Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  expand section
  expand section
   
   
   
   
   
   
བསམ་གཟུགས་ཟིན་བྲིས།
   
   
   


 
previousབསམ་གཟུགས་ཟིན་བྲིས།next

བསམ་གཟུགས་ཟིན་བྲིས།


JLD018_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཟུགས་ཟིན་བྲིས་བཞུགས་སོ། །


JLD018_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་དང་གཟུགས་མེད་ལ་གང་གིས་ཐོབ་བྱེད་ཀྱི་རྒྱུ། གང་ཐོབ་པའི་ངོ་བོ། ཐོབ་པ་པོ་རྟེན་གྱི་གང་ཟག །དེ་ལྟར་ཐོབ་པའི་རྟགས་སོ། །དང་པོ་ལ་བསམ་གཏན་དང་པོའི་འཐོབ་བྱེད་བཤད། ལྷག་མ་དེ་དང་མཚུངས་པར་བསྟན་པའོ། །དང་པོ་ལ་ཡིད་བྱེད་ཀྱི་གྲངས་ངེས། སོ་སོའི་ངོས་འཛིན། ལམ་དགུ་པ་གང་དུ་གཏོགས་བསམ་པའོ། །དང་པོ་ལ་མཚན་ཉིད་རབ་ཏུ་རིག་པའི་དང༌། མོས་པ་ལས་བྱུང་བའི་དང༌། རབ་ཏུ་དབེན་པའི་དང༌། དགའ་བ་སྡུད་པའི་དང༌། དཔྱོད་པའི་དང༌། སྦྱོར་བ་མཐའི་དང༌། སྦྱོར་བ་མཐའི་འབྲས་བུ་ཡིད་ལ་བྱེད་པ་དང་ངོ༌། །ཡིད་ལ་བྱེད་པ་བདུན་དུ་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཉེར་བསྡོགས་ཀྱི་རྒྱུའི་དབང་དུ་བྱས་པ་གསུམ། ངོ་བོའི་དབང་དུ་བྱས་པ་གསུམ། འབྲས་


JLD018_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་དབང་དུ་བྱས་པ་གཅིག་ཡོད་པས་བདུན་དུ་བཞག །རྒྱུའི་དབང་དུ་བྱས་ནས་གསུམ་དུ་འཇོག་པ་ཅི་ཡིན་ན། མ་སྐྱེས་པ་སྐྱེད་པར་བྱེད་པའི་རྒྱུ་ལ་གཉིས། སྐྱེས་ཟིན་ཁྱད་པར་དུ་བྱེད་པའི་རྒྱུ་ལ་གཅིག །དང་པོ་ལ་མཚན་ཉིད་རབ་རིག་དང་མོས་པ་ལས་བྱུང་བ་གཉིས་བཞག །གཉིས་པ་ལ་དཔྱོད་པའི་བཞག །ངོ་བོ་ལ་གསུམ་དུ་འཇོག་པའི་རྒྱུ་མཚན་ཅི་ཡིན་ན། འོག་སའི་སྤང་བྱ་ཆེན་པོ་གསུམ་གྱི་གཉེན་པོ་རབ་ཏུ་དབེན་པ། དེ་འབྲིང་པོ་གསུམ་གྱི་གཉེན་པོ་དགའ་སྡུད། དེའི་ཆུང་ངུ་གསུམ་གྱི་གཉེན་པོ་སྦྱོར་བ་མཐའི་ཡིད་བྱེད་བཞག །ཉེར་བསྡོགས་དྲུག་ཏུ་བཞག་པའི་ཚུལ་འདིའང་འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་གྱིས། འོག་སའི་འདོད་ཆགས་དང་བྲལ་བར་བྱེད་པའི་དབང་དུ་བྱས་པ་ཡིན་གྱི། བསམ་གཏན་དང་པོའི་ཉེར་བསྡོགས་ལ་དྲུག་པོ་དེར་ངེས་པ་ནི་མ་ཡིན་ཏེ། བསམ་གཏན་དང་པོའི་ཉེར་


JLD018_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོགས་ལ་མི་ལྕོགས་མེད་པའི་ངོ་བོར་སྐྱེས་པའི་མཐོང་ལམ་དང༌། སྒོམ་ལམ་ཟག་མེད་དང་མི་སློབ་ལམ་སྲིད་པས་སོ། །སོ་སོའི་ངོས་འཛིན་ལ་མཚན་ཉིད་རབ་ཏུ་རིག་པ་ནི། འདོད་པ་ནི་བསམ་གཏན་དང་པོ་ལ་བལྟོས་ཏེ་ཉོན་མོངས་མང་སྡུག་བསྔལ་ཆེས་རྒྱས་ཤིང༌། ཚེ་ཐུང་བས་རགས་ལ། བསམ་གཏན་དང་པོ་ནི་དེ་ལས་ལྡོག་སྟེ་ཞི་བའོ་ཞེས་ཐོས་བསམ་འདྲེས་མའམ་གང་རུང་གི་སྒོ་ནས་ཞི་རགས་སུ་འདྲིས་པར་བྱེད་པ་ནི། མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པའོ། །སྒྲ་བཤད་པ་ནི། འདོད་པ་དང་བསམ་གཏན་དང་པོ་གཉིས་ཀྱི་མཚན་ཉིད་སོ་སོ་ཞི་རགས་སུ་འདྲིས་པར་བྱེད་པས་ན་ཞེས་བྱའོ། །འདི་ནི་འདོད་པའི་སས་བསྡུས་སོ། །མོས་པ་ལས་བྱུང་བའི་ཡིད་བྱེད་ནི། མཚན་ཉིད་རབ་རིག་གིས་ཞི་རགས་སུ་འདྲིས་པར་བྱས་པ་ལ་བརྟེན་ནས་ཐོས་བསམ་ལས་འདས་ནས་ཞི་ལྷག་ཏུ་སོན་པའི་རབ་དབེན་གྱི་རྒྱུར་གྱུར་པ་ནི་དེའོ། །སྒྲ་བཤད་པ་ནི།མཚན་ཉིད་རབ་རིག་གི་སྐབས་སུ་ཐོས་བསམ་གྱིས་ཞི་རགས་སུ་མོས་པར་བྱས་པ་ལ་བརྟེན་ནས་བྱུང་བའི་ཡིད་བྱེད་ཡིན་པས་ན་དེའོ། །འདི་ནི་བསམ་གཏན་དང་པོའི་སས་བསྡུས་སོ། །རབ་ཏུ་དབེན་པ་ཡིད་བྱེད་ནི་མོས་བྱུང་ཡིད་བྱེད་ཀྱིས་ཞི་རགས་སུ་བསྒོམས་པ་ལ་བརྟེན་ནས་འདོད་པའི་སྒོམ་སྤང་ཆེན་པོ་གསུམ་གྱི་གཉེན་པོ་བྱེད་པའི་གནས་སྐབས་ཀྱི་ཡིད་བྱེད་ནི་དེའོ། །སྒྲ་བཤད་ནི། དེས་འདོད་པའི་ཉོན་མོངས་ལ་སེམས་རྒྱུད་དང་པོར་དབེན་པར་བྱེད་པའི་ཡིད་བྱེད་ཡིན་པས་དེའོ། །དགའ་བ་སྡུད་པའི་ཡིད་བྱེད་ནི། རབ་དབེན་གྱིས་ཞི་རགས་སུ་གོམས་པར་


