Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  expand section
  expand section
   
   
   
   
   
དགེ་འདུན་ཉི་ཤུ་བསྡུས་པ་རྗེས་གནང་བ་དང་ཞུགས་གནས།
   
   
   
   


 
previousདགེ་འདུན་ཉི་ཤུ་བསྡུས་པ་རྗེས་གནང་བ་དང་ཞུགས་གནས།next

དགེ་འདུན་ཉི་ཤུ་བསྡུས་པ་རྗེས་གནང་བ་དང་ཞུགས་གནས།


JLD018_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ཉི་ཤུ་བསྡུས་པ་རྗེས་གནང་བ་དང་ཞུགས་གནས་བཞུགས་སོ།།


JLD018_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བདེ་ལེགས་སུ་གྱུར་ཅིག །ཉན་ཐོས་ཀྱི་དགེ་འདུན་ལ་དབྱེ་ན། ཆགས་བྲལ་སྔོན་སོང་གི་དང༌། མཐར་གྱིས་པ་དང༌། ཅིག་ཅར་བའི་དགེ་འདུན་དང་གསུམ་མོ། །དང་པོའི་མཚན་ཉིད།མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དྲུག་པ་སྤངས་པའི་ཉན་ཐོས་འཕགས་པ་སློབ་པ་གང་ཞིག །ཁྱོད་ཡིན་པའམ་ཁྱོད་ཀྱི་ནང་ཚན་དུ་གྱུར་པའི་བཅུ་དྲུག་པའི་རྗེས་སུ་འདོད་པའི་སྒོམ་སྤངས་དགུ་པ་སྤངས་པ་མེད་པའོ། །དབྱེ་ན། དེའི་ཞུགས་འབྲས་གཉིས། དང་པོ་ནི། མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དྲུག་པ་སྤངས་ཤིང་བདེན་པ་མངོན་རྟོགས་ཀྱི་སེམས་དང་པོ་བཅོ་ལྔ་གང་རུང་ལ་གནས་པའི་ཉན་ཐོས། དབྱེ་ན་དེའི་ཕྱིར་འོང་དང་ཕྱིར་མི་འོང་ཞུགས་པ་གཉིས། དང་པོའི་མཚན་ཉིད། སྤྱིའི་མཚན་ཉིད་ཀྱི་སྟེང་དུ་ཁྱོད་དུ་གྱུར་པའི་འདོད་པའི་སྒོམ་སྤང་དགུ་པ་སྤང་པ་


JLD018_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་བསྣན་ཏོ། །གཉིས་པའི་མཚན་ཉིད། ཞུགས་པ་སྤྱིའི་མཚན་ཉིད་ཀྱི་དྲུག་པ་དགུ་པ་བརྗེས་པ་ཙམ་མོ། །དེ་གཉིས་ཀ་ལའང་རྗེས་འབྲང་གཉིས་གཉིས་ཡོད་དོ། །དེའི་འབྲས་གནས་ཀྱི་མཚན་ཉིད། མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དྲུག་པ་སྤངས་ཤིང་བཅུ་དྲུག་པ་ཐོབ་པའི་ཉན་ཐོས་སློབ་པ་གང་ཞིག །ཁྱོད་དུ་གྱུར་པའི་བཅུ་དྲུག་པ་ཐོབ་རྗེས་སུ་འདོད་པའི་སྒོམ་སྤང་དགུ་པ་སྤངས་པ་མེད་པ། དབྱེ་ན། དེའི་འབྲས་གནས་ཙམ་པོ་དང་ཁྱད་པར་ཅན་གཉིས། དེ་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར། ཆགས་བྲལ་སྔོན་སོང་གི་འབྲས་གནས་གང་ཞིག །འབྲས་བུ་ཕྱི་མ་ཐོབ་ཕྱིར་མི་བརྩོན་པ་དང་བརྩོན་པའོ། །དང་པོ་ལ་དབྱེ་ན། དེའི་ཕྱིར་འོང་དང༌། ཕྱིར་མི་འོང་ཙམ་པོ་གཉིས་སོ། །དེ་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར་


