Nitartha Digital Library
Tibetan
 
previousདུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་བུ་ནྱ་མིང་ཅན་གྱིས་རྗེའི་གསུང་བཞིན་ཟིན་བྲིས།next

དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་བུ་ནྱ་མིང་ཅན་གྱིས་རྗེའི་གསུང་བཞིན་ཟིན་བྲིས།


JLD019_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་བུ་ནྱ་མིང་ཅན་གྱིས་རྗེའི་གསུང་བཞིན་ཟིན་བྲིས་སུ་བཀོད་པའོ། །


JLD019_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བསྐྱེད་རིམ་གྱིས་རྒྱུད་སྨིན་ནས། རྫོགས་རིམ་བསྒོམ་པའི་ཚུལ་ལ་བཞི། ཡན་ལག་དྲུག་དང་བྲལ་ན་མཆོག་མི་འགྲུབ་པར་བསྟན་པ། རྫོགས་རིམ་གྱི་མཚན་གྱི་རྣམ་གྲངས། གང་ཟག་སོ་སོའི་བསྒོམ་བྱར་འདོད་པ་དགག་པ། ཇི་ལྟར་བསྒོམ་པའི་ཚུལ་དངོས་སོ། །དང་པོ་ནི། འདུས་པའི་རྒྱུད་ཕྱི་མར། གཞན་དག་གིས་ནི་འགྲུབ་འགྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ཡན་ལག་དྲུག་དང་བྲལ་ན་མཆོག་མི་འགྲུབ་པ་ལས། ཡན་ལག་དྲུག་ངེས་པར་ཚང་དགོས་སོ། །དེ་ཡང་། སོར་སྡུད་ལ་སོགས་པ་རྣམས་ཀྱིས་དབུ་མ་སྦྱོང་བ་ལ་སོགས་པ་བྱེད་ལས་གང་བྱེད་པ་དེ་སྒྲུབ་པར་ནུས་པ་ཅིག་འདུག་ན། དེ་ལ་སོར་སྡུད་ལ་སོགས་པའི་དོན་ཚང་བས་དེ་རྣམས་


JLD019_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བར་འཇོག་གི །རྒྱུད་གཅིག་ཏུ་སོར་སྡུད་སོགས་ཇི་ལྟར་བཤད་པ་བཞིན་བཤད་དགོས་པ་མིན་ནོ། །དེ་ལྟར་ཡན་ལག་དྲུག་གི་ཐ་སྙད་དངོས་སུ་མ་བྱུང་བ་རྣམས་ལ་ཡང་དོན་གྱི་སྒོ་ནས་ཚང་བ་ཡིན་ནོ། །ཡན་ལག་དྲུག་གི་ཐ་སྙད་དངོས་སུ་བྱུང་བ་རྣམས་སུ་ཡང་། གཅིག་ཏུ་ཡན་ལག་དྲུག་གི་དོན་དུ་གང་བཤད་པ་དེ་ཉིད་གཞན་དུ་འཆད་པ་དགོས་པ་མིན་ཏེ། དཔེར་ན། བསྐྱེད་རིམ་ལ། དང་པོ་སྦྱོར་བ་སོགས་ཀྱི་མིང་མཐུན་ཡང་དེའི་དོན་དུ་ཇི་ཙམ་འོང་མི་མཐུན་པ་བཞིན་ནོ། །འདི་ཉིད་དུ་ཡང་། རིམ་པ་གཉིས་ཀའི་སྐབས་སུ་བསྙན་སྒྲུབ་ཡན་ལག་བཞིའི་ཐ་སྙང་བྱུང་ཡང་ཡན་ལག་བཞིའི་དོན་མི་མཐུན་པ་བཞིན་ནོ། །ནཱ་རོ་པས་ཀྱང་རྒྱུད་ཕྱི་མའི་འགྲེལ་པར། སྒྲོན་གསལ་བཞིན་བཤད་ལ།


JLD019_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མདོར་བསྟན་གྱི་འགྲེལ་པར། རྒྱུད་ཕྱི་མའི་གཞུང་དེ་རྣམས་དུས་འཁོར་བཞིན་བཤད་དོ། །གཉིས་པ་ནི། རྣལ་འབྱོར་ཡན་ལག་དྲུག་ཅེས་པ་དང་། སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་སྦྱོང་བར་བྱེད་པ། བསྙེན་སྒྲུབ་ཡན་ལག་བཞི། རྡོ་རྗེ་བཞིའི་རྫོགས་རིམ། དགེ་བ་གསུམ་གྱི་རྫོགས་རིམ་ལ་སོགས་པའི་མིང་གིས་བསྟན་ལ། རྒྱུད་འགྲེལ་དུ། ཕྱག་རྒྱ་བཞིའི་རྫོགས་རིམ་ཞེས་གསུངས་པའི་ཕྱག་རྒྱ་བཞི་ནི། ལས་དང་ཡེ་ཤེས་དང་། ཕྱག་རྒྱ་ཆེན་མོ་གསུམ་ནི་གྲགས་ཆེ་ལ། རྣལ་འབྱོར་རྒྱུད་དུ། ཆོས་རྒྱ་ཞེས་བཤད་པ་ནི། འདིར་ཡེ་རྒྱའོ། །ཕྱག་རྒྱ་བཞི་པ་ནི། དམ་ཚིག་གི་ཕྱག་རྒྱ་ཡིན་ལ། དེ་ནི་འགྱུར་བ་མེད་པའི་བདེ་བ་ཆེན་པོ་བསྒྲུབ་བྱ་ཡིན་ཞིང་། ཕྱག་རྒྱ་གཞན་གསུམ་ནི། དེའི་སྒྲུབ་བྱེད་ཡིན་ཏེ། དེ་ཡང་། དབང་པོ་རབ་ཕྱག་ཆེན་དང་། འབྲིང་ཡེ་རྒྱ་དང་། ཐ་མས་ལས་རྒྱ་ལ་བརྟེན་ནས་བསྒྲུབ་བོ། །སྤྱིར་རྒྱུད་སོ་སོ་ལ་བརྟེན་པའི་རྫོགས་རིམ་རྣམས་མི་འདྲ་ཡང་། སེམས་འགྲེལ་སྐོར་གསུམ་གྱི་རྫོགས་རིམ་ལ་མི་འདྲ་བ་མེད་དོ། །གསུམ་པ་ནི། ཁ་ཅིག་ན་རེ། སོར་བསམ་གཉིས་དབང་པོ་རབ་ཀྱིས་བསྒོམ། འབྲིང་གིས་སྲོག་འཛིན་གཉིས། ཐ་མས་རྗེས་དྲན་དང་ཏིང་ངེ་འཛིན་གཉིས་བསྒོམ་ཞེས་པ་ནི་མི་འཐད་དེ། རྒྱུད་འགྲེལ་དུ་ཡན་ལག་གང་འཆང་པའི་སྐབས་སུ་ཡང་། ཡན་ལག་དྲུག་ཀ་དགོས་པར་གསུངས་པའི་ཕྱིར་རོ། །བཞི་པ་ནི། བོད་ཀྱི་མཁས་པ་སྔ་མས། སྔོན་འགྲོ་ལྟོས་མེད་དྲུག །དངོས་གཞི་རྣམ་གཞག་དྲུག །


JLD019_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བསྲུང་སྔོམ་དྲུག་དང་གསུམ་དུ་མཛད་ནས། སྔོན་འགྲོ་ལྟོས་མེད་གསུམ་ལ། ལུས་ངག་ཡིད་གསུམ་གྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་། འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་དང་། གཞི་ལུས་དང་དབང་པོ་ལ་ལྟོས་པ་མེད་པ་གཉིས་བསྣན་ནས་དྲུག་ཏུ་བྱེད་དོ། །དེའི་ཚེ་ལྟོས་མེད་དྲུག་བསྙོན་པ་ཆུ་གཏེར་ཞེས་བསྙེན་པར་བཤད་པས། ཡན་ལག་དང་པོ་བཞི་ཀ་ཉེར་སྒྲུབ་ཏུ་བྱ་དགོས་སོ། །འདི་ཡང་། རིམ་པ་གཉིས་ཀའི་སྔོན་འགྲོ་ཡིན་གྱི། རྫོགས་རིམ་ཁོ་ནའི་མིན་ནོ། །དངོས་གཞི་རྣམ་གཞག་དྲུག་ལ། ཐོག་མར་དགེ་བ་བསྙེན་པའི་ཡན་ལག་སྐུ་རྡོ་རྗེའི་རྣལ་འབྱོར་ལ་སོར་བསམ་གཉིས། བར་དུ་དགེ་བ་ཉེར་སྒྲུབ་ཀྱི་ཡན་ལག་གསུང་རྡོ་རྗེའི་རྣལ་འབྱོར་ལ་སྲོག་རྩོལ་དང་འཛིན་པ་གཉིས། ཐ་མར་དགེ་བ་ལ་གཉིས་སུ་བྱས་ནས། སྒྲུབ་པའི་ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར་རྗེས་དྲན་སྒྲུབ་བྱེད་ཀྱི་ཡན་ལག་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཏིང་ངེ་འཛིན་དང་དྲུག་ཏུ་བྱེད་པ་ནི། རྒྱུད་འགྲེལ་དང་མཐུན་པས་ཤིན་ཏུ་ལེགས་ནའང་། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བཤད་པའི་དོན་དམ་པའི་དབང་བཞི་པ་འདི་ཤེས་རབ་ཡེ་ཤེས་དང་དཔེ་དོན་སྦྱོར་ཟེར་བ་ཙམ་མ་གཏོགས་པ་བསྒྲུབ་བྱ་དོན་དམ་པའི་དབང་བཞི་པ་ནི་འདི་ལྟ་བུ་གཅིག་ཡིན་ལ། དེ་སྒྲུབ་པར་བྱེད་པའི་སྒྲུབ་བྱེད་ནི་འདིའོ་ཞེས། རྒྱུད་འདི་ལ་བརྟེན་པ་རྣམས་ཀྱིས་ཀྱང་ཐོན་པ་ཉུང་བར་སྣང་ལ། རྒྱུད་འདིར་ནི་སྟོང་གཟུགས་སྒྲུབ་པའི་ཐབས་ཀྱི་སྒོ་ནས་སྟོང་གཟུགས་བསྒྲུབ་ཅིང་།


JLD019_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྐྱེད་པའི་ཚུལ། རྒྱུད་གཞན་ལས་རྩལ་དུ་བཏོན་ནས། འཇིག་རྟེན་ལས་འདས་པའི་དབང་བཞི་པ་གསལ་པོར་འཆད་པར་བྱེད་པ་ཡིན་ཏེ། དེ་ཡང་འདི་ལྟར། བསྒྲུབ་བྱ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཡིན་ལ། དེ་སྒྲུབ་པར་བྱེད་པ་ལ། ལས་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ཡང་བརྒྱུད་ནས་སྒྲུབ་པར་བྱེད་པ་ཡིན་མོད། དངོས་སུ་སྒྲུབ་པར་བྱེད་པ་ནི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་འབའ་ཞིག་ཡིན་ལ། རྒྱུད་འདིར། སྟོང་གཟུགས་ལ་བསྔགས་པ་བྱེད་པའི་སྒོ་ཆེ་ཤོས་ནི་འདི་ཡིན་ནོ། །སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས། མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་གཅིག་སྐྱེས་པ་ནས་དོན་དམ་པའི་དབང་བཞི་པར་འཇོག་གོ །སྟོང་གཟུགས་ཀྱི་ཉམས་སྣང་འགའ་རེ་ཤར་བ་དང་། དེ་ལ་བརྟེན་ནས་བདེ་བ་སྐྱེས་པ་རྣམས་ཀྱང་། སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་དང་། མི་འགྱུར་བའི་བདེ་ཆེན་ཡིན་ན། སོར་སྡུད་ཀྱི་སྐབས་ནས་ཀྱང་འབྱུང་ལ། ཏིང་ངེ་འཛིན་ཐུན་མོང་བ་བསྒོམས་པ་ལས་ཀྱང་འབྱུང་བས། རྒྱུད་དུ་བསྔགས་པ་ཆེར་མཛད་པའང་མི་རིགས་སོ། །སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ནི། རྗེས་དྲན་ཐོབ་ནས་འོང་གི །དེ་མ་ཐོབ་བར་དུ་མི་འབྱུང་སྟེ། དེ་འདྲ་བའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་དེ་ནི། ཡན་ལག་སྔ་མ་བཞིའི་སོར་བསམ་གྱིས་གཟུགས་བསྒྲུབས། སྲོག་འཛིན་གྱིས་སྲོག་བསྒྲུབས་པའི་སྒོ་ནས་སྒྲུབ་པར་བྱེད་དོ། །མདོར་ན། བསྒྲུབ་བྱ་ནི། མཆོག་ཏུ་མི་འགྱུར་


JLD019_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདེ་བ་ཆེན་པོ་ཡིན་ལ། དེ་དངོས་སུ་སྒྲུབ་བྱེད་ནི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ། །ཡན་ལག་སྔ་མ་བཞི་ནི་དེའི་སྒྲུབ་བྱེད་དོ། །སྟོང་གཟུགས་ཀྱིས་བདེ་ཆེན་དངོས་སུ་སྒྲུབ་ཅེས་པ་ཡང་། ཕྱག་རྒྱའི་རིམ་པ་གཞན་རྒྱུད་མི་དགོས་པའོ། །དེ་ལྟར་ན། རྒྱུད་འདིར། སྟོང་གཟུགས་ཀྱི་ཕྱག་རྒྱ་བསྒྲུབས་ནས། དེ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྐྱེད་ཚུལ་གསལ་བར་བྱེད་པ་དེས་ན། ས་ཆོད་ཀྱང་འདི་ལྟར་བྱས་ན་ལམ་གྱི་ལུས་ལ་གོ་བའི་ངེས་པ་ཆེའོ། །འདི་ལ་གསུམ། བདེ་ཆེན་དངོས་སུ་འདྲེན་བྱེད་སྟོང་གཟུགས་སྒྲུབ་བྱེད་ཀྱི་ཡན་ལག །གཟུགས་དེ་ལ་བརྟེན་ནས་བདེ་ཆེན་དངོས་སུ་སྒྲུབ་བྱེད་ཀྱི་ཡན་ལག །བསྒོམས་པས་འགྲུབ་པའི་བསྒྲུབ་བྱ་ཏིང་ངེ་འཛིན་གྱི་ཡན་ལག་གོ །དང་པོ་ལ་གཉིས། གཟུགས་སྒྲུབ་བྱེད་ཀྱི་ཡན་ལག་དང་། སྲོག་སྒྲུབ་བྱེད་ཀྱི་ཡན་ལག་གོ །དང་པོ་ལ་གཉིས། གཟུགས་མ་གྲུབ་པ་སྒྲུབ་པར་བྱེད་པ་སོར་སྡུད་ཀྱི་ཡན་ལག་དང་། གྲུབ་པ་བརྟན་པར་བྱེད་པ་བསམ་གཏན་གྱི་ཡན་ལག་གོ །དང་པོ་ལ་དྲུག །སོར་སྡུད་ཀྱི་མཚན་དོན། དང་པོར་བསྒོམ་པའི་དུས་མཚམས། ཡན་ལག་ཇི་ལྟར་བསྒོམ་པའི་མཚན་ཉིད། ཚད་མ་གང་ཡིན་དཔྱད་པ། དག་དབྱེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ནི། སོ་སོར་སྡུད་པ་ཞེས་པའི་དོན་དུ་མ་ལ་འཇུག་པ་ལས། འདིར། མིག་དབང་སོགས་ཡུལ་སོ་


JLD019_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སོར་འཇུག་པ་ཕྱིར་བསྡུས་ནས་མི་འཇུག་པར་བྱེད་པའོ། །དེ་ཡང་། དབང་པོ་ལྔ་དང་ཡུལ་ལྔའི་འབྲེལ་པ་ཆད་པ་ཡིན་གྱི། ཡིད་དང་ཆོས་ཀྱི་འབྲེལ་པ་ཆད་པ་མིན་ཏེ། ཡིད་དང་། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་མཐོང་བ་དགོས་པའི་ཕྱིར་རོ། །སྤྱིར་ཏིང་ངེ་འཛིན་ཐུན་མོང་བ་བརྟན་པོ་ལས་ཀྱང་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་མ་ཚང་བ་ལས། དབང་ཤེས་ཡུལ་ལ་མི་འཇུག་པ་འབྱུང་ཡང་། འདིར་ནི་དེ་ཙམ་གྱི་སྒོ་ནས་མིན་གྱི། དབང་ཤེས་ཀྱི་བཞོན་པར་གྱུར་པའི་ཡན་ལག་གི་རླུང་ལྔ་བཀག་པའི་སྒོ་ནས་ཡིན་ནོ། །དེ་ཡང་དབང་ཤེས་དང་། ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་པ་ཙམ་གྱིས་མི་ཆོག་གི །གནས་མཐོང་བ་ཞེས་གསུངས་པས། སྟོང་པ་ཉིད་དུ་ཡུལ་ལྔ་མཐོང་བ་དགོས་སོ། །གཉིས་པ་ནི། སྣ་བུག་གཡས་ཀྱི་རླུང་རྒྱུ་བའི་དུས་སུ་ཐོག་མར་བསྒོམ་པའི་མགོ་འཛུགས་ཏེ། དེའི་དུས་སུ་བསྒོམ་པའི་མགོ་བཙུགས་པས། རླུང་སྡུད་སླ་བའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་དོ། །གསུམ་པ་ལ་བཞི། གཉིས་སུ་འབྱེད་པའི་རྒྱུ་མཚན། སོ་སོའི་སྒོམ་ཚུལ། མགྲུབ་ན་སྤྲོགས་པའི་ཆོ་ག །བསྒོམ་འཕྲོ་ལ་ཤི་ཡང་རྣལ་འབྱོར་གོམས་སྟོབས་ཀྱིས་འཇུག་པའོ། །དང་པོ་ནི། ཕྱི་རུ་ལོ་ལ་ལྷོ་བགྲོད་དང་། བྱང་བགྲོད། ཞག་ལ་ཉིན་མོ་དང་། མཚན་མོའོ། །ནང་དུ་སེམས་ཅན་ལ་སྐྱེ་འཆི་སྟེ། སྤྲོ་རིམ་དང་སྡུད་རིམ་གཉིས་གཉིས་སུ་འདུག་པའི་ཕྱིར། ཞེས་གསུང་ཡང་། རྒྱུ་མཚན་དུ་འགྲོ་ཚུལ་དཔྱད་པར་བྱའོ། །གཉིས་པ་ལ་གཉིས།


