Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  expand section
  expand section
   
   
   
   
   
   
   
   
   
འཇམ་མགོན་ཆོས་ཀྱི་རྒྱལ་པོ་དཔལ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་ཡིད་བཞིན་ནོར་བུའི་དཀར་ཆག་ངོ་མཚར་ལྷའི་རྔ་བོ་ཆེའི་སྒྲ་དབྱངས།


 
previousའཇམ་མགོན་ཆོས་ཀྱི་རྒྱལ་པོ་དཔལ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་ཡིད་བཞིན་ནོར་བུའི་དཀར་ཆག་ངོ་མཚར་ལྷའི་རྔ་བོ་ཆེའི་སྒྲ་དབྱངས། no next

འཇམ་མགོན་ཆོས་ཀྱི་རྒྱལ་པོ་དཔལ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་ཡིད་བཞིན་ནོར་བུའི་དཀར་ཆག་ངོ་མཚར་ལྷའི་རྔ་བོ་ཆེའི་སྒྲ་དབྱངས།


JLD018_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་སྨ་ཡྻདེབདུནྡུབྷིཤབྡབྷོཥནཱམམཛྙུནཱཐདྷརྨརཱཛཤྲཱིཛལམཧཱསུགནྡྷིམུཁལཀྵབཀྟཙིཏྟཱམཎིབརྞྞབིཧརྟིསྨ།
འཇམ་མགོན་ཆོས་ཀྱི་རྒྱལ་པོ་དཔལ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་ཡིད་བཞིན་ནོར་བུའི་དཀར་ཆག་ངོ་མཚར་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།
ཐུབ་པའི་རྒྱལ་ཚབ་ལུང་རྟོགས་བསྟན་ཡི། །གསལ་བྱེད་ཀུན་མཁྱེན་ཆོས་ཀྱི་རྒྱ་མཚོ་མཛོད། །


JLD018_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾག་མཱ་ནཱཾཏྲིལོཀོགུརུཛྙཱནཡོཿཙཱཡརཱུཔཉྫིཏཱབྱཾཛཡཱནཱཾཡསཱ།
ཁམགས་གསུམ་འགྲོ་འབི་བླ་མ་རྒྱལ་ཀུན་གྱི། །ཡེ་ཤེས་འདུས་གཟུགས་གང་དེ་རྒྱལ་གྱུར་ཅིག །


JLD018_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་བཟང་སྒྲོན་མེ་སྟོང་རྩའི་དབུས་ནས་ཐུགས་བསྐྱེད་དམ་བཅའ་ཕུལ་བྱུང་བས། འདྲེན་པ་ཀུན་གྱིས་པད་དཀར་ལྟར་བསྔགས་རྩོད་དུས་གདུལ་བྱའི་མགོན་མཛད་པ། བྲལ་སྨིན་ཡོན་ཏན་རྒྱ་མཚོའི་མངའ་བདག་སྤངས་རྟོགས་མཐར་ཕྱིན་བཅོམ་ལྡན་འདས། མཉམ་མེད་སྟོང་མཆོག་ཐུབ་དབང་ཞབས་ལ་སྒོ་གསུམ་གུས་པས་ཕྱག་བརྒྱུའོ། ཤེས་དང་ཤེས་བྱ་ཀུན་གྱི་དེ་བཞིན་ཉིད། ཡེ་ཤེས་སེམས་དཔའི་ངོ་བོར་བརྗིད་ཆགས་པ། སྐུ་གསུམ་ལྷུན་འགྲུབ་རྒྱལ་བ་མ་ལུས་པའི། ཡབ་གྱུར་འཇམ་དཔལ་དཔའ་བོར་གུས་ཕྱག་འཚལ། །བདེ་གཤེགས་ཆོས་ཀྱི་ལ་མངླ་ཐམས་ཅད་མཁྱེན། །སྲིད་ཞིའི་དཔལ་གཅིག་གྱུར་ཐུགས་རྗེའི་བདག །མཚུངས་མེད་རྒྱལ་བློ་བཟང་གྲགས་པ་ཡི། །ཞབས་པད་སྤྱི་བོའི་རྒྱན་དུ་རྟག་པར་བསྙེན། །དེ་ཡི་ཏིང་ལུགས་དྲི་མ་མེད་པ་ལ། །བདག་ནི་མི་ཕྱེད་པ་ཡི་དད་པ་ཡོད། །དེ་ཕྱིར་སྐྱེ་བ་ཀུན་ཏུ་མགོན་ཁྱོད་ཀྱི། །རྗེས་སུ་ཞུགས་པར་སྨོན་ནོ་ཐུགས་རྗེས་ཟུངས། །གང་གི་མགྲིན་པ་རོལ་མཚོའི་ཀློང་ནས་འཕོས་པ་ཡི། གསུང་རབ་རིན་ཆེན་ཕྲེང་བའི་ཚོགས་ནི་དོན་གཉིས་ཀྱི། །འདོད་རྒུ་ཅི་དགར་འཇོ་བའི་ཕུང་བྱུང་གངས་ལྗོངས་ན། །ཐེག་གསུམ་ཆོས་ཀྱི་འཁོར་ལོའི་གཞི་གཅིག་བུར་གྲུབ། །ཐུན་མོང་གདུལ་བྱར་གང་སྔགས་ཀྱི། །ཟབ་དོན་མཛོད་གྱུར་བཀའ་རྣམས་དེང་སྐབས་ཀྱང་། །ཆོས་གཏེར་གསར་དུ་བསྐྲུན་པ་ལས་བརྩམས་ཏེ། །ངོ་མཚར་གཏམ་གྱི་སྦྱོར་བ་ཅང་ཟད་བགྱིད། །ཅེས་བརྗོད་ནས། འདིར་རྣམས་འདྲེན་བཞི་པ་སྟོན་མཆོག་ཐུག་པའི་དབང་པོ་དང་གཉིས་སུ་མ་མཆིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ཙོང་ཁ་པ་ཆེན་པོའི་གསུང་རབ་རིན་པ་ཆེ་རྨད་དུ་བྱུང་བ་གང་


JLD018_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

དག་དེང་གི་སྐབས་ཀྱང་ཆོས་སྦྱིང་མི་ཟད་པའི་གཏེར་གསར་དུ་བསྐྲུན་པ་ལས་བརྩམས་ཏེ་ཅུང་ཟད་གཏམ་དུ་བྱ་བ་ལ་གསུམ། བསྟན་བཅོས་མཛད་པ་པོའི་ཆེ་བ་ཅུང་ཟད་གེང་། དེས་མཛད་པའི་བསྟན་བཅོས་ཀྱི་རྣམ་གཞར་ཟུར་ཙམ་སྨོས། སྐབས་དོན་དེ་ཉིད་སྤར་དུ་ཇི་ལྟར་བསྒྲུབ་ཚལ་ལོ། དེ་ལ་དང་པོ་ནི། བདེ་བར་གཤེགས་པ་ཆིས་ཀྱི་དབང་ཕྱུག་ཏུ་གྱུར་པ་འདྲེང་པ་ཆེན་པོ་རྣམས་རང་དོན་དུ་བྱང་ཆུབ་ཀྱི་མངོན་རྟོགས་མཐར་ཕྱིན། གཞན་དོན་དུ་ཡེ་ཤེས་ཆེན་པོའི་སྤྱོད་པ་རྒྱུན་མི་འཆད་པ་ལ་མངའ་དབང་བསྒྱུར་བའི་བདག་ཉིད་བླ་ན་མེད་པའི་ཕུལ་དུ་གྲུབ་པ་ཅན་ཞིག་སྟེ། སངས་རྒྱས་ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་། སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། བྱང་ཆུབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། ཞེས་གསུངས་པ་ལྟར་རོ། དེས་ན་བདག་ཆེན་པོ་འདི་ཡང་ཐོག་མེ་མེད་པའི་དུས་ནས་ཁྱད་ཆོས་བཞི་དང་ལྡན་པ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་ཅིང་། ངེས་པ་ལྔ་དང་ལྡན་པ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཀྱི་སྤྲིན་རྒྱ་མཚོ་བཀོད་ནས། འགྲོ་བ་འཁྲུལ་བའི་གཞན་དབང་དུ་གྱུར་པ་རྣམས་གང་འདུལ་སྤྲུལ་པའི་རོལ་པ་རྣམས་པ་སྣ་ཚོགས་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་དབུགས་དབྱུང་བའི་ཆོ་འཕྲུལ་སྐད་ཅིག་རེར་ཡང་ཞིང་གི་རྡུལ་སྙེད་དུ་རྒྱུན་པའི་འཁོར་ལོར་སྤྲོ་བའི་བྱེད་པོར་ཕྱོགས་བཅུ་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་མངའ་ཐང་མཉམ་པ་ཉིད་དུ་གྱུར་པ་ཞིག་ཡིན་ཏེ། བློ་བཟང་གྲགས་པ་འདི་ཉིད་ནི། སངས་རྒྱས་ཀུན་གྱི་སྤྲུལ་པ་སྟེ། ཞེས་པ་ལ་སོགས་པའི་ལུང་གི་གསལ་


JLD018_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་ནོ། དེ་ལྟ་བུའི་རང་བཞིན་ཅན་གང་གི་རྣམ་པར་ཐར་བ་ནི་བསམ་གྱིས་མི་ཁྱབ་པའི་གཤིས་ལུགས་ཡིན་པའི་ཕྱིར། ཡབ་སྲས་མཇལ་བའི་མད་ལས། བྱ་ལམ་ནམ་མཁར་དཔག་པར་ནུས་ཀྱང་སྲིད། རྒྱ་མཚོ་བུམ་པས་འཇལ་དུ་རུང་བ་ཡང་སྲིད། །རི་རབ་སྲང་ལ་འཇམ་ཡང་རུང་དུ་སྲིད། སངས་རྒྱས་ཡོན་ཏན་མཐར་རྟོགས་མི་ནུས་སོ། །ཞེས་གསུངས་པ་ལྟར་འཕགས་པའི་བློས་ཀྱང་མཐའ་འགོག་པར་ནུས་པ་མ་ཡིན་ནམ་རིག་པའི་ལིང་རྟོག་གིས་ཤེས་རབ་ཀྱི་མིག་ལྡོངས་པ་འགྲོ་བ་འཁྲུལ་བའི་རྒྱ་མཚོར་བྱིང་བ་རྣམས་ཀྱིས་ནི་སྒྲ་རྟེ་རྡུལ་ཕན་དུ་བཤིགས་པའི་ཆ་ཤས་ཙམ་ཡང་མཐོང་བ་ལྟ་ཅི་སྨོས་ཏེ། སྲིད་པའི་གནས་ཅན་དད་པ་ཆུང་བ་ཡིས། སངས་རྒྱས་བྱང་ཆུབ་ཤེས་པར་མི་ནུས་སོ། ཞེས་པ་ལྟར་རོ། འོན་ཀྱང་བུ་གའི་ཁམས་ཀྱི་ནམ་མཁའ་མཚོན་པའི་དཔེར་ཚུར་མཐོང་ཕྱོགས་རེའི་དབང་དུ་བྱས་ན། སྐབས་འདིར་རྒྱལ་བ་མ་ལུས་ཤིང་ལུས་པ་མེད་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། ནུས་པའི་ཕྲིན་ལས་རྣམས་གཅིག་ཏུ་བསྡུས་པའི་བདག་ཉིད་ཆེན་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་མཚན་གྱི་སྙན་པ་ཞིང་ཁམགས་རབ་འབྱམས་རྒྱ་མཚོའི་རྒྱན་དུ་ཉིད་བྱེད་བྱེ་བའི་འོད་ལྟར་གསལ་བ་གང་ཡིན་པ་ཉིད་ནི་ཐུགས་བསྐྱེད་དང་སྨོན་མམ་རྒྱ་མཚོ་ལྟ་བུ་གཏིང་དཔག་པར་དཀར་པའི་མཐུ་ལ་བརྟེན་ནས། ལྔ་བརྒྱ་ཐ་མ་བའི་དུས་བོད་ཁམས་ཁ་བ་ཅན་གྱི་གདུལ་བྱ་ཉམ་ཐག་པ་རྣམས་ཕྱག་འཚལ་དུ་བདག་གིར་བཞེས་པའི་སླད་དུ་འོག་མིན་སྟུག་པོ་བཀོད་པའི་རྒྱན་དུ་གྱུར་པ་གང་ཡིན་པ་དངོས་གྱི་རྣམ་འགྱུར་མཚན་དཔེའི་དཀྱིལ་འཁོར་ཞིང་འདིར་ཆེད་དུ་བཀོད་པ་ནི་བུ་རམ་ཤིང་པའི་སྲས་མིའི་སྲིད་ངར་བཟུང་བ་དང་


JLD018_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན་ཟླ་གྱུར་ཅིང་། རྒྱལ་བ་འཇིག་རྟེན་དུ་གྱོན་པ་ན། གདུལ་བྱ་འདུལ་བའི་དགོས་པ་ལ་བརྟེན། དང་པོ་ཟང་ཟིང་བྱིན་པས་བསྡུ། བར་དུ་སྙན་པའི་གཏམ་གྱིས་བྲིད། ཐ་མ་དོན་མཐུན་ཆོས་བཞིན་སྐྱོང་། རང་ཉིད་ཆོས་བཞིན་སྐྱོད་པའོ། ཞེས་བསྡུ་དངོས་རྣམ་པ་བཞིའི་ཕྲིན་ལས་ཀྱིས་ཁོགས་དབུབ་པའི་འཇིག་རྟནེ་དང་མཐུན་པར་སྤྱོད་པའི་ཚུལ་སྟོན་ཇི་སྙེད་ཅིག་འགྲོ་ངོར་གདུལ་བྱ་ཁ་དྲང་བའི་ཕྱིར་ཕྱག་ཏུ་བསྟར་བ་ནི་བདེ་བར་གཤེགས་པ་རྣམས་ཀྱི་རང་གཤིས་ཡིན་ཕྱིར། བདག་ཉིད་ཆེན་པོ་འདིས་ཀྱང་། གདོད་ནས་རྒྱལ་བ་མཆོག་གི་གོ་འཐོང་བརྙེས་ཤིང་ཐམབས་མཁྱེན་པར་གྱུར་ན་འང་རང་ཉིད་ཆོས་བཞིན་སྤྱོད་པའི་ལམ་བཙོ་བོར་བཟུང་བས། དང་པོ་སོ་སྐཀྱེས་རྟེན་ཅན་གྱི་ཚུལ་ལྟ་བུས་སློབ་པ་ལམ་ལ་ཞུགས་པ་ནས་མཐར་བྱང་ཆུབ་བརྙེས་པའི་བར་དུ་ཚུལ་སྟོན་གྱི་མཛད་པ་ཡིད་དུ་འོང་བ་ལ་བརྩོན་པར་མཛད་དོ། དེ་ལྟ་བུའི་ཚུལ་སྟོན་དེ་ཡང་དང་པོར་སྐུ་ཤིན་རུ་བྱིས་པའི་དུས་ནས་ཀྱང་འཁོར་བ་ལ་ངེས་འབྱུང་། སེམས་ཅན་ལ་སྙིང་རྗེ། ལས་རྒྱུ་འབྲས། འཆི་བ་མི་རྟག་པ་སོགས་མངོན་སུམ་ཐུབས་རྒྱུད་ལ་ཡིད་འཁུལ་བ་ལྟ་བུ་ལྷན་སྐྱེས་ནས་མངའ་བས་སྐྱེ་བཔོ་ཕལ་བ་ཀུན་གྱིས་ཀྱང་དམ་པར་བསྒྲགས་པ་སོགས་གཞན་དང་མི་འདྲ་བའི་ངོ་མཚར་གྱི་སྒོ་རྣམས་ཐུན་མོང་དུ་གྱུར་ཐོག གཟིགས་པ་དུ་མས་ཉེ་བར་གཟིགས་པ་ན། རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པ་དོན་ཆེ་ཞིང་འབྲས་བུ་ཆེ་བར་གཟིགས་ནས། དེའང་ཐོག་མར་འཇུག་སྒོའི་རྨང་གཞི་རབ་ཏུ་བྱུང་བའི་གནས་སུ་གླང་པོ་ཆེ་པད་འཚོར་ཞུགས་པ་བཞིན་དགའ་བགའ་བས་རོལ་པ་ནས་བཟུང་། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་


JLD018_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་སྦྱོར། ཞེས་པའི་རྣམ་གཞག་དང་གོ་རིམ་གྱི་རྒྱ་ལས་མི་འདའ་བར་ཆོས་ཚོལ་བའི་ཚུལ་ཁེངས་པ་དང་མངོན་པའི་ང་རྒྱལ་མེད་པར་ལེགས་བཤད་ཆ་རེའི་ཕྱིར་ཡང་རྟག་ཏུ་ངུའི་རྣམ་ཐར་ཇི་ལྟར་ཞིང་བརྩོན་པ་ཤུགས་དྲག་པོ་ཉིན་མཚན་འདའ་བར་རྒྱུན་ཆགས་སུ་བསྐྱངས་པས་ན། བོད་གངས་ཅད་ཀྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་ཉིན་གྱི་བཤད་པ་དང་བསྒྲུབ་པ། མན་ངག་གི་གསེང་ལམ། དབང་ཁྲིད་ལུང་གསུམ་གྱི་རྒྱུན་ཀ་ཡོད་ཅོག་གམ། གཞན་དུ་སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་ཆེ་བརྒྱད་དུ་གྲགས་པ་རྣམས་ཀྱི་ཆོས་སླུགས་ལྟ་སྒོམ་སྤྱོད་པའི་ཆ་བཞུགས་སོ་ཅོག་ཐམས་ཅད་གསར་སྙིང་གི་དབྱེ་བ་དང་རང་ལུགས་གཞན་ལུགས་ཀྱི་ཕྱོགས་འཐེན་མེད་པར་ངང་པས་ཆུ་ལ་འོ་མ་བཞིན་དུ་རྣམ་པར་དག་པའི་གནད་མ་ཉམས་པ་ཟབ་པ་དང་རྒྱ་ཆེ་བའི་བཏུང་བ་གང་ན་ཅི་མཆིས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བདག་གིར་མ་བཞེས་པ་དགའ་ཡང་མེད་ཁར་ཉམས་བཞེས་འཆད་སྤེལ་གྱི་བཀའ་དྲིན་བསྐྱངས་པས་ཡོངས་རྫོགས་བསྟན་པའི་བདག་པོ་ཆེན་པོ་འགྱུར་པ་ཡིན་ནོ། །དེ་ཡང་རྡོ་རིན་ཕ་ཆེ་འདི་ཉིད་སྐབས་འདིར་གངས་ལྗོངས་སུ་ཆེད་དུ་སྐྱེ་བ་བཞེས་པའི་དགོས་པ་འང་། །སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་ཁྱད་པར་དུ་བྱས་པའི་ཕྱིར་བོད་ཁམས་འདི་ཡང་ཆོས་ཚིགས་ཀྱི་ཡུལ་དབུས་གཞན་ལས་ཁྱད་འཕགས་ལྟ་བུར་བརྟེན། །སྔོན་དུས་ཆོས་རྒྱལ་མེས་དབོན་རྣམས་གསུན་ནས་བཟུང་ཐུབ་དབང་བསྟན་པ་ལུས་ཡོངས་སུ་རྫོགས་པ་དོན་དང་ལྡན་ཅིང་འབྲས་བུ་ལ་བདེ་བླག་ཏུ་སྤྱོད་པ་ཤ་སྟག་བྱུང་རུང་། །ཕྱིས་དུས་དབང་མི་བཟད་པའི་སྟབས་ཀྱིས་མདོ་སྔགས་གཉིས་ཚ་གྲང་ལྟར་


JLD018_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ཟླར་བཟུང་། ཐོས་སྒོམ་གཉིས་མེད་ཆུ་ལྟར་དགྲ་གཤེད་དུ་ལྟ་བས་བསྟན་པའི་རིས་སུ་བཅས་པར་མ་ཟད། །ལྟ་བ་མཐའ་ལ་ལྷུན་ཞིང་སྒོམ་པ་ཅི་ཡང་ཡིད་ལ་མི་བྱེད་པ་དང་། །སྤྱོད་པ་རྒྱུ་འབྲས་བརྩིས་མེད་སོགས་དོན་གྱིས་འཆོལ་སྤྱོད་དང་ལོག་སྤྱོད་ཁོ་ནས་བསྟན་པ་ཤིན་ཏུ་དབུགས་ཤིང་ཆེར་དབུགས་པའི་བདག་འཛིན་གྱི་འགོང་པོ་ཐུལ་བར་དཀའ་བ་འབྱམས་ཀླས་སུ་བདོ་བའི་སྐབས་ན་གཉེན་པོ་བླ་ན་མེད་པ་མཁྱེན་པའི་ཡེ་ཤེས་འཇམ་དཔལ་དབྱངས་དང་། །བརྩེ་བའི་ཐུགས་རྗེ་སྤྱན་རས་གཟིགས་དང་། །ནུས་པའི་མཐུ་སྟོབས་ལག་ན་རྡོ་རྗེ་བསྙན་པ་རྣམས་ཐུགས་དབུས་པདྨའི་ཟེའུ་འབྲུར་མི་ཤིགས་པའི་རྒྱན་དུ་འཆང་ནས། །འགྲོ་བ་ཐམས་ཅད་ཡང་དག་པའི་ཆོས་ཀྱི་ལམ་དུ་གཅུར་བའི་ཉེར་ལེན་བསྟན་པ་དྲི་མ་མེད་པའི་གཞུང་དང་སྲོལ་ཀ་གསར་དུ་འཛུགས་པའི་ཕྱིར་ཐོལ་བྱུང་དུ་མིའི་ཟོལ་འཛིན་ཏེ་ཕེགས་པ་ཡིན་ནོ། །དེ་ལྟ་བས་ན་ཐབས་མཁས་ཀྱི་སྒོ་ནས་མིག་ལྟོས་བཟང་པོའི་བདག་རྐྱེན་དུ་འགྱུར་བ་ལ་མངོན་དུ་ཕྱོགས་བཞིན། །ཐོག་མར་རབ་ཏུ་བྱུང་བ་ནས་བརྩམས་རྒྱལ་བའི་དཀའ་དང་དགོངས་འགྲེལ་འཕགས་ཡུལ་གྱི་བསྟན་བཅོས་བཅས་ཟུང་དུ་འབྲེལ་བའི་དབུ་ཕལ་འདུལ་མཛོད་ལ་སོགས་བརྒྱུ་མཚན་ཉིད་ཐེག་པའི་སྐོར་དང་། །ཁྱད་པར་གསང་ཆེན་རྒྱུད་སྡེ་རྒྱ་མཚོ་གོང་འོང་གི་རྒྱུད་གཞུང་ཤིན་ཏུ་མང་པོ་སོགས་འབྲས་བུ་རྡོ་རྗེ་ཐེག་པའི་སྐོར་ཇི་སྙེད་ཅིག་བཞུགས་པ་རྣམས་བོད་ཡུལ་པའི་ཐོས་བསམ་སྤྱི་རྒྱུགས་ལྟ་བུ་མ་ཡིན་པར་ཤིན་ཏུ་དཀའ་བའི་གནད་མཐའི་རྒྱ་མཚོ་ལྟ་བུ་གདིང་ཟ་བཅིང་། །དངོས་རྒྱ་ཆེ་བའི་དོན་ལ་ལུང་རིགས་མན་ངག་གསུམ་གྱི་སྒོ་ནས་སྐྱེས་སྦྱངས་ཀྱི་རྩ་ལ་ཕུན་སུམ་ཚོགས་པ་དགེངས་པའི་


JLD018_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་མཐར་འདོད་ཅིང་གཅིང་དཔོག་པར་མ་གྱུར་པར་ལན་བརྒྱ་ཕྲག་ཏུ་བསྣུན་པའི་གཟི་བརྗིད་ཆེན་པོ་ཁོ་ནའང་དེ་སྐབས་བོད་ཡུལ་མཐའ་དབུས་ཀུན་ན་མཁས་པ་ཚད་མར་གྱུར་པ་བཟང་བ་གྲངས་མང་བ་བཞུགས་པ་རྣམས་ཀྱི་ཆོས་གྲྭ་ཆན་པོར་རྒྱུ་སྐར་གྱི་དབུས་ན་ཉི་མ་ལྟ་བུ་འགྲན་ཟླ་དང་བྲལ་བའི་དཔལ་དུ་ལྷམ་པར་གྱུར་ཅིག །ཐོས་པ་ཙམ་གྱིས་ཆོ་ག་ཤེས་སུམ་བཟུང་བ་བསམ་བྱུང་གེ་ཤེས་རབ་དུས་མཐའི་མེ་བཞིན་སྤར་བས་ཐོས་དོན་གྱི་གནས་ལ་གྱ་ཚོམ་སྒྲོ་འདོགས་ཀྱི་ཚང་ཚིང་ཅི་མཆིས་པ་ཐམས་ཅད་ལྷག་མེད་དུ་བསྲེགས་བཞིན་པའི་མཐའ་འཇམ་དཔལ་དཔའ་བོའི་གོ་སར་ངེས་པར་འཁོད་པར་གྱུར་བའི་ཚེ་ན་རེ་ཞིག་ཤེས་ཀྱི་ངལ་གསོ་ལྷུན་ཆགས་པར་གནང་བ་ཡིན་ནོ། །སྤྱིར་ཡོན་ཏན་ཅི་ཙམ་གྱིས་འབྱོར་ཡང་མངོན་པའི་ང་རྒྱལ་མེད་པར་ཆོས་ཀྱི་དོན་ཤློ་ཀ་གཅིག་ཙམ་ཡན་དཀའ་བ་ཆེན་པོས་ཚོལ་བ་དང་། །དངོས་དང་བརྒྱུད་ནས་ཐམས་ཅད་མཁྱེན་པའི་ཉེ་རྒྱུ་འབའ་ཞིག་པའི་ཕྱིར་རིག་པའི་གནས་ལྔ་སོགས་ཤེས་བྱ་ཕྲ་མོ་ཡན་ཆད་ལ་མཁོ་བ་མེད་ཅིང་དགོས་པ་མེད་པའི་རྒྱུ་མཚན་ཡུལ་ན་མི་གནས་པ་ཙམ་དུ་མ་ཟད། །རྒྱལ་བསྟན་གྱི་སྟེགས་ལྟ་བུར་དགོངས་ཏེ་ཤེས་བྱ་ཐམས་ཅད་བཟང་མཉམ་གྱི་སྒོ་ནས་བསླབ་སྦྱངས་ལ་རྩེ་གཅིག་ཏུ་འགྲུབ་པར་མཛད། །ལྷག་པར་ཐེག་པ་གསུམ་གཅིག་ལ་གཅིག་བརྟེན། །མདོ་སྔགས་གཉིས་པར་ལྟོས་ཚུལ་ལྟོས་ཀྱི་གནད་བག་ལ་ཉལ་བ་ཁོངས་སུ་ཕུད་ནས་རྒྱལ་བའི་བཀའ་ཐམས་ཅད་ཚིག་གཅིག་ཀྱང་སྤང་བྱ་མེད་པར་འགལ་མེད་ཉམས་ལེན་གྱི་གྲོགས་སུ་འཁྱེར་དགོས་པའི་སྲོལ་བླ་ན་མེད་པ་ཕྱེས་པའི་ཆོས་ཀྱི་ཤིང་རྟ་ཆེན་པོའི་མཚན་གཞི་ཐུབ་བསྟན་གྱ་