JLD018_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ནོག་འདུག༽བྱས་པ་ལ་བརྟེན་ནས་འདོད་པའི་ཉོན་མོངས་འབྲིང་གསུམ་གྱི་གཉེན་པོ་བྱེད་པའི་ཡིད་བྱེད་ཀྱི་གནས་སྐབས་ནི་དེའོ། །སྒྲ་བཤད་ནི། དེས་འདོད་ཉོན་འབྲིང་གསུམ་ལས་གྲོལ་ན། དབེན་པ་ལས་སྐྱེས་པའི་བསམ་གཏན་དང་པོའི་སས་བསྡུས་པའི་དགའ་བདེ་ཆུང་ངུས་ལུས་སེམས་ལ་ཁྱད་པར་དུ་བྱེད་པ་ཡོད་པས་དེའོ། །དཔྱོད་པ་ཡིད་བྱེད་ནི། དེ་ལྟར་འདོད་ཉོན་ཕལ་ཆེར་སྤངས་པ་ནས་མ་ལུས་པར་སྤངས་སྙམ་པའི་བློ་སྐྱེས་པ་དེའི་ཚེ་འདོད་ཉོན་མ་ལུས་པར་སྤངས་མ་སྤངས་བརྟག་པའི་ཕྱིར་དུ་འདོད་པའི་སས་བསྡུས་པའི་སྡུག་པའི་མཚན་མ་ཡིད་ལ་བྱས་ཏེ་ས་དེ་ལ་འདོད་ཆགས་སྐྱེ་བར་མཐོང་བ་ན་སླར་ཡང་སྤང་བྱ་ལྷག་མ་སྤང་པའི་ཕྱིར་དུ་ཞི་རགས་སུ་སྒོམ་པར་བྱེད་པ་ནི་དེའོ། །སྒྲ་བཤད་པ་ནི། འདོད་པའི་ཉོན་མོངས་སྤངས་མ་སྤངས་བརྟག་པར་བྱེད་པ་ནི་དེའོ། །སྦྱོར་མཐའི་ཡིད་བྱེད་ནི་དཔྱོད་པའི་ཡིད་བྱེད་ཀྱིས་དེ་ལྟར་ཞི་རགས་སུ་འདྲིས་པར་བྱས་པ་ལ་བརྟེན་ནས་འདོད་པའི་སྒོམ་སྤང་ཆུང་ངུ་གསུམ་སྤོང་བའི་གཉེན་པོ་བྱེད་པའི་གནས་སྐབས་ཀྱི་ཡིད་བྱེད་ནི་དེའོ། །སྒྲ་བཤད་ནི། འདོད་ཉོན་གྱི་སྤང་གཉེན་གསུམ་ཡོད་པའི་ཡིད་བྱེད་ཐ་མ་ཡིན་པས་དེའོ། །སྦྱོར་བ་ཐ་མའི་འབྲས་བུ་ཡིད་ལ་བྱེད་པ་ནི། སྦྱོར་བ་ཐ་མའི་ཡིད་བྱེད་ཀྱིས་འདོད་པའི་ཉོན་མོངས་ཆུང་ངུའི་ཆུང་ངུ་ལས་གྲོལ་བའི་སྒོམ་ལམ་ཉམས་སུ་མྱོང་བའི་ཡིད་བྱེད་ཡིན་པས་སྦྱོར་བ་ཐ་མའི་འབྲས་བུ་ཡིད་ལ་བྱེད་པའོ། །ལམ་དགུ་པ་གང་དུ་གཏོགས་བསམ་པ་ནི། འོག་སའི་ཉོན་མོངས་དགུ་པ་ལས་གྲོལ་བའི་རྣམ་གྲོལ་ལམ་དགུ་པ་


JLD018_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དངོས་གཞི་དང་ཉེར་བསྡོགས་གང་གི་ངོར་སྐྱེ་ན། འདི་ལ་ཀུན་བཏུས་པའི་ལུགས་ཀྱིས་འོག་སའི་ཉོན་མོངས་དགུ་པ་ལས་གྲོལ་བའི་རྣམ་གྲོལ་ལམ་དེ་གོང་སའི་དངོས་གཞིའི་ངོ་བོར་སྐྱེ་བས་ཁྱབ། མཛོད་པའི་ལུགས་ཀྱིས་འདོད་ཉོན་དགུ་པ་ལས་གྲོལ་བའི་རྣམ་གྲོལ་ལམ་དང༌། བསམ་གཏན་དང་པོའི་ཉོན་མོངས་དགུ་པ་ལས་གྲོལ་བའི་རྣམ་གྲོལ་ལམ་དང༌། གཉིས་པ་དང་གསུམ་པའི་ཉོན་མོངས་དགུ་པ་ལས་གྲོལ་བའི་རྣམ་གྲོལ་ལམ་དགུ་པ་རྣམས་ལ་དངོས་གཞི་དང་ཉེར་བསྡོགས་ཀྱི་ངོ་བོར་སྐྱེ་བ་ཅི་རིགས་སུ་ཡོད། བསམ་གཏན་བཞི་པ་ནས་བཟུང་སྟེ་སྲིད་རྩེའི་བར་རང་གི་འོག་སའི་སྒོམ་སྤང་ཉོན་མོངས་དགུ་པ་ལས་གྲོལ་བའི་རྣམ་གྲོལ་ལམ་དགུ་པ་རྣམས་དེའི་དངོས་གཞིའི་ངོ་བོར་སྐྱེས་པས་ཁྱབ། མཛོད་པས་དེ་ལྟར་འདོད་པའི་རྒྱུ་མཚན་ཡང་སྤྱིར་ཉེར་སྡོགས་ཀྱི་ཚོར་བ་ལ་བཏང་སྙོམས་ཀྱིས་ཁྱབ་པ་བཟོ། བསམ་གཏན་དང་པོ་དང་གཉིས་པ་གཉིས་ཀྱི་དངོས་གཞིའི་ཚོར་བ་ལ་ཡིད་བདེ། བསམ་གཏན་གསུམ་པའི་དངོས་གཞིའི་ཚོར་བ་ལ་ཚོར་བ་སེམས་བདེ་ཡོད་ལ། དེས་ན་ཚོར་བའི་དབང་པོ་རིགས་མི་འདྲ་བ་ཡོད་པའི་ཕྱིར་དབང་པོ་འཕོ་དཀའ་བས་དེ་ལྟར་བཞག །བསམ་གཏན་བཞི་པ་ཡན་ཆད་ཀྱི་དངོས་གཞིའི་ཚོར་བ་ལ་བཏང་སྙོམས་ཀྱིས་ཁྱབ་པས་དེས་ན་ཚོར་བའི་དབང་པོ་རིགས་མི་འདྲ་བ་མེད་པའི་ཕྱིར་དབང་པོ་འཕོ་སླ་བས་དེ་ལྟར་བཞག་གོ། དེ་ལྟར་ན་འོག་སའི་སྒོམ་ཉོན་དགུ་སྤོང་བའི་བར་ཆད་མེད་ལམ་དགུ་དང་དེའི་རྣམ་གྲོལ་ལམ་དང་པོ་བརྒྱད་ལ་ཉེར་བསྡོགས་ཀྱིས་ཁྱབ་བོ། །ལྷག་མ་དེ་དང་མཚུངས་པར་བསྟན་པ་ནི། བསམ་གཏན་དང་པོའི་ཉེར་


