Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  expand section
  expand section
   
   
   
   
   
   
   
   
དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད།
   


 
previousདབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད།next

དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད།


JLD018_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད་ཅེས་བྱ་བ་བཞུགས་པའི་བེའུ་བུམ་མོ།།


JLD018_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མེད་པའི་ཞབས་ཀྱི་པདྨོ་ལ་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོས་སྐྱེ་བ་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། འདིར་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ལྟ་ཁྲིད་བསྒོམ་པའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། རྗེ་ཉིད་ཀྱིས་མཛད་པའི་བྱང་ཆུབ་ལམ་རིམ་ཆེ་ཆུང་ནས་གསུངས་པའི་བླ་མའི་རྣལ་འབྱོར་དང༌། སྐྱེས་བུ་ཆུང་འབྲིང་དང་། བྱང་ཆུབ་སེམས་སྦྱོང་སྐོར་དང༌། རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་སློབ་དང་བཅས་པ་ལྟ་ཁྲིད་ཀྱི་སྔོན་འགྲོ་ཡིན་ལ། ཁྱད་པར་དུ་གསུང་རབ་ཀྱི་གནད་ཕྱིན་ཅི་མ་ལོག་པར་མཁྱེན་པའི་མཁས་པ་ལ་བརྟེན་ནས་དྲི་མ་མེད་པའི་གཞུང་མཉན་ཏེ་ཐོས་བསམ་གྱི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་སྐྱེད་པ་ལ་སོགས་ལྷག་མཐོང་གི་རྒྱུ་ཚོགས་གསུངས་པ་རྣམས་དང༌། བདག་མེད་རྟོགས་པའི་ལྟ་བའི་ཕན་ཡོན་ཞིབ་ཏུ་བསམས་ནས་ངེས་པ་དྲག་པོ་སྐྱེས་པའི་སྟོབས་ཀྱིས་ལྟ་བ་ལ་ཚོལ་འདོད་སྐྱེས་པ་གཅིག་དང༌། དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་དཔལ་ལྡན་ཟླ་བས་བཀྲལ་བའི་རྗེས་སུ་ཞུགས་ན་ལྟ་བའི་གནད་མཐར་ཐུག་པ་རྙེད་པར་འགྱུར་བའི་ཚུལ་ལ་ངེས་པ་སྐྱེས་ནས་ལུགས་དེའི་ལྟ་བ་སྐྱོང་ཚུལ་ལ་ཤེས་འདོད་སྐྱེས་པ་གཅིག་རྣམས་ལྟ་ཁྲིད་ཀྱི་སྔོན་འགྲོའི་གཙོ་བོར་ཤེས་


JLD018_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ལ་དེ་དག་རྒྱུད་ལ་སྐྱེ་བའི་ཐབས་ལ་འབད་པར་བྱའོ། །གཉིས་པ་དངོས་གཞི་ལ། རབ་ཏུ་རྣམ་པར་འབྱེད་པ་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་སུ་གྲངས་ངེས་ཤིང༌། གོ་རིམ་ཡང་དགག་གཞི་གང་ཟག་གི་སྟེང་དུ་དགག་བྱ་གང་ཟག་གི་བདག་དང༌། དེ་རྣམ་པར་བཅད་པ་གང་ཟག་གི་བདག་མེད་པ་དང༌། དགག་གཞི་ཕུང་པོའི་སྟེང་དུ་དགག་བྱ་ཆོས་ཀྱི་བདག་དང༌། དེ་རྣམ་པར་བཅད་ཙམ་ཆོས་ཀྱི་བདག་མེད་པ་གཉིས་ལ་ཕྲ་རགས་མི་འདོད་ཀྱང༌། ངེས་དཀའ་སླ་ཡོད་པས། གང་ཟག་གི་བདག་མེད་ཐོག་མར་བསྒོམས་ནས་དེ་ནས་ཆོས་ཀྱི་བདག་མེད་བསྒོམ་པར་གོ་རིམ་ངེས་སོ། །དེས་ན་བདག་མེད་གཉིས་བསྒོམ་པའི་ཚུལ་ལ་གཉིས། གང་ཟག་གི་བདག་མེད་བསྒོམ་པ་དང༌། ཆོས་ཀྱི་བདག་མེད་བསྒོམ་པའོ། །དང་པོ་ལ་གཉིས། ང་རང་བཞིན་མེད་པར་བསྒོམ་པ་དང༌། ང་ཡི་བ་རང་བཞིན་མེད་པར་བསྒོམ་པའོ། །དང་པོ་ལ་གཉིས། མཉམ་གཞག་ནམ་མཁའ་ལྟ་བུའི་རྣལ་འབྱོར་དང༌། རྗེས་ཐོབ་སྒྱུ་མ་ལྟ་བུའི་རྣལ་འབྱོར་རོ། །དང་པོ་ལ་བཞི། ངའོ་སྙམ་པའི་བློ་ལྷན་སྐྱེས་ལ་ཁྱད་གཞི་དེའི་རྣམ་པ་ལེགས་པར་ཤར་ནས་ང་སྣང་བར་བྱེད་པའི་གནད་ཤེས་པ་དང༌། སྣང་ཚུལ་དེར་གྲུབ་ན་གཅིག་ཐ་དད་ལས་ཕུང་གསུམ་མི་སྲིད་པས་ང་དང་ངའི་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པ་ཟླ་མེད་ཀྱི་གཅིག་དང༌། རང་བཞིན་གྱིས་གྲུབ་པ་ཟླ་བཅས་ཀྱི་ཐ་དད་གང་རུང་ཞིག་ཏུ་ངེས་པ་ཁྱབ་པ་ངེས་པ་དང༌། བྱས་པ་ངེས་པ་


