Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

9 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
འཆི་མེད་ཚེའི་གནས་མཆོག་བྲག་ཕུག་མཱ་ར་ཏི་ཀའི་ངེས་བརྗོད་དབྱངས་ཅན་དགྱེས་པའི་ཏམྦུ།
  
  


9 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousའཆི་མེད་ཚེའི་གནས་མཆོག་བྲག་ཕུག་མཱ་ར་ཏི་ཀའི་ངེས་བརྗོད་དབྱངས་ཅན་དགྱེས་པའི་ཏམྦུ།next

འཆི་མེད་ཚེའི་གནས་མཆོག་བྲག་ཕུག་མཱ་ར་ཏི་ཀའི་ངེས་བརྗོད་དབྱངས་ཅན་དགྱེས་པའི་ཏམྦུ།


JSD001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཚེའི་གནས་མཆོག་བྲག་ཕུག་མཱ་ར་ཏི་ཀའི་ངེས་བརྗོད་དབྱངས་ཅན་དགྱེས་པའི་ཏམྦུ་ར་ཞེས་བྱ་བ་བཞུགས་སོ། །


JSD001_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཡེ། སྣང་བའི་ངོ་བོ་པདྨ་ཚེ་དཔག་མེད། །སྟོང་པའི་བདག་ཉིད་ཡུམ་ཆེན་ན་བཟའ་དཀར། །ཟུང་འཇུག་ཕྱག་རྒྱ་རྩ་གསུམ་ཚེ་ཡི་ལྷར། །གུས་པས་འདུད་དོ་འཆི་མེད་ཚེ་དབང་སྩོལ། །འཛམ་གླིང་ལྟེ་བ་རྡོ་རྗེ་གདན་གྱི་བྱང་། །རི་བྲག་ཚང་ཚིང་ཅན་གྱི་ཁོང་གཏོགས་པ། །ཧ་ལ་ཤན་ཞེས་ཡོངས་གྲགས་ངོ་མཚར་བའི། །གནས་ཀྱི་ངེས་བརྗོད་འདིར་སྤྲོ་དར་ཅིག་ཉོན། །ཕྱི་ལྟར་དབང་ཕྱུག་ཨུ་མ་དགྱེས་རྒྱུ རོལ་གནས། །ནང་ལྟར་འཁོར་ལོ་སྡོམ་པའི་ཕོ་བྲང་ཆེ། །གསང་བ་འཆི་མེད་ཚེ་ལྷའི་གཞལ་མེད་ཁང་། །ཡང་གསང་འོག་མིན་ཆོས་དབྱིངས་བདེ་ཆེན་ཞིང་། །སྔོན་ཚེ་རིག་འཛིན་པདྨ་ཐོད་ཕྲེང་དང་། །ཡིད་འཛིན་ལྷ་ལྕམ་མནྡྷ་ར་བ་ཡིས། །གནས་འདིར་ཉེ་རྒྱུའི་གསང་སྤྱོད་མཛད་པའི་ཚེ། །ཚེ་མཐའ་


JSD001_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པས་འཆི་མེད་ཚེ་དབང་བསྩལ། །སྐྱེ་འཆི་བགྲེས་རྒུད་བྲལ་བའི་སྐུ་བརྙེས་ཏེ། །ད་ལྟའང་ལྷོ་ནུབ་སྲིན་པོའི་ཁ་གནོན་བཞུགས། །སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་བཀྱེས་ནས་ནི། །འཁོར་བ་ཇི་སྲིད་འགྲོ་དོན་རྒྱུན་ཆད་མེད། །དེ་རྗེས་སྤྱན་རས་གཟིགས་དངོས་སྲོང་བཙན་–རྗེའི། །སྨིན་མཚམས་ལས་སྤྲུལ་དགེ་སློང་ཨ་ཀར་མས། །འཕྲུལ་སྣང་བཅུ་བཞེངས་སྐུ་རྒྱུ་དང་། །ནང་རྟེན་འཚོལ་དུ་རྫུ་འཕྲུལ་གྱིས་བྱོན་ཚེ། །གནས་འདིར་ཞབས་བཅགས་ལྷ་ཚོགས་ཞལ་གཟིགས་ཐོབ། །སྒྲུབ་ཕུག་དཀྱིལ་འཁོར་ཅན་ནམ་དཔལ་ཡོན་ཅན། །མཚན་དུ་གསོལ་ཞིང་བསྔགས་བརྗོད་གི མཛད་ཚུལ་གྱི། །ལོ་རྒྱུས་ཁུངས་དང་ལྡན་པའི་དན་དཔང་མཆིས། །དེ་ནས་མུ་སྟེགས་སམ་གར་ཨ་ཙ་རྱས། །རྒྱ་བལ་ནང་པའི་བསྟན་ལ་གནོད་མང་