JLD018_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོགས་ལ་བཤད་པ་ཇི་ལྟ་བར། བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་གྱི་ཉེར་སྡོགས་ལའང་དེ་བཞིན་དུ་བྱའོ། །མི་འདྲ་བའི་ཁྱད་པར་ནི། ཉེར་སྡོགས་བརྒྱད་པོ་དེ་འདོད་པའི་རྟེན་ལ་སྒོམ་ན། ཡིད་བྱེད་དང་པོ་ལ་ཐོས་བསམ་འདྲེས་མར་སྒོམ་པ་ཡོད་ལ། གཟུགས་ཀྱི་རྟེན་ལ་སྒོམ་ན་བསམ་བྱུང་མེད།གཟུགས་མེད་པའི་རྟེན་ལ་ཐོས་བྱུང་ཡང་མེད་ཅིང་སྐྱེས་ཐོབ་ཡིན། བསམ་གཏན་དང་པོ་གཉིས་ཀྱི་དགའ་བ་སྡུད་པ་ཡིད་བྱེད་ལ་ཚོར་བ་དགའ་བདེ་ཡོད་ལ། བསམ་གཏན་གསུམ་པའི་དགའ་བ་སྡུད་པ་ཡིད་བྱེད་ལ་ཚོར་བདེ་ཡོད་ཅིང༌། བསམ་གཏན་བཞི་པ་ཡན་ཆད་ཀྱི་དགའ་བ་སྡུད་པ་ཡིད་བྱེད་ནི། སྤང་བྱ་སྤོང་བ་ལ་ཡོན་ཏན་དུ་མཐོང་བ་ཙམ་ལ་བཤད་ཀྱི་རང་སས་བསྡུས་པའི་ཚོར་བ་དགའ་བདེ་མེད་ཅིང༌། ཉེར་བསྡོགས་གང་དང་གང་གི་ཡིད་བྱེད་དང་པོ་ནི་འོག་སར་གཏོགས་པ་ཤེས་པར་བྱའོ། །ཞི་རགས་ཀྱི་རྣམ་པ་ཅན་གྱི་ཉེར་སྡོགས་ཀྱིས་འོག་སའི་ཉོན་མོངས་སྤོང་བའི་ཚུལ་ཡང༌། བྱེ་བྲག་སྨྲ་བའི་ལུགས་ཀྱིས། འོག་སའི་མཐོང་སྤང་དང་སྒོམ་སྤང་གཉིས་ཕྱོགས་གཅིག་ཏུ་སྤོང་བས་ཁྱབ་ཅིང༌། མདོ་སྡེ་པའི་ལུགས་ཀྱིས་འོག་སའི་སྒོམ་སྤང་འབའ་ཞིག་སྤོང་བར་འདོད་དོ། །དེ་ལའང་འོག་སའི་སྒོམ་སྤང་རགས་པའང་མ་ལུས་པར་སྤོང་བས་མ་ཁྱབ་སྟེ། བསམ་གཏན་དང་པོའི་དངོས་གཞི་ཐོབ་པའི་འདོད་པའི་རྟེན་ཅན་གྱི་སོ་སོ་སྐྱེ་བོའི་ཉོན་ཡིད་བཞིན། དེས་ས་ལྷག་མ་རྣམས་ལའང་ཤེས་པར་བྱའོ། །དེ་ལྟར་ཉེར་སྡོགས་བརྒྱད་ལས་བསམ་གཏན་དང་པོའི་ཉེར་སྡོགས་ལ་དག་པ་བ་དང་ཟག་མེད་


JLD018_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོད་ལ། ཁ་ཅིག་རོ་མྱང་ཅན་དང་གསུམ་ཡོད་པར་འདོད་དོ། །བསམ་གཏན་གཉིས་པ་ཡན་གྱི་ཉེར་བསྡོགས་ལྷག་མ་ལྔ་ལ་དག་པ་བས་ཁྱབ་བོ། །གང་ཐོབ་པར་བྱ་བའི་ངོ་བོ་ལ། ཉོན་མོངས་ཅན། དག་པ་བ་དངོས། དེ་དག་གི་རྣམ་གཞག་དཔྱད་པ། དང་པོ་ལ་གསུམ། གང་ཉོན་མོངས་པར་བྱ་བའི་གཞི། གང་གིས་ཉོན་མོངས་པར་བྱེད་པའི་ཆོས། ཇི་ལྟར་ཉོན་མོངས་པར་བྱེད་པའི་ཚུལ་ལོ། །དང་པོ་ལ། བསམ་གཏན་བཞིའི་དངོས་གཞི་དག་པ་བ་བཞི། གཟུགས་མེད་བཞིའི་དངོས་གཞི་དག་པ་བ་བཞི་སྟེ་བརྒྱད། ཟག་མེད་ཉོན་མོངས་པར་བྱ་བའི་གཞི་མ་ཡིན་ཏེ། ཉོན་མོངས་ཅན་དུ་བྱེད་མི་ནུས་པའི་ཕྱིར་རོ། །གང་གིས་ཉོན་མོངས་པ་ཅན་དུ་བྱེད་པའི་ཆོས་ལ་བཞི། ཁམས་གོང་མའི་འདོད་ཆགས། ང་རྒྱལ། ཐེ་ཚོམ། ལྟ་བ། །ཁོང་ཁྲོ། གང་གིས་ཉོན་མོངས་པ་ཅན་དུ་བྱེད་པའི་ཆོས་མ་ཡིན་ཏེ། ཁམས་གོང་གི་རྟེན་ལ་ཁོང་ཁྲོ་མེད་པའི་ཕྱིར། མ་རིག་པ་གང་གིས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱེད་པའི་ཆོས་ཡིན་ན། ཚུལ་ཇི་ལྟར་ཉོན་མོངས་ཅན་དུ་བྱེད་ཅེ་ན། མ་རིག་པའི་དབང་གིས་ཐེ་ཚོམ་གྱི་ཉོན་མོངས་ཅན་དུ་བྱེད་པས། མ་རིག་པ་དང་ཐེ་ཚོམ་གཉིས་འཇུག་པ་གཅིག་ཏུ་བཤད་པའང་ཡིན། ཇི་ལྟར་ཉོན་མོངས་པར་བྱེད་པའི་ཚུལ་ལ། འདོད་ཆགས་ཀྱིས་ཉོན་མོངས་ཅན་དུ་བྱེད་ཚུལ་ལ། བསམ་གཏན་བཞི་དང་གཟུགས་མེད་ཀྱི་དངོས་གཞི་དག་པ་བརྒྱད་གང་རུང་ལ་མཉམ་པར་བཞག་པ་ན། སྙོམས་འཇུག་དེ་དག་ལ་དམིགས་པའི་སྲེད་པ་སྐྱེ་སྟེ། སྙོམས་འཇུག་གི་རྒྱུན་སྲེད་པ་དང་མཚུངས་ལྡན་དུ་སོང་བ་ན་སྲེད་པ་ཤས་ཆེ་བས་ཉོན་མོངས་ཅན་དུ་བྱས། ང་རྒྱལ་གྱིས་


