Nitartha Digital Library
Tibetan
 
previousདཔལ་འཁོར་ལོ་སྡོམ་པ་ལ་བརྟེན་པའི་རྫོགས་པའི་རིམ་པའི་ཟིན་བྲིས།next

དཔལ་འཁོར་ལོ་སྡོམ་པ་ལ་བརྟེན་པའི་རྫོགས་པའི་རིམ་པའི་ཟིན་བྲིས།


JLD019_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པ་ལ་བརྟེན་པའི་རྫོགས་པའི་རིམ་པའི་ཟིན་བྲིས་བཞུགས་སོ། །


JLD019_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ལ་འདིར། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ།། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བཤད་པ་ལྟར། བསྐྱེད་པའི་རིམ་པ་ལ་ཐུན་བཞིར་བསླབས་ཤིང་། རྫོགས་པའི་རིམ་པ་སྒོམ་པར་འདོད་པ་རྣམས་ཀྱིས། འདི་ལྟར་ཤེས་པར་བྱ་སྟེ། དེ་ལ་རྒྱུད་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ལས། ཁ་ཅིག་ཏུ་རྩའི་དབྱེ་བ་དང་གྲངས་ཙམ་བཤད་ཅིང་། ལ་ལར་རླུང་དང་ཐིག་ལེའི་འཆགས་ཚུལ་ཙམ་དང་། ཁ་ཅིག་ཏུ་དེ་དག་ལ་དམིགས་ནས་སྒོམ་པའི་རྣལ་འབྱོར་ཙམ་དང་། དེ་ལྟར་བསྒོམས་པས་དགའ་བཞིའི་རྟོགས་པ་སྐྱེ་


JLD019_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རིམ་པ་ཙམ་དང་། མཐར་ཐུག་གི་འབྲས་བུ་གྲུབ་པའི་ཚུལ་ཙམ་ལས་ཡོངས་སུ་རྫོགས་པར་མ་གསུངས་པ་མང་ལ། དེ་དག་གི་དོན་དུ་བསམས་པའི་བོད་ཀྱི་ཡི་གེའི་རིས་ལས་ཀྱང་། གཏུམ་མོའི་དམིགས་སྐོར་ཕྱོགས་རེ་ཙམ་བཤད་ནས་རྒྱུ་འབྲས་ཀྱི་རིམ་པ་རྫོགས་པར་མ་བསྟན་པས་དེ་དག་མཐའ་དག་པར་མ་ཤེས་ན་ལམ་བསྒོམ་པའི་རིམ་པ་མཁས་པ་མགུ་བ་བསྐྱེད་པ་མི་ཤེས་སོ། །དེ་ལ་ཕ་རྒྱུད་དང་མ་རྒྱུད་གཉིས་ཀས་ཀྱང་ལམ་གྱི་གཙོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་སྟོན་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ལ། དེ་སྒྲུབ་པའི་ཐབས་ཀྱང་གཏུམ་མོ་སྦར་བ་ཉིད་ཡིན་པས་དེ་སྦྱོར་བའི་ཚུལ་རྡོ་རྗེ་བཟླས་པ་ལ་སོགས་རླུང་གི་རྣལ་འབྱོར་དང་། ཡི་གེ་ལ་དམིགས་པ་དང་། ཐིག་ལེའི་རྣལ་འབྱོར་


JLD019_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དུ་མ་ཞིག་ཡོད་ལ། དེ་ཡང་ལུས་ཀྱི་གནད་གང་ཞིག་ཏུ་རླུང་ལ་སོགས་པའི་དམིགས་པ་བཟུང་ནས་ཚུལ་ཇི་ལྟར་བསྒོམས་པས་གཏུམ་མོ་འབར་བ་ལ་ཐོག་མར་གནད་དུ་བསྣུན་པའི་རྡོ་རྗེ་ལུས་ཀྱི་འཆགས་ཚུལ་ཤེས་དགོས་པས་དེ་བཤད་པ་ལ་གཉིས། འཆགས་ཚུལ་རྒྱས་པར་བཤད་པ་དང་། དེ་ལ་གནད་དུ་བསྣུན་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། །རྟེན་རྩ་བཤད་པ་དང་། བརྟེན་པ་ཐིག་ལེ་དང་རླུང་བཤད་པའོ། །ཡང་ན་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་དུ་བསྡུས་ཀྱང་རུང་ངོ་། །དང་པོ་ལ། གྲངས་ངེས་པ་དང་། སྐྱེ་བའི་གོ་རིམ་ངེས་པ་དང་། ངོ་བོ་ངེས་པའོ། །དང་པོ་ལ་དབྱེ་བ་དང་། གྲངས་ངེས་པའི་རྒྱུ་མཚན་ནོ། །དང་པོ་ནི། སྡོམ་འབྱུང་ལས་གསུངས་མངལ་འཇུག་ལས་བརྒྱད་ཁྲི་དང་། པ་ལྟར། རྒྱས་པར་དབྱེ་ན་བདུན་ཁྲི་ཉིས་སྟོང་ཉེར་བཞི་པོ་དེ་ལ་གསུམ་གསུམ་གྱེས་པས་བདུན་ཅུ་རྩ་གཉིས། དེ་རེ་རེ་ལ་སྟོང་སྟོང་གྱེས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །དང་། དེ་དག་གྱེས་པའི་བཞི་བརྒྱ་ཉི་ཤུ་ནི་སྤྱི་བོར་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རྩ་བཞི་རྣམས་དང་། གནས་དང་ཡུལ་གྱིས་ཕྱེ་བ་ཉེར་བཞི་ནི་སྙིང་གའི་བརྒྱད་ལ་གསུམ་གསུམ་དུ་གྱེས་པ་བཞི་བཞིའོ། །དང་། དེ་རྣམས་ཀྱི་རྟེན་རོ་རྐྱང་དབུ་མ་གསུམ་མོ། །གཉིས་པ་ནི། གསུམ་དུ་བསྡུས་པ་ནི། བརྟེན་པ་རླུང་དང་ཐིག་ལེ་དཀར་དམར་གསུམ་དུ་ངེས་པའི་དབང་གིས་དང་། རྩ་གཞན་རྣམས་ཀྱི་རྟེན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །ཉེར་བཞིར་དབྱེ་བ་ནི། སྙིང་གའི་འདབ་མ་བརྒྱད་ཀྱི་རྒྱུད་སྤྱི་བོ་ལ་སོགས་


JLD019_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ཉེར་བཞིར་གནས་པའི་དབང་གིས་ཡིན་ལ། བརྒྱ་ཉི་ཤུར་ཕྱེ་བ་ནི། འཁོར་ལོའི་གཙོ་བོ་བཞིའི་སྒོ་ནས་ཡིན་ཏེ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཡོད་ལ། མགྲིན་པ་ལོངས་སྤྱོད་དང་། སྤྱི་བོ་བདེ་ཆེན་དང་། ལྟེ་བ་སྤྲུལ་པའི་འཁོར་ལོ་རྣམས་ལ་རྩ་འདབ་ཀྱི་གྲངས་སྔ་མ་སྔ་མ་ལས་ཉིས་འགྱུར་དུ་ཡོད་པས་སོ། །གཉིས་པ་སྐྱེ་བའི་གོ་རིམ་ནི། ལྟེ་བ་ལམ་རྩའི་གཙོ་མོ་གསུམ་ཤར་དུ་སུམ་སྐོར་མ་དང་ལྷོར་འདོད་མ་དང་ལྔ་དུས་མཉམ་དུ་་འཆགས་ཤིང་། དེའི་རྗེས་སུ་ནུབ་ཏུ་ཁྱིམ་མ་དང་བྱང་དུ་གཏུམ་མོ་དང་དབུས་སུ་བདུད་བྲལ་མ་རྣམས་སྐྱེའོ། །དེ་ནས་སུམ་སྐོར་མ་སོགས་བཞི་ལ་ཕྱོགས་མཚམས་སུ་གཉིས་གཉིས་ལྷན་ཅིག་གྱེས་པས་སྙིང་གའི་རྩ་འདབ་བརྒྱད་དོ། །དེ་ལ་ཕྱོགས་བཞིའི་རྩ་ལ་འབྱུང་བ་བཞི་ཤས་ཆེར་འབབ་པས་འབྱུང་བའི་རྩ་དང་། མཚམས་རྣམས་ཀྱི་རྩ་ལས་གཟུགས་དྲི་སོགས་འབབ་པས་མཆོད་པའི་རྩ་ཤེས་བྱའོ། །བདུད་བྲལ་མ་ནི། དབུ་མ་ལ་འཁྲིས་ནས་ལྟེ་བ་ནས་ལྕེ་རྩེའི་བར་དུ་གནས་ཤིང་རྩ་གཞན་དུ་ཁམས་དང་རླུང་རྒྱུ་བ་ལ་གེགས་བྱེད་ཅིང་། རྣལ་འབྱོར་མ་རྣམས་ཀྱི་འགོག་པའི་ཞེས་གསུངས་སོ། །མཆོད་པ་དང་འབྱུང་བ་རྩ་བརྒྱད་ཀ་ནས་འབབ་ཀྱང་ཤས་ཆེ་ཆུང་གི་དབང་གིས་མིང་བཏགས་པ་ཡིན་ནོ། །ཀྱི་རྡོ་རྗེར་འབད་པས་ཀུན་གྱི་ལྷག་མ་ཡང་། །ཞེས་བཤད་པའི་


