Nitartha Digital Library
Tibetan
ཇོ་ནང་ཆོས་སྤྱོད་རིན་ཆེན་ཕྲེང་བ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨོན་ལམ་ཁྱད་པར་དུ་འཕགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨོན་ལམ་ཁྱད་པར་དུ་འཕགས་པ།next

སྨོན་ལམ་ཁྱད་པར་དུ་འཕགས་པ།

རིམ་གཉིས་ཟབ་མོའི་ལམ་གྱི་སྨོན་ལམ་ཁྱད་པར་དུ་འཕགས་པ་བཞུགས་སོ། །བླ་མ་དང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །བསྐྱེད་པའི་རིམ་པར་ལེགས་གནས་ཤིང་། །སྔགས་ཀྱི་ནུས་པ་མཐར་ཕྱིན་ཏེ། །ཞི་སོགས་འཕྲིན་ལས་བཅུ་གཉིས་པོ། །ཐོགས་པ་མེད་པར་འགྲུབ་པར་ཤོག །རལ་གྲི་རེག་འདྲ་བཅུད་ཀྱི་དབང་། །བདུད་རྩི་འབྲས་བུ་རིལ་བུ་དང་། །རོ་ཙ་ན་དང་མིག་སྨན་དང་། །རྐང་མགྱོགས་གྲུབ་ཆེན་བརྒྱད་ཐོབ་ཤོག །འོག་མིན་གནས་ཀྱི་མཐར་ཐུག་པ། །འཇིག་རྟེན་པ་ཡི་དངོས་གྲུབ་མཆོག །ཕུན་སུམ་ཚོགས་པ་ཐམས་ཅད་ཀུན། །འབད་པ་མེད་པར་འགྲུབ་པར་ཤོག །དེས་ཀྱང་ཆོག་པར་མི་འཛིན་ཅིང་། །ལྟོས་མེད་བཞི་དང་ལྡན་པ་ཡི། །ཡིད་ཆེས་གསུམ་ལྡན་ཟབ་མོའི་ལམ། །རྫོགས་པའི་རིམ་པ་བསྒོམ་པར་ཤོག །ཐུགས་ཀྱི་རྡོ་རྗེ་ནམ་མཁར་བཞག །ཡུལ་དང་ཡུལ་ཅན་འབྲེལ་བ་བཅད། །སྟོང་ཉིད་མངོན་སུམ་གྱུར་པ་ཡི། །སོ་སོར་སྡུད་པ་བསྒོམ་པར་ཤོག །ཤེས་རབ་རྟོག་དང་དཔྱོད་པ་དང་། །དགའ་དང་གཡོ་མེད་བདེ་བ་ཡི། །སྟོང་གཟུགས་རྟག་ཏུ་བརྟན་པར་བསྒོམ། །བསམ་གཏན་ཡན་ལག་མངོན་འགྱུར་ཤོག །གཡས་གཡོན་ཉི་ཟླའི་རྒྱུ་བ་གཉིས། །འགགས་ནས་དབུ་མའི་ལམ་དུ་གཞུག །དུས་མིན་འཆི་ལས་རྣམ་རྒྱལ་བ། །སྲོག་རྩོལ་ཡན་ལག་མངོན་འགྱུར་ཤོག །ལྟེ་བ་སྙིང་ག་མགྲིན་པ་དང་། །དཔྲལ་བ་ཐིག་ལེའི་གནས་རྣམས་སུ། །སྲོག་ནི་འགྲོ་འོང་མེད་པར་འཛིན། །འཛིན་པའི་ཡན་ལག་མངོན་འགྱུར་ཤོག །གཏུམ་མོ་ཡེ་ཤེས་མེ་འབར་བས། །འདོད་པའི་ལྷ་མཐོང་གཟུགས་རྟོག་བྲལ། །འོད་འཕྲོས་གཟུགས་ལས་ཁམས་གསུམ་སྤྲོས། །རྗེས་དྲན་ཡན་ལག་མངོན་འགྱུར་ཤོག །འདོད་པའི་ལྷ་ལ་རྗེས་ཆགས་པའི། །ཤེས་དང་ཤེས་བྱ་དབྱེར་མེད་པའི། །མི་འགྱུར་བདེ་བ་རྩེ་གཅིག་པའི། །ཏིང་འཛིན་ཡན་ལག་མངོན་འགྱུར་ཤོག །འབྱུང་བཞི་རིམ་གྱིས་སྟོང་པར་ཐིམ། །སྟོང་པ་མཚན་མ་རྣམ་བཅུར་འགྱུར། །མཚན་མ་རྣམ་པ་ཀུན་ལྡན་གཟུགས། །གཟུགས་ཀྱང་མི་འགྱུར་བདེ་བར་ཤོག །མི་འགྱུར་བདེ་བའི་ཡེ་ཤེས་ལས། །ནམ་མཁར་འགྲོ་སོགས་རྫུ་འཕྲུལ་དང་། །ཁམས་གསུམ་དབང་ཕྱུག་དངོས་གྲུབ་མཆོག །ཚེ་འདི་ཉིད་ལ་འགྲུབ་པར་ཤོག །རྣལ་འབྱོར་གསུམ་གྱིས་ལམ་ལ་བསླབ། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས། །སྤྱོད་པ་གསུམ་གྱི་མཐར་ཕྱིན་ཏེ། །རྡོ་རྗེ་གསུམ་པོ་མངོན་འགྱུར་ཤོག །བསྙེན་སྒྲུབ་ཡན་ལག་བཞི་སྦྱངས་ཤིང་། །རྡོ་རྗེ་བཞི་ཡི་དམ་ཚིག་བསྟེན། །གནས་སྐབས་བཞི་ཡི་འཁྲུལ་བ་ཟད། །སྐུ་བཞི་མངོན་དུ་འགྱུར་བར་ཤོག །ལམ་ལྔ་མ་ལུས་ལེགས་པར་བགྲོད། །སྤྱན་ལྔ་རིམ་གྱིས་མངོན་དུ་འགྱུར། །ཕུང་པོ་ལྔ་ཡི་སྒྲིབ་པ་སྦྱངས། །ཡེ་ཤེས་ལྔ་པོ་འཐོབ་པར་ཤོག །ཡན་ལག་དྲུག་ལ་ལེགས་པར་སྦྱངས། །རིགས་དྲུག་དམ་ཚིག་སྡོམ་པར་བསྟེན། །ཁམས་དྲུག་སྒྲིབ་པ་བྲལ་བ་ཡིས། །རིགས་དྲུག་དབྱེར་མེད་མངོན་འགྱུར་ཤོག །རྣལ་འབྱོར་གནས་སྐབས་བཅུ་པོ་བགྲོད། །ཕ་རོལ་ཕྱིན་པ་བཅུ་ལ་བསླབས། །དབང་བཅུ་སྟོབས་བཅུ་མངོན་དུ་གྱུར། །ཕྱི་ནང་རྣམ་བཅུ་དག་པར་ཤོག །འཕོ་བ་བཅུ་གཉིས་རྒྱུ་བ་འགགས། །རྟེན་འབྲེལ་ཡན་ལག་བཅུ་གཉིས་འཛད། །རབ་དགའ་ལ་སོགས་བཅུ་གཉིས་པོ། །ཚེ་འདི་ཉིད་ལ་བགྲོད་པར་ཤོག །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཡོན་ཏན་ཀུན་རྫོགས་སངས་རྒྱས་ཉིད། །ཚེ་འདི་ཉིད་ལ་མྱུར་ཐོབ་ཤོག །རང་གི་སྔོན་གྱི་ཉེས་པ་ཡིས། །ཚེ་འདིར་བྱང་ཆུབ་མ་ཐོབ་ནའང་། །རྒྱལ་དང་རྒྱལ་སྲས་ཐུགས་རྗེ་ཡིས། །འཕོས་མ་ཐག་ཏུ་ཐོབ་པར་ཤོག །འཆི་ཚེ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མཆོད་པ་རྣམ་པ་དུ་མ་ཡིས། །བསུས་ནས་མཁའ་སྤྱོད་འཁྲིད་པར་ཤོག །དེ་མ་ཐག་ཏུ་ཏིང་འཛིན་ཐོབ། །སྒྲིབ་པ་ཀུན་སྤངས་ཡོན་ཏན་རྫོགས། །ས་རྣམས་མཐར་ཕྱིན་སངས་རྒྱས་ཉིད། །སྐད་ཅིག་དེ་ལ་ཐོབ་པར་ཤོག །ཅིས་ཀྱང་སྐྱེ་བ་བདུན་གྱི་བར། །རྡོ་རྗེ་འཆང་གི་གོ་འཕང་ཉིད། །གདོད་མི་ཟ་བར་འགྲུབ་འགྱུར་ཅིག །དེ་ལས་གཞན་དུ་མ་གྱུར་ཅིག །བདག་ཀྱང་སྐྱེ་བ་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད། །བླ་མ་ལ་གུས་སྙིང་བརྩེར་ལྡན། །དུས་འཁོར་དམ་ཚིག་ལ་གནས་ཤིང་། །རྡོ་རྗེ་དྲིལ་བུ་རྟག་ཏུ་འཆང་། །ཟབ་ཅིང་རྒྱ་ཆེའི་ཆོས་འདོན་ཅིང་། །དམ་ཚིག་བཞི་པོ་བསྟེན་པ་དང་། །རིམ་གཉིས་ཟབ་ལམ་བསྒོམ་པར་ཤོག །འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་དུས་ཀྱི་འཁོར་ལོ་ཡི། །རྨད་བྱུང་རྡོ་རྗེ་ཐེག་པ་དང་། །མི་འབྲལ་ཚུལ་བཞིན་བསྒྲུབ་པར་ཤོག །སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །འདི་ནས་སྐྱེ་བདུན་ལ་སོགས་པར། །བླ་མ་དཔལ་ལྡན་དུས་འཁོར་གྱི། །ཞབས་རྡུལ་སྤྱི་གཙུག་གནས་པར་ཤོག གང་ཚེ་མགོན་ལ་བལྟ་བ་དང་། །ཅུང་ཟད་འདྲི་བར་འདོད་ན་ཡང་། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་མ་ལུས་དོན་གྱི་ཕྱིར། །ཐུབ་དབང་སྤྱོད་པ་ཇི་ལྟ་བར། །བདག་གི་སྤྱོད་པའང་དེ་ལྟར་ཤོག །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་ལ་སྨིན་གྱུར་ནས། །འཕྲལ་དང་ཡུན་དུ་བདེ་བར་ཤོག །སེམས་ཅན་རྣམས་ཀྱི་མི་དགེའི་ཚོགས། །སྡུག་བསྔལ་རྒྱ་མཚོའི་རྒྱུར་གྱུར་པ། །དེ་ཀུན་བདག་ལ་སྨིན་གྱུར་ནས། །སྡུག་བསྔལ་རིན་ཆེན་དབང་པོར་ཤོག །གང་ཞིག་བདག་ནི་མཐོང་བ་དང་། །བདག་མིང་ཐོས་དང་དྲན་པ་དང་། །དད་དང་དགའ་བར་བྱེད་པ་ཀུན། །ཚེ་འདིར་རྡོ་རྗེ་འཆང་ཐོབ་ཤོག །གང་དག་ང་ལ་སྨོད་པ་དང་། །བརྡེག་བཙོག་མི་སྙན་བརྗོད་པ་དང་། །ཕྲག་དོག་ངན་སེམས་འཆང་བ་ཀུན། །ཚེ་འདིར་སངས་རྒྱས་མྱུར་ཐོབ་ཤོག །བདག་ལ་བརྟེན་ནས་ནམ་དུ་ཡང་། །གཞན་ལ་གནོད་པར་མ་གྱུར་ཅིག །སྒོ་གསུམ་གང་དང་གང་བརྩམས་པ། །གཞན་ལ་ཕན་པར་འགྱུར་བར་ཤོག །བུམ་པ་བཟང་པོ་དཔག་བསམ་ཤིང་། །ཡིད་བཞིན་ནོར་བུ་ཇི་ལྟ་བུར། །སེམས་ཅན་རྣམས་ཀྱི་འདོད་པའི་དོན། །ཐམས་ཅད་བདག་ལ་འབྱུང་བར་ཤོག །གལ་ཏེ་གཞན་ལ་ཕན་གྱུར་ན། །རང་གི་དོན་ལ་ལྟོས་མེད་པར། །ངན་སོང་གསུམ་གྱི་སྡུག་བསྔལ་ཡང་། །གཞན་གྱི་དོན་དུ་བཟོད་པར་ཤོག །མི་བཟོད་ལས་ཀྱི་མཐུ་སྟོབས་ཀྱིས། །མི་ཁོམ་གནས་སུ་སྐྱེས་གྱུར་ནས། །ཉོན་མོངས་ནད་ཀྱིས་གདུང་བ་ལ། །ཆོས་ཀྱི་བདུད་རྩི་སྦྱིན་པར་ཤོག །བླ་མ་དཀོན་མཆོག་གསུམ་པོ་དང་། །ཁྱད་པར་དཔལ་ལྡན་དུས་འཁོར་ལ། །མ་དད་བསོད་ནམས་དམན་པ་ནི། །ཆོས་ཀྱི་ཕོངས་པར་གྱུར་པ་རྣམས། །བདག་གི་སྣ་ཚོགས་ཐབས་ཀུན་གྱིས། །ལེགས་པར་ཁྲིད་དེ་བླ་མ་དང་། །དཀོན་མཆོག་གསུམ་དང་དུས་འཁོར་ལ། །དད་བྱས་ལམ་ལ་འགོད་གྱུར་ཅིག །བླ་མ་ལྷར་བཅས་བྱིན་རླབས་དང་། །ཟབ་ལམ་རིམ་གཉིས་བསྒོམས་པའི་མཐུས། །དངོས་གྲུབ་རྣམ་པ་གཉིས་ཐོབ་ནས། །སེམས་ཅན་སྨིན་པའི་མཐུ་ལྡན་ཤོག །བདག་ནི་འཆི་བའི་དུས་ཀྱི་ཚེ། །སྡིག་དང་འགྱོད་པ་མེད་པ་དང་། །དབང་པོ་རྣམས་ནི་གསལ་བ་དང་། །ཏིང་འཛིན་ངང་ནས་འཕོ་བར་ཤོག །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་ཐོགས་ཏེ། །རོལ་མོ་སྒྲ་སྙན་གླུས་མཆོད་ཅིང་། །མཁའ་སྤྱོད་གནས་སུ་འཁྲིད་པར་ཤོག །ངེས་པར་མཆོག་ཏུ་མི་འགྱུར་བའི། །བདེ་བའི་ཏིང་འཛིན་རབ་ཐོབ་ནས། །ཁྱབ་བདག་དབུགས་ཀྱི་གྲངས་འཕེལ་བས། །གནས་དང་ཉེ་གནས་སོགས་བགྲོད་ཤོག །ནོར་བུའི་རྩེ་མོར་ཉི་རྡུལ་བརྟན། །གཙུག་ཏོར་བྱང་སེམས་ཟླ་བ་ཉ། །མི་གནས་མྱ་ངན་འདས་པ་མཆོག །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་རིམ་གཉིས་ཟབ་མོའི་ལམ་གྱི་སྨོན་ལམ་ཁྱད་པར་དུ་འཕགས་པ་འདི་ཡང་། རིགས་ལྡན་སྤྲུལ་པའི་སྐུ་ཆེན་པོ་རྟོན་པ་བཞི་ལྡན་ཞབས་ཀྱིས་བཀོད་པའོ།། །། དགེའོ།།


previousསྨོན་ལམ་ཁྱད་པར་དུ་འཕགས་པ།next