JLD018_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འབྲས་གནས་ཙམ་པོ་གང་ཞིག །འདོད་པའི་སྒོམ་སྤང་དགུ་པ་རྒྱུད་ལ་ལྡན་པ་དང་མི་ལྡན་པའོ། །གཉིས་པ་ལ་དབྱེ་ན། དེའི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་གནས་ཁྱད་པར་ཅན་གཉིས། དེ་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར་དེའི་འབྲས་གནས་ཁྱད་པར་ཅན་ཞེས་སྦྱར་ནས་ཟུར་འོག་མ་ཙམ་པོ་བཞིན་བྱའོ། །འབྲས་གནས་དེ་གཉིས་ཀ་ལ་དད་ཐོབ་གཉིས་གཉིས་ཡོད་དོ། །གཉིས་པ་མཐར་གྱིས་པའི་དགེ་འདུན་གྱི་མཚན་ཉིད། འབྲས་བུ་བཞི་མངོན་དུ་བྱེད་ཚུལ་དང༌། ཁམས་གསུམ་གྱི་སྒོམ་སྤང་རྣམས་སྤངས་ཚུལ་གང་རུང་གི་སྒོ་ནས་རིམ་གྱིས་པར་བཞག་པའི་ཉན་ཐོས་གང་ཞིག །ཁྱོད་དུ་གྱུར་པའི་ཚོགས་ལམ་པ་དང་སྟན་གཅིག་པ་མིན་པའི་སྦྱོར་ལམ་པ་མི་སྲིད་པ། དབྱེ་ན། སྤང་བྱ་དང་འབྲས་བུ་མཐར་གྱིས་པ་གཉིས། དང་པོའི་མཚན་ཉིད། ཉན་ཐོས་མཐར་གྱིས་པ་གང་ཞིག །ཁམས་གསུམ་གྱི་སྒོམ་སྤང་ཆེན་པོའི་ཆེན་པོ་གསུམ་རིམ་གྱིས་སྤངས་པའམ། སྤོང་བར་འགྱུར་བ་གང་རུང་ཡིན་པ། འདི་སྤང་བྱ་ཅིག་ཅར་བས་ཟླས་དྲངས་པའི་མཐར་གྱིས་པ་ཡིན་པས། མཚན་ཉིད་འདི་ཆགས་བྲལ་སྔོན་སོང་དང་འབྲས་བུ་མཐར་གྱིས་པ་གཉིས་ཀ་ལ་ཡོད།གཉིས་པའི་མཚན་ཉིད། རྒྱུན་ཞུགས་ཞུགས་པའི་རྟོགས་པ་ཐོབ་པའི་ཉན་ཐོས་གང་ཞིག །རྒྱུན་ཞུགས་ཐོབ་རྗེས་སུ་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱས་པའམ་བྱེད་པ་གང་རུང་ཡིན་པ། ཡང་ན་ཁྱོད་དུ་གྱུར་པའི་ཅིག་ཅར་བ་དང་ཆགས་བྲལ་སྔོན་སོང་མི་སྲིད་པ་ཞེས་སྦྱར་ནས་ཟུར་དང་པོ་སྔར་ལྟར་རོ། །འདི་འབྲས་བུ་ཐོད་རྒལ་བས་ཟླས་དྲངས་པའི་


JLD018_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་གྱིས་པའོ། །དབྱེ་ན། དེའི་ཞུགས་འབྲས་གཉིས། དེའི་ཞུགས་པའི་མཚན་ཉིད། མཐར་གྱིས་པའི་ཉན་ཐོས་གང་ཞིག །འབྲས་བུ་བཞི་གང་རུང་ཐོབ་ཕྱིར་དུ་དངོས་སུ་བརྩོན་པ། དབྱེ་ན། དེའི་ཞུགས་པ་བཞི། དང་པོའི་མཚན་ཉིད། འབྲས་བུ་མཐར་གྱིས་པའི་ཞུགས་པ་བཞིའི་ཡ་གྱལ་གང་ཞིག །རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་དངོས་སུ་བརྩོན་པ། ལྷག་མ་གསུམ་ཡང་དེས་འགྲེ། དེའི་འབྲས་གནས་ཀྱི་མཚན་ཉིད། ཟུར་དང་པོ་སྔར་དང་འདྲ་ཞིང༌། བཅུ་དྲུག་པ་ཐོབ་པ། དབྱེ་ན། དེའི་འབྲས་གནས་བཞི། དང་པོའི་མཚན་ཉིད། དེའི་འབྲས་གནས་བཞིའི་ཡ་གྱལ་གང་ཞིག །འདོད་བའི་སྒོམ་སྤང་དྲུག་པ་རྒྱུད་ལ་ལྡན་པ། དབྱེ་ན་ཙམ་ཁྱད་གཉིས། མཚན་ཉིད་རིམ་པ་ལྟར། མཐར་གྱིས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག །ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་དངོས་སུ་མི་བརྩོན་པ་དང་། བརྩོན་པའོ། །སྐྱེ་བ་ལེན་ཚུལ་གྱིས་ཕྱེ་ན། རེ་ལྟར་ཐོགས་ན་ལན་འདུན་པ་དང༌། རིགས་ནས་རིགས་སྐྱེ་གཉིས། དང་པོའི་མཚན་ཉིད། འདོད་པའི་སྒོམ་སྤང་གཅིག་ཀྱང་མ་སྤངས་པའི་རིམ་གྱིས་པའི་འབྲས་གནས་གང་ཞིག །འདོད་བའི་སྐྱེ་སྲིད་དུ་སྐྱེ་བ་གཅིག་ལེན་དགོས་ཤིང༌། རིགས་མཐུན་སྐྱེ་སྲིད་བརྒྱད་པ་མི་ལེན་པ། དབྱེ་ན་མ་ངེས་པ་དང༌། ངེས་པའི་ལན་བདུན་པ་གཉིས། དང་པོའི་མཚན་ཉིད། ཟུར་དང་པོ་སྔར་དང་འདྲ་ཞིང༌། འདོད་པའི་སྐྱེ་སྲིད་བཞི་ནས་དྲུག་གི་བར་གང་རུང་ལེན་དགོས་ཤིང་བདུན་པ་མི་ལེན་པ། གཉིས་པའི་མཚན་ཉིད༌། ཟུར་དང་པོ་སྔར་བཞིན་འདོད་པའི་སྐྱེ་སྲིད་དུ་སྐྱེ་བ་བདུན་ལེན་དགོས་ཤིང༌།