JLD018_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ང་དང་ངའི་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པའི་གཅིག་དང་ཐ་དད་མིན་པར་ངེས་པ་ཕྱོགས་ཆོས་ངེས་པ་དང༌། དགག་གཞི་ལ་དགག་བྱ་རྣམ་པར་བཅད་པ་རྟགས་ཀྱི་བསྒྲུབ་བྱ་ངེས་པའི་གཅིག་དང་དུ་བྲལ་གྱི་རྟགས་སོ། །དང་པོ་ནི། ངའོ་སྙམ་པའི་བློ་ལྷན་སྐྱེས་ལ་རང་དང་དུས་མཉམ་པའི་ང་ཁྱད་ཆོས་རྣམས་དང་བྲལ་བའི་ང་ཙམ་དེ་སྒྲ་སྤྱི་ཙམ་མ་ཡིན་པར་དོན་སྟེང་ནས་གྲུབ་པ་ལྟ་བུ་ཞིག་བློ་ལ་སྣང་བ་ལ་རང་བཞིན་གྱིས་གྲུབ་པར་སྣང་བ་དང༌། རང་གི་ངོ་བོས་གྲུབ་པར་སྣང་བ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་དང༌། བདེན་པར་གྲུབ་པར་སྣང་བ་ཞེས་ཟེར་རོ། །སྣང་ཚུལ་དེ་ལྟར་གྲུབ་ན་གང་ཟག་གི་བདག་དང༌། བདེན་པར་གྲུབ་པ་སོགས་སུ་འགྱུར་ཞིང༌། བློ་དེས་སྣང་ཚུལ་དེ་ལྟར་དུ་གྲུབ་པར་འཛིན་པ་བདག་འཛིན་ལྷན་སྐྱེས་སུ་འགྱུར་རོ། །བྱིས་པ་ལ་མེ་ལོང་ནང་དུ་བྱེད་བཞིན་གྱི་གཟུགས་བརྙན་སྣང་བའི་ཚེ་གཟུགས་བརྙན་གྱི་ཆ་འདི་དང་འདི་བྱེད་བཞིན་དུ་སྣང་ལ་འདི་དང་འདི་མི་སྣང་བའི་ཁྱད་པར་མེད་པར་ཐམས་ཅད་བྱེད་བཞིན་དུ་སྣང༌། དེ་བཞིན་དུ་ངའི་ཆ་འདི་དང་འདི་དོན་སྟེངས་ནས་གྲུབ་པར་སྣང་ལ་འདི་དང་འདི་དོན་སྟེངས་ནས་མ་གྲུབ་པའི་ཆ་མེད་པར་ཆ་ཐམས་ཅད་དོན་སྟེང་ནས་གྲུབ་པར་སྣང་ངོ༌། །གཟུགས་བརྙན་དང་ཁྱད་བཞིན་གཉིས་བརྡ་ལ་མ་བྱང་བ་ལ་གཅིག་ཏུ་འདྲེས་ནས་སྣང་བས་དེའི་བློས་གཟུགས་བརྙན་ལ་བྱད་བཞིན་དུ་ཞེན། ངའོ་སྙམ་པའི་བློ་ལ་དོན་སྟེང་ནས་གྲུབ་པར་སྣང་བ་དང༌། དོན་སྟེང་ནས་མ་གྲུབ་པ་གཉིས་གཅིག་ཏུ་འདྲེས་ནས་དེའི་སྣང་བ་ལ་དོན་སྟེངས་ནས་གྲུབ་པར་ཞེན་པའོ། །དེ་ཡང་ང་སྙམ་པའི་བློ་ལ་སྣང་ཚུལ་ཇི་ལྟར་འདུག་བརྟགས་པའི་ཚེ། ངར་འཛིན་ལྷན་སྐྱེས་ཀྱི་བློ་ལ་ང་སྣང་བའི་སྣང་ལུགས་དེ་ཡོར་ཡོར་བའི་རྣམ་པར་སྣང་


