Nitartha Digital Library
Tibetan
ཇོ་ནང་ཆོས་སྤྱོད་རིན་ཆེན་ཕྲེང་བ།


   
   
   
   
   
   
   
   
   
   
   
གསོལ་འདེབས་རྒྱལ་མདུན་མ་སོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསོལ་འདེབས་རྒྱལ་མདུན་མ་སོགས།next

གསོལ་འདེབས་རྒྱལ་མདུན་མ་སོགས།

གསོལ་འདེབས་རྒྱལ་མདུན་མ་སོགས་བཞུགས། རྒྱལ་བའི་མདུན་ན་རྒྱལ་སྲས་ལི་ཙ་བཱི། །ཀ་ལཱ་པ་རི་རིགས་ལྡན་པདྨ་དཀར། །དཔལ་གྱི་རི་ལ་ཀླུ་སྒྲུབ་ཆེན་པོར་གྲགས། །འགྲོ་མགོན་ཇོ་ནང་པ་ལ་གསོལ་བ་འདེབས། །སྤོས་ངད་ལྡན་ན་ཆོས་འཕགས་སེམས་དཔའ་ཆེ། །ལྷ་ལྡན་གྲོང་དུ་སྲོང་བཙན་སྒམ་པོ་སྟེ། །རྔ་ཡབ་གླིང་ན་པདྨ་འབྱུང་གནས་དཔལ། །ཤེས་རབ་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་ནམ་མཁའི་ཁྱོན་ལྟར་ཡངས། །དེ་བློས་གསུང་རབ་ངེས་དོན་རྫོགས་པར་དགོངས། །དམ་ཆོས་དོན་དུ་སྲོག་ཀྱང་འདོར་ནུས་པའི། །དོལ་པོ་པར་གྲགས་བླ་མའི་ཞབས་ལ་འདུད། །གངས་རིའི་ཁྲོད་འདིར་ངེས་དོན་བསྟན་པའི་བདག །འགྲན་མེད་དམ་པ་ཆོས་ཀྱི་འཁོར་ལོ་བསྐོར། །འཇིག་རྟེན་མགོན་པོའི་རྣམ་འཕྲུལ་ཇོ་ནང་པ། །ཀུན་མཁྱེན་ཆེན་པོའི་ཞབས་ལ་མཆོད་པ་འབུལ། །མཆོད་བསྟོད་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས། །སྐྱབས་མཆོག་ཁྱོད་ཀྱི་བསྟན་པ་དར་བ་དང་། །བདག་ཅག་རྣམས་ཀྱི་འགལ་རྐྱེན་ཀུན་ཞི་ནས། །དངོས་གྲུབ་འདོད་དོན་མ་ལུས་འགྲུབ་པར་ཤོག །རྗེ་ཉིད་ཀྱི་སློབ་མ་ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའོ། །
༈ དངོས་གྲུབ་འབྱུང་གནས་ཀུན་མཁྱེན་ཆོས་ཀྱི་རྗེ། །འགྲོ་ཀུན་སྤྱི་གཙུག་པད་ཟླའི་གདན་བཞུགས་ནས། །ཐུགས་རྗེ་རྒྱུན་ཆད་མེད་པའི་བཀའ་དྲིན་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཅེས་ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་བཏབ་པའི་ཚིག་འདི་ལུང་དང་རིགས་པ་སྨྲ་བ་ཇོ་ནང་ལོ་ཙཱ་བས་སྦྱར་བའོ། །