JLD018_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མཐུན་བརྒྱད་པ་མི་ལེན་པའོ། །གཉིས་པ་རིགས་ནས་རིགས་སྐྱེའི་མཚན་ཉིད། འདོད་པའི་སྒོམ་སྤང་གསུམ་པ་སྤངས། ལྔ་པ་མ་སྤངས་ཤིང་འདོད་པར་སྐྱེ་སྲིད་གཉིས་ལེན་དགོས་པའི་འབྲས་གནས་ཁྱད་པར་ཅན་གང་ཞིག །སྐྱེ་སྲིད་བཞི་མི་ལེན་པ། དབྱེ་ན། ལྷ་དང་མིའི་རིགས་ནས་རིགས་སྐྱེ་གཉིས། མཚན་ཉིད་ནི་རིམ་པ་ལྟར། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གང་ཞིག འདོད་པའི་ལྷ་དང་མིའི་སྐྱེ་སྲིད་བར་མ་ཆད་དུ་ལེན་དགོས་པའོ། །ཁམས་སུ་འདའ་ཚུལ་གྱིས་སྒོ་ནས་དབྱེ་ན། ཁམས་གོང་མའི་དང༌། འདོད་རྟེན་ལ་འདའ་བ་གཉིས། གཉིས་པ་དེའི་ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། འདོད་པའི་སྒོམ་སྤང་དྲུག་པ་སྤངས་པའི་འབྲས་བུ་མཐར་གྱིས་བའི་འབྲས་གནས་གང་ཞིག །འདོད་པའི་སྒོམ་སྤང་དགུ་པ་རྒྱུད་ལ་ལྡན་པ། དབྱེ་ན་ཙམ་ཁྱད་གཉིས། མཚན་ཉིད་རྒྱུན་ཞུགས་ཀྱིས་འགྲེ། ཁམས་སུ་འདའ་ཚུལ་གྱི་དབྱེ་བ་ནི་རྒྱུན་ཞུགས་ལྟར་རོ། །ཕྱིར་འོང་བར་ཆད་གཅིག་པའི་མཚན་ཉིད། འདོད་པའི་སྒོམ་སྤང་བརྒྱད་པ་སྤངས། དགུ་པ་མ་སྤངས་ཤིང་ཟག་མེད་ཀྱི་དབང་པོ་ཐོབ་པའི་ཕྱིར་འོང་ཁྱད་པར་ཅན་གང་ཞིག །འདོད་པར་སྐྱེ་སྲིད་གཅིག་ལེན་དགོས་ཤིང༌། རྟེན་དེ་ལ་འདའ་བ། འདིའི་ཆགས་བྲལ་སྔོན་སོང་ཞིག་ཀྱང་ཡོད། གསུམ་པ་དེའི་ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད། གང་ཞིག་སྔར་བཞིན་ལ་འདོད་པའི་སྒོམ་སྤང་དགུ་པ་སྤངས་པའི་སློབ་པ། དབྱེ་ན་ཙམ་ཁྱད་གཉིས། མཚན་ཉིད་གོང་གི་འགྲེའོ། །ཁམས་སུ་འདའ་ཚུལ་གྱི་དབྱེ་ན། ཁམས་གོང་མར་འགྲོ་བ་དང༌། འདོད་