JLD018_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ནོག་འདུག༽གིན་འདུག་ན་བརྟག་མ་ཤེས་པ་ཡིན་ཞིང༌། ངའོ་སྙམ་པའི་བློ་དེ་ཐོལ་ཏེ་སྐྱེས་པའི་ཚེ་དེ་ཉིད་ཀྱི་དུས་ན་སྣང་ཚུལ་ངེས་པར་བྱེད་དགོས་ཀྱི། དེའི་རྗེས་སུ་རྒྱུན་ལ་ཁོའི་སྣང་ཚུལ་བརྟགས་ཀྱང་གཞན་དང་འདྲེས་ནས་མི་ངེས་པས་དེ་ངེས་པར་བྱེད་ཚུལ་ནི། ལུས་གནད་བཅོས། སྒལ་ཚིགས་དྲང་པོར་བསྲང༌། ཤེས་པ་གྲིམས་པོ་ཅང་པོ་བྱས་ནས། ངར་འཛིན་ལྷན་སྐྱེས་ཀྱི་བློ་ལ་ངའོ་སྙམ་པ་དེ་སྐྱེས་པ་ན་ཁོ་ལ་སྣང་ཚུལ་ཇི་འདྲ་འདུག་པ་ངེས་པར་བྱ་དགོས་སྙམ་པའི་ཤེས་བཞིན་གྱི་བྱ་ར་བ་དང་པོར་བཞག །དེ་ནས་ངའོ་སྙམ་པའི་བློ་སྐྱེས་མ་བྱུང་ནའང་ཆེད་དུ་གཉེར་ནས་ངའོ་སྙམ་པའི་བློ་བཅོས་ནས་ཁོ་ཐོལ་ཏེ་སྐྱེས་མ་ཐག་ཏུ་དེའི་སྣང་ཚུལ་བརྟགས་པས་ཡུལ་གཞན་དང་མ་འདྲེས་པར་ཁོ་རང་གི་སྣང་ཚུལ་ཇི་ལྟར་ཡོད་པ་ཤེས་པར་འགྱུར་རོ། །དེ་ཡང་སྣང་ཚུལ་བརྟགས་པའི་བློ་ནི་ཁོ་དང་དུས་མཉམ་ལ། སྣང་ཚུལ་ངེས་པའི་བློ་ནི་ཁོའི་སྐད་ཅིག་གཉིས་པར་འོང་བ་ཡིན་ནོ། །སྤྱིར་ངར་འཛིན་ལྷན་སྐྱེས་ཀྱི་བློ་ལ་ཕུང་པོའི་སྣང་བ་མི་འཆར་ཞིང་ཁྱད་པར་ངའོ་སྙམ་པའི་བློ་དང་དུས་མཉམ་དུའང་མི་འཆར་རོ། །འོ་ན་ཕུང་པོའི་སྣང་བ་ཁོ་ལ་འཆར་བ་འདྲ་བ་ཞིག་འོང་གི་འདུག་པ་སྙམ་ན། དེ་ཁོའི་སྔ་ལོགས་སུ་བྱུང་བ་ཡིན་གྱི་ཁོ་ལ་སྣང་བ་མ་ཡིན་ནོ། །དེ་ལྟ་ང་སྙམ་པའི་བློ་དེ་མ་ཤོར་བའི་ངང་ནས་དལ་བུས་ཟུར་ནས་བལྟས་པ་ན་ང་སྙམ་པའི་བློ་དེ་ལ་ཕུང་སོགས་གང་ཡང་མིན་པའི་སྣང་ཚུལ་ཟུར་པ་འདི་ལྟ་བུ་ཡོད་དེ། ང་སྙམ་པའི་བློ་ལ་ང་དེ་མིང་ཙམ་དུ་མི་སྣང་བར་ཚུགས་ཐུབ་ལྟ་བུ་ཞིག་སྣང་བ་དེའི་སྣང་ཚུལ་ལྟར་དུ་གྲུབ་པར་བཟུང་བས་འཁོར་བར་བཅིངས་པ་ཡིན་ནོ། །དེས་ན་ངའོ་སྙམ་པའི་བློ་ལྷན་སྐྱེས་ལ་དེའི་སྣང་ཚུལ་ཇི་ལྟར་འདུག་ལེགས་


JLD018_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་ན་དགག་བྱ་ངེས་པ་ཡིན་པས། ང་ཡི་བ་དང་ཕུང་པོ་སོགས་གཞན་གྱི་སྟེང་དུ་ཡང་རྟགས་ཆོས་དེའི་རྣམ་པ་འཆར་ཚུལ་དང་སྣང་ཚུལ་ཞེན་ཚུལ་བརྟག་པར་བྱའོ། །གཉིས་པ་ནི། སྣང་ཚུལ་དེར་གྲུབ་ན་གཅིག་ཐ་དད་ལས་ཕུང་གསུམ་མི་སྲིད་པས་ང་དང་ངའི་ཕུང་པོ་གཉིས་ངེས་པར་དོན་སྟེང་ནས་གྲུབ་པའི་གཅིག་དང༌། དོན་སྟེང་ནས་གྲུབ་པའི་ཐ་དད་དུ་འགྱུར་ཏེ། དོན་སྟེང་ནས་དེ་གཉིས་ལ་ཕུང་གསུམ་ཁེགས་པའི་ཕྱིར། ཤེས་པ་གང་ལ་ཡུལ་གང་སྣང་ཡང་ཟླ་མེད་ཀྱི་གཅིག་དང་ཟླ་བཅས་ཀྱི་ཐ་དད་དུ་སྣང་བས་ཁྱབ་སྟེ། སྣང་ཚུལ་དེ་གཉིས་ལ་ཕུང་གསུམ་མེད་པའི་ཕྱིར་རོ། །དེ་ལྟར་གཅིག་དང་ཐ་དད་དུ་མེད་པའི་ཕྱིར་བདེན་པར་མེད་པས་ཁྱབ་པའི་ཁྱབ་པ་ངེས་པའོ། །གསུམ་པ་ལ་གཉིས་ལས། དང་པོ་ང་དང་ངའི་ཕུང་པོ་གཉིས་དོན་སྟེང་ནས་གྲུབ་པའི་གཅིག་མ་ཡིན་པར་ངེས་པ་ནི། ང་དང་ཕུང་པོ་གཉིས་སྣང་ཚུལ་དེ་ལྟར་དོན་སྟེང་ནས་གྲུབ་པའི་གཅིག་ཡིན་ན། ཐ་དད་གཏན་མེད་ཀྱི་གཅིག་ཏུ་གྲུབ་དགོས། དེ་ལྟ་ན་ད་ལྟར་གྱི་ཕུང་པོ་དང་ཡང་དེ་ལྟར་འགྱུར་བས། ང་ད་ལྟར་གྱི་ལུས་སེམས་ཚོགས་ཙམ་དང་གཅིག་ཡིན་ནམ་སོ་སོ་བ་དང་གཅིག་ཡིན། ལུས་སེམས་ཚོགས་ཙམ་དང་གཅིག་ཡིན་ན། དེ་ལྟ་བུའི་ཚོགས་པ་དང་བཅས་ཏེ། ཚེ་སྔ་མ་ནས་འདིར་འོངས་པ་དང༌། འདི་ནས་ཕྱི་མར་འགྲོ་བར་ཐལ། ང་ད་ལྟར་གྱི་ལུས་སེམས་ཚོགས་ཙམ་དང་གཅིག་ཡིན་པའི་ཕྱིར། ང་ད་ལྟར་གྱི་ལུས་སེམས་སོ་སོ་བ་དང་གཅིག་ཡིན་ན། ལུས་དང་གཅིག་ཡིན་ནམ། སེམས་དང་གཅིག་ཡིན། ལུས་དང་གཅིག་ཡིན་ན། ལུས་ཀྱི་ཡན་ལག་ཚོགས་ཙམ་དང་གཅིག་ཡིན་ནམ། རེ་རེ་བ་རྣམས་དང་གཅིག་ཡིན། ལུས་ཀྱི་ཡན་ལག་ཚོགས་ཙམ་དང་གཅིག་ཡིན་ན། ལུས་