༈ ཀུན་མཁྱེན་ཆོས་རྗེ་བྱང་སེམས་ཆོས་གྲགས་དཔལ། །ཇོ་ནང་ལོ་ཙཱ་མ་ཏི་པཎྜི་ཏ། །ཕྱོགས་ལས་རྣམས་རྒྱལ་འབྲི་གུང་ལོ་ཙཱ་བ། །མཉམ་མེད་ཡབ་སྲས་དྲུག་ལ་གསོལ་བ་འདེབས། །འཇམ་དབྱངས་སྨན་ཆུ་ཁ་བ་རིན་ཚུལ་བ། །ཞང་སྟོན་རྒྱ་བོ་ལྷ་ཡི་རྒྱལ་མཚན་དཔལ། །སྐྱེས་མཆོག་ཉ་དབོན་པ་དང་ཕུན་ཚོགས་དཔལ། །ཐང་སྟོན་ཆེ་ཆུང་རྣམས་ལ་གསོལ་བ་འདེབས། །མཚུངས་མེད་ཡབ་སྲས་བཅུ་བཞི་ཁྱེད་རྣམས་ཀྱིས། །མཁྱེན་བརྩེའི་ལྕགས་ཀྱུས་བདག་ཅག་ལེགས་བཟུང་ནས། །རྟག་པར་ཁྱེད་ཀྱི་ཞབས་དྲུང་སྐྱེ་བ་དང་། །གསུང་མཆོག་བདུད་རྩིའི་དཔལ་ལ་སྤྱོད་པར་ཤོག །ཅེས་པའང་ཇོ་ནང་ལོ་ཙཱ་བློ་གྲོས་དཔལ་བཟང་པོས་བཀོད་པའོ། །
༈ བདེ་ཆེན་ཟབ་གསལ་འགྱུར་བ་མེད་པའི་སྐུ། །ཡན་ལག་དྲུག་ཅུ་འགག་མེད་ཆོས་ཀྱི་གསུང་། །ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་པའི་ཐུགས། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་དཀྱིལ་འཁོར་ལས། །འགྲོ་ཀུན་དགའ་བའི་འོད་བརྒྱ་འགྱེད་མཁས་པ། །སྙིང་པོའི་དོན་སྟོན་རྗེ་བཙུན་བླ་མ་ལ། །གུས་པས་ཕྱག་འཚལ་སྙིང་ནས་གསོལ་བ་འདེབས། །བཀྲ་ཤིས་དགེ་ལེགས་ཕུན་ཚོགས་ཀུན་གྱི་གཞི། །དམ་ཆོས་མི་ནུབ་རྒྱལ་མཚན་འཛིན་པའི་བདག །བྱང་ཆུབ་སེམས་ཀྱི་བདག་གཞན་མཉམ་ཉིད་དགོངས། །ཡིད་བཞིན་ནོར་འདྲའི་བླ་མར་གསོལ་བ་འདེབས། །དཔལ་ལྡན་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །གང་སྣང་ཀུན་ཁྱབ་བདེ་བ་ཆེན་པོར་གཟིགས། །ལྷུན་གྲུབ་འཕྲིན་ལས་བཟང་པོ་འགྲོ་བའི་མགོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཁྱེན་པས་ཤེས་བྱའི་གནས་ཀུན་གསལ་བར་གཟིགས། །བརྩེ་བས་ཕན་བདེའི་དགའ་སྟོན་རྒྱ་ཆེར་འགྱེད། །ནུས་པས་སྙིང་པོའི་བསྟན་པ་གསལ་མཛད་པ། །སྒྲོལ་བའི་མགོན་པོའི་ཞབས་ལ་གསོལ་བ་འདེབས། །མཚན་ཙམ་དྲན་པས་བར་ཆད་ཐམས་ཅད་སེལ། །གསོལ་བ་བཏབ་ན་དགོས་འདོད་ཐམས་ཅད་འབྱུང་། །གུས་པས་བསྟེན་ན་དངོས་གྲུབ་ཐམས་ཅད་སྩོལ། །བསམ་འཕེལ་ནོར་བུའི་ཞབས་ལ་གསོལ་བ་འདེབས། །རང་བཞིན་འོད་གསལ་མ་བཅོས་གཉུག་མའི་གདངས། །གང་ཤར་རིས་མེད་དག་པའི་འཁོར་ལོ་ཅན། །བླ་མ་མཆོག་གི་ཞལ་ལུང་མངའ་བརྙེས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །མགོན་པོ་ཁྱོད་ཀྱིས་རྟག་ཏུ་རྗེས་འཛིན་ཅིང་། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར། །ཁྱོད་ཀྱི་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཏཱ་ར་ནཱ་ཐས་རང་ཉིད་ཀྱི་བསྟོད་པ་སྣ་ཚོགས་པ་དག་མི་འཐོར་བར་བྱ་བའི་ཕྱིར་དང་། སློབ་བུ་རྣམས་ཀྱི་སྤྱི་ཁྱབ་ཀྱིས་ཁ་ཏོན་དུ་དམིགས་ནས་ལེགས་པར་སྦྱར་བའོ། །