JLD018_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདའ་བ་གཉིས། དང་པོ་ལ་གཟུགས་དང་གཟུགས་མེད་ཉེར་འགྲོ་གཉིས། དང་པོའི་མཚན་ཉིད། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག །གཟུགས་ཁམས་སུ་སྐྱེ་བ་གཅིག་ལེན་དགོས་པ། དབྱེ་ན་བར་དོར་འདའ་བ། སྐྱེས་ནས་འདའ་བ། གོང་དུ་འཕོ་བ་སྟེ་གསུམ། དང་པོའི་མཚན་ཉིད་གང་ཞིག་སྔར་བཞིན་གཟུགས་ཁམས་ཀྱི་བར་སྲིད་དུ་སྐྱེས་ནས་རྟེན་དེ་ལ་འདའ་བ། དབྱེ་ན་ཚངས་ཆེན་མ་གཏོགས་པའི་གནས་གཞན་གྱི་བར་དོར་འདའ་བ་བཅུ་དྲུག །གཉིས་པའི་མཚན་ཉིད། གང་ཞིག་སྔར་བཞིན། གཟུགས་ཀྱི་སྐྱེ་སྲིད་དུ་སྐྱེ་བ་གཅིག་བླངས་ནས་རྟེན་དེ་ལ་འདའ་བ། དབྱེ་ན། སྐྱེས་པ་ཙམ་གྱིས་དང༌། འདུ་བྱེད་མིན་པར་དང༌། འདུ་བྱེད་དང་བཅས་ཏེ་འདའ་བ་གསུམ། མཚན་ཉིད་རིམ་པ་ལྟར། གཟུགས་སུ་ཉེར་འགྲོའི་སྐྱེ་གནས་འདའ་བ་གང་ཞིག །གཟུགས་སུ་སྐྱེས་པའི་དང་པོ་དང༌། ཚེ་དཀྱིལ་དང༌། ཚེའི་མཇུག་ཏུ་འདའ་བ། ཕྱི་མ་ནི་མཛོད་དུ་གོ་ལྡོག་ཏུ་བཤད་པ་ནི། བྱེ་བྲག་ཏུ་སྨྲ་བས་ཀུན་བཏགས་པ་ཡིན་པས། སློབ་དཔོན་སྐུ་མཆེད་དང་མི་མཐུན་ནོ། །དེ་གསུམ་ག་ལ་ཚངས་ཆེན་མ་གཏོགས་པའི་གནས་གཞན་གྱི་རྟེན་ལ་འདའ་བ་བཅུ་དྲུག་པོ་རེ་རེ་ཡོད་དོ། །གསུམ་པའི་མཚན་ཉིད། གང་ཞིག་སྔར་བཞིན་གཟུགས་ཀྱི་སྐྱེ་སྲིད་དུ་སྐྱེ་བ་གཉིས་བླངས་ནས་འདའ་བ། དབྱེ་ན་འོག་མིན་དང༌། སྲིད་རྩེའི་མཐར་ཐུག་འགྲོ་གཉིས། དང་པོའི་མཚན་ཉིད། གཟུགས་སུ་ཉེར་འགྲོའི་གོང་འཕོ་གང་ཞིག །འོག་མིན་དུ་སྐྱེ་བ་བླངས་པའི་རྟེན་ལ་འདའ་བ། དབྱེ་


JLD018_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ན། འཕར་བ་དང༌། ཕྱེད་དུ་འཕར་བ། གནས་ཐམས་ཅད་དུ་འཆི་འཕོ་བ་སྟེ་གསུམ་མོ། །དང་པོའི་མཚན་ཉིད། གཟུགས་སུ་ཉེར་འགྲོ་གོང་འཕོ་གང་ཞིག །འདོད་པ་ནས་ཚངས་རིས་སུ་སྐྱེས་ནས་བར་གྱི་གནས་གཞན་རྣམས་དོར་ཏེ་འོག་མིན་གྱི་རྟེན་ལ་འདའ་བ། གཉིས་པའི་མཚན་ཉིད། གང་ཞིག་སྔར་བཞིན་འདོད་པ་ནས་ཚངས་རིས་སུ་སྐྱེས་ནས། བར་གྱི་གནས་གཞན་རྣམས་དོར་ཞིང༌།གནས་གཙང་དང་པོ་གཉིས་གང་རུང་དུ་སྐྱེས་ནས་བར་པ་རྣམས་དོར་ཏེ། འོག་མིན་གྱི་རྟེན་ལ་འདའ་བ། གསུམ་པའི་མཚན་ཉིད། གང་ཞིག་སྔར་བཞིན་ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གནས་རིགས་བཅུ་དྲུག་ཏུ་རིམ་གྱིས་བརྒྱུད་ནས་འོག་མིན་གྱི་རྟེན་ལ་འདའ་བ། ཚུལ་འདི་ཉིད་འཕར་བ་གསུམ་འོག་མིན་འགྲོར་ངེས་པའི་དབང་དུ་བྱས་པ་ཡིན་ལ། མཛོད་འགྲེལ་དུ། དེ་གསུམ་འོག་མིན་འགྲོ་བར་མ་ངེས་པར་གསུངས་པ་ལྟར་ན། དང་པོའི་མཚན་ཉིད། འདོད་པ་ནས་ཚངས་རིས་སུ་སྐྱེས་ནས་བར་པ་རྣམས་བོར་ཏེ། གནས་གཙང་ལྔ་གང་རུང་དུ་སྐྱེས་པའི་རྟེན་ལ་འདའ་བ། གཉིས་པའི་མཚན་ཉིད། འདོད་པ་ནས་ཚངས་རིས་སུ་སྐྱེས་ནས་བར་པ་རྣམས་དོར་ཞིང༌། གནས་གཙང་དང་པོ་གཉིས་གང་རུང་ཏུ་སྐྱེས་ནས་བར་གྱི་གནས་གཞན་འགའ་ཞིག་བརྒལ་ཏེ་གནས་གཙང་ཐ་མ་གསུམ་གང་རུང་གི་རྟེན་ལ་འདའ་བ། གསུམ་པའི་མཚན་ཉིད། ཚངས་ཆེན་མ་གཏོགས་པ་འབྲས་བུ་ཆེ་བ་མན་ཆད་ཀྱི་གནས་ཐམས་ཅད་དུ་བརྒྱུད་ནས། གནས་གཙང་གི་རྟེན་ལ་འདའ་བ། སྔར་གྱི་གང་ཞིག་འདི་གསུམ་ག་ལ་སྦྱར་རོ། །གཉིས་པ་སྲིད་རྩེའི་མཐར་ཐུག་འགྲོའི་མཚན་ཉིད། གཟུགས་