JLD018_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བྲལ་ནས་ལུས་མལ་ན་གནས་ཚེ་ང་ཡང་དེར་གནས་པ་དང༌། ལུས་མེས་བསྲེགས་ནས་རྒྱུན་ཆད་པའི་ཚེ་ང་ཡང་རྒྱུན་ཆད་པ་སོགས་སུ་ཐལ། ང་ལུས་ཀྱི་ཡན་ལག་ཚོགས་ཙམ་དང་གཅིག་ཡིན་པའི་གང་ཟག་གི་ལུས་དེ་ལྟར་གྱུར་པའི་ཕྱིར། འདོད་ན། ང་འགྲོ་བ་རིགས་དྲུག་སོགས་སུ་སྐྱེ་བ་རྒྱུན་ཆད་པར་ཐལ་ལོ། །ང་ལུས་ཀྱི་ཡན་ལག་རེ་རེ་བ་རྣམས་དང་གཅིག་ཡིན་ན། ང་རྐང་པའི་སེན་མོའི་བར་གྱི་ཆ་རེ་རེ་ནས་དང༌། མགོ་བོའི་སྐྲ་རེ་རེ་དང་ཡང་གཅིག་ཡིན་པར་ཐལ། ང་ལུས་ཀྱི་ཡན་ལག་རེ་རེ་བ་རྣམས་དང་དེ་ལྟ་བུའི་གཅིག་ཡིན་པའི་ཕྱིར།འདོད་ན། སྐྱེས་བུ་གཅིག་གི་རྐང་པའི་སེན་མོའི་བར་གྱི་ཆ་རེ་རེ་ནས་མགོ་བོའི་སྐྲ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་ང་དང་གང་ཟག་སྐྱེས་བུ་གཅིག་པོ་དེ་ལ་ཡོད་པར་ཐལ་ལོ། །ང་ད་ལྟར་གྱི་སེམས་དང་གཅིག་ཡིན་ན་རྣམ་ཤེས་ཚོགས་དྲུག་ཀ་དང་གཅིག་ཡིན་ནམ། ཡིད་ཀྱི་རྣམ་ཤེས་དང་གཅིག་ཡིན། རྣམ་ཤེས་ཚོགས་དྲུག་ཀ་དང་གཅིག་ཡིན་ན་སྐྱེས་བུ་གཅིག་གི་རྒྱུད་ལ་ཚོགས་དྲུག་ཅིག་ཅར་སྐྱེས་པའི་ཚེ་གང་ཟག་དེ་རྒྱུད་ཐ་དད་པ་དྲུག་ཏུ་ཐལ། རྣམ་ཤེས་ཚོགས་དྲུག་ཀ་དང་གཅིག་ཡིན་པའི་ཕྱིར། ང་ཡིད་ཀྱི་རྣམ་ཤེས་དང་གཅིག་ཡིན་ན། འདུ་ཤེས་མེད་པའི་སྙོམས་འཇུག་ལ་གནས་པ་དང་ང་བརྒྱལ་བའི་ཚེ་ང་རྒྱུན་ཆད་པར་ཐལ། དེའི་ཚེ་ཡིད་ཀྱི་རྣམ་ཤེས་རྒྱུན་ཆད་པའི་ཕྱིར། ཡིད་ཀྱི་རྣམ་ཤེས་ཀྱི་མགོ་དང་ལག་པ་ན་བ་སོགས་ཀྱང་ཡོད་པར་ཐལ་ལོ། །དེས་ན་ང་དང་ཕུང་པོ་གཉིས་སྣང་ཚུལ་དེ་ལྟར་དུ་གྲུབ་པའི་གཅིག་མ་ཡིན་པར་ངེས་སོ། །གཉིས་པར་ང་དང་ངའི་ཕུང་པོ་གཉིས་ངེས་པར་དོན་སྟེང་ནས་གྲུབ་པའི་ཐ་དད་མ་ཡིན་པར་ངེས་པ་ནི། ང་དང་ཕུང་པོ་གཉིས་ངེས་པར་དོན་སྟེང་ནས་གྲུབ་པའི་ཐ་དད་ཡིན་