JLD019_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དོན། སློབ་དཔོན་ཨ་བྱས། འཆི་བའི་དུས་དང་རྣལ་འབྱོར་པས་ལམ་སྒོམ་པའི་སྐབས་མ་གཏོགས་བདུད་བྲལ་མར་ཁམས་མི་འབབ་པ་ལ་སྦྱར་ཞིང་། སློབ་དཔོན་ཤཱནྟི་པས། དེར་ཡང་ཁམས་འབབ་ཅིང་རྩ་སོ་གཉིས་བདག་མེད་མ་བཅོ་ལྔ་དང་སྦྱར་ནས་ལྷག་མ་སྤང་། ཞེས་པ་ནི། དབྱངས་བཅུ་དྲུག་གི་ཐ་མ་ལྷ་མོ་དང་མི་སྦྱོར་བ་ལ་འཆད་དོ། །གསུམ་པ་ངོ་བོ་ངེས་པ་ནི། རོ་རྐྱང་དབུ་མ་གསུམ་གང་དུ་གནས་པ་དང་། ཇི་ཙམ་དུ་གནས་པ་དང་། ཇི་ལྟར་གནས་པའི་ཚུལ་གསུམ་གྱིས་ཤེས་པར་བྱའོ། །དེ་ཡང་ཁ་ཅིག །ཚིགས་པའི་ནང་གཞུངས་པ་དང་ལྷན་ཅིག་གནས་པར་འཆད་པ་མི་འཐད་པས། ཚིགས་པའི་མདུན་གྱི་ཕྱོགས་ན་གནས་སོ། །སྙིང་གའི་རྩ་ཞེས་པ་སྲོག་རྩའི་སྙིང་ག་ཡིན་ལ། སྲོག་རྩ་ནི་སྒལ་ཚིགས་ཀྱི་ནང་ཙམ་ལ་སྒལ་ཚིགས་ལ་བརྟེན་ནས་གནས་པ་ཡིན། སྲོག་རྩ་དེ་ལ་རོ་རྐྱང་དབུ་མ་གསུམ་བརྟེན་ནས་གནས་ཡོད་དོ། །སྲོག་རྩ་དེའི་མགོ་བོ་ནི་གྲུ་གསུམ། མགྲིན་པ་གཞོན་ནུ་མའི་ནུ་མ་འདྲ་བ། སྙིང་ག་བའི་མིག་ལྟ་བུ། ལྟེ་བ་པདྨ་ལྟ་བུ། གསང་གནས་རྡོ་རྗེ་འདྲ་བ། ནོར་བུའི་རྩེ་ན་ཟར་མའི་མེ་ཏོག་དང་དབྱིབས་འདྲའོ། །སྐུད་པ་ལྟ་བུར་བཤད་པ་ནི། སྐུད་པ་བརྐྱང་པ་ལྟར་གནས་པའི་དོན་ཡིན་གྱི་སྦོམ་ཕྲའི་ཚད་མ་ཡིན་ཏེ། དེ་ལས་ཆེས་སྦོམ་པར་གནས་པས་སོ། །དེ་ཡང་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་གནས་ཤིང་། གསང་གནས་ནོར་བུའི་རྩེ་ཚུན་ཆད་དུ་གནས་པའོ། །དེ་ཡང་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་ལུ་གུ་རྒྱུད་ཀྱི་ཚུལ་དུ་འཁྱུད་ནས་གནས་ཤིང་འཁོར་ལོ་རྣམས་ཀྱི་ལྟེ་བར་མདུད་པ་རེ་ཡོད་ལྟེ་བ་ཡན་དུ་


JLD019_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་དབུ་མ། རོ་མ་གཡས་སུ་གནས་ཤིང་ཁུ་བ་དང་ཅུང་ཟད་འདྲེས་པའི་ཁྲག་ཤས་ཆེར་ནང་ནས་འབབ། སྟེང་འོག་གཉིས་ཀ་ལ་ཁ་ཡོད་ཀྱང་སྟེང་ཕྱོགས་ཁོ་ན་ལ་ཁ་ཡོད་ཟེར་བ་ནི་ཁྲག་འཕེན་འཛིན་གྱི་བྱ་བ་མགྲིན་པ་ཁོ་ན་ནས་བྱེད་པ་ལ་དགོངས་སོ། །རྐྱང་མ་གཡོན་དུ་གནས་ཤིང་ཁྲག་དང་ཅུང་ཟད་འདྲེས་པའི་ཁུ་བ་ཤས་ཆེར་འབབ། ལྟེ་བ་ཁོ་ན་ནས་ཁུ་བ་འཕེན་འཛིན་གྱི་བྱ་བ་བྱེད་པས་འོག་ཏུ་ཁ་བལྟས་ཞེས་སོ། །ལྟེ་བ་མན་དུ། རྐྱང་མ་དབུས་སུ་གནས་ཤིང་དྲི་ཆེན་འབབ། དབུ་མ་གཡས་ན་ཡོད་ཅིང་ཁུ་བ་འབབ། རོ་མ་གཡོན་ན་ཡོད་ཅིང་གཅི་བ་འབབ་བོ། དེ་ཡང་ཕྱག་ཆེན་ཐིག་ལེ་ལས། འཁོར་ལོ་སོ་གཉིས་བཤད་པ་ནི་རོ་རྐྱང་གི་མདུད་པ་སོ་སོར་བགྲངས་པའི་དབང་གིས་ཡིན་གྱི། འཁོར་ལོ་བཅུ་དྲུག་ལས་མང་བ་མེད་དོ། །དེ་ཡང་མན་ངག་སྙེ་མ་ལས་འཁོར་ལོ་བདུན་དུ་བཤད་པ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་དྲུག་ཏུ་བཤད་པ་ཡོད་ལ། གཙོ་བོ་ནི་ཡོངས་སུ་གྲགས་པ་བཞིའོ། །འདི་དག་གི་དོན་གཞན་རྣམས་ནི་ལམ་གྱི་རིམ་པར་གསུངས་པས་དེར་བལྟ་བར་བྱའོ། །འཁོར་ལོའི་ལྟེ་བའི་ཐད་དུ་འདབ་མ་རྣམས་ཀྱི་རྩ་བ་ཟུག་མཚམས་རྩ་གསུམ་ལ་ཕུག་ནས་གྲོ་སོག་བཙུགས་པ་ལྟར་་གནས་སོ། །གཉིས་པ་ཐིག་ལེ་དང་རླུང་བཤད་པ་ལ། ཐིག་ལེ་བཤད་པ་དང་། རླུང་བཤད་པའོ། །དང་པོ་ནི། རྒྱུད་ལས་ལུས་ཟུངས་བཅུ་དྲུག་བཤད་པ་ལ་ཐོག་མར་ར་དང་ཐ་མར་ཏ་གསུངས་པ་ནི། ཁྲག་དང་ཁམས་དཀར་པོ་ཡིན་ལ། དེ་གཉིས་ཐོག་མར་གསུངས་པས་ལུས་རང་


JLD019_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དང་། གཞན་རྣམས་དེའི་རྣམ་འགྱུར་དུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །བར་སྲིད་ཀྱི་རྣམ་ཤེས་ཐོག་མར་གང་དུ་འཇུག་པ་དང་། མཐར་གང་ནས་འདོར་བ་ནི་སྙིང་ག་ཡིན་ལ། ཐོག་མའི་རྩ་འཆགས་པ་ཡང་དེ་ཡིན་ཞིང་། ཁམས་དཀར་དམར་གྱི་ཐོག་མའི་རང་གནས་ཀྱང་དེ་ཉིད་ཡིན་དེ་ནས་ཁུ་བ་སྟེང་དུ་འགྲོ། ཁྲག་ལྟེ་བར་འགྲོ། དེ་ཡང་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་གནས་པ་ཡིན་གྱི་སྣོད་དུ་བླུགས་པ་ལྟ་བུ་མིན་ནོ། །ནོ། །ཡོངས་སུ་གྲགས་པའི་སྙིང་ག་དང་། རྩ་འཁོར་གྱི་ལྟེ་བའི་སྙིང་ག་དོན་མི་གཅིག་སྟེ་འདི་ནི་སྲོག་རྩའི་སྙིང་གའོ། །ཕྱི་མ་ནི་ནུ་མ་གཉིས་ཀྱི་དབུས་ཀྱི་ཐད་དྲང་ན་ཡོད་པས་སོ། །དེ་ཕྱིན་ཆད་ཀྱི་ཁམས་དཀར་པོའི་གནས་ནི་སྤྱི་བོ་ཡིན་ལ། དམར་པོའི་གནས་ནི་ལྟེ་བ་ཡིན་ནོ། །བར་སྐབས་སུ་འཁོར་ལོ་གཞན་རྣམས་སུ་ཡང་རྒྱུ་བས་དེའི་དབང་གིས་སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞིར་ཕྱེ་བ་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བར། ཐིམ་དང་ལོངས་སྤྱོད་བདག་པོའོ། །ཞེས་གསུངས་པས་ཀྱང་འབྱེད་ཅིང་གནས་ཉེར་བཞིའི་རྩ་ལ་ཐིག་ལེ་དཀར་དམར་དང་། རླུང་ཤས་ཆེར་རྒྱུ་བ་ལ་སྐུ་གསུང་ཐུགས་ཀྱི་རྩ་ཞེས་བརྗོད་ཅིང་། ཉེར་བཞི་པོ་རེ་རེ་ལ་འཁོར་ཐིག་ལེ་དཀར་དམར་དང་། རླུང་རྒྱུ་བའི་རྩ་སྟོང་ཕྲག་གསུམ་གསུམ་ཡོད་པས་བདུན་ཁྲི་ཉིས་སྟོང་ངོ་། །གཏུམ་མོ་འབར་ནས་ཁམས་དཀར་པོ་བཞུས་ཏེ་རྩའི་འདབ་མ་རྣམས་ནས་ལྟེ་བར་སོར་བཞིར་འོངས་པའི་ཚེ་བདེ་བ་སྐྱེ་བ་ནི་ལུས་ཀྱིས་ཚིགས་ལ་དགའ་བཞི་སྐྱེ་ཚུལ་སྦྱར་བའི་