JLD018_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཉེར་འགྲོའི་གོང་འཕོ་གང་ཞིག །གཟུགས་མེད་དུ་སྐྱེས་པའི་རྟེན་ལ་འདའ་བ། འདི་ཡང་སྲིད་རྩེར་འགྲོར་ངེས་པ་མེད་པར་གསུངས་སོ། །གཉིས་པ་ཕྱིར་མི་འོང་གི་གཟུགས་མེད་ཉེར་འགྲོའི་མཚན་ཉིད། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག །གཟུགས་ཁམས་སུ་མ་སྐྱེས་པར་གཟུགས་མེད་ཁམས་སུ་སྐྱེས་ནས་འདའ་བ། དབྱེ་ན། སྐྱེས་འདའ་དང༌། གོང་འཕོ་གཉིས། དང་པོའི་མཚན་ཉིད། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག །གཟུགས་མེད་དུ་སྐྱེ་བ་བླངས་པའི་རྟེན་དེ་ཉིད་ལ་འདའ་བ། དབྱེ་ན། སྐྱེས་པ་ཙམ་གྱིས་འདའ་བ་ལ་སོགས་པ་གསུམ་སྟེ། གཟུགས་སུ་ཉེར་འགྲོ་ལ་བཤད་པ་བཞིན་ཤེས་པར་བྱའོ། །གཉིས་པའི་མཚན་ཉིད། གང་ཞིག་སྔར་བཞིན་གཟུགས་མེད་དུ་སྐྱེ་བ་བླངས་ནས་འདའ་བ། གཉིས་པ་འདོད་པའི་རྟེན་ལ་འདའ་བའི་ཕྱིར་མི་འོང་དང༌། མཐོང་ཆོས་ཞི་གཉིས་དོན་གཅིག་པས། ཕྱིར་མི་འོང་མཐོང་ཆོས་བཞིའི་མཚན་ཉིད་འདོད་པའི་སྒོམ་སྤང་དགུ་པ་སྤངས་ཤིང་བཅུ་དྲུག་པ་ཐོབ་པའི་ཉན་ཐོས་སློབ་པ་གང་ཞིག །མཐོང་ལམ་དང་པོར་ཐོབ་པའི་རྟེན་དེ་ཉིད་ལ་འདའ་བ། ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་མཚན་ཉིད། འགོག་པའི་རྣམ་ཐར་རྒྱུད་ལ་ལྡན་བཞིན་པའི་ཉན་ཐོས་སློབ་པ། དབྱེ་ན། འདོད་པ་དང་གཟུགས་ཀྱི་རྟེན་ཅན་གཉིས། དང་པོ་ལ། ཁམས་གོང་མར་འགྲོ་བ་དང༌། འདོད་རྟེན་ལ་འདའ་བ་གཉིས་ཏེ། ཕྱི་མ་ནི་མཐོང་ཆོས་ཞི་ཡིན་ཞིང༌། དང་པོ་ལ་འདི་ནས་གཟུགས་མེད་དུ་འགྲོ་ན་གཟུགས་མེད་ཉེར་འགྲོ་དང༌། འགོག་


