Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

9 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
རྣམ་ཐར་པུསྟཀ་འདིའི་འགོ་བརྗོད་ལོ་རྒྱུས།
  
  
  
  
  
  
  
  


9 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousརྣམ་ཐར་པུསྟཀ་འདིའི་འགོ་བརྗོད་ལོ་རྒྱུས།next

རྣམ་ཐར་པུསྟཀ་འདིའི་འགོ་བརྗོད་ལོ་རྒྱུས།


JSD001_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། རྣམ་ཐར་པུསྟཀ་འདིའི་འགོ་བརྗོད་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། དེ་ལ་འཕགས་ཡུལ་པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་བི་མ་མི་ཏྲ་དང་། གངས་ཅན་མཁས་པའི་ཁྱུ་མཆོག་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་ཀྱི་རྣམ་འཕྲུལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཀཿ ཐོག་མཁན་ཆེན་ངག་དབང་དཔལ་བཟང་ངམ། ཡི་དམ་ལྷས་མཚན་གསོལ་བ་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་ཞེས་མཚན་ཉི་ཟླ་ལྟར་གྲགས་ཤིང་རྩོད་པ་དང་བྲལ་བའི་མཁས་གྲུབ་ཀྱི་འཁོར་ལོས་བསྒྱུར་བ་དེ་ཉིད་བོད་རབ་ལོ་༨༥༢ ཕྱི་ལོ་༡༨༧༨ ས་མོ་ཡོས་ཀྱི་ལོ་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས་ཝ་ཤུལ་ཁྲོམ་ཁོག་ཏུ་རྩྭ་ཐང་འབྲོག་པ་ཕྱུག་པོའི་རིགས་གཙང་མར་ངོ་མཚར་བའི་ལྟས་དང་བཅས་སྐུ་ 


JSD001_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས། བྱིས་པའི་དུས་ནས་ཕལ་པའི་སྤྱོད་ཡུལ་ལས་རབ་ཏུ་འདས་པའི་རྫུ་འཕྲུལ་དང་མངོན་ཤེས་ཐོགས་མེད་མངའ་ནས་ཕྱི་ནང་ཀུན་གྱིས་གུས་བཀུར་ཞུས། གཞོན་ནུ་ཉིད་ནས་ངེས་འབྱུང་སྐྱོ་ཤས་དྲག་པོ་ཐུགས་ལ་འཁྲུངས་ནས་བསྟན་པའི་སྒོར་ཞུགས་ཏེ་མཚན་ལྡན་དགེ་བའི་བཤེས་གཉེན་མང་པོ་ཚུལ་བཞིན་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་གྱི་སྒྲོ་འདོགས་དཔྱིས་ཕྱིན་པར་བཅད། མཁན་ཆེན་ཞི་འཚོའི་སྡོམ་རྒྱུན་ལས་རབ་བྱུང་དང་བསྙེན་རྫོགས་བཞེས་ནས་འདུལ་ཁྲིམས་ལ་ཉེས་ལྟུང་གི་དྲི་མས་མ་གོས་པར་ཚུལ་ཁྲིམས་ཀྱི་དྲི་བསུང་དངར་པོ་རྟག་ཏུ་འཐུལ། རང་དོན་ཞི་བདེ་དོན་གཉེར་ལས་ལྡོག་སྟེ། གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་ཐུགས་འབྱོངས་ནས་དངོས་དང་བརྒྱུད་ནས་བསྡུ་བ་རྣམ་བཞི་དང་ཕྱིན་དྲུག་གིས་བསྡུས་པའི་རྒྱལ་སྲས་ 


JSD001_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུས་འགྲོ་དོན་ལ་སྐྱོ་ངལ་མེད་པར་མཛད་དེ་འབྲེལ་ཚད་དོན་ལྡན་གྱི་སེམས་དཔའ་ཆེན་པོར་བཞུགས། ཁྱད་པར་དུ་དབེན་པའི་རི་ཁྲོད་རྣམས་སུ་བརྩོན་འགྲུས་གཡེལ་བ་མེད་པར་བསྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བས་སྐུ་ཚེ་དེ་ཉིད་ལ་བླ་མ་དང་ལྷག་པའི་ལྷ་མང་པོས་ཞལ་གཟིགས། འོད་གསལ་རྫོགས་པ་ཆེན་པོའི་རིམ་གཉིས་ཀྱི་ལམ་མཐར་ཕྱིན་པའི་གདེང་ཚད་ཡང་དག་པ་རྙེད། དེ་ནས་སྔ་འགྱུར་བསྟན་པའི་ཆུ་འགོ་ཤར་རྒྱལ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོའི་མཁན་པོ་ལོ་བཅུ་གསུམ་ཙམ་མཛད་རིང་། སྡེ་སྣོད་རྒྱུད་སྡེ་རབ་འབྱམས་ལ་འཆད་རྩོད་རྩོམ་གསུམ་གྱིས་འདའ་བར་མཛད་པས་སྔ་འགྱུར་བསྟན་པའི་མེ་རོ་གཞིར་བཞེངས་སུ་བསླངས། ཚུལ་དེ་དག་གིས་རིས་སུ་མ་ཆད་པའི་མཁས་གྲུབ་སྐྱེས་ཆེན་ཀུན་གྱིས་རྒྱལ་


JSD001_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྟན་ལ་སྟོན་པ་གཉིས་པ་ལྟ་བུར་བསྔགས་པའི་མེ་ཏོག་མགྲིན་གཅིག་ཏུ་འཐོར། སྐལ་ལྡན་གྱི་དངོས་སློབ་བགྲང་བ་ལས་འདས་ཤིང་ཕལ་ཆེ་བ་བསྟན་འགྲོའི་དོན་རླབས་པོ་ཆེ་འགྲུབ་པའང་ད་ལྟའི་བར་མང་དུ་བཞུགས། རྗེ་འདི་ལ་དགོངས་གཏེར་དག་སྣང་གི་ཆོས་སྐོར་དང་མན་ངག་སྙན་བརྒྱུད། རྒྱ་བོད་ཀྱི་གཞུང་ལ་འགྲེལ་ཊིཀ་བརྩམས་པ་བཅས་གསུང་ཆོས་པུསྟཀ་བཅུ་ཕྲག་གཅིག་ཙམ་བཞུགས། ས་ལམ་མཐོན་པོའི་གྲུབ་མཐའ་སྙེགས། ཟག་མེད་ཚོ ཀྱི་སྤྱན་དང་མངོན་ཤེས་མཁྱེན་པ་ཐོགས་རྡུགས་མེད་པ་མངའ་བས། སྔ་མོ་ནས་སྐུ་ཚེའི་ཚད་དྲུག་ཅུ་རྩ་གསུམ་ནས་ཞིང་བརྗེ་ངེས་ཡིན་ཞེས་དང་། ཡང་སྲིད་ཀོང་ཡུལ་བདེ་སྐྱིད་ཁང་གསར་དུ་སྐྱེ་བའི་མྱུ་གུ་བཟུང་ཞེས་འཇིགས་མེད་སེང་གེའི་ང་རོ་གསང་མཐོར་བསྒྲགས་ཤིང་ཞལ་གྱིས་བཞེས་པའི་བསླུ་མེད་རྡོ་


JSD001_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གསུང་གི་བདེན་དོན་མངོན་སུམ་ཚད་གྲུབ་ཏུ་གྱུར། མདོར་ན་མཁས་བཙུན་བཟང་གསུམ། མཁྱེན་བརྩེ་ནུས་མཐུ་གང་ལ་ཡང་ཁ་བའི་ལྗོངས་ཙམ་ན་འགྲན་པའི་ཟླ་དང་བྲལ་བར་བྱོན་པ་ནི་རབ་བཏགས་དང་ཟོལ་བསྟོད་ཙམ་མ་ཡིན་པར་དོན་ལ་གནས་པའི་ཚུལ་རྗེ་བླ་མ་རང་གི་རྣམ་ཐར་རང་གིས་མཛད་པ་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་ཤིང་། མ་དང་མཁའ་འགྲོའི་ཁ་རླངས་ཐུ་ལེ་བ་འདི་ཉིད་མཇལ་བས་རྟོགས་པར་འགྱུར་བས་འདིར་མང་དུ་སྨྲ་བའི་སྤྲོས་པ་བསྐྱངས་སོ། །འདིའི་དཔེ་རྒྱུན་ཕྱོགས་ཀུན་ཏུ་དར་ཁྱབ་ཆེ་བར་བརྟེན་མ་དག་པ་དང་ནོར་བ་རྒྱུན་འབྱམས་སུ་སོང་བའང་མང་སྟེ། འདི་ནི་རྗེ་བླ་མ་རང་གི་ཕྱག་དཔེ་ལས་ཞལ་བཤུས་གནང་བའི་བུ་དཔེ་ཞིག་དང་། སྨར་ཁམས་རྒྱལ་སྲས་དགོན་གྱི་པར་མ་དབུས་འགྱུར་ལྷ་ལྡན་པར་མ་བཅས་དཔེ་


JSD001_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་ལྡན་གསུམ་ལ་ཞིབ་པར་གཏུགས་ནས་དག་པར་བགྱིས་ཡོད་པས། སླན་ཆད་དོན་དུ་གཉེར་བ་བྱུང་ན་ཐེ་ཚོམ་གྱི་དྲ་བར་འཛུལ་དགོས་པ་མེད་པས་མཁྱེན་མཛོད། །ཅེས་སུམ་ལྡན་ངུར་སྨིག་གར་གྱིས་རོལ་པ་ཆོས་རྗེ་རྡོ་རྗེ་འཆང་ངག་དབང་དཔལ་བཟང་པོའི་ཞབས་ཀྱི་པདྨོ་ལ་ཐུག་པའི་སློབ་འབངས་ཐ་ཤལ་བ་བྱ་བྲལ་མིང་གིས་སྤུད་པའི་སངས་རྒྱས་རྡོ་རྗེས་རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་ལོ་རྒྱལ་ཟླ་བའི་ཚེས་༡༨ལ་རྒྱ་གར་ཤར་ཕྱོགས་བྷང་ག་ལའི་མངའ་ཁོངས་རྡོ་རྗེ་གླིང་གི་རི་བོའི་མགུལ་དུ་ཆགས་པའི་སྒྲུབ་སྡེ་ཀུན་གྲོལ་འོད་གསལ་རྩེའི་རང་གཤག་ཏུ་བྲིས་པ་འགྲོ་དོན་ནམ་མཁའ་དང་མཉམ་པའི་རྒྱུར་གྱུར་ཅིག། །།


previousརྣམ་ཐར་པུསྟཀ་འདིའི་འགོ་བརྗོད་ལོ་རྒྱུས།next