JLD018_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ན་བརྗིད་ཆགས་པ་དང་ལྷན་ཅིག་སྤོབས་པའི་གཏེར་ཆེན་བརྒྱད་པོ་རང་ཤུགས་ཀྱིས་གྲོལ་བའི་དབང་གིས་འཆད་པའི་གནས་སྐབས་ན་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་བཞིན་དུ་མགྲིན་པ་ཚངས་པའི་དབྱངས་ཀྱིས་གསལ་དག་སྙན་གསུམ་གྱི་སྒོ་ནས་ཐུགས་ཆོས་ཀྱི་འཁོར་ལོ་གྱུར་པའི་མཛོད་ལས་འཕྲོག་པ་བཞིན་དུ་བླངས་པའི་མདོ་སྔགས་ཀྱི་གཞུང་ལུགས་འབྱམས་སུ་ཀླས་པའི་ལེགས་བཤད་ལྟའི་རྔ་བཞིན་སྒྲོག་པ་ལ་ཆགས་དང་ཐོགས་པ་མེད་ཅིང་། །ལྷག་པར་སྣོང་ཆད་མཁས་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཤིན་ཏུ་དཀའ་བའི་གནས་ཟབ་དོན་གྱི་གནད་མཐིལ་དུ་འདོད་ཏེ་བཀྲོལ་བ་ན། །སྟོན་པ་པོ་ང་ཚོས་ཀྱང་ང་། ཞེས་པའི་རྒྱ་ལས་མི་འདའ་བར་དཀོན་མཆོག་གསུམ་གྱི་སྤྲིན་སྤྲོ་བའི་བདག་པོ་ལྟ་བུའི་རྩལ་མངོན་སུམ་དུ་ངོམ་པ་དང་། །དེ་བཞིན་དུ་རྩོད་པའི་ཚུལ་ཡང་། །ལུང་རིགས་ཀྱི་འགལ་འབྲེལ། །བརྒལ་བརྟག་གི་དགག་སྒྲུབ་སོགས་རྣོ་བ་དང་། མྱུར་བ་དང་། །ཟབ་པའི་ཤེས་རབ་རྣམས་གཅིག་ཅར་དུ་འཚོགས་པའི་དབྱིངས་ཆེན་པོ་ཐམས་ཅད་དུ་ཐོགས་པ་མེད་པ། །མི་ཆོས་པ་མི་ཤིགས་པ་སོགས་རྡོ་རྗེའི་ཆོས་བདུན་དུ་ངང་གིས་འཇུག་པ་ལ་བརྟེན་ཐོག་མར་གསན་བསམ་མགོ་བརྩམས་པའི་སྐབས་ནས་ཀུང་གཞན་གང་གིས་ཀྱང་སྤོབས་པ་མི་ཆོམས་པ་ཞིག་མངའ་བས་སྦྱངས་པ་མཛད་རིང་ལ་གཞུང་བཤད་པའི་གྲྭ་ས་ཡོད་པའི་ཆོས་སྡེ་ཆེན་པོ་ཁག་ཡོད་དོ་ཅོག་ཏུ་གྲྭ་སྐོར་ལན་མང་དུ་མཛད་ཅིང་བརྒལ་བརྟག་ཕྲ་མོ་རེས་ཀྱང་ལོ་མང་དུ་རིགས་ལམ་ལ་འབད་པ་མང་པོའི་ཁྱུན་ངེས་པར་འབྱིན་བ་ཅི་མཆིས་པ་དེ་དག་གི་ཚོགས་ཀྱི་རྣམ་དཔྱོད་ཀྱི་སློབས་པ་


JLD018_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་ཉི་མའི་དྲུང་ན་མེ་ཁྱེར་ལྟ་བུར་གྱུར་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་སྙན་ཁོར་ཡུག་རི་བོའི་ལྗོངས་སུ་ཡང་ན་ཡང་དུ་ཁྱབ་པར་གྱུར་ཏོ། སྤྱིར་དཀའ་བའི་གནད་ཀྱི་དོན་ལ་དྲི་བ་ཇི་ཙམ་ཞུགས་ཀྱང་བརྗོད་བྱེད་ཀྱི་ངག་ཉང་ལ། །བརྗོད་བྱའི་དོན་ཁོང་ནས་སློང་བ་ཤ་དག་པའི་སྒོར་བརྗིད་ཆེ་བར་རྟག་ཏུ་ལན་འདེབས་པ་སྟེ། །དོན་དང་མི་མཐུན་པའི་ན་ཡམས་སུ་གྱུར་པའི་སྐབས་ཕྲ་མོ་ཙམ་ཡོང་བལྟ་ཞོག །མཁས་པ་རྣམ་དཔྱོད་དང་ལྡན་པས་ལོ་བརྒྱར་བརྟགས་ཀྱང་ཚིག་འཁྲི་ཙམ་ཡང་འདོགས་ས་མི་རྙེད་པའི་གནས་ལུགས་དཔྱད་གསུམ་གྱི་རིགས་པར་བབས་པ་ན་གཞན་མཁས་པ་བསྙེམས་ཤིང་སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་པོ་ཐོས་པའི་ང་རྒྱལ་བག་ལ་ཞ་ནས་གསུང་གི་དབང་ཕྱུག་ཆེན་པོ་ངེས་པར་རྙེད་དེ་ཐམས་ཅད་སློབ་མར་མ་གྱུར་པ་གཅིག་ཀྱང་མེད་དོ། རྩོམ་པའི་གནས་ལའང་ཆོས་ཉིད་ཇི་ལྟ་བ་གཟིགས་པ་དང་། །ཆོས་ཅན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ངག་རྣམ་པ་ཐམས་ཅད་པའི་གདངས་སུ་འཐོས་པའི་ངོ་བོ་བརྗོད་བྱ་ཟབ་པ་དང་རྒྱ་ཆེ་བའི་དོན་ཁོ་ན། རྗོད་བྱེད་ཀྱི་ཚིག་རྣམ་པར་གསལ་ཞིང་འབྲེལ་ཆགས་པ་བཅས་སྔན་མེད་པའི་བསྟན་བཅོས་སྔོན་ཀླུ་ཐོགས་ཟུང་དང་འདྲ་བའི་ལེགས་བཤད་ཙམ་དུ་མ་ཟད་རྩོད་པས་རྒོལ་དུ་མེད་པའི་རིན་ཐང་ཆེ་བའི་ཕུལ་རྒྱལ་བའི་བཀའ་དང་མཉམ་པ་ཤ་སྟག་བརྩོམ་པར་མཛད་པ་ནི་ཆེད་དུ་འབད་རྩོལ་གྱི་སྤྲོས་པ་མེད་པ་རང་གི་གཤིས་ལུགས་སུ་གྲུབ་པ་བཅས་མཁས་པའི་དབང་དུ་བྱས་ན་འཕགས་ཡུལ་གྱི་མཁས་པ་ཆེན་པོ་ཤིང་རྟ་རྣམ་གཉིས་ཀྱིས་གཙོས་རྒྱན་དྲུག་མཆོག་གནིས། མཁས་པ་སྒོ་དྲུག་གི་ཡོན་ཏན་མ་ལུས་པ་ཕྱོགས་


JLD018_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་སྤུངས་པ་ལྟ་བུར་གྱུར་ཅིང་། །བཙུན་པའི་དབང་དུ་བྱས་ན་ལྷག་པར་ཡང་ཕྱི་དུས་སྙིགས་ལྔ་ཆེས་ཆེར་བདོ་བའི་རང་མདངས་འདུལ་བའི་གཞུང་དང་ཚུལ་ཁྲིམས་ཀྱི་ལམ་ལ་ཕབ་ཆེ་བ་གཚིགས་སུ་མེད་ཁར་གསང་སྔགས་ལ་ཁག་བསྙད་པའི་རྩིང་སྤྱོད་ཆོས་སྡེ་ཁག་སུ་ལའང་གང་མིན་འབྱུང་དང་འབྱུང་བཞིན་པ་ལ་གཞིག །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཟིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་པ་ལྟར་ཡོན་ཏན་ཀུན་གྱི་གཞི་རྟེན་ཐར་བའི་རྨང་རྡོ་མེད་དུ་མི་རུང་བ་ལ་དགོངས་པ་གཏད། །སྟོན་དང་བསྟན་པ་གཉིས་ཀ་ཡིན་པའི་རིན་ཐང་ཆེ་བ་ལ་གུས་པ་གཙོར་འདོན་གྱིས་འདུལ་བའི་བསླབ་བྱ་ཚིགས་གསུམ་གྱི་གནས་ལ་ཉེས་ལྟུང་ཕྲ་མོ་ཀྱང་མ་གོས་པའི་ཉམས་ལེན་སྲོག་ལྟར་བཙའ་བས་གཙོ་བོར་མཛད། །ནང་བྱང་ཆུབ་སེམས་ཀྱི་བསླབ་པ་དང་ཐུགས་རྒྱུད་གཉིས་དབྱེར་མེད་རོ་གཅིག་ཏུ་བསྲེས། །གསང་བ་སྔགས་ཀྱི་དམ་ཚིག་འཁྱེར་སོ་གསུམ་ལས་སྐད་ཅིག་ཀྱང་འདའ་བར་སོགས་ལེགས་པའི་ཡོན་ཏན་མཐའ་དག་རང་བཞིན་ལྷུན་འགྲུབ་ཀྱི་འབྱོར་བར་ཀུན་ནས་ཚང་བས་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཆེན་པོ་ག་ལ་བར་རྒྱལ་ཚབ་གཅིག་པུར་དོན་གྱིས་གཞུགས་པར་གྱུར་ཏོ། །དེ་བཞིན་དུ་བཟང་པོའི་ཐད་ནས་ཀྱང་། བཅོས་མིན་གྱི་ངེས་འབྱུང་དང་། །སྙིང་རྗེ་ཆེན་པོ། གཞན་ཕན་གྱི་བརྩེ་བ། ཤེས་བྱའི་གནས་ལ་ཐོགས་པ་མེད་པར་འཇུག་པའི་ཤེས་རབ། །ཡང་དག་པའི་ལྟ་བ་ལ་སོགས་པ་ཐུན་མོངས་དང་ཐུན་མིན་གྱི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ་པ་གཅིག་ཅར་དུ་བརྙེས་པས་མཚོན་རྒྱལ་བ་སྲས་


JLD018_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ཐམས་ཅད་པའི་ཐུགས་རྗེ་དང་ཕྲིན་ལས་གཅིག་ཏུ་བསྡུས་པ་ལྟ་བུའི་སྒོ་ནས་མུ་མེད་ཀྱི་འགྲོ་བ་ཐམས་ཅད་སྐུ་རྫུ་འཕྲུལ་ཆེན་པོས་འདུལ་བ། །གསུང་ཆོས་ཀྱི་སྒོ་མོས་འདུལ་བ། །ཐུགས་མངོན་པར་ཤེས་པས་འདུལ་བ། །ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འདུལ་བ་སྟེ། །འདུལ་བ་བཞི་ཡི་ཆོ་འཕྲུལ་སངས་རྒྱས་དང་འདྲ་བའི་རྒྱུན་བསམ་གྱིས་མི་ཁྱབ་མའི་རོལ་པར་དབང་བསྒྱུར་བ་སོགས་རླབས་ཆེན་ཀྱི་སྤྱོད་པ་ས་བཅུ་ལ་གནས་པའི་སྐྱེ་བོས་ཀྱང་མཚོན་དུ་མེད་པར་དུས་མཐའི་སྐད་ཅིག་རེར་ལང་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་དུ་རྟག་པ་རྒྱུན་གྱི་འཁོར་ལོ་འབྱམས་ཀླས་སུ་བརྡལ་པའི་བྱེད་པོར་སྤངས་རྟོགས་མཐར་ཕྱིན་པའི་རྒྱུ་མཚན་ཀྱིས་གྲུབ་པས་ན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། །སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་གཅིག་པུར་གསལ་བ་ཡིན་ནོ། །བསྟན་པ་རིན་པོ་ཆེ་མདོ་སྔགས་གཉིས་ཀའི་ལུང་རྟོགས་ཆོས་ཀྱི་འབྱོར་བ་ནམ་མཁའི་མཛོད་ལ་མངའ་དབང་བསྒྱུར་ཟིན་ནས། །མཐར་ནན་ཏན་སྙིང་པོར་བྱེད་པ་སྒོམ་པའི་མཚན་ཉིད་སྒྲུབ་པ་ལྷུར་ལེན་པ་ཡང་། ཟུར་ཕུད་ལྔ་བའི་ལུང་གིས་ཉེ་བར་བསྐུལ་བ་བཞིན། །དུས་རེ་ཞིག་ནས་བྱ་བཏང་ལ་གཤེས་ཏེ་ཐོག་མར་བསགས་སྦྱངས་ཀྱི་རིམ་པ་ཡང་སྟོན་པ་ཐུགས་རྗེ་ཅན་གྱི་སྐྱེས་རབས་དང་ཚུལ་མཐུན་པར་དཀའ་སྤྱད་ཀྱི་འཇུག་སྒོ་སེམས་མེད་བེམ་པོའི་ས་ཡང་འདར་བར་བྱེད་པ་ལྟ་བུ་མངོན་དུ་མཛད་པས་ཐོག་དྲངས། །རིམ་པར་ཆོས་ཀྱི་རྩ་བ་བྱང་ཆུབ་སེམས་གཉིས་ལ་བློ་སྦྱོང་སོགས་བཀའ་གདམས་པའི་ཉམས་བཞེས་ལྷ་ཆོས་བདུན་ལྡན་གྱི་ཉམས་ལེན་རྨད་བྱུང་དུ་སྐྱོང་བས་གཞི་འདིངས། གསང་སྔགས་རྡོ་རྗེ་


JLD018_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་རྒྱུད་སྡེ་བཞི་ལ་སོགས་པ་གསང་ཆེན་ཆོས་ཀྱི་མཛོད་འཛིན་པ་རྡོ་རྗེ་འཆང་དང་གཉིས་སུ་མ་མཆིས་པར་གྱུར་པ་དང་འབྲེལ་བསྐྱེད་རྫོགས་ཟབ་མོའི་ཉམས་བཞེས་ལ་གནད་དུ་བསྣུན་པས་ཟུང་འཇུག་གྲུབ་པའི་གོ་སར་ཡུན་ཐུང་དུས་བདེ་བླག་ཏུ་གཤེགས་པའི་ཚུལ་བསྟན་ངོ་མཚར་བར་གནང་ཞིང་། ནང་གི་ལམ་གྱི་བགྲོད་པ་ཡང་བླ་མེད་མཐར་ཐུག་གི་མན་ངག་གི་གནད་ཟབ་མོ་དང་འབྱོར་བའི་དབེན་གསུམ་ལས་སྐྱེས་པའི་བདེ་སྟོང་གི་རིང་ངེ་འཛིན་མཐར་ཕྱིན་པ་མངོན་དུ་བརྙེས་པར་གྱུར་པ་སྟེ། །ཞི་གནས་ཙམ་དང་འབྲེལ་བའི་ཉམས་ཙམ་ལ་སེམས་ཀྱི་རྟོགས་པར་གདིང་འཆའ་བ་དང་མཚུངས་པ་མེད་པའི་སེམས་ཀྱི་ཆོས་ཉིད་རྗེན་ལ་བུད་དེ་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་པའི་ཚུལ་ཡང་། གྲུབ་ཐོབ་ཀྱི་མཚན་གཞི་འཇོག་པ་ལྟར་ན། །འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་ས་ར་ཧ་པ་ལ་སོགས་པ་གྲུབ་ཆེན་བརྒྱད་ཅུ་དང་ངོ་མཉམ་པར་གྱུར་ཅིང་། །དེར་མ་ཟད་དང་པོར་ཐོས་པ་མཛད་པའི་སྐབས་ནས་སེམས་ཀྱི་ཏིང་ངེ་འཛིན་གསལ་བོ་རང་འཁྲུངས་དང་བསྟུན་ཐོས་སྒོམ་ཟུང་འཇུག་ཏུ་མཛད་འདུག་པ་ལ་གཞིག་ན་དོན་དུ་རྟོགས་གྲོལ་དུས་མཉམ་པ་ཨིནྡྲ་བོ་དྷི་ཇི་ལྟ་བ་བཞིན་ཡིན་པར་མངོན་སུམ་གྱི་ཚད་མས་གསལ་བར་སྣང་ངོ་། །བོད་དབུས་གཙང་མདོ་ཁམས་དང་བཅས་པར་དགེ་བའི་བཤེས་གཉེན་བཅུ་བཞི། ནང་གསེས་འགྲན་ཟླ་མེད་པ་བཞི་སོགས་ཀྱིས་མཚོན་འཕགས་ཐོབ་ངེས་པའི་གཙུག་ནོར་ཤིན་ཏུ་མང་པོ་བསྟེན་པའི་ཚུལ་མཛད་འདག་ནའང་། དོན་ལ་ནི་དགེ་བའི་བཤེས་གཉེན་རྣམ་པ་ཀུན་ཏུ་ཡི་དམ་འཇམ་དཔལ་དཔའ་བོ་ཁོ་ན་བརྟེན་པར་མཛད་པ་


JLD018_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཀུན་རྫོབ་སྒྱུ་མའི་དབང་དུ་འཇམ་དབྱངས་དེ་ཉིད་དང་ཉིན་མཚན་དབྱེ་བ་མེད་པར་མི་དང་མི་ལབ་པའི་ཚུལ་དུ་ཡོད་པར་མ་ཟད་དབང་ཐོབ་པའི་སྤྱོད་ཡུལ་ཡིན་ཕྱིར་སངས་རྒྱས་བྱང་སེམས་གངྒཱའི་རྡུལ་དང་མཉམ་པ་འདུ་འབྲལ་མེད་པར་ལྷན་ཅིག་པའི་དབུས་ན་ཟབ་རྒྱས་ཆོས་ཀྱི་བགྲོ་གླེང་དང་། ཟབ་དོན་གྱི་ཆོས་ཚོལ་བ་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ལ་རྟག་ཏུ་མངའ་དབང་བསྒྱུར་བ་ལས་གཞན་དུ་མ་དམིགས་པ་ནི་རྟགས་སྤྱོད་པས་སྟོན་པ་ཡིན་ནའང་ཐ་མལ་བའི་བློས་ཇི་བཞིན་གཞལ་བྱའི་གནས་དང་བརྗོད་བྱའི་ཡུལ་དུ་མ་གྲུབ་པོ། སྤྱིར་རྗེ་རིན་པོ་ཆེ་འདི་ཉིད་སྤྲུལ་གཞི་བྱེ་བྲག་པའི་དབང་དུ་འཇམ་དཔལ་དབྱངས་ཀྱི་རྣམ་པར་འཕྲུལ་བ་གཙོ་བོར་བཟུང་དགོས་ཏེ། །མདོ་རྒྱུད་དུ་མ་ནས་ཡང་ཡང་ལུང་གིས་གསལ་བར་བསྟན་པའི་ཕྱིར་དང་། གཞན་ཡང་། མཁའ་འགྲོ་གསང་བའི་རྒྱུད་ལས། །འཇམ་དཔལ་སྤྲུལ་པ་བློ་བཟང་ཞེས། བསྟན་པ་རྒྱས་བྱེད་ངོ་མཚར་ཅན། །ཞེས་གསུངས་པ་ལྟར་རོ། རྨད་དུ་བྱུང་བའི་ཕྲིན་ལས་ཀྱི་རིམ་པ་ནི་སངས་རྒྱས་སྟོང་གི་མཛད་པ་དང་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྣམས་ཏེ་བྱོན་པ་ལྟ་བུ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ཡིན་ཏེ། དམིགས་གསལ་དང་པོར་ཐོས་བསམ་སྐབས་ནས་ཀྱང་ཆོས་སྡེ་ཁག་རྣམས་སུ་སྡེ་སྣོད་འཛིན་པ་ཐོས་བསམ་པ་གང་བཟང་ཕལ་ཆེ་བ་རྣམས་སློབ་མར་མ་གྱུར་པ་གཅིག་ཀྱང་མེད་པས་མཚོན་སློག་ཚོགས་མང་དུ་འདུ་བ་ནས་བཟུང་། །འཁོར་དགྲ་བཅོམ་པ་ལྟ་བུའི་དགེ་འདུན་གྱི་ཚོགས་མཚོལ་ངང་མོ་ལྟར་བརྒྱ་ཕྲག་ཁྲི་ཕྲག་མང་པོ་ལོ་ཟླ་བཞིན་གང་མང་དུ་འདུས་པར་བརྟེན་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་


JLD018_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བསྐོར་བས་ཐུགས་སྲས་ཀྱི་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གཙོས་མཁས་གྲུབ་ཀྱི་སློབ་མ་བགྲང་པ་ལས་འདས་པ་བྱུང་ཞིང་། འཇམ་དཔལ་དཔའ་བོའི་ཞལ་ལུང་བཞིན་དགའ་ལྡན་གྱི་གདན་ས་ཆེན་པོ་བཏབ་ནས་མདོ་སྔགས་ཀྱི་ཆོས་གྲྭ་འོག་མིན་གྱི་ཞིང་ཁམས་ལྟ་བུ་གཙུགས་པས་གདན་སའི་མཐིན་དུ་མཛད། །དེ་ནས་ཐུགས་སྲས་སློབ་མ་འགའ་རེ་ལ་བཀའ་ལུང་ཕོག་པའི་འབྲས་སྤུངས། །སེ་ར། །བཀྲས་ལྷུན་སོགས་ཆེས་སྡེ་ཆེན་པོ་བཟང་ལ་གྲངས་མང་པའི་དཀྱིལ་འཁོར་ཀྱི་འཁོར་ལོ་ཤར་བ་ལས། །རིམ་པར་སློབ་མ་ཡང་སློབ་མཐའ་ཡས་པ་བྱུང་བའི་ཐུགས་བསྐྱེད་སྒོ། །རྒྱ་སོག་བོད་གསུམ་གྱིས་མཚོན་རྗེ་འཇམ་མགོན་བླ་མའི་རིང་ལུགས་འཛིན་པའི་ཆོས་སྡེ་རྣམས་ཀྱི་སྡོད་ཛཱ་ཏི་དབྱུག་པས་བརྡུངས་མན་ཆད་དང་། སྨན་རྒྱ་མོ་དར་འཐག་ས་ཡན་ཆད་དུ་མཚན་མོ་སྔོ་བསངས་མའི་མཁའ་ལ་རྒྱུ་སྐར་གྱི་བཀོད་པ་དང་འདྲ་བ་དཀར་འཇམ་ཡུགས་བརྡལ་གྱིས་ནོར་འཛིན་གྱི་ཁྱོན་ཐམས་ཅད་ཁྱབ་པར་གྱུར་པ་ནི་ད་ལྟ་ཀུན་གྱི་མིག་དང་རྣ་བར་བཤམས་པ་བཞིན་དུ་མངོན་སུམ་དུ་གྱུར་པ་འདི་བཞིན་པ་སྟེ། །དེ་འང་ཆོས་གོས་གསུམ་གྱིས་ལུས་བརྒྱན། །སྡེ་སྣོད་གསུམ་གྱིས་ངག་བརྒྱན། །བསླབ་པ་གསུམ་གྱིས་སེམས་བརྒྱན་པ་ཤ་སྟག་མ་གཏོགས་བསྟན་དགོན་གྱི་མིང་ནི་ཐོགས་ལ་དོན་ནི་ཆུང་བ། ལྷག་པར་འཚོ་བ་སྤྱོད་དེ་འདྲ་མ་ཡིན་པར་དུས་དེང་སང་བར་དུ་ཕྱི་གཙང་ནང་གཙང་། ཐོས་བསམ་སྒོམ་གསུམ་གྱིས་བྱ་བ། །འཆད་རྩོད་རྩོམ་གསུམ་གྱི་བྱེད་པ་ཅན་ཤ་སྟག་པས་རྒྱལ་ཁམས་གང་


JLD018_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མངོན་སུམ་ལ། གྲངས་མང་བའི་དབང་དུ་བྱས་ན་དགོན་ཆེ་ཤོས་ཁྲི་ཁྲག་མང་པོ་དང་། །དགོན་ཆུང་ཞིག་ཡིན་ནའང་འཚོགས་པ་བརྒྱ་ཕྲག་རེ་ཟུང་ལས་ཕྱིར་དམའ་མི་སྲིད་པ་ལྟ་བུ་དང་། །གྲངས་མང་པ་ཙམ་ལ་ངོ་མཚར་རྒྱུ་ཆེར་ཅི་ཡོད་ཀྱང་། དེ་དག་ཐམས་ཅད་སྡོམ་གསུམ་རྣམ་དག་གིས་རྒྱུད་ཕྱུག་པ་ཤ་སྟག་སྟེང་ཕལ་ཆེར་སྡེ་སྣོད་འཛིན་པའི་བཤེས་གཉེན་རྣམས་ཏེ། །ཡོན་ཏན་ཁྱད་པར་འཕགས་པའི་ཆེ་བ་གཞན་ལྟ་ཞོག །ཐ་ན་ཕྱི་ནང་གི་སྤྱོད་ལམ། །ཀུན་སྤྱོད་གཙང་སྦྲ་ཙམ་ཁོ་ནའང་ཆོས་སྡེ་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཁྱད་བྱེ་བ་ཞིག་གོ །དེས་ན་གྲུབ་མཐའ་གཞན་ལའང་འདུལ་ཁྲིམས་ཀྱི་སྤྱོད་པ་གཅེས་སྤྲས་སུ་བཟུང་སྟེ་སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་ཀྱི་གཞི་ཞེས་དེང་སང་གི་བར་དུ་མིང་འདོགས་ཆོ་ག་པ་འདི་ལྟ་བུ་འང་བསྟན་པའི་དངོས་གཞི་རི་བོ་དགེ་ལུགས་པའི་མིག་ལྟོས་ལ་བརྟེན་ནས་བྱུང་བ་ཡིན་ཏེ། འཕགས་ཡུལ་ན་བསྟན་པ་རྒྱས་པའི་སྐབས་དང་འདྲ་བ་ནི་བོད་ཡུལ་འདིར་རྗེ་རིན་པོ་ཆེ་བྱོན་པ་ནས་བཟུང་བྱུང་བ་ཡིན་པར་སྙོན་དུ་མེད་པར་ལྟར་གངས་རིའི་ལྗོངས་སུ་ཐུབ་དབང་གཉིས་པ་དངོས་སུ་གསལ་ཞིང་གྲུབ་པ་སོགས་གད་ལྟར་ཡང་། འཇམ་དཔལ་རྩ་རྒྱུད་ལས། །འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོང་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཅེས་པའི་ལུང་དོན་ཇི་བཞིན་གྲུབ་པ་ཡིན་ཅིང་། གཞན་ཡང་རྒྱལ་བས་དཔལ་གྱི་མགུལ་ནས་ལུང་དུ་ཡང་ཡང་བསྟན་པའི་ཚུལ། མདོ་སྡེ་གདམས་ངག་འབོགས་པའི་