JLD018_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ལས་ཉམས་རྗེས་སུ་གཟུགས་ཁམས་སུ་འགྲོ་ན་གཟུགས་སུ་ཉེར་འགྲོ་ཡིན་ནོ། །གཟུགས་ཀྱི་རྟེན་ཅན་གྱི་ལུས་མངོན་བྱེད་ལ་གཟུགས་མེད་དུ་འགྲོ་དང༌། རྟེན་དེ་ལ་འདའ་བ་གཉིས་སོ། །ཕྱིར་མི་འོང་ཚེ་གྱུར་གྱི་མཚན་ཉིད། འཕགས་པ་ཐོབ་རྗེས་སུ་སྐྱེ་བ་གཅིག་བླངས་པའི་ཕྱིར་མི་འོང༌། དེ་ལ་དབྱེ་ན། འདོད་གཟུགས་གཟུགས་མེད་ཀྱི་ཚེ་གྱུར་གསུམ། བཞི་པ་དེའི་དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། གང་ཞིག་སྔར་བཞིན། སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུ་སྤངས་པའི་ཉན་ཐོས། རིགས་ཀྱི་སྒོ་ནས་དབྱེ་ན། ཉམས་པའི་དང༌། བདག་གསོད་པའི་དང༌། རྗེས་སུ་བསྲུང་བའི་དང༌། གནས་པ་ལས་མི་བསྐྱོད་པའི་དང༌། རབ་ཏུ་རྟོགས་པའི་འོས་སུ་གྱུར་པའི་དང༌། མི་གཡོ་བའི་ཆོས་ཅན་ཏེ་དྲུག་གོ །དང་པོའི་མཚན་ཉིད། ཉན་ཐོས་དབང་པོ་རྟུལ་ཤོས་གང་ཞིག །མཐོང་ཆོས་ལ་བདེར་གནས་ཀྱི་ཏིང་ངེ་འཛིན་ལས་ཉམས་པར་འགྱུར་ངེས་པ། གཉིས་པའི་མཚན་ཉིད། དང་པོ་ལས་དབང་པོ་རྣོ་ཞིང༌། གསུམ་པ་ལས་དབང་པོ་རྟུལ་བའི་དགྲ་བཅོམ་གང་ཞིག །རང་ཉིད་ཀྱིས་རང་ཉིད་གསོད་ན་དེར་མི་འགྱུར་ཞིང་མི་གསོད་ན་འགྱུར་ངེས་པ། གསུམ་པའི་མཚན་ཉིད། འདི་དང་འོག་མ་གཉིས་ལ་གང་ཞིག་སྐབས་དང་མཐུན་པར་གཉིས་པ་ལྟར་སྦྱར་རོ། །འདོད་ཡོན་ལས་སེམས་བསྲུངས་ན་དེར་མི་འགྱུར་ཞིང་མ་བསྲུངས་ན་དེར་འགྱུར་ངེས་པ། བཞི་པའི་མཚན་ཉིད། འདོད་ཡོན་ལས་སེམས་མ་བསྲུངས་ཀྱང་དེར་མི་འགྱུར་ཞིང༌། དབང་པོའང་མི་འཕོ་བ། ལྔ་པའི་མཚན་ཉིད། མི་གཡོ་བའི་རིགས་སུ་དབང་པོ་འཕོ་བར་རུང་བ། དྲུག་པའི་མཚན་ཉིད།


JLD018_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་དགྲ་བཅོམ་དབང་པོ་རྣོ་ཤོས་གང་ཞིག །མཐོང་ཆོས་ལ་བདེར་གནས་ཀྱི་ཏིང་ངེ་འཛིན་ལས་ཉམས་པར་འགྱུར་མི་སྲིད་པ། དབང་པོའི་སྒོ་ནས་དབྱེ་ན། དུས་སྦྱོར་དང༌། དུས་མི་སྦྱོར་གཉིས། དང་པོ་ལྔ་ནི་དང་པོ་ཡིན་ལ། དྲུག་པ་ནི་གཉིས་པའོ། །ཡོན་ཏན་ཀྱི་སྒོ་ནས་དབྱེ་ན། ཤེས་རབ་ཀྱིས་རྣམ་གྲོལ་དང༌། གཉིས་ཀའི་ཆ་ལས་རྣམ་གྲོལ་གཉིས་ཏེ། རིམ་པ་ལྟར་འགོག་པའི་སྙོམས་འཇུག་མ་ཐོབ་པ་དང་ཐོབ་པའི་ཉན་ཐོས་དགྲ་བཅོམ་མོ། །སྔར་གྱི་མཚན་ཉིད་དྲུག་ནི་ཀུན་ལས་བཏུས་ལྟར་ཡིན་ནོ། །གསུམ་པ། ཉན་ཐོས་ཅིག་ཅར་བའི་དགེ་འདུན་ཀྱི་མཚན་ཉིད། ཞུགས་པའི་རྟོགས་པ་ཐོབ་པའི་ཉན་ཐོས་གང་ཞིག །ཁམས་གསུམ་གྱི་སྒོམ་སྤངས་ཆེན་པོའི་ཆེན་པོ་གསུམ་གཅིག་ཅར་དུ་སྤངས་པ་དང༌། སྤོང་བར་འགྱུར་བ་གང་རུང་ཡིན་པ། དབྱེ་ན། ཞུགས་འབྲས་གཉིས། དང་པོའི་མཚན་ཉིད། ཉན་ཐོས་ཅིག་ཅར་བའི་དགེ་འདུན་གང་ཞིག །རྒྱུན་ཞུགས་དང་དགྲ་བཅོམ་གྱི་འབྲས་བུ་གང་རུང་ཐོབ་ཕྱིར་དུ་བརྩོན་པ། དབྱེ་ན། ཞུགས་འབྲས་གཉིས། དང་པོའི་མཚན་ཉིད། ཉན་ཐོས་ཅིག་ཅར་བའི་ཞུགས་པ་གང་ཞིག །རྒྱུན་ཞུགས་དང་དགྲ་བཅོམ་གྱི་་འབྲས་བུ་གང་རུང་ཐོབ་ཕྱིར་དུ་བརྩོན་པ། དབྱེ་ན། དེའི་རྒྱུན་ཞུགས་ཞུགས་པ་དང་། དགྲ་བཅོམ་ཞུགས་པ་གཉིས། དང་པོའི་མཚན་ཉིད། ཉན་ཐོས་ཅིག་ཅར་བའི་ཞུགས། པ་གང་ཞིག་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ། གཉིས་པའི་མཚན་ཉིད། གང་ཞིག་དགྲ་བཅོམ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་ཞིང་བཅུ་དྲུག་པ་ཐོབ་པ། དེའི་འབྲས་གནས་ཀྱི་མཚན་ཉིད། གང་ཞིག་དང་པོ་བཞིན། བཅུ་དྲུག་པ་ཐོབ་པ། དབྱེ་ན། རྒྱུན་ཞུགས་དང་། དགྲ་བཅོམ་འབྲས་གནས་གཉིས། དང་པོའི་མཚན་ཉིད། ཉན་ཐོས་