JLD018_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཚུལ་ནི། དེ་བརྒྱད་གང་རུང་ལ་མཉམ་པར་བཞག་པ་ན་སྙོམས་འཇུག་འདི་ལྟ་བུ་བདག་གིས་ཐོབ་གཞན་གྱིས་ནི་མ་ཡིན་ནོ། །ཞེས་སེམས་ཁེངས་པའི་རྣམ་པར་ཅན་དུ་སྐྱེས་ཏེ། སྙོམས་འཇུག་དེ་དག་གི་རྒྱུན་ང་རྒྱལ་དང་མཚུངས་ལྡན་དུ་སོང་བ་ན་ང་རྒྱལ་གྱིས་ཉོན་མོངས་ཅན་དུ་བྱས། ཐེ་ཚོམ་གྱིས་ཉོན་མོངས་ཅན་དུ་བྱེད་ཚུལ་ནི། དེ་བརྒྱད་གང་རུང་ལ་མཉམ་པར་བཞག་པ་ན་ལམ་དང་ལམ་མིན་ལ་རྨོངས་པའི་མཐུས་འདི་དག་ཐར་ལམ་ཡིན་མིན་སྙམ་དུ་ཐེ་ཚོམ་སྐྱེས་ཏེ། སྙོམས་འཇུག་དེའི་རྒྱུན་ཐེ་ཚོམ་དང་མཚུངས་ལྡན་དུ་སོང་བ་ན་ཐེ་ཚོམ་གྱིས་ཉོན་མོངས་ཅན་དུ་བྱས། ལྟ་བས་ཉོན་མོངས་ཅན་དུ་བྱེད་ཚུལ་ནི། ལྟ་བ་དང་པོ་གསུམ་རྒྱུད་ལ་ལྡན་བཞིན་པའི་ངང་ནས་བསམ་གཏན་བཞི་དང་གཟུགས་མེད་བཞི་དངོས་གཞི་དག་པ་བ་བརྒྱད་གང་རུང་རྒྱུད་ལ་ཐོབ་སྟེ། དེ་ལ་མཉམ་པར་བཞག་པ་ན་སྙོམས་འཇུག་འདི་ལྟ་བུ་ཐོབ་པ་ལྟ་བ་མཆོག་ཏུ་འགྱུར་པ། དེའི་མཐུས་ཡིན་ནོ་སྙམ་དུ་ལྟ་བ་དང་པོ་གསུམ་ལ་དམིགས་པའི་མཆོག་འཛིན་གྱི་ལྟ་བ་སྐྱེས་ཏེ། སྙོམས་འཇུག་དེ་དག་གི་རྒྱུན་ལྟ་བ་དང་མཚུངས་ལྡན་དུ་སོང་བ་ན་ལྟ་བས་ཉོན་མོངས་ཅན་རྣམས་སུ་བྱས། སྙོམས་འཇུག་ཉོན་མོངས་ཅན་ལ་སྲེད་པ་ཤས་ཆེ་བ་ལ་སོགས་པ་བཞིར་བྱེད་པ་འདི་ལ་ཉི་འོག་བྱེ་བྲག་ཏུ་སྨྲ་བ་དང་ཀུན་བཏུས་པ་གཉིས་མཐུན། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དེ་ལ་སྲེད་པ་ཤས་ཆེ་བ་གཅིག་པུར་འདོད་སྙོམས་འཇུག་གི་དངོས་གཞི་དག་པ་བ་དེ་གང་ཞེ་ན་བསམ་གཏན་དང་པོ་གཟུགས་མེད་ཀྱི་དངོས་གཞི་སྙོམས་འཇུག་འཇིག་རྟེན་པའི་དགེ་བའི་ཆར་གྱུར་པ་ཞིག་ལ་ཟེར། དག་པ་


JLD018_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཟེར་བའི་རྒྱུ་མཚན་ནི་སེམས་བྱུང་ཆགས་པ་ལོག་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའམ་ཆགས་པ་ལོག་རང་སའི་ཀུན་དཀྲིས་མངོན་འགྱུར་བ་དང་བྲལ་བའི་ཕྱིར་དག་པའམ་རྣམ་བྱང་ཞེས་བྱའོ། །དེ་ལ་དབྱེ་ན་ཉམས་པ་ཆ་མཐུན་གྱི་དག་པ་བ། གནས་པ་ཆ་མཐུན་གྱི། ཁྱད་པར་ཆ་མཐུན་གྱི། ངེས་འབྱེད་ཆ་མཐུན་གྱི་དག་པ་པའོ། །སྲིད་རྩེའི་དངོས་གཞི་མ་གཏོགས་པའི་དངོས་གཞི་བདུན་པོ་ལ་བཞི་པོ་འདི་ཚང་བར་ཡོད་ལ། སྲིད་རྩེའི་དངོས་གཞི་ལ་ཁྱད་པར་ཆ་མཐུན་མ་གཏོགས་པའི་གསུམ་ཡོད་དོ། །འོ་ན་བཞི་པོ་གང་ཡིན་ན། ཉམས་པ་ཆ་མཐུན་གྱི་དངོས་གཞི་དག་པ་བ་ནི། སྙོམས་འཇུག་གི་དངོས་གཞི་དག་པ་བ་རང་གི་མཇུག་ཐོགས་སུ་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པ། གཉིས་པ་ནི་དེ་ཡིན་པ་རང་གི་མཇུག་ཐོགས་སུ་ཉོན་མོངས་ཀྱི་སྙོམས་འཇུག་མི་སྐྱེ་བར་རང་སའི་དག་པ་བ་སྐྱེ་བ་དང་རྗེས་སུ་མཐུན་པ། གསུམ་པ་ནི་དེ་ཡིན་པ་རང་གི་མཇུག་ཐོགས་སུ་དེ་མི་སྐྱེ་བར་གོང་སའི་དག་པ་བ་སྐྱེ་བ་དང་རྗེས་སུ་མཐུན་པ། བཞི་པ་ནི། དེ་ཡིན་པ་རང་གི་མཇུག་ཐོགས་སུ་དེ་མི་སྐྱེ་བར་སྙོམས་འཇུག་ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའོ། །སྙོམས་འཇུག་ཟག་མེད་གང་ཞེ་ན། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་འཇིག་རྟེན་ལས་འདས་པའི་ལམ་གྱི་ངོ་བོར་སྐྱེས་པ་ཞིག་ལ་ཟེར། དེའང་བསམ་གཏན་ས་དྲུག་གཟུགས་མེད་དང་པོ་གསུམ་གྱི་ངོ་བོར་སྐྱེས་པའི་ཟག་མེད་ཀྱི་ལམ་ཡོད་ལ། སྲིད་རྩེ་དང་འདོད་པའི་ངོ་བོར་སྐྱེས་པའི་ཟག་མེད་ཀྱི་ལམ་མེད་དེ། སྲིད་རྩེའི་འདུ་ཤེས་ཀྱི་རྒྱུ་བ་ཤིན་ཏུ་མི་གསལ་བའི་ཕྱིར། འདོད་པ་ནི་རྣམ་གཡེང་གི་ངོ་བོར་གྱུར་པའི་ཕྱིར་རོ། །བཞི་པ་ལ་བསམ་