JLD019_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་རྣལ་འབྱོར་རོ། །དང་པོ་ལ་དྲུག །གང་དུ་སྒོམ་པའི་གནས། ལུས་གནད་ཀྱི་ངེས་པ། མིག་གི་བལྟ་སྟངས་ཀྱི་ངེས་པ། དབང་པོའི་བྱེད་པ་བཅང་བ། བསྒོམས་པས་ཉམས་མྱོང་སྐྱེ་བའི་ཚུལ། གང་ལ་དམིགས་པ་གཏད་པའི་དེ་ཁོ་ན་ཉིད་ནི་བྱེད་བཅིངས་སུ་འདུའོ། །དང་པོ་ནི། སྣང་བ་ཅུང་ཟད་ཀྱང་མེད་པའི་མུན་ཁང་ཤིན་ཏུ་ནག་པ་སྟེ། དེར་བསྒོམས་ན་སྟོང་གཟུགས་འཆར་སླ་བའི་དགོས་པ་ཡོད་དོ། །དེ་ཡང་། འདི་པྲ་ཕབ་པ་དང་དཔེ་དོན་དུ་ཡང་ཡང་གསུངས་ལ། པྲ་ཡི་རིགས་འགའ་ཞིག་ལ། མུན་པ་ཤིན་ཏུ་ནག་པར་མིག་འབྲས་མི་འགུལ་བར་བསྡད་ན། དེ་ཁས་མཐོང་སྣང་སྣ་ཚོགས་འཆར་བ་སྣང་ངོ་། །གཉིས་པ་ནི། ལུས་གནད་སྤྱི་དང་མཐུན། ལག་པའི་འཇོག་ཐབས་ནི། སོ་སོར་སྡུད་པ་རྒྱལ་བའི་བདག་པོར་བརྗོད་དེ། ཞེས་སོར་སྡུད་རྡོ་རྗེ་སེམས་དཔའི་རིགས་སུ་བཤད་པས། ལག་པ་གཉིས་རྡོ་རྗེའི་ཁུ་ཚུར་བྱས་ཏེ་བརླའི་རྩ་བར་ཐད་ཀར་རམ་བསྣོལ་ནས་གཞག་པར་བྱ་ཞེས། བླ་མ་གོང་མ་རྣམས་གསུང་བ་ལྟར་བྱའོ། །གསུམ་པ་ནི། འདུས་པའི་རྒྱུད་ཕྱི་མར། བསྙེན་པའི་དུས་སུ་གཙུག་ཏོར་ཆེ། ཞེས་གསུངས་པ། ནཱ་རོ་པས། གཙུག་ཏོར་ཆེ་ནི་གཙུག་ཏོར་འཁོར་བསྒྱུར་ཡིན་པས། དེའི་བལྟ་སྟངས་ནི་སྟེང་དུ་ལྟ་བར་བཤད་པས་ན། མིག་གི་མས་ལྕིབས་ཀྱིས་མིག་ཕྱེད་བཀབ་སྟེ་ཕྱེད་མིག་ཏུ་བྱས་ལ། མིག་འབྲས་མི་བསྒུལ་བར་སྟེང་དུ་


JLD019_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བལྟའོ། །འདི་ཡང་སྟོང་གཟུགས་འཆར་སླ་བའི་དགོས་པ་ཡོད་ཚུལ་ནི་བཤད་ཟིན་ཏོ། །ཁ་ཅིག་ཐང་ཀའི་ནམ་མཁའ་ལ་བལྟ་བར་འདོད་པ་ནི། རྒྱུད་འགྲེལ་དུ་མིག་མི་འཛུམས་པར་སྟེང་དུ་བལྟ་བས་མཚན་མར་འགྱུར་རོ། །ཞེས་པ་དང་མི་མཐུན་པས་དོར་བར་བྱའོ། །བཞི་པ་ནི། ཁ་ཅིག་དབང་པོ་སོ་སོ་ལ་བྱེད་བཅིངས་ཀྱང་སོ་སོར་བྱེད་པར་སྣང་སྟེ། སྙིང་པོ་མ་མཐོང་ངོ་། །མཁས་པ་ཁ་ཅིག་མིག་གྱེན་དུ་བལྟ་བ་ནི་མིག་འཆིང་བ་ཡིན་ལ། དེ་ཉིད་ཀྱིས་དབང་པོ་གཞན་ཀྱང་འཆིངས་པར་འདོད། དེ་ལ་འཁྲིད་ཡིག་བྱེད་པ་ཁ་ཅིག་ནི། སོར་སྡུད་ཀྱི་སྐབས་སུ། རླུང་དྷཱུ་ཏཱིར་འཛུད་མི་དགོས་པར་བཞེད་ལ། ཁ་ཅིག་ནི་དེར་ཚུད་དགོས་པར་བཞེད་ཀྱང་། རླུང་དྷཱུ་ཏཱིར་འཛུད་པའི་ཐབས་མ་ནོར་བ་བསྟན་རྒྱུ་མི་འདུག་པས། ཅུང་ཟད་བཤད་པར་བྱ་སྟེ། འདི་ལ་གཉིས། སོར་སྡུད་ཀྱི་དུས་སུ་རླུང་དྷཱུ་ཏཱིར་ཚུད་པ་དགོས་པའི་རྒྱུ་མཚན་གང་གིས་དྷཱུ་ཏཱིར་འཛུད་པའི་དམིགས་པ་བཤད་པའོ། །དང་པོ་ནི། དབུ་མ་དག་ནི་སྦྱངས་བྱས་ནས། ཞེས་སོར་སྡུད་དབུ་མ་སྦྱོང་བྱེད་དུ་བཤད་ལ། དབུ་མ་སྦྱོང་ཚུལ་ནི། ཡུར་བ་ལ་ཆུ་འདྲེན་པའི་སྔོན་དུ་ཡུར་བ་སེལ་བ་ལྟ་བུར་བཤད་པས། དབུ་མ་སྦྱོང་མཁན་ནམ། སེལ་མཁན་ནི་རླུང་ཡིན་ལ། རླུང་གི་ས་དབུ་མའི་ནང་དུ་མ་ཕྱིན་པར་དབུ་མའི་ཕྱི་ནས་དབུ་མ་ཇི་ལྟར་སེལ། ཡུར་བའི་ཕྱི་ནས་ཡུར་བ་སེལ་ཞེས་པ་ནི་ངོ་མཚར་རོ། །དེས་ན་སོར་སྡུད་ཀྱི་དུས་སུ་རླུང་དབུ་མར་ཚུད་པ་མི་འདོད་ན། སོར་སྡུད་དབུ་མ་སྦྱོང་བྱེད་དུ་བཤད་པ་ལ་བློ་རྩེ་གཏང་རྒྱུ་ཅུང་


JLD019_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཀྱང་མེད་དོ། །ཡང་རྒྱུད་འགྲེལ་དུ། དང་པོར་སྲོག་གཞུག་ཅེས་པའི་འགྲེལ་པར། འདིར་དང་པོར་རྣལ་འབྱོར་པས་སྲོག་དབུ་མར་གཞུག་པར་བྱ་སྟེ། གང་གི་མཚན་མ་མཐོང་བར་འགྱུར་བ་ཨ་བ་དྷཱུ་ཏཱིར། ཞེས་དང་པོར་སྲོག་དབུ་མར་བཅུག་པ་ལས། དུ་སོགས་ཀྱི་མཚན་མ་མཐོང་བར་འགྱུར་བའི་ཨ་བ་དྷཱུ་ཏཱིར་སྲོག་གཞུག་པར་བཤད་ཅིང་། དེ་ཉིད་གཅིག་པ་སྐུ་རྡོ་རྗེའི་ཞལ་དུ་བཤད་པས་ཀྱང་ཤེས་ཏེ། དེའི་འོག་དེ་མ་ཐག་ཏུ་སྲོག་རྩོལ་གཉིས་པ་གསུང་རྡོ་རྗེའི་ཞལ་དུ་བཤད་པས། དང་པོར་སྲོག་དབུ་མར་འཇུག་པའི་སྲོག་རྩོལ་ལ་བཤད་མི་རུང་ལ། དེའི་ཚེ་སོར་སྡུད་ལ་སྲོག་དབུ་མར་འཛུད་པ་མེད་ན། དང་པོར་སྲོག་དབུ་མར་འཛུད་ས་བཞག་པ་མེད་པའི་ཕྱིར་རོ། །གཞན་ཡང་སོ་སོར་སྡུད་ཀྱི་སྐབས་སུ། རྟགས་བཅུ་པོ་རྣམས་འཆར་དགོས་ལ། དགོས་པར་འདོད་ཀྱང་འདོད་ལ། རྟག་དེ་རྣམས་ནི་རླུང་དབུ་མར་ཞུགས་པ་ལས་འཆར་བར་གསུངས་ཏེ། རྒྱུད་དུ། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་མི་འཛུམས་ཤིང་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། སྟོང་པ་ལས་ནི་དུ་བ། ཞེས་གསུངས་ཤིང་། འགྲེལ་པར། དབུ་མར་སྲོག་ཞུགས་པས་སྟོང་པ་ཁོ་ན་ལས། ཞེས་རྡོ་རྗེའི་ལམ་དབུ་མ་ལ་བཤད་དོ། །མདོར་བསྡུས་དང་པོར་ཡང་། དེ་ཉིད་དུ་ན་རོ་མ་དག་དང་ནི། རྐྱང་མ་གཅིག་ཏུ་སྦྱར་བས་མཐོང་བར་འགྱུར། ཞེས་བཤད་ལ། རོ་རྐྱང་གཉིས་གཅིག་ཏུ་བྱེད་མི་ནུས་པས། རོ་རྐྱང་


JLD019_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གི་རླུང་དྷཱུ་ཏཱིར་གཅིག་ཏུ་བྱས་པ་ལས། དུ་སོགས་མཐོང་བར་བཤད་དོ། །ནཱ་རོ་པས། དབང་མདོར་བསྟན་གྱི་འགྲེལ་པར། རྡོ་རྗེའི་གླུ་དྲངས་པར་ཡང་། གང་ཚེ་དབུ་མར་སྲོག་ནི་ནུས་གྱུར་པ། །དེའི་ཚེ་རྡོ་རྗེའི་མེ་དང་དུ་བ་འབྱུང་། །ཞེས་ཀྱང་གསུངས་སོ། །རྟགས་བཅུ་གཅིག་པ་རེ་ཁཱ་ནག་པོ་དུས་ཀྱི་རྩ་ཨ་བ་དྷཱུ་ཏཱི་ལ་མཐོང་བ་ནི། རླུང་དབུ་མར་མ་ཚུད་པར་འཆར་བ་ཡང་མི་སྲིད་དོ། །རླུང་དབུ་མར་མ་ཚུད་ན། རོ་རྐྱང་ལ་བརྒྱུ་དགོས་ལ། དེ་གཉིས་ལ་རླུང་བརྒྱུ་བའི་དུས་སུ་སོར་སྡུད་ཀྱི་རྟགས་རྣམས་མི་མཐོང་བར་གསུངས་ཏེ། རྒྱུད་འགྲེལ་དུ། རྣམ་པ་ཐམས་ཅད་པ་ཡིན་ཡང་། དུས་ཐམས་ཅད་དུ་བྱིས་པ་རྣམས་ཀྱིས་བལྟ་བ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་བདུད་ཀྱི་མཐུ་ལས་ཏེ། གཡོན་པ་དང་གཡས་པའི་རྩ་དག་ལ་སྲོག་རབ་ཏུ་བརྒྱུ་བ་ལས་སོ། །ཞེས་གསུངས་སོ། །སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་རྣལ་འབྱོར་རྣམས་ཀྱི་འདོད་པ་ཐོབ་པར་མ་གྱུར་ན། ཞེས་སྤོགས་ཆོག་གསུངས་པས་ཀྱང་ཤེས་ཏེ། སོར་སྡུད་ཀྱི་སྐབས་སུ་དབུ་མར་འཛུད་པའི་ཐབས་ཀྱིས་དབུ་མར་འཛུད་པ་མེད་ན། དེས་མ་ཆུད་ན་འདི་བྱ་ཞེས་པ་ནི་བཞད་གད་དུ་འགྱུར་ཏེ། དཔེར་ན། ཞིང་ལ་ས་བོན་མ་བཏབ་པར་མྱུ་དུ་མ་སྐྱེས་ན་ཆུ་བཅུ་བར་བྱ། ཞེས་པ་དང་འདྲའོ། །གཉིས་པ་ནི། འོ་ན། སོར་སྡུད་ཀྱི་དུས་སུ་རླུང་དབུ་མར་ཚུད་པ་དགོས་ན། འཛུད་པར་བྱེད་པའི་ཐབས་ཇི་ལྟ་བུ་ཞེ་ན། བཤད་པར་བྱ་སྟེ། བྱེད་པ་ལྔ་ལ་འཆིང་བ་གཉིས་ཞེས་བཤད་པས། འཆིང་རྒྱུ་ནི་བྱེད་པ་མིག་ལ་སོགས་པའི་དབང་


JLD019_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྔ་སྟེ། འཆིང་ཚུལ་ནི། དེ་རྣམས་རང་གི་ཡུལ་ལ་འཇུག་པ་ལོག་སྟེ། མི་འཇུག་པར་བྱེད་པ་ཡིན་ལ། དེ་ཡང་སྟེང་དུ་སྲོག་གི་རླུང་དང་། འོག་ཏུ་ཐུར་སེལ་བཅིངས་པའི་སྒོ་ནས་བཞོན་པའི་རླུང་བཅིངས་པའི་སྒོ་ནས་འཆིང་བ་ཡིན་ལ། རླུང་འཆིང་ཚུལ་ནི་རོ་རྐྱང་ལ་བརྒྱུ་བ་བཀག་ནས། དབུ་མར་འཛུད་པ་ཡིན་པས། དེའི་ཐབས་བཤད་པར་བྱ་སྟེ། རླུང་དབུ་མར་འཛུད་པའི་ཐབས་ནི། ལུས་ལ་གནད་དུ་བསྣུན་པ་དང་། རླུང་གི་རྣལ་འབྱོར་གཉིས་སུ་ངེས་ལ། ལུས་ལ་གནད་དུ་བསྣུན་པ་ལ་ནི། རྩའི་འཁོར་ལོ་དྲུག་དང་། ཡར་སྣེ་མར་སྣེ་གཉིས་ཏེ། དེ་རྣམས་སུ་རླུང་དྷཱུ་ཏཱིར་འཇུག་པའི་སྒོ་རེ་རེ་ཡོད་པས། དེ་དག་ཏུ་བསྣུན་དགོས་ལ་གནད་དུ་བསྣུན་ལུགས་ཀྱང་། དེ་དག་ཏུ་དམིགས་པ་གཏད་ནས་སེམས་མ་ཡེངས་པར་འཇོག་པ་སྟེ། སེམས་དེར་བཞག་པ་ན། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་རླུང་ཡང་དེར་འདུའོ། །འོ་ན་འདིར་ཐབས་གང་གི་སྒོ་ནས་འཛུད་ཅེ་ན། དེ་ཉིད་ལས། རྒྱུད་ནི་གཞན་དག་གིས་རྟོགས་པར་བྱ། ཞེས་གསུངས་ལ། རི་གི་ཨ་ར་ལི་ལས། མིག་གཉིས་མ་ཕྱེ་མ་བཙུམ་པར། །སྨིན་མའི་བར་དུ་སེམས་བྱས་ན། །མུན་པ་མི་བཟད་པ་ཡི་ཚུལ། །དང་པོར་རྣལ་འབྱོར་པས་མཐོང་འགྱུར། །ཞེས་པའི་རྐང་པ་དང་པོས་མིག་གི་ལྟ་སྟངས་བསྟན་ལ། གཉིས་པས་སེམས་ཡུལ་གང་ལ་གཏོད་ཚུལ་དང་། ཐ་མ་གཉིས་ཀྱིས་རྟགས་འཆར་ཚུལ་གསུངས་པ་ལྟར། སྨིན་མའི་དབུས་ན་དྷཱུ་ཏཱིའི་ཡར་སྣེ་ཡོད་པས། དེར་སེམས་གཟུང་བར་བྱ་སྟེ། འདི་


JLD019_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རྩ་རྒྱུད་ལས། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། ནམ་མཁའ་སྟོང་པའི་མཚན་ཉིད་དོ། །གང་ཞིག་ཁོ་ནར་ཡིད་དག་ནི། །གཏོད་པར་བྱེད་པ་ཕྱོགས་སྣ་ལ། །མཚན་མའི་མཐར་ནི་རེ་ཁཱ་གང་། ཞེས་གསུངས་ལ། ཡང་། ལྟེ་བའི་འོག་ཏུ་གཏུམ་མོར་བརྗོད། །ཨ་ཝ་དྷཱུ་ཏཱི་མི་ཡི་སྣ། །འོད་ཟེར་ལྔ་ཡི་རང་བཞིན་སྲོག །དཀྱིལ་འཁོར་ལྔ་ནི་འབབ་བྱེད་པ། ཞེས་གསུངས་པས་རྒྱུད་གཞན་དུ་མི་ཡི་སྣ་ནི་དྷཱུ་ཏཱིའི་མར་སྣེ་ལ་བྱེད་ཀྱང་། འདིར་ནི་ཨ་ཝ་་དྷཱུ་ཏཱི་ཙམ་ལ་བྱེད་པར་གསལ་ལོ། །དེས་ན་ལུང་སྔ་མས་སོར་སྡུད་ཀྱི་སྐབས་སུ། ཡིད་སྣའི་ཕྱོགས་སུ་གཏོད་པར་བྱེད་པར་བཤད་ལ། ལུང་ཕྱི་མས་སྣ་ནི་དྷཱུ་ཏཱི་ལ་བྱེད་པར་བཤད་པས། དེས་ན་དྷཱུ་ཏཱིའི་ཕྱོགས་སུ་གཏོད་པར་གསལ་བོར་བཤད་དོ། །གཞན་ཡང་འགྲེལ་པར། བགེགས་མཐར་བྱེད་པའི་ལྟ་བ་ཞེས་པ་ལ། བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་བའོ། །དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོན་པ་སྟེ། དཔྲལ་བར་སོན་པའོ། །བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་གནས་སུ་སོན་པ་དེ་ཡིས་ཉེར་སྒྲུབ་ལ་ཡན་ལག་དྲུག་གོ །ཀྱང་ཡིག་གི་སྲོག་རྩོལ་དང་འཛིན་པ་བྱ་སྟེ། སྲོག་གིས་གཟུགས་བརྙན་མཐོང་བར་གྱུར་པ་ན་ཉེ་བའི་སྒྲུབ་པའོ། །ཞེས་གསུངས་ལ། རྩ་བར་བགེགས་མཐར་བྱེད་ལ་བལྟ་བ་ཞེས་འབྱུང་བའི་བགེགས་མཐར་བྱེད་ནི། འགྲེལ་པས། བདུད་རྩི་འཁྱིལ་པར་བཤད་ལ། དེ་ཡང་བདུད་རྩི་འཁྱིལ་པའམ་བདུད་རྩིའི་གནས་དཔྲལ་བ་ལ་བཤད་ལ། བལྟ་བའི་དོན་སོན་