JLD018_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅར་བའི་སློབ་པའི་འབྲས་གནས་གང་ཞིག །ཁམས་གསུམ་གྱི་སྒོམ་སྤང་ཆུང་ངུའི་ཆུང་ངུ་གསུམ་ཅིག་ཅར་སྤོང་བར་འགྱུར་བ་དབྱེ་ན་ཙམ་ཁྱད་གཉིས། མཚན་ཉིད་སྔ་མ་རྣམས་ཀྱིས་འགྲེ། གཉིས་པའི་མཚན་ཉིད། ཁམས་གསུམ་གྱི་སྒོམ་སྤང་ཆུང་ངུ་ཆུང་ངུ་གསུམ་ཅིག་ཅར་སྤངས་པའི་ཉན་ཐོས། ཡང་ན། ཉན་ཐོས་ཀྱི་དགེ་འདུན་ལ་དབྱེ་ན། དེའི་ཞུགས་འབྲས་གཉིས།དང་པོའི་མཚན་ཉིད། འབྲས་བུ་བཞི་གང་རུང་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་གང་ཞིག །ཁྱོད་དུ་གྱུར་པའི་ཉན་ཐོས་ཚོགས་ལམ་པ་དང་། སྟན་གཅིག་མིན་པའི་སྦྱོར་ལམ་པ་མི་སྲིད་པ་དབྱེ་ན། ཞུགས་པ་བཞི། དང་པོའི་མཚན་ཉིད། ཉན་ཐོས་ཀྱི་ཞུགས་པ་བཞིའི་ཡ་གྱལ་གང་ཞིག །རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ། གཉིས་པའི་མཚན་ཉིད་ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཞུགས་པ་གང་ཞིག །ཁྱོད་དུ་གྱུར་པའི་རྒྱུན་ཞུགས་ཞུགས་པ་མི་སྲིད་པ། གསུམ་པའི་མཚན་ཉིད། ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་སོགས་གང་ཞིག །ཁྱོད་དུ་གྱུར་པའི་རྒྱུན་ཞུགས་ཞུགས་པ་དང༌། ཕྱིར་འོང་ཞུགས་པ་མི་སྲིད་པ། བཞི་པའི་མཚན་ཉིད། དགྲ་བཅོམ་གྱི་འབྲས་བུ་སོགས་གང་ཞིག །ཁྱོད་དུ་གྱུར་པའི་འབྲས་བུ་གསུམ་པོ་གང་རུང་ཐོབ་ཕྱིར་བརྩོན་པ་མེད་པ། གཉིས་པ་དེའི་འབྲས་གནས་ཀྱི་མཚན་ཉིད། བཅུ་དྲུག་པ་ཐོབ་པའི་ཉན་ཐོས། དབྱེ་ན། རྒྱུན་ཞུགས། ཕྱིར་འོང༌། ཕྱིར་མི་འོང༌། དགྲ་བཅོམ་འབྲས་གནས་བཞི། དང་པོའི་མཚན་ཉིད། ཉན་ཐོས་འབྲས་གནས་བཞིའི་ཡ་གྱལ་གང་ཞིག །ཁྱོད་དུ་གྱུར་པའི་ཕྱིར་