JLD018_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་ཡན་ལག །གཟུགས་མེད་ཀྱི་དམིགས་རྣམ། དེ་དག་བསྒོམས་པའི་འབྲས་བུ་བཤད་པའོ། །དང་པོ་ལ་རྫས་རྟགས་ཀྱི་ཁྱད་པར། ཡན་ལག་སོ་སོའི་ངོས་འཛིན། གྲངས་ངེས་པའི་རྒྱུ་མཚན་དང་གསུམ་མོ། །དང་པོ་ལ་མིང་གི་སྒོ་ནས་དབྱེ་ན་བཅོ་བརྒྱད་དུ་ཡོད་དེ། བསམ་གཏན་དང་པོ་དང་གསུམ་པ་ལ་ཡན་ལག་ལྔ་ལྔ༌། གཉིས་པ་དང་བཞི་པ་ལ་བཞི་བཞིར་བྱེད་དོ། །དེ་དག་ཀྱང་གང་ཞེ་ན། བསམ་གཏན་དང་པོའི་ཡན་ལག་ནི། རྟོག་དཔྱོད་གཉིས། དགའ་བདེ་གཉིས། ཏིང་ངེ་འཛིན་ཏེ་ལྔ། གཉིས་པའི་ཡན་ལག་བཞི་ནི། རབ་དད་དང༌། དགའ་བདེ། ཏིང་ངེ་འཛིན་བཞི། གསུམ་པའི་ཡན་ལག་ལྔ་ནི། དྲན་པ་ཤེས་བཞིན། འདུ་བྱེད་བཏང་སྙོམས། ཚོར་བ་བདེ་བ། ཏིང་ངེ་འཛིན། བཞི་པའི་ཡན་ལག་བཞི་ནི། དྲན་པ་ཡོངས་དག །བཏང་སྙོམས་ཡོངས་དག །ཚོར་བ་བཏང་སྙོམས། ཏིང་ངེ་འཛིན་རྣམས་སོ། །ཡན་ལག་འདི་རྣམས་རྫས་སུ་བསྡུ་ན་མཛོད་པའི་ལུགས་ཀྱིས་རྫས་བཅུ་གཅིག་ཏུ་འདུ་སྟེ། རྟོག་དཔྱོད་གཉིས། དགའ་བ། ཤིན་ཏུ་སྦྱངས་པའི་བདེ་བ། ཏིང་ངེ་འཛིན། རབ་དང༌། དྲན་པ། ཤེས་བཞིན། འདུ་བྱེད་བཏང་སྙོམས། ཚོར་བ་སེམས་བདེ། ཚོར་བ་བཏང་སྙོམས་ཏེ་བཅུ་གཅིག་གོ། དེར་འདུས་པའི་ཚུལ་ནི། བསམ་གཏན་དང་པོ་གཉིས་ཀྱི་དགའ་བ་གཉིས་དགའ་བས་རྫས་སུ་བསྡུ། དང་པོ་གཉིས་ཀྱི་བདེ་བ་གཉིས་ཤིན་ཏུ་སྦྱངས་པའི་བདེ་བའི་རྫས་སུ་བསྡུ། ཏིང་ངེ་འཛིན་ཏིང་ངེ་འཛིན་གྱི་རྫས་སུ་བསྡུ། ཐ་མ་གཉིས་ཀྱི་དྲན་པ་དྲན་པའི་རྫས་སུ་བསྡུ། ཐ་


JLD018_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཉིས་ཀྱི་འདུ་བྱེད་བཏང་སྙོམས་གཉིས་འདུ་བྱེད་བཏང་སྙོམས་ཀྱི་རྫས་སུ་འདུས་སོ། །ཀུན་ལས་བཏུས་ཀྱི་ལུགས་ཀྱིས་རྫས་དགུར་འདོད་དོ། །རྟོག་དཔྱོད་གཉིས། ཚོར་བ་ཡིད་བདེ། ཏིང་ངེ་འཛིན། འདུ་བྱེད་བཏང་སྙོམས། དྲན་པ། ཤེས་བཞིན། ཚོར་བ་སེམས་བདེ། ཚོར་བ་བཏང་སྙོམས་ཏེ་དགུར་འདུས་སོ། །དེར་འདུས་པའི་ཚུལ་ནི། དང་པོ་གཉིས་ཀྱི་དགའ་བདེ་ཚོར་བ་ཡིད་བདེའི་རྫས་སུ་བསྡུ། ཏིང་ངེ་འཛིན། དྲན་པ། འདུ་བྱེད་བཏང་སྙོམས་རྣམས་འདྲ། རབ་དང་ནི། དྲན། ཤེས་བཞིན། བཏང་སྙོམས་གསུམ་དུ་འདུས་པས་རྫས་ལོགས་པ་མེད་དོ། །ཡན་ལག་སོ་སོའི་ངོས་འཛིན་བཞི་ལས། བསམ་གཏན་དང་པོའི་ཡན་ལག་ནི། རྟོག་པ་ནི་དོན་གྱི་ངོ་བོ་ཙམ་ཀུན་ཏུ་འཚོལ་བར་བྱེད་པའི་ནང་གི་བརྗོད་པ་སེམས་པ་དང་ཤེས་རབ་གང་རུང་ལ་བཏགས་པ། དཔྱོད་པ་ནི་དེའི་རྒྱུ་མཚན་ཞིབ་ཏུ་དཔྱོད་པར་བྱེད་པའི་ནང་གི་བརྗོད་པ་སེམས་དཔའ་དང་ཤེས་རབ་གང་རུང་གི་ཆ་ལ་བཏགས་པ་ཡིན་ཞིང༌། དེ་གཉིས་རེས་འཇོག་ཏུ་འབྱུང་ལ། ཅིག་ཅར་དུ་མི་འབྱུང་བར་མདོ་སྡེ་པ་ཡན་ཆད་ཀྱིས་འདོད་དོ། །བྱེ་བྲག་སྨྲ་བའི་ལུགས་ཀྱིས་རྟོག་དཔྱོད་གཉིས་པོ་སེམས་རྩིང་བ་དང་ཞིབ་པའི་རྣམ་པ་ཅན་རྫས་ཡོད་དུ་འདོད་ཅིང་དེའང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོའི་སྐབས་སུ་དེ་གཉིས་ཅིག་ཅར་དུ་འབྱུང་ཞིང་རིམ་ཅན་དུ་མི་འབྱུང་བར་འདོད་དོ། །བདེ་བ་ནི་མཛོད་པའི་ལུགས་ཀྱིས་སེམས་བྱུང་ཤིན་ཏུ་སྦྱངས་པའི་བདེ་བ་ཡིན་པས་ཚོར་བ་མིན་ཅིང༌། དགའ་བ་ནི་ཚོར་བ་ཡིད་བདེར་འདོད་དོ། །ཀུན་བཏུས་ཀྱི་ལུགས་ཀྱིས་གཙོ་བོ་ཡིད་ཀྱི་རྣམ་ཤེས་གཅིག་གི་འཁོར་དུ་སྐྱེས་པའི་སེམས་


JLD018_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སིམ་པར་མྱོང་བ་གཅིག་ཉིད་ལ་དབང་པོ་རྟེན་བཅས་ཀྱི་ལུས་ལ་ཕན་འདོགས་པའི་ཆ་ནས་བདེ་བ། ཡིད་བདེ་འཁོར་བཅས་སིམ་པར་བྱེད་པའི་ཆ་ནས་དགའ་བ། དེ་ལྟར་བྱེད་ལས་ཐ་དད་ཀྱི་ཆ་ནས་དེ་གཉིས་སུ་བཞག་གི་རྫས་ཐ་དད་པ་མེད་དོ་ཞེས་ཀུན་ལས་བཏུས་གྱི་འགྲེལ་པར་བཤད་དོ། །ཏིང་ངེ་འཛིན་ནི་རང་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་དམིགས་པ་ལ་སྡུད་པར་བྱེད་པའི་སེམས་བྱུང་རྩེ་གཅིག་པའོ། །དེ་ལྟར་བྱས་ན་ཀུན་ལས་བཏུས་པའི་ལུགས་ཀྱིས་རྟོག་དཔྱོད་གཉིས་ཏིང་ངེ་འཛིན་གསུམ་འདུ་བྱེད་ཀྱི་ཕུང་པོར་འདུ། དགའ་བདེ་གཉིས་ཚོར་བའི་ཕུང་པོར་འདུ། མཛོད་པའི་ལུགས་ཀྱིས་རྟོག་དཔྱོད་གཉིས་བདེ་བ་ཏིང་ངེ་འཛིན་རྣམས་འདུ་བྱེད་ཀྱི་ཕུང་པོར་འདུ། དགའ་བ་ཚོར་བའི་ཕུང་པོར་འདུ། འོ་ན་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ཞེས་པ་དེ་གང་ཞེ་ན། བསམ་གཏན་དང་པོའི་སྙོམས་འཇུག་གཞིར་བྱས་ལ། རྟོག་པ་ལ་འདོད་ཆགས་དང་བྲལ་བ་ཙམ་ལ་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ཞེས་བྱ་ལ། དེའང་བསམ་གཏན་དང་པོའི་ཡན་ལག་ལྔའི་ནང་ནས་རྟོག་པ་རགས་ཤོས་ཡིན་པས་ཡན་ལག་གཞན་རྣམས་ལས་ཆགས་པ་དང་མ་བྲལ་བར་རྟོག་པ་ལས་ཆགས་པ་དང་བྲལ་བ་སྲིད་པས། དང་པོ་ལ་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་བཞག་ལ། བསམ་གཏན་ལྷག་མ་རྣམས་ཀྱི་ཡན་ལག་ལ་དེ་ལྟ་བུའི་ཁྱད་པར་ཅན་མེད་པས་དངོས་གཞི་ཁྱད་པར་ཅན་མ་བཞག་གོ། གཉིས་པའི་དངོས་གཞི་ལ་ནང་རབ་དང་ནི་མཛོད་ལུགས་ཀྱིས་བསམ་གཏན་དང་པོ་ལས་ངེས་པར་འབྱུང་བ་ལ་ཡིད་ཆེས་པར་བྱེད་པའི་དད་