JSD001_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས། །གནས་རྟེན་རྙིང་པ་མང་པོ་བཤིག་གཏོར་བཏང་། །དེ་རྗེས་འབྲངས་རྣམས་དབང་ཕྱུག་གནས་སུ་འཛིན། །མཆོད་པའི་བྱེ་བྲག་དྲིལ་གཡེར་ཁ་ཊཾ་ཀ །ཕྱུག་གསོན་མར་མེའི་སྡོང་བུ་བརྒྱ་སྟོང་དང་། །བདུག་སྤོས་མེ་ཏོག་འོ་མ་དཀར་གསུམ་ལས། །སྲོག་གཅོད་དམར་མཆོད་བྱེད་མཁན་གཅིག་ཀྱང་མེད། །ནངས་ནུབ་རྔ་སྦུག་དུང་དཀར་འབུད་དཀྲོལ་རིགས། །འུར་འུར་ཆེམས་ཆེམ་དལ་བྲེལ་སྣ་ཚོགས་སྒྲས། །ཚངས་པ་ཁྱབ་འཇུག་མ་ཧཱ་དྷེ་ཝ་སྒྱུ་སོགས། །འཇིག་རྟེན་ལྷ་ལ་མཆོད་བསྟོད་རྒྱུན་དུ་བྱེད། །བྲམ་ཟེ་གདོལ་བ་མཆོག་དམན་རིགས་ཞེན་གྱིས། །ཕུག་པར་འགྲོ་ཆོག་མི་ཆོག་དབྱེ་བ་ཡིས། ། དམན་པའི་རིགས་འགའ་སྒོ་དྲུང་སྡོད་དགོས་པའི། །གནའ་བོའི་སྲོལ་ཀ་ད་དུང་སྲུང་བརྩི་བྱེད། །ཁྱད་པར་ཡར་ངོ་མར་ངོའི་ཚེས་བཅུ་སོགས། །དུས་


JSD001_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྣམས་སུ་བྲམ་ཟེའི་ཆོ་ག་མཁན། །ཕུག་པའི་ནང་དུ་དཀྱིལ་འཁོར་རྡུལ་ཚོན་བཅས། །སྦྱིན་སྲེག་མཆོད་པ་རྒྱ་ཆེན་བྱེད་པ་མཐོང་། །དེ་ཡང་གང་ཟག་སོ་སོའི་སྣང་ངོ་སྟེ། །ལོག་ལྟ་ངན་སྨྲ་མི་རུང་དག་སྣང་སྦྱངས། །རྗེས་སུ་ཡི་རང་བསྔགས་བརྗོད་འབྲེལ་པ་བཞག །ལྷ་མཁོན་མི་མཁོན་བཀྲ་མི་ཤིས་པའི་གཞི། །དེ་རྣམས་ལོ་རྒྱུས་བརྗོད་པས་དང་བ་འདྲེན། །དང་པོ་ཉིད་དུ་སྔོན་ལ་སྨོས་པ་སྟེ། །ཕྱི་ནང་ཐུན་མོང་ངེས་ཤེས་སྐྱེ་བ་ཡིས། །གནས་ལ་རྩོད་སྤོང་དུ་ཡང་ཞར་ལ་འགྱུར། །ཨེ་མ། ད་ནི་གནས་ཀྱི་ཡོན་ཏན་ཅུང་ཟད་ཙམ། །ཚུར་མཐོང་ངོར་བྱས་སྨྲ་ལ་དགག་བྱ་ཆུང་། །ལེགས་བཤད་བྱིས་པའི་ངག་ལས་བླང་བྱ་ཞེས། །བསྟན་བཅོས་གཞུང་དུ་བཤད་ལ་རྒྱུ་མཚན་ལྡན། །གནས་ཆེན་འདི་མཐོང་དབང་མེད་ངོ་མཚར་སྐྱེ། 