JLD018_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལས། །མ་འོངས་སྙིགས་མའི་དུས་སུ་ནི། །འབྲི་དང་ལྡན་པའི་ས་མཚམས་སུ། །དགེ་ཞེས་བྱ་བའི་དགོན་པ་འདེབས། །བློར་བཟང་ཞེས་བྱའི་མིང་ཅན་འབྱུང་། །ཞེས་པ་ལ་སོགས་པས་མཚོན་ཤིན་ཏུ་མང་ངོ་། །ཁྱད་པར་འཕགས་ཡུལ་ནས་དམ་ཆོས་བསྒྱུར་བ་སོགས་ལོ་ཙཱ་བ་སྔ་ཕྱི་བྱོན་པ་རྣམས་ཀྱིས་གཙོས་གསར་རྙིང་གང་ལའང་བསྟན་འཛིན་གྱི་སྐྱེས་བུ་ངོ་མཚར་བ་ཅན་དུ་མ་བྱོན་པ་རྣམས་ཀྱིས་བཀའ་དྲིན་གྱི་མཐའ་བསམ་ལས་འདས་ཀྱང་། །བསྟན་པའི་སྲོག་རྩ་ལྟ་བ་ལ་ཐུག་སྟབས། གཞུང་ལུགས་རྣམས་ལ་ཐོས་བསམ་སྦྱི་རྒྱུགས་ཞིགས་གི་ངེས་པ་ཅི་རྙེད་ལས་གནད་དུ་ཕིགས་པའི་གདིང་ལོན་པ་ཞིག་ནི་སྔོན་ཆད་གངས་རིའི་ལྗོངས་སུ་སུ་ཡང་མ་བྱུང་བའི་དེ་ལྟའི་རྒྱུན་ཙམ་གྱིས་ཐུགས་ཁ་མ་ཚིམ་ནས། །རྟོགས་པར་དཀའ་བ་ལྟ་བའི་གནད་ལ་ལྷག་པར་ཤེས་རབ་ཟབ་མོའི་རིགས་འདའ་མཆོག་གི་ཕུལ་དུ་བསྣུན་པའི་ཐུགས་བརྩོན་ལན་གཅིག་མིན་པར་གནང་ཐོག །བོད་ཡུལ་འདིར་ཐེ་ཚོམ་རིགས་ཀྱི་སྒྲོ་འདོགས་ཆོད་ཡུལ་མེད་པར་དགོངས་ནས་འཕགས་ཡུལ་དུ་གཤེགས་པར་བརྩམས་པའི་ཚེ། རྒྱལ་བའི་ཡབ་གཅིག་འཇམ་དཔལ་པོའི་ཞལ་གཟིགས་ཏེ་དེ་དངོས་ཀྱི་མདུན་ནས་དཀའ་གནད་ཐམས་ཅད་ལྷུག་པར་གྲོལ་བའི་མན་ངག་ཞིབ་ཅིང་ཟབ་པ་མཐར་ཕྱིན་པ་ཐོབ་པའི་མཐར་ཡང་དག་པའི་ལམ་རྒྱལ་བ་སྲས་དང་བཅས་པའི་གཤེགས་ཤུལ། །ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་འཁྲུལ་མེད་དུ་རྟོགས་ནས་གཞན་ལ་ཐར་བའི་སྒོ་ཕྱེས་པ་སོགས་ལྟ་བ་སྣ་ཚོགས་པའི་མུན་པ་འཐིབས་པའི་མཁའ་ན་ཡང་དག་ལྟ་བའི་ཉི་མ་འོད་ཟེར་


JLD018_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དང་ལྡན་པ་ཤར་བའི་དབང་གིས་གྲུབ་མཐའ་ཀུན་གྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་ཉེར་ལེན་ཡང་དེ་ག་རང་ལ་ཐུག་པ་བཅས། །མདོར་ན་བོད་གངས་ཅན་གྱི་ལྗོངས་སུ་ཐལ་འགྱོར་གྱི་ལྟ་བ་དང་གཅིག །མ་ཀི་ཀཱ་རི་ཀ་ནས་བཟུང་ཡ་གི་སྔགས་བླ་མེད་ཀྱི་བར་ཆོས་ཐམས་ཅད་འགལ་མེད་དུ་ཉམས་སུ་ལེན་དགོས་པའི་མན་ངག་དང་གཉིས། །རྒྱལ་བསྟན་གྱི་གཞི་མ་སོ་ཐར་ལ་གཅེས་སྤྲས་སུ་བྱེད་པའི་ལུགས་སྲོལ་དང་གསུམ་སྟེ། འདི་གསུམ་གྱི་གནས་ལ་རྗེ་རིན་པོ་ཆེ་འདི་ཉིད་བཀའ་དྲིན་ལྷག་པར་ཆེ་ཞིང་སྟོན་པ་ལས་ཀྱང་ཆེ་བ་བསྙོན་དུ་མེད་པར་གྲུབ་པོ། མཛད་པ་དང་ཕྲིན་ལས་ཀྱི་ཚུལ་དུ་སྟོན་ཅིང་དགེ་བའི་བཤེས་གཉེན་མཛད་པའི་འཇམ་དཔལ་དབྱངས་འདི་ཡང་དེ་སྐབས་ན་ཐུགས་རྗེ་དང་ཐབས་མཁས་ལྷག་པར་དུ་ཁྱད་པར་འཕགས་པ་ཞིག་སྟེ། དེ་ཉིད་ཀྱི་བཀའ་ལས་འདའ་མེད་དུ་མཛད་སྟབས། །རང་གི་ཡོན་ཏན། །བསྟན་པའི་བྱི་དོར། བཤད་སྒྲུབ་ཀྱི་ཕྱག་རྗེས་སོགས་ཕུན་སུམ་ཚོགས་པའི་སྒོ་ནས་བསྟན་པ་དང་འགྲོ་བའི་དོན་མཁའ་དང་མཉམ་པ་འདི་བཞིན་འཕགས་བོད་ཀུན་ན་འགྲན་ཟླར་བགྱིད་དུ་མེད་པ་མངོན་སུམ་ལ་སྟོན་པ་ཇི་ལྟ་བ་དེ་བཞིན་དུ་བྱུང་བ་ནི་བརྗོད་མ་དགོས་འཛམ་གླིང་གི་ཐ་གྲུ་ཀུན་ཏུ་ཕན་བདེའི་རྒྱུན་དུ་བརྗིད་བཞིན་པ་ལྟར་དང་། གཞན་ཐུན་མིན་མངོན་པར་ཤེས་པ་ལྔ་སོགས་ཀྱིས་མཚོན་སྐུ་གསུང་ཐུགས་ཀྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཟག་པ་མེད་པའི་དཔལ་དུ་རྫོགས་པ་ནི་གཞིར་གྲུབ་མོད། །རྗེས་འཇུག་གདུལ་བྱ་བརྒྱུད་མར་གྱུར་པ་གཞན་ཏནམས་ཁམས་དབང་སྣ་ཚོགས་པའི་སྟབས་འཆོལ་བ་ལྷུང་དོགས་གསང་བ་ཤིན་ཏུ་སྦས་པ་


JLD018_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་རྣམས་ཀྱི་ལུགས་སྲོལ་ཏེ། ཤུགས་འབྱུང་འགའ་དང་འགའ་ཞིག་གསལ་བ་ཡང་སངས་རྒྱས་དངོས་ཀྱི་ཆོ་འཕྲུལ་ཉིད་ལས་མི་གཞན་པའི་ངོ་མཚར་བ་ཤ་དག་པ་ཉིད་དུ་གསལ་ལོ། །སྤྱིར་འཇམ་དཔལ་ཞིག་གི་བཀོད་པ་རྒྱ་ནག་རི་གེ་རྩེ་ལྔ་ཧ་ཅང་མི་འགྱངས་པའི་སའི་ཐིག་ལེ། །མདོ་སྨད་ཤར་ཕྱོགས་ཀྱི་ཡུལ་དུ་མཚན་དཔེའི་པདྨོ་བཀོད་ནས་བཟུང་། །རིམ་པར་དབུས་འགྱུར་འཆང་དུ་ཕེབས་ཏེ། །དང་པོ་རང་ཉིད་གསན་བསམ་སྒོམ་པ་མཛད་པ་ནས་བརྩམས། །མཐར་བསྟན་འགྲོའི་དོན་རླབས་པོ་ཆེ་བསྒྲུབ་པར་མཛ་བཞིན་པའི་བགྲང་བྱ་རེ་གསུམ་པར་གྱི་ཐུན་མོང་པའི་ཚུལ་དང་། །ནང་དང་གསང་བི་རིམ་པ་འགའ་ཞིག་གསལ་བ་བཅས་རྣམ་ཐར་རིགས་ལེ་ཚན་མང་དུ་བཞུགས་པ་རྣམས་བལྟ་བྱ་ལས། །འདིར་སྤར་བྱང་གི་འགྲོས་སུ་ས་བཅད་ཁོངས་གླེང་སློང་ཙམ་མ་སྤྲས་འཐུས་མེད་ལྟར་བགྱིས་པ་ཡིན་ཤེས་པར་བྱ་བའི་གནས་དང་། མདོར་ན་དང་པོ་བསྟན་པའི་སྒོར་འཇུག་ལུགས། །བར་དུ་ཐོས་བསམ་བསྒོམ་པར་བརྩོན་ལུགས། །ཐ་མ་གཞན་དོན་ཕྲིན་ལས་གནད་ལུགས་སོགས་ལ་གཞིག་ན་སྐད་ཅིག་བསྐལ་བར་བསྒྱུར་བའི་རྒྱུན་གྱི་མཛད་པ་ལྟ་བུ་སྟེ་གཞན་དམ་པ་ཆེན་པོར་གྱུར་པ་གང་གིས་ཀྱང་དེ་འདྲ་བའི་ངོ་མཚར་རྩོམ་པ་ལྟ་ཞོག །བློ་ཡི་ཡུལ་དུའང་གཏན་ནས་མི་འཆུན་པའི་རང་གཤིས་སུ་སྣང་ཞིང་། རང་དོན་ལ་འཇུག་སྐབས་དཀའ་སྤྱད་བརྩོན་འགྲུས་ཁྱད་འཕགས། །གཞན་དོན་ལ་འཇུག་སྐབས་ཉིན་བསྟར་ཆགས་ཆོས་ཐུན་གྲངས་མང་བ་ཆགས་ན་མེད་ཅིང་། གསུང་གི་ཀུན་སློང་ཁོ་ན་ཙམ་ཡང་ཉིན་མཚན་ཀུན་དུ་ཆོས་ཀྱི་འབེལ་གཏམ་དང་གཞན་གྱི་དྲི་བས་དུས་


JLD018_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བ་གཏོགས་ཐ་མར་བའི་ངག་དོན་དུ་མེད་པ་འགའ་ཙམ་ཡང་ལབ་པའི་སྲོལ་མེད་པ་སོགས་མཁས་པ་དང་བསྟན་འཛིན་ཕལ་ཆེར་བའི་འགྲོས་ཐོས་བསམ་སྒོམ་གསུམ་རིས་སྒྱུར་རེས་འཇོག་ཙམ་གྱི་སྟེང་། །གཙོ་ཆེ་བ་གདུལ་བྱ་དཀོར་སྡུད་རྒྱ་ཆེར་བྱས་ལུགས་སོགས་ཕྲ་མོ་ཙམ་ཞིག་རྣམ་ཐར་ཐོག་མཐའ་བར་གསུམ་གང་ས་ནས་བརྗོད་རྒྱུ་མ་རྙེད་པར་བྱུང་འདུག་པ་འདི་ཁོ་ནའི་བབས་ཀྱང་སུ་དང་གང་གི་འང་སྤྱོད་ཡུལ་དུ་མ་གྱུར་པའི་ངོ་མཚར་ཆེ་བ་ཞིག་ཡིན་པར་དྲན་ནོ། མ་འོངས་སྤྲུལ་པ་འདི་ཉིད་བསྡུ་བའི་ཚུལ་བསྟན་མཛད་པའི་ཚེ་དེ་མ་ཐག་དུ་དགའ་ལྡན་གྱི་གནས་མི་ཕམ་མགོན་པོའི་དྲུང་དུ་བྱང་ཆུབ་སེམས་དཔའ་སྙིང་པོ་ཞེས་པར་འགྱུར་བ་དང་། གཞན་དུ་བསྐལ་བཟང་གི་སངས་རྒྱས་བདུན་པ་འམ་བཅུ་གཅིག་པ་སྤྱན་ལེགས་དང་། །ཞིང་ཁམས་གཞན་དུ་རྒྱལ་བ་སེང་གེའི་ང་རོ་དང་། ཀུན་ཏུ་གཟིགས་པ་འཚང་རྒྱ་ཚུལ་ལུང་བསྟན་མདོ་སྡེ་ཁག་དུམ་ནས་གསལ་བར་གསུངས་པའང་ཐད་ཐད་ནས་ངེས་དོན་དུ་བཟུང་དགོས་ཏེ་ཐམས་མཁས་ཀྱི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དེ་དོན་དང་འབྲེལ་བའི་གོང་གི་བརྗོད་པ་ཐམས་ཅད་ཀྱི་རྒྱབ་སྐྱོར་དུ་ལུང་གི་ཡི་གེ་ཡང་རིམ་པ་བཞིན་པདྨའི་བཀའ་ཆེམས་ལས། །འཇམ་དབྱངས་སྤྲུལ་པ་གདུལ་བྱ་བསྟན་པའི་བདག །མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་ཞེས། །མི་རབས་བརྒྱད་དུ་མདོ་སྔགས་རྒྱས་པར་སྟོན། །ཞིང་འདིར་འདས་ནས་བྱམས་པའི་དྲུང་དུ་འགྲོ། །དེ་ཡི་བརྒྱུད་འཛིན་ཚེ་གཅིག་སངས་རྒྱས་ཡིན། །ཅེས་དང་། །མ་གཅིག་ལ་བསྒྲོན་ལུང་བསྟན་དུ། །བུ་མོ་ཁྱོད་ཀྱིས་དྲིས་པའི་བྱང་སེམས་དེ། །མ་འོངས་


JLD018_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་བཟང་སངས་རྒྱས་བདུན་པ་ཡིན། །ད་ལྟ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེ། །སྙིགས་དུས་ལོག་སྤྱོད་བོད་ཡུལ་འབྱུང་བའི་ཚེ། །དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ། །གང་གི་ཞིང་དུ་སེང་གེའི་ང་རོང་གྲགས། །ཁྲིམས་འཆལ་ལོག་སྤྱོད་སྤོབས་ཟིལ་གནོན་པས། །ཁྲིམས་འཆལ་བག་མེད་ཡང་དག་ཁྲིམས་ལ་སྦྱོར། །ཐུན་ཉིད་སྲོལ་བཏོད་བསྟན་པའི་ཕྱག་རྟགས་འཛིན། །བསྟན་པ་གསལ་བར་བྱེད་པའི་དགེ་སློང་ངོ་། མཐའ་ཡས་རྒྱུད་སྡེའི་ཚོགས་ལ་དབང་བསྒྱུར་ཞིང་། །རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད་འཐུངས་ནས། གདུལ་བྱར་གྱུར་པའི་སྐལ་ལྡན་ཚིམ་པར་མཛད། ཅེས་དང་། སློབ་དཔོན་པདྨས། རྒྱལ་བའི་སྲས་པོ་གྲགས་མཐའ་ཅན་དེས། །ཤཱཀྱའི་རྒྱལ་པོ་ལོངས་སྤྱོད་རྫོགས་སྐུར་བསྒྱུར། །ཕ་རྒྱུད་ཟབ་གནད་ཕྲ་མོའི་རྣལ་འབྱོར་དང་། མཐའ་བཞི་སྤྲོས་བྲལ་རིག་པའི་ལྟ་བ་ཡིས། །སྐལ་བཟང་གདུལ་བྱ་མང་པོའི་སྨིན་གྲོལ་མཛད། །ཞིང་འདིའི་སྐུ་ཡི་བཀོད་པ་ལེགས་བསྡུས་ནས། །ངོ་མཚར་རྨད་བྱུང་བཀོད་པའི་འཇིག་རྟེན་དུ། །རྒྱལ་བ་སེང་གེའི་ང་རོར་མངོན་འཚང་རྒྱ། །དེ་ཡི་ཕྱག་གི་མཆོད་སྡོང་ཆེན་པོ་ལས། །འོད་ཟེར་བྱེ་བའི་ཕུང་པོ་རབ་ཏུ་འགྱེད། །ཅེས་དང་། གསང་འདུས་རྒྱུད་མངོན་བརྗོད་བླ་མ་ལས། །མ་འོངས་བྱང་གི་ཕྱོགས་སུ་འབྱུང་། །མིང་གི་ཐོག་མར་བློ་ཞེས་བྱ། །བཟང་པོ་སྤྱོད་པས་བསྟན་པ་སྐྱོང་། །གྲགས་པ་ཀུན་ཁྱབ་སྐྱེ་བ་ནི། །འཇམ་དཔལ་ཞིང་གི་བཀོད་པར་འགྲོ། །ཞེས་པ་ལ་སོགས་ཤིན་ཏུ་མང་ངོ་། དེ་བས་སྙིང་པོར་བཟུང་བའི་དབང་དུ་བྱས་ན་རྗེ་འདི་ཉིད་ནི་སངས་རྒྱས་ཀྱི་གྲལ་ན་ཡོད་པའི་


JLD018_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཡབ་སྲས་མཇལ་བའི་མདོ་ལས། །དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཅེས་གང་འདུལ་སྒྱུ་འཕྲུལ་གྱི་རོལ་མོ་ནམ་མཁའི་མཐའ་དང་མཉམ་པར་རྟག་པར་རྒྱུན་གྱི་འཁོ་ལོའི་སྤྱོད་ཡུལ་འཆང་བ་ལས་གཞན་དུ་མ་དམིགས་ཤིང་། །དེ་ལྟ་བུའི་སྤྲོས་པ་འདུ་མཛད་པ་ཡང་གཞན་དོན་ཁོ་ནའི་ཕྱིར་ཡིན་ཏེ། །བདག་ཉིད་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་བྱ་དང་། །ཞིང་སྦྱོང་ཕ་རོལ་ཕྱིན་རྫོགས་དོན་བྱེད་ཁོ་ནར་ཟད། ཅེས་པ་ལྟར་གཞན་ཕན་ཁོ་ནའི་དོན་དུ་སངས་རྒྱས་ཀྱི་ཞིང་སྦྱོང་བ། །སེམས་ཅན་ཡོངས་སུ་སྨིན་པ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་སྒྲུབ་པའི་ཚུལ་སྟོན་པ་སོགས་ལ་དུས་རྟག་ཏུ་གཞོལ་བའི་རྣམ་པར་ཐར་བ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཁོ་ནའོ། བྱེ་བྲག་འཕགས་བོད་ཁོ་ན་ཙམ་དུའང་རྣམ་འཕྲུལ་སྣ་ཚོགས་བ་རྒྱུན་མི་འཆད་པ་འབྱུང་བའི་ཚུལ་ཡང་། བློ་བཟང་གྲགས་པ་འདི་ཉིད་ནི། སངས་རྒྱས་ཀུན་གྱི་སྤྲུལ་པ་སྟེ། །པན་ཆེན་རྐྱང་གི་ལུས་བཟུང་ནས། །མདོ་དང་སྔགས་ཀྱི་དོན་བཤད་ཅིང་། །ངེས་པར་ཁོ་ནར་འཚང་རྒྱའོ། །རྒྱ་གར་རྒྱ་ནག་བལ་བོ་དང་། །དབུས་གཙང་མདོ་ཁམས་ཡུལ་ཕྱོགས་སུ། །སྐྱེ་བ་བཟུང་ཞིང་འགྲོ་ཀུན་རྣམས། །ཐར་བའི་ལམ་དུ་འཁྲིད་པར་མཛད། །ཞེས་པ་ལྟར་བཟོ་སྐྱེ་མཆོག་གི་རིམ་པ་བགྲང་ཡས་འབྱུང་བ་གཞིར་གྲུབ་མོད། །མཆོག་གི་སྤྲུལ་པ་ཁོ་ནའི་དབང་དུ་བྱས་ན་ཡང་དེང་སང་བར། །ས་དགེ་ཀར་རྙིང་སོགས་རིས་


JLD018_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་གྲུབ་མཐའ་ཀུན་ན་ཐོབ་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། །འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་གྱིས་རྒྱུད་ཕྱུག་པའི་བསྟན་འཛིན་གྱི་སྐྱེས་བུ་དང་། །དགེ་བའི་བཤེས་གཉེན་ཚད་གྱུར་པ་གང་བྱུང་བ། ཐམས་ཅད་དོན་གྱིས་རྗེ་རིན་པོ་ཆེ་འདི་ཉིད་ཁོ་ནའི་རོལ་གར་ཡིན་པར་ངེས་ཤིང་། །ཕྱི་དུས་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ལྟ་བུའང་སྐུ་ཆུང་ངུ་ཤིན་ཏུ་བྱིས་པའི་སྐབས་རྗེ་རིན་པོ་ཆེའི་རྣམ་འཕྲུལ་འཁྲུལ་མེད་ཡིན་པར་གཏེར་ཆེན་གྲུབ་པའི་འཁོར་སྒྱུར་ཡོངས་དགེ་མི་འགྱུར་རྡོ་རྗེས་ལུང་ནས་བསྟན་འདུག་པ་སོགས་སོ། །སྐྱེ་བ་སྔ་མའི་རིམ་པ་རགས་རིམ་ཙམ་ཡང་། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། །བློ་བཟང་གྲགས་པ་འགྲན་གྱི་དོ་ཟླ་མེད། །སྐྱེ་བ་བརྒྱ་རུ་པཎ་ཆེན་རྐྱང་དུ་བླངས། །ཞེས་པ་ལ་སོགས་པས་མཚོན་མཐའ་ཡས་ཀྱང་། །འགའ་ཞིག་ལུང་ལས་གསལ་བ་རྣམས་འདི་ལྟར། །དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག །དེ་བཞིན་གཤེགས་པ་མོས་པ་རབ་ཏུ་དགའ་བའི་སྙིང་པོ། །རྗེ་བཙུན་འཇམ་དབྱངས། །བྱང་སེམས་སྙིང་སྟོབས་ཆེན་པོ། །བྱང་སེམས་ནོར་བུ་བཟང་པོ། །བདག་ཅག་གི་སྟོན་པའི་དྲུང་དུ་ཤེལ་དཀར་གྱི་ཕྲེང་བ་ཕུལ་ནས་ཐུགས་བསྐྱེད་པའི་དགེ་སློང་པདྨའི་དད་ལྡན། །དགྲ་བཅོམ་པ་ཉེ་བར་འཁོར། །དགྲ་བཅོམ་པ་ཉེར་སྤས། །དགའ་ལྡན་བྱམས་པའི་དྲུང་དུ་བྱང་སེམས་འོད་ཟེར་ཕྲེང་བ། །ཌོམྦྷི་ཧེ་རུ་ཀ ལྭ་བ་པ། ལཱུ་ཧི་པ། མངའ་བདག་མར་བ་ལོ་ཙཱ། སྐ་བ་དྲི་མེད་འོད། །གཉོས་ཆོས་སྟོན་འབར། །དན་འབག་སྨྲ་བའི་སེང་གེ །ལྷ་རི་སྡེ་སྣོད་འཛིན་པ་དར་མ་སེང་གེ །ཀུན་མཁྱེན་མཚོ་སྣ་


JLD018_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོ་ལ་སོགས་པ་དང་། །ཁྱད་པར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། མགོན་པོ་ཀླུ་སྒྲུབ། དཔལ་ལྡན་ཨ་ཏི་ཤ །དྭགས་པོ་ལྷ་རྗེ་རྣམས་ནི་མངོན་སུམ་ལྟ་བུ་ཡིན་ཅིང་ལུང་ལས་ཀྱང་ཤིན་ཏུ་གསལ་བ་དང་། ལུང་གཞན་དུ་བྱམས་པའི་སྤྲུལ་པར་ཡིན་པ་དང་། །བཻ་རོ་ཙ་ན་དང་སྒོམ་པ་ཚུལ་ཁྲིམས་སྙིང་པོ་སོགས་ཀྱང་ཡིན་པར་གསུངས་པ་བཅས་གང་ལྟར་ཡང་རྒྱལ་བ་སྲས་དང་བཅས་པ་ཀུན་འདུས་ཀྱི་རང་གཟུགས་བྱང་ཕྱོགས་གངས་རིའི་དབུས་འགྱུར་རྡོ་རྗེ་གདན་གྱི་སྟོན་པ་གཅིག་པུ་སྙིང་ལྔ་ཆེས་ཆེར་མདོ་བའི་སྐབས་ན་པདྨ་དཀར་པོ་ལྟར་བསྔགས་པར་འོས་པའི་བྱེ་བྲག་ཅིག་རྩོད་བྲལ་བསྙོན་མེད་བུ་ཡིན་པར་འཁུམས་སོ། གཉིས་པ་དེས་མཛད་པའི་བསྟན་བཅོས་བཅོམ་གྱི་རྣམ་གཞག་ཟུར་ཙམ་གླེང་བ་ནི། རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་ནས་མཛད་པའི་རིམ་པ་གང་དང་གང་སྟོན་པའི་གཙོ་བོ་ནི་ཆོས་སྟོན་པ་ཁོ་ན་ཉིད་ཡིན་ལ། །གཞན་རྣམས་དེ་ཡི་བདག་རྐྱེན་ལྟ་བུར་གྱུར་པ་སྟེ། །གདུལ་བྱ་རྣམས་ཐར་བའི་ལམ་དུ་སྦྱོར་བ་བྱེད་པ་ལ་ཆོས་ཀྱི་སྒོ་ནས་བྱེད་བ་མ་གཏོགས་གཞན་ཐབས་གང་གིས་ཀྱང་དབྱར་མི་ནུས་ཏེ། །ལུང་ལས། །ཐུབ་རྣམས་སྡིག་པ་ཆུ་ཡིས་བཀྲུ་བར་མི་མཛད་ཅིང་། འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་བསམ་ཡིན་ཏེ། ཆོས་ཉིད་ངེས་པར་བསྟན་པས་གྲོལ་བར་མཛད་པ་ཡིན། ཅེས་པ་ལྟར་རོ། སྤྱི་ཆོས་ཞེས་པའི་སྒྲ་ཡང་། ཌུཌྷྲྀཉ་འཛིན་པའི་བྱིངས་ལས་དྷརྨ་ཞེས་གྲུབ་པ་ཉིད་དེ། རྣམ་བཤད་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། མྱ་ངན་འདས་དང་ཡིད་ཀྱི་


JLD018_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ། བསོད་ནམས་ཚེ་དང་གསུང་རབ་དོན། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། ཞེས་དོན་དགུ་ལ་འཇུག་གསུངས་པ་ལྟར་བརྗོད་བྱ་རྗོད་བྱེད་ཅི་རིགས་པ་དང་འབྲེལ་བའི་སྒོ་ནས་གྲངས་ཀྱི་དབྱེ་བ་དེ་ལྟར་དུ་ཡོད་པ་ཡིན་ཅིང་། དམ་པའི་ཆོས་དབྱེ་བྲག་ཏུ་ཕྱེ་བའི་དབང་དུ་བྱས་ན། གང་ལ་དམིགས་ནས་སྲིད་པའི་སྡུག་བསྔལ་རྒྱུ་དང་བཅས་པ་དང་། ལས་བསགས་པའི་སྒོ་ནས་ཐར་བ་ལ་སྒྲིབ་པའི་ཚོགས་ཅི་མཆིས་པ་ཀུན་སེལ་བར་བྱེད་པའི་དངོས་རྒྱུ་གང་ཡིན་པ་དེ་ནི་དམ་པའི་ཆོས་ཀྱི་ངོ་བོ་ཡིན་ཏེ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། སྒྲིམ་ཀུན་སེལ་བྱེད་དམ་པའི་ཆོས། ཞེས་པ་ལྟར་དང་། །ལུང་དང་རྟོགས་པའི་བདག་ཉིད་བརྗོད་བྱ་རྗོད་བྱེད་ཀྱི་ཚུལ་དུ་གནས་པ་ནི་དམ་པའི་ཆོས་ཀྱི་མཚན་ཉིད་དེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་པ་ལྟར་རོ། དེའང་རྟོགས་པའི་ཆོས་ནི། མགོན་པོ་བྱམས་པས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་བདག་གིས་བསྡུས། །ཞེས་པ་ལྟར་སྡུག་ཀུན་སྤོང་བྱེད་ལམ་གྱི་བདེན་པ་དང་། །དེ་སྤངས་པའི་འགོག་པའི་བདེན་པ་སྟེ་གཉིས་སུ་གསུངས་སོ། །ལུང་གི་ཆོས་ནི་ཞལ་ནས་གསུངས་པའི་བཀའ་དང་། །རྗེས་འཇུག་མཁས་པའི་བསྟན་བཅོས་རྣམས་ཏེ། དེ་གཉིས་སུ་ངེས་པའང་ལྷའི་བུ་བློ་གྲོས་རབ་གསལ་གྱིས་ཞུས་པའི་མདོ་ལས། ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་འདུ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །


JLD018_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟར་རོ། ལུང་གི་ཆོས་ལེགས་པར་གསུངས་པའི་བཀའི་ངོ་བོ་ཡང་། བསླབ་པ་གསུམ་སྟོན་ངག་ཚིག་དྲི་མ་མེད། །ཚད་མ་གསུམ་ལྡན་ཐོག་མཐའ་བར་དགེ་བ། །དེ་ནི་ཆེན་པོར་གསུངས་པ་རྒྱལ་བའི་བཀའ། །ཟློག་པ་གཞན་གྱི་གཞུང་དུ་ཤེས་པར་བྱ། །ཞེས་པ་ལྟར་བརྗོད་བྱ་བསླབ་པ་གསུམ་སྟོན་པ། རྗོད་བྱེད་ངག་ཚིག་དྲི་མ་མེད། །སྒྲུབ་བྱེད་ཚད་མ་གསུམ་དང་ལྡན་པ། །འབྲས་བུ་ཐོག་མཐའ་བར་གསུམ་དུ་དགེ་བ་ཅན་ཞིག་གོ །ཚུལ་ཇི་ལྟར་གསུངས་ན། །རྩ་ཤེར་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། ཞེས་བརྗོད་བྱ་བདེན་པ་གཉིས་ལ་བརྟེན་ནས་གསུངས་ཏེ། རྗོད་བྱེད་ཀྱི་རིམ་པ་ཡང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་ཏེ། འགྲེལ་ཆེན་སྙིང་པོ་མཆོག་ལས། །མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། ཚིགས་བཅད་ཆེན་བརྗོད་གླེང་གཞི་དང་། རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། རྨད་བྱུང་གཏན་ལ་དབབ་པའི་སྡེ། གསུང་ཏབ་ཡན་ལག་བཅུ་གནིས་སོ། ཞེས་པ་ལྟར་དང་། ཡང་གཉེན་པོ་ལ་བལྟོས་ནས་གསུངས་པའི་ཚུལ་ནི། མགོན་པོ་བྱམས་བས། སྡེ་སྣོད་དག་ནི་གསུམ་མ་མ་གཉིས་ཀྱང་རུང་། བསྡུས་པའི་ཕྱིར་ན་རྒྱུ་ནི་དགུས་འདོད་དོ། དེ་ཡིས་བག་ཆགས་རྟོག་དང་ཞི་བ་དང་། རབ་ཏུ་རྟོག་པས་རབ་ཏུ་གྲོལ་བར་བྱེད། ཞེས་པ་ལྟར་དང་། གདུལ་བྱ་ལ་བལྟོས་ནས་གསུངས་པའི་ཚུལ་ཡང་། དམན་པར་མོས་པ་ལ་འདུལ་བའི་སྡེ་སྣོད། ཟབ་མོ་མོས་པ་ལ་མངོན་པའི་སྡེ་སྣོད། རྒྱ་ཆེ་བར་མོས་པ་ལ་མདོ་སྡེའི་སྡེ་སྣོད། ཆགས་བཅས་ཀྱི་ལམ་གྱིས་འདུལ་བ་ལ་གསང་སྔགས་ཀྱི་སྡེ་སྣོད་རྨས་བསྟན་


JLD018_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། ནང་གསེས་ཀྱི་ཁམས་དབང་བསམ་པ་ཐ་དད་ལ་བལྟོས་ནས་གསུངས་པའི་ཚུལ་ཡང་ཐེག་པ་ཆེ་ཆུང་གསུམ་དང་། ཐེག་པ་ཆེན་པོ་སྐབས་ཀྱང་། དབང་རྟུལ་རྒྱུ་ལ་མོས་པ་རྒྱུ་ལམ་དུ་བྱེད་པ་ལ་ཕར་ཕྱིན་གྱི་ཐེག་པ། དབང་པོ་རྣོན་པོ་རྒྱུ་འབྲས་ལྷུན་འགྲུབ་ཏུ་མོས་པ་འབྲས་བུ་ལམ་དུ་བྱེད་པ་ལ་གསང་སྔགས་ཀྱི་ཐེག་པ་རྣམས་གསུངས་སོ། བདག་རྐྱེན་གྱི་སྒོ་ནས། ཞལ་ནས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་གནང་བའི་བཀའ་རྣམས་བྱུང་བ་ནི་བཀའི་མཚན་ཉིད་དུ་གྲུབ་ཅིང་། རིགས་ཀྱི་དབང་དུ་བྱས་ན་རྒྱུ་འབྲས་ཀྱི་བརྗོད་བྱ་ལས་བརྩམས་ནས་གསུངས་པའི་བཀའི་རིགས་མདོ་སྔགས་རྣམ་པ་གཉིས་སུ་ངེས་ཏེ། དེའང་ཐུན་མོང་གི་ཕྱོགས་མདོ་རྣམས་མཆོག་གི་སྤྲུལ་སྐུའི་ཚུལ་གྱིས་འཁོར་བྱང་སེམས་དགྲ་བཅོམ་པ་རྣམས་ལ་གསུངས་ཤིང་། ཐུན་མིན་གྱི་ཕྱོགས་སྔགས་ཀྱི་སྐོར་རྒྱུད་སྡེ་བཞི་ལ་སོགས་པ་རྣམས་ནི་རྡོ་རྗེ་འཆང་སོགས་དཀྱིལ་འཁོར་གྱི་འཁོར་ལོའི་སྐུར་བཞེངས་ཏེ་འཁོར་གསང་སྔགས་གྲུབ་པའི་དབང་པོ་བརྟུལ་ཞུགས་སྤྱོད་པ་རྣམས་ལ་རང་བྱུང་ནཱ་དའི་དབྱངས་ཀྱི་སྒྲ་རུ་འཕོས་པའི་སྒོ་ནས་གསུངས་པ་སྟེ་གསང་བ་བསམ་གྱིས་མ་ཁྱབ་པའི་གནས་སོ། རྫོགས་པའི་སངས་རྒྱས་ཀྱི་བཀའ་ལུང་གི་རིམ་པ་རྣམས་ཟབ་རྒྱས་གང་གི་ཕྱོགས་ནས་ཀྱང་དྲང་ངེས་རྣམ་པར་དབྱེ། །འཁྲུགས་པ་ཁྲིགས་སུ་བསྡེབས། གབ་པ་མངོན་དུ་ཕྱུང་བ་སོགས་བཀའི་དོན་ལྷུན་པར་བཀྲོལ་བའི་དགོངས་འགྲེལ་རྣམས་ནི་རྗེས་འཇུག་མཁས་པའི་བསྟན་བཅོས་ཏེ། དེའི་ངོ་བོ་ཡང་། རྣམ་བཤད་རིགས་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །


JLD018_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་འབྱུང་བ་ལྟར་ལ། མཚན་ཉིད་ཀྱི་དབང་དུ་བྱས་ན། ས་སྡེ་ལས། དོན་མེད་དོན་ལོག་དོན་དང་ལྡན། ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང་། ངན་གཡོ་བརྩ་ཟལ་སྡུག་བསྔལ་སྤོང་། བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། ཞེས་གསུམ་ཚན་གསུམ་ལས་སྔ་མ་གཉིས་རེ་དང་བྲལ་ཞིང་། ཕྱི་མ་རེ་རེ་དང་ལྡན་པ་གང་ཡིན་པའོ། དེ་ལྟ་བུའི་བསྟན་བཅསོ་གང་ཟག་གང་དང་གང་ལྟ་བུས་བྱས་ཀྱང་སངས་རྒྱས་ཀྱི་བཀའི་དགོངས་འགྲེལ་འབའ་ཞིག་པའི་དབང་དུ་བྱས་ཏེ་རྩོམ་པ་པོ་ལྟ་བ་ངན་པ་དང་ཐེ་ཚོམ་སོགས་རྣམ་གཡེང་མེད་པའི་ཡིད་ཆོས་རབ་རྣམ་འབྱེད་ཀྱི་བློ་གྲོས་ཕུལ་དུ་ཕྱིན་པས་བཤད་པའི་ངག་ཐར་བ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ་ཤ་སྟག་པ་འདུག་པ་རྣམས་ནི་དོན་ལ་རྒྱལ་བའི་བཀའ་དང་ཁྱད་མེད་ཅིང་བཀའ་དང་འདྲ་བ་དང་དུ་ལེན་དགོས་པའི་ཚུལ་ཡང་། རྒྱུད་བླ་མ་ལས། །གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་ན། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་ལོངས། ཞེས་པ་ལྟར་རོ། རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས་པོ་དེ་ཉིད་རྗེས་འཇུག་རྣམས་ཀྱིས་ཇི་ལྟར་འཛིན་པའི་ཚུལ་ཡང་། སློབ་དཔོན་དབྱིག་གཉེན་གྱིས། དེ་འཛིན་བྱེད་པ་སྨྲ་བྱེད་པ། སྒྲུབ་པར་བྱེད་པ་ཁོ་ནའོ། ཞེས་གསུངས་བ་ལྟར་འཆད་རྩོད་རྩམ་གསུམ་གྱི་སྒོ་ནས་གཞན་ལ་སྨྲ་བར་བྱེད་པ་དང་། དེའི་དོན་རང་ཉིད་ཉམས་སུ་བསྟར་བ་སྒྲུབ་པར་བྱེད་པ་སྟེ་དེ་གཉིས་ཟུང་དུ་འབྲེལ་བ་ཞིག་དགོས་པའི་ཕྱིར་ན། སྐབས་སུ་བབས་པ་འཇམ་མགོན་ཆོས་ཀྱི་རྒྱལ་


JLD018_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་ཉིད་ཀྱིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རྣལ་མ་བག་ལ་ཞ་བའི་མེ་རོ་གསར་དུ་སློང་བའི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་སྨིན་པ་དང་ཆབས་ཅིག་ཐབས་མཁས་ཀྱི་ཕྲིན་ལས་མཐའ་ཡས་པར་བརྡལ་བར་མཛད་པའི་ནང་ནས། རྒྱལ་བསྟན་རིན་པོ་ཆེའི་རྒྱུན་འཁོར་བ་ཇི་སྲིད་དུ་གནས་པའི་ཆེད་རྩོམ་པའི་བསྟན་རྒྱུན་བཞག་པའི་གསུང་རབ་ཀྱི་ཕྲེང་བ་ཉིད་ནི་མཛད་པ་ཀུན་གྱི་སྙིང་པོའམ་གཙོ་བོའི་ངོ་བོར་གནས་པ་ཡིན་ཏེ། དེའང་རྫོགས་པའི་སངས་རྒྱས་ཀྱི་བཀའ་གདུལ་བྱའི་ཁམས་དབང་མོས་པ་ཐ་དད་པ་དང་བསྟུན་པའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་གསུངས་པ་རྣམས་དངོས་བརྒྱུད་གང་ནས་ཡང་དག་པའི་ལམ་འདག་གྲོལ་གྱི་རྒྱུར་མི་འགྲོ་བ་ཅི་ཡང་མེད་སྟབས་གདུལ་བྱའི་རྒྱུད་ཚོད་དང་འབྲེལ་བ་ཐམས་ཅད་ཉམས་སུ་ལེན་བྱ་ཉིད་ཀྱང་། བྲང་ངེས་ཀྱི་རིམ་པ་སོགས་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་པའི་དབང་གིས་གང་ཟག་སོ་སྐྱེ་བས་ཤིན་ཏུ་རྟོགས་དཀའི་གནས་སུ་གྱུར་པ་ན་རིམ་གྱིས་རྗེས་འཇུག་མཁས་པ་ཤིན་རུ་ཚད་མར་གྱུར་པ་མང་པོས་དགོངས་འགྲེལ་གྱི་བསྟན་བཅོས་རྒྱ་ཆེར་མཛད་ཅིང་། ལྷག་པར་ཤིང་རྟ་ཆེན་པོ་ཀླུ་ཐོགས་གཉིས་ཀྱིས་དྲང་ངེས་ལེགས་པར་ཕྱེ་བ་སོགས་ཟབ་རྒྱས་ཆོས་ཀྱི་ཤིང་རྟ་ཆེན་པོའི་ལམ་སྲོལ་ཡང་དག་པར་བཏོད་པ་ནས་བཟུངས་འཔྱངས་ཡུལ་དུ་གདུལ་བྱའི་པདྨོར་དམ་ཆོས་ཀྱི་འོད་སྟོང་ཅི་དགར་འཁྱུད་པའི་བསྟན་པའི་བསྟན་པའི་བབས་དཔྱིད་ཀྱི་ཉི་མ་ལྟར་འབར་བར་གྱུར་ཐོག བོད་གངས་ཅན་གྱི་ལྗོངས་སུ་ཡང་པཎྜི་ཏས་བཤད། ལོ་ཙཱ་བས་ཉན། འཆད་ཉན་ཉམས་ལེན་གྱི་སྒོ་ནས་བཀའ་དང་དགོངས་འགྲེལ་གཅེས་གཅེས་རྣམས་བོད་རང་སྐད་དུ་བསྒྱུར་བ་སོགས་སྔ་འགྱུར་ཕྱི་འགྱུར་གང་གིས་


JLD018_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་ཆོས་ཀྱི་ཉི་མ་ཆེན་པོ་ཤར་བར་གྱུར་ནའང་། འཕགས་ཡུལ་བའི་སྐད་བཙན་ཞིང་ངག་སྒྲོས་དམ་པའི་ཤན་ཞུགས་སྟབས་བོད་ཡུལ་བ་ཕལ་གྱིས་རྟོགས་དཀར་གྱུར་པ་ལ་དགོས་མཁས་གྲུབ་ལོ་ཙཱ་བ་རྣམས་ཀྱིས་གསལ་བྱེད་བསྟན་བཅོས་ཀྱི་རིམ་པ་ཇི་སྙེད་ཅིང་མཛད་རྒྱུའི་བཀའ་དྲིན་བསྐྱངས་རུང་། སྐྱེས་ཐོབ་སྦྱོར་བྱུང་གང་ཐད་ནས་འཕགས་ཡུལ་གྱི་མཁས་པ་དང་མཉམ་པ་སུའང་མ་བྱུང་བར་བརྟན་དགོངས་པ་ཇི་བཞིན་ལོན་པ་ཡེ་བྱུང་མི་འདུག་པ་རྒྱུ་མཚན་དུ་བྱས་ནས། རྗེ་བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་མཁྱེན་རབ་དང་ཐུགས་རྗེ་མཚུངས་པ་མེད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ཡང་དག་པའི་གནད་ངོ་མ་ཁྱབ་གདལ་དུ་སྤེལ་བའི་ཐུགས་ཁུར་ཆེར་བཞེས་པ་དང་འབྲེལ། རྒྱུ་མཚན་ཉིད་ཐེག་པའི་སྐབས་འདུལ་བ་དང་། མདོ་སྡེ། མངོན་པ་སོགས་སྡེ་སྣོད་གསུམ་གྱི་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཟབ་མོ་རྣམས་ཀྱི་དཀའ་གནད་ལྷུག་པར་བཀྲོལ་བའི་དབུ་ཕལ་འདུལ་མཛོད་སོགས་ཀྱི་འགྲེལ་བ་དང་སྤྱི་དོན་ལམ་རིམ་སོགས་ལེགས་པར་གསུངས་པའི་སྒོ་ཇི་སྙེད་དང་། ལྷག་པར་དབུ་མ་རྩ་ཤེར་དང་། འཇུག་པ་བཅས་ལྟ་བའི་སྲོག་ངོམ་ཡང་བོད་རྣམས་ཟབ་མོའི་དོན་ལ་མཐའ་གང་རུང་ཞིག་དང་། ལུང་མ་བསྟན་ལྟ་བུའི་གཡང་སར་ལྷུང་བ་མང་བ་ལས། དབུས་ཀྱི་གནས་ལུགས། བདེན་གཉིས་ཀྱི་གསང་གནད་རྣམས་ཇི་བཞིན་རྟོགས་མཁན་ཉུང་བར་གཟིགས་ནས་གྲུབ་མཐའི་སྙིང་པོ་ལྟ་བ་ཡིན་གཤིས་འདིའི་གནད་ལ་ནི་ཚུ་ཚེ་རིང་པོའི་བར་ཐོས་པས་བཙལ། བསམ་པས་དཔྱད། སྒོམ་པས་ཉམས་སུ་མྱོང་། ལུང་རིགས་ཀྱི་ནན་ཏན་བསྒྲུབ་རྒྱུ་སོགས་ལྷུར་ལེན་མཛད་ནས་


JLD018_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལས་གོ་རྟོགས་མྱོང་གསུམ་ཁྱད་བྱེ་བ་དཔེར་ན་རྒྱུ་སྐར་གྱི་དབུས་སུ་ཉི་མ་ལྟ་བུར་གྱུར་རུང་དེ་ཙམ་གྱིས་ཀྱང་ཟབ་མོའི་གྲུབ་མཐའ་གཏན་ལ་འབེབས་པར་མི་ཡོང་བར་དགོངས་ཏེ་འཇམ་དཔལ་གཞོན་ནུ་ལ་གསོལ་འདེབས་དང་དྲི་བའི་འབད་རྩོལ་ལྷུར་ལེན་ངོས་ཞལ་ལུང་དྲི་མ་མེད་པ་ལ་བརྟེན་བསྟན་བཅོས་འདི་གཉིས་ཀྱི་འགྲེལ་བ་མཛད་པ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་འཁྲུལ་མེད་དུ་གཏན་ལ་ཕབ་པའི་བསྟན་བཅོས་གཅིག་པུར་སོང་བས་ཐུབ་དབང་ཆོས་ཀྱི་རྗེས་སྐྱེས་རྣམས་ནི་འདི་ཁོ་ན་ལ་སྙིང་པོར་སེམས་པར་འོས་ཤིང་། ལྷག་པའི་ལྷ་འཇམ་དཔལ་དབྱངས་སྐུ་ཚེར་ཡི་དམ་དུ་བསྟེན་པའང་འདིའི་དོན་ཁོ་ནའི་གྲོགས་སུ་བརྣག་པ་བཞིན་ནོ། དེ་བཞིན་དུ་ཕར་ཕྱིན་གྱིས་མཚོན་བྱམས་ཆོས་རྣམས་དང་། དཔལ་ཆོས་ཀྱི་གྲགས་པའི་ཚད་མའི་གཞུང་སོགས་ཀྱི་འགྲེལ་བཤད་སོགས་ཀུན་མཁྱེན་གྱི་རྒྱུ་ཚོགས་མདོ་རིམ་མཐའ་དག་མ་ཚང་བ་མེད་པའི་ལེགས་བཤད་མཐའ་ཡས་པ་དང་། ཁྱད་པར་འབྲས་བུ་རྡོ་རྗེ་ཐེག་པའི་སྐབས་སྔགས་རིམ་ཆེན་མོས་ཐོག་དྲངས། བླ་མེད་ཀྱི་རྒྱུད་སྟེ་གསང་འདུས་དང་། །དུས་འཁོར་གྱི་རྒྱུད་ཀྱི་འགྲེལ་བཤད་སྐོར་གྱིས་གཙོས་རྒྱུད་སྡེ་བཞི་ལ་སོགས་པའི་གཞི་ལམ་འབྲས་གསུམ་གྱི་རྒྱུད་ཟབ་མོ་རྣམས་ཀྱི་དགོངས་པ་ངེས་འགྲེལ། །བསྐྱེད་རྫོགས་ཀྱི་ཟང་བཤད། །མན་ངག་གི་སྨར་ཁྲིད་སོགས་སྣན་ཅན་བོད་ཡུལ་ན་ལྟ་ཞོག འཕགས་ཡུལ་པའི་མཁས་པ་ཆེན་པོ་རྣམས་ཀྱི་ཞལ་ནས་ཀྱང་མ་བྱུང་བའི་ངོ་མཚར་གྱི་ལེགས་བཤད་ཤིན་ཏུ་རྨད་དུ་བྱུང་བ་བཟང་ལ་མང་བ་རྣམས་སྤྲོས་སུ་མཛད་པ་སྟེ། དེ་ལྟར་ན་མདོ་སྔགས་གཉིས་ཕྱོགས་ནས་


JLD018_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་བཏང་ཙམ་གྱི་ལུགས་སུ་མིན་པ་དངོས་ཤུགས་ཀུན་ནས་ཚིག་ཉུང་ལ་དོན་ཐོན་པ། ཁྱད་པར་ཟབ་དོན་དཀའ་བའི་གནད་རྣམས་རྒྱ་མཚོའི་ཟབས་གདིང་ནས་དཀྲུགས་པ་ལྟ་བུའི་རྗེན་གཅེར་དུ་ཕྱུང་བ་སོགས་ངོ་མཚར་བའི་སྒོ་འབྱམས་སུ་ཀླས་པ་བཅས་མདོར་ན་ཚིག་གཅིག་ང་མཆིས་པ་ཐམས་ཅད་ཟབ་རྒྱས་ཀྱི་དོན་ཁོ་ནའི་རྩལ་གཏོན་པ་ཞིག་གི་ལུས་སུ་གྲུབ་པ་ལས་གཞན་དུ་མ་དམིགས་པ་དང་། དེ་ཡང་མ་ཀི་འདུལ་བ་ཀཱ་རི་ཀ་ནས་བཟུང་། ཡ་ཀི་གསང་ཆེན་རྡོ་རྗེ་ཐེག་པའི་བར་གཞུང་སྡེ་སྣོད་རྒྱུད་ལུང་མན་ངག་རྣམས་ཀྱི་ལྟ་སྒོམ་སྤྱོད་པའོ་ཕྱོགས་དང་འབྲེལ་བ་ཁོ་ནའི་རང་བཞིན་མ་གཏོགས། གཞན་ཕལ་ཆེ་བའི་བཀའ་འབུམ་ཞེས་བསྟོད་བསྔགས་ཕྲིན་བསྐུར་ལྟ་བུའི་རྩོམ་ཆོས་ཐར་ཐོར་དང་། །འདོན་འགྲིགས་ལྟ་བུའི་ཆོག་སྒྲིགས་ཤས་ཆེ་བ། གཏོ་མདོས་ཡས་གླུད་སོགས་ཀྱི་ཡིག་ཆ་ཡན་ཆད་བོད་དུ་བསྒྲིགས་པ་དང་མཚུངས་སུ་མེད་པ་སྨོས་སུ་ཅི་དགོས། །གཞན་གཟུང་ལུགས་ཟབ་མོ་རྣམས་ལ་སྔར་དང་བྱིས་བྱོན་གྱི་མཁས་པ་བརྒྱ་སྟོང་མང་པོས་ལུང་རིགས་དང་བློ་གྲོས་ཀྱི་རྩལ་ཅི་ཡོད་ཀྱི་སྒོ་ནས་རྣམ་བཤད་ཀྱི་སྤྲོས་པ་ཇི་སྙེད་ཅིག་བགྱིས་པ་བོད་ཡུལ་བའི་ལུགས་སུ་ཡོངས་གྲགས་རྣམས་ཀྱི་ཡིག་ཆས་ཀྱང་ཚིག་དོན་གཉིས་ཀའི་ཆ་ནས་སྐྱོན་དང་བྲལ་ཞིང་ཡོན་ཏན་དང་ལྡན་པའི་རང་གཤིས་ལ་ཆ་ཙམ་ཡང་བསྒྲུན་དུ་ཡོད་མེད་ནི་གཟུ་བོར་གནས་པའི་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་ཤེས་པར་ནུས་ལ། དེར་མ་ཟད་ལེགས་བཤད་ཕྲ་མོའི་གནས་ལའང་མཁས་པཚད་མར་གྱུར་པ་རྣམས་ཀྱིས་ལུང་རིགས་དྲི་མ་མེད་པས་གཞལ་བའི་ཚེ་སངས་རྒྱས་ཀྱི་བཀའ་དང་


JLD018_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་མེད་པར་ཕྱི་ཕྱིར་ཆེས་བརླིང་ཞིང་ཟབ་པར་གྱུར་པ་མངོན་སུམ་བྱུང་དང་འབྱུང་བཞིན་པ་ལྟར་རྒྱལ་བའི་བཀའ་དང་དགོངས་འགྲེལ་རྣམས་ཀྱི་ཟབ་རྒྱས་ཀྱི་ལུགས་ཡོངས་རྫོགས་པ་མན་ངག་ཏུ་དྲིལ་བའི་གསུང་གསང་འགང་པོ་ཆེ་རྩོད་པ་དང་བྲལ་བ་ཡིན་རྒྱུར་གཟུར་གནས་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་བརྗོད་ཀྱི་མེ་ཏོག་དུས་གསུམ་དུ་འཐོར་བ་སོགས་ཀྱིས་མཚོན། མདོར་ན་གང་གསུག་བ་ཐམས་ཅད་འཇམ་དཔལ་དཔའ་བོའི་ཞལ་ལུང་གི་བདུད་རྩིས་མ་ཐེབས་པ་གཅིག་ཀྱང་མེད་ཁར། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བྱེ་བ་ཁྲག་ཁྲིག་འདུ་འབྲལ་མེད་པ་ལྷན་ཅིག་ཏུ་གདན་འཛོམ་པ་ན་ཐུགས་བགྲོས་པའི་ཆོས་དང་ལེགས་པར་བཤད་པའི་འབེལ་གཏམ་འབའ་ཞིག་པ་སྟེ། །ཐར་བ་དོན་དུ་གཉེར་བའི་གང་ཟག་རྣམས་ཀྱིས་ཐུབ་པའི་དབང་པོའི་བཀའ། རྡོ་རྗེ་འཆང་གི་གསུང་གཉིས་སུ་མེད་པ་འདི་ལྟ་བུའི་གསུང་རབ་ཁོ་ནའི་གནས་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་གོ་འཐང་ཡང་དག་པར་ལེན་པར་རིགས་སོ། གཞན་ཡང་དོན་ལ་བཀའ་དང་མཉམ་པར་ངེས་པའི་རྒྱུ་མཚན་ཡང་། བསླབ་པ་གསུམ་ནི་རབ་སྟོན་ཅིང་། ཕྱག་རྒྱ་གསུམ་དང་ཡང་དག་ལྡན། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་པ་དང་། རྒྱུད་བླར། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། ཁམས་གསུམ་ཀུན་ན་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ཟློག་པ་གཞན། །ཞེས་པ་ལྟར་ངེས་སོ། །བསྟན་བཅོས་རྩོམ་པ་པོའམ་འཆད་པ་པོའི་མཚན་ཉིད་ཀྱང་།


JLD018_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་པའི་དབང་དུ་བྱས་ན། །གཙང་མཁས་གཞན་ལ་ཕན་པར་འདོད། །ཅེས་པ་ལྟར་ཚུལ་ཁྲིམས་དག་པས་ལུས་གཙང་བ། །ཤེས་རབ་དག་པས་ལུང་རིགས་ལ་མཁས་པ། །ལྷག་བསམ་དག་པས་གཞན་ལ་ཕན་པར་འདོད་པའི་མཚན་ཉིད་སུམ་ལྡན་དང་། །གཞན་ཡང་བསྟན་བཅོས་མཛད་པ་པོ་རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ། འབྲིང་ཡི་དམ་ལྷའི་གནང་བ་ཐོབ་པ། ཐ་མ་རིག་པའི་གནས་ལ་མཁས་པ་སྟེ་གསུམ་དུ་གསུངས་པའི་དོན་ཐམས་ཅད་རྗེ་བདག་ཉིད་ཆེན་པོ་འདི་ལ་ངེས་པར་ཚང་བ་སྨོས་སུ་མེད་པའི་དབང་གིས་ཚུལ་བསྟན་ཕྱོགས་རེ་བར་དེ་ལྟ་བུའི་རྣམ་གཞག་ཀྱང་ཆོག་མོད། ཐུན་མིན་གྱི་དབང་དུ་རྒྱལ་བ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་རྒྱལ་བ་ལོངས་སྤྱོད་རྫོགས་སྐུ་དང་། སྤྲུལ་པའི་སྐུ་རྣམས་ཀྱི་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་གྱི་སྒོ་ནས་རང་སྟོབས་ཀྱིས་ཆོས་གསུངས་པ་གང་ཡིན་པ་དང་གཉིས་སུ་མེད་པར་ངེས་དོན་དུ་རྣམ་པར་བཞག་དགོས་པའང་དངོས་པོའི་གནས་ལུགས་སུ་ཟད་དོ། །གསུམ་པ་ཆོས་སྦྱིན་ཕྱི་མོ་ཇི་ལྟར་བསྒྲུབ་པའི་ཚུལ་ལ་ལྔ་ལས། དང་པོ་གང་གིས་བསྒྲུབ་པའི་ཚུལ་ནི། དེ་འང་བྱང་ཕྱོགས་གངས་རིའི་རྭ་བས་ཡོངས་སུ་བསྐོར་བའི་ལྗོངས་འདིར་སྔོན་ཆོས་རྒྱལ་མེས་དགོན་རྣམས་གསུམ་སོགས་ཀྱི་ཐུགས་རྗེ་ལ་བརྟེན་ཐུབ་བསྟན་ཆོས་ཀྱི་ཉི་མ་བསོད་ནམས་ཡངས་པའི་མཁའ་ན་ཅི་དགའ་ཤར་བ་དང་ཆབས་གཅིག་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཐམས་ཅད་རྫོགས་ལྡན་ཀྱི་དཔལ་ཡོན་ཀྱང་བག་ལ་ཞ་བར་བྱེད་པའི་སྟོབས་སུ་འཕེལ་ཞིང་རྒྱས་པའི་ལོངས་སྤྱོད་ཀྱིས་མཐར་དབུས་རྒྱལ་ཁམས་མ་ལུས་པ་ཡོངས་སུ་འཚོ་བཞིན་པར་ཡང་། བར་སྐབས་སུ་ཆོས་སྲིད་ཟུང་འཇུག་གི་ཆོས་ཀྱི་


JLD018_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་བའི་མངའ་བདག་རྒྱུན་མི་འཆད་པར་འཆར་བའི་བདག་རྐྱེན་གདུལ་བྱའི་བསོད་ནམས་ཅུང་དམན་དུ་སོང་བས་བསྟན་པའི་འཆོ་ཆིས་ཕྱོགས་རེ་བར་ཆད་ནས་བསྟན་པའི་འཕེལ་འགྲི་བ་ཅི་རིགས་དང་། འགྲོ་བའི་བདེ་སྐྱིད་ཀྱི་འགྱུར་ལྡོག་ཀྱང་སྣ་ཚོགས་འབྱུང་བ་ན། འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཐུགས་བསྐྱེད་དང་ཐུགས་རྗེ་ཚད་མེད་པ་སླར་ལ་བདོ་བའི་དབང་གིས། །དུས་རེ་ཞིག་ན་ཐམས་ཅད་མཁྱེན་པ་རྒྱལ་དབང་ལྔ་པ་ཆེན་པོའི་མཚན་དཔེའི་དཀྱིལ་འཁོར་ཞིང་འདིར་བཀོད་ནས་ཆོས་སྲིད་གཉིས་ཀའི་གཞུང་བཟུང་ཞིང་བསྟན་འགྲོའི་དཔལ་མགོན་བླ་ན་མེད་པར་མཛད་ནས་བཟུང་དེང་བར་ཕྱོགས་མེད་རིས་མེད་ཀྱི་བསྟན་པའི་དབུ་འཕང་། འགྲོ་བའི་བདེ་སྐྱིད་ཐམས་ཅད་ལྷུན་གྱིས་གྲུབ་པས་ཞིང་ཡོངས་སུ་སྦྱོང་བའི་ཞིང་གི་འཁོར་ལོ་འཁྱིལ་བ་ལས་གཞན་དུ་མ་ཡོལ་བ་བཞིན། དེང་གི་དུས་ཤིན་ཏུ་སྙིགས་མ་ཆེས་ཆེར་འདོ་བའི་སྐབས་ན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གངྒཱའི་རྡུལ་དང་མཉམ་པ་ཐམས་ཅད་ཀྱི་ཐུགས་བསྐྱེད་དང་རྣམ་ཐར་གཅིག་ཏུ་བསྡུས་པའི་རང་གཟུགས་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་རྣམ་འདྲེན་ལྷ་མིའི་གཙུག་རྒྱན་སྐུ་ཕྲེང་བཅུ་གསུམ་པ་མེ་ཏོག་ཨུ་དུམྦཱ་ར་ལྟར་དུས་གསུན་ན་འབྱོན་པར་དཀའ་བ་ཐུབ་བསྟན་རྒྱ་མཚོ་ཞེས་མཚན་གྱིས་སྙན་པ་འོག་མིན་གྱི་ཞིང་གི་བར་དུ་འང་གཡོ་བ་ད་ལྟ་འཚོ་ཞིང་གཞེས་པ་ཉིད་ནི་རྒྱལ་དབང་སྲིད་ཞིའི་སྐྱབས་མགོན་རིམ་བྱོན་གྱི་ཡོན་ཏན་དང་མཛད་པ་ཐམས་ཅད་གཅིག་ཏུ་རྫོགས་པ་ལྟ་བུའི་ཐུགས་རྗེ་དང་ཕྲིན་ལས་ནམ་མཁའི་མཐའ་དང་རྒྱ་མཚོའི་མཇིངས་བཞིན་གཞལ་དུ་མེད་ཅིང་གཏིང་དཔག་དཀའ་བའི་བདག་ཉིད་ཅན་ཞིག་སྟེ། ནག་ཕྱོགས་བདུ་ཀྱི་སྡེ་


JLD018_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྟོབས་དང་ལྡན་པ་དག་ཀྱང་ནམ་ཡང་ལྡང་བ་མེད་པའི་ཁ་གནོན་དུ་ལྷག་པར་བརྗིད་ཐོག །བསམ་གྱིས་མི་ཁྱབ་པའི་སྨོན་ལམ་ལས་གྲུབ་པ་བཞིན་དུ་གསང་བ་གསུམ་གྱི་བྱིན་གཟི་བསྐལ་མེ་ལྟར་འབར་བས་སྲིད་ཞིའི་ཁམས་ཅན་ཟིལ་གྱིས་མནན་ཅིང་གདུལ་བྱའི་འགྲོ་བ་རྣམས་དམིགས་མེད་བརྩེ་བ་ཆེན་པོའི་གཏེར་ཆེ་གྱིས་རྟག་པར་སངས་རྒྱས་བཞིན་དུ་ཡོངས་སུ་བསྐྱངས་བཞིན་པ་དང་། ལྷག་པར་རིས་སུམ་ཆད་པའི་བསྟན་པ་ཡོངས་རྫོགས་ཀྱི་འཛིན་སྤེལ་སྐྱོང་གསུམ་གྱི་མངའ་བདག་ཏུ་བཞུགས་བཞིན་པ་སོགས་ཀྱི་མཛད་ཕྲིན་ཉིན་བྱེད་བྱེ་བའི་འགྲན་ཟླར་ཆས་པ་འཛམ་གླིང་ཡོར་ཡུག་ཏུ་ཁྱབ་པར་གྱུར་པའི་དངོས་པོ་རྒྱུན་གྱི་འཁོར་ལོའི་སྣང་བ་འདི་ལྟར་སྟོན་མཆོག་ཐུབ་དབང་སྲས་དང་བཅས་པ་ལས་ཀྱང་ཕན་བདེའི་བཀའ་དྲིན་ཆེས་ཆེར་ཆེ་བ་མངོན་སུམ་པ་ལ་གཞིག་ན། དུས་དེར་སང་བོད་ཀྱི་ཡུལ་འདི་ཉིད་ཉམ་ང་སྙིགས་ལྔའི་མུན་པ་ལས་སྒོས་ཐལ་གྱི་ངང་། གནམ་བསྐོར་དགའ་བ་བརྒྱ་ལྡན་པའི་ཕོ་བྲང་ཆེན་པའི་ཆབ་སྲིད་ཀྱང་བྱང་ཕྱོགས་ཤམྦྷ་ལའི་མཚན་གཞིར་བསྙད་ཆོག་པར་གྲུབ་པོ། དེ་ལྟ་བུའི་ཆོས་ལྡན་རྒྱལ་ཁབ་ཆེན་པོའི་ཕྲིན་ལས་ཀྱི་ཟེགས་མས་འཆོ་བའི་ནང་གསེས། འོད་གསལ་ལྷ་ལས་ཆད་པའི་གདུང་རབ་རིན་པོ་ཆེ་གསེར་རིའི་ཕྲེང་བ་ལྟར་བརྒྱུད་མར་ཕེབ་པའི་སྡེ་བཞི་དག་བ་བཅུ་ལྡན་གྱི་རྒྱལ་ཁབ་ཆེན་པོ་འདིར་ཆོས་བཞིན་སྐྱོང་བའི་སར་གནས་ཀྱི་འཕགས་པ་ཤ་སྟག་དང་། ཁྱད་པར་དུ་འཇམ་དཔལ་རྩ་བའི་རྒྱུད་ལས། །ཆུ་བོ་གསེར་ལྡན་འབབ་པའི་འགྲམ། །རྒྱལ་པོ་བྱིས་པའི་མིང་ཅན་འབྱུང་། ཞེས་རྡོ་རྗེའི་ལུང་གིས་གསལ་བའི་ཆོས་རྒྱལ་


JLD018_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བསྟན་པ་ཚེ་རིང་མ། མཚན་བླ་དགས་སུ་བུ་རིན་པོ་ཆེ་འབོད་པ་དེ་ཉིད་ཀྱི་ཐུགས་བསྐྱེད་ཕྲིན་ལས་ཁྱབ་འཇུག་གནས་ཀྱིས་གཞལ་མི་སྡུས་པའི་བདག་རྐྱེན་གྱིས་སྦྱར་ཁང་ཆོས་མཛོད་འཛམ་གླིང་རྒྱན་གཅིག་བཀྲ་ཤིས་མི་ཟད་བརྒྱན་གྱི་འཁོར་ལོ་འདིར་བཀའ་བསྟན་མཐའ་དག་གི་ཡན་ལག་མཚང་བ་མེད་པའི་ཆ་རྐྱེན་དུ། མཆོག་གཟིགས་སྐྱེས་ཆེན་མོང་པོས་དམ་པའི་སྤྲུལ་པར་ལུན་བསྟན་པ་སྡེ་དགེ་ཆོས་རྒྱལ་ཆེན་པོ་ལྷ་སྲས་ཚེ་དབང་བདུད་འདུལ་ཉིད་འཇིགས་བྲལ་གསེར་གྱི་ཧྲི་ལ་བཞུགས་བཞིན་པའི་སྐབས་རྣམ་པར་དཀའ་བའི་བདག་རྐྱེན་གྱི་གཙོ་བོར་མཛོད། གཞན་ཡང་སྒྱུ་མའི་ནོར་ལ་རྙིང་པོར་སྤྱོད་པའི་ཐུགས་བསྐྱེད་དང་ལྷག་པའི་བློ་གྲོས་པད་རྩ་ལྟར་དཀར་བའི་མཆོད་ཡོན་རྣམས་ཀྱིས་ཡོན་སྦྱོར་ཏེ་ཡིད་བཞིན་ནོར་བུ་ལྟ་བུའི་འཕྲུལ་སྤར་སྡེ་དགེའི་སྤར་ཁང་ཆེན་པོར་བཞུགས་སུ་གསོལ་གྲུབ་པའོ། གཉིས་པ་ཞར་བྱུང་བཞུགས་བྱང་དཀར་ཆག་གི་ཕྲེང་བ་ནི། ཐོག་མར་གླེགས་བམ། ༼ཀ༽ བ་ལ། རྫེའི་རྣམ་ཐར་དད་པའི་འཇུག་ངོགས་ལྡེབ། ༧༤ ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས་ལྡེབ། ༡༣ གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེམ་ལྡེབ། ༡༨ །གསང་བའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བའི་གདམ་ལྡེབ། ༦ །གསང་བའི་རྣམ་ཐར་གསོལ་འདེབས་ལྡེབ། ༦ ལྷོ་བྲག་གྲུབ་


JLD018_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་མཇལ་ཚུལ་ལྡེབ། ༥ བ་སོ་ཆོས་རྗེ་ལ་གནང་བའི་བླ་མའི་རྣལ་འབྱོར་ལྡེབ། ༣ མཁས་གྲུབ་རྗེ་ལ་གནང་བའི་བླ་མའི་རྣལ་འབྱོར་ལྡེབ། ༤ གསན་ཡིག་ལྡེབ། ༣༢ ཞུ་ལ་ན་སྨན་མཆོད་བདུད་རྩིའི་ཕྲེང་བ་ལྡེབ། ༡༦ བླ་མ་ལྔ་བཅུ་པའི་རྣམ་བཤད་ལྡེབ། ༥༠ གསང་སྔགས་ཀྱི་ཚུལ་ཁྲིམས་རྣམ་བཤད་དངོས་གྲུབ་སྙེ་མ་ལྡེབ། ༨༤ བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ་ལྡེབ། ༡༡༨ འདུལ་བའི་བསླབ་བྱ་རྗེའི་གསུང་བཞིན་བརྒྱལ་ཚབ་ཟིན་བྲིས་སུ་མཛད་པ་ལྡེབ། ༨༦ དགེ་ཚུལ་ཀྱི་བསླབ་བྱ་གནམ་རྩེད་ལྡིང་མ་ལྡེབ། ༩ ལྟ་བའི་ཞལ་ཤེས་ཡིག་ཆུང་ལྡེབ། ༤ བཅས་འབོར་བསྡོམས་ལྡེབ། བཞུགས། གླེགས་བམ། ༼ཁ༽ པ་ལ། འདུལ་བ་མདོ་ཙེའི་དཀའ་གནད་ཀྱི་ཟིན་བྲིས་ལྡེ། རྗེ་རིན་པོ་ཆེའི་གསུངས་ཐོབ་བུ་སྐོར་ལྡེབ། རྡོ་རྗེ་ཙེ་མོའི་ཟིན་བྲིས་ལྡེབ། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་འཕོ་བཀའ་བསྒོ་བཅས་ལྡེབ། སྒྲ་མི་སྙན་གྱི་ཚེ་སྒྲུབ་ལྡེབ། སྡོམ་པ་གོང་མ་གཉིས་ཀྱི་ཕྱིར་བཅོས་བྱེད་ཚུལ་རྗེའི་ཕྱག་ལེན་བཞིན་བཀོད་པ་ལྡེབ། གཏོར་མ་བརྒྱ་རྩའི་རིམ་པ་རྗེའི་ཕྱག་ལེན་བཞིན་ལ་ལྡེབ། བཅས་འབོར་བསྡོམས་ལྡེབ། བཞུགས། གླེགས་བམ། ༼ག༽ པ་ལ། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའོ་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལྡེབ། ༤༩༧ བཞུགས། གླེགས་བམ། ༼ང༽ པ་ལ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་བསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆད་ཀྱི་ཡར་འགྲེལ་ལྡེབ། །


JLD018_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་བསྡུས་པ་ལྡེབ། ༤༨ བཅས་འབོར་བསྡོམས་ལྡེབ། ༥༠༣ གླེགས་བམ། ༼ཏ༽ པ་ལ། ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཁྲིད་རིམ་ཡིད་ཆེས་གསུམ་ལྡན་ལྡེབ། ༦༣ ནཱ་རོ་ཆོས་དྲུག་གི་དམིགས་སྐོར་ལག་ཏུ་ལེན་ཚུལ་མདོར་བསྡུས་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོ་ཀུན་བཟང་པས་བཀོད་པ་ལྡེབ། བདེ་མཆོག་ལཱུ་ཨི་པའི་མདོ་རྟོགས་ངག་འདོན་གྱི་ཆོ་གའི་རིམ་པ་ལྡེབ། ༡༥ དཔལ་འཁོར་ལོ་བདེ་མཆོག་གི་མངོན་རྟོགས་རྒྱ་ཆེར་བཤད་པ་འདོད་འཇོ་ལྡེབ། ༡༩༧ མངོན་རྟོགས་འགྲེལ་པ་ཁྱད་པར་གསལ་བྱེད་ལས་ཟུར་ཕྱུངས་ལྡེབ། ༧ མཀའ་འགྲོ་རྒྱ་མཚོ་སྐོར་ཀྱི་ཟིན་བྲིས་ལྡེབ། ༡༡ ལཱུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བདེ་ཆེན་གསལ་བ་ལྡེབ། ༤༡ དྲིལ་བུ་ལུས་དཀྱིལ་གྱི་ལྷན་ཐབས་ལྡེབ། །༡༣ ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་རྫོགས་རིམ་རྣམ་བཤད་དངོས་གྲུབ་སྙེ་མ་ལྡེབ། ༦༧ བཅས་འབོར་བསྡོམས་ལྡེབ། ༤༣༧ གླེགས་བམ། ༼ཐ༽ པ་ལ། དྲི་བུ་པའི་ལུགས་ཀྱི་བདེ་མཆོག་ལུས་དཀྱིཀ་གྱི་མངོན་རྟོགས་དགོངས་པ་རབ་གསལ་ལྡེབ། ༢༨ དྲིལ་བུ་པའི་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་དབང་ཆོག་རིན་པོ་ཆེའི་བང་མཛོད་ལྡེབ། ༢༩ བདེ་མཆོག་རིམ་ལྔའི་བཤད་པ་སྒྲས་དོན་ལྟ་བའི་མིག་འབྱེད་ལྡེབ། ༣༧ དྲིལ་བུ་རིམ་ལྔའི་ཁྲིད་རྗེའི་གསུང་བཞིན་ལྟེ་སྟོན་ཀུན་དགའ་བཟང་པོས་མཛད་པ་ལྡེབ། ༡༣ མཁའ་སྤྱོད་དམར་མོའི་སྒྲུབ་ཐབས་ལྡེབ། ༣ རྡོ་རྗེ་མཁའ་འགྲོའོ་འགྲེལ་བའི་ཟིན་བྲིས་ལྡེབ། ༣ རྡོ་རྗེ་རྣལ་འབྱོར་མའི་འགྲེལ་བ་ཆོས་བཅུའི་མཆོད་པའི་ཆོ་ག་དཱ་རི་ཀ་པས་མཛད་


JLD018_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟིན་བྲིས་ལྡེབ། མན་ངག་སྙེ་མའི་ཟིན་བྲིས་ལྡེབ། ༢༤ ངན་སོངས་སྦྱོང་རྒྱུད་མཆན་དང་བཅས་པ་ལྡེབ། ༡༠༠ ཀུན་རིགས་ཆོ་གའི་ཟིན་བྲིས་ལྡེབ། ༤ འཇིགས་བྱེད་ལྷ་བཅུ་གསུམ་པའི་སྒྲུབ་ཐབས་ཟ་མ་ཏོག་བཀོད་པ་ལྡེབ། །༡༩ འཇིགས་བྱེད་ཀྱི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་ལྡེབ། ༡༧ གཤིན་རྗེ་དགྲ་ནག་གི་སྒྲུབ་ཐབས་རིན་ཆེན་འབར་བ་ལྡེབ། ༡༧ གཤིན་རྗེ་གཤེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བསྒྲུབ་པའི་ཐབས་ཀྱི་ཆོ་ག་རིན་ཆེན་ཕྲེང་བ་ལྡེབ། ༥༣ རྫོགས་རིམ་སྤྱི་དོན་དཔྱིད་ཀྱི་ཐིག་ལེའི་དམིགས་རྣམས་བསྐྱེད་པའི་ཟིན་བྲིས་རྗེའི་ཞལ་ཤེས་ལྡེབ། བདེ་མཆོག་རྫོགས་རིམ་ཟིན་བྲིས་རྗེའི་ཞལ་ཤེས་ལྡེབ། རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཀྱི་རིམ་པ་མདོར་བསྡུས་ལྡེབ། ༥༡ རྫོགས་རིམ་དཔྱིད་ཀྱི་ཐིག་ལེའི་ཟིན་བྲིས་ལྡེབ། ༢༠ བཅས་འབོར་བསྡོམས་ལྡེབ། བཞུགས། གླེགས་བམ། ༼ད༽ པ་ལ། ཞེ་དགུ་མའི་ཟིན་བྲིས་ལྡེབ། ༦ འཇམ་དཔལ་ཞི་དྲག་གི་སྲུང་བ་ལྡེབ། ༣ འཇིགས་བྱེད་ཀྱི་ཕྱག་མཚན་སོགས་བཤད་པའི་ཟིན་བྲིས་ལྡེབ། ༡༠ འཇིགས་བྱེད་ཀྱི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལྡེབ། ༣༠ དུས་ཀྱི་འཁོར་ལོའི་ནང་ལེའི་རྣམ་དག་མཁས་གྲུབ་རྗེས་ཟིན་བྲིས་སུ་བཏབ་པ་འཕྲོ་ཅན་ལྡེབ། ༦༦ ཨ་ཙ་ལ་གདྡྷས་དོན་ཚན་བདུན་ཅུ་བྱེད་པ་ལྡེབ། ༣ རྒྱུད་བརྟག་གཉིས་ཀྱི་ཟིན་བྲིས་ལྡེབ། ༨༢ སྦྱོར་དྲུག་རྡོ་རྗེའི་ཚིགས་བཅད། །དེའི་བཤད་པ། དུས་འཁོར་ཟིན་བྲིས། དུས་འཁོར་མངོན་རྟོགས་དང་དབང་གི་ཟིན་བྲིས། སྦྱོར་དྲུག་ཉེར་འཁོའི་ཟིན་བྲིས། འཆི་ཞག་དང་ཚེ་ལྷག་ཇི་ཙམ་ཡོད་དཔྱད་པ་རྣམས་ལྡེབ། ༢༣


JLD018_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

༢༢༡ བཞུགས། གླེགས་བམ། ༼ཅ༽ པ་ལ། སྒྲོན་གསལ་རྒྱ་ཆེར་ནས་འཆད་པའི་ས་བཅད་བསྡུས་དོན་ལྡེབ། ༣༡ གསང་འདུས་སྒྲོན་གསལ་གྱི་དཀའ་གནད་མཐའ་དཔྱོད་རིན་ཆེན་མྱུ་གུ་ལྡེབ། ༡༠༡ འདུས་པའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་ཀྱི་རྒྱ་ཆེར་བཤད་པ་སྲོག་རྩོལ་གྱི་དེ་ཉིད་གསལ་བ་ལྡེབ། ༥༢ གསང་འདུས་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ཊཱི་ཀ་ལྡེབ། ༦༧ གསང་འདུས་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་དོན་དེ་ཉིད་རབ་གསལ་ལྡེབ། ༧༢ འབའ་སེར་བཀའ་བཅུ་པས་རྗེ་ལ་གསན་པའི་གསང་འདུས་བསྐྱེད་རིམ་གྱི་ཟིན་བྲིས་ལྡེབ། ༤༠ གསང་འདུས་དཀའ་གནད་ཀྱི་ཟིན་བྲིས་ལྡེབ། དབལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལྡེབ། ༡༠༢ ལྷ་མོ་བཞིས་ཞུས་ཀྱི་རྒྱུད་ལྡེབ། ༧ ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལྡེབ། ༧ བཅས་འབོར་བསྡོམས་ལྡེབ། ༥༧༠ བཞུགས། གླེགས་བམ། ༼ཆ༽ པ་ལ། རྣམ་བཞག་རིམ་པའི་རྣམ་བཤད་གསང་འདུས་གནད་དོན་གསལ་བ་ལྡེབ། ༨༧ བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཟིན་བྲིས་ལྡེབ། ༦ རྒོད་བཟླས་ཟིན་བྲིས་ལྡེབ། ༨༩ དགོངས་པ་བླ་ན་མེད་པ་རིམ་པའི་ཟིན་བྲིས་ལྡེབ། ༣༨ མན་ངག་གི་མཐར་ཐུག་བདག་བྱིན་རླབས་ལྡེབ། མན་ངག་མཐར་ཐུག་གི་མངོན་པར་བྱང་ཆུབ་རིམ་པའི་བཤད་པ་ལྡེབ། ༡༥ རིམ་ལྔ་བསྡུས་པའི་ཟིན་བྲིས་ལྡེབ། ༢༠ རྣལ་འབྱོར་བཞི་རིམ་ལྡེབ། རྣལ་འབྱོར་བཞི་རིམ་གྱི་ཊཱི་ཀ་ལྡེབ། ༥ འདུས་པའི་དཀའ་གནད་ཟིན་བྲིས་ལྡེབ། ༢ རྒྱལ་བས་བྱིན་གྱིས་མཛད་པའི་གསང་འདུས་ལེའུ་དང་པོའི་འགྲེལ་བའི་ཟིན་བྲིས་ལྡེབ། ༨ ཁྲོ་བཅུའི་ཟིན་བྲིས་ལྡེབ།


JLD018_Page_0974
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལྷ་གཅིག་པའི་དོན་བཤད་པ་ལྡེབ། ༣ གསང་འདུས་དཀྱིལ་ཆོག་གི་ངག་འདོན་ལྷན་ཐབས་ལྡེབ། ༡༨ གསང་འདུས་ཡིག་ཆུང་ཉེར་གཅིག་སོགས་ལ་ལྡེབ། ༩༠ གསང་འདུས་མན་ངག་ཡིག་ཆུང་གི་སྐོར་རྣམས་ལྡེབ། ༦༦ བཅས་འབོར་བསྡོམས་ལྡེབ། ༤༧༨ བཞུགས། གླེགས་བམ། ༼ཇ༽ པ་ལ། དཔལ་གསང་བ་འདུས་པའི་མན་ངག་རིམ་ལྔ་གསལ་སྒྲོན་ལྡེབ། ༣༤༡ གསང་འདུས་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ་ལྡེབ། ༣༡ གྲུབ་ཆེན་བརྒྱད་ཀྱི་བཞུགས་ཚུལ་ལྡེབ། ༣ གསང་འདུས་བསྐྱེད་རིམ་གྱི་ཟིན་བྲིས་བློ་གསལ་བུང་བའི་རེ་སྐོང་ལྡེབ། ༣༠ བཞི་བརྒྱ་ལྔ་བཅུ་པའི་སྐོར་ཀྱི་ཟིན་བྲིས་ལྡེབ། ༧ རྡོ་རྗེ་ཕྲེང་བ་ལས་གསུངས་བའི་དྲང་དེས་སྔགས་བཏུའི་ཟིན་བྲིས་ལྡེབ། ༡༤ བཅས་འབོར་བསྡོམས་ལྡེབ། ༤༢༦ བཞུགས། གླེགས་བམ། ༼ཉ༽ པ་ལ། རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ་ལྡེབ། ༣༠ ཞལ་ཤེས་གནད་ཀྱི་ཐིམ་ཡིག་ལྡེབ། ༢༠ གསང་འདུས་རྡོར་སེམས་ཆོ་གའི་ངག་འདོན་གྱི་རིམ་པ་ལྡེབ། ༡༣ འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་འཇམ་དབྱངས་དགོངས་གསལ་ལྡེབ། ༢༣ ཆོས་ཉི་ཤུའི་ཁུངས་དགོད་པ་ལྡེབ། ༩ རྗེའི་ཞལ་གདམས་རིམ་གཉིས་སྒོམ་ཚུལ་སྠ་བི་ར་སཱ་དྷཱ་བྷ་དྲ་བའི་ཟིན་བྲིས་ལྡེབ། ༡༤ གསང་འདུས་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་ལྡེབ། ༦༣ རབ་གནས་རྒྱས་པའི་ཟིན་བྲིས་ལྡེབ། ༣༤ འཁོར་ལོ་སྡོམ་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་དོན་ཀུན་གསལ་ལྡེབ། ༢༠༤ དཔལ་ཁྲག་འཐུང་གི་རྒྱལ་པོ་འཁོར་ལོ་སྡོམ་པར་བརྗོད་པ་རྣལ་འབྱོར་མ་བླ་ན་མེད་པ་རྒྱུད་ཐམས་ཅད་ཀྱི་བླ་མ་