JLD018_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཞེས་མཛོད་ལས་བཤད་དོ། །གཏན་ལ་དབབ་པ་བསྡུ་བ་ལས་བསམ་གཏན་གཉིས་པའི་སས་བསྡུས་པའི་དྲན་པ་ཤེས་བཞིན་འདུ་བྱེད་བཏང་སྙོམས་གསུམ་ལ་བཤད་དོ། །ནང་རབ་དང་གི་དོན་ནི་བསམ་གཏན་དང་པོའི་རྟོག་དཔྱོད་ཀྱིས་རྒྱུད་འཁྲུགས་པར་བྱེད་པའི་རྣམ་གཡེང་ཉེ་བར་ཞི་བའི་ཕྱིར་ན་དེའི་དགའ་བདེ་གཉིས་ཏིང་ངེ་འཛིན་གསུམ་མཛོད་པ་དང་ཀུན་ལས་བཏུས་པའི་ལུགས་སོ་སོར་བསམ་གཏན་དང་པོའི་ཡན་ལག་ཏུ་བཤད་པ་བཞིན་ནོ། །གསུམ་པའི་ཡན་ལག་ལ་ལྔ་ལས། དྲན་པ་ནི་གསུམ་པའི་གདམས་ངག་གི་དམིགས་རྣམ་མི་བརྗེད་པར་འཛིན་པའི་བསམ་གཏན་གསུམ་པའི་ས་བསྡུས་པའི་སེམས་བྱུང༌། ཤེས་བཞིན་ནི་བྱིང་རྒོད་ཀྱི་བྱར་བྱེད་པའི་བསམ་གཏན་གསུམ་པའི་སས་བསྡུས་པའི་སེམས་བྱུང༌། འདུ་བྱེད་བཏང་སྙོམས་ནི་བྱིང་རྒོད་ཀྱི་སྐྱོན་གྱིས་མི་མཉམ་པ་མེད་པའི་བསམ་གཏན་གསུམ་པའི་སས་བསྡུས་པའི་སེམས་བྱུང༌། ཚོར་བ་བདེ་བ་ནི་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་གི་འཁོར་དུ་སྐྱེས་པའི་སེམས་བྱུང་སིམ་པ་མྱོང་བ། ཏིང་ངེ་འཛིན་སྔར་བཞིན། འོ་ན་དང་པོ་གཉིས་ཀྱི་དགའ་བ་དང༌། གསུམ་པའི་བདེ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་གི་འཁོར་དུ་སྐྱེས་པའི་སེམས་བྱུང་སིམ་པ་ཉམས་སུ་མྱོང་བར་འདྲའང༌། ཡུལ་ལ་ཧ་ཅང་གཡོ་བའི་སྐྱོན་ཉེ་བར་ཞི་བའི་དུས་ན་དགའ་བ།དེ་ཉེ་བར་ཞི་བའི་བསམ་གཏན་གསུམ་པའི་དུས་ན་བདེ་བ་ཞེས་ཟེར་གྱི་དགའ་བ་མི་ཟེར་རོ། །བྱེ་བྲག་ཏུ་སྨྲ་བས་དང་པོ་གཉིས་ཀྱི་བདེ་བ་སེམས་བྱུང་ཤིན་སྦྱངས་ཀྱི་བདེ་བར་འདོད་ལ། མདོ་སྡེ་པས་གསུམ་པ་དང་བཞི་


JLD018_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་དང་པོ་གཉིས་ལས་ཕུལ་དུ་བྱུང་བའི་ཤིན་སྦྱངས་ཡོད་བཞིན་དུ། ཅིའི་ཕྱིར་ཤིན་ཏུ་སྦྱངས་པའི་བདེ་བ་ཡང་དག་ཏུ་མ་སྨོས་ཞེས་བཀག་ནས་རང་ལུགས་ཀྱིས་དང་པོའི་བསམ་གཏན་གྱི་བདེ་བ་གཙོ་བོ་ལུས་ཀྱི་རྣམ་པར་ཤེས་པ་གཅིག་གི་འཁོར་དུ་སྐྱེས་པའི་སེམས་བྱུང་སིམ་པ་མྱོང་བ་དབང་ཤེས་ཀྱི་ཡིན་པར་འདོད་དོ། །བཞི་པའི་ཡན་ལག་བཞི་ལས་དྲན་པ་ཡོངས་དག་ནི་བཞི་པའི་གདམས་ངག་གི་དམིགས་རྣམ་མ་བརྗེད་པར་འཛིན་པའི་བསམ་གཏན་སྐྱོན་བརྒྱད་ལས་གྲོལ་བའི་སེམས་བྱུང༌། འདུ་བྱེད་བཏང་སྙོམས་ཡོངས་དག་ནི། བྱིང་རྒོད་ཀྱི་སྐྱོན་གྱིས་མི་མཉམ་པ་མེད་པའི་སྐྱོན་བརྒྱད་ལས་གྲོལ་བའི་སེམས་བྱུང༌། ཚོར་བ་བཏང་སྙོམས་ནི་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་གི་འཁོར་དུ་སྐྱེས་པའི་སེམས་བྱུང་ཚོར་བ་སིམ་གདུང་གང་ཡང་མིན་ཞིང་བར་མ་ཉམས་སུ་མྱོང་བའི་བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བའོ། །ཏིང་ངེ་འཛིན་ནི་སྔར་བཞིན་ནོ། །འོ་ན་གསུམ་པར་ཤེས་བཞིན་ཡན་ལག་ཏུ་སྨོས། བཞི་པར་མི་སྨོས་པ་ཅི་ཞེ་ན། བཞི་པར་བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བས་བྱིང་རྒོད་ཀྱི་བྱ་ར་བྱེད་མི་དགོས་པའི་ཕྱིར་དེ་ཡན་ལག་ཏུ་མ་བཞག་གོ། སྐྱོན་བརྒྱད་ནི་རྟོག་དཔྱོད་གཉིས། དགའ་བདེ་གཉིས། སྡུག་བསྔལ་ཡིད་མི་བདེ་གཉིས། དབུགས་འབྱུང་རྔུབ་གཉིས་ཏེ་བརྒྱད་དོ། །རྟོག་དཔྱོད་དགའ་བདེ་བསམ་གཏན་གྱི་སྐྱོན་དུ་བཤད་པ་དེའང་གཞན་གྱི་ས་ལ་བལྟོས་ཏེ་སྐྱོན་ཡིན་གྱི། རང་གི་ས་པ་ལ་བལྟོས་ཏེ་སྐྱོན་མིན་ནོ། །གྲངས་ངེས་པའི་