JLD019_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཡིན་ཞིང་། དེ་ལ་ཡང་ཡས་བབས་དང་། མས་བརྟན་གྱི་དགའ་བ་བཞི་ཡོད་དོ། རླུང་དང་ཐིག་ལེའི་རྣལ་འབྱོར་རྣམས་ཀྱིས་རྩ་མདུད་འགྲོལ་བ་ཡིན་ལ། དེའི་ནང་ནས་ཀྱང་གཙོ་བོ་སྙིང་གའི་རྩ་མདུད་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་ཡང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །ཞེས་བཤད་པ་ལྟར་རོ། །མདུད་པས་དཀྲིས་པའི་ནང་ན་ཡང་དབུ་མ་ལ་བུག་པ་ཅུང་ཞིག་ཡོད་དོ། །སྙིང་གའི་དབུ་མའི་ནང་ན་རྣམ་ཤེས་དང་ལྷན་ཅིག་སྐྱེས་པའི་རླུང་ཡོད་ལ། དེ་ལ་ཡེ་ཤེས་ཀྱི་རླུང་ངམ་མི་ཤིགས་པའི་ཐིག་ལེ་ཞེས་ཀྱང་ཟེར་རོ། །ལྷ་གཙོ་བོ་ལས་འཁོར་རྣམས་སྤྲོ་བསྡུ་བྱེད་པ་ནི། སྙིང་གའི་རྩ་དང་རླུང་ལས་ཕྱོགས་ཀྱི་རྩ་དང་རླུང་གཞན་རྣམས་སྤྲོ་བསྡུ་བྱེད་པ་དེ་ལ་དཔེ་བྱས་ནས་སྒོམ་པའོ། །རླུང་དང་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་ལྟེ་བའི་ཁྲག་དང་སྤྱི་བོའི་བྱང་སེམས་ཡར་མར་ལ་འགྲོ་བ་སྲིད་ཀྱི་སྙིང་་གའི་རྩ་མདུད་ཀྱི་དབུ་མའི་ནང་གི་བྱང་སེམས་དཀར་དམར་གཉིས་དང་ལྷན་སྐྱེས་ཀྱི་རླུང་་འཆི་བའི་ཚེ་མ་གཏོགས་འཕོ་འཇུག་མི་བྱེད་དོ། །སྔར་བཤད་པའི་ལུས་ཀྱི་ཟུངས་ཀྱི་ངོ་བོ་ཕ་ལས་ཐོབ་པའི་རུས་པ་དང་། རྐང་དང་། ཁུ་བ་གསུམ་དང་། མ་ལས་ཐོབ་པའི་ཤ་དང་པགས་པ་དང་ཁྲག་གསུམ་སྟེ་དྲུག་འདུས་པའི་ལུས་ཀྱི་གནས་རྣམས་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་རླུང་བཤད་པ་ལ། ཐུན་མོང་གི་བཤད་རྒྱུད་ནས་བསྟན་ཚུལ་དང་། ཐུན་མོང་མ་ཡིན་པའི་རྒྱུད་ནས་བསྟན་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ཕྲེང་བ་ནས་བཏང་བཟུང་ལ་སོགས་པའི་རླུང་བརྒྱ་དང་བརྒྱད་


JLD019_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དེ། དེ་ནི་རྣམ་རྟོག་མི་འདྲ་བ་བརྒྱ་དང་བརྒྱད་སྐྱེད་པའི་སྒོ་ནས་ཀྱང་ཕྱེ་ལ། འཁོར་ལོ་དྲུག་ཏུ་རྒྱུ་བའི་ཚུལ་གྱིས་ཀྱང་དབྱེའོ། །ཕྱི་མ་ནི། འཁོར་ལོ་ཡོངས་སུ་གྲགས་པ་བཞི་དང་། སྨིན་མཚམས་ན་རླུང་གི་འཁོར་ལོ་འདབ་མ་དྲུག་པ་དང་། སྙིང་གའི་གོང་མགྲིན་པའི་འོག་ན་མེའི་འཁོར་ལོ་འདབ་མ་གསུམ་པ་ཡོད་པ་རྣམས་སོ། །དེ་ལ་ཐོག་མར་སྙིང་ག་ནས་བཟུང་སྟེ་མཚན་ཕྱེད་ཀྱི་དུས་ནས་ཉིན་ཕྱེད་ཀྱི་བར་དུ་འཁོར་ལོ་རེ་རེར་རླུང་དགུ་དགུ་་བརྒྱུས་པས་ལྔ་བཅུ་རྩ་བཞི་དང་། དེ་ནས་བཟུང་སྟེ་མཚན་ཕྱེད་ཀྱི་བར་དུ་དེ་ལྟར་བརྒྱུས་པས་བརྒྱ་དང་བརྒྱད་དོ། །གཉིས་པ་ལ། ཕ་རྒྱུད་ནས་བཤད་པ་དང་། མ་རྒྱུད་ནས་བཤད་པའོ། །དེ་ལ་དང་པོ་ནི། དགོངས་པ་ལུང་སྟོན་ལས་རླུང་བཅུར་གསུངས་ཏེ། དེ་ལ་དབྱེ་བ་དང་། གནས་དང་། འཆགས་པའི་རིམ་པ་དང་། བྱེད་ལས་དང་། རྒྱུ་བའི་ཚུལ་དང་། དེ་ལྟར་གཏན་ལ་ཕབ་པའི་དགོས་པའོ། སྲོག་རླུང་སྲོགས་རྩ་བའི་རླུང་ལྔ་དང་། ཀླུ་ལ་སོགས་པ་པ་ཡན་ལག་གི་རླུང་ལྔའོ། །རྡོ་རྗེ་སྒོའི་རྒྱུད་ནས་ནི། ཡན་ལག་གི་རླུང་ལྔ་ལ་རྒྱུ་བ་ལ་སོགས་པའི་མིང་གིས་བསྟན་ཏོ། །ཡན་ལག་གི་རླུང་ལ་ཐ་སྙད་སྔ་མ་ལྟར་འདོགས་པའི་རྒྱུ་མཚན་ནི། རྗེ་འགོས་ཀྱི་གསུང་ནས་དེ་ལྔ་པོ་རིམ་པ་བཞིན་དུ། གཉེ་མ་སྦྲུལ་འདྲ་བ་དང་། མཆིན་པ་རུས་སྦལ་དང་། གློ་བ་རྩངས་པ་དང་། སྙིང་ལྷས་སྦྱིན་གྱི་བུ་མོའི་གོས་དང་། མཁལ་མ་གཞུའི་དབྱིབས་དང་འདྲ་བ་ལས་བྱུང་བས་དེ་ལྟར་བཏགས་གསུངས་སོ། །


JLD019_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། སྲོག་རླུང་སྙིང་ག་དང་། ཐུར་སེལ་འདོམས་དང་། གྱེན་རྒྱུ་མགྲིན་པ་དང་། མེ་མཉམ་ལྟེ་བ་དང་། ཁྱབ་བྱེད་ཚིགས་ཀུན་ལ་གནས་ཤིང་། ཡན་ལག་གི་རླུང་ལྔ་རིམ་པ་བཞིན་དུ་མིག་ལ་སོགས་པའི་དབང་པོའི་སྒོ་ལ་གནས་སོ། །གསུམ་པ་ནི། ཟླ་བ་ངོ་བཅུ་ལ་དང་པོའི་དུས་སུ་རྣམ་ཤེས་ཁུ་ཁྲག་གི་དབུས་སུ་ཞུགས་མ་ཐག་སྲོག་རླུང་སྐྱེ་ལ། སྲོག་རླུང་ལས་ཟླ་བ་གཉིས་པའི་དུས་སུ་ཐུར་སེལ་དང་། དེ་ལས་གསུམ་པའི་དུས་སུ་མེ་མཉམ་དང་། དེ་ལས་བཞི་པར་ཁྱབ་བྱེད་དང་། དེ་ལས་ལྔ་པར་གྱེན་རྒྱུའི་རླུང་སྐྱེའོ། །མངལ་དུ་ཉིང་མཚམས་སྦྱར་ནས་སྙིང་གའི་རྩ་མདུད་འཆགས་པའི་ཚེ། དེའི་ནང་གི་ལྷན་སྐྱེས་ཀྱི་རླུང་ལས་སྣ་སྒོར་རྒྱུ་བའི་སྲོག་གི་རང་བཞིན་གྱི་རླུང་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་ཉའི་རྣམ་པ་ལྟ་བུ་ཟླ་བ་དང་པོའི་སྐྱེ་ཚུལ་ལོ། །ཟླ་བ་གཉིས་པའི་ཚེ་སྲོག་གི་རང་བཞིན་ལས་ཐུར་སེལ་གྱི་རླུང་སྐྱེ་ལ། དེའི་ཚེ་ལག་གཉིས་རྐང་གཉིས་མགོ་དང་བཅས་པའི་འབུར་པོ་ལྔ་དོད་པས་རུས་སྦལ་གྱི་རྣམ་པ་ལྟ་བུ། ཟླ་བ་གསུམ་པ་ལ་ཐུར་སེལ་ལས་མཉམ་གནས་སྐྱེ། དེའི་ཚེ་ཡན་ལག་ལྔ་ཚང་བ་ལས་ཅུང་ཟད་སྒུར་པོར་ཡོད་པས་ཕག་རྒོད་ལྟ་བུ། བཞི་པ་ལ། མཉམ་གནས་ལས་གྱེན་རྒྱུ་སྐྱེ། དེའི་ཚེ་སྟོད་ཅུང་ཟད་རྒྱས་པས་སེང་གེ་ལྟ་བུ། ལྔ་པ་ལ་གྱེན་རྒྱུ་ལས་ཁྱབ་བྱེད་སྐྱེ། ཟླ་བ་ཕྱི་མ་ལྔའི་དུས་སུ་རིམ་པ་བཞིན་མིག་གི་སྒོ་ནས་རྒྱུ་བའི་རླུང་དང་སའི་ཁམས་ཕལ་ཆེར་དང་། རྣ་བའི་སྒོ་ནས་རྒྱུ་བ་ཆུའི་ཁམས་དང་། སྣ་ནས་རྒྱུ་བ་མེ་དང་། ལྕེ་ནས་རྒྱུ་བ་རླུང་དང་། ལུས་ཀྱི་དབང་པོ་ཡོངས་སུ་རྫོགས་པ་ནས་རྒྱུ་བ་སྐྱེ་ཞིང་དེ་དག་གི་དུས་སུ་