JLD018_Page_0975
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དྲུག་གི་རྫོགས་རིམ་གྱི་གནད་བསྡུས་རྗེའི་གཟུང་བཞིན་རྒྱལ་སྟེང་པས་མཛད་པོ་ལྡེབ། ༢༤ མཁས་པ་གཞོན་ནུ་བློ་ལྡན་གྱིས་གཟུགས་དུས་སོགས་ལས་བརྩམས་པའི་དྲིས་ལན་ལྡེབ། ༣ དཔལ་མཆོག་གི་ཟིན་བྲིས་ལྡེབ། ༡༩ ཀྱཻ་རྡོར་རྒྱུད་ཀྱི་ཟིན་བྲིས་དང་དེ་ཉིད་ཀྱི་ཟིན་ཐིས་བཅས་པ་ལྡེབ། ༨ རྗེ་བཙུན་པ་དག་མེད་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཟིན་བྲིས་ལྡེབ། ༦ སངས་རྒྱས་ཐོད་པའི་མི་འཇིགས་གཞུང་འགྲེལ་སོགས་ཀྱི་ཟིན་བྲིས་ལྡེབ། ༩ འཕོ་ཁྲིད་ཀྱི་རྩ་ཚིག་བརྟག་པ་བརྒྱད་པའི་རབ་བྱེད་གསུམ་པ་ལྡེབ། ༨ རྣམ་ཤེས་གོང་དུ་འཕོ་བའི་རྒྱ་ཆེར་བཤད་པ་གསེར་གྱི་སྒོ་འབྱེད་ལྡེབ། ༢༩ འཁོར་ལོ་ཆེན་པོའི་མངོན་རྟོགས་རྗེའི་གསུང་བཞིན་ཟིན་བྲིས་སུ་དཀོད་པ་ལྡེབ། ༡༡ སྟོབས་པོ་ཆེ་ལ་བརྟེན་པའི་ཆར་འགེགས་ལྡེབ། ༤ སྤྲིན་བྲལ་མན་ངག་དང་རྟ་མགྲིན་ཉྭན་བཞི་སྐོར་བཅས་ལྡེབ། ༤ རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་ལྡེབ། ༢ ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་ལྡེབ། ༤ སྨེ་བརྩེགས་ཀྱི་སྒྲུབ་ཐབས་ལྡེབ། ༣ སངས་རྒྱས་སོ་ལྔའི་ཀུན་མདོག་ཕྱག་མཚན་གནས་བརྟེན་བཟང་སྐྱོང་པས་བཀོད་པ་དང་། ལྷ་སྐུའི་ཕྱག་ཚད་གཟུགས་བརྙན་ལེགས་པར་བལྟ་བའི་མེ་ལོང་ལྡེབ། ༨༥ དེ་ཉིད་བསྡུས་པའི་ཟིན་བྲིས་ལྡེབ། ༣ རྡོ་རྗེ་དབྱིངས་ཀྱིས་ཆོག་གི་ཟིན་བྲིས་ལྡེབ། ༧ རྡོར་དབྱིངས་འཁོར་སྒྱུར་གྱི་བསྙེན་རིམ་ལྡེབ། ༡༥ འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པ་ལྡེབ། ༤ རྗེ་རིན་པོ་ཆེར་འཇམ་དཔལ་གསང་ལྡན་གྱི་ཟིན་བྲིས་སུ་མཛད་པ་ལྡེབ། ༥ བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་ཚུལ་ཤིན་ཏུ་ཐབ་པ་ལྡེབ། ༨ ཡི་གེ་བཞི་པའི་བསྲུང་བའི་མན་ངག་


JLD018_Page_0976
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལྡེབ། ༦ རྡོ་རྗེ་འཇིགས་བྱེད་སེར་པོ་ལ་བརྟེན་པའི་ཤིན་ཏུ་ཟབ་པའི་མན་ངག་ལྡེབ། ༣ སྦྱོར་དྲུག་གི་དམིགས་རིམ་ཟབ་མོ་ལྡེབ། ༨ རྗེའི་གསུང་སྦྱོར་དྲུག་གི་ཟིན་བྲིས་ལྡེབ། ༦ བཅས་འབོར་བསྡོམས་ལྡེབ། ༤༤༠ བཞུགས། གླེགས་བམ། ༼ན༽ པ་ལ། འཇམ་དཔལ་དབྱངས་ཀྱི་གསུང་རྗེ་ཙོང་ཁ་པས་རེད་མདའ་བ་ལ་ཕུལ་བའི་ཕྱག་བྲིས་མཛད་པ་ལྡེབ། དཔལ་གསང་བ་འདུས་པའི་སྒྲུབ་ཐབས་ཀྱིས་ལྷན་ཐབས་ལྡེབ། གསང་འདུས་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོག་ནང་འདོན་ལྷན་ཐབས་བཅས་ལྡེབ། ས་ཆོག་སྐབས་ཀྱི་གར་ཕྲེང་དགོངས་པ་བཞིན་རྗེའི་གསུང་གྲགས་རྒྱལ་གྱིས་བཀོད་པ་ལྡེབ། སྟོང་ཕྲག་བཅུ་གཉིས་པ་དྲི་མེད་འོད་ཀྱིས་དཀའ་གནད་རྣམས་འབྱེད་བརྗེད་བྱང་མཁས་གྲུབ་ཆོས་རྗེས་རྗེ་ལ་གསན་པ་ལྡེབ། ༡༠༨ སྒྲུབ་ཐབས་ཀུན་བཟང་གི་ཚིག་དོན་རྗེའི་གསུང་རྒྱལ་ཚབ་ཆོས་རྗེས་བཀོད་པ་ལྡེབ། ནང་སོང་ཡངས་སྦྱོང་གི་ཆོ་ག་རྒྱུད་དོན་གསལ་བ་ལྡེབ། བྱ་སྤྱོད་སྤྱིའི་ཆོ་གའི་རྣམ་བཞག་རིགས་གསུམ་ལ་སྦྱོར་ཚུལ་རྗེའི་གསུང་བཞིན་བཀོད་པ་ལྡེབ། འོད་ཟེར་ཅན་མའི་སྒྲུབ་ཐབས་རྗེའི་བཞེད་པ་ལྟ་བཀོད་པ་ལྡེབ། འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་ཆོག་སོགས་ལྡེབ། འཇིགས་བྱེད་ཀྱི་དག་སྦྱོར་ལྡེབ། བཅས་འབོར་བསྡོམས་ལྡེབ། བཞུགས། གླེགས་བམ། ༼པ༽ པ་ལ། བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོ་ལྡེབ། བཞུགས། གླེགས་རམ། ༼ཕ༽ པ་ལ། བྱང་ཆུབ་ལམ་གྱི་རིམ་པ་ཆུང་བ་ལྡེབ། ༢༠༠ བྱང་ཆུབ་ལམ་རིམ་གྱི་ཁྲིད་གྱི་ས་བཅད་ལྡེབ། ༡༥


JLD018_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ལྷག་གཉིས་ཀྱི་དཀའ་གནད་བཤད་པ་ལྡེབ། ༥ དྲང་ངེས་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་ཀྱི་སྙིང་པོ་ལྡེབ། ༡༢༤ འཇམ་དཔལ་དབྱངས་ཀྱིས་གདམས་པའི་ལྟ་བའི་གནད་འགག་མདོར་བསྡུས་རེད་འདའ་བ་ལ་ཤོག་དྲིལ་དུ་ཕུལ་བ་ལྡེབ། ༦ བསླབ་བཏུས་རྒྱས་པར་གསུང་སྐབས་བསྡུས་དོན་འཇམ་དབྱངས་ཆོས་རྗེས་ཟིན་བྲིས་མཛད་པ་ལྡེབ། ༢༦ རྒྱལ་ཚབ་རྗེས་རྗེ་ལ་གསན་པའི་ཤེས་རབ་ལེའུའི་ཟིན་བྲིས་ལྡེབ། ༤༩ ཚད་མའི་བརྗེད་བྱང་ཆེན་མོ་ལྡེབ། ༤༧ བཅས་འབོར་བསྡོམས་ལྡེབ། ༤༨༦ བཞུགས། གླེགས་བམ། ༼བ༽ པ་ལ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པའི་རྣམ་བཤད་རིགས་པའི་རྒྱ་མཚོ་ལྡེབ། ༢༩༢ དཀའ་གནད་བརྒྱད་ཟིན་བྲིས་རྗེའི་གསུང་བཞིན་ཟིན་བྲིས་སུ་བཀོད་པ་ལྡེབ། ༡༨ རིགས་པ་དྲུག་ཅུ་པའི་ཟིན་བྲིས་རྗེའི་གསུང་བཞིན་རྒྱལ་ཚབ་རྗེས་བཀོད་པ་ལྡེབ། ༡༤ རྒྱབ་ཚབ་རྗེས་རྗེ་ལ་གསན་པའི་མངོན་ལེའི་བརྗེད་བྱང་ལྡེབ། ༥༦ སྲིད་ཞི་མཉམ་ཉིད་ཀྱི་ལྟ་ཁྲིད་ལྡེབ། ༢༦ སྙན་ངག་གི་ལམ་ནས་དྲངས་པའི་བོ་སྦྱོང་ལྡེབ། ༤ དབུ་མ་རྒྱན་གྱི་བརྗེད་བྱང་ལྡེབ། ༡༧ བཅས་འབོར་བསྡོམས་ལྡེབ། ༤༢༨ བཞུགས། གླེགས་བམ། ༼མ༽ པ་ལ། དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རང་གསལ་ལྡེབ། ༣༠༣ རྒྱལ་ཚབ་ཆོས་རྗེས་རྗེ་ལ་གསན་པའི་དབུ་མ་རྒྱན་གྱི་བརྗེད་བྱང་ལྡེབ། ༡༣ མངོན་ལེའི་ཊཱིཀ་རྗེའི་གསུང་བཞིན་མཁས་གྲུབ་རྗེས་མཛད་པ་ལྡེབ། ༡༠༣ སྤྱོད་འཇུག་ཤེར་ལེའི་ནཱི་ཀའི་ཟིན་བྲིས་ལྡེབ། ཚད་མའི་ལམ་བསྒྲིགས་ལྡེབ། ༣༡ གཤིན་རྗེའི་འཁྲུལ་འཁོར་གྱི་མན་ངག་ཧ་ལའི་ལོ་


JLD018_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་ལྡེབ། ༥ འཇིགས་བྱེད་པ་བརྟེན་ནས་དགྲ་བགེགས་ཚར་གཅོད་ཉེར་མཁོའི་ཡིག་ཆུང་ལྡེབ། ༡༧ གཤིན་རྗེའི་འཁྲུལ་འཁོར་ཀྱི་ཆོ་ག་ཁམས་གསུམ་རྣམ་པར་རྒྱལ་བའི་ཉི་འོད་ལྡེབ། ༥༤ བཅས་འཁོར་བསྡོམས་ལྡེབ། ཞུགས། གླེགས་བམ། ༼ཙ༽ པ་ལ། ཤེར་ཕྱིན་མངོན་རྟོག་རྒྱན་འགྲེལ་དང་བཅས་པའི་ལེགས་གཤད་གསེར་ཕྲེང་གི་རྣམ་མཁྱེན་བཤད་པའི་སྐབས་ལྡེབ། ༣༣༦ ལམ་ཤེས་བཤད་པ་ལྡེབ། ༧༣ གཞི་ཤེས་བཤད་པ་ལྡེབ། ༢༨ བཅས་འབོར་བསྡོམས་ལྡེབ། ༤༣༥ བཞུགས། གླེགས་བམ། ༼ཚ༽པ་ལ། ལེགས་བཤད་གསེར་ཕྲེང་ལས་སྦྱོར་བཞིའི་ཡན་ལག་བཤད་པ་སྡེབ། ༡༥༩ རྩེ་མོའི་མངོན་རྟོགས་མན་ཆད་ཀྱི་སྐབས་བཞི་པོའི་བཤད་པ་ལྡེབ། ༡༣༨ ཞུགས་གནས་ཀྱི་རྣམ་བཞག་བློ་གསལ་བགྲོད་པའི་ཐེབ་སྐས་ལྡེབ། ༤༣ ཡིད་ཀུན་གཞི་དཀའ་བའི་གནད་ཀྱི་རྩ་བ་ལྡེབ། །དེའི་འགྲེལ་པ་ལེགས་བཤད་རྒྱ་མཚོ་ལྡེབ། ༥༥ བཞི་ནས་འབྱུང་བའི་བསླབ་བྱ་ཟིན་བྲིས་ལྡེབ། ༡༠ སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལྡེབ། ༢༤ བསམ་གཟུགས་ཟིན་བྲིས་ལྡེབ། ༡༡ དབུ་མའི་ལྟ་ཁྲིད་བསྡུས་པ་ལྡེབ། ༧ དབུ་མའི་ཉ་ལྟ་ཁྲིད་རྗེ་ཡབ་སྲས་ཀྱི་དགོངས་པ་བཞིན་མཁས་གྲུབ་རྗེས་ཟིན་བྲིས་སུ་མཛད་པ་ལྡེབ། དགེ་འདུན་ཉི་ཤུ་དང་ཞུགས་གནས་དཀའ་གནད་བཅས་ཀྱི་བཤད་པ་ལྡེབ། ༧ བཀའ་བུམ་དཀར་ཆག་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ལྡེབ། ༣༨ བཅས་འབོར་བསྡོམས་ལྡེབ། བཞུགས། གསུམ་པ་དགོས་ཆེད་ནི། ལེགས་བྱས་རྣམ་པར།


JLD018_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བའི་སྟོབས་གྲངས་མེད་མང་པོ་བརྩོན་དགོས་པའི་ཚུལ་ཡུད་ཀྱིས་རྫོགས་པར་འགྱུར་བས་ན། སྤྱིར་རང་རང་གི་ཚོགས་གཉིས་རྫོགས་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་དོན་དུ་གཞོལ་ཞིང་འབབ་པར་གཞིར་གྲུབ་མོད། བྱེ་བྲག་ཏུ་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་རིས་སུ་མ་ཆད་པ་ཐམས་ཅད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་ཞིང་རྒྱས་པ་དང་། དགེ་འདུན་འདུས་པའི་སྡེ་རྣམས་སྡོམ་པ་གསུམ་དང་བསླབ་པ་གསུམ་གྱི་ཉམས་ལེན་སོགས་ཆོས་བཞིན་སྤྱོད་པས་དུས་འདའ་བ་དང་། བསྟན་འཛིན་གྱི་སྐྱེས་བུ་ཚད་མར་གྱུར་པ་དམ་པའི་ཚུལ་དགུའི་རྣམ་ཐར་ཕུན་སུམ་ཚོགས་པ་གང་ན་སུ་བཞུགས་པ་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་ཕྲིན་ནམ་མཁའི་མཐའ་དང་མཉམ་པ་དང་། ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཆོས་བཞིན་སྤྱོད་པའི་ལེགས་བྱས་ཕུན་སུམ་ཚོགས་ཤིང་། འཁོར་བ་མཐའ་ཅན་བགྱིད་པའི་ཉེར་ལེན་སེམས་དང་ལྡན་པ་མ་ལུས་པ་ལུས་པ་མེད་པ་རྣམས་ལ་དུས་གསུམ་ཀུན་ཏུ་ལྷུན་གྱིས་གྲུབ་ནས་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་སར་ཕྱམ་གཅིག་ཏུ་འགོད་པ་དང་། གཞན་ཡང་མི་མཐུན་པའི་ཕྱོགས་མིང་ཙམ་ཡན་མི་འགྱུར་པ་ནས། དྲུས་ཀྱི་རྒུད་པ། བསྟན་པ་འཚེ་བ་ནག་ཕྱོགས་མཐའ་འཁོར་ཀླ་ཀློའི་རྒྱུ་འགྲུལ་རིགས་བསྐལ་བའི་བར་དུ་འང་ལྡང་བ་མེད་པ་དང་ཆབས་ཅིག་རྫོགས་ལྡན་གྱི་དུས་བཟང་ཟླ་བ་ཡར་ངོ་ལྟར་ཚེས་པ་སོགས་ཀྱི་དགོས་པ་དང་། ལྷག་དོན་དེང་སང་རྒྱུ་འབྲས་ལ་ཡིད་ཆེས་བརྩི་སུང་མེད་ཅིང་བསྟན་པ་ལ་ཁག་གཡར་ཏེ་གདོལ་སྤྱོད་སྣ་ཚོགས་པས་མཚན་ལྟ་བ་དང་སྤྱོད་པ་ཐམས་ཅད་ཕྱིན་


JLD018_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལོག་པ་ལ་ངང་གིས་འཇུག་པར་འགྱུར་པའི་ཆོ་བབ་ཇེ་འཕེལ་སྟབས། སྟོན་མཆོག་ཐུབ་པའི་དང་པོའི་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི་མན་ངག་ཏུ་གྱུར་པའི་ལེགས་བཤད་ཀྱི་ཚོགས་བླ་ན་མེད་པ་བྱིན་རླབས་ཀྱི་སྤྲིན་ཕུང་གཅིག་ཏུ་འཕྲོ་བ་འདི་ཉིད་ཀྱི་ཡེ་གེ་ཕྱོགས་དུས་ཀུན་ན་གྲངས་མེད་འབྱམས་ཀླས་སུ་ཁྱབ་པའི་སྒོ་ནས་བདག་ལེགས་འདོད་པའི་སྐྱེ་བོ་མ་ལུས་པ་ཐམས་ཅད་ཐོས་བསམ་སྒོམ་པའི་སྐལ་བ་བཟང་པོར་སྤྱོད་དེ་ཞི་སྒོ་གཅིག་པའི་ལམ་དུ་འཕྱུགས་པ་མེད་པར་ཞུགས་བཞིན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྐུ་གསུམ་གྱི་འབྲས་བུ་ཡང་དག་པ་བདེ་བླག་ཏུ་རྒྱུད་ལ་འབྱོར་བ་སོགས་ཀྱི་མཚན་གྲུབ་མཐའ་ཀུན་གྱི་ནང་ནས་ཁང་བཟང་གི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མཐོན་པར་མཐོ་བ་རི་བོ་དགེ་ལྡན་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་འཛིམ་གླིང་ཁོར་ཡུག་ཀུན་ཏུ་དར་ཞིང་རྒྱས་ལ་རྒྱལ་བ་བྱམས་པའི་བསྟན་པ་མ་ཤར་བར་མཉམ་མེད་དུ་གནས་པ་ནི་ཁྱད་པར་གྱི་དགོས་པ་དང་། ཡང་སྒོས་སུ། དེང་སང་གངས་ཅན་བོད་ཀྱི་བསྟན་འགྲོའི་བདེ་སྐྱིད་མཐའ་དག་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་མཚན་དཔའི་དཀྱིལ་འཁོར་གཅིག་ཏུ་ལ་རྒས་ལས་པས། རྒྱལ་བ་གངྒཱའི་རྡུལ་སྙེད་ལས་ཀྱང་ཐུགས་རྗེའི་བཀའ་དྲིན་ལྷག་པར་ཆེ་བ་རྒྱལ་དབང་ལྷ་མིའི་གཙུག་རྒྱན་ཉིད་ཞགས་པད་བསྐལ་བརྒྱ་མཚོར་གཞར་ཡང་མི་གཡོ་བ་བྱུང་ན་ཅི་མ་རུང་ངོ་སྙམ་པའི་འདུན་རྩེ་གཅིག་པས་རྟེན་འབྱུང་བསླུ་བ་མེད་པའི་ལེགས་བྱས་སུ་ཆེད་དུ་བརྩོན་རྒྱུ་བྱུང་བ་ནི་དགོས་པ་ཀུན་གྱི་སྙིང་པོ། ཉིད་དགོས་ཁྱད་འཕགས་སུ་གྲུབ་པ་ཡིན་ནོ། བཞི་པ་ཕན་ཡོན་ནི། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ནི་


JLD018_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་ཆོས་སྐུ་མཐར་ཐུགས་པའི་རང་བཞིན་ཡིན་སྟབས་ཡུལ་ཤེར་ཕྱིན་ལ་སོགས་པའི་མདོ་སྡེ་རྣམས་ནས་གསུང་གི་རྟེན་བཞེངས་པ་དང་། ཡིད་ལ་བྱེད་པ་དང་། མཆོད་པར་བགྱི་བ་སོགས་ཕྲ་མོ་ཙམ་འདུ་བྱས་པའི་ཕན་ཡོན་ནི་གཞན་སྐུ་གསུགས་མཆོད་རྟེན་སོགས་སྟོང་གསུམ་གྱི་སྟོང་ཆེན་པོ་གང་བའི་བསོད་ནམས་བསགས་པས་ཀྱང་ཆ་ཙམ་ཡང་རྡུལ་ཙམ་ཡང་འགྲན་དུ་མེད་ཅིང་བརྗོད་དུ་མེད་པའི་ཚུལ་གསལ་བར་འབྱུང་བ་ལྟར་བསམ་གྱིས་མི་ཁྱབ་པའི་གནས་དང་། གཞན་ཡང་གསེར་འདོ་དམ་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འཐོར་ཞིང་ནུས་པར་མི་འགྱུར་བར་བྱེད་པ་དེ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཡང་དག་པ་ཡིན་པས་བསོད་ནམས་ཇི་སྙེད་ཅིག་འཐོབ་པར་འགྱུར་པ་ནི་བསྐལ་པ་གངྒཱའི་རླུང་གི་བྱེ་མ་སྙེད་དུ་བརྗོད་ཀྱང་མཐར་ཐུག་པར་མི་འགྱུར་རོ། དགེ་བསྙེན་ནམ། །དགེ་བསྙེན་མ་འམ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་སོགས་པ་གང་ལ་ལ་ཞིག་མཆོད་པ་དང་བཀུར་སྟི་བྱས་ནས་ཡི་གེར་བྲིས་ཏེ་རྒྱ་ཆེར་སྤེལ་བ་དང་། གཞན་དག་ལ་ཡང་དག་པར་སྟོན་པར་བྱེད་པས་ཐོས་པའི་བསོད་ནམས་གང་ཡིན་པ་དེ་ཡང་དེ་བཞིན་ནོ། ཞེས་དང་། མདོ་སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། གང་གིས་ཤེས་རབ་མ་རོལ་ཕྱིན་འདི་ཡིག་བྲིས་ཏེ། སེམས་ཅན་མཆོག་ལ་ཀླེགས་བྱིན་བསོད་ནམས་ཁྱད་པར་འཕགས། ཞེས་དང་། སྙིང་པོའི་མདོ་ལས་ཀྱང་། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་


JLD018_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རབ་ཏུ་སྟོན་པ་དང་། གླེགས་བམ་དུ་བྱས་ཏེ་འཆང་བ་དེས་འདི་སྙམ་དུ་བདག་གི་དེད་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པོ་སྙམ་དུ་སེམས་བསྐྱེད་པ་བྱའོ། དེ་ནི་ཇི་ལྟར་དང་ལྟ་བ་བཞིན་དུ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཀྱི་ཕྱག་བྱ་བའི་འོས་དང་མཆོད་པའི་འོས་ཡིན་ནོ། ཞེས་པ་ལ་སོགས་པ་མཐའ་ཡས་པ་འབྱུང་བའི་དོན་དང་མཐུན་པའི་འབྲས་བུ་ཡང་དག་པར་སྨིན་པར་ངེས་སོ། ལྔ་པ་མཐར་བསྔོ་སྨོན་གྱི་རིམ་པ་ནི། དེ་ལྟར་རྣམ་དཀར་གྱི་བྱ་བ་རླབས་སུ་ཆེ་བའི་ལེགས་བྱས་ཟླ་བ་བདུན་རྩིའི་ཁང་བཟང་ལྟར་བཀྲ་བ་གང་ཞིང་། རྒྱུ་སྦྱོར་བ། བྱ་བ་བྱེད་པ། ལག་ཏུ་ལེན་པ། སྒོ་གསུམ་གྱི་འབྲེལ་ཐོགས་དང་བཅས་པའི་རྒྱུད་ལ་དགེ་ཚོགས་ཇི་སྙེད་ཅིག་འཕེལ་བ་རྣམས་བ་མདོར་ཆུད་མི་ཟ་བ་དང་། གོང་ནས་གོང་དུ་འཕེལ་བའི་ཕྱིར་ཡོངས་སུ་བསྔོ་བས་རྒྱས་གདབ་དགོས་པ་ཡང་། བློ་གྲོས་རྒྱ་མཚོས་ཞུགས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུག་། རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞན་བྱང་ཆུག་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་པ་ལྟར་ཡིན་ནོ། །དེས་ན་བསྔོ་བའི་རིམ་པ་ཉིད་བྱང་ཆུབ་སྙིང་པོར་བསྒྱུར་བའི་དགེ་རྩ་ལ་གནད་དུ་ཟབ་པའི་ཐབས་ཁྱད་པར་ཅན་ཡིན་པ་ཡང་། མགོན་པོ་བྱམས་པས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་དང་། །བསྲོ་རྒྱུའི་དངོས་པོ་ཡང་། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གུངས་པ་ལྟར་ཀུན་སློང་རྣམ་པར་དག་ཅིང་འབྲས་


JLD018_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བདེ་བ་སྐྱེད་པའི་དགེ་བ་རྣམས་ཏེ། །བསྔོ་བའི་གནས་སྐབས་ན། །དགེ་བ་དེ་ལྟ་བུའང་དུས་གསུམ་དུ་རང་ཉིད་དང་གཞན་ལ་བསག་ཏུ་བཅོལ་བས་མཚོན། ནམ་མཁའི་མཐའ་དང་མཉམ་པའི་སྐྱེ་འཕགས་ཀྱི་སེམས་ཅན་གང་སུ་ཡང་རུང་བས་མངོན་པར་འདུ་བྱས་པའི་དགེ་བ་ཟག་བཅས་ཟག་མེད་ཇི་སྙེད་ཅིག་ཡོད་པ་རྣམས་གཅིག་ཏུ་བསྡོམས་ཏེ་བསྔོ་བར་བྱ་དགོས་པའི་ཚུལ་ནི། ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། ཀུན་ཀྱང་ཀུན་ནས་བཟང་པོར་རེག་གྱུར་ཅིག ཅེས་གསུངས་པ་ལྟར་རོ། གང་དུ་བསྔོ་བའི་གནས་ནི། ཁམས་གསུམ་གཏོགས་པ་མ་ཡིན་དང་། ཞེས་པ་ལྟར་དངོས་བརྒྱུད་ནས་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པའི་ཕྱིར་ཁམས་གསུམ་ན་ཆེན་པོར་གྲགས་པ་འཁོར་བའི་རང་བཤིན་ཅན་གྱི་བདེ་འབྲས་ཀྱི་སར་མི་མི་བསྔོ་ཞིང་། དེར་མ་ཟད། ཤེར་ཕྱིན་ཟད། ཤེར་ཕྱིན་ལས། དགེ་བའི་རྩ་བ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་མ་གཏོགས་པ་ཉན་ཐོས་ཀྱིས་སའམ་རང་སངས་རྒྱས་ཀྱི་སར་བསྔོར་མི་འཇུག་གོ ཞེས་གསུངས་པ་ལྟར། གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཉིད་མྱུར་དུ་ཐོབ་པ་ལ་གེགས་བྱེད་པའི་ཕྱིར་རང་ཉིད་གཅིག་པུ་ཞི་བཙམ་མཐར་ཐུག་གི་དོན་དུ་ཐུབ་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བའང་མ་ཡིན་ནོ། དེ་ནས་ན་སྲིད་ཞིའི་མཐར་གཉིས་ལ་མི་གནས་པའི་བདག་ཉིད་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱིས་འབའ་ཞིག་ཏུ་བསྔོ་བ་ནི་རྒྱལ་བ་དགྱེས་པའི་ལམ་སྲོལ་རྨད་དུ་བྱུང་བ་སྟེ། མཁས་མཆོག་དཔའ་བོས། དགེ་བའི་རྩ་བ་བསྒྲུབ་པ་དེ་དག་ཀྱང་། གྲགས་དང་སྙན་