JLD019_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བཤད་པས། མདོར་ན་བགེགས་མཐར་བྱེད་པའི་ལྟ་བ་ནི་བདུད་རྩིའི་གནས་ཏེ་དཔྲལ་བར་སོན་པའོ། །དེ་ཡིས་ཞེས་པ་གོང་དུ་སོར་བསམ་གཉིས་བསྙེན་པའི་ཡན་ལག་ཏུ་བཤད་པས། བདུད་རྩིའི་གནས་དཔྲལ་བར་སོན་པས་བསྙེན་པའི་ཡན་ལག་ཐོབ་པ་དེ་ཡིས་ཉེ་བར་སྒྲུབ་པ་ལ་ཡན་ལག་དྲུག་གོ །ཞེས་པ་ནི། འགྱུར་མང་ལས། ཡན་ལག་དྲུག་གི་ཉེར་སྒྲུབ་ལ། ཞེས་འབྱུང་བ་ལྟར་བདེའོ། །དེས་ན་བསྙེན་པའི་ཡན་ལག་ཐོབ་པ་དེ་ཡིས་ཀྱང་། ཉེར་སྒྲུབ་ཀྱི་ཡན་ལག་ལ་སྲོག་རྩོལ་དང་འཛིན་པ་བསྒོམ་དགོས། དེ་གཉིས་བསྒོམས་པས་སྲོག་གི་གཟུགས་བརྙན་མཐོང་བ་ན་ཡན་ལག་དེ་གྲུབ་པའོ། །ཞེས་བཤད་དོ། །དེས་ན་བདུད་རྩིའི་གནས་སུ་སོན་པའི་བལྟ་བས་བསྒོམ་པ་ཅིག་བཤད་ལ། སྲོག་འཛིན་གཉིས་ནི་མིན་པར་བཤད་པས། བསམ་གཏན་ནི་སོར་སྡུད་བརྟན་བྱེད་ཡིན་པས། སོར་སྡུད་ཀྱི་སྐབས་སུ་བསྒོམ་པ་ལས་འོས་མེད་དོ། །འགེལ་པའི་ཀྱང་ནི་ནུས་པ་ད་ལྟར་བྱ་དགོས་ཀྱི། སོར་བསམ་གཉིས་གཙུག་ཏོར་འཁོར་བསྒྱུར་གྱི་བལྟ་བས་བསྒོམ་པ་མ་ཟད། སྲོག་འཛིན་གཉིས་བདུད་རྩི་འཁྱིལ་པའི་བལྟ་བས་བསྒོམ་ཞེས་བསྟན་པ་ནི་མི་འཐད་དེ། སྲོག་འཛིན་གཉིས་བདུད་རྩིའི་གནས་སུ་སོན་པའི་བལྟ་བས་བསྒོམ་པ་མ་ཡིན་པའི་ཕྱིར་རོ། །མདོར་ན། དེ་ཡིས་ཞེས་པ་དང་། འཛིན་པ་བྱ་སྟེ་ཞེས་པ་དང་། མཐོང་བར་གྱུར་པ་ན་


JLD019_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་ཚིག་གི་ནུས་པས། བདུད་རྩིའི་གནས་དཔྲལ་བའི་རྩ་འཁོར་ལ་བལྟས་ཤིང་གནད་དུ་བསྣུན་པས། སོར་བསམ་གཉིས་བསྙེན་པའི་ཡན་ལག་འཐོབ་པའི་གང་ཟག་དེས། སྲོག་འཛིན་གཉིས་ཉེར་སྒྲུབ་ཀྱི་ཡན་ལག་བསྒོམ་པར་བྱའོ། །ཞེས། བློ་གྲོས་ཀྱིས་དཔྱོད་ཤེས་ན་རྒྱུད་འགྲེལ་དེ་གཉིས་ཀྱིས་གསལ་པོར་བསྟན་སྣང་ངོ་། །སྔར་དྲངས་པའི་རྩ་རྒྱུད་ཀྱི་ལུང་ནི་འདིའི་ཡང་ཁུངས་སུ་རུང་ངོ་། །དེ་ལྟ་ན། དྷཱུ་ཏཱིར་སྲོག་འགོག་པས། སོར་སྡུད་སྲོག་རྩོལ་དུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། སྲོག་རྩོལ་ནི་དངོས་སུ་རླུང་ལ་དམིགས་ནས་སྲོག་འགོག་པ་ཅིག་ལ་ཟེར་གྱི། རླུང་དྷཱུ་ཏཱིར་འཛུད་ཐབས་ཐམས་ཅད་ལ་ཟེར་བ་མིན་ནོ། །དེ་ལྟར་བྱས་ན་དཔྲལ་བ་ན་མ་དག་པའི་རླུང་ལུས་ཀྱི་གནས་སྐབས་སྐྱེད་པར་བྱེད་པའི་ཐིག་ལེ་ཡོད་པ་ལ། སོར་སྡུད་ནི་དེ་སྦྱངས་ནས་དག་པའི་ལུས་སྐྱེད་པར་བྱེད་པ་སྐུ་རྡོ་རྗེའི་རྣལ་འབྱོར་དུ་བཤད་པ་དང་ཡང་ཤིན་ཏུ་འགྲིག་པ་ཡིན་ནོ། །དུས་ཞབས་སྙན་བརྒྱུད་ལས་ཀྱང་། དཔྲལ་བའི་ཐིག་ལེར་སྲོག་བཅུག་ལ། །གཡས་པས་རླུང་བརྒྱུ་དུས་བསྒོམ། ཞེས་དཔྲལ་བར་གནད་དུ་བསྣུན་པར་གསལ་བར་གསུངས་སོ། །ལྔ་པ་ནི། དེ་ལྟར་ལུས་ལ་གནད་དུ་བསྣུན་ཏེ་བསྒོམས་པ་ལས། སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། ཞེས་གསུངས་པ་ལྟར་གྱི་རྟགས་བཞི་འབྱུང་ངོ་། །མཁའ་སྣང་ནི་མེ་ཁྱེར་རོ། །དེ་ཡང་དུ་སོགས་ཀྱི་


JLD019_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སྣང་གང་བྱུང་གིས་མི་ཆོག་གོ །རླུང་་དྷཱུ་ཏཱིར་ཚུད་པ་ལ་ཤར་བ་དགོས་ཏེ། འོག་ཏུ་འཆད་ཅིང་བཤད་ཟིན་ཏོ། །གཉིས་པ་ཉིན་མོའི་རྣལ་འབྱོར་ལ་གསུམ། གཉིས་གསུངས་པའི་ཁུངས་དགོད་པ། གཉིས་ཀ་སོ་སོར་སྒོམ་དགོས་པའི་རྒྱུ་མཚན། ཉིན་མོའི་རྣལ་འབྱོར་དངོས་སྒོམ་ཚུལ་ལོ། །དང་པོ་ནི། བདེ་མཆོག་སྟོད་འགྲེལ་ལས། འདིར་སྔགས་ཀྱི་ཐེག་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྣལ་འབྱོར་སྒོམ་པ་རྣམ་པ་གཉིས་གསུངས་ཏེ། ནམ་མཁའ་དང་། བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པའོ། །ཞེས་གསུངས་ནས། ཕར་ཕྱིན་གྱི་ཐེག་པ་ནས་གསུངས་ཚུལ་ལ། ཤེར་ཕྱིན་ལ་རྣལ་འབྱོར་དུ་བྱེད་ཚུལ་ནི། ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །ཞེས་གསུངས་ལ། སྔགས་ཀྱི་ཐེག་པ་ནས་ནི་དུས་ཀྱི་འཁོར་ལོ་ནས་གསུངས་སོ། །ཞེས་གསུངས་སོ། །དེ་བཞིན་དུ། རྒྱུད་འགྲེལ་འདི་ཉིད་དུ་ཡང་གསུངས་སོ། །དེ་རྣམས་ཀྱང་། སྔགས་དང་། ཕར་ཕྱིན་གྱི་ཐེག་པ་ནས་རྣལ་འབྱོར་གཉིས་མིང་མཐུན་པར་གསུངས་པའི་ཁུངས་ཡིན་གྱི། སྔགས་ཀྱི་ཐེག་པར་བཤད་པ་དེ་ཉིད་ཕར་ཕྱིན་ཐེག་པར་བཤད་པའི་ཁུངས་སུ་མི་རུང་སྟེ། སྔགས་ཀྱི་ཐེག་པར་བཤད་པའི་ཉིན་མཚན་གྱི་རྣལ་འབྱོར་འདིར་བཤད་པ་འདྲ་བ་ནི་རྒྱུད་སྡེ་འོག་མ་རྣམས་སུ་ཡང་མི་སྟོན་ན། ཕར་ཕྱིན་གྱི་ཐེག་པར་ལྟ་སྨོས་ཀྱང་ཅི་དགོས། འདིར་


JLD019_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ཉིན་མཚན་གྱི་རྣལ་འབྱོར་འདི་འདྲ་བ་ཕར་ཕྱིན་གྱི་ཐེག་པར་བཤད་པ་འདི་དག་གི་སྣོད་རུང་དུ་བསྒྲུབ་པའི་དབང་དང་། རྒྱུད་སྨིན་པར་བྱེད་པའི་བསྐྱེད་རིམ་ཡང་བཤད་པར་འགྱུར་རོ། །གཉིས་པ་ནི། ཁ་ཅིག་ན་རེ། མཚན་མོའི་རྣལ་འབྱོར་གྱི་དུས་སུ་ཉིན་མོའི་རྟགས་རྣམས་ཤར་ན། ཉིན་མོའི་རྣལ་འབྱོར་བསྒོམ་མི་དགོས་ཞེས་ཟེར་བ་ནི་མི་འཐད་དེ། མུན་པ་ལ་སྟོང་གཟུགས་འཆར་སླ་ལ། སྣང་བ་ཡོད་པར་སྟོང་གཟུགས་འཆར་དཀའ་བས། མུན་པ་ལ་སྟོང་གཟུགས་འཆར་ཐུབ་ཀྱང་། སྣང་བ་ལ་སྟོང་གཟུགས་འཆར་མི་ཐུབ་ལ། ཐམས་ཅད་དུ་སྟོང་གཟུགས་འཆར་བ་མུན་པ་ལ་ལྟོས་ན་ཧ་ཅང་ཐལ་བས་སྣང་བ་ལ་ཡང་སྟོང་གཟུགས་འཆར་ཐུབ་པ་ཅིག་དགོས་པས། མཚན་མོའི་རྣལ་འབྱོར་གྱི་དུས་སུ་ཉིན་རྟགས་རྣམས་འཆར་ཡང་། རྟགས་འཆར་དཀའ་ས་སྣང་བ་ལ་ཡང་རྟགས་འཆར་ཐུབ་པའི་སྒོ་ནས་རྟགས་རྣམས་འདོད་དགུར་འཆར་ཐུབ་པར་བྱ་བའི་ཕྱིར་ཉིན་མོའི་རྣལ་འབྱོར་ངེས་པར་བསྒོམ་དགོས་སོ། །འོ་ན་མུན་པ་ལ་རྟགས་རྣམས་འཆར་སླ་བས་ཉིན་མོའི་རྟགས་རྣམས་ཀྱང་མུན་ཁང་དུ་མ་ཤར་བར་དུ་ཉིན་མོའི་རྣལ་འབྱོར་མི་བསྒོམ་མམ། མུན་ཁང་དུ་མ་ཤར་ཡང་སྒོམ་ཞེ་ན། འདི་ལྟར་གང་ཟག་ཁ་ཅིག་ལ། མཚན་མོའི་རྣལ་འབྱོར་གྱི་དུས་ནས་ཉིན་མོའི་རྟགས་འབྱུང་བ་ཡོད་ཀྱང་། ཕལ་ཆེར་ལ་མི་འབྱུང་ལ། དེས་ན་མཚན་རྟགས་རྣམས་རྫོགས་


JLD019_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིན་རྟགས་མ་བྱུང་ཡང་། མཚམས་དེ་ནས་ཉིན་མོའི་རྣལ་འབྱོར་བསྒོམ་མོ། །གལ་ཏེ་འདི་སྙམ་དུ་མཚན་རྟགས་རྣམས་མུན་པ་ལ་འཆར་སླ་བས་ཐོག་མར་མུན་པ་ལ་བསྒོམ་དགོས་པ་ལྟར། ཉིན་རྟགས་རྣམས་ཐོག་མར་མུན་པ་ལ་བསྒོམས་ན་འཆར་སླ་བ་མིན་ནམ་སྙམ་ན་བཤད་པར་བྱ་སྟེ། ཉིན་རྟགས་མཚན་རྟགས་ལས་འཆར་དཀའ་ཞིང་། མཚན་རྟགས་རྫོགས་པར་མ་ཤར་བར་འཆར་བ་ཡང་མི་སྲིད་པས། མཚན་རྟགས་རྫོགས་པར་ཤར་བ་སྔོན་དུ་འགྲོ་དགོས་པས་སྔོན་དུ་ཡུལ་ཡུལ་ཅན་གྱི་འབྲེལ་པ་ངེས་པར་ཡོད་པས། ཐོག་མར་འཆར་བ་ལ་སྣང་མུན་གཉིས་འཆར་དཀའ་སླའི་ཁྱད་པར་མེད་ལ། མཚན་རྟགས་ཐོག་མར་འཆར་བ་ལ་ནི་སྔོན་ཇུ་ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་པ་མེད་པས། སྣང་མུན་གཉིས་འཆར་དཀའ་སླའི་ཁྱད་ཆེའོ། །མདོར་ན། ཐོག་མར་མཚན་རྟགས་འཆར་སླ་བས་མུན་པ་ལ་བསྒོམ་ཞིང་། དེར་མཚན་རྟགས་རྫོགས་པར་ཤར་བ་ན། མཚམས་དེ་ནས་ཉིན་མོའི་རྣལ་འབྱོར་བསྒོམས་པས་མཚན་རྟགས་རྣམས་འདོད་དགུར་འཆར་ཐུབ་པ་དང་། དེའི་སྟོབས་ཀྱིས་ཉིན་རྟགས་རྣམས་ཀྱང་མྱུར་དུ་འཆར་ཐུབ་སྟེ། རྣལ་འབྱོར་གཉིས་ཀྱི་སྒོ་ནས་སོར་སྡུད་ཡན་ལག་རྫོགས་པར་འཐོབ་བོ། །གསུམ་པ་ལ། གནས་ལ་སོགས་པ་ལྔ་ལས། གནས་ནི་བླ་གབ་མེད་པའི་ཕྱོགས་ཆུ་དང་། གངས་དང་།


JLD019_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བསར་མས་མིག་ལ་མི་གནོད་པའི་སར་རོ། །དུས་ནི། སྔ་དྲོ་དང་ཕྱི་དྲོའི་དུས་སུ་ཉི་མ་ལ་རྒྱབ་གཏད་ནས་བསྒོམ་སྟེ། གུང་གི་དུས་སུ་མིན་ཏེ། ཉི་མས་མིག་ལ་གནོད་པས་སོ། །ལུས་གནད་ལ་སོགས་པ་གསུམ་སྔ་མ་ལྟར་མཚན་མོའི་རྣལ་འབྱོར་ལྟར་བྱ་སྟེ། བསྒོམས་པས་ཉམས་མྱོང་སྐྱེ་བའི་ཚུལ་ནི། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་མཆོག་གི་ཆ་དང་ཐིག་ལེའོ། །ཞེས་གསུངས་པའི་རྟགས་རྣམས་འབྱུང་སྟེ། འབར་བ་ནི་མེ་འབར་བ་ལྟ་བུ་དང་། རྡོ་རྗེ་ནི་སྒྲ་གཅན། མཆོག་གི་ཆ་ནི་གློག་གོ །ཐིག་ལེ་ནི། དབྱིབས་ཟླུམ་པོ་ཁ་དོག་སྔོན་པོའམ། སྔོ་སྐྱ། འོད་དེའི་དབུས་སུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ་དང་། རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་འོད་ཟེར་ལྔ་འཕྲོ་བ་དང་པོར་ཕྱིར་མཐོང་ལ། དེ་ནས་ནང་དུ་མཐོང་སྟེ། འདི་ཐིག་ལེར་བསྡུས་ནས་རྟགས་དྲུག་གོ །མདོར་ན། སོར་སྡུད་ཀྱི་སྐབས་སུ་མཚན་རྟགས་བཞི་དང་། ཉིན་རྟགས་དྲུག་འཆར་རོ། །རྟགས་བཅུ་པོ་དེ་དག་ཀྱང་། སྤྱིར་རླུང་བཅུ་དྷཱུ་ཏཱིར་ཚུད་པ་ལ་འཆར་བ་ཡིན་གྱི། གཡས་ཀྱི་རླུང་ཚུད་པས་མཚན་རྟགས་དང་། གཡོན་གྱི་རླུང་ཚུད་པས་ཉིན་རྟགས་འཆར་བ་འདོད་པ་མི་འཐད་དེ། གཡས་ཀྱི་རོ་མ་ལ་བརྒྱུ་བའི་རླུང་ཚུད་ནས། གཡོན་རྐྱང་མ་ལ་བརྒྱུ་བའི་རླུང་མཚུད་པ་མི་འཐད་པའི་ཕྱིར་ཏེ། གཡོན་ལ་རླུང་བརྒྱུ་བ་ན་གཡས་ལ་བརྒྱུ་བའི་རླུང་དེ་ཉིད་འཕོས་ནས་བརྒྱུ་བ་ཡིན་པས། དཀྱིལ་འཁོར་ལྔའི་རླུང་གཅིག་ཉིད་གཡས་གཡོན་ལ་འཕོས་ནས་བརྒྱུ་བ་ཡིན་པའི་ཕྱིར་རོ། །དེས་ན། གཡས་གཡོན་གྱི་