JSD001_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

།མཚན་ཙམ་ཐོས་པས་ཐར་པའི་ས་བོན་བསྐྲུན། །དྲན་པ་ཡིས་ཀྱང་དུས་མིན་འཆི་བ་སེལ། །ཕྱག་བསྐོར་མཆོད་པས་བསོད་ནམས་ཚོགས་ཆེན་རྫོགས། །གནམ་དབྱིབས་འཁོར་ལོ་རྩིབས་བརྒྱད་ཁ་ཞེང་ཆེ། །དོག་མོའི་ས་གཞི་པདྨ་འདབ་བརྒྱད་ཀྱི། །དབུས་ཀྱི་བྲག་འབུར་ཟེའུ་འབྲུའི་ཚུལ་དུ་ཆགས། །ཉི་ཟླའི་ཟེར་ཐག་རིང་ཞིང་བསིལ་དྲོད་སྙོམས། །མདུན་ནས་ལུ་མའི་ཆུ་རྒྱུན་ལྷུང་ལྷུང་འབབ། །གནས་ཀྱི་ལྟེ་བ་རང་བྱུང་ཚོགས་ཁང་ཆེ། །མཐོ་ཞིང་རྒྱུ ཡངས་པ་སྐྱེ་བོ་སྟོང་ཤོང་སྟེང་། །ཐིག་ལེ་ཉག་གཅིག་གནམ་སྒོ་ཟླུམ་འཁྱིལ་ཁར། །ལྗོན་ཤིང་སྣ་ཚོགས་སྲ་མཁྲེགས་བྲག་ལས་འཁྲུངས། །ནང་ན་ལྷ་སྐུ་ཞི་ཁྲོའི་ཕྱག་རྒྱ་དང་། །ཡིག་འབྲུ་ཕྱག་མཚན་གྲངས་ལས་འདས་པ་མངོན། །ལྷག་པར་གནས་ཆེན་རྟགས་མཚན་རྫོའི་ལིང་ག །ཆེ་བ་འདོམས་ཚད་


JSD001_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བ་མཐོ་ཚད་ཙམ། །རང་བྱོན་མང་པོ་དཀར་འཇམ་བཀྲག་མདངས་འཚེར། །དུས་བཟང་རྣམས་སུ་བདུད་རྩིའི་ཟིལ་ཐིགས་འབབ། །དཀར་ནག་ལས་དང་ངན་སོང་སྒོ་འཕར་དང་། །མཐོ་རིས་ཐར་ལམ་མཚོན་པའི་འཛུལ་ཁུང་མང་། །གནས་ཞོལ་ལྷོ་ནུབ་ཁ་བསྟན་ཕུག་པའི་སྒོ། །ཧ་ཅང་མི་ཆེ་ནང་ཞུགས་ཡངས་ཤིང་མཐོ། །སྐྱེ་བོ་བརྒྱ་ཕྲག་ཤོང་བ་དེ་ཡི་ནང་། །སྐུ་གསུང་ཐུགས་རྟགས་ཕྱག་ཞབས་རྗེས་དང་ནི། །དུང་དཀར་ལ་སོགས་རང་བྱོན་ངོ་མཚར་ཅན། །ལས་ཅན་མཇལ་ཚེ་བདུད་རྩིའི་ཟིལ་པ་ཕྲོམ། །ཟབ་ཡངས་སྟེང་སྒོ་ཟང་ཐལ་ཧ་རེར་བྱེས། །མཁའ་སྤྱོད་འཕོ་བ་སྦྱངས་པའི་ནགས་སུ་བསྔགས། །ཕུག་ཆེན་གནམ་དབྱིངས་ཕ་ཝང་སྒོམ་ཆེན་ཚོགས། །གཟུགས་ནི་མི་མཐོང་ཚེ་ཚེ་ཧཱུཾ་ཞེས་པའི་སྒྲ་གདངས་ཐོས། 