༈ ཨོཾ་སྭཱ་སྟི། བདེན་དོན་ངག་ལ་འཕོ་མེད་དབང་ཐོབ་ནས། །བྱང་ཆུབ་ཆོས་ཀྱི་འཕེལ་བ་རབ་རྫོགས་ཏེ། །སྤངས་རྟོགས་རྒྱ་མཚོར་ལོངས་སུ་སྤྱོད་པ་ཡི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་མཐུས། །མི་མཐུན་ཉེས་བརྒྱའི་སྤྲིན་རིས་དབྱིངས་སུ་ཡལ། །དགེ་ལེགས་མཛད་པའི་འོད་སྟོང་མཁའ་ཁྱབ་བརྡལ། །སྙིང་པོའི་བསྟན་པའི་པད་ཚལ་རྒྱས་བྱེད་ཤོག །བདག་སོགས་སྐྱེ་བ་ཀུན་ཏུ་དམ་པ་ཡིས། །རྗེས་བཟུང་ཟབ་མོ་ནང་གི་དབུ་མ་དང་། །རྡོ་རྗེའི་རྣལ་འབྱོར་རྟོགས་པའི་སྣོད་གྱུར་ཏེ། །ཆོས་རྗེ་ཡབ་སྲས་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ངག་དབང་ཆོས་འཕགས་ཀྱིས་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་འཛམ་ཐང་གི་ཆོས་སྒར་དུ་བྲིས་པའོ། །
༈ ངག་ཡིད་སྤྲོས་པ་ལས་འདས་དོན་དམ་གཤིས། །དབང་བཞིའི་ལམ་གྱིས་མངོན་བྱེད་ཡེ་ཤེས་མཆོག །བསམ་གྱིས་མི་ཁྱབ་དགོངས་པ་དབང་འབྱོར་བ། །གཏན་གྱི་སྐྱབས་གནས་བླ་མར་གསོལ་བ་འདེབས། །ཞེས་པའང་དཔལ་སྤྲུལ་བས་བྲིས་པའོ། །
༈ བསླབ་པ་གསུམ་ལྡན་རྡོ་རྗེའི་རྣལ་འབྱོར་གྱིས། །རང་རྒྱུད་གྲོལ་ནས་གཞན་རྒྱུད་སྨིན་མཛད་པའི། །སྙིང་པོའི་བསྟན་པའི་སྲོག་འཛིན་འཁོར་ལོའི་མགོན། །ངག་དབང་ཆོས་འཕགས་རྒྱ་མཚོར་གསོལ་བ་འདེབས། །ཞེས་པ་འདི་ཡང་གྲྭ་བ་འཛམ་ཐང་ཀུན་བཟང་ངོར། བློ་གྲོས་མཐའ་ཡས་ཀྱིས་སྦྱར་བའོ། །
༈ བག་ཡོད་བསླབ་པའི་སྒོ་གསུམ་དུལ་བར་གནས། །རིམ་གཉིས་རྣལ་འབྱོར་མཆོག་ལ་སྦྱངས་བརྩོན་ནས། །སྒོམ་བྱུང་ཡོན་ཏན་དུ་མའི་ནོར་གྱིས་ཕྱུག །ཀུན་དགའ་དཔལ་ལྡན་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་ངག་དབང་ཆོས་འབྱོར་བས་བྲིས་པའོ། །
༈ རྨད་བྱུང་རྡོ་རྗེ་ཐེག་པའི་གདམ་ངག་མཆོག །ཚུལ་བཞིན་སྟོན་ལ་དབང་འབྱོར་གསང་རྒྱུད་ཀྱི། །ཟབ་ལམ་ཆོས་ཀྱི་མཛོད་འཛིན་བླ་མ་རྗེ། །ངག་དབང་ཆོས་འཛིན་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་ངག་དབང་དོན་ལྡན་གྱི་བསྐུལ་ངོར། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་བྲིས་པའོ། །