JLD019_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཚུད་པ་ལས། མཚན་རྟགས་ཉིན་རྟགས་སོ་སོར་འཆར་བར་འདོད་ན། དེ་གཉིས་རིམ་གྱིས་འཆར་ལ། ཅིག་ཅར་མི་འཆར་བའི་རྒྱུ་མཚན་བཤད་དཀའོ། །འོ་ན་སྤྱིར་རླུང་དྷཱུ་ཏཱིར་ཚུད་པ་ལ་རྟགས་གཉིས་འཆར་བ་ལ་ཡང་། རིམ་ཅན་དུ་འཆར་བའི་རྒྱུ་མཚན་ཅི་ཞེ་ན། བཤད་པར་བྱ་སྟེ། མཚན་རྟགས་རྣམས་ནི་རླུང་དྷཱུ་ཏཱིར་ཚུད་པ་ཙམ་ལས་འཆར་ལ། ཉིན་རྟགས་རྣམས་ནི་དེ་ཙམ་གྱིས་མི་འཆར་གྱི། དྷཱུ་ཏཱིར་ཚུད་པ་ཕུལ་དུ་བྱུང་བ་ལས་འཆར་རོ། །ཤ་བ་རི་པས་ཀྱང་། དྷཱུ་ཏཱིར་རླུང་བཅུ་ཚུད་གྱུར་པས། །མཚན་དང་ཉིན་མོའི་རྟགས་བཅུ་མཐོང་། །སོ་སོར་སྡུད་པའི་ཡན་ལག་གོ །ཞེས་གསུངས་སོ། །རླུང་དྷཱུ་ཏཱིར་འཛུད་པའི་ཐབས་ཀྱི་དམིགས་པ་མེད་པར་ཏིང་ངེ་འཛིན་ཐུན་མོང་བ་བསྐྱངས་པས་ཀྱང་། ཟླ་བ་འདྲ་བ་དང་། ཉི་མ་འདྲ་བ་དང་། རྡོ་རྗེ་འདྲ་བ་ལ་སོགས་པའི་རྟགས་འཆར་བ་ལང་གཤེགས་ལས་གསུངས་པ་དང་། དྷཱུ་ཏཱིར་འཛུད་པའི་ཐབས་ཀྱི་དམིགས་པ་བསྐྱངས་པས། དྷཱུ་ཏཱིར་རླུང་མ་ཚུད་པའི་གོང་དུ་ཡང་། དུ་བ་ལ་སོགས་པའི་རྟགས་འཆར་བས་དེ་གཉིས་དང་། འདིར་སོར་སྡུད་ཀྱི་སྐབས་ཀྱི་རྟགས་རྣམས་ཁྱད་པར་ལེགས་པར་ཕྱེད་དགོས་ཏེ། མ་ཕྱེད་ན་སྔ་མ་དང་ཁྱད་པར་མ་ཕྱེད་པས། ཏིང་ངེ་འཛིན་མུ་སྟེགས་དང་ཡང་ཐུན་མོང་བ་འགའ་ཞིག་ལ་སྔགས་བླ་མེད་ཀྱི་རྫོགས་


JLD019_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དུ་འཛིན་པ་མང་དུ་མཐོང་ཞིང་། དེ་ལྟར་གཟུང་བས། ལམ་རྣམ་དག་ལ་སློབ་པའི་གེགས་བྱེད་པར་སྣང་ངོ་། །ཕྱི་མ་དང་ཁྱད་པར་མ་ཕྱེད་ན། དྷཱུ་ཏཱིར་མཚུད་གོང་གི་རྟགས་དེ་དག་སྐྱེས་པ་ན་སོར་སྡུད་ཀྱི་རྟགས་སྐྱེས་པར་རློམ་ཞིང་། སོར་སྡུད་ཀྱི་རྟགས་སྐྱེས་པ་ལ་རྒྱུད་འགྲེལ་ནས་འབྱུང་བར་བཤད་པའི་ཡོན་ཏན་དེ་དག་རང་ལ་ཨེ་འདུག་བལྟས་པ་ནི། མི་འདུག་པ་དང་། རྒྱུད་སྡེ་ནས་དེ་ལྟར་བཤད་པ་ནི་མི་བདེན་ནོ་སྙམ་ནས་སྡིག་སོག་པར་འགྱུར་རོ། །འོ་ན་དེ་གཉིས་དང་ཁྱད་པར་གང་གིས་འབྱེད་ཅེ་ན། འདིར་རླུང་དྷཱུ་ཏཱིར་ཚུད་པ་མི་དགོས་པར་འདོད་པས་ནི། ཏིང་ངེ་འཛིན་ཐུན་མོང་བའི་རྟགས་དང་། འདི་གཉིས་ཀྱི་ཁྱད་པར་འབྱེད་འདོད་ཀྱང་མི་ཕྱེད་པས། མཚན་ཉིད་ཐེག་པ་ནས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་སྒྲུབ་བྱེད་ཁྱད་པར་ཅན་ཡོད་པར་འདོད་དགོས་སོ། །དེས་ན། འདི་ནི་དྷཱུ་ཏཱིར་ཚུད་པ་ལས་འབྱུང་བའི་རྟགས་ཡིན་པས། སྔ་མ་གཉིས་ཀ་དང་ཁྱད་པར་ཆེའོ། །འོ་ན་རླུང་དྷཱུ་ཏཱིར་ཚུད་པ་དང་། མ་ཚུད་པའི་དུས་ཀྱི་རྟགས་གཉིས་ཀྱི་ཁྱད་པར་གང་གིས་ཤེས་པར་བྱེད་ཅེ་ན། འདུས་པའི་རྒྱུད་ཕྱི་མ་ལས་བརྟེན་གྱུར་རྡོ་རྗེའི་ལམ་ནས་ནི། ཞེས་པའི་འགྲེལ་པ་སྒྲོན་གསལ་ལས། རྡོ་རྗེའི་ལམ་ནས་ཞེས་པ་འདའ་བར་མི་བྱ་བའི་མཚན་མ་ལྔའི་རིམ་གྱིས་ཞེས་གསུངས་པ་ལྟར་གཞན་དུ་གསུངས་ཟིན་པ་ལས་ཤེས་པར་བྱའོ། །དེས་ན། ཞལ་ལུང་


JLD019_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་མཛེས་པའི་རྒྱན་ལས། དབང་པོའི་རླུང་ཅུང་ཟད་ནང་དུ་ལོག་པར་རྩོམ་པ་དང་། ཅུང་ཟད་ལོག་པ་དང་། དྷཱུ་ཏཱིར་ཚུད་པ་དང་། དྷཱུ་ཏཱིར་ཐིམ་པ་ལས་རྟགས་རྣམས་འཆར་བར་གསུངས་པ་ནི། ལོག་པས་རྟགས་འཆར་ཚུལ་དེ་ལྟར་དུ་ཤེས་པར་བྱའོ། །གསུམ་པ་སྤོགས་ཆོག་ནི། དུས་ཞབས་པས་སྔར་གྱི་བྱེད་བཅིངས་ལ་སོགས་པ་དེ་ཉིད་དམ་དུ་གཏོང་བར་བཤད་ལ། སྔ་མ་ཁ་ཅིག །ཟངས་ཆུས་བཀང་བ་ལ་མིག་རྩ་སྦྲིད་སྦྲིད་དུ་བལྟས་ནས། དེ་ནས་ནམ་མཁར་བལྟས་ན་སྟོང་གཟུགས་འཆར་རོ། །ཞེས་ཟེར་རོ། །སྔ་མ་མི་འཐད་དེ། དམ་དུ་གཏོང་བའི་དོན་གང་ཡིན། ལུས་གནད་སོགས་ལེགས་པར་མ་བྱུང་བར་འདུག་པ་འཆོས་པ་ལ་བྱེད་ན་ནི། དེ་ནི་རྩ་བའི་བསྒོམ་མ་ཤེས་པ་ཡིན་ལ། སྤོགས་ཆོག་ནི་སྒོམ་ཚུལ་ཤེས་ནས་བསྒོམས་པས་མ་གྲུབ་ན་བྱ་བ་ཡིན་པས། དང་པོའི་སྒོམ་ཚུལ་སློབ་པ་སྤྲོགས་ཆོག་ཏུ་ཇི་ལྟར་རུང་། བསྒོམ་ཚུལ་ལེགས་པར་ཤེས་ནས་བསྒོམས་པས་མ་གྲུབ་པ་ལ་བསྒོམ་ཚུལ་དེ་ཉིད་དམ་དུ་གཏོང་བ་ཡིན་ན་ནི། དེས་མ་གྲུབ་པ་ལ་ཅི་བྱ་ཞེས་པ་ལ། དེ་མ་གྲུབ་ན་དེ་ཉིད་བྱའོ། །ཞེས་པའི་སྤོགས་ཆོག་ནི་མེད་ཀྱང་སླའོ། །གཉིས་པས་ཀྱང་གནད་རྙེད་པ་མ་ཡིན་ཏེ། རླུང་དྷཱུ་ཏཱིར་ཚུད་པའི་ཐབས་མི་བྱེད་པར་སྟོང་གཟུགས་ཙམ་འཆར་བའི་ཐབས་འབའ་ཞིག་བྱེད་པར་སྣང་ལ། རླུང་དྷཱུ་ཏཱིར་མ་ཚུད་པའི་སྟོང་


JLD019_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ནི། ཇི་ཙམ་ཤར་ཡང་། སྟོང་གཟུགས་ཀྱི་ཕྱག་ཆེན་སྒྲུབ་བྱེད་ཀྱི་མན་ངག་ཏུ་མི་རུང་བས། སོར་སྡུད་ཀྱི་ཡན་ལག་ཏུ་མི་རུང་ངོ་། །དེས་ན། འདིར་རླུང་དྷཱུ་ཏཱིར་ཚུད་པ་ལས་བྱུང་བའི་སྟོང་གཟུགས་འཆར་དགོས་ལ། དེ་ལ་རླུང་དྷཱུ་ཏཱིར་ཚུད་དགོས་ལ། རླུང་དྷཱུ་ཏཱིར་ཚུད་པ་ཡོད་ན་སྟོང་གཟུགས་རང་ཤུགས་ཀྱིས་འབྱུང་བས་སྟོང་གཟུགས་བསྒྲུབ་པའི་སྤོགས་ཆོག་མི་དགོས་སོ། །དེས་ན་རྒྱུད་འགྲེལ་ནས་གསུངས་པ་ལྟར་བྱ་སྟེ། སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་ཐོབ་པར་མ་གྱུར་ན། ཞེས་དང་། དེའི་འགྲེལ་པར། སོར་སྡུད་ལ་སོགས་པ་རྣམས་ཀྱིས་གཡས་པ་དང་གཡོན་པའི་རླུང་མ་ཆིངས་པ་ཉིད་ཀྱིས། ཞེས་གསུངས་པས། སོར་སྡུད་ཀྱི་རླུང་དྷཱུ་ཏཱིར་མ་ཆིངས་པ་དེའི་ཆེ། བཙན་ཐབས་བྱ་བར་བཤད་པ་ལྟར་བྱའོ། །བཞི་པ་ནི། བསྒོམ་འཕྲོ་ལ་ཤི་ཡང་། ཚེ་རབས་གཞན་དུ་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་ཐོབ་སྟེ། ལམ་བསྒོམས་པས་བག་ཆགས་ཀྱི་སྟོབས་ཀྱིས་ལམ་མྱུར་དུ་རྒྱུད་ལ་སྐྱེས་ནས་མཆོག་ཐོབ་པར་འགྱུར་རོ། །བཞི་པ་ནི། དབང་པོའི་མངོན་སུམ་ཚད་མ་དང་འདྲ་བས་ན། དབང་མངོན་ནོ། །དེ་གཟུགས་སྒྲ་ལ་སོགས་པའི་ཡུལ་འཛིན་པས་དབང་ཤེས་དང་འདྲའོ། །མངོན་སུམ་ནི། རྟོག་པ་དང་བྲལ་བས་ཏེ། སྟོང་པ་ཉིད་ཀྱི་གཟུགས་སོགས་གསལ་བར་སྣང་བའི་ཕྱིར་རོ། །རྣམ་འགྲེལ་ལས། རྣམ་རྟོག་རྗེས་སུ་


JLD019_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བ་ལ། །དོན་གསལ་སྣང་བ་ཡོད་མ་ཡིན། ཞེས་གསུངས་སོ། །མ་འཁྲུལ་བའི་དོན་མི་སླུ་བ་ལ་བྱས་ནས། གནས་སྐབས་དང་། མཐར་ཐུག་གི་འབྲས་བུ་ལ་མི་བསླུ་བའི་ཕྱིར་རོ། །ལྔ་པ་དབྱེ་བ་ནི། རྣམ་པ་བཅུའོ། །དྲུག་པ་ནི། གནས་སྐབས་ཀྱི་འབྲས་བུ་སྔགས་ཀྱི་ཚིག་འཛིན་པ། མཐར་ཐུག་ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་པ་དྲུག་དྲི་བྲལ་དུ་གྱུར་པ་འཐོབ་བོ། །ཡེ་ཤེས་ཀྱི་ཕུང་སོགསས་སྦྱོར་བ་ནི། རྟགས་འདི་རྣམས་ཡན་ལག་དྲུག་ཀའི་སྐབས་སུ་འོང་བ་ཐམས་ཅད་ལ་ཁྱབ་པ་རྡོར་སེམས་ཀྱི་རིགས་ཡིན་པས་སོ། །མདོར་ན། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འབྲེལ་པ་མེད་པའོ། །ཞེས་པ་རྩ་འགྲེལ་གྱི་སོར་སྡུད་ནི། ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་ནས་སྟོང་པ་ཉིད་ཀྱི་གཟུགས་མཐོང་བའི་ཁྱད་ཆོས་གཉིས་དང་ལྡན་པར་བཤད་ལ། ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་པ་ཙམ་སྟོང་གཟུགས་མཐོང་ཙམ་ནི་ཏིང་ངེ་འཛིན་ཐུན་མོང་བ་ལ་ཡང་འབྱུང་ལ། རླུང་དྷཱུ་ཏཱིར་མ་ཚུད་པའི་སྟོང་གཟུགས་ཀྱིས་ནི་ལྷན་སྐྱེས་ཙམ་ཡང་འདྲེན་མི་ནུས་པར་སྤོགས་ཆོག་གི་སྐབས་སུ་བཤད་ན་དེས་མཆོག་མི་འགྱུར་གྱི་བདེ་ཆེན་དངོས་སུ་འདྲེན་པའི་སྟོང་གཟུགས་ཀྱི་ཕྱག་ཆེན་སྒྲུབ་མི་ནུས་ལ། སོར་སྡུད་ཀྱི་སྟོང་གཟུགས་རྣམས་ནི་དེ་སྒྲུབ་བྱེད་ཡིན་ཞིང་། སྤོགས་ཆོག་གི་སྐབས་སུ་རླུང་དྷཱུ་ཏཱིར་མ་ཚུད་པའི་སྟོང་གཟུགས་ཇི་ཙམ་ཤར་ཡང་། སོར་སྡུད་སོགས་བསྒོམ་པས་འདོད་དོན་


JLD019_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དྷཱུ་ཏཱིར་མ་ཚུད་བར་དུ་མི་འགྲུབ་པར་གསུངས་པས། སོར་སྡུད་ཀྱི་ཡན་ལག་ཏུ་འགྲོ་བའི་སྟོང་གཟུགས་ལ་ནི་རླུང་དྷཱུ་ཏཱིར་ཚུད་པ་ལས་བྱུང་བའི་སྟོང་གཟུགས་འཆར་དགོས་ལ། དེ་འཆར་བ་ལ་ནི་སྔོན་དུ་རླུང་དྷཱུ་ཏཱིར་ཚུད་པ་དགོས་ལ། དེ་ལ་སྔོན་དུ་རླུང་དྷཱུ་ཏཱིར་ཚུད་པའི་ཐབས་བསྒོམ་དགོས་པས། མདོར་ན། སོར་སྡུད་ཀྱི་སྐབས་སུ་ཐོག་མར་རླུང་དྷཱུ་ཏཱིར་འཇུད་པའི་ཐབས་བསྒོམ་པ་དང་། བར་དུ་དེ་བསྒོམས་པས་རླུང་དྷཱུ་ཏཱིར་འཆིང་སྟེ། དབང་པོ་ལྔ་ཡུལ་དང་། ཡུལ་ཅན་གྱི་འབྲེལ་པ་ཆད་པ་དང་། མཐར་དེའི་སྒོ་ནས་སྟོང་གཟུགས་རྣམས་མཐོང་སྟེ། རེ་ཁ་ནག་པོ་སྐྲའི་ཚད་ཙམ་ཨ་ཝ་དྷཱུ་ཏཱིའི་ནང་དུ་མཐོང་བ་ན། སོར་སྡུད་ཀྱི་ཡན་ལག་མཚན་ཉིད་ཆང་བ་ཐོབ་པ་ཡིན་པས་མཚམས་དེ་ནས་དེ་བརྟན་པར་བྱ་བའི་ཕྱིར། བསམ་གཏན་གྱི་ཡན་ལག་བསྒོམ་པར་བྱ་སྟེ། གཉིས་པ་བསམ་གཏན་ལ། ཀུན་ལ་དྲུག་དྲུག་ཏུ་ཤེས་པར་བྱ་སྟེ། ཞེས། ཡན་ལག་རེ་རེ་ལ་དྲུག་དྲུག་ཏུ་བྱེད་པ་ནི་བསམ་གཏན་དང་ཏིང་ངེ་འཛིན་གཉིས་སྒྲ་བཤད་དུ་མེད་པར། ཁ་ཅིག་སོར་སྡུད་བརྟན་པར་བྱེད་པས་བསམ་གཏན་ཞེས་བྱེད་པ་ནི་ཡི་གེའི་དོན་མིན་ནོ། །དེས་ན། འདི་ལ་ལྔ་སྟེ། དུས་མཚམས། གང་བསྒོམ་པའི་ཡན་ལག །དག་དབྱེ། ཚད་མ་གང་ཡིན། འབྲས་བུ་དང་ངོ་བོའོ། །དང་པོ་ནི། གོང་དུ་བཤད་པ་ལྟར་སོར་སྡུད་ཀྱི་རྟགས་བཅུ་རྫོགས་ནས་སོ། །གཉིས་པ་ལ་གསུམ། དགོས་པ་གང་གི་ཕྱིར་བསྒོམ་པ། ཡན་ལག་