JSD001_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཆན། ཛཔ་བར་མེད་སྒྲོག །ལྷ་སྔགས་འོད་གསལ་འཁོར་ལོའི་གསལ་འདེབས་སུ། །ལམ་ཞུགས་རྣལ་འབྱོར་རྣམས་ལ་མཆོག་ཏུ་བཟང་། །འདི་ནི་གནས་འདིའི་ཡོན་ཏན་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་གཞན་ཕན་བསམ་པས་བྱས། །ཡིད་བཞིན་ནོར་བུ་བུམ་བཟང་དཔག་བསམ་བཞིན། ། གསོལ་བ་གང་བཏབ་བསླུ་མེད་འདོད་འབྲས་སྨིན། །ཨོ་རྒྱན་རྗེས་འཇུག་རང་ཅག་མཆེད་ལྕམ་རྣམས། །གནས་འདི་མཇལ་ནས་ཚོགས་བསོག་སྒྲིབ་སྦྱང་རིགས། །བསྙེན་སྒྲུབ་ཚོགས་གཏོར་སྦྱིན་སྲེག་མཆོད་སྦྱིན་སྤྱི། །ཁྱད་པར་ཚེ་སྒྲུབ་ཞབས་བརྟན་དག་ལ་བརྩོན། །འདི་བརྩམས་དགེ་བས་མཁའ་མཉམ་སྐྱེ་རྒུ་རྣམས། །གནས་སྐབས་དུས་མིན་འཆི་སོགས་བར་ཆད་ཞི། །མཐར་ཐུག་མགོན་པོ་ཚེ་དཔག་མེད་པ་ཡི། །གོ་འཕང་ཐོབ་ནས་འགྲོ་ཀུན་འདྲེན་པར་


JSD001_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །བཀྲ་ཤིས་གང་ཞིག་རྒྱལ་བ་སྲས་བཅས་ཀྱི། །རྨད་བྱུང་ཐུགས་རྗེ་བདེན་པའི་མཐུ་བྱིན་གྱིས། །མི་མཐུན་རྒུད་པ་མ་ལུས་རབ་བཅིལ་ནས། རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཅེས་པའང་རིགས་ཀྱི་བུ་མོ་ས་ར་སྭ་སྟི་དེ་ཝིས་གནས་ལ་བསྟོད་པ་ཞིག་བྲིས་ཞེས་ལྷ་རེག་དྲི་བྲལ་དང་། བྲི་གཞིའི་ཤོག་གུ་བཅས་ཕུལ་ནས་བསྐུལ་བའི་གཡར་ཁྲལ་དུ་ཕ་རྒན་ཀུན་ཏུ་རྒྱུ་བ་སངས་རྒྱས་རྡོ་རྗེས་མེ་སྟག་ཟླ་༡༠ཚེས་༡༠བཟང་པོར། མཱ་རཏི་ཀའམ་འཆི་བ་མཐར་བྱེད་ཀྱི་གནས་མཆོག་ག་ལ་བར་དུ་ཐུན་གསེང་འགའ་ཞིག་ལ་བྲིས་པ་ཤུ་བྷཾ།། །། 


JSD001_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའཆི་མེད་ཚེའི་གནས་མཆོག་བྲག་ཕུག་མཱ་ར་ཏི་ཀའི་ངེས་བརྗོད་དབྱངས་ཅན་དགྱེས་པའི་ཏམྦུ།next