༈ རྒྱལ་བའི་བསྟན་ལ་དད་ཅིང་གུས་པའི་འཇུག །ཐོས་བསམ་སྒོམ་པའི་བྱ་བར་རྟག་ཏུ་བརྩོན། །རིས་མེད་བསྟན་ལ་བྱ་ར་བྱེད་པའི་བཤེས། །ཐུབ་བསྟན་དགེ་ལེགས་རྒྱ་མཚོར་གསོལ་བ་འདེབས། །ཞེས་པ་འདི་ཡང་ཉག་རོང་དགེ་སློང་ཆོས་འགྲུབ་ཀྱི་རེ་འདོད་བསྐང་ཕྱིར། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་བྲིས་པའོ། །
༈ རྣམ་དག་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིང་། །ཐུགས་དགོངས་ཟབ་མོའི་ཆོས་ལ་རྟག་པར་གཞོལ། །གཞན་ཕན་མཛད་འཕྲིན་འོད་སྟོང་ཕྱོགས་བརྒྱར་སྤེལ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐེག་མཆོག་གདམས་ངག་སྟོན་ལ་དབང་ཐོབ་ཅིང་། །ཟབ་རྒྱས་ཆོས་ཀྱི་འབྱོར་བའི་དགའ་སྟོན་སྤེལ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་ཆེན་ལ། །བྱང་ཆུབ་སྙིང་པོའི་བར་དུ་གསོལ་བ་འདེབས། །བདག་ནི་སྐྱེ་བ་འདི་དང་ཚེ་རབས་སུ། །མཚན་ལྡན་བླ་མ་ཁྱེད་ཀྱིས་རྗེས་བཟུང་སྟེ། །གསང་ཆེན་ལམ་གྱི་ཉམས་དང་རྟོགས་པ་ཀུན། །མྱུར་དུ་རྫོགས་ནས་རྡོ་རྗེ་འཆང་ཐོབ་ཤོག །ཅེས་རྡོ་རྗེ་འཆང་ངག་དབང་ཆོས་འབྱོར་དཔལ་བཟང་པོ་ལ་གསོལ་བ་འདེབས་པ་འདི་ཡང་ངག་དབང་བློ་ལྡན་གྱིས་བསྐུལ་ངོར། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་གསོལ་བ་བཏབ་པའོ། །
༈ ཟབ་རྒྱས་གདམས་པ་ཀུན་གྱི་དགའ་སྟོན་མཆོག །ཚུལ་བཞིན་འཆད་ལ་མཁས་ཤིང་གྲུབ་པའི་དབང་། བསྟན་འགྲོའི་སྤྱི་དཔལ་སྐལ་བཟང་ཡོངས་ཀྱི་མགོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ནི་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་མཁས་དབང་དཔལ་བཟང་པོ་གང་གི་གསོལ་འདེབས་ཤོ་ལོ་ཀ་གཅིག་དགོས་ཞེས་གང་གི་སློབ་བུ་རྣམས་ཀྱིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། དམ་པ་དེ་ཉིད་ཀྱི་སློབ་འབངས་ངག་གི་དབང་པོས་བྲིས། །
༈ ཐེག་གསུམ་བསྟན་པའི་ཡང་རྩེ་ཡན་ལག་དྲུག །ཚུལ་བཞིན་འཛིན་ཅིང་མ་ནོར་གཞན་ལ་འཆད། །སྡོམ་གསུམ་གྲགས་པས་གདུལ་བྱའི་ཡིད་འཕྲོག་པ། །དྲིན་ཅན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་རྒ་བླ་མ་དང་བློ་བསྟན་ཟུང་གི་ཐུགས་འདུན་བཞིན། ངག་དབང་གིས་བྲིས། །
