Nitartha Digital Library
Tibetan
ཇོ་ནང་ཆོས་སྤྱོད་རིན་ཆེན་ཕྲེང་བ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་ཤམྦྷ་ལའི་སྨོན་ལམ་ཉེར་བཞི་པ་འདོད་འཇོའི་སྙེ་མ།
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ཤམྦྷ་ལའི་སྨོན་ལམ་ཉེར་བཞི་པ་འདོད་འཇོའི་སྙེ་མ།next

དཔལ་ལྡན་ཤམྦྷ་ལའི་སྨོན་ལམ་ཉེར་བཞི་པ་འདོད་འཇོའི་སྙེ་མ།

དཔལ་ལྡན་ཤམྦྷ་ལའི་སྨོན་ལམ་ཉེར་བཞི་པ་འདོད་འཇོའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །བདག་གིས་དེ་རིང་གི་བསགས་པའི་དགེ་བའི་རྩ་བ་འདི་ཉིད་ཀྱིས་མཚོན་པའི་དུས་གསུམ་དུ་བསགས་པའི་དགེ་བའི་མཐུ་ལས་བདག་ཆེ་གེ་མོའི་ཚེ་འདི་འཕོས་མ་ཐག་པ་ནས་སྐྱེ་བ་གཞན་གྱི་བར་མ་ཆོད་པར་བྱང་ཤམྦྷ་ལའི་རིགས་ལྡན་རྒྱལ་པོ་རྣམས་ཀྱི་འཁོར་དུ་མི་ལུས་ཆོས་ལྡན་དུ་སྐྱེ་བར་ཤོག་ཅིག །རིགས་ལྡན་རྒྱལ་པོའི་འཁོར་དུ་སྐྱེ་བ་ལ་བར་ཆད་གང་ཡང་མེད་པར་ཤོག་ཅིག །ལས་ངན་པའི་དབང་དུ་གཞན་དུ་མི་འགྲོ་བར་ཤོག་ཅིག །དེར་སྐྱེས་ནས་ཆོས་སྒྲུབ་པ་ལ་ནད་ལ་སོགས་པའི་བར་ཆད་གང་ཡང་མེད་པར་ཤོག་ཅིག །བདུད་དང་སྡིག་པའི་གྲོགས་པོའི་དབང་དུ་དུས་སྐད་ཅིག་ཙམ་ཡང་མི་འགྲོ་བར་ཤོག་ཅིག །ཆོས་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཤོག་ཅིག །རིགས་ལྡན་རྒྱལ་པོ་དེ་སངས་རྒྱས་དངོས་སུ་མཐོང་བའི་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་སྟེ་ལོག་ལྟ་སྐད་ཅིག་ཙམ་ཡང་མི་སྐྱེ་བར་ཤོག་ཅིག །དེའི་ཅི་གསུང་གི་བཀའ་ཐམས་ཅད་གུས་པའི་སྒོ་ནས་དང་དུ་བླངས་ཏེ་སྒྲུབ་པར་ཤོག་ཅིག །སྒྲུབ་ནུས་པའི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་རྒྱ་ཆེ་བ་དང་། རྣོ་བ། མྱུར་བ། གསལ་བ། ཟབ་པ། ཕུན་སུམ་ཚོགས་པ་ཐོབ་པར་ཤོག་ཅིག །དེར་སྐྱེས་ཚེ་འདོད་ཆགས་དང་། ང་རྒྱལ་དང་། ལེ་ལོ་ལ་སོགས་པ་ཉོན་མོངས་པའི་རྣམ་རྟོག་ངན་པ་རྣམ་པ་ཀུན་ཏུ་མི་སྐྱེ་བར་ཤོག་ཅིག །རིགས་ལྡན་རྒྱལ་པོའི་གདམས་ངག་བསྟན་པ་བཞིན་ཉམས་སུ་བླངས་པ་ལས་འཁོར་བ་མཐའ་དག་ལ་ཞེན་པ་གཏིང་ནས་ལོག་པའི་ངེས་འབྱུང་གི་བསམ་པ་ཡང་དག་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་སར་འགོད་པའི་ཆེད་དུ་བདག་གི་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པར་རྟོགས་པའི་ཟབ་མོ་དབུ་མའི་ལྟ་བ་རྣམ་པར་དག་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །རྒྱལ་སྲས་ཀྱི་ལམ་མཐའ་དག་སྒྲུབ་པ་ལ་སྙིང་སྟོབས་ཀྱི་གོ་ཆའི་བསམ་པ་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །ལམ་ཕ་རོལ་ཕྱིན་པ་དྲུག་གི་ཉམས་ལེན་ཡོངས་སུ་རྫོགས་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྡོ་རྗེ་བཞིའི་ལམ་གྱི་རིམ་པ་ཐམས་ཅད་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །རྫོགས་རིམ་མི་གཡོ་གསུམ་ལྡན་གྱི་རྣལ་འབྱོར་ལ་བརྟེན་ནས་ལས་རླུང་མཐའ་དག་དབུ་མར་ཞུགས་པའི་སྟོང་གཟུགས་རབ་འབྱམས་མངོན་སུམ་དུ་མཐོང་ཞིང་མཐོང་བ་རབ་ཏུ་བརྟན་པའི་སོར་སྡུད་ཀྱི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །སྟོང་གཟུགས་མཐའ་དག་རླུང་སེམས་དང་ངོ་བོ་དབྱེར་མེད་དུ་འདྲེས་པའི་ཡན་ལག་ལྔ་ལྡན་གྱི་བསམ་གཏན་གྱི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །རྡོར་བཟླས་དང་བུམ་ཅན་གྱི་སྦྱོར་བས་སྟོང་གཟུགས་དང་འདྲེས་པའི་རླུང་སེམས་མཐའ་དག་དབུ་མ་སྒྲ་གཅན་གྱི་དབྱིངས་སུ་རྟག་པར་ཉམས་མེད་དུ་བཅིངས་པའི་ཞི་བདེའི་བདེ་སྟོང་ཟུང་འཇུག་སྒོམ་པའི་སྲོག་རྩོལ་གྱི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །དབུ་མར་བཅིངས་པའི་སྟོང་གཟུགས་རླུང་སེམས་དང་བཅས་པ་འཁོར་ལོ་དྲུག་གི་ཐིག་ལེ་ཕྲ་མོ་རྣམས་ལ་ཐིམ་པའི་ཐིག་ལེ་བརྟན་པའི་གཏུམ་མོ་འབར་སྣང་གི་ལྷ་སྐུ་རབ་འབྱམས་མངོན་སུམ་དུ་མཐོང་བའི་ཞི་བདེའི་བདེ་སྟོང་ཟུང་འཇུག་སྒོམ་པའི་འཛིན་པའི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །སྟོང་གཟུགས་རླུང་སེམས་དང་བཅས་པ་ཐིག་ལེར་ཐིམ་པའི་གཏུམ་མོ་འབར་སྣང་ལས་རང་ཉིད་རྣམ་ཀུན་མཆོག་ལྡན་སྟོང་གཟུགས་དུས་ཀྱི་འཁོར་ལོ་ཡབ་ཡུམ་གྱི་སྐུར་ཤར་བ་ལས་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་སྟོང་ཟུང་འཇུག་སྒོམ་པས་མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་པའི་རྗེས་དྲན་གྱི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །རྗེས་དྲན་ལས་མི་འགྱུར་བའི་བདེ་བའི་ཡེ་ཤེས་དངོས་སུ་གྲུབ་སྟེ། འགྱུར་མེད་བདེ་བའི་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐམས་ཅད་ཡོངས་སུ་རྫོགས། ཟུང་འཇུག་ཕྱག་རྒྱ་ཆེན་པོའི་སྐུ་གྲུབ་སྟེ། དེའི་རྟེན་ལ་དཔལ་དུས་ཀྱི་འཁོར་ལོའི་ས་ལམ་ཐམས་ཅད་ཚེ་གཅིག་ནས་རྫོགས་པར་བྱེད་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །དེ་ལྟར་ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ། རྒྱལ་སྲས་ཀྱི་ལམ་ལ་གོ་བགོས་པའི་སྙིང་སྟོབས། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྡོ་རྗེ་བཞིའི་ལམ་དང་། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ལམ་རྣམས་ཚེ་གཅིག་ནས་མཐར་ཕྱིན་པར་བྱེད་ནུས་པར་ཤོག་ཅིག །ཇི་ལྟར་སྨོན་ལམ་བཏབ་པ་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པའི་སྟོབས་ཀྱིས་ཚུལ་ཇི་ལྟ་བ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་དཔལ་ལྡན་ཤམྦྷ་ལའི་སྨོན་ལམ་ཉེར་བཞི་པ་འདོད་འཇོའི་སྙེ་མ་ཞེས་བྱ་བ་འདི་ཡང་། རྡོ་སྔོན་ཀརྨ་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ།། །།དགེའོ། །


previousདཔལ་ལྡན་ཤམྦྷ་ལའི་སྨོན་ལམ་ཉེར་བཞི་པ་འདོད་འཇོའི་སྙེ་མ།next