JLD019_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབྱེ་བ། བསམ་གཏན་འགྲུབ་པའི་ཚད་བསྟན་པའོ། །དང་པོ་ནི། སོར་སྡུད་ནི་གཟུགས་མ་གྲུབ་པ་སྒྲུབ་པའི་ཕྱིར་བསྒོམ་པ་ཡིན་ལ། བསམ་གཏན་ནི་གྲུབ་ཟིན་བརྟན་པར་བྱ་བའི་ཕྱིར་སྒོམ་པ་ཡིན་ནོ། །འོ་ན་དམིགས་པ་གཞན་སྒོམ་པ་ནས་བརྟན་པར་བྱེད་པ་ཡིན་ནམ་ཞེ་ན། དམིགས་པ་དེ་ཉིད་རྒྱུན་གོམས་པས་བརྟན་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། སྔ་མས་རྟོག་པ་ནི། སྟོང་གཟུགས་རགས་པ་མཐོང་བའོ། །དཔྱོད་པ་ནི། སྟོང་གཟུགས་ཕྲ་བ་ཡང་མཐོང་བའོ། །དགའ་བདེ་ནི། ཕན་ཡོན་གྱི་ཡན་ལག་སྟེ། རིམ་པ་བཞིན། སེམས་དང་ལུས་ཤིན་སྦྱངས་འདོན་པའི་སེམས་ཀྱི་དགའ་བ་དང་། ལུས་ཀྱི་བདེ་བའོ། །ཤེས་རབ་ནི། འདུས་པ་ལས། སེམས་རྩེ་གཅིག་པ་ཞེས་དང་ཁྱད་པར་མེད་ལ། དེ་ནི། ཤེས་རབ་དང་ཤེས་བྱུང་ཟད་པའོ། །ཞེས་གསུངས་པ་ལྟར། ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་པའོ། །ཁ་ཅིག །ཡན་ལག་སོ་སོ་ལ་བསྒོམ་ཚུལ་རེ་རེ་བྱེད་པ་སྣང་སྟེ། ཡན་ལག་འདི་དག་ནི་བསམ་གཏན་བསྒོམས་པས་རྟོགས་པ་སྐྱེ་བའི་རིམ་པ་ཡིན་པས་བསྒོམ་ཚུལ་སོ་སོར་བྱེད་པ་མི་འཐད་དོ། །གསུམ་པ་ནི། སོར་སྡུད་ཀྱི་སྐབས་ཀྱི་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་དེ་ཉིད་བསྒོམས་པས། ཤེས་རབ་ཀྱི་ཡན་ལག་ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་དེ། རྟོག་དཔྱོད་ཀྱི་ཡན་ལག་སྟོང་གཟུགས་ཕྲ་རགས་མཐོང་ནས་སྟོང་གཟུགས་དེ་


JLD019_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བསྒོམས་པས་ཏིང་ངེ་འཛིན་ཐུན་འཁྱོངས་པའི་མཐར། ཕན་ཡོན་གྱི་ཡན་ལག་ལུས་སེམས་ཤིན་སྦྱངས་སྐྱེས་པ་ན། བསམ་གཏན་གྱི་ཡན་ལག་གྲུབ་པ་ཡིན་ནོ། །ཁ་ཅིག །སྲོག་རྩོལ་སྒོ་རུ་འོད་གསལ་གཟུང་། །སྣང་བའི་སྟེང་དུ་འོད་གསལ་གཟུང་། །དྷཱུ་ཏཱིའི་ནང་དུ་འོད་གསལ་གཟུང་། ཞེས་པ་དང་། མངོན་ཤེས་ལྔ་སྒྲུབ་ཚུལ་ལ་སོགས་པ་རྣམས་འདིའི་སྤོགས་ཆོག་ཏུ་བྱེད་པར་སྣང་སྟེ། མངོན་ཤེས་སྒྲུབ་པ་ནི། བསམ་གཏན་གྲུབ་ནས་བྱེད་རྒྱུ་ཡིན་པས། མ་གྲུབ་པའི་སྤོགས་ཆོག་ཏུ་མི་འཐད་ལ། གཞན་རྣམས་ཀྱང་སྟོང་གཟུགས་ཉིད་ཀྱི་སྤོགས་ཆོག་ཏུ་སྣང་བས་གནད་མ་རྙེད་ལ། འདི་ལ་སྤོགས་ཆོག་མི་དགོས་པ་ནི་འོག་ཏུ་འཆད་དོ། །གསུམ་པ་ནི། རྣམ་ཤེས་ཀྱི་ཕུང་པོ་དག་པས་མི་བསྐྱོད་པའོ། །དབྱེ་བ་ནི། ཡུལ་དང་། ཡུལ་ཅན་གྱི་སྒོ་ནས་བཅུའོ། །ལྔ་པ་ནི། གནས་སྐབས་སུ་དང་། མངོན་ཤེས་ལྔ་དང་། མཐར་ཐུག་རྣམ་ཤེས་ཀྱི་ཕུང་པོ་སོགས་དྲི་བྲལ་དུ་འགྱུར་བ་འཐོབ་བོ། །གཉིས་པ་སྲོག་སྒྲུབ་བྱེད་ཀྱི་ཡན་ལག་ལ། སྤྱིར་བླ་མེད་ཀྱི་རྒྱུད་རྣམས་ནས། རླུང་དྷཱུ་ཏཱིར་ཞུགས་པ་དང་། གནས་པ་དང་། ཐིམ་པ་གསུམ་བཤད་ལ། དྷཱུ་ཏཱིར་ཐིམ་པ་ནི། རླུང་བཅིངས་པ་དང་། བསྲེས་པ་དང་། བསད་པ་ཞེས་བཤད་པ་རྣམས་ཡིན་ལ། ཞུགས་གནས་གཉིས་ཡན་ལག་རེ་རེར་བཤད་པས། འདི་ལ་གཉིས། སྲོག་རོ་རྐྱང་ལ་བརྒྱུ་བ་བཀག་ནས། དྷཱུ་ཏཱིར་འཇུག་


JLD019_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་མན་ངག་སྲོག་རྩོལ། དྷཱུ་ཏཱིར་ཞུགས་པ་གནས་པའམ། གནས་པ་བརྟན་པར་བྱེད་པའི་ཡན་ལག་འཛིན་པའོ། །དང་པོ་ལ་དྲུག་ལས། དང་པོ་མཚན་དོན་ནི། རྩོལ་བའི་སྐད་དོད་ཨ་ཡ་མ་ཞེས། འགོག་པ་དང་། མཆུར་རིང་བ་ལ་འཇུག་པ་ལས། འདིར་ནི་འགོག་པའི་དོན་དུ་བཤད་དེ། དེ་ལ་སྲོག་ནི་རླུང་ཡིན་ལ། དེ་རོ་རྐྱང་ལ་བརྒྱུ་བ་བཀག་ནས་དྷཱུ་ཏཱིར་འཛུད་པ་ནི་རྩོལ་བའི་དོན་ནོ། །འདུས་པ་ལས། སྲོག་ནི་ཚེ་ཡིན་ལ། རྩོལ་བ་ནི་དེ་རིང་དུ་མཆེད་པར་བྱེད་པ་དོན་གྱི་སྲོག་རྩོལ། ཞེས། སྲོག་རྩོལ་གྱི་སྒྲ་འདི་དང་མི་མཐུན་པར་བཤད་ཀྱང་། བླ་མེད་ཀྱི་རྒྱུད་ཀུན་ནས། རླུང་རོ་རྐྱང་ལ་བརྒྱུ་བ་བཀག་ནས་དྷཱུ་ཏཱིར་འཛུད་པར་བྱེད་པའི་རླུང་སྦྱོར་རེ་སྲོག་རྩོལ་གྱི་ཡན་ལག་ཏུ་འཆད་པ་ལ་ཁྱད་པར་མེད་དོ། །རྒྱུད་སྡེ་འོག་མས་སྲོག་རྩོལ་མིང་མཐུན་པར་བཤད་ཀྱང་། དོན་མི་མཐུན་ནོ། །གཉིས་པ་དུས་མཚམས་ནི། སོར་བསམ་གཉིས་རྫོགས་ནས་བསྒོམ་སྟེ། དང་པོར་རླུང་ལ་དངོས་སུ་མི་དམིགས་པར་ལུས་ཀྱི་གནད་ཆེ་སར་གནད་དུ་བསྣུན་ནས་རླུང་དྷཱུ་ཏཱིར་བཙུད་པས་དབུ་མ་སྦྱངས་ནས། དེ་ན་རླུང་ཇི་ལྟ་བུ་ལ་དངོས་སུ་དམིགས་པའི་སྲོག་རྩོལ་གནད་དུ་འགྲོ་ཚབས་ཆེ་བའི་དགོས་པ་ཡོད་པའི་ཕྱིར། དེ་ཡང་དབུ་མ་སྦྱངས་ན་སྲོག་རྩོལ་གནད་དུ་འགྲོ་ཚབས་ཆེ་བས། རྒྱུད་འདིར་གོ་རིམས་དེ་ལྟར་བཤད་པ་


JLD019_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། རྒྱུ་མེད་ན་འབྲས་བུ་མི་འབྱུང་བ་ལྟར། དབུ་མ་མ་སྦྱངས་པར་སྲོག་རྩོལ་རྫོགས་པར་མི་སྐྱེ་བ་མ་ཡིན་ཏེ། ཚད་ལྡན་གྱི་གཞུང་དུ་མ་ནས་དབུ་མ་སྦྱོང་བྱེད་མེད་པར་སྲོག་རྩོལ་བསྒོམ་པ་གསུངས་པའི་ཕྱིར་རོ། །དེ་ལྟར་གཟུང་ན། གཞུང་དེ་དག་ལ་སྐུར་པ་འདེབས་པའི་རྒྱུར་འགྱུར་རོ། །གསུམ་པ་གང་བསྒོམ་པའི་ཡན་ལག་ངེས་པ་ལ། མཚན་ཉིད། དབྱེ་བ། སྒོམ་ཚུལ། མ་གྲུབ་ན་སྤོགས་པའི་ཆོ་ག་དང་བཞི་ལས། དང་པོ་ནི། མཚན་དོན་བཤད་པ་ཉིད་ཀྱིས་རྟོགས་ནུས་པས་མི་འཆད་དོ། །གཉིས་པ་ནི། བླ་མ་སྔ་མ་རྣམས། རྡོ་རྗེའི་བཟླས་པ། རྔུབ་པ། དགང་བ་འཇིལ་བ། རེ་ཀ་ཙ་ཀ །བུམ་པ་ཅན་དང་དྲུག་ཏུ་མཛད་ཀྱང་། རྒྱུད་འགྲེལ་ནས། རྡོར་བཟླས་དང་། བུམ་པ་ཅན་གཉིས་ལས་མ་བཤད་ལ། དེ་གཉིས་ཀྱིས་དགོས་པ་ཡང་འགྲུབ་པས། རྒྱུད་ནས་མ་བཤད་ཀྱང་ཁ་འགངས་དགོས་པ་ཡང་མིན། དེས་ན། དབྱེ་བ་ལ། རྡོ་རྗེའི་བཟླས་པ་དང་། བུམ་པ་ཅན་གཉིས་སུ་བྱའོ། །གསུམ་པ་ལ། དངོས་སུ་རོ་རྐྱང་ལ་བརྒྱུ་བ་མ་བཀག་པར་བསྒོམ་པ་རྡོ་རྗེའི་བཟླས་པའི་བསྒོམ་ཚུལ། དངོས་སུ་རོ་རྐྱང་ལ་བརྒྱུ་བ་བཀག་ནས་བསྒོམ་པ་བུམ་པ་ཅན་གྱི་སྒོམ་ཚུལ་དང་གཉིས་ལས། དང་པོ་ལ་དྲུག་གི་དང་པོ་གནས་ནི། སོར་སྡུད་ཀྱི་སྐབས་སུ་བཤད་པ་གཉིས་སོ། །གཉིས་པ་ལུས་གནད་ནི། །སྔར་དང་འདྲ་བ་ལས། ཁྱད་པར་ནི། རྐང་པ་གཡས་པའི་རྟིང་པས་དྲི་ཆེན་གྱི་ལམ་བཀག་པའམ། རྡོ་རྗེའི་


JLD019_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་མནན་པའོ། །གསུམ་པ་ལྟ་སྟངས་ནི། སོར་སྡུད་ཀྱི་སྐབས་སུ་བཤད་པ་ལྟར་བགེགས་མཐར་བྱེད་ཀྱི་ལྟ་སྟངས་བྱེད་པར་བཤད་ལ། དེ་ལ་དྲང་ངེས་གཉིས་ལས། ངེས་དོན་གྱི་བགེགས་མཐར་བྱེད་སྔར་བཤད་པ་ལྟར་རླུང་ཡིན་པས། དེ་ལ་ལྟ་བ་ནི་མིག་གིས་ལྟ་བར་མི་ནུས་པས། ཡིད་ཀྱིས་ལྟ་བ་ཡིན་ཏེ། དེ་ཡང་རྡོར་བཟླས་ཀྱི་རླུང་འཇུག་གནས་ལྡང་གསུམ་ལ་དངོས་སུ་དམིགས་ལ། བུམ་པ་ཅན་གྱིས་རླུང་གཉིས་ཁ་སྦྱར་དུ་བྱས་པ་ལ་དམིགས་སོ། །དྲང་དོན་གྱི་བགེགས་མཐར་བྱེད་ཀྱི་ལྟ་བ་ནི། བལྟ་བའོ། །བཞི་པ་བྱེད་བཅིངས་ནི། ཕྱག་རྡོར་སྟོད་འགྲེལ་ལས། དེ་ལ་སྲོག་རྩོལ་གྱི་ཡན་ལག་ཅེས་བྱ་བ་ནི། ལཱ་ལ་ན་དང་། རཱ་ས་ན་གཡོན་པ་དང་། གཡས་པ་དག་གི་རྩ་འགོག་པ་ལས། སྲོག་གི་རླུང་ཨ་ཝ྇་དྷཱུ་ཏཱིར་རྟག་ཏུ་རབ་ཏུ་འབབ་པ་སྟེ། ཨ་ཝ་དྷཱུ་ཏཱིར་དགང་བ་དང་། བུམ་པ་ཅན་དང་། དབྱུང་བའི་སྦྱོར་བས། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་གྱི་རང་བཞིན་གྱི་རྣལ་འབྱོར་པས་བྱེད་པ་ནི་སྲོག་རྩོལ་གྱི་ཡན་ལག་གོ །ཞེས་གསུངས་པའི་དོན་བཤད་ན་རྟོགས་པས་ད་བཤད་པར་བྱ་སྟེ། དེ་ལ་སྲོག་རྩོལ་གྱི་ཡན་ལག་ཅེས་པའི་རྩོལ་བའི་དོན། ལཱ་ལན་ཞེས་པ་ནས། འགོག་པ་ལས་ཞེས་པའི་བར་གྱིས། རོ་རྐྱང་ལ་བརྒྱུ་བ་འགོག་པ་ལ་བཤད་ལ། སྲོག་གི་དོན་སྲོག་གི་རླུང་ཞེས་པས། རླུང་ལ་བཤད་ནས། ལས་ཞེས་


JLD019_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཨ་ཝ་ཞེས་པ་ནས་འབབ་པ་སྟེ། ཞེས་པའི་བར་གྱིས་རླུང་རོ་རྐྱང་ལ་བརྒྱུ་བ་འགོག་པ་ལས། ཨ་ཝ་དྷཱུ་ཏཱིར་འབབ་པར་བཤད་དོ། །ཨ་ཝ་དྷཱུ་ཏཱིར་དགང་བ་དང་། ཞེས་པ་མན་གྱིས་ནི། རླུང་རོ་རྐྱང་ལ་བརྒྱུ་བ་འགོག་པའི་ཐབས་བསྟན་ཏེ། འདི་ལྟར་ཟླ་བ་སྟེ། སྐུ་རྡོ་རྗེ་ཨོཾ་གྱི་རང་བཞིན་གྱི་རླུང་དགང་བ་སྟེ་ནང་དུ་འཇུག་པ་དང་། སྒྲ་གཅན་ཏེ་ཐུགས་རྡོ་རྗེ་ཧཱུཾ་གི་རང་བཞིན་གྱི་བུམ་པ་ཅན་ཏེ་ནང་དུ་གནས་པ་དང་། ཉི་མ་སྟེ། གསུང་རྡོ་རྗེ་ཨཱཿཡི་རང་བཞིན་གྱི་ཕྱིར་དབྱུང་བའི་སྦྱོར་བ་བྱའོ། །གནས་གང་ནས་བྱེད་ཅེ་ན། ཨ་ཝ་དྷཱུ་ཏཱིར་དགང་བ་དང་། ཞེས་གསུངས་པས་ཨ་ཝ་དྷཱུ་ཏཱིར་འཇུག་པ་དང་། གནས་པ་དང་། དེ་ནས་འབྱུང་བའི་སྦྱོར་བ་བྱའོ། །ཞེས་བསྟན་ལ། རྣལ་འབྱོར་པས་བྱེད་པ་ནི། ཞེས་པས་ནི། ད་ལྟ་དྷཱུ་ཏཱི་ནས་འབྱུང་འཇུག་མི་བྱེད་པས། དྷཱུ་ཏཱི་ནས་འཇུག་གནས་ལྡང་གསུམ་གྱི་སྦྱོར་བ་བྱེད་པ་ནི་རྣལ་འབྱོར་པས་བྱེད་པ་སྟེ། མོས་པ་བྱེད་པའོ། །ཞེས་བསྟན་ལ། སྲོག་བྱེད་པ་མན་གྱིས་ནི། སྦྱོར་བ་དེ་ནི་སྲོག་འགོག་པའི་ཡན་ལག་གམ། ཐབས་སོ། །ཞེས་བསྟན་ནོ། །མདོར་ན། གཞུང་དེས་རླུང་གི་གདངས་གསུམ་དང་། ཡིག་འབྲུ་གསུམ་དབྱེར་མེད་དུ་སྦྱར་ཏེ། ཨ་ཝ་དྷཱུ་ཏཱི་ནས་འཇུག་གནས་ལྡང་གསུམ་བྱེད་པར་རྣལ་འབྱོར་པས་མོས་པ་བྱེད་པ་ནི། སྲོག་གི་རླུང་གཡས་གཡོན་གྱི་ལམ་རོ་རྐྱང་ལ་བརྒྱུ་བ་བཀག་ནས་དབུས་ཀྱི་རྩ་ཨ་ཝ་དྷཱུ་