JLD018_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

འོང་དང་འདོད་པའི་སྒོམ་སྤང་དགུ་པ་སྤངས་པ་མེད་པ། གཉིས་པའི་མཚན་ཉིད། གང་ཞིག །ཁྱོད་དུ་གྱུར་པའི་རྒྱུན་ཞུགས་ཞུགས་པ་དང༌། འདོད་པའི་སྒོམ་སྤང་དགུ་པ་སྤངས་པ་མེད་པ། གསུམ་པའི་མཚན་ཉིད། འདོད་པའི་སྒོམ་སྤང་དགུ་པ་སྤངས་པའི་ཉན་ཐོས་སློབ་པ། འབྲས་གནས། བཞི་པ་ནི་བཤད་ཟིན།། །།མཁས་པའི་མཁས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་ཡིན།། ༈ །འདོད་ཉོན་དྲུག་པ་མ་སྤངས་པར། །སྦྱོར་ལམ་སྟན་གཅིག་ནས་བཟུང་སྟེ། །ལམ་ལ་རྗེས་བཟོད་བར་དག་ལ། །གནས་པ་དེ་ནི་རྒྱུན་ཞུགས་ཞུགས། །ལན་བདུན་པ་ལ་སྐྱེ་འཕགས་གཉིས། །འཕགས་པ་ལ་ཡང་ངེས་མ་ངེས། །རྣམ་གཉིས་ཉེར་བརྒྱད་སྐྱེ་ན་ཡང༌། །བདུན་ཚན་འདྲ་ཕྱིར་བདུན་ཞེས་དང༌། །དང་པོར་ཐོབ་པའི་རྟེན་དེ་ལ། །མྱང་འདས་མངོན་དུ་བྱེད་པ་དེ། །གོང་འོག་གཉིས་ཀྱི་གཞུང་རྣམས་ཀྱིས། །སྐུ་མཆེད་གཉིས་ཀྱི་དགོངས་པར་བསྒྲུབས། །ཉོན་མོངས་གསུམ་དང་སྐྱེ་བ་གཉིས། །རིམ་བཞིན་ངེས་སྤངས་ངེས་པར་ལེན། །བཞི་པ་སྤངས་དང་སྐྱེ་བ་ནི། །གསུམ་པ་བླངས་དང་མ་བླངས་འདྲ། །སྤང་བྱ་ལྔ་པ་སྐྱེ་བ་བཞི། །ངེས་པར་མ་སྤངས་མ་བླངས་པ། །རིགས་ནས་རིགས་སྐྱེའི་ཁྱད་ཆོས་སུ། །མཁས་པ་རྣམས་ཀྱིས་རྟོགས་པར་བྱ། །དྲུག་པའི་བར་སྤོང་བརྩོན་པ་དང༌། །ངེས་པར་དྲུག་པ་སྤོང་བརྩོན་པ། །ཕྱིར་འོང་ཞུགས་ཡིན་ཞེས་པ་ནི། །གོང་འོག་གཉིས་ཀྱི་ལུགས་སུ་བཤད། །ཕྱིར་འོང་བར་ཆད་


JLD018_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་སྟེ། །ཉོན་མོངས་བདུན་ནམ་བརྒྱད་སྤངས་ཤིང༌། །ཚེ་འཕོས་འདོད་ལྷའི་རྟེན་དག་ལ། །མྱང་འདས་མངོན་དུ་བྱེད་པར་བསྟན། །གཟུགས་སུ་ཉེར་འགྲོ་རྣམ་པ་བཅུ། །འདོད་པའི་རྟེན་ལ་ཕྱེ་བ་དང༌། །གནས་གཙང་སྐྱེ་རྒྱུ་སྤེལ་སྒོམ་ལྔ༌། །མཁས་པའི་དགོངས་པ་ཇི་བཞིན་བཤད། །དགྲ་བཅོམ་སྤངས་པ་ལྡོག་ཅེས་པའི། །བྱེ་བྲག་སྨྲ་བའི་ངན་རྟོག་རྣམས། །སངས་རྒྱས་གཉིས་པས་ལུང་རིགས་ཀྱིས། །ལེགས་པར་བཀག་རྣམས་རྒྱས་པར་བཀྲལ། །མངས་ཀྱིས་དོགས་ནས་ཤེས་བྱེད་རྣམས། །རྒྱས་པར་མ་བཀོད་རང་འགྲེལ་དང༌། །འགྲེལ་བཤད་དགོངས་པ་ཚུལ་བཞིན་དུ། །ཕྱེ་བ་ཡིན་གྱི་སོམ་ཉི་དོར། །ཐོད་རྒལ་བ་ལ་རྫས་བདུན་དང༌། །ཞུགས་པ་དང་པོ་རྣམ་པ་གསུམ། །རྒྱུན་ཞུགས་སོགས་སུ་འདོད་པ་ཡི། །ངན་རྟོག་བཀག་ནས་ཐོད་རྒལ་བའི། །འཕགས་པ་རྣམས་ཀྱི་སྤངས་རྟོགས་དག །མ་ནོར་བཤད་ནས་བདག་གཞན་རྣམས། །མཁས་པའི་རྗེས་སུ་ཁྲིད་ནས་ནི། །བླུན་པའི་ངན་རྟོག་བྲལ་བར་བྱས། །ཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་དཀའ་གནས། ཤར་ཙོང་ཁ་པ་བློ་བཟང་གྲགས་པས་སྦྱར་བའོ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྐྱེ་བཞི་དགེ་བཅུའི་གླིང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། སརྦ་མངྒ་ལཾ། །


previousདགེ་འདུན་ཉི་ཤུ་བསྡུས་པ་རྗེས་གནང་བ་དང་ཞུགས་གནས།next