JLD019_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་རྣམས་ཅི་རིགས་པར་འཛིན་ཏོ། །བཞི་པ་ནི། སྲོག་རླུང་གིས་སྲོག་རིང་དུ་བྱེད་པ་དང་། གྱེན་རྒྱུས་བཟའ་བཏུང་གྱེན་དུ་འདྲེན་པ་སོགས་དང་། ཐུར་སེལ་གྱིས་ཐུར་དུ་འདྲེན་པ་དང་། མཉམ་གནས་ཀྱིས་མཉམ་དུ་འཇུ་བ་སོགས་དང་། ཁྱབ་བྱེད་ཀྱིས་འགྲོ་བ་སོགས་བྱེད་ཅིང་། ཡན་ལག་གི་རླུང་ལྔའི་མིག་གི་སྒོ་ནས་རྒྱུ་བའི་རླུང་གིས་མིག་གི་རྣམ་ཤེས་ཀྱི་བཞོན་པ་བྱས་ནས་གཟུགས་འཛིན་པའི་འབྲས་བུ་བྱེད་དོ། །དེ་བཞིན་དུ་རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་རྣམས་ཀྱིས་རང་རང་གི་རྣམ་ཤེས་ཀྱི་བཞོན་པ་བྱས་ནས་ཡུལ་སོ་སོར་འཛིན་པའི་འབྲས་བུ་བྱེད་དོ། །ཡན་ལག་གི་རླུང་ལྔ་ནི། རྩ་བའི་རླུང་གི་གནས་སྐབས་ཡིན་ཏེ། སྲོག་རླུང་སྒོ་དེ་དག་ནས་རྒྱུ་བ་ལ་མིང་དེ་ལྟར་དུ་བཏགས་སོ། །ལྔ་པ་ནི། ཁྱབ་བྱེད་འཆི་བའི་ཚེ་མ་གཏོགས་སྣའི་སྒོ་ནས་མི་རྒྱུ་ལ། གཞན་བཞི་ལ་གཡས་པ་ནས་རྒྱུ་བ་དང་། གཡོན་པ་ནས་རྒྱུ་བ་དང་། གཉིས་ཀ་ནས་དྲག་པ་དང་། དལ་བར་རྒྱུ་བ་དང་། ཐུར་སེལ་དང་། མེ་མཉམ་དང་། སྲོག་རླུང་རྣམས་སོ། །དེ་དག་གསང་བའི་སྣ་རྩེ་ནས་བྱུང་ནས། ཀུན་རྫོབ་པའི་སྣར་རྒྱུ་བ་ཡིན་ནོ། །རིགས་ལྔ་དང་སྦྱར་ནས་རྒྱུ་བའི་ཚུལ་ནི། ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། དེ་ལ་ཐབས་མགོན་པོ་རེའི་རླུང་དགུ་བརྒྱ་པ་ཕྲག་རེ་རྒྱུ་བའི་ཚེ་ཤེས་རབ་ལྷ་མོ་བཞིའི་རླུང་ཉིས་བརྒྱ་ཉེར་ལྔ་རེ་རྒྱུ་བ་ཡིན་ལ། དེ་ལ་གཡས་ནས་གྱེན་རྒྱུ་ཁ་དོག་དམར་པོ་


JLD019_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་ནི་པདྨ་མགོན་པོའི་རྒྱུ་བ་ཡིན་ལ། དེ་ལ་མེའི་མེ་གོས་དཀར་མོ་དང་། མེའི་རླུང་སྒྲོལ་མ་དང་། མེའི་ས་སྤྱན་མ་དང་། མེའི་ཆུ་མཱ་མ་ཀིའི་རླུང་རྣམས་རྒྱུའོ། །གཡོན་པ་ནས་རྒྱུ་བ་ཐུར་སེལ་ལྗང་སེར་ཁ་དོག་ནག་པོ་ལས་ཀྱི་མགོན་པོའི་དང་། གཉིས་ཀ་ནས་དྲག་ཏུ་རྒྱུ་བ་མེ་མཉམ་སྟེ་ཁ་དོག་སེར་པོ་རིན་ཆེན་མགོན་པོའི་དང་། ཞན་པར་རྒྱུ་བ་སྲོག་རླུང་ཁ་དོག་ཤེལ་ལྟར་སྣང་བ་རྡོ་རྗེ་མགོན་པོའི་རྒྱུ་བ་དགུ་བརྒྱ་པ་ཕྲག་རེའི་ཚེ་ཡང་དེ་ལྟར་སྦྱར་རོ། །དེ་དག་ནི་དགུ་བརྒྱ་རེ་ལ་འཕོ་བ་རེར་བྱས་པ་སྟེ། དུས་འཁོར་ནས་དེ་ཉིས་འགྱུར་རེ་ལ་འཕོ་བ་རེར་བྱས་ནས་འཕོ་བ་བཅུ་གཉིས་སུ་གསུངས་སོ། །པདྨ་མགོན་པོའི་རྒྱུ་བ་དང་པོར་སྨོས་པའི་དགོས་པ་ནི། རྡོར་བཟླས་གསུང་རྡོ་རྗེའི་བཟླས་པ་ཡིན་པས་དང་པོའི་མགོ་དེ་ནས་བཙུགས་ནས་སྒོམ་དགོས་པར་ཤེས་པའི་ཆེད་ཡིན་ནོ། །དྲུག་པ་ནི། འཆི་བའི་ཚེ་ས་ཆུ་ལ་ཐིམ་པ་ནས་མཐར་རྣམ་ཤེས་འཆི་བའི་འོད་གསལ་དུ་ཐིམ་པའི་རིམ་པ་དེ་དག་དང་མཐུན་པར་་རྫོགས་རིམ་སྒོམ་དགོས་པར་ཤེས་པའི་ཕྱིར་རྩ་རླུང་ཐིག་ལེ་རྣམས་དང་པོར་གང་དུ་ཆགས་པ་དང་། བར་དུ་རྒྱུ་བའི་ཚུལ་དང་། མཐར་གང་དུ་ཐིམ་པ་དང་། ཇི་ལྟར་ཐིམ་པའི་རིམ་པ་རྣམས་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་མ་རྒྱུད་ནས་བཤད་པ་ནི། དབྱུ་གུ་དྲུག་ཅུ་རྩ་བཞི་དང་། ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། འཕོ་བ་བཅུ་དྲུག་དང་། ཐུན་ཚོད་


JLD019_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་ཐ་སྙད་དང་མཐུན་པར་འཁོར་ལོ་བཞིའི་འདབ་མ་ནས་རྒྱུ་ཚུལ་བསྟན་ཏེ། སྙིང་གའི་རྩ་འདབ་གཅིག་དང་། མགྲིན་པའི་གཉིས་དང་། སྤྱི་བོའི་བཞི་དང་། ལྟེ་བའི་བརྒྱུད་རྣམས་རྒྱུ་བའི་དུས་དང་། ཡུན་རིང་ཐུང་མཉམ་པས་ཏེ། གོ་བར་ཟད་དོ། །གཉིས་པ་དེ་ལ་གནད་དུ་བསྣུན་པའི་རྣལ་འབྱོར་ལ། ལུས་གཏན་ལ་དབབ་པའི་དགོས་པ་དང་། རྣལ་འབྱོར་དངོས་སོ། །དང་པོ་ནི། རྫོགས་པའི་རིམ་པ་མི་ཐ་མལ་པའི་འབྱུང་བ་ཐིམ་རིམ་དང་། ཐོག་མའི་རླུང་གི་རྣལ་འབྱོར་སོགས་ལ་བཤད་པ་ཡོད་ཀྱང་བཏགས་ནས་བསྟན་པ་ཡིན་གྱི། རྫོགས་རིམ་མཚན་ཉིད་པ་ནི། བསྐྱེད་རིམ་མན་ཆད་དང་ཐུན་མོང་མ་ཡིན་པའི་དགའ་བཞིའི་རྟོགས་པ་བསྐྱེད་ནས་བསྒྲུབ་དགོས་པའི་ཕྱིར་རོ། །དེ་ལ་ཡང་སྣང་ཕྱོགས་ཀྱི་རྫོགས་རིམ་དང་། སྟོང་ཕྱོགས་ཀྱི་རྫོགས་རིམ་མོ། །དང་པོ་ནི། རླུང་སེམས་ཀྱིས་བསྒྲུབས་པའི་སྒྱུ་མ་ལྟ་བུའི་ལྷ་སྐུ་སྟེ་འཇའ་ལུས་ཀྱི་སྐུ་ཞེས་ཀྱང་་བྱའོ། །ལྷའི་རྣལ་འབྱོར་གང་ཡིན་བསྐྱེད་རིམ་དུ་གཟུང་བར་མི་བྱ་སྟེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་གཉིས་གསུངས་པའི་སྔ་མ་བསྐྱེད་རིམ་དང་། ཕྱི་མ་རྫོགས་རིམ་ཡིན་པའི་ཕྱིར་རོ། །གཉིས་པ་སྟོང་ཕྱོགས་ལ་བདེ་བ་ངོས་གཟུང་བ་དང་། སྟོང་པ་དང་། བདེ་སྟོང་དབྱེར་མེད་དུ་བྱེད་པའི་ཚུལ་དང་། དེ་གཉིས་བསྒྲུབ་པའི་རིམ་པའོ། །དང་པོ་ནི། བདེ་བ་ཙམ་གྱིས་མི་ཆོག་སྟེ། སེམས་གནས་ཀྱིས་བསྒྲུབས་པའི་ཤིན་སྦྱངས་ཀྱིས་བདེ་བ་ཕྱི་རོལ་པ་ལ་ཡང་ཡོད་་པའི་ཕྱིར་དང་།