༈ ཀུན་ཁྱབ་ཤེར་ཕྱིན་དགའ་བའི་འོད་སྣང་རྒྱས། །གསུང་ངག་རྒྱ་མཚོའི་གོས་ཅན་དབང་བསྒྱུར་བས། །དཔལ་ལྡན་རིམ་གཉིས་འབྲས་བཟང་ཡོངས་སྨིན་པའི། །རྡོ་རྗེ་འཆང་ཆེན་ཁྱེད་ལ་གསོལ་བ་འདེབས། །ཞེས་གང་གི་སློབ་བུ་ངག་དབང་བློ་བཟང་གིས་བསྐུལ་ངོར། ཚོགས་གཉིས་རྒྱ་མཚོས་གསོལ་བ་བཏབ་པའོ། །
༈ མན་ངག་ནོར་བུའི་གཟིངས་ལ་དབང་བསྒྱུར་ཞིང་། །ཚོགས་གཉིས་རྒྱ་མཚོ་མཆོག་གི་ཕ་མཐར་སོན། །འགྲོ་ཀུན་རྣམ་གྲོལ་རིན་ཆེན་གླིང་མཆོག་ཏུ། །ཁྲིད་མཁས་དེད་དཔོན་ཆེན་པོར་གསོལ་བ་འདེབས། །ཞེས་པའང་འགྲོ་ཕན་རྒྱ་མཚོས་བསྐུལ་ངོར། ཕ་བོང་ཁ་བ་སྤྲུལ་མིང་བས་སྦྱར་བའོ། །
༈ གྲུབ་པའི་དབང་ཕྱུག་དཔལ་ལྡན་ཡོངས་ཀྱི་མགོན། །ས་བཅུའི་དབང་ཕྱུག་ངག་དབང་རབ་གསལ་ལ། །གསོལ་བ་འདེབས་སོ་བདག་སོགས་བྱིན་གྱིས་རློབས། །སེམས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བདག་སོགས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་ཁྱོད་ཀྱིས་རྗེས་བཟུང་ནས། །རྟག་ཏུ་དལ་འབྱོར་ལུས་ཐོབ་བླ་མར་མཇལ། །མཐར་ཐུག་བླ་མའི་ཞབས་དྲུང་སྐྱེ་བར་ཤོག །ཅེས་རྩ་བའི་བླ་མའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི་ཡང་སེ་བླ་མ་རིན་ཚུལ་ལ་ཉེ་བར་མཁོ་ཕྱིར། ངག་དབང་བསྟན་པ་གསལ་བྱེད་ཀྱིས་བྲིས་པའི་དགེ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་གྲོལ་བའི་རྒྱུར་གྱུར་ཅིག །
༈ ཚོགས་གཉིས་རབ་རྫོགས་སྨོན་ལམ་རྣམ་དག་ལས། །སྲིད་ཞིར་མི་གནས་གཞན་དོན་ལྷུར་བཞེས་ཤིང་། །མཛད་འཕྲིན་བཟང་པོས་གཞན་སྣང་དགེ་ལ་བསྐུལ། །འབྲེལ་ཚད་དོན་ལྡན་བླ་མར་གསོལ་བ་འདེབས། །ཞེས་པ་འདི་ནི་མཁན་ཟོལ་གསང་མིང་བས་གསོལ་བ་བཏབ་པའོ། །
༈ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འཁོར་ལོའི་མགོན། །གྲུབ་པའི་དབང་ཕྱུག་ཡོངས་ཀྱི་བདག་ཉིད་རྗེ། །ཆོས་ཉིད་དོན་རྟོགས་ཤེས་བྱ་ཐམས་ཅད་གཟིགས། །རྡོ་རྗེ་འཆང་ཆེན་ཁྱེད་ལ་གསོལ་བ་འདེབས། །བདག་ནི་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་ཁྱེད་ཀྱིས་རྗེས་བཟུང་ནས། །རིམ་གཉིས་ལམ་གྱི་ཉམས་དང་རྟོགས་པ་ཀུན། །རྒྱུད་ལ་སྐྱེས་ནས་ས་ལམ་མཐར་ཕྱིན་ཤོག །ཅེས་དཔལ་ལྡན་བླ་མ་ངག་དབང་རྡོ་རྗེ་བཟང་པོ་གང་གི་གསོལ་འདེབས་འདི་ཡང་སློབ་བུ་རྣམས་ཀྱིས་གསོལ་བ་བཏབ་པའི་ཆེད་དུ། ངག་དབང་བསྟན་པ་གསལ་བྱེད་ཀྱིས་འཕྲལ་དུ་བྲིས་པ་དགེ་བར་གྱུར་ཅིག །