JLD018_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

ན་འབྲེལ་མེད་སོ་སོ་བར་འགྱུར་བས། ཕུང་པོ་བླང་བྱ་དང་ང་ལེན་པ་པོར་མི་འཐད་ལ། མིག་གིས་གཟུགས་མཐོང་བ་ལ་ངས་མཐོང་བ་དང༌། ལག་པ་ན་བ་ལ་ང་ན་བ་སོགས་ཀྱི་ཐ་སྙད་མི་འཐད་པར་ཐལ། ང་དང་ཕུང་པོ་གཉིས་འབྲེལ་མེད་སོ་སོ་བར་འདུག་པའི་ཕྱིར། ཐ་དད་ཀྱང་མ་ཡིན་པར་ངེས་པ་ནི། ཕྱོགས་ཆོས་ངེས་པའོ། །ཡང་ང་དེ་རྟག་མི་རྟག །རྟག་ན། སྐྱེ་ཤི་རྒྱུན་ཆད་ལ། མི་རྟག་ན། ངའི་ཆ་ཤས་རྣམས་དང་གཅིག་གམ་ཐ་དད། གཅིག་ན། ང་སྐྱེས་ཙམ་ན་སྨྲ་མི་ཤེས་པ་བཞིན་ང་རྒས་ནས་ཀྱང་སྨྲ་མི་ཤེས་པ་དང༌། ཕྱིས་རབ་ཏུ་བྱུང་ན་སྐྱེས་ཙམ་ནས་རབ་ཏུ་བྱུང་བ་དང༌། ང་སྨྲ་བ་ན་སྐྱེས་ཙམ་ན་སྨྲ་བ་སོགས་སུ་ཐལ། ཆ་ཤས་རྣམས་དང་སྣང་ཚུལ་དེ་ལྟར་དུ་གྲུབ་པའི་གཅིག་ཡིན་པའི་ཕྱིར། ཐ་དད་ན། ང་སྐྱེ་བ་རྟེན་པ་དང་འདས་པ་དྲན་པ་མ་ཡིན་པ་འཐད་པར་ཐལ་བ་དང༌། ལས་གསོག་པ་པོའི་ང་དང་རྣམ་སྨིན་མྱོང་བ་པོའི་ང་གཉིས་ཀྱང་འབྲེལ་མེད་སོ་སོ་བར་ཐལ། ངའི་ཆ་ཤས་རྣམས་དང་སྣང་ཚུལ་དེ་ལྟར་དུ་གྲུབ་པའི་ཐ་དད་ཡིན་པའི་ཕྱིར། དེ་ལྟར་འབྲེལ་མེད་སོ་སོ་བར་འགྱུར་བ་སྔར་ལྟར་རོ། །དེ་ཡང་སྔར་བཤད་པའི་རང་རྒྱུད་ལ་བརྟགས་ཏེ་གང་ཟག་གི་བདག་ཏུ་འཛིན་ལུགས་ངོས་ཟིན་པར་བྱ་བ་དང༌། གང་ཟག་རང་བཞིན་གྱིས་གྲུབ་ན་ཕུང་པོ་དང་ངོ་བོ་གཅིག་དང་ཐ་དད་གང་རུང་དུ་གྲུབ་དགོས་ཀྱི། དེ་གཉིས་ལས་གཞན་དུ་གྲུབ་ཐབས་མེད་པར་ཐག་བཅད་པ་དང༌། གང་ཟག་དང་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པའི་ངོ་བོ་གཅིག་ཡིན་པ་ལ་གནོད་པ་མཐོང་བ་དང༌། གང་ཟག་དང་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་པ་ལ་གནོད་བྱེད་ལེགས་པར་མཐོང་བ་སྟེ་གང་ཟག་གི་བདག་མེད་བསྒོམ་པའི་གནད་བཞི་ཚང་ན་དེ་ནས་གང་ཟག་གི་བདག་མེད་པའི་དེ་ཁོ་ན་ཉིད་


JLD018_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ལྟ་བ་རྣམ་དག་སྐྱེའོ། །བཞི་པ་དགག་གཞི་ལ་དགག་བྱ་རྣམ་པར་བཅད་པ་རྟགས་ཀྱི་བསྒྲུབ་བྱ་ངས་པའི་གཅིག་དང་དུ་བྲལ་གྱི་རྟགས་ནི། གནད་དེ་རྣམས་ལ་བརྟེན་ནས་འཛིན་ཚུལ་དང་སྣང་ཚུལ་དེ་ལྟར་གྲུབ་པ་ཅུང་ཟད་ཀྱང་མི་འདུག །ཡེ་མི་འདུག་སྙམ་དུ་ངེས་པ་ནི། སྐྱང་རྒྱུའི་ལྟ་བ་ངེས་པ་དང་གོ་བ་ཡིན་ལ། དེ་སྐྱོང་ཚུལ་ཡང་ངེས་པའི་གནད། འཛིན་པའི་གནད། སྣང་བའི་གནད་གསུམ་དང་ལྡན་པས་ང་འཛིན་ཚུལ་དང་སྣང་ཚུལ་དེ་ལྟར་གྲུབ་པ་གཏན་ནས་མི་འདུག་སྙམ་པའི་ངེས་ཤེས་ལྷང་བ་ཞིག་སྐྱེས་པའི་རྒྱུན་ལ་ངེས་པ་དྲག་པོ་ཐེངས་ཁ་ཡར་རེ་འདྲེན་ནོ། །ཡང་དེ་ལྟར་བྱའོ། །ཕྱི་མ་རྣམས་ལ་དཔྱད་པ་ཤུགས་ཆུང་བ་རེ་བྱེད། ངེས་ཤེས་དྲག་པོ་བརྒྱུད་མར་བྱ། འདི་ལྟར་གཅིག་དང་ཐ་དད་ཀྱི་དཔྱད་པ་བྱེད་པ་ནས་དཔྱད་དོན་མ་ངེས་ཀྱི་བར་ལ་ཡང་རྟོགས་པ་རིགས་མི་མཐུན་གྱིས་བར་མ་བཅད་པའི་དྲན་ཤེས་དང༌། དཔྱད་དོན་ངེས་པའི་ངེས་ཤེས་བརྒྱུད་པ་མ་གཏོགས་པ་རྟོག་པ་གཞན་གྱིས་བར་མ་ཆོད་པའི་དྲན་ཤེས་བསྟེན་པ་དང༌། བྱིང་རྒོད་འགོག་ཚུལ་སོགས་ཞི་གནས་ཀྱི་སྐབས་ལྟར་བྱའོ། །དེ་ལྟར་བསྒོམས་པས་ཡུལ་ཅན་དེ་ཡུལ་སྟོང་ཉིད་དེའི་དབང་དུ་སོང་བ་ལྟ་བུ་དང༌། ཡུལ་ཅན་དེའི་ཤེས་རབ་དེའི་ངང་དུ་སྐྱེས་པ་ལྟ་བུ་འབྱུང་ངོ༌། །གཉིས་པ་རྗེས་ཐོབ་སྒྱུ་མ་ལྟ་བུའི་རྣལ་འབྱོར་ནི། མིང་ཙམ་དང༌། བཏགས་པ་ཙམ་དང༌། སྒྱུ་མ་ལྟ་བུ་གསུམ་གྱིས་ཤེས་པར་བྱའོ། །དང་པོ་ནི། ངའོ་སྙམ་པའི་བློས་བཟུང་བ་རང་གི་དོན་དེ་དེ་ལྟར་དུ་གྲུབ་པ་བཀག་པའི་རྗེས་སུ་ང་ཞེས་པའི་མིང་ཙམ་དེ་ལས་མ་ལུས། དེ་རི་བོང་གི་རྭ་ཞེས་པའི་མིང་སྐམ་པོ་དེ་དང་མཚུངས་སོ་སྙམ་ན། མིང་ཙམ་དེར་མཚུངས་ཀྱང་དོན་བྱེད་ནུས་མི་ནུས་ཀྱི་ཁྱད་པར་ཡོད་དོ། །མིང་རྐྱང་