JLD018_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷ་མིའི་བདེ་འབྲས་དང་། རེ་བཅས་འཁོར་བའི་བསམ་པ་རྣམས་བྲལ་ཏེ། འཇིག་རྟེན་འདས་པ་ཁོ་ནའི་རྒྱུར་བསྔོའི། ཞེས་གསུངས་པ་ལྟར་རོ། འོ་ན་འཇིག་རྟེན་འདིར་ཚེ་རིང་བ་དང་། དཔལ་འབྱོར་རྒྱས་པ་སོགས་ཀྱི་རྒྱུར་གཏན་ནས་བསྔོར་མི་རུང་སྙམ་ན། །མཐར་ཐུག་གི་འབྲས་བུ་རྣམས་མཁྱེན་གྱི་དམིགས་པ་དང་འབྲིལ་ན། དེ་ཉིད་མངོན་དུ་མ་གྱུར་བར་གནས་སྐབས་བདག་རྐྱེན་མཐོ་རིས་ཀྱི་ཡོན་ཏན་བདུན་ལ་སོགས་པས་འབྱོར་ཚེད་དུ་བསྔོ་བ་ནི་འགལ་བ་ཡོད་པ་མ་ཡིན་ནོ། ཚུལ་ཇི་ལྟར་བསྔོ་བ་ཡང་། འགལ་རྐྱེན་དམིགས་པའི་དུག་སྤོང་བ་དང་། མཐུན་རྐྱེན་ཐབས་ཤེས་ཀྱི་རྩིས་ཟིན་པ་སྟེ་སྤང་བླང་གཉིས་ཀྱི་སྒོ་ནས་ཡོངས་སུ་བསྔོ་བར་བྱ་དགོས་ཏེ། དེ་འང་དགེ་རྩ་གང་བསགས་པའི་དངོས་པོ་ཀུན་ལ་འཁོར་གསུམ་རང་ག་བའི་མཚན་མར་འཛིན་པའི་འདུ་ཤེས་ཅན་གྱིས་བསྔོ་བ་ནི་བསྔོ་བ་དུག་དང་བཅས་པ་ཞེས་བྱ་སྟེ། །བརྒྱད་སྟོང་པ་ལས། །དམིགས་པའི་འདུ་ཤེས་ཅན་ལ་ཡོངས་སུ་བསྔོ་བ་མེད་དོ། དེ་ཅིའི་ཕྱིར་ཞེ་ན། དམིགས་པའི་དུག་དང་བཅས་པས་སོ། ཞེས་གསུངས་པ་ལྟར་རོ། །དེས་ན་ཤེས་རག་བདག་མེད་པའི་ལྟ་བ་དང་། ཐབས་བྱང་ཆུབ་སེམས་ཀྱིས་ཟིན་པའི་སྒོ་ནས་བསྔོ་བར་བྱ་བའི་ཚུལ་ཡང་། །དང་པོ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྤྲོས་དང་བྲལ་བའི་ཕྱིར་བསྔོ་བའི་ཡུལ་བསྔོ་རྒྱུའི་དགེ་རྩ་གོང་གི་བསྔོ་བའི་བྱེད་པ་པོ་གསུམ་ཀ་ལ་མཚན་མར་འཛིན་པ་ལ་སོགས་པ་སྤངས་ཏེ། དམིགས་པ་མེད་པའི་རང་བཞིན་མངོན་དུ་བྱེད་པའི་སྒོ་ནས་བསྔོ་སྟེ། །མགོན་པོ་བྱམས་པས། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། ཞེས་གསུངས་པ་ལྟར་རོ། དེ་ལྟ་བུ་དེ་ནི་


JLD018_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་ཕ་རོལ་ཕྱིན་པ་ཞེས་བྱ་བ་ཡིན་པ་ཡང་། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་གཏོད། འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། ཞེས་པ་ལྟར་རོ། གཉིས་པ་ནི། དེའི་ངང་ལས་ཐ་སྙད་ཀུན་རྫོབ་ཏུ་དངོས་པོའི་ཆོ་ཐམས་ཅད་སྣང་བ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་མངོན་སུམ་དུ་བྱེད་པའི་བློས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་མཁྱེན་ཀྱི་གོ་འཕང་ཐོབ་པའི་ཕྱིར་ཡོངས་སུ་བསྔོ་བ་སྟེ། ཞི་བ་ལྷས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། སེམས་ཅན་དོན་ལས་གཞན་མི་སྤྱད། སེམས་ཅན་ཁ་ནའི་དོན་གྱི་ཕྱིར། ཐམས་ཅད་བྱང་ཆུབ་རྒྱུར་བསྔོའོ། ཞེས་དང་། མདོ་ལས། ཕྱོགས་བཅུའི་འཇིག་རྟེན་དག་ན་གང་ཡོད་པའི། དགེ་བ་དེ་དག་ཡང་ཡང་བསྒྲུབས་པས་ན། འགྲོ་བ་ཀུན་ལ་ཕན་དང་བདེ་སེམས་ཀྱིས། །ཡེ་ཤེས་མཁས་པ་དེ་དག་ཡོངས་སུ་བསྔོ། །ཞེས་པ་ལྟར་རོ། དེ་ལྟར་ཐབས་ཤེས་ཀྱི་ཟིན་པའི་བསྔོ་བས་ཡོངས་སུ་བསྡོས་པ་ནི་བཟང་པོ་བཞི་ལྡན་གྱི་བསྔོ་བར་འགྱུར་ཏེ། དམིགས་པ་བཟང་དང་སྟོན་པ་བཟང་། ཐབས་བཟང་བ་དང་ངེས་འབྱུང་དང་། སྤྱོད་པ་བཟང་པོའི་བདག་ཉིད་ཀྱིས། ཡང་དག་སྨོན་ལམ་ཡིན་པར་བཤད། ཅེས་པ་ལྟར་རོ། དེ་ལྟ་བུའི་བསྔོ་བ་དེ་ནི་ནང་པ་སངས་རྒྱས་པའི་ལུགས་ཀྱི་ཁྱད་པར་འཕངས་པའི་ཆོས་གཅིག་སྟེ། སློབ་དཔོན་མཐོ་བཙུན་གྲུབ་རྗེས། །བསོད་ནམས་བྱ་བའི་དངོས་པོ་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་བ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་པ་ལྟར་རོ། སྤྱིར་བསྔོ་བ་ཞེས་པའི་


JLD018_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དོན་ཀྱང་། པ་རི་ཎཱ་མ། ཞེས་པ་ཡོད་པ་དེ་ཉིད་ཡོངས་སུ་བསྒྱུར་བའམ་སྦེལ་བ་ལ་འཇུག་པས། དགེ་བའི་རྩ་བ་གང་མཆིས་པ་ཐམས་ཅད་བྱང་ཆུབ་སྙིང་པོའི་རྒྱུར་ཡོངས་སུ་བསྒྱུར་བ་དང་། དེ་མ་ཐོབ་ཀྱི་བར་དུ་ཟད་པ་མེད་པ་གོང་ནས་གོང་དུ་སྤེལ་བའི་ཕྱིར་དེ་སྐད་དུ་བྱའོ། དེས་ན་ཡང་དག་པའི་བསྔོ་བ་དངོས་ནི། སྟོང་ཉིད་མངོན་སུམ་རྟོགས་པའི་གང་ཟག་གི་བྱེད་ལས་ལས་འབྱུང་བས་ན། ད་ལན་གྱི་སྐབས་སུ་བབ་པའི་བསྔོ་བ་དངོས་ཀྱི་རིམ་པའང་། རྣམ་དཀར་འདུ་བྱེད་པའི་མཆོད་ཡོན་དང་གཞན་ཡང་འཕགས་པའི་ས་ལ་བཞུགས་པའི་སྐྱེས་མཆོག་དམ་པ་རྣམས་ཐུགས་རྒྱུད་ལེགས་པར་བསྐུལ་བའི་སྒོ་ནས་ཐབས་ཤེས་ཟུང་འཇུག་ཕུན་སུམ་ཚོགས་པས་རྩིས་ཟིན་པའི་རང་བཞིན་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་བསྔོ་བ་རྒྱ་ཆེར་གནང་རྒྱུ་བྱུང་ཡོད་པར་གཞིར་གྲུབ་ཕྱིར། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་རྟོགས་མི་འགྱུར། །ཞེས་སོ་སྐྱེ་ཉོན་མོངས་པ་བསགས་སྦྱངས་ཕྲན་བུ་ཡང་མེད་པ་ཅན་བདག་དང་བདག་འདྲ་བ་རྣམས་ལ་སྟོང་ཉིད་ཀྱི་གནས་ལུགས་དྲི་ཙམ་ཡང་བྲོ་བར་དཀའ་བའི་ཕྱིར་བསྔོ་བར་བྱ་བའི་ཁུར་ཐང་ལེན་པའི་འོས་མ་ཡིན་མོད། འོན་ཀྱང་། གང་ཚེ་དངོས་དང་དངོས་མེད་དག །བླི་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རས་ཏུ་ཞི། །ཞེས་པ་མཚན་མ་དང་། མཚན་མ་མེད་པ་སོགས་གང་ཡང་ཡིད་ལ་མི་བྱེད་པའི་སྟོང་པ་ཉིད་ཀྱི་གཤིས་ལུགས་འཁོར་གསུམ་རྣམ་པར་མི་རྟོག་པའི་རང་ངོར་མཉམ་པར་འཇོག་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་ཆ་སྒྱུ་མ་ཙམ་གྱི་འཆར་སྒོ་མ་འགགས་པ་ཙམ་ཞིག་དོན་སྤྱིའི་ཚུལ་


JLD018_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཡིད་ལ་བྱེད་པའི་ངང་ནས་རྩེ་གཅིག་ཏུ་བསྔོ་བའམ། དེ་ཙམ་ཡང་མི་ནུས་ན། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་པ་ལྟར་སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་གཟིགས་ངོན་འཁོར་གསུམ་གྱི་རྣམ་རྟོག་གང་ཡང་དམིགས་པ་དེ་བཞིན་པའི་རྗེས་སུ་སློབ་སྟེ། དེ་དག་ཀུན་གྱིས་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གི་ཀྱང་ཡོངས་སུ་བསྔོ་བའི་འདུན་བདང་བཅས་ཏེ་སྔོ་བར་བྱེད་ན་རྗེས་མཐུན་གྱི་བསྔོ་བ་ཡང་དག་པར་འགྱུར་པར་གསུངས་པ་དང་རྗེས་སུ་འབྲེལ་བར། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། འདུན་པའི་རྩེ་ལ་རབ་ཏུ་གནས། ཞེས་པ་ལྟར་འདུན་པ་རྩེ་གཅིག་པས་རྗེས་སུ་ཡི་རང་བའི་སྒོ་ནས་བསྔོ་སྨོན་གྱི་རིམ་པ་གྱི་རིམ་པ་སྤེལ་བའང་ཉེས་པའི་ནོངས་པ་མེད་པར་མ་ཟད་དོན་ཆེན་པོ་ཡོད་པས་ན། འདིར་ཡང་དེ་དོན་དང་མཐུན་པའི་བསྔོ་སྨྱོན་གྱི་རིམ་པ་ཅུང་ཟད་ཅིག་ཚིགས་སུ་བཅད་དེ་སྤེལ་བ་ནི་འདི་ལྟར། མངྒ་ལ་ཤྲཱི་ཛ་ཡནྟུ། རང་བཞིན་མ་གྲུབ་ངོ་བོས་ཡོངས་སྟོང་མཁའ་དང་མཉམ་པའི་ཆོས་དབྱིངས་དང་། ལྷན་ཅིག་ངེས་པ་ལྔ་ལྡན་འཁོར་ལོ་རྣམ་པ་ཀུན་ཁྱབ་སྦྲིན་བཀོད་ནས། གང་འདུལ་སྒྱུ་འཕྲུལ་དྲྭ་བའི་འོད་ཟེར་བསམ་ཡས་རྟག་པར་འཕྲོ་བ་ཡི། སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་དགེ་ལེགས་གཡོ་བ་མེད་པར་མཛོད། ༡ བྲལ་དང་སྨིན་པའི་ཡོན་ཏན་ཀུན་གྱི་ཕོ་རོལ་ཕྱིན་པའི་རྒྱལ་ཐབས་སུ། སྤངས་དང་རྟོགས་པའི་ཡེ་ཤེས་གར་གྱིས་བདེ་བར་རྩེན་


JLD018_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫོགས་སངས་རྒྱས། །ཇི་ལྟ་ཇི་སྙེད་མཁྱེན་པ་ཕུལ་བྱུང་འཕགས་ཚོགས་སྲས་དང་བཅས་རྣམས་ཀྱིས། ཐགུས་རྗེ་ཆེན་པོའི་འཇུག་པ་བསམ་ཡས་འདིན་ལན་གཅིག་བསྐྱེད་དུ་གསོལ། ༢ གང་ཞིག་འཁོར་གསུམ་མཚན་མར་འཛིན་པའི་ཆོས་ཀུན་ཀ་ནས་དག་པ་ཡི། །སྤྱོད་ཡུལ་ལྷུན་གྱིས་གྲུབ་པའི་དབང་ཕྱུག་རྒྱལ་སྲས་འཇམ་དཔལ་དཔའ་བོ་དང་། །ཀུན་ཏུ་བཟང་དང་སྤྱན་གཟིགས་ལ་སོགས་གྲགས་ལྡན་བྱང་ཆུབ་སེམས་དཔའ་རྣམས། །ལེགས་བྱས་མི་ཟད་རྒྱན་གྱི་འཁོར་ལོར་སྤེལ་བའི་གྲོགས་སུ་དེ་སྤྱོན་ཅིང་། ༣ །མཐའ་གཅིག་ཞི་བ་བདེ་བའི་དགའ་སྟོན་བསོད་ནམས་ཀུན་གྱི་སྙིང་པོ་ར། །སྒྲིམ་བྲལ་བློ་ཡིས་ལེགས་པར་མཐོང་བས་དཀར་པོའི་ཆོས་ལ་རྟག་གནས་པ། །ལྷ་དང་དྲོང་སྲོང་གྲུབ་པའི་ཚོགས་རྣམ་དེང་འདིར་བྱང་ཆུབ་སྤྱོད་པ་ཡི། །ཆོ་འཕྲུལ་མི་ཟད་སྤྲོ་བའི་དཔལ་ལ་དགའ་ཆེན་རོལ་མོ་སྒྲོག་པར་གྱིས། ༤ སྲིད་དང་ཞི་བ་ཀུན་གྱི་ཁམས་ནས་ཀུན་དང་མི་མཚུངས་མཚུངས་མེད་པའི། །ལས་དང་སྐལ་བའི་བགོ་སྐལ་བཅིག་པུར་དུས་སུ་སོན་པའི་ལེགས་བྱས་ནི། །རྨད་དུ་བྱུང་བ་འདི་ཡིས་ཉེར་མཚོན་འཕགས་དང་སོ་སྐྱེ་མ་ལུས་པས། །དུས་གསུམ་བསགས་པའི་དགེ་ཚོགས་ཅི་མཆིས་མ་ལུས་གཅིག་ཏུ་བསྡོམས་བྱས་ནས། ༥ ཆོས་དབྱིངས་མཐའ་དང་བྲལ་བའི་རྩེ་དགར་ཡང་དག་འཁྱུད་པའི་ཉེར་ལེན་དུ། །རིན་ཐང་བྲལ་བའི་ཡོན་ཏན་ཀུན་ཚང་ཉེས་པའི་སྐྱོན་རྣམས་སྤངས་པ་ཡི། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བའི་བདུད་རྩིའི་སྤྲིན་གྱི་བླ་བྲེ་ནི། །ཀུན་མཁྱེན་མཁའ་ན་ཡང་དག་བྲེས་པའི་དམ་བཅའ་བདག་གི་


JLD018_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་ལེན། ༦ །དམ་པའི་དོན་དུ་དངོས་པོའི་ཆོས་རྣམས་བདེན་པར་གྲུབ་པ་མེད་མོད་ཀྱང་། །མེད་སྣང་འཁྲུལ་བས་རྟག་ཏུ་ཡོངས་བསླུས་གཟུང་འཛིན་གཡང་སར་འཆེས་པ་ཡི། །འཁྲུལ་འཁོར་ཐོག་མཐའ་མེད་པའི་ཡུལ་རྣམས་དེང་ནས་གཟུང་སྟེ་སྟོང་བ་དང་། །རྟེན་འབྱུང་དབྱེར་མེད་ཡེ་ཤེས་དབྱིངས་སུ་རྩད་ནས་དག་པ་ཉིད་གྱུར་ཅིག ༧ མིང་ཙམ་ཉིད་ཀྱང་དྲན་མི་ཕོད་པ་ཤིན་ཏུ་ཡ་ངའི་བསྟི་གནས་སུ། །མི་བཟད་སྡིག་པའི་ལས་ཀྱིས་བསྐྲུན་པའི་རིམ་པ་བརྒྱད་པོ་ཉེ་འཁོར་བཅས། །གནས་ངན་ལེན་གྱི་རྣམ་སྨིན་རྒྱུ་བ་ཀུན་ནས་ཆད་པའི་རྟེན་འབྲེལ་གྱིས། །སྟོང་ཆེན་ཆོས་སྐུའི་རྒྱལ་ཐབས་ཆེན་པོར་དབང་བསྒྱུར་ཕུན་སུམ་ཚོགས་གྱུར་ཅིག ༧ །དེ་བཞིན་བཀྲེས་དང་བསྐོས་དང་སྐོམ་བས་མནར་བའི་ཚོར་བ་མི་བཟད་གནས་རྣགས་དང་། །སྡིག་དང་སྡུག་བསྔལ་བརྒྱ་ཡིས་ཉམ་ལེན་དུད་པར་འགྲོ་བ་དེ་དག་ཀུན། མི་དགེ་སྤྱོད་པའི་སྤྲོས་པ་མཁའ་ལྟར་དབེན་པའི་གནས་སུ་ནུབ་པ་ཡི། །དགེ་མཚན་གསལ་བ་བདེ་ཆེན་ངོ་བོའི་འདུ་འགོད་རབ་ཏུ་བདོ་གྱུར་ཅིག ༩ །འཆི་འཕོ་ལྟུང་བའི་ཆད་པ་དྲག་པོའི་དམ་ལ་གནམ་པའི་མཐོ་རིས་དང་། །མི་བདེའི་སྡང་སེམས་བྱ་ངས་དུས་འདའ་སྦྱིན་སྐྱེས་བུ་ཡི་ཁམས་རྣམས་ཀྱང་། །ཟག་བཅས་ལས་ཀྱི་བདུད་གྱི་སྒྱུ་མེད་འཁོར་བ་མཐའ་ཅན་བགྱིད་པ་ཡི། །དཀྱིལ་འཁོར་འཁོར་ལོའི་རང་གཟུགས་ཉིད་དུ་གེགས་མེད་པར་ཡང་འཁྱིལ་གྱུར་ཅིག ༡༠ ཆགས་དང་སྔར་སོགས་ཉོན་མོངས་དུ་མའི་རང་བཞིན་རྣམ་པར་ཀུན་ནས་ཀྱང་། །དགའ་བའི་གནས་མེད་སྡིག་པས་ཡོངས་བཟུང་འཆིང་པའི་རྒྱ་ལས་མི་འདའ་བ། །ད་ལྟ་བདག་ཅག་གནས་པའི་འཇིག་རྟེན་


JLD018_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཅུད་གཉིས་པོ་འདི་ཉིད་ཀྱང་། །བདེ་ལྡན་དག་པའི་ཞིང་གི་སྣང་བ་དམ་པའི་ཕྱག་རྒྱས་ཐེབས་གྱུར་ཅིག ༡༡ །སྨྲ་བ་ཤེས་ཤིང་དོན་རྣམས་གོ་བའི་མཆན་ཉིད་ཚད་དང་ལྡན་བཞིན་དུ། །ཤིན་ཏུ་བླང་དོར་ཕྱིན་ཅི་ལོག་པས་བསླུ་འོས་མ་མཆིས་འགྲོ་འདི་དག །མ་བརྟགས་ཉམས་དགའི་གཡུལ་ལས་རྒྱལ་ནས་རྟག་ཏུ་ལེགས་པར་སྤྱོད་པ་ཡི། །རྒྱལ་ཐབས་གཞོམ་དུ་མེད་པའི་གླིང་དུ་ཐམས་ཅད་བདེ་བར་འཁོད་གྱུར་ཅིག ༡༢ གཏན་གྱི་བདེ་བ་དམ་པའི་འབྱུང་གནས་སྲིད་ན་རིན་ཐང་དང་བྲལ་བ། །རིན་ཆེན་རྣམ་གསུམ་ཁྱད་ཆོས་དྲུག་ལྡན་སྒྲོན་མེའི་སྣང་བ་མཐའ་ཡས་པས། །ནམ་མཁའི་མུ་དང་རག་ཏུ་མཉམ་པའི་འགྲོ་ཁམས་རྒྱ་མཚོ་ཡོངས་བཟུང་བའི། །ངོ་མཚར་བླ་མེད་རྟག་པར་མི་ཤིགས་ཆོས་དབྱིངས་རྒྱན་དུ་རྒྱས་གྱུར་ཅིག ༡༣ ཐུགས་རྗེ་ཚད་མེད་སྟོན་མཆོག་ཐུབ་དབང་གང་གི་ལུང་རྟོགས་བསྟན་པ་ཡི། །ཆོས་ཀྱི་འཁོར་ལོ་བཤད་དང་སྒྲུབ་པའི་ལྨ་ནས་འཁོར་བ་མ་སྟོང་བར། །ཕན་དང་བདེ་བ་མཆོག་གི་དཔྱིད་དུ་རྟག་པར་འཕེལ་ཞིང་གནས་པ་ཡི། །དགའ་སྟོན་སྟུག་པོ་གསེར་གྱི་རི་ལྟར་རྣམ་ཀུན་སྟོབས་དང་ལྡན་གྱུར་ཅིག ༡༤ གང་ཞིག་གང་དུ་མཆིས་པ་དེ་ན་བདེ་བ་ཆེན་པོའི་འོད་འབར་བ། རེས་མེད་རྒྱལ་བསྟན་ནོར་བུའི་གྲོང་ཁྱེར་ནོར་འཛིན་ཁྱོན་ཀུན་གང་སྣང་བ། །ཐམས་ཅད་དཀོན་མཆོག་བླ་མར་བྱེད་པའི་རྒྱལ་ཁམས་ཀུན་གྱིས་སྤྱི་བོ་ན། །རྟག་པར་བརྗིད་ཆགས་འདུས་བྱས་ཉམས་པའི་ཆོས་དང་རྣམ་ཀུན་བྲལ་གྱུར་ཅིག ༡༥ །ཐེག་གསུམ་མདོ་སྔགས་ཆོས་ཀྱི་དགེ་མཚན་རྒྱ་མཚོའི་གོས་ཅན་མཐར་ཐུག་བར། །ཕུ་སུམ་ཚོགས་པར་བརྡལ་བའི་མཐུ་དང་མཐའ་ཡས་འགྲོ་བའི་


JLD018_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་གྱུར་པའི། །སངས་རྒྱས་བྱང་སེམས་ཡེ་ཤེས་ཡོངས་ཟློས་སྤྲུལ་པའི་སྐྱེ་བོ་གྲངས་མེད་པ། །དུས་གསུམ་ཀུན་ཏུས་རྣམས་གང་བ་སྲིད་འདིར་རྒྱུན་དུ་འབྱོན་གྱུར་ཅིག ༡༦ མཁྱེན་དང་བརྩེ་བའི་ཡོན་ཏན་རྨད་བྱུང་རྣམ་ཐར་ཁྱད་འཕགས་ལ་གནས་པ། །བསྟན་འཛིན་སྐྱེས་བུ་ཉི་མ་ལྟ་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱང་། །བསྟན་འགྲོའི་དོན་ཆེན་སྐད་ཅིག་དེར་ཡང་འབྱམས་ཀླས་འགྲུབ་བཞིན་སྲིད་མཐའི་བར། །བདུད་ལས་རྣམ་རྒྱལ་འཚོ་གཞེས་དཀྱིལ་འཁོར་ནམ་ཡང་གཡོ་བ་མེད་གྱུར་ཅིག ༡༧ །མཐུན་པར་ཞུགས་ཤིང་ཐལ་མོ་སྦྱར་བའི་འོས་གྱུར་བསོད་ནམས་དཔལ་གྱི་ཞིང་། །ནང་གི་དྲ་རྣམས་ལྷག་མེད་བཅོམ་ཡང་སེམས་དཔའི་བརྟུལ་ཞུགས་མི་གཏོང་བ། །ཡོན་གནས་དགེ་འདུན་འདུས་པའི་ཚོགས་རྣམས་ངུར་སྨིག་གོས་ཀྱིས་བཀླུབས་བཞིན་དུ། །བྱེ་བ་ཕྲག་བརྒྱའི་སྒྱུ་འཕྲུལ་རོལ་པས་འཇིག་རྟེན་ཁམས་ཀུན་མཛེས་གྱུར་ཅིག ༡༨ །གང་དུ་སྐྱེས་པའི་འགྲོ་བ་མ་ལུས་ཐུབ་པའི་ཆོས་དང་འཕྲད་གྱུར་ནས། །བར་ཆད་མེད་པར་སྒྲིབ་གཉིས་སྤོང་པའི་གོ་ཆ་མཆོག་ཏུ་བགོ་བ་ན། །སྲིད་པ་རྣག་རྗེས་ལྟ་བུར་འཚལ་བའི་གོ་སྐབས་འབྱེད་པའི་དེ་མ་ཐག །དེན་གཉིས་སྡུན་འགྲུབ་རྒྱལ་སྲིད་དཔལ་རྟག་ཏུ་ལོངས་སྤྱོད་ཐོབ་གྱུར་ཅིག ༡༩ །ཚེ་འདི་མི་རྟག་སྒྱུ་མའི་གར་འདྲ་འཁོར་བསྡུག་བསྔལ་ཀུན་གྱི་གནས། །བྱས་པའི་ལས་རྣམས་ཆུད་མི་ཟ་བ་དེ་དང་དེ་དག་རྣམས་སུ་ནི། །ངེས་འབྱུང་ཡིད་ཆེས་བློ་སྦྱངས་རབ་གཤིམས་དལ་འབྱོར་ཉིད་ཀྱང་རྙེད་དཀའ་བས། །དོན་ལྡན་བྱེད་པ་དམ་བཅའའི་འཁྲུལ་འཁོར་སྲིད་ཞིའི་བླ་ན་བརྗིད་གྱུར་ཅིག ༢༠ །འདོད་པའི་ཡོན་ཏན་ལྔ་ཡི་གཡང་སར་ལྷུང་