JLD019_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་ཕྱིན་ཐེག་པ་ནས་བསྟན་པའི་རླུང་འབྱུང་འཇུག་བགྲངས་པ་ལས་བྱུང་བའི་བདེ་བ་དང་། བྱ་སྤྱོད་ནས་བཤད་པའི་སྟོང་པ་དང་། ལྷའི་རྣལ་འབྱོར་སྒོམ་པ་བཞིར་བྱས་ནས་སྲོག་རྩོལ་བསྡམས་པ་ལས་བྱུང་བའི་བདེ་བ་སོགས་ལས་ཀྱང་ཆེས་མི་འདྲ་བ་ཞིག་དགོས་ལ། ཟག་པ་མེད་པའི་བདེ་བས་ཀྱང་མི་ཆོག་སྟེ། དེ་ནི་ཉན་རང་རྣམས་ལ་ཡང་ཡོད་པའི་ཕྱིར་རོ། །འོ་ན་གང་ཞིག་ཡིན་ཞེས་ན། ཞུ་བའི་བདེ་བའོ། །གཉིས་པ་ནི། སྟོང་པ་ཕར་ཕྱིན་ཐེག་པར་བསྟན་པ་ལས་ལོགས་སུ་གཏན་ལ་དབབ་རྒྱུ་ཅུང་ཟད་་ཀྱང་མེད་པས་དེ་ཉིད་གཞིར་འཇོག་པ་ཡིན་ནོ། །གསུམ་པ་ནི། རྒྱུད་སྡེ་འོག་མ་གསུམ་དང་ཕར་ཕྱིན་གྱི་ཐེག་པར་སྟོང་པ་གཏན་ལ་ཕེབས་ནས་དེ་གོ་བའི་བློ་་དེ་ཉིད་ཐབས་དང་བཅས་ནས་བསྒོམ་པ་ཡིན་གྱི། སྟོང་པའི་ཡུལ་ཅན་གྱི་བློ་ལོགས་སུ་སྒྲུབ་མི་དགོས་ལ། འདིར་ནི་སྟོང་པ་སྒོམ་པའི་ཡུལ་ཅན་གྱི་བདེ་བ་ཐབས་མཐའ་ཡས་པས་ལོགས་སུ་སྒྲུབ་དགོས་ལ། བདེ་བ་དེས་སྟོང་པ་ཡུལ་དུ་བྱས་ནས་སྒོམ་པ་བདེ་སྟོང་དབྱེར་མེད་པའི་དོན་ཡིན་གྱི། བདེ་བ་ལ་སྟོང་པས་རྒྱས་འདེབས་པ་སོགས་མིན་ནོ། །བདེ་བ་དེ་ཡང་ཡིད་ཀྱི་ཤེས་པའི་འཁོར་དུ་འབྱུང་གི །དབང་ཤེས་འཁོར་གྱི་མ་ཡིན་ཏེ། སོ་སོ་སྐྱེ་བོས་ཀྱང་སྟོང་པ་མངོན་སུམ་དུ་རྟོགས་པར་འགྱུར་བས་སོ། །བཞི་པ་ནི། སྟོང་པ་ཐོག་མར་རྟོགས་དགོས་ཏེ། བསྐྱེད་རིམ་གྱི་ཡང་ཐོག་མ་ནས་སྭ་བྷཱ་ཝའི་


JLD019_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དོན་སེམས་པར་གསུངས་པའི་ཕྱིར་རོ། །ཞུ་བའི་བདེ་བ་ལ། གང་ཞུ་བ་དང་། གང་གིས་བཞུ་བ་དང་། འཇུ་བར་བྱེད་པའི་རྐྱེན་ནོ། །དང་པོ་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ལྟེ་བ་དབུ་མ་ན་གནས་པའི་ཁམས་དཀར་པོ་ཧཾ་གིས་མཚོན་པའི་དོན་ནོ། །གཉིས་པ་ནི། ལྟེ་བའི་འཁོར་ལོའི་དབུ་མའི་ནང་ན་གནས་པའི་ཐིག་ལེ་དམར་པོ་འབར་བ་ལས་སོ། །གསུམ་པ་ནི། མེ་སྦྱོར་བའི་རྐྱེན། ཁ་སྦྱོར་ལས་ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །ཞེས་གསུངས་པའི་རླུང་གི་རྣལ་འབྱོར་སོགས་བསྒོམ་པ་དང་། དབང་པོ་གཉིས་སྦྱོར་གྱི་ལས་ཀྱིས་བསྐུལ་བའི་རླུང་ངོ་། །དེ་གང་ན་གནས་པ་ནི། རྡོ་རྗེ་ཕྲེང་བ་ལས། ཤེས་བྱ་དབུས་སུ་རྒྱུ་བའི་རླུང་། །མེ་སད་བྱེད་པར་ཤེས་པ་དང་།། ཞེས་གསུངས་པས་དབུ་མའི་ནང་ལྟེ་བའི་འོག་གི་སུམ་མདོ་གྲུ་གསུམ་ན་་གནས་པ་ཡིན་ནོ། །རླུང་དེ་གཡོས་པས་ལྟེ་བའི་མེ་སྦར་ནས་སྤྱི་བོའི་ཧཾ་ཡིག་བཞུས་ཏེ་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་གཡོ་བར་བྱེད་པ་ལ་གཡས་གཡོན་གྱི་རྒྱུ་བ་གཙད་དགོས་ཏེ། དེའི་རྒྱུ་མཚན་གཡས་གཡོན་ནས་རྒྱུ་བའི་ཚེ་རྟོག་པ་རགས་པ་གཅད་མི་ཐུབ་ལ། དེ་ནམ་གཡོས་པ་ན་ཞུ་བདེ་སྐྱེས་ནས་རྟོག་པ་རགས་པ་གཅོད་པའི་ཕྱིར་དང་། གཡས་གཡོན་གྱི་རླུང་གི་རྒྱུ་བ་འགགས་པ་རླུང་དེ་རྒྱུ་བའི་རྐྱེན་ཡིན་པའི་ཕྱིར་རོ། །གཡས་གཡོན་གྱི་རྒྱུ་བ་འགོག་པའི་རྣལ་


JLD019_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལ། རླུང་གི་རྣལ་འབྱོར་དང་། ཐིག་ལེའི་རྣལ་འབྱོར་དང་། གཏུམ་མོའི་རྣལ་འབྱོར་རོ། །དེ་ཡང་གཏུམ་མོ་བྱེ་བྲག་པ་ལ་གཟུང་བ་ཡིན་གྱི། སློབ་དཔོན་ཨ་བྷུས་གསུམ་དུ་ཕྱེ་བ་ལྟར་ན་རྫོགས་རིམ་མཐའ་དག་གཏུམ་མོར་འདུས་པའི་ཕྱིར་རོ། །རླུང་གི་རྣལ་འབྱོར་ལ་ཡང་། དུས་འཁོར་ནས་བུམ་པ་ཅན་ལ་རྩལ་དུ་འདོན་པར་བཤད་པ་དང་། འཕགས་སྐོར་ནས་རྡོ་རྗེའི་བཟླས་པ་ལ་རྩལ་དུ་འདོན་པར་བཤད་པ་སོགས་དུ་མ་ཡོད་དོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀུན་རྫོབ་པའི་སྣ་རྩེ་དང་། སྙིང་ག་དང་གསང་བའི་སྣ་རྩེར་སྤྲུལ་པའི་ཐིག་ལེ་དང་མི་ཤིགས་པའི་ཐིག་ལེ་དང་། གསང་བའི་ཐིག་ལེ་བསྒོམས་ནས་མེ་སྦྱོར་བ་ཐིག་ལེའི་རྣལ་འབྱོར་དང་། ཌ་བི་ཧེ་རུ་ཀ་དཔོན་སློབ་སོགས་དང་། ནག་པོ་སྤྱོད་པ་སོགས་ཀྱིས་གཏུམ་མོ་ལ་རྩལ་དུ་འདོན་པ་སོགས་དུ་མ་ཡོད་ཀྱང་གྲུབ་ཆེན་རྣམས་ཀྱིས་མཛད་པའི་ལམ་གྱི་གནད་མ་འཕྱུགས་པར་ཤེས་ན། གང་ཉམས་སུ་བླངས་ཀྱང་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་ནུས་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེའི་ནང་ནས་ཁ་སྦྱོར་ལས། དེ་ཡི་ནང་དུ་སོན་པའི་རྩ། །ཏིལ་མར་མར་མེའི་ངོ་བོ་ཅན། །ཞེས་སོགས་དཔྱིད་ཀྱི་ཐིག་ལེ་མདོར་བསྟན་པ་དང་། རྒྱས་པར་བཤད་པའི་དོན་རྣམས་སློབ་དཔོན་ནག་པོ་པས་དཔྱིད་ཀྱི་ཐིག་ལེ་མཛད་པའི་རྗེས་སུ་་འབྲངས་ནས་ཡི་གེ་རིང་ཐུང་གི་ཚད་ལ་སོགས་པ་དང་།