JLD018_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ནི། བསམ་གཏན་བཞིའི་ཡན་ལག་ལ་བཞི་དང་ལྔར་ངེས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། བསམ་གཏན་གྱི་དངོས་གཞིའི་ཡན་ལག་རྣམས་དེར་ངེས་པ་ནི་མ་ཡིན་ཏེ། ཡན་ལག་དེ་དག་གང་ཡང་མིན་པའི་བསམ་གཏན་གྱི་དངོས་གཞི་དུ་མ་ཡོད་པའི་ཕྱིར་རོ། །འོ་ན་ཡན་ལག་ལྔ་དང་བཞིར་འཇོག་པའི་དོན་དེ་གང་གི་དབང་དུ་བྱས་ན། གཙོ་བོ་བསྡུས་པའི་དབང་དུ་བྱས་སོ། །གང་གི་དབང་དུ་བྱས་ནས་གཙོ་བོ་བསྡུས་ཤེ་ན། གཉེན་པོ། ཕན་ཡོན། གནས་ཀྱི་ཡན་ལག་གི་དབང་དུ་བྱས་ཏེ་གཙོ་བོ་བསྡུས་སོ། །བསམ་གཏན་དང་པོའི་རྟོག་དཔྱོད་གཉིས་པོ་དེ་གཉེན་པོའི་ཡན་ལག་ཡིན་ཏེ། འོག་སའི་ཉོན་མོངས་ལས་ཆགས་པ་དང་བྲལ་བར་བྱེད་པའི་ཕྱིར་རོ། །རྟོག་དཔྱོད་གཉིས་གཉེན་པོར་འགྱུར་བའི་ཚུལ་ཡང་ཉེར་སྡོགས་ཀྱི་རྟོག་དཔྱོད་ཀྱི་རྒྱུན་ལ་བསམ་པ་ཡིན་གྱི། དངོས་གཞིའི་རྟོག་དཔྱོད་ནི་འོག་སའི་ཐག་སྲིང་བར་བྱེད་པ་ཙམ་ཡིན་གྱི་སྤོང་གཉེན་དངོས་ནི་མ་ཡིན་ནོ། །དགའ་བདེ་གཉིས་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། རྟོག་དཔྱོད་ཀྱིས་འོག་སའི་ཉོན་མོངས་སྤངས་པ་ལས་སྐྱེས་པའི་ཕྱིར་རོ། །ཏིང་ངེ་འཛིན་གནས་གྱི་ཡན་ལག་ཡིན་ཏེ། དེ་ལ་བརྟེན་ནས་རྟོག་དཔྱོད་གཉེན་པོའི་ཡན་ལག་དང་དགའ་བདེ་ཕན་ཡོན་གྱི་ཡན་ལག་སྐྱེ་བའི་ཕྱིར་རོ། །གཉིས་པའི་ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་ཡིན་ཏེ། དང་པོའི་རྟོག་དཔྱོད་སྤོང་བའི་ཕྱིར་རོ། །འགྱུར་ཚུལ་སྔར་དང་འདྲ། དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་འགྱུར་ཚུལ་ཡང་སྔར་བཞིན། ཏིང་འཛིན་ཡང་སྔར་བཞིན། གསུམ་པའི་དྲན་ཤེས་བཞིན། འདུ་བྱེད་བཏང་སྙོམས་གསུམ་


JLD018_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོའི་ཡན་ལག་ཡིན་ཏེ། གཉིས་པའི་དགའ་བ་སྤོང་བའོ། །གཞན་རྣམས་སྔར་བཞིན། བཞི་པའི་དྲན་པ་ཡོངས་དག །འདུ་བྱེད་བཏང་སྙོམས་ཡོངས་དག་ནི། གཉེན་པོའི་ཡན་ལག་སྟེ། གསུམ་པའི་བདེ་བ་སྤོང་བ་ཡིན་པས་སོ། །ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་གོ། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་གོ། བསམ་གཏན་གྱི་ཡན་ལག་ལ་ཁྱད་པར་ཅི་ཡོད་ཅེ་ན། དང་པོ་གཉིས་ཀྱི་ཡན་ལག་ལ། ཏིང་ངེ་འཛིན་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་དོ། །ཐ་མ་གཉིས་ཀྱི་ཡན་ལག་ལ། ཕན་འདོགས་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་ཅེས་སོ། །བསམ་གཏན་བཞི་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཚོར་བའི་དབང་པོ་ལ་ངེས་པར་འབྱུང་བའི་དབང་དུ་བྱས་ཏེ་བཞིར་འཇོག་སྟེ། ཚོར་བ་ཡིད་མི་བདེའི་དབང་པོ་ལས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་དང་པོ་བཞག །ཚོར་བ་སྡུག་བསྔལ་གྱི་དབང་པོ་ལས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་གཉིས་པ་བཞག །ཚོར་བ་ཡིད་བདེའི་དབང་པོ་ལས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་གསུམ་པ་བཞག །ཚོར་བ་བདེ་བའི་དབང་པོ་ལས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་བསམ་གཏན་བཞི་པ་བཞག་པར། རྣམ་པར་གཏན་ལ་དབབ་པ་བསྡུ་བར་བཤད། དེ་ལྟར་བྱས་ནས་བསམ་གཏན་དང་པོའི་དགའ་བདེ་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་ཟེར། གཉིས་པའི་དགའ་བ་དང་བདེ་བ་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཞེས་ཟེར། གསུམ་པའི་


JLD018_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ལ་དགའ་བ་མེད་པའི་བདེ་བ་ཞེས་ཟེར་རོ། །དེ་ལྟར་ན་བསམ་གཏན་དང་པོའི་རྟོག་དཔྱོད་དོར་བས་བསམ་གཏན་གཉིས་པ། གཉིས་པའི་དགའ་བ་དོར་བས་བསམ་གཏན་གསུམ་པ། གསུམ་པའི་བདེ་བ་དོར་བས་བཞི་པར་བཞག་པའི་ཕྱིར། བསམ་གཏན་རྣམས་ནི་ཡན་ལག་གི་སྒོ་ནས་འོག་ས་ལས་འདའ་བ་ཞེས་བཤད། །གཟུགས་མེད་ཀྱི་དམིགས་རྣམ་དཔྱད་པ་ལ་བཞི་ལས། ནམ་མཁའ་མཐའ་ཡས་ཀྱི་དམིགས་རྣམ་ནི། བསམ་གཏན་བཞི་པ་ཐོབ་པའི་གང་ཟག་དེས་གཟུགས་ལ་རགས་པར་མཐོང་ནས་དེ་བཟློག་པའི་ཆེད་དུ་བསམ་གཏན་བཞི་པ་དེ་རགས་པ་དང་ནམ་མཁའ་མཐའ་ཡས་དེ་ཞི་བ་དང༌། འདི་དག་ནི་ནམ་མཁའ་ཙམ་མོ་ཞེས། ཞི་རགས་སུ་ཡུན་རིང་དུ་འདྲིས་པར་བྱས་པ་ལ་བརྟེན་ནས་སྔོ་སེར་སོགས་སུ་སྣང་བ་གཟུགས་ཀྱི་འདུ་ཤེས། གྱང་དང་རྩིག་པ་ལ་སོགས་པར་སྣང་བ་ཐོགས་པའི་འདུ་ཤེས། སྐྱེད་མོས་ཚལ་དང་ཆུ་ཀླུང་སོགས་སུ་སྣང་བ་སྣ་ཚོགས་པའི་འདུ་ཤེས་རྣམས་ནུབ་སྟེ་རགས་པའི་མིང་བཞིའི་ཕུང་པོ་དང་ནམ་མཁའ་ཙམ་མོ་ཞེས་དམིགས་པའི་སྙོམས་འཇུག་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་གོ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དམིགས་རྣམ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་ཐོབ་པའི་གང་ཟག་གིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་རགས་པར་མཐོང་ནས་དེ་བཟློག་པའི་ཕྱིར་དུ། ནམ་མཁའ་མཐའ་ཡས་ལ་རགས་པ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཞི་བའོ་ཞེས་ཞི་རགས་སུ་ཡུན་རིང་དུ་འདྲིས་པར་བྱས་པ་ལ་བརྟེན་ནས། ནམ་མཁའ་མཐའ་