JLD019_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱིར་འབབ་ཅིང་འཇུག་པར་བྱེད་པའི་ཡན་ལག་གོ །ཞེས་གསལ་བར་བསྟན་ཏོ། །དེས་ཁ་ཅིག་གཡས་ནས་བརྒྱུ་བ་རོ་མ་དང་། གཡོན་ནས་བརྒྱུ་བ་རྐྱང་མའི་ནང་ནས་རྡོར་བཟླས་བྱེད་པར་འདོད་པ་ནི། རྡོར་བཟླས་ཀྱི་མི་མཐུན་ཕྱོགས་འབའ་ཞིག་སྟེ། རྡོར་བཟླས་ཀྱི་དུས་སུ་ཡིད་ཀྱི་དབུ་མ་ནས་འབྱུང་འཇུག་བྱེད་པར་མ་བྱས་ན། དངོས་སུ་རོ་རྐྱང་ལ་བརྒྱུ་བ་དབུ་མར་འཛུད་པའི་ཐབས་ཅུང་ཟད་ཀྱང་མེད་དོ། །དེས་ན། རྡོར་བཟླས་ཀྱིས་རོ་རྐྱང་ལ་དངོས་སུ་འབྱུང་འཇུག་བྱེད་པ་མ་བཀག་ཀྱང་། རླུང་དབུ་མར་འཛུད་པའི་གནད་ཆེ་ཤོས་ནི་ཡིད་ཀྱིས་དབུ་མ་ནས་འཇུག་གནས་ལྡང་གསུམ་བྱེད་པར་མོས་པ་ཉིད་ཡིན་པས་དེ་བོར་ནས་རྡོར་བཟླས་བྱས་པས་དགོས་པ་ཅི་ཡང་མི་འགྲུབ་བོ། །ཟླ་བ་དང་། ཉི་མ་ད་ང། སྒྲ་གཅན་གྱི་ཞེས་སོགས་ཀྱི་དོན་སྔར་བཤད་པ་ལྟར་ཡིན་ཏེ། གོང་དེ་མ་ཐག་ཏུ་དྷཱུ་ཏཱི་ནས་འཇུག་གནས་ལྡང་གསུམ་བྱེད་པར་བཤད་པས་སོ། །འདི་ཉིད་ཀྱི་རྒྱུད་འགྲེལ་ལས་ཀྱང་། དེ་ཐམས་ཅད་དུ་བརྟན་པར་གྱུར་པ་དང་། བུམ་པ་ཅན་གྱི་གནས་སྐབས་ཐོབ་པ་ཇི་སྲིད་པར་འབྱུང་བ་དང་། འཇུག་པ་ཉིད་ཀྱིས་དབུ་མར་བསྒོམ་པར་བྱའོ། །ཞེས་གསལ་བར་གསུངས་པས། ཕྱིན་ཅི་ལོག་ཏུ་མ་འཛིན་ཞིག །ཡང་ཁ་ཅིག་འདི་སྙམ་དུ་རླུང་སྔགས་སྦྱོར་ཚུལ། འདུས་པ་དང་མི་མཐུན་པར་བཤད་པ་ཇི་ལྟར་ཡིན་སྙམ་ན་སྐྱོན་མེད་དེ། དེ་ལྟ་བུ་ཅུང་ཟད་མི་


JLD019_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་ཡོད་ཀྱང་། སྲོག་རྩོལ་གྱི་གནད་མི་འཕྱུག་པ་གཉིས་ཀ་ལ་ཡོད་པས་སོ། །རླུང་སྔགས་སྦྱོར་ཚུལ་ཡང་། རླུང་གི་རང་གདངས་ཉིད་ཡི་གེ་གསུམ་དུ་སྒྲོག་གིན་ཡོད་པ་ཉན་པའི་རྣམ་པ་ལྟ་བུར་བྱའི། ཡི་གེ་གསུམ་གཟུགས་དང་སྒྲའི་རྣམ་པ་ཅན་དུ་མི་བྱ་སྟེ། བླ་མས་གཞན་དུ་གསུངས་པ་ལས་ཤེས་པར་བྱའོ། །ལྔ་པ་དེ་བསྒོམས་པས་ཉམས་མྱོང་སྐྱེ་ཚུལ་ནི། བླ་མ་སྔ་མ་རྣམས། བདེ་དྲོད་དང་། རྩ་དང་། རླུང་གི་ཁ་དོག་མཐོང་བ་ལ་སོགས་པ་འབྱུང་ངོ་། །ཞེས་གསུངས་སོ། །དེ་ལ་རྩ་དང་རླུང་གི་ཁ་དོག་མཐོང་བ་ལ། ཉམས་སྣང་ལ་རྩའི་འཁོར་ལོ་དང་། དེ་ནས་བརྒྱུ་བའི་རླུང་གི་ཁ་དོག་མཐོང་བ་དང་། དེར་མ་ཟད་འཇིག་རྟེན་ཁམས་དུ་མ་མཐོང་བ་ལ་སོགས་པ་འབྱུང་སྟེ། དེ་དག་ནི་རྨི་ལམ་དུ་མཐོང་བ་དང་འདྲ་བས། ཁ་ཅིག་བདེན་པ་སྲིད་ཀྱང་། ཡིད་བརྟན་དུ་མི་རུང་ངོ་། །རྡོ་རྗེ་ཕྲེང་བ་ནས་ལུས་དབེན་རྫོགས་ནས་རྡོར་བཟླས་ཟླ་བ་དྲུག་བྱེད་པར་བཤད་པའི་ཟླ་བ་བཞི་པ་ལ་རྩའི་འཁོར་ལོའི་ཁ་དོག་མཐོང་བར་བཤད་པ་ལྟ་བུ་ནི་རང་མཚན་པ་མཐོང་བ་ཡིན་པས། རྡོར་བཟླས་བསྒོམས་པས་མྱོང་བ་སྐྱེ་ཚུལ་ཕལ་པ་ཡིན་ཡང་། གཙོ་བོ་ནི་རླུང་དྷཱུ་ཏཱིར་ཞུགས་པའི་རྟགས་འཁྲུལ་མེད་རྣམས་འཆར་དགོས་སོ། །སྙན་བརྒྱུད་ལས། སྔོན་འགྲོ་དང་། གེགས་སེལ་རྡོ་རྗེའི་བཟླས་པས་རྩ་ལམ་སྦྱོང་། ཞེས་བཤད་པ་ལ། བོད་ཀྱི་མཁས་པས། སྔོན་འགྲོ་ཙམ་དུ་བྱེད་པ་མི་འཐད་ཅེས་གསུངས་པ་ནི་བདེན་


JLD019_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་དག་གི་སྲོག་རྩོལ་དངོས་གཞི་ནི་བུམ་པ་ཅན་ཡིན་ལ། རྡོར་བཟླས་ནི་དེའི་སྔོན་འགྲོ་དང་། གེགས་སེལ་དུ་འདོད་ལ། དེ་ནི་བརྟགས་ན་མི་འཐད་དེ། རྡོ་རྗེའི་བཟླས་པ་རྩ་ལམ་སྦྱོང་བ་དེ་དག་གིས་འདོད་ལ། རྩ་དབུ་མ་སྦྱོང་བ་ལ། དབུ་མའི་ནང་དུ་རླུང་ཞུགས་དགོས་པས། དེ་རྡོར་བཟླས་ཀྱིས་བསྒྲུབ་ན། རོ་རྐྱང་ལ་བརྒྱུ་བ་བཀག་ནས་དྷཱུ་ཏཱིར་འཛུད་པར་བྱེད་པའི་སྲོག་རླུང་སྦྱོང་བ་ཡིན་པས་སྲོག་རྩོལ་དངོས་གཞི་ཡིན་ནོ། །ཡང་སྙན་བརྒྱུད་ལས། འབྱོངས་ནས་འཇམ་རླུང་དགང་སྟོང་གི་སྦྱོར་བས་སྲོག་དབུ་མའི་ཐིག་ལེར་ཞུགས། ཞེས་གསུངས་པས། རླུང་འཇམ་པོས་གང་ལ་བརྒྱུ་བའི་སྣ་བུག་ནས་རླུང་ནང་དུ་དྲངས་ཏེ། ལྟོ་བ་བཀང་སྟེ་ཁེངས་པ་དང་། རླུང་མི་བརྒྱུ་བ་ཕྱོགས་ཀྱི་སྣ་བུག་ནས་བཏང་བས། མཉམ་རྒྱུར་བསྒྲུབ་ཅིང་། དེ་སྲོག་དབུ་མར་ཚུད་པར་འདོད་པར་སྣང་སྟེ། རླུང་སྦྱོར་འདི་ལ་རྩ་དབུ་མའི་རྩ་གནད་ལ་སྟོན་པ་མི་འདུག་པས། དེས་རླུང་དབུ་མར་ཚུད་དཀའ་ལ་དབུ་མར་ཚུད་པའི་རྟགས་ཀྱང་མཉམ་རྒྱུར་ཐེངས་པ་གཅིག་པུས་མི་ཆོག་གི །ནང་གི་རྟགས་འཁྲུལ་མེད་ཀྱང་འཆར་དགོས་སོ། །རྒྱུད་འདིའི་སྐོར་ནས་མི་འབྱུང་ཡང་། རྒྱུད་གཞན་ནས་འབྱུང་ངོ་། །ཞེས་གསུངས་ཀྱང་། ཡང་བསྒྱུར་བའི་རྒྱུད་ན་འདུག་པ་མ་མཐོང་ངོ་། །འོན་ཀྱང་རླུང་སྦྱོར་འདི་ལ་ཁམས་བདེ་བ་ལ་སོགས་པའི་དགོས་པ་ཡོད་པས། འདི་དང་རླུང་སྦྱོང་འོག་གི་


JLD019_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་བྱེད་ལུགས་ཟུར་དུ་བྱའོ། །ཡང་ཁ་ཅིག །རྡུབ་པ་དང་། དགང་བ་དང་། འཇིལ་བའི་རླུང་སྦྱོར་མན་ངག་ཁ་ཅིག་ལས་འབྱུང་བ། མན་སྙེ་དང་། རྒྱུད་འགྲེལ་ལས། དགང་བ་དང་། དབྱུང་བ་དང་། བུམ་པ་ཅན་གྱི་སྦྱོར་བས་རྟག་པར་བསྙེན་པ་བྱའོ། །ཞེས་པའི་དགོངས་པར་མཛད་པར་སྣང་སྟེ། རྒྱུད་འགྲེལ་གྱི་དགོངས་པ་ནི། ཕྱག་རྡོར་སྟོང་འགྲེལ་ནས་འབྱུང་བ་ལྟར། རྡོར་བཟླས་བསྟན་པ་ཡིན་ལ། མན་སྙེའི་ཡང་། འགང་བ་དང་། འབྱུང་བ་དང་། བུམ་པ་ཅན་གསུམ་ནི། འཇུག་གནས་ལྡང་གསུམ་ལ་བཤད་ཅིང་། ཞི་བ་ནི། ཞུགས་ནས་གཡོ་མེད་དུ་གནས་པའོ། །ཞེས་བཤད་པས། དེའི་དགོངས་པ་ཡང་མ་ཡིན་ནོ། །སྤྱིར་ཡང་བྱ་བ་ལ་སོགས་པའི་སྐབས་སུ། ལུས་ཀྱི་ནང་ཐམས་ཅད་རླུང་གིས་འགེངས་པ་ལ་སོགས་པ་བཤད་ཀྱང་། རླུང་དབུ་མར་འཛུད་པའི་སྲོག་རྩོལ་བསྒོམ་པའི་སྐབས་སུ་ནི། དབུ་མའི་རྩ་གནད་ལ་བརྟེན་པའི་རླུང་སྦྱོར་མེད་པར། ལུས་ཀྱི་ལྟོ་བ་རླུང་གིས་འགེངས་པའི་རླུང་སྦྱོར་བསྒོམས་པས་ནི། རླུང་དབུ་མར་ཚུད་པ་ལ་ཅི་ཡང་མི་ཕན་ནོ། །རྒྱུད་འདིར་སྲོག་རྩོལ་སོགས་གསལ་བར་བཤད་པས། གཞན་ནས་ཁ་འགེངས་དགོས་པ་མེད་ལ། སློབ་དཔོན་གྱི་ཁ་ནས་འོངས་པ་མ་ཡིན་ནོ། །ཞེས་བཤད་པས། བླ་མའི་མན་ངག་གིས་ཀྱང་ཁ་འགེངས་དགོས་པ་མེད་པས། རྒྱུད་ནས་བཤད་པའི་སྲོག་རྩོལ་གཉིས་པོ་ཉིད་ལ་ནན་


JLD019_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཆེར་བྱའོ། །གཉིས་པ་ལ། གནས་ལ་སོགས་པ་དྲུག་ལས། གཞན་རྣམས་ནི་རྡོར་བཟླས་དང་འདྲའོ། །བྱེད་པ་བཅིང་བ་ནི། སྤྱིར་ན་རླུང་འབྱུང་འཇུག་མི་བྱེད་པར་ལུས་ཀྱི་ནང་དུ་གནས་པ་ལ་ཡང་བུམ་པ་ཅན་དུ་བཤད་པ་ཡོད་ལ། དེ་ནི་རྒྱུད་སྡེ་འོག་མ་ལ་ཡང་ཡོད་ཅིང་། དེར་མ་ཟད་གྲངས་ཅན་ལ། བུམ་པ་ཅན་ཡོད་པར་བཤད་དེ། པཎྜི་ཏ་སའི་སྙིང་པོས་མུ་སྟེགས་དང་མ་རྒྱུད་ཀྱི་རླུང་སྦྱོར་གྱི་ཁྱད་པར་དབྱེ་དཀའ་བར་འདུག་གསུང་བ་ལ། བླ་མ་སྔ་མ་རྣམས། ལྟ་བ་དང་། བྱང་ཆུབ་སེམས་ཀྱིས་ཟིན་མ་ཟིན་གྱི་སྒོ་ནས་འབྱེད་གསུང་བས། རླུང་སྦྱོར་གྱི་ངོ་བོའི་སྒོ་ནས་ཁྱད་པར་མ་ཕྱེད་པར་སྣང་ལ། རླུང་སྦྱོར་དེ་དག་ནི་ངོ་བོའི་སྒོ་ནས་ཀྱང་ཁྱད་པར་ཤིན་ཏུ་ཆེ་སྟེ། གྲངས་ཅན་ལ་ནི། སྤྱིར་སྟེང་འོག་གི་རླུང་ཁ་སྦྱོར་བྱེད་པ་དང་། ཁྱད་པར་དུ་བླ་མེད་ནས་བཤད་པ་ལྟར། རྩ་འཁོར་གྱི་དབུས་སུ་ཁ་སྦྱར་དུ་བྱས་ཏེ་གཟུང་བས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་མེད་པའི་ཕྱིར། དེས་ན། རླུང་འབྱུང་འཇུག་མི་བྱེད་པར་ལུས་ཀྱི་ནང་དུ་གནས་པ་ཙམ་གྱི་བུམ་པ་ཅན་ནི། མུ་སྟེགས་དང་རྒྱུད་སྡེ་འོག་མ་ལ་ཡང་ཡོད་པས། དེ་ལས་ཁྱད་པར་དུ་གྱུར་པའི་བུམ་པ་ཅན་གྱི་སྒོམ་ཚུལ་དགོས་པས་དེ་བཤད་པར་བྱ་སྟེ། འདི་ལ་ལྔ། སྟེང་འོག་གི་རླུང་འཐེན་པའི་གོ་རིམས། སྟེང་འོག་གི་རླུང་ལམ་གང་ནས་འཐེན་པ། ཐེན་ནས་གནས་གང་དུ་ཁ་སྦྱོར་བྱ་བ། བྱས་ནས་ཁ་


JLD019_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དེ་ཉིད་ལ་སེམས་གཏོད་པ། གཏད་ནས་བསྒོམ་པའི་ཡུན་ཚད་བསྟན་པའོ། །དང་པོ་ནི། གཞི་དུས་སྲོག་འཛིན་སྟེང་གི་སྣ་སྒོ་ནས་ཕྱིར་འབྱུང་བ་ན། ཐུར་སེལ་འོག་སྒོ་ནས་ཕྱིར་འབྱུང་ལ། སྲོག་རྩོལ་ནང་དུ་འཇུག་པ་ན། ཐུར་སེལ་ནང་དུ་ཞུགས་ནས་ལྟེ་བའི་བར་འོང་བས། རྟོག་པ་སྤྱང་པོས་དུས་གཅིག་ཏུ་ཁ་སྦྱོར་བྱེད་ནུས་པ་སྲིད་ཀྱང་། ད་ལྟ་ཕལ་ཆེར་མི་ནུས་པས། རིམ་ཅན་དུ་འཐེན་དགོས་སོ། །དེའི་ཚུལ་བཤད་པར་བྱ་སྟེ། བྱང་སེམས་འཛག་པ་བསྲུང་བའི་མན་ངག་མེད་ན་ནི། སྲོག་འཛིན་སྔོན་དུ་ངེས་པར་འཐེན་དགོས་ཏེ། ཐུར་སེལ་སྔོན་དུ་འཐེན་ན་བྱང་སེམས་འཛག་པས་སོ། །བྱང་སེམས་བསྲུང་བའི་མན་ངག་ཡོད་ན། ཐུར་སེལ་སྔོན་དུ་ཐེན་ཡང་ཆོག་གོ །གཉིས་པ་ནི། སྔ་མ་ཕལ་ཆེར་སྟེང་འོག་གི་རླུང་ལུས་ཀྱི་ཁོག་པ་ཅི་ཙམ་ནས། ལྟེ་བའི་བར་དུ་འཐེན་པ་མ་གཏོགས་གནད་དུ་འགྲོ་བའི་འཐེན་ལུགས་མི་སྣང་ལ། དེ་མ་བྱུང་ན་ཐེན་ནས་ཁ་སྦྱར་དུ་བྱ་བ་ཡང་གནད་དུ་འགྲོ་བ་མི་འོང་བས་ན། གནད་དུ་འགྲོ་བའི་འཐེན་ལུགས་དགོས་ཏེ། འདི་ལྟར་སྟེང་རླུང་དྷཱུ་ཏཱིའི་ནང་ནས་འོག་ཏུ་འཐེན་ཞིང་། འོག་རླུང་དྷཱུ་ཏཱིའི་ལམ་ནས་སྟེང་དུ་འཐེན་དགོས་ཏེ། རྒྱུ་མཚན་འོག་ཏུ་འཆད་དོ། །གསུམ་པ་ནི། ཐེན་ནས་གནས་གང་དུ་ཁ་སྦྱར་བྱེད་ཅེ་ན། འདི་ལ་ཡང་། སྔ་མ་ཕལ་ཆེར་སྟེང་འོག་ནས་ལྟེ་བའི་བར་དུ་ཐེན་ནས་ལྟེ་བར་ཁ་སྦྱོར་བྱེད་ཟེར་བ་ཙམ་མ་གཏོགས་གནད་དུ་འགྲོ་བའི་ཁ་