JLD018_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་སུ་མ་བརྟགས་མ་དཔྱད་པར་ཞུགས་པ་ན། ང་འགྲོ་ཞེས་ལམ་མེ་ལམ་མེ་འགྲོ། ང་སྡོད་ཅེས་ཁྱིལ་གྱིས་སྡོད། དེ་བཞིན་དུ་ང་དགེ་བ་བསྒྲུབ། སྡིག་པ་བཤགས་པ་སོགས་འཐད་པ་ནི། མིང་རྐྱང་ལ་བྱ་བྱེད་འཐད་པ་ཡིན་ནོ། །དེ་བཞིན་དུ་བརྡ་དང་ཐ་སྙད་ཙམ་ལའང་ཤེས་པར་བྱ་ཞིང་ཀུན་ལ་སྦྱར་རོ། །གཉིས་པ་ནི། ནོག་སོགས་འདུས་པ་མཐོང་བ་ན། བ་ལང་སྙམ་པའི་བློ་སྐྱེ་ལ། ཁྱིའི་བློ་མི་སྐྱེ་པ་ནི། གདགས་གཞི་དེ་ལ་དེ་ལྟར་བཏགས་མ་བཏགས་ཀྱི་ཁྱད་པར་ཡིན་པ་དེ་བཞིན་དུ། གདགས་གཞི་ཕུང་པོའི་ཚོགས་པ་དང་ཡ་གྱལ་གང་རུང་མཐོང་བ་ན། ངའོ་སྙམ་པའི་བློ་སྐྱེ་བ་ཡང༌གདགས་གཞི་དེ་ལ་ང་དང་ངའི་འོ་ཞེས་བཏགས་པས་སོ། །དེ་ལྟར་ཆོས་ཀུན་ལ་ཤེས་པར་བྱའོ། །སུས་བཏགས་ན་རྟོག་པས་བཏགས། དེའི་རྒྱུ་མཚན་གྱིས་རང་བཞིན་གྱིས་མ་གྲུབ། ཀུན་རྫོབ་མིང་རྐྱང་ཙམ་དུ་གྲུབ་པ་ཡིན་ནོ། །གསུམ་པ་ནི། སྒྱུ་མ་ནི་རྣལ་འབྱོར་དེ་བསྒོམ་པའི་དཔེར་མཛད་དེ། དེ་ཡང་སྒྱུ་མ་མཁན་རང་ལ་སྒྱུ་མའི་སྣང་བ་ཡོད་ཀྱང་ཞན་པ་མེད་པ་ལྟར་རོ། །དེ་ལྟར་བསྒོམ་པར་བྱ་བ་ལ་གཉིས་ལས། མྱོང་སྟོབས་ཀྱིས་བསྒོམ་པ་ནི། མཉམ་གཞག་ནུས་པ་མཐུ་ཅན་དུ་གྱུར་པའི་སྟོབས་ཀྱིས་དྲན་ཤེས་ལ་མི་ལྟོས་པར་སྣང་ཙམ་ནས་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པར་ངེས་པའི་རྒྱུན་སྒྱུ་མ་ལྟ་བུ་བསྒོམ་མོ། །ལྟ་བའི་ངེས་པ་མད་པར་གང་སྣང་བུན་ལོང་གཏད་མེད་དུ་འཆར་བ་སེམས་གནས་ཀྱི་མཐུ་ལའང་འབྱུང་བས་སྒྱུ་མ་ལྟ་བུ་བསྒོམ་པར་མི་རུང༌། གཉིས་པ་དྲན་ཤེས་ཀྱིས་བསྒོམ་པ་ནི། དྲན་ཤེས་ཀྱིས་བཟུང་སྟེ། ངའོ་སྙམ་པའི་བློ་ལ་ང་རང་བཞིན་གྱིས་གྲུབ་པར་སྣང་ཡང་ང་སྣང་ཙམ་ནས་རང་བཞིན་ཅུང་ཟད་ཀྱང་མེད་པའི་ངེས་པ་དྲངས་ཏེ་བསྒོམ་པར་བྱའོ། །དེ་ཡང་བློ་དེ་ལ་ང་རང་བཞིན་གྱིས་གྲུབ་པ་དང༌།


