་ལ་འགྲོ་བའི་ཚེ་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་སྒྲ་སྐྱུང་བ་དང༌། ཤིན་ཏུ་སྡོམ་པ་དང༌། སྤྱོད་ལམ་མཛེས་པས་བྱ་ཞིང་འདུག་པར་བྱ། ཟས་དང་ལྷུང་བཟེད་ཀྱི་གཞི་ལ་རྐང་པས་རེག་པ་དང་བརྫི་བ་དང༌། སེམས་གཡེངས་པས་བསོད་སྙོམས་བླང་པ་སོགས་མི་བྱ། ལྟ་བ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལས་བླངས་ནས་ལྟ་བ་དང་ཚུལ་ཁྲིམས་ཉམས་པ་ལ་མི་སྦྱིན་པ་དང༌། རང་འཚོ་བ་ལས་ཁམ་གཅིག་ཡན་ཆད་ཟ་བ་དང་ལེན་པར་བྱེད་ན་དད་པས་སྦྱིན་པ་ཆུད་ཟ་བ་ཁམ་ཆངས་གཅིག་ཟ་བ་པོས་རྣམ་པར་མ་བཅད་པར་མ་བཞག་པ་དང༌། ཟས་ཀྱི་བྱ་བ་མ་ཚར་པར་དུད་འགྲོ་ལ་སོགས་པའི་ལྷག་རོལ་ཟ་བ་ལ་མི་སྦྱིན་པ་དང༌། ཤིང་ཐོག་རུང་བ་བཅག་པ་དང༌། ལྟུང་བ་ཤམ་ཐང་མ་ཕྱེ་བ་ལོངས་མི་སྤྱད་པ་དང༌། མཆིལ་ལྷམ་དང་བཅས་བཞིན་པ་དང༌། སྒྲེན་མོ་གོས་གཅིག་པ་རྣམས་ཀྱིས་ཟས་ལ་ལོངས་སྤྱོད་པར་མི་བྱ། ཟས་ཕྱིར་འདུག་པས་བདུད་རྩི་འདི་ནས་བྱིན་ཅིག་ཅེས་ནད་པ་ལས་གཞན་པས་འབྲིམ་མཁན་ལ་བསྒོ་བར་མི་བྱ། བདག་ཉིད་ལ་ནད་པའི་འདུ་ཤེས། ཟས་ལ་སྨན་གྱི་འདུ་ཤེས་ཉེ་བར་བཞག་སྟེ་ཟ་བ་དང༌།ཟས་ཟ་བའི་ཚེ་དྲན་པ་བཅུ་བསྟེན་པ་ནི། མི་གཙང་བ་ལས་བྱུང་བ་དང༌། འབྲས་ཆན་སྲིན་བུ་དང་འདྲ་བ་དང༌། བད་ཀན་སོགས་སུ་འགྱུར་བ་དང༌། ཟས་ཀྱི་ཕྱིར་ཕ་


JLD018_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སོགས་ཕྱིར་རྒོལ་བ་དང༌། བཤང་གཅི་དང་རྒྱུ་མཐུན་པ་དང༌། ཞིང་ལ་སོགས་པ་ལ་བརྟེན་དགོས་པ་དང༌། ཚིག་གིས་བསྒྲུབ་དགོས་པས་བཙལ་བ་དང༌། བསྙེན་པར་མ་རྫོགས་པ་ལྟ་བུ་གཞན་ལ་རག་ལས་པ་དང༌། ལོག་པར་ཞུགས་པ་ནད་དང་བཅས་པ་དང༌། ཟས་ཆ་བཞིར་འགྱུར་ཞིང་སོ་སོར་འགྲོ་བས་མི་མཐུན་པ་ཉིད་དོ། །ཟས་ཟ་བའི་ཚེ་རྐང་ལག་སོགས་ཀྱིས་སྒྲ་མི་བྱ། ཁྲུམ་ཁྲུམ་མི་བྱ། སྒྲ་བྱུང་བ་ཆུ་ལ་སོགས་པས་བསྙིལ་བར་བྱ། བཟའ་བའི་དོན་དུ་རོལ་མོ་བྱེད་དུ་མི་གཞུག །ཆོས་བཤད་པ་དང་ཡོན་བཤད་པའི་ཚེ་ཟས་མི་བཟའ། ཡོན་བཤད་པ་ན་དགའ་བོ་ཉེར་དགའ་གཉིས་ཀྱིས་མིང་སྨོ་བ་དང༌། བྱི་དོར་བགྱིས་པའི་ཕྱོགས་སུ་སོས་ལྕེ་བཙིར་ཏེ་མཆིལ་མ་མི་དོར། ཧག་ཐེག་ཅེས་བྱ་བ་དེའི་སྒྲ་དཀོན་མཆོག་དང་བླ་མ་དང་ཟས་བཟའ་བ་དང་གཞན་གྱི་དྲུང་དུ་མི་བྱ། དེ་དག་གི་སྒྲ་བཅད་པ་མ་ནུས་ན་གཞན་དུ་འགྲོ་བར་བྱ། སྔུར་སྒྲ་ཅན་གྱིས་ཉལ་བར་མི་བྱ། ཕྱོགས་མ་ཡིན་པར་བཤང་གཅི་མི་བྱ་ཞིང༌། བཤང་གཅིའི་སར་སྐྱབས་བྱའོ། །གསུམ་པ་གནས་མལ་ནི། དགེ་སློང་ལ་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་ཕྱག་བྱ། སྡོམ་པ་མ་ཉམས་ན་རྒན་ན་ཕྱག་བྱ། ས་གཞན་ན་གནས་པ་དང༌། ཉམས་པ་དང༌། ཉལ་བ་དང༌། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དང༌། སེམས་གཞན་དུ་སོང་བ་དང༌། རྒྱབ་ཀྱིས་ཕྱོགས་པ་དང༌། ཁྱིམ་གཞན་དུ་འདུག་པ་དང༌།


JLD018_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ཀྱི་གྲལ་ན་འདུག་པ་དང༌། སྤགས་པ་རྣམས་ལ་ཕྱག་མི་བྱ།སྤགས་པ་དང་གཅེར་བུ་དང༌། གོས་གཅིག་པས་ཕྱག་མི་བྱ། དེ་རྣམས་ཀྱིས་ཕྱག་བདག་གིར་མི་བྱ། མུན་ཁྲོད་དུ་ཕྱག་འཚལ་ལོ་ཞེས་པའི་ཚིག་བརྗོད་པ་དང༌། ཚངས་པའི་ཕྱག་གིས་ཕྱག་བྱས་པར་འགྱུར་བ་དང༌། ཕྱག་འཚལ་བ་ན་ཨ་རོཀྵ་ཞེས་བརྗོད་པར་བྱ། ལས་སུ་གཞོན་རིམ་ནས་བསྐོ་བ་དང༌། གསར་བུ་ལ་སྦྲིད་པ་བྱུང་ན་ཨ་རོཀྵ་ཞེས་བརྗོད་པ་དང༌། རྒན་པོ་ལ་སྦྲིད་པ་བྱུང་ན་གསར་བུས་ཕྱག་བྱ། མཆོད་རྟེན་དང་སྐུ་གཟུགས་བསྐྱེད་པའི་ཕྱིར་རམ། རྙིང་པ་འཆོས་པའི་ཕྱིར་བཤིག་ན་ཁ་ན་མ་ཐོ་བ་མེད། གཙུག་ལག་ཁང་དུ་མེ་དུ་བ་ཅན་འབུད་པ་དང་བཅང་བར་མི་བྱ། མཆོད་རྟེན་གྱི་གྲིབ་མར་འགོམ་དགོས་པའི་ཚེ། གཙུག་ལག་གི་ཚིགས་སུ་བཅད་པ་བཀླག་པ་དང༌། རྐྱེན་མེད་པར་བསྙེན་པར་མ་རྫོགས་པ་གཞན་དང་སྟན་གཅིག་ལ་འདུག་པར་མི་བྱ། རོལ་མོ་མཁན་དང༌། སྨད་འཚོང་བ་དང༌། ཆང་འཚོང་བ་དང༌། རྒྱལ་པོའི་ཕོ་བྲང་དང༌། རྡོལ་པའི་ཁྱིམ་རྣམས་ཉེ་བར་བསྟེན་པར་མི་བྱ། ཐུན་མོང་བ་ལས་ཀྱི་གཞི་ལས། ཐོབ་བྱ་མ་ཡིན་པ་ཐོབ་པ་དང༌། མི་འཆག་པ་དང༌། ཆོས་མ་ཡིན་པ་དང༌། མི་མཐུན་པ་དང༌། ཡུལ་ཚོགས་ལོངས་དང༌། ཁ་སྐོང་དུ་མི་འོས་པ་རྣམས་ཀྱིས་ལས་མི་བྱ། ལྷག་པོར་མ་གཏོགས་པ་རང་དང་གཞན་གྱི་དོན་དུ་སྔགས་ཚིག་ལན་