JLD019_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཨ་བྷུས་ཡི་གེ་འགོད་པའི་ཚུལ་གསུངས་པ་རྣམས་ཀྱི་དོན་བརྗོད་ན། སྙིང་གའི་རྩ་མདུད་ཀྱིས་བཅིངས་པའི་དབུ་མའི་ནང་གི་བུ་ག་ཅུང་ཟད་ཙམ་དེའི་ནང་ན་གནས་པའི་ཧཱུཾ་ཡིག་སྔོན་པོ་ཡུངས་ཀར་གྱི་ཚད་ཙམ་འོད་དཀར་པོ་ཁ་བ་ལྟ་་བུར་འཛག་པ་གནས་པ་ནི་གཏུམ་མོ་འབར་བ་ན། བདེ་བ་བསྐྱེད་པའི་ཕྱིར་དཔྱིད་ཅེས་བྱ་ལ། དེའི་ཚེ་བདེ་བ་སྐྱེད་པ་ལ་སུས་ཀྱང་གེགས་བྱར་མེད་པའི་ཕྱིར་མི་ཤིགས་པ་ཞེས་བྱའོ། །ལྟེ་བའི་མདུད་པས་བཅིངས་པའི་དབུ་མའི་ནང་གི་ཨ་ཐུང་ནི་ཐིག་ལེ་ཞེས་བྱའོ། །དེ་ཉིད་གཡས་གཡོན་གྱི་རྒྱུ་བ་འགགས་ནས་སུམ་མདོ་གྲུ་གསུམ་གྱི་དབུ་མའི་ནང་ན་གནས་པའི་མེ་སད་བྱེད་ཀྱི་རླུང་་གཡོས་ཏེ། མེ་སྦར་བ་ན་སྤྱི་བོའི་ཧཾ་ཡིག་ཞུ་ནས་ལྟེ་བར་འདུ་འཕྲོད་བྱས་པའི་ཚེ་དཔྱིད་དང་ཐིག་ལེ་གཉིས་ཀར་འགྱུར་ལ། དེ་བཞིན་དུ་སྙིང་གར་འདུ་འཕྲོད་བྱས་པའི་ཚེ་ཡང་འགྱུར་རོ། །ལྟེ་བ་དང་སྙིང་ག་དང་མགྲིན་པར་གནས་པའི་ཡི་གེ་གསུམ་པོ་འོག་མ་ཐུང་ངུ་དང་། བར་པ་ཐུང་ངུ་གཉིས་ཀྱི་ཚད་དང་། གོང་མ་ཐུང་ངུ་གསུམ་གྱི་ཚད་དུ་བཤད་པ་ལ། བླ་མ་ཁ་ཅིག །སྤྱི་བོའི་ཧཾ་མགྲིན་པར་སླེབ་པའི་ཚེ་མེ་དང་ཐག་རིང་བས་ཐིག་ལེ་ཆ་གསུམ་གྱི་ཚད་་ཙམ་དང་། སྙིང་གར་སླེབ་པ་ན་མེ་དང་ཉེ་བས་ཆ་གཅིག་ཟད་ནས་ཆ་གཉིས་དང་། ལྟེ་བར་སླེབ་པའི་ཚེ་ཆ་གཅིག་ལས་མེད་པ་ལ་འཆད་ཀྱང་། སྒྲ་རིང་ཐུང་གི་ཚད་ཡིན་གྱི། ཐིག་ལེའི་བོང་ཚོད་ཆེ་ཆུང་གི་དོན་མིན་ནོ། །དེས་ན་སྒྲ་འབྱུང་བའི་གནས། ཁོག་པ་


JLD019_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །ཞེས་བཤད་པ་ལྟར་ལུས་ཀྱི་ནང་གི་སྒྲ་འབྱུང་བའི་གནས་རྣམས་ཕྲད་པ་ན་ལྟེ་བའི་ཨ་ཡིག་ཐུང་ངུ་དང་། སྙིང་གའི་ཧཱུྃ་ཐུང་ངུ་གཉིས་ཀྱི་ཚད་དང་། མགྲིན་པའི་ཨོ་ཐུང་ངུ་གསུམ་ཀྱི་ཚད་ཙམ་དུ་གནས་པའི་ནང་གི་བརྗོད་པ་ཡིན་གྱི། ཕྱིའི་ངག་གི་བརྗོད་པ་མིན་ནོ། །ཡི་གེ་བཞི་པོས་མཚོན་པའི་དོན་ནི། ལྟེ་བ་དང་སྤྱི་བོའི་གཉིས་ཀྱིས་ལུས་མཚོན་ལ། སྙིང་གའི་ཧཱུྃ་གིས་སེམས་དང་། མགྲིན་པའི་ཨོ་གྱིས་ངག་མཚོན་པས་རྣལ་འབྱོར་པའི་སྒོ་གསུམ་མཚོན་པ་ཡིན་ནོ། །དེ་ནས་དམིགས་པ་ཇི་ལྟར་འཛིན་པའི་རིམ་པ་ནི། ལམ་ཐུན་མོང་པས་རྒྱུད་སྦྱངས་བསྐྱེད་པའི་རིམ་པ་ལེགས་པར་བསྒོམས་པའི་ཐུན་གྱི་མཐར། ཐོག་མར་རྩ་གསུམ་གསལ་གདབ་པ་ནི། ལུས་ཀྱི་ནང་གི་དབུས་དྲང་པོ་ལས་ཚིགས་པ་ཕྱོགས་ལ་ཅུང་ཉེ་བར་རྩ་དབུ་མ་ཁ་དོག་སྔོན་པོ། གཡས་རོ་མ་དམར་བ། གཡོན་རྐྱང་མ་དཀར་བ། མཐེའུ་ཆུང་གི་སྦོམ་ཕྲའི་ཚད་ཙམ་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གནས་ཤིང་། ལྟེ་བའི་ཐད་དང་ནུ་མ་གཉིས་ཀྱི་དབུས་དང་། མགྲིན་པ་དང་སྐྲ་མཚམས་ཀྱི་ཐད་རྣམས་སུ་རོ་རྐྱང་གིས་དབུ་མ་ལ་བཅིངས་པའི་མདུད་པ་ཡོད་པར་བསམ་པར་བྱའོ། །དེ་ནས་ལྟེ་བའི་རྩ་འདབ་ཀྱི་ཕྱི་ནང་གི་རིམ་པ་དུ་མ་ཡོད་ཀྱང་། ཕྱོགས་བཞི་དང་མཚམས་བཞིར་འདབ་མ་ཁ་དོག་དམར་བརྒྱད་དབུ་མ་ལ་


JLD019_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་ཅིང་བུ་ག་ཐལ་མར་ཡོད་པ་གསལ་གདབ། ལྟེ་བའི་དབུས་སུ་ཟླ་བ་ལ་གནས་པའི་ཨ་དམར་པོ་ཐིག་ལེ་ནཱ་ད་དང་བཅས་པ་བསམ་ཞིང་། དེ་ནས་མདུན་ངོས་ཤར་དུ་བྱས་པའི་རྩའི་སྦུབས་ཀྱི་ནང་དུ་ཡི་གེ་ཐམས་ཅད་ལངས་པའི་ཕྱི་ནས་ཨ་ནས་བརྩམས་་ཏེ། ལྟེ་བ་ལ་དབྱངས་ཐ་མའི་ཚེག་དྲག་ལ་ཐུག་པའི་བར་དུ་དབྱངས་ཡིག་བཅུ་དྲུག་དགོད། གཡས་སྐོར་དུ་ལྷོ་ཕྱོགས་ཀྱི་རྩའི་ནང་དུ་ཀའི་སྡེ་ཚན་དང་། ནུབ་ཕྱོགས་སུ་ཙ་སྡེ་དང་། བྱང་ཕྱོགས་སུ་ཊ་སྡེ་དང་། མཚམས་ཀྱང་གཡས་སྐོར་བྱས་ནས། ཤར་ལྷོ་ནས་བརྩམས་ཏེ་ཏ་སྡེ་དང་། པ་སྡེ་དང་། མཐར་གནས་ཀྱི་ཡི་གེ་བཞི་དང་། དྲོ་བའི་ཡི་གེ་ལྔ་ཚན་རྣམས་དགོད་དོ། །རྩ་ནང་ན་དབྱངས་རྣམས་ཁ་གྱེན་བལྟ། གསལ་བྱེད་རྣམས་ཁ་ཐུར་བལྟར་བཤད་པ་ནི། དབུ་མའི་ལྟེ་བའི་ཡི་གེ་ཡིན་གྱི། འདབ་མའི་མིན་ནོ། །རྩ་འདབ་ལ་ཡི་གེ་བཀོད་ནས་སྒོམ་པ་ནི། རྩ་འཁོར་གྱི་ལྟེ་བར་རླུང་འདུ་བའི་ཆེད་དུ་འདུག །ལྟེ་བར་སྒོམ་པ་ནི་རྩ་མདུད་འགྲོལ་བའི་ཆེད་དུ་གདའོ། །རྩ་འཁོར་དེ་དག་བསྡུ་ན་ཨེ་ཝཾ་གྱི་རྩ་གཉིས་སུ་འདུ་ལ། ཨེ་ལ་གཉིས་ལས། སྤྱི་བོ་དང་ལྟེ་བ་ནི་དབྱིབས་གྲུ་གསུམ། ཝཾ་གྱི་རྩ་ལའང་གཉིས་ལས། མགྲིན་པ་དང་སྙིང་ག་དབྱིབས་ཟླུམ་པོར་ཡོད་དོ། །ཡི་གེ་ཐམས་ཅད་ཁ་དོག་དམར་བ་འོད་ཅུང་ཟད་འཕྲོ་བ་ཐིག་ལེ་དང་ནཱ་དས་བརྒྱན་པ་ལ་བྱང་ཆུབ་ཀྱི་སེམས་བ་མོ་ལྟ་བུར་འཛག་པར་བསམ་པར་་བྱའོ། །གཙོ་ཆེར་ལྟེ་བའི་ཨ་ཐུང་ལ་སེམས་འཛིན་ལ། ཡི་གེ་གཞན་གསུམ་ལ་ཅུང་ཟད་རེ་འཛིན། དེ་ཡང་སྒོམ་པའི་དུས་སུ་རྩ་མདུད་དེ་དག་གྲོལ་