༈ གསང་ཆེན་ངག་གི་དབང་ཕྱུག་རྡོ་རྗེ་འཆང་། །སྐྱབས་གནས་དཀོན་མཆོག་འགྲོ་ཕན་དར་བའི་གཉེན། །དབྱེར་མེད་བདག་སོགས་ཆོས་བློ་རྒྱས་མཛད་པའི། །དཔལ་ལྡན་རྩ་བའི་བླ་མར་གསོལ་བ་འདེབས། །ཞེས་གསོལ་འདེབས་འདི་ཀུན་དཔལ་ལ་མཁོ་ཕྱིར། མ་ཏིས་སོ། །
༈ ལེགས་ལམ་བདུད་རྩིའི་ཟེགས་མས་བློ་བསྒྱུར་ཞིང་། །ཡིན་ལུགས་གྲོས་ཀྱི་གཞན་ཕན་བརྩོན་པ་ཡི། །རྣམ་དཀར་གྲགས་སྙན་འཛིན་པའི་བཤེས་གཉེན་ཚུལ། །ངང་བཟང་ཉེ་བར་འཆང་ལ་གསོལ་བ་འདེབས། །ཞེས་གྲོགས་ཀྱི་ངོར། མ་ཏིས་སོ། །
༈ གཞན་ཕན་ལྷག་བསམ་སྙིང་སྟོབས་གོ་བགོས་ནས། །འཆད་རྩོད་རྩོམ་གསུམ་དབང་ལུང་ཁྲིད་གསུམ་སོགས། །ཐབས་བརྒྱས་རྒྱལ་བསྟན་སླར་གསོས་ཁུར་འཛིན་པ། །བཤེས་གཉེན་ཡོན་ཏན་བཟང་པོར་གསོལ་བ་འདེབས། །བདག་ནི་མ་འོངས་སྐྱེ་བ་ཐམས་ཅད་དུ། །ཁྱེད་དང་འབྲལ་མེད་ཐུགས་བརྩེས་རྗེས་བཟུང་ནས། །ཐེག་ཆེན་ལམ་མཆོག་ཆོས་ལ་ལོངས་སྤྱོད་ཅིང་། །སྤངས་རྟོགས་མཐར་ཕྱིན་སངས་རྒྱས་མྱུར་ཐོབ་ཤོག །ཅེས་རྩེ་གཅིག་ཏུ་གསོལ་འདེབས་ཡང་ཡང་བྱས་ན་འདོད་དོན་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་ནོ། །ཞེས་པ་འདི་ཡང་རྣལ་འབྱོར་པ་ཆེན་པོ་ཀ་ཐོག་བླ་མ་ཐེག་མཆོག་གིས་སྦྱར་བའོ། །
༈ རིང་ནས་བརྩེ་བའི་གདུལ་བྱའི་དཔལ་དུ་ཤར། །རྨད་བྱུང་ཐུགས་བསྐྱེད་རྒྱ་མཚོས་འགྲོ་ཁམས་སྐྱོང་། །བསོད་ནམས་བསགས་པས་སྙན་གྲགས་ཕྱོགས་བརྒྱར་ཁྱབ། །བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས། །དེང་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་པར། །བརྩེ་བས་ཆགས་ཤིང་བདག་སོགས་མི་འདོར་བར། །གསུང་གི་གདམས་པའི་བདུད་རྩིས་ཚིམ་གྱུར་ནས། །ཕ་རོལ་ཕྱིན་པའི་ལུས་མཆོག་རྒྱས་པར་མཛོད། །ཅེས་དད་གུས་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་དྲག་ཏུ་བཏབ། བླ་མ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་བསྐུལ་ངོར། བློ་བཟང་འཕྲིན་ལས་ཀྱིས་སྦྱར་བའོ། །
༈ དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། །།


previousགསོལ་འདེབས་རྒྱལ་མདུན་མ་སོགས།next