JLD018_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཀྱི་འདུ་ཤེས་བཟློག་སྟེ་རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རང་སའི་མིང་བཞིའི་ཕུང་པོ་ལ་དམིགས་པའི་འདུ་ཤེས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་གོ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དམིགས་རྣམ་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་ཐོབ་པའི་གང་ཟག་གིས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་དེ་རགས་པར་མཐོང་ནས་དེ་བཟློག་པར་བྱ་བའི་ཕྱིར་དུ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་རགས་པ་དང་ཅི་ཡང་མེད་པའི་སྐྱེ་མཆེད་ལ་ཞི་བའོ་ཞེས་ཞི་རགས་སུ་ཡུན་རིང་དུ་འདྲིས་པར་བྱས་པ་ལ་བརྟེན་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་བཟློག་སྟེ་གཟུགས་ཅན་དང་གཟུགས་མེད་ཀྱི་དམིགས་པ་ཅིའང་མེད་དོ། །ཞེས་རགས་པའི་མིང་བཞིའི་ཕུང་པོ་ལ་དམིགས་པའི་སྙོམས་འཇུག་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་འཇུག་གོ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་དམིགས་རྣམ་ནི། ཅི་ཡང་མེད་སྐྱེ་མཆེད་ཀྱི་སྙོམས་འཇུག་ཐོབ་པའི་གང་ཟག་དེས་ཅི་ཡང་མེད་དོ་སྙམ་པའི་འདུ་ཤེས་རགས་པར་མཐོང་ནས་དེ་བཟློག་པའི་ཕྱིར་དུ། འདུ་ཤེས་གཏན་མེད་པ་ནི་ཀུན་ཏུ་རྨོངས་པའོ། །འདུ་ཤེས་རགས་པ་ནི་ནད་འབྲས་ཟུག་རྔུའོ་འདུ་ཤེས་རགས་པ་ཡོད་པའང་མ་ཡིན་ཕྲ་བ་མེད་པའང་མ་ཡིན་པ་ནི་ཞི་བའོ་གྱ་ནོམ་པའོ་ངེས་པར་འབྱུང་བའོ་ཞེས་ཞི་རགས་སུ་ཡུན་རིང་དུ་འདྲིས་པར་བྱས་པ་ལ་བརྟེན་ནས་འདུ་ཤེས་རགས་པ་ཡོད་པའང་མ་ཡིན་ཕྲ་བ་མེད་པའང་མ་ཡིན་ཞེས་རང་སའི་མིང་བཞིའི་ཕུང་པོ་ལ་དམིགས་པའི་སྙོམས་


JLD018_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྙོམས་འཇུག་གོ། དེ་ལྟར་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོར་བས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད། དེ་དོར་བ་ལ་བརྟེན་ནས་ཅི་ཡང་མེད་པའི་སྐྱེ་མཆེད། དེ་དོར་བ་ལ་བརྟེན་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་འཇོག་པའི་ཕྱིར་གཟུགས་མེད་དམིགས་པའི་སྒོ་ནས་འོག་ས་ལས་འདའ་བ་ཞེས་བྱའོ། །དེ་དག་བསྒོམས་པའི་འབྲས་བུ་བཤད་པ་ནི།སྐྱེ་བའི་བསམ་གཏན་དང༌། སྐྱེ་བའི་གཟུགས་མེད་གང་ཡིན་པ། བསམ་གཏན་གྱི་སྙོམས་འཇུག་ལ་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་དུ་བསྒོམས་པས་བསམ་གཏན་བཞིའི་སྐྱེ་བ་གསུམ་གསུམ་འགྲུབ་བོ། །དེའང་བསམ་གཏན་རྣམས་ཀྱི་བཅུད་ཀྱི་འཇིག་རྟེན་གྱི་སྐྱེས་ཐོབ་ཀྱི་ཆ་ཕལ་ཆེ་བ་སྙོམས་འཇུག་གི་བསམ་གཏན་གྱི་རྣམ་སྨིན་གྱི་འབྲས་བུ་དང༌། དེ་རྣམས་ཀྱི་སྣོད་ཀྱི་འཇིག་རྟེན་རྣམས་དེའི་བདག་འབྲས་ཡིན་པས། སྐྱེ་བའི་བསམ་གཏན་ཡིན་ནོ། །དེ་བཞིན་ཏུ་གཟུགས་མེད་ཀྱི་སྙོམས་འཇུག་རྣམས་ལ། ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་བསྒོམས་པས་གཟུགས་མེད་པའི་སྐྱེ་བ་འགྲུབ་བོ། །དེར་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྐྱེས་ཐོབ་ཀྱི་ཆ་ཕལ་ཆེ་བ་རྣམས་ནི་གཟུགས་མེད་ཀྱི་སྙོམས་འཇུག་གི་རྣམ་སྨིན་གྱི་འབྲས་བུ་ཡིན་པས། སྐྱེ་བའི་གཟུགས་མེད་དོ། །ཆུང་ངུ་འབྲིང་ཆེན་པོའི་དོན་ནི་གུས་སྦྱོར་དང་རྟག་སྦྱོར་གཉིས་ཀ་དང་མི་ལྡན་ན་ཆུང་ངུ༌། གང་རུང་དང་ལྡན་ན་འབྲིང༌། གཉིས་ཀ་དང་ལྡན་ན་ཆེན་པོའོ། །ཐོབ་པ་པོའི་རྟེན་གྱི་གང་ཟག་ནི། ཅི་ཡང་གི་སྐྱེ་མཆེད་མ་གཏོགས་པའི་གཞན་བདུན་ནི་


JLD018_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

རང་ས་དང་འོག་ས་གཉིས་ཀའི་རྟེན་ཅན་ཡིན་ལ། ཅི་ཡང་གི་སྐྱེ་མཆེད་ལ་རང་ས་དང་འོག་ས་དང་གོང་ས་གསུམ་གྱི་རྟེན་ཅན་ཡོད་དོ། །ཐོབ་པའི་རྟགས་བཤད་པ་ནི། བསམ་གཏན་རྣམས་ཀྱི་སྙོམས་འཇུག་ཐོབ་པའི་རྟགས་ནི། ལུས་ས་ལ་བྱིང་བར་སྣང་བ་ལྟ་བུའི་རྟགས། གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་པའི་རྟགས་ལ། ལུས་ནམ་མཁའ་ལ་འཕུར་བར་སྣང་བ་ལྟ་བུའི་རྟགས་འབྱུང་བར་ཉན་སར་བཤད་དོ།། །།བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྐྱེ་བཞི་དགེ་བཅུའི་གླིང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། སརྦ་མངྒལཾ། །


previousབསམ་གཟུགས་ཟིན་བྲིས།next