JLD019_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་ལྷོད་དེ་སོང་བར་བསམས་ནས་དེ་དག་གི་ནང་དུ་ཡི་གེ་དེ་དག་སྒོམ་པ་ཡིན་ནོ། །སྔར་ལྟར་སྙིང་གར་རྩ་འདབ་ཁ་དོག་དཀར་པོར་ཡང་བཤད་བརྒྱུད་གསལ་བཏབ་ནས་ལྟེ་བའི་ནང་དུ་ཟླ་བ་ལ་གནས་པའི་ཧཱུཾ་སྔོན་པོ་མགོ་ཐུར་དུ་བལྟ་བ་དང་། ཕྱོགས་ཀྱི་འདབ་མ་བཞི་ལ། ཨ་ཨི་ཨུ་ཨེ་དང་། མཚམས་བཞི་ལ། ཡ་ར་ལ་ཝ་བཞི་སྔར་བཤད་པ་ལྟར་ཐིག་ལེ་ནཱ་ད་དང་བཅས་པས་བརྒྱན་པ་དང་། ཡི་གེ་དང་རྩ་འདབ་ཁ་དོག་སྔོན་པོའོ། །ལྟེ་བའི་རྩ་འདབ་ཁ་གྱེན་བལྟ་དང་། སྙིང་གའི་ཐུར་བལྟའོ། །མགྲིན་པའི་ལྟེ་བར་ཟླ་བ་ལ་གནས་པའི་ཨོ་དམར་པོ་མགོ་གྱེན་བལྟ་དང་། འདབ་མ་ཁ་དོག་དམར་པོ་ཁ་གྱེན་བལྟ་བཅུ་དྲུག་གསལ་བཏབ་ནས་བར་དུ་རེ་རེ་བོར་བའི་ཕྱོགས་བཞི་དང་མཚམས་བཞིར་ཡི་གེ་སྔ་མ་བརྒྱད་རིང་པོ་ཁ་་དོག་དམར་པོ་ལངས་པ་འགོད་དོ། །སྤྱི་བོའི་ལྟེ་བར་ཟླ་བ་ལ་གནས་པའི་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བའི་མཐར་འདབ་མ་ཁ་དོག་སྣ་ཚོགས་པ་སུམ་ཅུ་་རྩ་གཉིས་གསལ་བཏབ་ནས། ཤར་གྱི་འདབ་མ་ནས་གཡས་སྐོར་དུ་ཨ་ནས་བརྩམས་ཏེ་འདབ་མ་རེ་རེ་དོར་བར་དབྱངས་ཡིག་བཅུ་དྲུག་ཁ་དོག་དཀར་་པོ་འགོད་དོ། །ཐིག་ལེ་ནཱ་ད་དང་བཅས་པ་འོད་བ་མོ་ལྟ་བུར་འཛག་པ་ནི་ཡི་གེ་ཐམས་ཅད་ལ་འདྲ་ཞིང་སྤྱི་བོའི་རྩ་འདབ་ཁ་ཐུར་བལྟའོ། །དེ་ལྟར་བསྒོམས་པས་གཏུམ་མོ་འབར་བའི་རྒྱུ་མཚན་ནི། ཡི་གེས་མཚོན་པའི་དོན་བྱང་ཆུབ་ཀྱི་སེམས་དང་རླུང་ཡིན་ལ། རྩའི་ཡལ་གའི་ཟད་མཚམས་


JLD019_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པ་བདུན་ཁྲི་ཉིས་སྟོང་པོ་རྣམས་རླུང་དང་བྱང་ཆུབ་ཀྱི་སེམས་འདབ་མ་སྔར་བཤད་པ་རྣམས་་ཀྱི་ནང་དུ་འདུ་ཞིང་། རྟོག་པ་གར་བཞག་པའི་རྗེས་སུ་རླུང་འདུ་བས་རླུང་འདུ་ཕུལ་གཞན་དང་མི་འདྲ་བའི་དགོས་པ་ཡོད་ལ། ཐོག་མ་ནས་མེ་འབར་བ་ལ་དམིགས་པ་ནི་གཏུམ་མོ་ཕྱོགས་གཅིག་ཙམ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་ཐུན་བཞིར་བསྒོམས་པའི་མཐར་སྒོམ་ཞིང་འདབ་མའི་ཡི་གེ་དང་བཅས་པ་དེ་ཙམ་གསལ་མི་ནུས་ན། ལྟེ་བའི་ཡི་གེ་བཞི་པོ་ཙམ་གསལ་བཏབ་ལ་དམིགས་པ་གཟུང་ངོ་། །དེ་ལྟར་བསྒོམས་པའི་མཐར་ཡི་གེ་རྣམས་ལ་དམིགས་པའི་གསལ་སྣང་སྐྱེས་པ་ན་སྤྲུལ་པའི་འཁོར་ལོའི་ཨ་ཐུང་ལ་མེ་རྒྱ་ཁབ་ཀྱི་སྦོམ་ཕྲ་ཙམ་དྲང་པོ་གཡོ་བ་མེད་པ་འབར་ནས་དབུ་མའི་ནང་ནས་གྱེན་དུ་སོང་སྟེ། སུམ་མདོ་ནས་ལས་རླུང་གཡོས་ཏེ་ལྟེ་བའི་མེ་འབར་བ་ཡང་བྱེད། སྤྱི་བོའི་ཧཾ་ཡིག་ཞུ་བར་དམིགས་ཤིང་མེ་འབར་བའི་འདབ་མའི་ནང་དུ་སོང་སྟེ་སྔར་བཀོད་པའི་དབྱངས་ཡིག་བཅུ་དྲུག་ཞུ་ནས་ཧཾ་ཞུ་བ་དང་གོང་བུ་གཅིག་ཏུ་འདྲེས་ཏེ་འོག་ཏུ་སོང་ནས། མགྲིན་པའི་ཨོ་ཡིག་དང་གཅིག་ཏུ་འདྲེས། དེ་ལས་མེ་འབར་བ་འདབ་མའི་ནང་དུ་སོང་སྟེ། ཡི་གེ་བརྒྱད་ཞུ་ནས་ཨོ་ཞུ་བ་དང་གཅིག་ཏུ་འདྲེས། གོང་བུ་དེ་ཉིད་འོག་ཏུ་སོང་སྟེ། སྙིང་གའི་ཧཱུྃ་ཡིག་དང་འདྲེས། དེ་ལས་མེ་འབར་བས་འདབ་མའི་ནང་གི་ཡི་གེ་རྣམས་ཞུ་ནས་ཧཱུྃ་ཡིག་དང་་འདྲེས། དེ་ཞུ་ནས་ལྟེ་བའི་ཨོཾ་ལ་ཐིམ། དེ་ལས་ཀྱང་མེ་འབར་བས་འདབ་མའི་ནང་གི་སྡེ་ཚན་བརྒྱད་ཀྱི་ཡི་གེ་ཞུ་ནས་ཨོཾ་


JLD019_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་སྟེ། ཞུ་བས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཤེལ་ལྟར་དཀར་ལ་འཚེར་ཞིང་དམར་བའི་མདངས་ཆགས་་པ་ཡུངས་འབྲུ་ཙམ་དུ་གསལ་བཏབ་ལ་དེ་ལ་རྩེ་གཅིག་ཏུ་བསྒོམ་མོ། །དེ་ཡང་དང་པོ་ནས་དེའི་ནང་དུ་ཞུགས་པ་ལྟ་བུ་བྱེད་པ་དང་། ཐིག་ལེ་ལ་སེམས་བརྟན་ནས་དེ་རྗེས་བྱེད་པའི་ལུགས་ཀྱང་ཡོད་དོ། །དེ་ཡང་ཤེས་པ་དེའི་ནང་དུ་ཞུགས་པར་བསམ་པ་ལ་རྩེ་གཅིག་ཏུ་བཞག་གི་ཤེས་པ་ཟུར་ནས་དམིགས་རྟེན་ལ་གཏོད་པ་ལྟར་མི་་བྱའོ། །སྐབས་འདིར་གནས་ཆ་རྙེད་པ་ཙམ་དགོས་པར་མི་གཟུང་སྟེ། གཏུམ་མོ་འབར་ནས་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་འདོད་པའི་ཕྱིར་རོ། །དེ་ལྟར་དམིགས་རྟེན་དང་ཤེས་པ་གཉིས་གཅིག་ཏུ་འདྲེས་པ་ལྟ་བུའི་ཉམས་སྐྱེས་ཀྱི་བར་དུ་་བསྒོམས་ནས་དེ་ནས་ཐིག་ལེ་དེའི་དབུས་སུ་མར་མེ་བཙུགས་པ་ལྟ་བུའི་ཁ་དོག་དམར་བ། རེག་བྱ་ཚ་བ། རྒྱ་ཁབ་ཀྱི་སྦོམ་ཕྲ་ཙམ་རིང་ཐུང་སོར་བཞི་ཙམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་གོ །དེ་ཅུང་ཟད་བརྟན་པ་ན་ལྟེ་བའི་མེ་ཕྲ་མོ་དེ་སྤྱི་བོའི་བར་སོང་བའི་དམིགས་པ་བྱས་ལ་མེ་དེས་སྤྱི་བོའི་བྱང་སེམས་བཞུས་ནས་རྩ་འཁོར་རྣམས་ཀྱི་ལྟེ་བར་རིམ་པ་ལྟར་བབས་ནས། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་ཐིག་ལེ་ལ་ཐིམ་པའི་མོས་པ་བྱས་ལ། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །དེ་བརྟན་པ་ན། ཡར་འགྲོ་བའི་མེ་དེ་ཅུང་ཟད་རེས་སྦོམ་དུ་གཏོང་ཞིང་། མར་ལ་འོང་བའི་ཐིག་ལེ་ཡང་ཅུང་ཟད་རེས་སྦོམ་དུ་སོང་བའི་དམིགས་པ་བྱའོ། །ཡང་དེ་སྐབས་སུ་མར་མེ་གཅིག་གིས་མཛོད་དུ་མ་སྣང་བར་བྱེད་པ་ལྟར། ལྟེ་བའི་མེ་དེ་རྩ་