JLD019_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བྱེད་ལུགས་མི་འདུག །སྲོག་དབུ་མར་འཛུད་པའི་སྲོག་རྩོལ་དུ་འགྲོ་བ་དཀའོ། །དེས་ན་སྲོག་དབུ་མར་འཛུད་པའི་སྲོག་རྩོལ་དུ་འགྲོ་བའི་བུམ་པ་ཅན་སྒོམ་པར་འདོད་པས་ནི། འདི་ལྟར་བྱ་སྟེ། སྟེང་རླུང་དང་འོག་རླུང་དྷཱུ་ཏཱིའི་ལམ་ནས་ལྟེ་བའི་བར་དུ་ཐེན་ཏེ། དྷཱུ་ཏཱིལ་རོ་རྐྱང་གི་མདུད་པས་བཅིངས་པའི་ལྟེ་བའི་རྩ་འཁོར་གྱི་དབུས་ཨ་ཝ་དྷཱུ་ཏཱིའི་ནང་དུ་ཁ་སྦྱོར་དུ་བྱའོ། །བཞི་པ་ནི། དེ་ལྟར་ཁ་སྦྱོར་དུ་བྱས་ནས། དྷཱུ་ཏཱིའི་མདུད་པའི་ནང་གི་ཁ་སྦྱར་གྱི་རླུང་དེ་ཉིད་ལ་སེམས་གཏོད་པ་ཡིན་ཏེ། བསྡུས་རྒྱུད་དུ། བགེགས་མཐར་བྱེད་ཀྱི་བལྟ་བས་བདུད་རྩིའི་གནས་སུ་སོན་པ་ཡིས་ཀྱང་ཉེ་བར་སྒྲུབ་ལ་ཡན་ལག་དྲུག་ཅེས། སྲོག་རྩོལ་བགེགས་མཐར་བྱེད་ཀྱི་བལྟ་བས་བསྒོམ་པར་བཤད་པ་ལ། ངེས་དོན་གྱི་བགེགས་མཐར་བྱེད་ནི། འདི་ཉིད་དུའང་རླུང་ལ་བཤད་ལ། བདེ་མཆོག་སྟོང་འགྲེལ་ལས་ཀྱང་། བགེགས་མཐར་བྱེད་ནི། དགོངས་པའི་སྐབས་གཞན་གྱིས་ནི་རླུང་ལ་གསུང་ངོ་། །ཞེས་རླུང་ལ་བགེགས་མཐར་བྱེད་དུ་བཤད་པས། དེའི་ལྟ་བ་ནི་རླུང་ལ་བལྟ་བ་ཡིན་ནོ། །ཚུལ་འདི་ནི་སྟོད་འགྲེལ་དུ། འདུས་པའི་རྒྱུད་ཕྱི་མའི་ལུང་དྲངས་ནས་གསལ་བར་བཤད་དེ། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །


JLD019_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་དྲངས་ཏེ། གོང་བུའི་གཟུགས་ཀྱིས་ཞེས་པ་ལ། འགྱུར་ཁ་ཅིག་ལས། འདྲིལ་བའི་གཟུགས་ཀྱིས་ཞེས་འབྱུང་བས། ཡེ་ཤེས་ལྔ་ཡི་རང་བཞིན་གྱི་དཀྱིལ་འཁོར་ལྔའི་རླུང་རོ་རྐྱང་ལ་སོ་སོར་བརྒྱུ་བ་དེ་ནི། ཨ་ཝ་དྷཱུ་ཏཱིར་གཅིག་ཏུ་འདྲིལ་བའི་གཟུགས་ཀྱིས་ཕྱུང་བ་སྟེ། ལམ་ནས་དྲངས་ནས་སྣ་ཡི་རྩེ་མོ་ཞེས་པ་རྩ་འཁོར་ལ་ཟེར་བས། སྐབས་འདིར་སྣ་ཡི་རྩེ་མོར་ཏེ་ལྟེ་བའི་རྩ་འཁོར་གྱི་དབུས་སུ་རབ་ཏུ་བརྟག་པ་སྟེ་བསྒོམ་མོ། །ཞེས་བསྟན་ནོ། །དེ་ཡང་། རྐང་པ་གསུམ་པས་རླུང་དྷཱུ་ཏཱིའི་ནང་ནས་འདྲེན་པར་བསྟན་ནས། རྐང་པ་བཞི་པས་ལྟེ་བའི་རྩ་འཁོར་གྱི་དབུས་སུ་བསྒོམ་པར་བསྟན་ནོ། །མདོར་ན། རབ་ཏུ་བརྟག་པ་སྟེ། བསྒོམ་བྱའི་དོངས་པོ་དཀྱིལ་འཁོར་ལྔའི་རླུང་རོ་རྐྱང་ལ་བརྒྱུ་བ་ཨ་ཝ་དྷཱུ་ཏཱིའི་ལམ་ནས་དྲངས་ནས། གང་དུ་བསྒོམ་པའི་གནས་སྣ་ཡི་རྩེ་མོར་ཏེ། ལྟེ་བའི་རྩ་འཁོར་གྱི་དབུས་སུ་བསྒོམ། ཞེས་གསལ་བར་བསྟན་ནོ། །ལྔ་པ་ནི། དེ་ལྟར་སེམས་གཏད་ནས་ཡང་ཡང་བསྒོམས་པས་མགོ་བོ་ན་བ་དང་། ལུས་ལ་འོད་ཀོར་མཐོང་བ་དང་། སྙིང་བརྡེབས་པ་ལ་སོགས་པ་བྱུང་ན། དེ་ཕན་ཆད་དུ་བསྒོམས་ན་སྲོག་འཆད་པ་ལ་སོགས་པའི་ཉེས་དམིགས་ཡོད་པས། དེ་ཕན་དུ་མི་སྒོམ་མོ། །དེ་ཡང་། བུམ་པ་ཅན་བསྒོམས་པས་མཚམས་གཅིག་ནས་རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་ནང་དུ་གནས་པ་མིན་ཡང་ལྟེ་བའི་རྩ་འཁོར་ཙམ་དུ་རང་ཤུགས་


JLD019_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གནས་པ་ཅིག་འོང་བས། མཚམས་དེ་ནས་འཛིན་པ་ལ་ནན་ཏན་ཆེར་བྱའི། དེ་མ་བྱུང་བར་དུ་ཨ་ན་ཚུགས་སུ་གཟུང་ན། གེགས་སྐྱེད་པས། ལུས་ལ་མི་བདེ་བ་མ་བྱུང་གི་བར་དུ་བསྒོམ་པར་བྱའོ། །དྲུག་པ་དེ་ལྟར་བསྒོམས་པས་མྱོང་བ་སྐྱེ་ཚུལ་ནི། བོད་ཀྱི་མཁས་པས། འཛིན་པའི་སྐབས་ཀྱི་མྱོང་བ་སྐྱེ་ཚུལ་རྣམས་འདིར་དྲངས་ནས་བཤད་ཀྱང་། དེ་དག་ནི་འཛིན་པའི་སྐབས་ཉིད་དུ་བཤད་པར་བྱའོ། །འདིའི་སྐབས་སུ། རླུང་དྷཱུ་ཏཱིར་འདྲེས་པས་གཏུམ་མོ་འབར་བ་དང་། རྩ་དང་། རླུང་གི་ཁ་དོག་མཐོང་བ་ལ་སོགས་པ་ནི་ཕལ་པ་ཡིན་ལ། གཙོ་བོ་ནི་སྲོག་དབུ་མར་ཚུད་པའི་རྟགས་འཁྲུལ་མེད་རྣམས་ཡིན་པས་དེ་དག་འཆར་དགོས་སོ། །རེ་ཅ་ཀའི་རླུང་སྦྱོར་ནི་ཟུར་དུ་འཆད་དོ། །དེས་ན། སྙན་བརྒྱུད་ལས་གསུངས་ཚུལ་ཅུང་ཟད་བཤད་པར་བྱ་སྟེ། གཉིས་པ་ནི་གོང་དུ་དྲངས་ལ། དེའི་རྗེས་སུ་བཅུག་ནས་རྩུབ་པ་ཅན་གྱི་སྦྱོར་བས། སྲོག་དབུ་མའི་ཐིག་ལེར་བཅིངས། ཞེས་སྔ་མ་སྲོག་དབུ་མར་བཅུད་ནས། འདིས་དབུ་མར་གནས་པར་བྱེད་པར་འདོད་པར་སྣང་སྟེ། སྲོག་རྩོལ་གྱི་བྱེད་ལས་ནི་སྲོག་དབུ་མར་འཛུད་པ་ཉིད་ཡིན་གྱི། སྲོག་དབུ་མར་གནས་པ་ནི་འཛིན་པའི་བྱེད་ལས་ཡིན་པས། སྲོག་རྩོལ་གྱིས་དེ་སྒྲུབ་པར་འདོད་པ་མི་འཐད་དེ། སྲོག་རྩོལ་གྱིས་དབུ་མར་གནས་པ་ཡང་བསྒྲུབ་ན་འཛིན་


JLD019_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡན་ལག་བསྒོམ་པ་ལ་དགོས་པ་ཅི་ཞིག་ཡོད། དེས་ན་སྲོག་རྩོལ་གྱི་བྱེད་ལས་ནི། སྲོག་དབུ་མར་གཞུག་པ་ཉིད་ཡིན་པས། སྲོག་དབུ་མར་ཞུགས་པའི་རྟགས་འཁྲུལ་མེད་རྣམས་ཤར་ན། སྲོག་རྩོལ་གྱི་བྱེད་ལས་དེས་རྫོགས་སོ། །ཡང་སྙན་བརྒྱུད་ལས། མ་ཚུད་ཅིང་མ་ཆིངས་ན། བཙན་ཐབས་ཀྱི་སྦྱོར་བས་གཡས་གཡོན་ཉི་ཟླའི་རྒྱུ་བ་དགག །འོག་སྒོ་འགགས་ན་སྲོག་གི་སྦྱོར་བས་དགྲོལ། ཞེས་གསུངས་པའི་དོན་ནི། །འཇམ་རླུང་གི་སྦྱོར་བས་མ་ཚུད་ཅིང་། རྩུབ་རླུང་གི་སྦྱོར་བས་མ་ཆིངས་ན། བརྟག་གཉིས་ནས་གསུངས་པའི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་ཁུ་རྡུལ་རླུང་གསུམ་གྱི་རྩ་གསུམ་གསུམ་གཡས་གཡོན་དུ་ཡོད་པའི་ཁུ་རླུང་གཉིས་ཀྱི་རྩ་བཀག་ན། རམ་བཞིན་བདེ་བ་དང་། མི་རྟོག་པ་ཤས་ཆེ་ཞིང་། རླུང་དྷཱུ་ཏཱིར་ཚུད་པར་འདོད་དོ། །དེ་འདྲ་བའི་བཙན་ཐབས་ནི། །རྒྱུད་འདིར་བཤད་པ་མེད་པས། འོག་ནས་འབྱུང་བ་ལྟར། རྒྱུད་འགྲེལ་ནས་བཤད་པའི་བཙན་ཐབས་ཉིད་བྱའོ། །གཞན་ཡང་། རྡོར་བཟླས་ཀྱིས་རླུང་དབུ་མར་འཛུད་མི་ནུས་ན། དེ་རྩ་དབུ་མ་སྦྱོང་བྱེད་དུ་མི་འཐད་ལ། ནུས་ན་ནི་རླུང་སྦྱོར་གཉིས་རྡོར་བཟླས་ཀྱི་རྗེས་སུ་བྱེད་པའི་གོ་རིམ་ངེས་ཅན་དུ་འདོད་པས། སྐབས་འདིར་བཙན་ཐབས་བྱེད་དོན་མེད་དོ། །རྐང་པ་ལྔ་པས་ནི། དེ་ལྟར་བྱས་པས་དྲི་ཆེན་དྲི་ཆུའི་ལམ་འགགས་ན། སྲོག་གི་སྦྱོར་བས་དགྲོལ་གསུང་ཡང་། ལམ་གཉིས་གང་འགགས་


JLD019_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དང་། ལྟེ་བའི་བར་དུ་ཐུར་སེལ་ལ་རྡོ་རྗེའི་བཟླས་པ་བྱའོ། །ཞེས་པ་ནི་སྙན་བརྒྱུད་ནས་གསུངས་ཚུལ་ལོ། །བཞི་པ་མ་གྲུབ་ན་བཙན་ཐབས་ཀྱི་སྦྱོར་བ་ནི། རྒྱུད་ལས། སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། ནཱ་ད་གོམས་པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུར་ཐིག་ལེས་བཀག་ནས་བསྒྲུབ་པར་བྱ། ཞེས་བཤད་ཅིང་། དེའི་འགྲེལ་པར་སོ་སོར་སྡུད་པ་ལ་སོགས་པས་གཟུགས་བརྙན་མཐོང་ཡང་། གཡོན་པ་དང་གཡས་པའི་སྲོག་མ་ཆིངས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན། དེའི་ཚེ་ནཱ་ད་གོམས་པ་འཆད་པར་འགྱུར་བས། བ་ཙན་ཐབས་སུ་དབུ་མར་འབར་བར་བྱས་ནས། ཞེས་པའི་དོན་བཤད་པར་བྱ་སྟེ། འདི་ལ་གསུམ་དུས་ནམ་གྱི་ཚེ་བྱེད་པ། བྱེད་པའི་ཚུལ་དངོས། དེས་རླུང་ཆིངས་ནས་བདེ་བ་བསྒྲུབ་ཚུལ་ལོ། །དང་པོ་ནི། བོད་ཀྱི་མཁས་པས། འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན་ཞེས་པ་ལ་དགོངས་ནས། འཛིན་པའི་ཡན་ལག་ཐོབ་ནས་མཆོག་མི་འགྱུར་གྱི་བདེ་བ་མ་སྐྱེས་ན། དེའི་ཚེ་བསྒོམ་མོ། །ཞེས་གསུང་བ་ནི་མི་བདེན་ཏེ། འཛིན་པ་ཐོབ་ནས་རྗེས་དྲན་གྱི་དུས་སུ་སྟོང་གཟུགས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་ཆེན་འདྲེན་མ་ནུས་ན། ལས་རྒྱ་ལ་བརྟེན་ནས་བདེ་ཆེན་འདྲེན་དགོས་


JLD019_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲིད་ཀྱི། རླུང་མ་ཆིངས་པས་བདེ་བ་འདྲེན་མ་ནུས་པས་རླུང་དབུ་མར་འཛུད་པའི་སྤོགས་ཆོག་བྱེད་དགོས་པ་མི་སྲིད་ལ། འདི་ནི་སྲོག་མ་ཆིངས་པ་ཉིད་ཀྱིས་འགྱུར་བ་མེད་པ་ཞེས་དང་། བཙན་ཐབས་སུ་དབུ་མར་འབབ་པར་བྱས་ནས། ཞེས་པ་རྣམས་ཀྱི་རླུང་དབུ་མར་མ་ཆིངས་པས་བདེ་བ་མ་སྐྱེས་ན་རླུང་དབུ་མར་འཛུད་པའི་ཐབས་སུ་བྱེད་པར་གསལ་པོར་བསྟན་ཏོ། །དེས་ན་འགྱུར་བ་མེད་པའི་སྐད་ཅིག་མ་ཞེས་གསུངས་པས་ཀྱང་མི་འགྲུབ་སྟེ། རྒྱུད་འདིར་འགྱུར་བ་མེད་པའི་བདེ་བ་ཞེས་གསུངས་པ་ཐམས་ཅད་དོན་གཅིག་ཏུ་གཟུང་ན། རྒྱུད་དོན་ལེགས་པར་འཆད་མི་ཐུབ་པས། སྐབས་ཀྱི་གོ་བར་བྱེད་དགོས་པས། འདིར་ནི་འགྱུར་བ་མེད་པའི་སྐད་ཅིག་མ་ཞེས་པ་ནི། བྱང་སེམས་ཕྱི་རོལ་དུ་འཛག་པ་བཀག་ནས། རྡོ་རྗེ་ནོར་བུའི་རྩེར་འཛག་མེད་དུ་བཅིངས་པ་ལས་སྐྱེས་པའི་བདེ་བ་ལ་ཟེར་བ་ཡིན་ཏེ། རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། ཞེས་གསུངས་པས་ཤེས་སོ། །སྔ་མ་ཁ་ཅིག་ནི། སྲོག་རྩོལ་གྱིས་མ་གྲུབ་ན་བྱེད་པ་ཡིན་གསུང་ཡང་། སོར་སྡུད་སོགས་རྣམས་ཀྱིས་ཞེས་གསུངས་པས། སོར་སྡུད་ཀྱིས་མ་གྲུབ་ན་བྱེད་པར་གསལ་ལ། བསམ་གཏན་ནི་སོར་སྡུད་བརྟན་བྱེད་ཙམ་ཡིན་པས། སོར་སྡུད་གྲུབ་ན་ནི་དེ་ནས་བསམ་གཏན་བསྒོམས་པས་མི་འགྲུབ་པ་མི་སྲིད་ལ། སོར་སྡུད་མ་གྲུབ་ན་ནི་བསམ་གཏན་བསྒོམ་པ་ཡང་མེད་མོད། དེས་