JLD018_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བརྗོད་པ་དང༌། ལས་ལ་འདུ་བ་ལ་བླ་གོས་ཕྲག་པ་གཅིག་ཏུ་བྱེད་པ་དང༌། གནས་མལ་སོགས་ཐ་ན་ངལ་བསོ་བའི་ནེའུ་གསིང་ཡན་ཆོད་ལ་རྒན་རིམ་གྱིས་བྲིམ་པར་བྱ། གསུམ་པ་ཉམས་ན་ཕྱིར་བཅོས་པའི་གཞི་ལ་བདུན་ལས། ཕྱིར་བཅོས་དངོས་ནི་ནན་ཐུར་གྱི་རྒྱུ་དང་ལྡན་པ་ལ་ནན་ཐུར་བྱ་བ་དང༌། རང་རྒྱུད་ཀྱི་ལྟུང་བ་མི་འཆབ་པར་དགེ་སློང་ས་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་རྣམས་ལ་མཐོལ་བ་དང༌། དེའི་སྟེང་དུ་ལྟུང་བ་ནང་མི་མཐུན་པ་ལ་མིང་རིགས་བརྗོད་དེ་བཤགས་ཤིང་སྡོམ་པར་བྱ། ལྷག་མའི་སྦོམ་པོ་ལྕི་བ་དགེ་སློང་ལྔ་ལ་སོགས་པ་ལ་མཚམས་ཀྱི་ཕྱི་རོལ་ཏུ་བཤགས་པ་དང༌། ཕམ་པའི་སྦོམ་པོ་ལྕི་བ་དགེ་སློང་དྲུག་ཡན་ཆད་མཚམས་ནང་གི་དགེ་སློང་ཐམས་ཅད་ལ་མཚམས་ནང་དུ་བཤགས་པ་དང༌། སྤངས་པ་མཚམས་ཀྱི་ཕྱི་རོལ་ཏུ་དགེ་སློང་བཞི་ལ་བཤགས་པ་དང༌། སྲོག་ལ་ཐུག་གི་བར་དུ་བཤགས་ཡུལ་བཙལ་ཀྱང་མ་རྙེད་ན་ལས་བྱས་པ་དང་འདྲ་བས་ལྟུང་བ་འདག་པ་དང༌། ཕམ་ལྷག་སོགས་ཀྱིས་དགེ་སློང་ལ་གཤེ་བའི་ཁྱིམ་པ་ལ་ལྷུང་བཟེད་ཁ་སྦུབ་བྱ། འཆབ་པའི་སེམས་མ་བསྐྱེད་པ་ལ་བསླབ་པ་སྟེར་བ་དང༌། ལྟུང་བ་ཕྱིར་བཅོས་པ་ན་སྔ་མ་ལ་འགྱོད་ཅིང་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་པའི་བསམ་པ་ནན་ཏན་དུ་བྱའོ། །གཉིས་པ་བསྡུས་པ་འབྱུང་བའི་གཞི་ལས། དགེ་འདུན་ལྷག་མ་


JLD018_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལྟུང་བའི་མཚན་ཉིད་མི་ཤེས་པ་ལ་འཆབ་པ་མི་འབྱུང་ཞིང་ལྟུང་བ་མི་འབྱུང་བ་མ་ཡིན་ནོ། །སྤོ་མགུ་ལ་སོགས་བའི་ཆད་ལས་མ་གུས་པའི་བསམ་པས་འཕྲོ་གཏོང་ན་ཉེས་བྱས་སོ། །སྤོ་མགུ་སྤྱོད་པའི་ཚེ་ལྷག་མ་དང༌། དེར་གཏོགས་ཀྱིས་ཉེས་བྱས་ཡན་ཆད་ལ་ཞུགས་ན་ལྟུང་བ་ཉིད་དང༌། སྡེ་ལྷག་པར་སྤྱད་པའི་ལྟུང་བར་ཡང་འགྱུར་རོ། །བཤགས་ཡུལ་ཡོད་པའི་སར་མི་མཐོལ་ན། ཡོད་ལ་ཕྱིར་མི་འཆོས་ཀྱི་ཉེས་བྱས་སྐྱ་རེངས་རེ་རེ་བཞིན་དུ་འབྱུང་བ་དང༌། བཤགས་ཡུལ་ཡོད་པ་ནས་མེད་པར་འབྱོལ་བ་དང༌།འཆབ་སེམས་མངོན་གྱུར་བ་མེད་ཀྱང་མཐོབ་པའི་བསམ་པ་མེད་པ་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །གསུམ་པས་གཞན་ན་གནས་པའི་གཞི་ལ་སྤོ་བ་སྤྱོད་པ་ལ་སོགས་པ་ས་གཞན་ན་གནས་པ་རྣམས་ཀྱིས། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་ཞིང་། དམན་སྤྱོད་དང་དུ་བླང་བ་ལ་བསླབ་པར་བྱའོ། །བཞི་པ་ཡོངས་སྦྱོང་གི་གཞི་ལ། ལྷའི་མིག་ལ་སོགས་པས་ལྟུང་པ་མི་གླེང་བ་དང༌། ནད་པ་ལ་སོགས་པས་གླེངས་ཀྱང་མི་འཆགས་པ་དང༌། དབྱར་ནང་དུ་ལྟུང་བ་མི་གླེང་བ་དང༌། སྐབས་འབྱེད་དུ་མི་འཇུག་པར་གླེང་བར་མི་བྱ། སྐབས་འབྱེད་པར་མི་བྱེད་ན་བརྗོད་བཅས་སོགས་བྱ་ཞིང༌། གཞི་ལེགས་པ་མ་ཡིན་པར་གླེང་བར་མི་བྱའོ། །ལྔ་པ་ལས་ཕྱེ་བའི་གཞི་ལས། དགེ་འདུན་ཐ་དད་དུ་འདུས་པ་ལ་མི་འདོད་པར་གླེང་བ་སོགས་མི་བྱ། འདའ་བར་བྱ་བ་གང་ན་མི་མཐུན་པ་


JLD018_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དེ་དང་ལྷན་ཅིག་ཏུ་འཁོད་བར་མི་བྱའོ། །དྲུག་པ་འཁོར་ལོ་དབྱེ་བའི་གཞི་ལས། དབྱེན་ལ་སོགས་པ་ཆོས་མ་ཡིན་པ་ལ་ཆོས་སུ་ཤེས་ནས་བྱས་ན་ཉེས་བྱས་སོ། །བདུན་བརྩོད་པའི་གཞི་ལས།མངོན་སུམ་དྲན་པ་མ་མྱོས་དང༌། །དེ་བཞིན་གང་ཡང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང༌། ཁས་བླང་བར་ཡང་བྱ་བའོ། །ཞེས་སོགས་ཞི་བྱེད་དེ་རྣམས་ཀྱིས་རྩོད་པ་ཞི་བར་མི་བྱེད་ན་ཉེས་བྱས་སོ། །དགེ་དེས་སངས་རྒྱས་མྱུར་ཐོབ་ཤོག །འདི་ཡང་རྗེ་ཉིད་ཀྱི་ཟིན་བྲིས་ཡིན་ཟེར། །ཨོཾ་ཡེ་དྷ་རྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུ་ནྟེ་ཥཱ་ནྟ་ཐཱ་ག་ཏོ་ཧྱ་བད་ཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨོ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎ་ཡེ་སྭ་ཧཱ ༔སྭ་སྟི། །རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྐྱེ་བཞི་དགེ་བཅུའི་གླིང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། སརྦ་མངྒལཾ། །


previousགཞི་ནས་འབྱུང་བའི་བསླབ་བྱའི་ཟིན་བྲིས།next