JLD019_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྣམས་ཀྱི་ལྟེ་བར་སོང་བའི་ཚེ། དེའི་འོད་ཀྱིས་རྩ་མདུད་རྣམས་ནང་གསལ་བའི་དམིགས་པ་བྱེད་དོ། །དེ་བསྒོམས་པ་ན་སྤྱི་བོའི་ཧཾ་ཡིག་ཞུ་ནས་བདེ་བ་སྐྱེ་བར་འགྱུར་རོ། །འོད་ཟེར་གྱི་རེ་ཁ་ཤིན་ཏུ་ཕྲ་བ་དེ་ཡང་བསིལ་བར་འགྱུར་ཏེ། ཞེས་གསུངས་པའི་དོན་ནི། སློབ་དཔོན་ཨ་བྷ་ཡ་དང་། ཤཱཀྱ་བསྲུང་བ་དང་། ཨུ་མ་པ་ཏི་སོགས་ཀྱིས་བསིལ་བའི་དོན་བདེ་བ་སྐྱེད་པ་ལ་བཤད་པས་སྔར་རེག་བྱ་་ཚ་བ་ཕྱིས་གྲང་བར་སོང་བ་མིན་ཏེ། དཔྱིད་ཐོབ་པ་ཡི་ཆོག་ཤེས་པས། །སྙོམས་པར་འཇུག་པས་རྣམ་པར་གནས། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་སྐབས་སུ་བདེ་བ་སྐྱེད་པ་ཙམ་ལྷན་སྐྱེས་ཀྱི་བདེ་བར་མི་འཇོག་སྟེ། དེ་ལ་དབང་དུས་ཀྱི་ལྷན་སྐྱེས་དང་། ལམ་དུས་ཀྱི་ལྷན་སྐྱེས་དང་། འབྲས་དུས་ཀྱི་ལྷན་སྐྱེས་རྣམས་ཡོད་པའི་དང་པོ་དང་ཐ་མ་གཉིས་རེ་ཞིག་མི་སྟོན་ལ་བར་པ་ལ་བསྐྱེད་རྫོགས་གཉིས་ཀྱིས་བསྡུས་པ་ཡོད་པའི་རྫོགས་རིམ་གྱིས་དང་་པོ་སྐྱེས་པའི་ཚད་ནི། སྔར་བཤད་པའི་གཏུམ་མོ་བསྒོམས་པའི་སྟོབས་ཀྱིས་གཡས་གཡོན་གྱི་རྒྱུ་བ་འགགས་ཤིང་དེ་འགགས་པའི་སྟོབས་ཀྱིས་ལྟེ་འོག་ན་་ཡོད་པའི་མེ་སད་བྱེད་ཀྱི་རླུང་གཡོས་པས་སྦྱར་བའི་འབར་འཛག་གི་བདེ་བ་སྐྱེས་པ་ནས་འཛིན་པ་ཡིན་ནོ། །སྤྱིར་རླུང་གི་སྟོབས་ཀྱིས་ཁམས་ཕྱིར་འཕོ་བར་བྱེད་ཀྱང་རླུང་དེས་སྦར་བའི་མེས་བཞུས་པའི་ཁམས་ཕྱིར་མི་འཕོ་བ་ཡིན་ནོ། །དེ་ནས་སྤྲོ་བསྡུ་ལ་བསླབ་པ་ནི། སྐྲ་ཡི་རྩེ་མོ་བརྒྱ་སྟོང་ཆ། །གློག་འགྱུ་བ་དང་མཚུངས་པའི་འོད། །ཅེས་གསུངས་པ་ལྟར་


JLD019_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་གཏུམ་མོའི་མེ་སོར་བཞི་པ་དེ་ལས་འོད་འཕྲོས་པས་འཁོར་ལོ་བཞིའི་འདབ་མ་ཐམས་ཅད་ཀྱི་ནང་དུ་་སོང་སྟེ། རྩའི་ནང་སྦྱངས་ནས་སོར་མོའི་རྩེ་མོ་དང་བ་སྤུའི་བུ་ག་ཐམས་ཅད་ཁྱབ་པར་བསྒོམ་ཞིང་། དེ་ནས་འབྱུང་བའི་ལམ་སྣ་བུག་གཡས་པ་ནས་ཐོན་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད། དང་པོ་ནས་སངས་རྒྱས་ཟིན་དང་བཅས་པ་རྣམས་ཀྱི་སྣ་བུག་གཡོན་པ་ནས་ཞུགས་ཏེ། བདེ་ཆེན་གྱི་འཁོར་ལོ་ནས་སྤྲུལ་པའི་འཁོར་ལོའི་བར་གྱི་རྩ་ནང་ཐམས་ཅད་སྦྱངས་ནས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་གཏུམ་མོའི་མེ་དང་རོ་གཅིག་ཏུ་འདྲེས་པ་ནི་སྣ་་བུག་གཡས་པ་རྣམས་ནས་བྱུང་སྟེ། རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ། བདེ་ཆེན་གྱི་འཁོར་ལོ་ནས་རིམ་གྱིས་རྩའི་འདབ་མ་རྣམས་དང་། བ་སྤུའི་བུ་གའི་བར་དུ་ཁྱབ་པར་གྱུར་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་དགའ་བཞིའི་རྟོགས་པ་སྐྱེ་ཚུལ་ནི། ཁ་སྦྱོར་ལས། འཁོར་ལོ་བཞི་ནི་རབ་དབྱེ་བས། །ས་སོགས་འབྱུང་བ་ཆེན་པོ་དང་། །ཐུན་བཞིར་བྱིན་གྱིས་བརླབས་པ་དང་། །པདྨ་བཞིར་ནི་ཡང་དག་འབྱུང་། །དགའ་བ་བཞི་ཡི་ངོ་བོ་ཡིས། །སྦྱོར་བ་བཞི་ནི་སྔོན་དུའོ། །མཆོག་ཏུ་དགའ་བའི་ངོ་བོ་ཡིས། །བྱ་དང་བྱེད་པའི་དངོས་པོ་ལས། །དཔལ་ལྡན་རྡོ་རྗེ་སེམས་གཟུགས་ཀྱིས། །འདིར་ནི་ཇི་ལྟར་བདེ་བར་རོལ། །ཅེས་གསུངས་པའི་དོན་མན་སྙེར་ཕྱག་ཆེན་ཐིག་ལེ་དྲངས་ནས་རྒྱས་


JLD019_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་དེ། །དེ་ཡང་ཟླ་བའི་བཅུ་དྲུག་ཆ་དང་། ཉི་མའི་ཁྱིམ་བཅུ་གཉིས་སུ་གསུངས་པའི་ཟླ་བ་བྱང་ཆུབ་གྱི་སེམས་དཀར་པོ་དང་། ཉི་མ་བྱང་སེམས་དམར་པོ་ཡིན་ཏེ། དེ་ལ་སྔར་བཤད་པའི་གཏུམ་མོའི་རྣལ་འབྱོར་བསྒོམས་ནས་སྤྱི་བོའི་ཧཾ་ཡིག་ཞུ་བ་ལ་བརྟེན་ནས་བདེ་ཆེན་གྱི་འཁོར་ལོའི་ལྟེ་བ་ནས་ལོངས་སྤྱོད་ཀྱི་འཁོར་ལོའི་ལྟེ་བའི་བར་ལ་དགའ་བ་བཞི་སྐྱེ་་ཞིང་། དེའི་ནང་ནས་ཀྱང་ལུས་ཀྱིས་ཚིགས་བཞིར་དགའ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཤིན་ཏུ་ཆེན་པོ་བཞི་རིམ་པ་བཞིན་དུ་སྐྱེའོ། །ལོངས་སྤྱོད་ནས་ཆོས་འཁོར་གྱི་ལྟེ་བའི་བར་ལ་མཆོག་དགའ་དང་། དེ་ནས་སྤྲུལ་པའི་ལྟེ་བའི་བར་ལ་ཁྱད་པར་གྱི་དགའ་བ་དང་། དེ་ནོར་བུའི་དབུས་སུ་ཚུད་པའི་བར་ལ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་ཞིང་། དེ་གསུམ་ལ་ཡང་ཆུང་ངུ་འབྲིང་ཆེན་པོ་ཤིན་ཏུ་ཆེན་པོ་བཞི་བཞིར་ཕྱེ་བས་ཟླ་བའི་ཆ་བཅུ་དྲུག་གོ །ཉི་མའི་ཆ་བཅུ་གཉིས་ནི། ཁམས་དམར་པོ་ལ་བརྟེན་ནས་སྐྱེ་བའི་དགའ་བཞི་འཁོར་ལོ་བཞིའི་བར་ལ་ཆུང་ངུ་འབྲིང་ཆེན་པོ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་ལྟར་ཡས་བབས་ཀྱི་དགའ་བ་སྔར་བཤད་པ་ལྟར་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་སྐྱེས་ན། ཁམས་ཕྱིར་མི་འཕོ་བར་གྱེན་དུ་ལྡོག་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ནོ། །བླ་མ་སྔ་མ་རྣམས་ཀྱིས་མས་བརྟན་ལ་ཡང་། དགའ་བཞི་ཕྱེ་ཡང་རྒྱུད་དང་འགྲེལ་པ་ཁུངས་མ་རྣམས་ནས་ལྷན་སྐྱེས་ཀྱི་བདེ་བ་ཆུང་འབྲིང་གི་


JLD019_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་ཁོ་ནར་གསུངས་སོ། །དེའི་རྗེས་ནས་ཡས་བབས་པའི་དགའ་བ་ལ་ཇི་ལྟར་དབྱེ་སྙམ་ན། གསལ་བར་མ་གསུངས་ཀྱང་ལྷན་སྐྱེས་ཀྱི་བདེ་བར་དོན་གྱིས་འཐོབ་བོ། །འདི་ནི་རྗེ་བཙུན་ཆེན་པོ་ཤར་ཙོང་ཁ་པས། གྲུམ་བུ་ལུང་དུ་གསུངས་པའི་རིམ་པ་རྣམས། བདག་གི་བླ་མ་རྗེ་བཙུན་དཀའ་བཅུ་པའི་མཚན་གྱིས་བརྗེད་བྱང་དུ་མཛད་པའོ། །ཨྠྀི ། །། ཨོཾ་སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་གསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣལ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།།


previousདཔལ་འཁོར་ལོ་སྡོམ་པ་ལ་བརྟེན་པའི་རྫོགས་པའི་རིམ་པའི་ཟིན་བྲིས།next