JLD018_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་བརྒྱད་འཕྲང་གཟར་པོ། །བག་ཡོད་དྲན་ཤེས་མིག་གིས་བསྲུངས་ནས་ཐུབ་པ་གཤེགས་པའི་ལམ་ཡངས་བོར། །ཐབས་ཤེས་གོམ་པ་འདོར་བའི་ཉེར་ལེན་ལུང་རྟོགས་བདེ་བའི་ཐང་ཆེན་དུ། །བློ་གྲོས་རྩལ་སྦྱངས་ཕུན་སུམ་ཚོགས་པའི་བསམ་སྦྱོར་རྟག་ཅིང་བརྟན་གྱུར་ཅིག ༢༡ །དགའ་དང་དད་པའི་སེམས་ཀྱི་རྗེས་འབྲངས་ཐར་ལམ་དཀར་བའི་ཡོན་ཏན་དཔྱིད། །ཆོས་གོས་གསུམ་དང་སྡེ་སྣོད་གསུམ་སྟེ་དེ་བཞིན་བསླབ་པ་གསུམ་གྱིས་ནི། ལུས་ངག་ཡིད་གསུམ་མཛེས་པར་རབ་བརྒྱན་མཛེས་པར་གྱུར་པ་དེ་ལྟ་བུའི། །ཆོས་ཀྱི་མཆོད་སྡོང་ཆེན་པོ་འཕགས་ལ་སུ་ཡང་སྐལ་མེད་པ་གྱུར་ཅིག ༢༢ ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཀྱི་སྐ་རགས་དམ་པོར་འཆིང་པའི་ཐོད་དེ་ནས། །སྨོན་འཇུག་སྡོམ་པའི་གོ་ཆ་རབ་མཁྲེགས་དག་པ་རབ་འབྱམས་དམ་ཚིག་གི །སྤོས་ཀྱི་གླང་པོའི་སྟེང་ན་ངལ་གསོ་འཁོར་བའི་གཡུལ་ངོ་འཇོམས་པ་ཡི། སྡོམ་པ་གསུམ་གྱི་ནུས་མཐུ་འཆང་བའི་སྐྱེ་བོར་ས་རྣམས་གང་གྱུར་ཅིག ༢༣ ཟབ་དང་རྒྱ་ཆེའི་གཞུང་ལུགས་རྒྱ་མཚོ་ཐོས་པའི་མགྲིན་པས་རྡུབ་པ་དང་། །དེ་དོན་བསམ་པའི་ཤེས་རབ་ནོར་བུ་ཅི་དགྲ་བསྐྲུན་དང་ཆབས་ཅིག་པ། ཡང་དག་དོན་གྱི་སྙིན་པོ་སྒོམ་པའི་ཉི་མ་སྟོང་འབྲ་ལས་ཉོན་གྱི། །རི་དང་ནགས་ཚལ་གཅིག་ཆར་བསྲེགས་པའི་དྲང་སྲོང་བརྒྱ་ཕྲག་གསལ་གྱུར་ཅིག ༢༤ །ཤེས་བྱ་མ་ལུས་འཆད་པའི་གནས་ལ་ཆགས་དང་ཐོགས་པའི་གོ་ལ་ས་མེད། །བརྒལ་བརྟག་དགག་སྒྲུབ་རྩོད་པའི་དཔལ་ནི་ལུང་དང་རིགས་པའི་ཆོ་འཕྲུལ་བཞིན། །ཡང་དག་ལེགས་བཤད་རྩོམ་པའི་ངག་ལ་དབྱངས་ཅན་ངག་གི་ཁ་བྱེ་བའི། མཁས་པའི་གོ་སར་ལུས་


JLD018_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་དབྱེ་བ་མེད་པར་རྩེ་ན་གྱུར་ཅིག ༢༥ །དངོས་དང་བརྒྱུད་ནས་ཀུན་མཁྱེན་རྒྱུ་རུ་ཉེ་བར་འགྲོ་བའི་གནས་ལུགས་ཅན། །བཅུ་ཕྲག་རིག་པའི་གནས་རྣམས་ལ་སོགས་ཐུན་མོང་ཐུན་མིན་ཤེས་བྱ་ཀུན། །འབྲས་བུ་བཟང་པོ་ཕྱི་མཐར་རྩི་སླད་ཤེས་བརྩོན་མཉམ་པར་བརྡལ་བ་ལ། །རྒྱལ་བ་ཀུན་གྱི་རྣམ་ཐར་སྒྲིབ་མེད་འགྲོ་བའི་སྙིང་གར་རྫོགས་གྱུར་ཅིག ༢༦ །ཟག་པ་མ་ལུས་ཀུན་ནས་ཟད་ཅིང་རྟོགས་པ་མཐར་ཕྱིན་གྱུར་པའི་གནས། །བསོད་ནམས་དང་ནི་ཡེ་ཤེས་ཉིད་དེ་ཚོགས་གཉིས་རྒྱ་མཚོ་ལྟར་བསགས་པའི། སྤྱོད་པ་རྨད་བྱུངས་དང་ལམ་གྱི་རིམ་པ་ཐམས་ཅད་འདེར་བགྲོད་ནས། །ཟུང་འཇུག་མངོན་དུ་བྱེད་པའི་ཉེར་འཚོ་མཁའ་ལ་སྤྲིན་བཞིན་གཏིབས་གྱུར་ཅིག ༢༧ ཤིན་ཏུ་རྙེད་དཀའ་ཟབ་མོའི་རང་བཞིན་མྱུར་ལམ་བླ་ན་མེད་པའི་ཕུལ། །ཆོས་དབྱིངས་དམ་པ་ཟད་མི་ཤེས་པ་གསང་ཆེན་རྡོ་རྗེ་ཐེག་པ་ཡི། །བསྐྱེད་དང་རྫོགས་པའི་རིམ་པ་ཡོ་ལང་རིགས་དྲུག་གྲོང་ཁྱེར་འོག་མིན་གྱི། །སྟུག་པོ་བཀོད་པའི་རྣལ་འབྱོར་ཉིད་དུ་ཁ་སྦྱོར་དཔལ་དང་ལྡན་གྱུར་ཅིག ༢༨ །བདག་པས་གཞན་གཅེས་བྱང་ཆུབ་སེམས་འབྱོངས་སྟོང་ཉིད་སྙིང་རྗེའི་འཁོར་ལོས་སྒྱུར། །ཐ་མལ་མ་ལུས་ལྷ་དང་སྔགས་ཀྱི་རྣལ་འབྱོར་ཕུལ་ཕྱིན་ཁྱད་པར་ཡང་། །རླུང་སེམས་དྷུ་ཏིར་དག་པའི་དབྱིངས་ནས་དབེན་གསུམ་ལས་སྐྱེས་བདེ་སྟོང་གི། །ཏིང་འཛིན་མཐར་ཕྱིན་མཆོག་དང་དངོས་གྲུབ་པ་རྣམས་ཀྱིས་སྲིད་གསུམ་འགེངས་གྱུར་ཅིག ༢༩ གངས་ཅན་འདི་ན་མདོ་དང་སྔགས་ཀྱི་བསྟན་པ་དྲི་གྲལ་རྣལ་བའི་དོན། །ཡང་དག་འཛིན་པའི་ངོ་མཚར་རྨད་བྱུང་འཇམ་མགོན་བླ་མའི་རིང་ལུགས་གང་། །འགྲོད་པ་གཅིག་པུའི་


JLD018_Page_0994
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་ལམ་ངེས་ཕྱིར་འཁོར་ལོ་གཉིས་ཀྱི་སྒོ་ནས་སུ། །ཕྱོགས་དུས་ཀུན་ཏུ་དར་རྒྱས་དངོམ་བཞིན་བསྐལ་མང་མཐའ་ལ་གནས་གྱུར་ཅིག ༣༠ ཁྱད་པར་ཡོངས་རྫོགས་བསྟན་པའི་མངའ་བདག་གངས་ཅན་སྐྱེ་བོའི་སྐྱབས་གཅིག་པུ། །བཀའ་དྲིན་སངས་རྒྱས་སོང་ལས་ལྷག་པ་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞབས། །ཐུབ་བསྟན་རྒྱ་མཚོའི་མཚན་དཔེའི་དཀྱིལ་འཁོར་ཞིང་འདིར་སྲིད་མཐའི་བར་དུ་ཡང་། །མཚི་ཞིང་གཞེས་པའི་དགའ་སྟོན་དེ་ནི་གཞར་ཡང་གཡོ་བ་མེད་གྱུར་ཅིག ༣༡ །འགྲོ་བ་བདེ་ཞིང་བསྟན་པ་འཕེལ་བའི་རྩ་ལག་གཅིག་གྱུར་སྲིད་གསུམ་ཁོངས། །ཆོས་སྲིད་ལེགས་བྱས་རི་དབང་ལྟར་མཐོ་གནམ་བསྐོས་དགའ་བ་བརྒྱ་ལྡན་པའི། །རྒྱལ་ཐབས་ཆེན་པོ་འཇིག་རྟེན་ཀུན་ན་ཕྱོགས་ལས་རྣམ་པར་རྒྱལ་བའི་ངང་། །མངའ་ཐང་དབུ་འཕང་སྲིད་པའི་རྩེ་མོར་རྟག་ཏུ་གཡོ་མེད་ཕྱོགས་གྱུར་ཅིག ༣༢ ནག་ཕྱོགས་ཀླ་ཀློ་གདུག་པའི་དཔུང་སོགས་བསྟན་ལ་འཚེ་བྱེད་ཐམས་ཅད་པ། །ནམ་ཡང་ལྡང་བའི་གོ་སྐབས་མེད་ཅིང་ཤ་ཟ་འབྱུང་པོའི་ཚོགས་རྣམས་ཀྱང་། །གནོད་འཚེའི་བསམ་སྦྱོར་ཞི་བར་རབ་སྤང་ཁྱད་པར་དུ་ཡང་མཐའ་དམག་གི །རྒྱུ་འགྲུལ་ཐམས་ཅད་འཁོར་བ་མ་སྟོང་བར་དུ་འབྱུང་བར་མ་གྱུར་ཅིག ༣༣ །ཆུ་གཏེར་བཞི་ཡི་སྐ་རགས་འཆིང་པའི་ནོར་འཛིན་དགའ་མ་མཛའ་གྲོགས་སུ། །ཐོབ་པའི་བསོད་སྐལ་དམན་པར་མ་གྱུར་ས་བདག་སྟོབས་དང་ལྡན་རྣམས་ཀྱང་། །རང་རང་སྡེ་དང་མ་བར་རིས་གང་ཡོད་དེ་ཡིས་རྟག་ཏུ་ཆོ་ག་ཤེས་ཏེ། །གཞན་ལ་འགྱེད་དང་རྩོད་པའི་རིམ་པ་ནམ་ཡང་བརྩམས་པར་མ་གྱུར་ཅིག ༣༤ ས་ལ་དབང་བསྐྱུར་རྒྱལ་དང་བློན་རྣམས་ཁྲེལ་དང་ངོ་ཚལ་གནས་


JLD018_Page_0995
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྒྱུ་མའི་ནོར་གྱིས་བསླད་པ་མེད་པའི་ཁྲིམས་སྲིད་གསེར་གྱི་གདུགས་དཀར་གྱིས། །མངའ་འབངས་ཐམས་ཅད་མནར་གཅོད་བྲལ་བའི་བདེ་དང་སྐྱིད་པར་སྐྱོང་བ་ཡི། །བདག་རྐྱེན་བཟང་པོ་ལྷ་ཡུལ་ལྟ་བུའི་འབབས་སྟེགས་རྒྱུན་དུ་བཞེས་གྱུར་ཅིག ༣༥ །མདོ་ཁམས་བསྟན་པའི་རྩ་ལག་རྨད་བྱུག་སྡེ་བཞི་དགེ་བ་བཅུ་ལྡན་གྱི། །རྒྱལ་ཁབ་ཆེན་པོའི་བ་གམ་དག་ཀྱང་ཕྱོགས་ཀྱི་རྒྱལ་ཕྲན་གཙུག་ན་མཐོ། །ཕན་བདེའི་ཉེར་མཆོག་ཏུ་གྱུར་ཕྱིར་མངའ་ཐང་ཟླ་བ་ཡང་ངོ་ལྟར། །དེང་ནས་བཟུང་སྟེ་གོང་འཕེལ་འབྱུང་བའི་རྟེན་འབྲེལ་ཤིན་ཏུ་མཁྲིགས་གྱུར་ཅིག ༣༦ །སྐྱེ་བོ་མ་ལུས་སྒོ་གསུམ་དགེ་བ་ཁོ་ནར་གཞོལ་བའི་རང་བཞིན་ལས། །སྡིག་དང་མི་དགེ་སྦྱོར་བ་མི་འཆེལ་དཀར་པོའི་ལས་དང་མཛའ་དེ་མཐུས། །འདི་དང་ཕྱི་མར་ལེགས་པའི་འབྲས་བུ་ཀུན་ནས་འཚོ་བའི་ལོངས་སྤྱོད་ནི། །ནམ་མཁའི་མཛོད་བཞིན་ཉམས་སུ་མྱོང་བས་དུས་རྣམས་ཀུན་ཏུ་འདའ་གྱུར་ཅིག ༣༧ ལས་དང་རྒྱུ་འབྲས་ཁྱད་དུ་གསོད་ཅིང་དགེ་སྡིག་མི་ཤེས་པ་དང་། །དུག་ལྔའི་རྣམ་འགྱུར་མེ་ལྟར་འབར་ཞིང་བསྟན་པའང་འཆོལ་བར་སྤྱོད་པ་དང་། །སྣོད་བཅུད་འགྱུར་ལྡོག་སྐད་ཅིག་རེར་ཡང་མང་བ་ལ་སོགས་སྙིགས་ལྔ་ཡི། །དུས་རྟགས་ཐམས་ཅད་མི་གནས་ཡི་ཤེས་ཟབ་མོའི་དབྱིངས་སུ་འཇོམས་གྱུར་ཅིག ༣༨ རྒྱལ་ཁམས་ཀུན་དུ་དབུལ་ཕོངས་བཀྲེས་སྐོམ་ལ་སོགས་མུ་གེའི་དད་བ་དང་། །དེ་བཞིན་ནད་དང་ཕྱི་ནང་མི་བདེའི་མཚོན་གྱི་འཁྲུགས་པ་ཇི་སྙེད་སོགས། །བཀྲ་མི་ཤིས་པའི་སྐལ་བ་ངན་པ་གཏན་ནས་མི་འབྱུང་སྒོ་ཀུན་ནས། །རྫོགས་ལྡན་དུས་ཀྱི་དགའ་སྟོན་གསལ་བ་དར་ལ་བབ་པ་


JLD018_Page_0996
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གྱུར་ཅིག ༣༩ བསོད་ནམས་དབང་ཐང་དབྱར་མཚོ་ལྟར་འཕེལ་ཆོས་ནོར་འདོད་དང་ཐར་བ་ཡི། །འབྱོར་བ་རྣམས་ཐོས་སུ་དང་རབ་མཉམ་ཁྱད་པར་ཚེ་ཡི་འཕེན་པ་ནི། །ལྷ་དང་དྲང་སྲོང་རིག་འཛིན་རྣམས་དང་སྐལ་བ་མཉམ་པ་ཤ་སྟག་སྟེ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་མཆོག་ནི་འཛམ་གླིང་ཀུན་ཏུ་རྒྱས་གྱུར་ཅིག ༤༠ འགྲོ་རྣམས་སྤྱོད་པ་ཆོས་སུ་དཀར་བས་བསྟན་ལ་དགའ་བའི་ལྷ་ཀླུ་སོགས། །དཔལ་མགོན་ཚོགས་རྣམས་གཅིག་ཏུ་ཡི་རངས་གྱུར་པའི་རྣམ་འགྱུར་མཛད་མེད་མཐུས། །ཆར་ཆུས་དུས་འབེབས་ལོ་ཕྱུགས་རྟག་ལེགས་ལ་སོགས་བསོད་ནམས་སྤྲིན་ཆེན་གྱི། །འདོད་ཡོན་རྒྱ་མཚོ་བསྙིལ་བའི་བདག་རྐྱེན་ནམ་ཡང་ལྷོད་པ་མེད་གྱུར་ཅིག །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་བཟང་ཆོས་བཞིན་སྐྱོང་བའི་སྲུང་མ་རྣམས། །ཐུབ་པའི་བསྟན་པ་ཀུན་ནས་སྲུང་བའི་མེ་ལ་ཚེ་ནམ་ཡང་ཆི་གཡེལ་ཞིང་། བཤད་དང་སྒྲུབ་པའི་ཆོས་མཛད་རྣམས་ལ་འགོ་ཞིང་སྟོང་གྲོགས་ཀྱིས་མཚོན་ཏེ། འཇིག་རྟེན་བདེ་བའི་ཕྲིན་ལས་རྣམ་བཞི་ཟད་མེད་སྤྲོ་ལ་བྲེལ་གྱུར་ཅིག ༤༢ བྱང་ཆུབ་སྙིང་པོ་མངོན་དུ་བགྱིད་པའི་དམ་བཅའ་སྙིང་ལ་བརྟན་པ་ནས། །ཐོས་དང་སྒོམ་པའི་ལམ་དུ་ཞུགས་པའི་སྐྱེ་བོ་ཀུན་ལ་རྟག་པར་ཡང་། བདུད་ཀྱི་བར་ཆད་འགལ་རྐྱེན་མི་འབྱུང་མཐུན་རྐྱེན་འབྱོར་བ་ཡིད་བཞིན་དུ། །ཚང་བའི་ངང་ནས་དོན་གཉིས་འབྲས་བུ་གཡུར་དུ་ཟ་བས་སྤ་གྱུར་ཅིག ༤༣ །ཆོས་སྦྱིན་ཟླ་མེད་བསྐྲུན་པའི་བྱེད་པོ་མཆོད་ཡོན་ཉི་ཟླའི་དཀྱིལ་འཁོར་ཡང་། རྒྱལ་བ་གཉིས་པའི་རིང་ལུགས་ཟླ་མེད་ཕྱོགས་མཐར་སྤེལ་བའི་མཐུ་ཐོབ་བཞིན། །བསྟན་འགྲོའི་དོན་ཆེན་ཕུན་སུམ་ཚོགས་འགྲུབ་སྐུ་ཚེ་ཡུན་དུ་རྟག་


JLD018_Page_0997
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས། །ཐུགས་ཀྱི་བཞེད་པ་ཅི་མ་ཆིས་ཐམས་ཅད་གེགས་མེད་མཐར་ཕྱིན་འགྲུབ་གྱུར་ཅིག ༤༤ འཆད་ལ་ཐོགས་མེད་གསུང་རབ་ཆུ་རྒྱུན་ལོངས་སྤྱོད་འཁོར་ལོའི་རྫིང་བུར་བསྐྱིལ། །རྩོད་པའི་རིག་ལམ་གནམ་ལྕགས་རལ་གྲིས་མུར་འདུག་ལོག་སྨྲའི་འཁྲི་ཤིང་གཅོད། །རྩོམ་སྙན་ལྡེབ་ལེགས་རིན་ཆེན་ཏོག་གིས་ཐུབ་བསྟན་ཁང་བཟང་མཛེས་བྱས་པའི། །རིས་སུ་མ་ཆད་བསྟན་འཛིན་མཐའ་དག་སྐུ་ཚེ་བསྐལ་བརྒྱལ་བརྟན་གྱུར་ཅིག ༤༥ །གཞན་ཡང་ལེགས་བྱས་འདི་ཡི་གནས་སུ་སྒོ་གསུམ་འབྲེལ་བ་ཐོགས་སོ་ཅོག །གང་ཡིན་མ་ལུས་གནས་སྐབས་མཐར་ཐུགས་བདེ་ལེགས་འབྱོར་བས་མཛའ་བ་ནས། ནམ་ཞིག་ལས་ཉོན་འཆིང་བ་ཀུན་བྲལ་འཁོར་བ་ཡོངས་སུ་དག་པའི་ས། བློ་བཟང་རྒྱལ་བའི་ཞིང་ཁམས་ཆེན་པོར་ཐམས་ཅད་བདེ་བླག་ཕྱིན་གྱུར་ཅིག ༤༦ ཟབ་དང་རྒྱ་ཆེའི་ཆོས་ཀྱི་མཛོད་གྱུར་ཐུབ་དབང་ཞལ་གྱི་མན་ངག་བཞིན། །སྲིད་པའི་གདུང་སེལ་ཆོས་ཀྱི་རྒྱལ་པོའི་ལེགས་གསུང་འདི་རྣམས་ཕྱོགས་དུས་ཀུན། །ཐོས་བསམ་སྒོམ་པའི་ལམ་དུ་རྒྱུ་བས་ཐུབ་བསྟན་རྒྱན་དུ་བརྗིད་དང་བཅས། །བྱམས་པའི་བསྟན་པ་མ་ཤར་བར་དུ་ངོ་མཚར་འགྲིབ་པ་མེད་གྱུར་ཅིག ཆོས་ཉིད་དེ་བཞིན་མཐའ་དང་དབུས་མེད་མཁའ་ལྟར་ཟབ་མོའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་བསམ་མི་ཁྱབ་པའི་བདེན་པ་སྟེ། །བདེན་པ་ཆེན་པོའི་དེ་དག་གིས་ནི་བདག་གི་གུས་པས་སྨོས་པ་ཡིས། །རིམ་པ་འདི་རྣམས་དོན་དང་ལྡན་པར་བྱིན་གྱིས་ཡོངས་སུ་བརླབ་གྱུར་ཅིག ༤༨ བཀྲ་ཤིས་སྲིད་དང་ཞི་བའི་ཁམས་ན་མཚུངས་མེད་པའི་དབྱངས་སྙན་མོ། བཀྲ་ཤིས་ཞི་བསིལ་དམ་ཆོས་རྔ་སྒྲས་


JLD018_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་འཇིག་རྟེན་ཁམས་མང་ནི། །བཀྲ་ཤིས་དགེ་ལེགས་ཡང་དག་བྱེད་པའི་དགེ་མཚན་བསམ་ལས་འདས་པ་ཡི། །བཀྲ་ཤིས་ལེགས་ལམ་དངོས་པོའི་ཆོས་ཀུན་རྟག་ཏུ་སྟོབས་དང་ལྡན་གྱུར་ཅིག ༤༩ དེ་ལྟར་བསྔོ་སྨོན་གྱི་རིམ་པ་ཅུང་ཟད་ཅིག་བསྟར་བས་ལེགས་པའི་མཐའ་ཡོངས་སུ་ཟིན་པར་བྱས་ནས། །སླར་ཡང་སྨྲས་པ། །འགྲོ་བ་སྨིན་པར་བྱེད་པའི་བློ་མངར་ཞིང་། བཟང་པོ་སྤྱོད་པའི་ཡོན་ཏན་བསམ་མི་ཁྱབ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །འཇམ་མགོན་བླ་མའི་ཞབས་ལ་སླར་ཡང་འདུད། །ཁྱོད་ནི་གདོད་ནས་མངོན་པར་སངས་རྒྱས་ཏེ། །ཐུགས་རྗེ་ཕྲིན་ལས་རྒྱལ་བ་ཀུན་ལས་ལྷག དེ་ཕྱིར་ཞིང་ཁམས་རབ་འབྱམས་རྒྱ་མཚོན། །འགྲན་ཟླ་བྲལ་བའི་རྣམ་འདྲེན་གཅིག་པུར་གྱུར། །གང་གིས་ལེགས་གསུངས་ཆོས་ཀྱི་ཕུང་པོ་ཡང་། །རྣམ་གྲོལ་འོད་ཟེར་སྟོང་ཕྲག་འཕྲོ་བ་ཡི། །ལུང་རྟོགས་ཟབ་མོའི་ཉིན་མོར་བྱེད་པ་རུ། །འཁྱིལ་བའི་ངོ་མཚར་བསམ་གྱིས་ཅི་ཞིག་ཁྱབ། །ཐོས་བ་ཙམ་གྱིས་སྡིག་ལྟུང་མང་བསྲེག་ན། །དད་པས་མྱོང་བ་ཀུམ་མཁྱེན་ཡེ་ཤེས་ནི། མྱུར་དུ་མི་ཐོབ་ཅི་ཞིག་དེ་བས་ན། །ཞི་བའི་ལམ་པོ་ཆེ་འདིར་མི་གུས་སུ། །གང་ཞིག་སྔོ་སྨོན་རྣམ་པར་དཀར་བ་ཡིས། །རྩེ་གཅིག་འདི་ལ་བསྟེན་རྣམས་དེ་མ་ཐག །འཁོར་བའི་རྩ་བ་བཅད་པའི་མཐུ་གྲུབ་ཕྱིར། །མཆོག་དངོས་རྙེད་པའི་སྐལ་བ་ཅིས་མ་བཟང་། །ཐོས་པས་རྨོངས་པའི་མུན་ཆེན་དྲུངས་ནས་འབྱིན། །བསམ་པས་ཡང་དག་ཤེས་རབ་གདིང་ནས་རྣེད། །སྒོམ་པས་ཆོས་སྐུ་བདེ་བླག་མཐོང་བོ་སྟེ། །གསུང་རབ་འདི་ཡི་ནུས་པ་བརྗོད་མཐའ་ཡས། །འཆད་པར་བཞེད་ན་ཟབ་དོན་བློ་ཡི་མཛོད། །རྩོད་པར་དགྱེས་ལ་ལུང་རིགས་རྡོ་རྗེའོ་ལྗགས་


JLD018_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པར་མོས་ཚེ་ལེགས་བཤད་འབའ་ཞིག་པའི། །འབྱུང་གནས་གྱུར་བ་འདི་ནི་རྒྱལ་བ་དངོས། །ཐོས་པ་འདོད་ལ་ཤེས་རབ་མིག་བུ་དང་། །སྒོམ་པ་འདོད་པ་གནས་ལུགས་མ་མ་སྟེ། །དེ་ཕྱིར་ཡིད་བཞིན་ནོར་དང་ལྗོན་བཟང་གིས། །མི་མཚོན་སྔོན་མེད་དཀོན་མཆོག་གཉིས་པ་ཡིན། །དེ་བས་ཐམས་ཅད་མཁྱེན་པ་མངོན་བྱེད་ལ། །ཐོས་སྒོམ་ཟུང་འཇུག་དགོས་པ་རྒྱལ་བའི་བཀའ། །དེས་ན་དེ་དོན་འདོད་པ་རྣམས་ཀྱིས་ནི། །ཚུལ་འདིར་འབད་པ་དྲག་པོས་བསྟིན་ཅིང་ཀྱེ། །བཀའ་དང་བསྟན་བཅོས་ཀུན་གྱི་སྙིང་པོ་རུ། །ཡོངས་སྣང་སྲིད་འདིར་དམ་ཆོས་མ་ལུས་པའི། །གཅེས་ནོར་བླ་ན་མེད་པ་མངོན་སུམ་ལྟར། །འདམ་ག་ནོར་བ་གཞར་ཡང་མི་བགྱིར་འཚལ། །འདི་བྲིས་དགེ་བས་བདག་དང་གཞན་རྣམས་སྐྱེ་བ་ཀུན་ཏུ་ཡང་དག་པའི། །ཆོས་དང་འཕྲད་ནས་ལྟ་སྒོམ་སྤྱོད་པའི་ཆ་རྣམས་འགལ་མེད་རྒྱལ་བ་ནི། །ཀུན་ཏུ་དགྱེས་པའི་ལམ་རྫོགས་བཞིན་མགོན་པོ་ཀུན་ཏུ་གཟིགས་པ་ཡི། །གོ་འཕང་འཆེག་དེ་རིང་པོར་མི་ཐོགས་མྱུར་བར་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་བདེ་བར་གཤེགས་པ་སྟོན་པ་ཐུབ་པའི་དང་པོ་དང་གཉིས་སུ་མེད་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གངས་ཅན་བོད་ཀྱི་སྟོན་མཆོག་འཇམ་མགོན་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་གྱི་ཕྲེང་བ་རྣམས་ཆོས་སྦྱིན་ཕྱི་མོའི་ལམ་དུ་གསར་དུ་དྲངས་པའི་སྐབས་ན་སྦར་བྱང་གི་སྦྱོར་བ་ཞིག་ཀྱང་དགོས་ཞེས་མཆོད་ཡོན་ཟུང་འབྲེལ་ནས་བཀའ་ཕེབས་སྤྱི་བོར་མཆོད་དེ་སྙོམས་ལས་པ་ཀུ་སེ་བ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་དཔལ་སྤུངས་ཡང་དབེན་ནས་སྤེལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །


previousའཇམ་མགོན་ཆོས་ཀྱི་རྒྱལ་པོ་དཔལ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་ཡིད་བཞིན་ནོར་བུའི་དཀར་ཆག་ངོ་མཚར་ལྷའི་རྔ་བོ་ཆེའི་སྒྲ་དབྱངས། no next