JLD018_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

ང་རང་བཞིན་མེད་པ་གཉིས་ཅིག་ཅར་དུ་སྣང་བ་ཡང་མི་སྲིད་ལ། དེ་གཉིས་སོ་སོར་ངེས་པའི་རྟོག་པ་གཉིས་གང་ཟག་གཅིག་ལ་དུས་གཅིག་ཀྱང་མི་འབྱུང་བས། ཤེས་པ་གཞན་གྱིས་བར་མ་ཆོད་པར་ངེས་པ་བརྟེན་ནོ། །འདི་ནི་ད་ལྟར་གྱི་སྐྱེ་བོས་གང་ཟག་གི་བདག་མེད་བསྒོམ་པའི་ཐབས་དངོས་སོ། །དེ་བཞིན་དུ་གཞན་ལའང་ཤེས་པར་གྱིས་ཤིག །གཉིས་པ་ང་ཡི་བ་རང་བཞིན་མེད་པར་བསྒོམ་པ་ལ་གཉིས། མཉམ་གཞག་ཏུ་བསྒོམ་པ་དང༌། རྗེས་ཐོབ་ཏུ་བསྒོམ་པའོ། །དང་པོ་ནི། མིག་སྣ་སོགས་ང་ཡི་བའི་གདགས་བཞི་ཡིན་ལ། ངའོ་སྙམ་པ་དང༌། བདག་གིའོ་སྙམ་པའི་བློ་ལ་དབང་བསྒྱུར་བྱ་ལྟ་བུར་སྣང་ལ། བློ་དེས་བཟུང་ས་རང་དེའི་དོན་སྟེངས་ནས་གྲུབ་ན་ང་ཡི་བ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན། དེ་ཞེན་དོན་དུ་བྱས་ནས་ངའི་འོ་སྙམ་དུ་འཛིན་པ་བདག་འཛིན་ལྷན་སྐྱེས་གང་ཟག་གི་བདག་དེར་འཛིན་གྱི་ཁོངས་སུ་བསྡུར་རུང་བ་ཡིན་ནོ། །དབང་བསྒྱུར་བྱ་དེ་དོན་སྟེང་ནས་གྲུབ་ན། བསྐྱུར་བ་པོ་གང་ཟག་ཀྱང་དོན་སྟེངས་ནས་གྲུབ་དགོས་པ་ལ། དེ་སྔར་བཤད་པའི་རིགས་པས་ཅུང་ཟད་ཀྱང་མ་གྲུབ་པར་རྟོགས་པས་བདག་གི་བ་ལ་རང་བཞིན་ཅུང་ཟད་ཀྱང་མེད་པར་རྟོགས་པ་ནི། གང་ཟག་གི་བདག་མེད་ཀྱི་ཕྱོགས་སུ་གཏོགས་པ་བསྒོམ་རྒྱུའི་ལྟ་བ་ཡིན་ལ། བསྒོམ་ཚུལ་དང་དྲན་ཤེས་བསྟེན་ཚུལ་སྔར་ལྟར་རོ། །གཉིས་པ་རྗེས་ཐོབ་ཏུ་བསྒོམ་པ་ནི། མིང་ཙམ་དང་བཏགས་པ་ཙམ་དང་སྒྱུ་མ་ལྟ་བུར་བསྒོམ་པ་སྟེ། དེ་ཡང་སྔར་གྱི་རིགས་པ་ཁ་སྤོས་ལ་བྱའོ། །སྔར་བཤད་པའི་རིགས་པ་དེས་དམྱལ་བ་ནས་སངས་རྒྱས་ཀྱི་བར་གྱི་གང་ཟག་དང༌། དེའི་བདག་གི་བ་ཐམས་ཅད་གདགས་གཞི་གང་ཡིན་པ་དེ་དང་ངོ་བོ་གཅིག་ཡིན་པ་དང༌། ངོ་བོ་ཐ་དད་པར་རང་བཞིན་གྱིས་གྲུབ་པ་