JLD019_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ན། སོགས་ཁོངས་ནས་གཙོ་བོར་སྲོག་རྩོལ་གཟུང་ངོ་། །དེ་ཡང་། སོར་སྡུད་ཀྱིས་དྷཱུ་ཏཱིར་ཚུད་ན་སྲོག་རྩོལ་བསྒོམས་པས་སྲོག་རྩོལ་གྱི་དྷཱུ་ཏཱིར་མི་ཚུད་པ་མི་སྲིད་པས། སོར་སྡུད་ཀྱིས་དྷཱུ་ཏཱིར་མ་ཚུད་པའི་སྲོག་རྩོལ་སྒོམ་པའི་དབང་དུ་བྱས། དེ་ནས་སོར་སྡུད་དང་སྲོག་རྩོལ་བསྒོམས་པས་སྟོང་གཟུགས་དུ་མ་མཐོང་ཡང་། སྲོག་འདུས་རྟགས་མ་བྱུང་ན། དེའི་ཚེ་འདི་བྱས་པས་དབུ་མར་ཚུད་པར་འགྱུར་རོ། །འོ་ན། འདིས་རླུང་དབུ་མར་འཛུད་ནུས་ན། དང་པོ་བྱས་པས་ཆོག་གམ་སྙམ་ན་མི་ཆོག་སྟེ། དང་པོར་སྲོག་སྡུད་ཀྱི་མན་ངག་ད་ལྟ་བྱེད་པ་ལྟར། ཅུང་ཟད་བསྒོམས་པས་མི་ཆོག་གིས། རྒྱུན་རིང་དུ་བསྒོམ་པ་དགོས་ལ། དེ་ལྟར་བསྒོམས་པས་སྲོག་འདུས་རྟགས་མ་བྱུང་ཡང་། རླུང་ཤིན་ཏུ་ལས་རུང་དུ་ཐེངས་ཡོད་པས། དེ་ནས་བཙན་ཐབས་སུ་བྱས་ན། རླུང་དྷཱུ་ཏཱིར་འཛུད་ནུས་པ་ཡིན་གྱི། དང་པོ་ནས་དྲག་སྦྱོར་བྱས་པས་ཚུད་མི་ནུས་ཀྱི་སྟེང་དུ་གེགས་ཆེན་པོ་བསྐྱེད་དོ། །གལ་ཏེ་དྲག་སྦྱོར་གྱིས་དང་པོ་ནས་གེགས་མེད་པར་འཛུད་ནུས་ན། སྲོག་རྩོལ་བསྒོམ་པ་སོགས་ངལ་བས་ཅི་ཞིག་བྱ། དེས་ན་དང་པོར་སོར་སྡུད་དང་སྲོག་རྩོལ་གྱིས་འཇམ་པོའི་སྒོ་ནས་བསྒོམས་ལ། རྒྱུན་རིང་དུ་བསྒོམས་ཀྱང་མ་གྲུབ་ན། དེའི་ཚེ་དྲག་པོ་བཙན་ཐབས་ཀྱི་སྦྱོར་བ་འདི་བྱའོ། །དེ་ཡང་། བླ་མེད་ཀྱི་རྒྱུད་སྡེ་ཕལ་ཆེར་ནས། རླུང་དྷཱུ་ཏཱིར་བཙུད་


JLD019_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྷན་སྐྱེས་ཀྱི་བདེ་བ་སྐྱེས་པ་ཉིད་རྫོགས་རིམ་གྱི་སྐབས་སུ་གཙོ་བོར་འཆད་ལ། རྒྱུད་འདིར་དེ་དང་། སྟོང་གཟུགས་བསྒྲུབ་པའི་ཚུལ་གཉིས་གསལ་བར་འཆད་ལ། སྟོང་གཟུགས་སྒྲུབ་པ་ཡང་། བདེ་ཆེན་འདྲེན་པའི་ཡན་ལག་ཏུ་སྒྲུབ་པ་ཡིན་པས་སྟོང་གཟུགས་གང་བྱུང་ཤར་བས་མི་ཆོག་གི །རླུང་དབུ་མར་ཚུད་པ་ལས་བྱུང་བའི་སྟོང་གཟུགས་འཆར་དགོས་ལ། དེ་འཆར་བ་ལ། རླུང་དབུ་མར་ཚུད་པ་དགོས་པས། རླུང་དབུ་མར་ཚུད་པའི་སྟོང་གཟུགས་ཤར་ཡང་། ལྷན་སྐྱེས་འདྲེན་མི་ནུས་པས་རླུང་དྷཱུ་ཏཱིར་འཛུད་པའི་བཙན་ཐབས་བྱ་དགོས་ཏེ། གོང་དུ་དྲངས་པའི་རྒྱུད་འགྲེལ་གཉིས་ལས་ཤེས་པས། འགྲེལ་པའི་དོན་ཅུང་ཟད་བཤད་ན། རྐང་པ་དང་པོའི་དོན་ནི། །སོར་སྡུད་་སོགས་ཀྱི་སྲོག་སྡུད་ཀྱི་དམིགས་པ་བསྒོམས་པས། དུ་སོགས་ཀྱི་མཚན་མ་མཐོང་ཡང་། སྲོག་དྷཱུ་ཏཱིར་མ་ཆིངས་པས་འདོད་ཅིང་དོན་དུ་གཉེར་བྱའི་འགྱུར་མེད་ཀྱི་བདེ་བ་མ་སྐྱེས་ན། ཞེས་པས་བསྟན་ནོ། །འགྲེལ་པའི་ལུང་འདིས། སོར་སྡུད་སོགས་ཀྱི་སྐབས་སུ་སྲོག་སྡུད་ཀྱི་དམིགས་པ་བསྒོམས་པས། རླུང་དྷཱུ་ཏཱིར་མ་ཆིངས་པའི་གོང་དུ། དུ་སོགས་ཀྱི་མཚན་མ་མཐོང་ཡང་། རླུང་དྷཱུ་ཏཱིར་མ་ཚུད་བར་དུ་འདོད་པའི་དོན་ལྷན་སྐྱེས་འདྲེན་མི་ནུས་པས། དམིགས་པ་བསྒོམས་པའི་འདོད་དོན་འགྲུབ་པ་ལ་ནི། སྲོག་དྷཱུ་ཏཱིར་ཚུད་པ་ལས་བྱུང་བའི་དུ་སོགས་ཀྱི་མཚན་མ་མཐོང་བ་


JLD019_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པར་ཡང་སྟོན་ནོ། །ཁ་ཅིག །སྟོང་གཟུགས་ཤར་ན། དེ་བསྒོམས་པས་ལྷན་སྐྱེས་ཀྱང་འབྱུང་བར་གཟུང་ནས། སྟོང་གཟུགས་ཤར་ཙམ་ལ་རྫོགས་རིམ་གྱི་རྟགས་པ་ཁྱད་པར་ཅན་དུ་འདོད་པ་ནི། ལུང་འདིས་གསལ་པོར་བཀག་གོ །ལྷན་སྐྱེས་འདྲེན་ནུས་མི་ནུས་འདི་ནི། རླུང་དབུ་མར་ཚུད་པ་དང་། མ་ཚུད་པའི་རྟགས་གཉིས་ཀྱི་ཁྱད་འབྱེད་དམ་པར་སྣང་ངོ་། །གཉིས་པ་ནི། ནཱ་ད་གོམས་པ་བཙན་ཐབས་ཀྱིས་ཞེས་པ་རྩ་འགྲེལ་གྱི་བསྟན་ཏེ། ནཱ་ད་ཞེས་པ་བསྒྱུར་ན་སྒྲ་ཙམ་ཞེས་པ་ཡིན་པས། སྒྲ་གོམས་པས་ཏེ་སྒྲ་ནི་ཧཾ་གི་སྒྲའོ། །དེའི་བསྒོམ་ཚུལ་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བྱ། ལག་པ་གཉིས་རྡོ་རྗེའི་ཁུ་ཚུར་སྙིང་ཁར་བསྣོལ་ཏེ། མགོ་ཡིད་ཙམ་དགུ །ཁ་ནས་མ་བྱུང་བ་བྱས་ནས། སྣ་ནས་རླུང་དྲག་ཏུ་དབུ་མའི་ནང་དུ་བརྡུབ་པར་བྱས་ཏེ། རླུང་གི་གདངས་ལས་ཧཾ་གི་སྒྲར་མོས་ལ། དེ་ལྟར་ལྷན་ཅིག་ཏུ་འོག་སྒོ་གང་རུང་ནས་ཐུར་སེལ་དྷཱུ་ཏཱིའི་ལམ་ནས་ཐེན་ཏེ། ཐོག་མར་ལྟེ་བའི་གོང་ཙམ་དུ་ཐེན་ལ། དེ་ནས་གོམས་ནས་ཇེ་འཐོར་ཐེན་པར་བྱའོ། །དེ་ཡང་དྲག་ལ་རྒྱུན་རིང་བར་བྱས་ལ། ཧ་ཅང་ཡང་རིང་བར་མི་བྱ་སྟེ། ཤུགས་ཟད་ནས་དྲག་པོ་མི་འོང་བས། དེ་ཡང་ཐོག་མར་ཉི་ཤུ་རྩ་རེ་ཙམ་དཀྱུས་གཅིག་ལ་བྱ་ལ། གོམས་ན་མང་དུ་བཏང་ངོ་། །བཙན་ཐབས་དེ་ལྟར་བསྒོམ་པར་རྒྱུད་ཀྱི་གོ་ལ་ལས་གསལ་བར་བཤད་དོ། །འདི་ནི་


JLD019_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འདིའི་སྐོར་མ་གཏོགས་པ་གཞན་ནས་མ་བཤད་ཀྱང་བླ་མེད་ཀྱི་རྫོགས་རིམ་ཀུན་གྱི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་ནི། ཆུ་སྐྱེས་ཞེས་པ་མན་གྱིས་བསྟན་ཏེ། མཚན་བརྗོད་འགྲེལ་པར། ཉི་མ་དཔལ་ཡེ་ཤེས་ཀྱིས། རྒྱུད་ཀྱི་ལུགས་འདི་ལྷན་སྐྱེས་མ་སྐྱེས་ན། དང་པོ་ནས་ལས་རྒྱ་ལ་བརྟེན་ནས་སྒྲུབ་པའི་ཁུངས་སུ་དྲངས་ཏེ། ནཱ་ད་གོམས་པས་བཙན་ཐབས་ཞེས་པ་རྩ་འགྲེལ་དང་མི་མཐུན་ནོ། །བཞི་པ་དག་དབྱེ་ནི། འདུ་བྱེད་ཀྱི་ཕུང་པོ་དག་པས་དོན་གྲུབ་བོ། །དབྱེ་ན། རླུང་བཅུ་འགོག་པས་རྣམ་པ་བཅུའོ། །ལྔ་པ་ཚད་མ་གང་ཡིན་ནི། སྲོག་འཛིན་གཉིས་ཀ་ཡིད་མངོན་ནོ། །དྲུག་པ་འབྲས་བུ་ནི། གོ་སླའོ། །གཉིས་པ་འཛིན་པའི་ཡན་ལག་ལ་དྲུག །མཚན་དོན། དུས་མཚམས། གང་བསྒོམ་པའི་ཡན་ལག །དག་དབྱེ་ཚད་མ་གང་ཡིན། འབྲས་བུའོ། །དང་པོ་ནི། སྲོག་རྩོལ་གྱི་རླུང་དྷཱུ་ཏཱིར་བཙུད་པ་འཛིན་པའམ། དྷཱུ་ཏཱིའི་ནང་དུ་གནས་པར་བྱེད་པ་ནི་འཛིན་པའོ། །གཉིས་པ་ནི། སྲོག་རྩོལ་གྱི་རླུང་དྷཱུ་ཏཱིར་བཙུད་པས། དྷཱུ་ཏཱིར་ཞུགས་པའི་རྟགས་འཁྲུལ་མེད་རྣམས་ཤར་ཏེ་དྷཱུ་ཏཱིར་ཚུད་པ་བརྟེན་པ་ནས་སོ། །གསུམ་པ་ལ། མཚན་ཉིད། དབྱེ་བ། བསྒོམ་ཚུལ། བསྒོམས་པས་ཉམས་མྱོང་སྐྱེ་བའི་ཚུལ་དང་བཞིའོ། །དང་པོ་ནི། རྣལ་འབྱོར་གྱི་སྟོབས་ཀྱིས་རླུང་དྷཱུ་ཏཱིར་ཞུགས་པ་འགྲོ་འོང་མི་བྱེད་པར་དྷཱུ་ཏཱིའི་ནང་དུ་གནས་པའོ། །


JLD019_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩོལ་བུམ་པ་ཅན་ནི། རླུང་འགྲོ་འོང་མི་བྱེད་པར་གནས་པ་ཙམ་ཡོད་ཀྱང་། དྷཱུ་ཏཱིའི་ནང་དུ་གནས་པ་ཡིན་པས། དེ་ལ་ཁྱབ་ཆེས་པའི་སྐྱོན་མེད་ལ། ཐོག་མར་འཛིན་པ་བསྒོམ་པ་ལ་དྷཱུ་ཏཱིའི་ནང་དུ་གནས་པ་མེད་ཀྱང་བསྒོམས་པའི་འབྲས་བུ་ལ་ཡོད་པས། ཁྱབ་ཆུངས་པ་ཡང་མ་ཡིན་ནོ། །གཉིས་པ་ནི། བོད་ཀྱི་མཁས་པས། ཉེ་བའི་སྒྲུབ་པ་ཡན་ལག་དྲུག་ཅེས་པ་ཁུངས་སུ་མཛད་ནས། འཁོར་ལོ་དྲུག་ཏུ་འཛིན་པའི་འཛིན་པ་དྲུག་ཏུ་མཛད་ལ། ལུང་དེ་ཁུངས་སུ་མི་རུང་ཡང་། དེ་ལྟར་དབྱེར་རུང་ངོ་། །གསུམ་པ་ནི། བོད་ཀྱི་མཁས་པས། འདིར་རྩ་འཁོར་གྱི་དབུས་སུ་འཛིན་པར་གསུངས་པ་མི་ལེགས་ལ། འཛིན་པ་ལ་རྩ་འཁོར་གྱི་དབུས་སུ་བསྒོམ་པ་དགོས་ན། དབུ་མར་འཇུག་པ་ལ་ཡང་རྩ་འཁོར་གྱི་དབུས་སུ་བསྒོམ་པ་དགོས་པར་ཤེས་པར་གྱིས་ཤིག །སྔར་གྱི་འདུས་པའི་ལུང་དེ་ནི། བདེ་མཆོག་སྟོད་འགྲེལ་དུ། སྲོག་འཛིན་གཉིས་ཀའི་ཁུངས་སུ་དྲངས་པས། སྣ་ཡི་རྩེ་མོ་སྟེ་རྩ་འཁོར་གྱི་དབུས་སུ་རླུང་ཁ་སྦྱར་དུ་བྱས་ཏེ་བསྒོམ་མོ། །ཁ་སྦྱོར་བྱེད་ལུགས་སོགས་ནི་སྔར་ལྟར་རོ། །དེ་ཡང་ཐོག་མར་ལྟེ་བར་བསྒོམས་ལ། དེ་ནས་ས་ཆུ་ལ་ཐིམ་པའི་ཚུལ་གྱིས་སྙིང་ཁ་དང་། ཆུ་མེ་ལ་ཐིམ་པའི་ཚུལ་གྱིས་མགྲིན་པ་དང་། མེ་རླུང་ལ་ཐིམ་པའི་ཚུལ་གྱིས་དཔྲལ་བ་དང་། རླུང་ནམ་མཁའ་ལ་ཐིམ་པའི་ཚུལ་གྱིས་


JLD019_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཙུག་དང་། ནམ་མཁའ་རྣམ་ཤེས་ལ་ཐིམ་པའི་ཚུལ་གྱིས་གསང་བའི་རྩ་འཁོར་གྱི་དབུས་རྣམས་སུ་རིམ་གྱིས་བསྒོམ་མོ། །ཡང་ན། གསང་བ་ནས་རིམ་གྱིས་སོ། །བཞི་པ་ནི། དེ་ལྟར་བསྒོམས་པས། དང་པོར་རང་ཤུགས་ཀྱིས་གནས་པ་མི་འོང་ཡང་མཚམས་ཅིག་ནས་དྷཱུ་ཏཱིའི་ནང་དུ་རང་ཤུགས་ཀྱིས་གནས་པ་ཅིག་འོང་ལ། དེ་ནས་རྒྱུན་བསྲིངས་ནས་བསྒོམས་པས། རིམ་པ་བཞིན་དུ། ཞག་གཅིག་དང་། ཟླ་བ་ཕྱེད་དང་། ཟླ་བ་གཅིག་དང་། ཟླ་བ་དྲུག་དང་། ལོ་གཅིག་དང་། རྟག་ཏུ་གནས་པ་འབྱུང་ལ། དེ་རྣམས་ལས་རིམ་པ་བཞིན། དཔྲལ་བ། སྤྱི་གཙུག །མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་ནོར་བུའི་རྩེ་རྣམས་སུ་བྱང་སེམས་གཡོ་མེད་དུ་འཛིན་ནུས་པ་འབྱུང་ངོ་། །དེ་རྣམས་སུ་བྱང་སེམས་འཛིན་ནུས་པ་སྟོང་གཟུགས་ཀྱི་ཕྱག་ཆེན་ལ་ལྟོས་ཀྱང་། འདི་རྣམས་ཀྱི་ཡང་ནུས་པ་ཡོད་པས་དེ་ལྟར་གཞག་གོ །རྟག་ཏུ་འཛིན་ནུས་ཞེས་པ་ཡང་ལོ་ལས་ལྷག་པའི་དུས་ཚིགས་ཅིག་འཛིན་དགོས་ཏེ། དུས་ཐམས་ཅད་དུ་འབྱུང་འཇུག་མི་བྱེད་པར་འཛིན་ནུས་པ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མ་འགགས་བར་དུ་མི་འབྱུང་བའི་ཕྱིར་རོ། །བཞི་པ་དབྱེ་བ་ནི། གོང་དུ་བཤད་པ་ལྟར་དྲུག་གོ །ལྔ་པ་ནི། བཤད་ཟིན་ཏོ། །དྲུག་པ་ནི། ཕུང་པོ་སོགས་དྲུག་དྲི་བྲལ་དུ་འགྱུར་བ་འཐོབ་བོ། །མཁྱེན་བརྩེ་མཐར་ཕྱིན་དཔལ་ལྡན་བླ་མ་ཡི། །


JLD019_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་ཆ་ཙམ་ཡི་གེར་བཀོད་པ་ལས། །རྣམ་དཀར་བསོད་ནམས་གང་ཞིག་ཐོབ་པ་དེས། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཅེས་པ་འདི་ནི་པུ་ནྱའི་མིང་ཅན་གྱིས་ཡི་གེར་བཀོད་པའོ། །འདིའི་བརྒྱུད་པ་ནི། བུ་སྟོན་རིན་པོ་ཆེ། བླ་མ་ཆོས་ཀྱི་དཔལ་བ། བླ་མ་རིན་པོ་ཆེ་པའོ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་འཆར་འདི་སྤེལ། །མངྒ་ལཾ། །


previousདུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་བུ་ནྱ་མིང་ཅན་གྱིས་རྗེའི་གསུང་བཞིན་ཟིན་བྲིས།next