JLD018_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་གང་ཟག་གི་བདག་མེད་དང༌། བདག་གི་བ་ཐམས་ཅད་ཀྱང་རང་བཞིན་གྱིས་མེད་པར་འགྲུབ་ཚུལ་ཤེས་པར་བྱའོ། །གཉིས་པ་ཆོས་ཀྱི་བདག་མེད་བསྒོམ་པ་ལ་གཉིས། མཉམ་གཞག་ཏུ་བསྒོམ་པ་དང༌། རྗེས་ཐོབ་ཏུ་བསྒོམ་པའོ། །དང་པོ་ནི། རང་རྒྱུད་ཀྱིས་བསྡུས་པ་དང༌། མ་བསྡུས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཆོས་ཡིན་ཞིང༌། དེ་རྣམས་དོན་སྟེང་ནས་གྲུབ་པ་ལྟ་བུ་ཞིག་སྣང་ལ། སྣང་བ་ལྟར་གྲུབ་པ་དང་ཞེན་པ་ཆོས་ཀྱི་བདག་དང་བདག་འཛིན་ཡིན་ཞིང༌། དེ་ལྟར་དུ་མ་གྲུབ་པ་ཆོས་ཀྱི་བདག་མེད་ཡིན་ནོ། །དེ་གཏན་ལ་འབེབས་པ་ནི། གཟུགས་ཅན་རྣམས་རང་གི་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆ་རྣམས་དང་ཆ་ཅན་དང༌། ཤེས་པ་རང་གི་སྔ་ཕྱི་ལ་སོགས་དུས་ཀྱི་ཆ་དང་ཆ་ཅན་གཉིས་དོན་སྟེང་ནས་གྲུབ་པའི་གཅིག་དང་ཐ་དད་གང་རུང་དུ་གྲུབ་བརྟགས་ནས་སྔར་བཞིན་འགོག་པ་དང༌། ཆོས་དང་གང་ཟག་ཀྱང་རང་གི་གདགས་གཞིའི་ཚོགས་པ་ལ་བརྟེན་ནས་བཏགས་པ་ཡིན་ལ། བརྟེན་ནས་སྐྱེས་པ་དང༌། བརྟེན་ནས་བཏགས་པ་ཡིན་ན། གང་ལ་བརྟེན་པ་དེ་དང༌། ངོ་བོ་ཉིད་ཀྱིས་གྲུབ་པའི་གཅིག་ཏུ་མེད་དེ། གཅིག་ཏུ་ཡོད་ན་བྱ་བྱེད་ཐམས་ཅད་གཅིག་ཏུ་འགྱུར་ལ།དེ་གཉིས་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་དུ་མེད་དེ། དེར་ཡོད་ན་འབྲེལ་བ་ཁེགས་པས་དེ་ལ་ལྟོས་པ་འགལ་བའི་ཕྱིར་རོ། །འདི་དང་སྔ་མའི་རིགས་པས་རང་བཞིན་ཅུང་ཟད་ཀྱང་མེད་པར་ངེས་པ་དེ་སྔར་ལྟར་དྲན་ཤེས་བསྟེན་ནས་བསྒོམ་མོ། །དེ་ཡང་གང་ཟག་དང་ཆོས་གང་ཡིན་ཡང་ཡུལ་སྟེངས་ནས་གྲུབ་ཚུལ་ཇི་ལྟར་འདུག་དོན་དམ་གཅོད་པའི་རིགས་པ་ཡང་དག་གིས་བཙལ་བ་ན་མཐར་གང་དུ་ཡང་མ་གྲུབ་པའི་ཡུལ་སྟེང་ན་རྙེད་རྒྱུ་ཅུང་ཟད་ཀྱང་མེད་པའི་ངེས་པ་


JLD018_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

ལྷང་གིས་སྐྱེས་པ་དེ་གའི་རྒྱུན་སྐྱོང་བ་ཡིན་ནོ། །གཉིས་པ་རྗེས་ཐོབ་ཏུ་བསྒོམ་པ་ནི། གང་ཟག་གི་བདག་མེད་ཀྱི་སྐབས་སུ་བཤད་པ་བཞིན་སྒྱུ་མ་ལྟ་བུའི་རྗེས་ཐོབ་ཀྱི་བསྒོམ་ཚུལ་བྱ་སྟེ། དེ་ཡང་ཡོད་ཙམ་དུ་གྲུབ་ཀྱང་བདེན་པ་ཁེགས་པ་དོན་དམ་པ་ལ་སྒྱུ་མ་ལྟ་བུར་བྱས་པ་དང༌། སྟོང་བཞིན་དུ་སྣང་བའི་སྣང་བ་སྒྱུ་མ་ལྟ་བུ་གཉིས་ལས་འདིར་ནི་ཕྱི་མ་བསྒོམ་བྱ་ཡིན་ནོ། །རྟོག་པ་ལ་དྲན་པ་སྐྱོང་ཚུལ་ལྟར། ད་ལྟར་གྱི་གང་ཟག་གིས་དབང་ཤེས་ལ་དེ་ལྟར་བསྒོམ་པ་ནི། དབང་ཤེས་ཡུལ་ལ་འཇུག་པ་ན་དྲན་ཤེས་ཀྱིས་དེ་ལྟར་བཟུང་སྟེ། དབང་ཤེས་ལ་ཡུལ་སྣང་བ་དང༌། ཡིད་ཤེས་ཀྱི་རང་བཞིན་ཅུང་ཟད་ཀྱང་མེད་པར་ངེས་པའི་ངེས་ཤེས་གཅིག་ཏུ་དྲངས་ལ། སྣང་བཞིན་དུ་སྟོང་བ་དང༌། སྟོང་བཞིན་དུ་སྣང་བའི་སྒྱུ་མ་ལྟ་བུར་འཆར་བ་ལ་བསླབ་པར་བྱའོ། །གཞན་ཡང་བརྟེན་ནས་བཏགས་པ་དང༌། བརྟེན་ནས་གྲུབ་པ་དང༌། བརྟེན་ནས་སྐྱེས་པའི་ཚུལ་ལ་ངེས་ཤེས་བརྟན་པོ་འདྲེན་ནོ། །དེ་ལྟ་བུའི་མཉམ་རྗེས་ཀྱི་རྒྱུན་གོམས་པ་རེ་ཆེར་སོང་ནས་རྗེས་ཐོབ་ཏུ་ལྟ་བ་དྲན་ཙམ་གྱིས་གང་སྣང་སྒྱུ་མ་ལྟ་བུར་འཆར་བར་འགྱུར་རོ། །གསུམ་པ་རྗེས་ནི། ཐུན་གྱི་མཇུག་ཏུ། བསགས་པའི་དགེ་བ་རྣམས་བཟང་པོ་སྤྱོད་པ་དང༌། སྨོན་ལམ་བདུན་ཅུ་པ་ལ་སོགས་པའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོ་བར་བྱའོ། །སོ་སོ་སྐྱེ་བོ་ཞི་གནས་མ་གྲུབ་པ་རྣམས་ཀྱིས་དབུ་མའི་ལྟ་བ་སྐྱོང་ཚུལ་ཤིན་ཏུ་ཟབ་པ་འདི་ནི། རྗེ་རིན་པོ་ཆེ་ཡབ་སྲས་ཀྱི་དགོངས་པ་ལྟར་དགེ་ལེགས་དཔལ་བཟང་པོས་ཟིན་བྲིས་སུ་བྱས་པའོ། །བཀྲ་ཤིས། །


previousདབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད།next